འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ
Sanskrit title (Tibetan script, as in the text) ཨཱརྱ་ལཾ་ཀ་ཨ་བ་ཏཱ་ར་བྲྀཏྟི
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 121 · folio 172b
ཐམས་ཅད་མཁྱེན་པས་སྒྲའི་དོན་མངོན་སུམ་དང་རྗེས་སུ་དཔག་པས་བསྒྲུབ་པར་མཛད་པ། གཞན་ཡང་བློ་གྲོས་ཆེན་པོ་མ་སྐྱེས་པ་དང་། མ་འགགས་པ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང་། ཐེག་པ་གསུམ་ནི་ཐེག་པ་གཅིག་པ་དང་། ཆོས་ལྔ་དང་། སེམས་
དང་། རང་བཞིན་ལ་སོགས་པ་ལ་སྒྲ་ཇི་བཞིན་དུ། མངོན་པར་ཆགས་པ་ལ་བརྟེན་ནས་མངོན་པར་ཆགས་པ་ཞེས་ཏེ། སྒྲ་ཇི་བཞིན་པར་གཟུང་བར་མི་བྱའོ་ཞེས་ཐམས་ཅད་མཁྱེན་པས་གསུང་ངོ་། །སྒྲ་དང་དོན་སྤྱིར་འཇུག་པ་ལ་ཡང་། རིགས་པ་དང་། ལུང་གིས་འགལ་བ་
མེད་པར་འགའ་ཞིག་དཔྱད་པར་བྱའོ། །དེ་སྟེ་མ་སྐྱེས་པ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་རྣམས་ནི་མོ་གཤམ་གྱི་བུ་ལྟ་བུར་ཆོས་རྣམས་འཛིན་ན་ནི་དེའི་ཚེ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་གཞག་པ་ཇི་ལྟར་ན་འགྱུར། དེས་ན་བཀྲི་བའི་དོན་རྣམས་ཀྱིས་
ངེས་པའི་དོན་ཉིད་ཤེས་པར་བྱའོ། །དེ་སྟེ་ཡང་མ་སྐྱེས་པ་དང་། མ་འགགས་པ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་རྣམ་པ་དེ་ལྟ་བུ་རྣམས་ལ་དོན་གྱི་བྱེ་བྲག་མེད་པར་འགྱུར་ན་ནི་དེའི་ཚེ་སེམས་ཅན་རྣམས་ལ་འཁོར་བ་དང་། མྱ་ངན་ལས་འདས་པ་མེད་དེ། ཆོས་ནི་གང་།
གང་གིས་སུ་ལ། ཅིའི་ཕྱིར་ན་སྟོན། ཐེག་པ་གསུམ་ནི། ཐེག་པ་གཅིག་ཅེས་པ་དེར་ཡང་དགོངས་པའི་ཁྱད་པར་ཤེས་པར་བྱ་སྟེ། མནའ་བའི་རྒྱུ་ནི་མྱ་ངན་ལས་འདའ་བར་ང་སྨྲ་ཞེས་དམ་པའི་ཆོས་པུཎྜ་རཱི་ཀ་ལས་སོ། །འདིར་ཡང་། དེ་དག་ཏིང་འཛིན་མྱོས་པ་རྣམས། །
ཟག་པ་མེད་པའི་དབྱིངས་ན་གནས། །ཞེས་པའོ། །དགོངས་པ་ངེས་པར་འགྲེལ་པ་ལས་ནི་གང་དག་ལ་སྙིང་རྗེའི་ས་བོན་ཡོད་པ་དེ་དག་ནི་སངས་རྒྱས་སུ་བྱ་བར་ནུས་སོ། །གང་དག་ཡང་ཞི་བ་ཕྱོགས་གཅིག་གི་འདོད་ཆགས་དང་བྲལ་བ་ནི་ཞི་བ་ཉིད་དུ་གནས་སོ། །དེ་དེ་ལྟར་ན་དམ་
པའི་ཆོས་ཀྱིས་བཀྲི་བ་དང་། ངེས་པའི་དོན་གྱི་བྱེ་བྲག་ཡོངས་སུ་ཤེས་པའི་ཕྱིར་མཁས་པར་བྱའོ། །ཆོས་ལྔ་ནི་དེ་དག་མིང་ལ་སོགས་པ་རྣམས་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ནང་དུ་གཏོགས་སོ། །དེ་ལ་མིང་དང་། མཚན་མ་དང་།
Vol. 121 · folio 173a
བརྟགས་པ་དང་། ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དུ་འབྱེད་པ་ནི་ཆོས་ལྔ་ཞེས་བྱའོ། །དེ་ལ་མིང་ནི་ཀུན་བརྟགས་པར་བསྡུའོ། །མཚན་མ་ནི་ཀུན་གཞི་རྣམ་པར་ཤེས་པ་སྟེ། ལུས་དང་། ལོངས་སྤྱོད་དང་། གནས་སུ་གསལ་བར་སྣང་བ་གཞན་གྱི་
དབང་ངོ་། །དེ་ཉིད་རྣམ་པར་རྟོག་པ་སྟེ། དེས་ན་རྣམ་པར་རྟོག་པ་དེར་བསྡུའོ། །ཁྱད་པར་དུ་ནི་ཀུན་བརྟགས་པ་སྟེ། ཡང་བརྟགས་པ་ལ་སོགས་པའི་ཡུལ་མེད་པས་ན་ཡུལ་མེད་པའོ། །དམ་པའི་ཆོས་ཀྱི་ལུགས་ཀྱིས་བརྟགས་པ་དང་། ཀུན་བརྟགས་པའི་ཁྱད་པར་དེའོ། །དབུང་
མཐའ་རྣམ་པར་འབྱེད་པ་ལས། །ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་བྱམས་པས་གསུངས་པའོ། །དེའི་ཕྱིར་ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་ཡོངས་སུ་གྲུབ་པར་བསྡུའོ། །འཕགས་པའི་བདེན་པར་ཆོས་ལྔ་བསྡུ་བ་ནི། ཀུན་ནས་ཉོན་
མོངས་པ་རྣམས་ནི་སྡུག་བསྔལ་བ་དང་། ཀུན་འབྱུང་དུའོ། །དག་པ་ནི་འགོག་པ་དང་ལམ་དུའོ། །དེ་དེ་ལྟར་སྒྲ་ཇི་བཞིན་པ་ཙམ་དུ་དམ་པའི་ཆོས་ཀྱི་དོན་དུ་བྱེ་བྲག་མི་ཤེས་སོ། །དེས་ན་སྒྲ་ཇི་བཞིན་པའི་དོན་གཟུང་བར་མི་བྱའོ། །རིགས་པ་དང་ལུང་གི་དམ་པའི་ཆོས་ཀྱི་དོན་ཇི་ལྟར་རུང་བ་དེ་ལྟར་དཔྱད་
པར་བྱའོ། །ཀླུང་གངྒཱའི་བྱེ་མ་སྙེད་ཀྱི་བསོད་ནམས་འཐོབ་པོ་ཞེས་ཟུང་གི་མདོ་ལ་སོགས་པའི་མདོ་སྡེ་ལས་བྱུང་བ་དེར་ཡང་དོན་ཤེས་པར་བྱའོ། །སེམས་ཅན་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་མཉམ་པ་ཉིད་དང་། ཆོས་ལ་མངོན་པར་དད་ཅིང་མཉམ་པ་ལ་སོགས་པས་ངས་སངས་རྒྱས་
དང་མཉམ་པ་ཉིད་འཐོབ་པའི་ཕྱིར་བསོད་ནམས་འཐོབ་པོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་བརྟག་གོ། །བྱང་ཆུབ་སེམས་དཔས་བསོད་ནམས་གང་། །བསྐལ་པ་བྱེ་བར་བསགས་པ་ནི། །གཟུངས་སྔགས་འདི་ནི་འཆང་བ་ན། །ཟླ་གཅིག་གིས་ནི་ཐམས་ཅད་གནོན། །ཞེས་
པ་ཡང་སྦྱིན་པ་དང་། ཚུལ་ཁྲིམས་དང་། བསམ་པའི་བསོད་ནམས་ནི་བསྒོམ་པའི་བསོད་ནམས་ཀྱིས་ཟིལ་གྱིས་གནོན་ཏོ། །སྦྱིན་པའི་བསོད་ནམས་སྔ་མ་དེ་ནི་བསྒོམ་པའི་བརྒྱའི་ཆར་ཡང་མི་ཕོད་དོ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་གཅོད་པ་ལ་སོགས་པར་དམ་པའི་ཆོས་སུ་ཀློག་པ་
Vol. 121 · folio 173b
དགོངས་པར་གསུངས་པར་བརྟག་གོ། །འདིར་དམ་པའི་ཆོས་ཀྱི་འགྲེལ་པ་ལང་ཀར་གཤགས་པར་ཡང་བཅོམ་ལྡན་འདས་ཀྱིས་རང་གི་དགོངས་པ་རབ་ཏུ་བསྟན་པ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་ཀྱི་ཕྱིར་ང་ཡང་སངས་རྒྱས་དེ་ཉིད་དོ། །རང་གིས་ཡང་དག་པར་རིག་པའི་ཆོས་ཉིད་ཀྱི་དབང་དུ་
མཛད་དེ་གསུངས་པ། མངོན་པར་སངས་རྒྱས་ནས་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དུ་ཆོས་མ་བཤད་ཅེས་སོ། །དེ་བཞིན་དུ་བདུན་བརྒྱ་པ་ལས། དངོས་པོ་མེད་པའི་དེ་བཞིན་གཤེགས་པ་དང་། དངོས་པོ་མེད་པའི་དེ་བཞིན་ཉིད་ཅེས་ཏེ། དེར་ནི་རང་བཞིན་གྱིས་འོད་གསལ་བའི་ཆུད་པ་ལ་
གློ་བུར་གྱིས་གཉིས་ཀྱི་རྣམ་པ་དང་བྲལ་བའི་ཕྱིར་དངོས་པོ་མེད་པའོ་ཞེས་དགོངས་པའོ། །རང་བཞིན་ནི་ཆོས་ལྔའི་གནས་ཏེ་ཆོས་ཀྱི་དབྱིངས་སོ། །རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ནི་ཐོག་མ་ནས་ཞི་བའོ། །མ་སྐྱེས་པ་དང་མ་འགགས་པ་ནི་ཆོས་དང་གང་ཟག་ལ་བདག་མེད་པའི་
སྐད་ཅིག་པ་ལ་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པ་བྱེད་པ་དང་། བྱེད་པ་པོ་ལ་སོགས་པར་འབྲེལ་བར་ཀུན་བརྟགས་པ་ནི་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་མི་རུང་ངོ་། །ཆོས་ལ་བདག་མེད་པ་ལ་ཡང་འཛིན་པ་དང་། གཟུང་བའི་རྣམ་པར་སྐྱེ་བ་མེད་དེ། རྨི་ལམ་དང་
མིག་འཕྲུལ་ལ་སོགས་པ་བཞིན་ནོ། །བདག་དང་གཞན་གྱི་དངོས་པོར་སོ་སོར་སྣང་བ་འབྱེད་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་གཉིས་སུ་མེད་པ་ལ་ཡང་ཐ་དད་པ་མི་རྟོག་གོ། །བརྗོད་དུ་མེད་པའི་སྐད་ཅིག་པའི་རྒྱུད་ལ་རང་གི་བདག་ཉིད་ལ་རིག་པར་བྱ་བ་དང་། རིག་པ་པོའི་དངོས་པོར་
སེམས་ཀྱང་མི་རྒྱུ་ན་ཡི་གེ་དང་སྒྲ་རྣམས་ལྟ་ཅི་སྨོས་ཏེ། ཐུགས་རྗེའི་བག་ཆགས་ཀྱིས་སད་ནས་བཞེངས་ཏེ། དག་པ་འཇིག་རྟེན་པ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་ཐམས་ཅད་མཁྱེན་པ་བཞུགས་པ་རྣམས་ཀྱིས་ཆོས་སྟོན་པ་འབྱུང་ངོ་ཞེས་ལན་དུ་མར་བཤད་པ་ཡིན་
ནོ། །སྒྱུ་མ་སྣ་ཚོགས་མཐོང་བའི་རྣམ་པར་རྟོག་པ་ལྟ་བུར་སྒྲོ་འདོགས་པ་དང་། སྐུར་པའི་ལྟ་བར་ལྟུང་བ་ཡིན་ནོ། །རྣམ་པ་གཞན་དུ་གནས་པ་ལ་རྣམ་པ་གཞན་དུ་སོ་སོར་རྣམ་པར་རྟོག་པ་ཞེས་པ་ནི་ཡོད་དོ་ཞེས་སྒྲོ་འདོགས་པ་དང་། མེད་དོ་ཞེས་སྐུར་པ་སྟེ། ཇི་ལྟར་
Vol. 121 · folio 174a
འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དཀོན་མཆོག་བརྩེགས་པ་ལ་སོགས་པ་ལས་མཐའ་གཉིས་རྣམ་པར་དཔྱད་པ་ནི་དབུ་མའི་ནན་ཏན་ཞེས་སོ། །ཇི་ལྟར་འདི་ཉིད་དུ་ཐམས་ཅད་ནི་རྟག་པ་དང་། མི་རྟག་པ་དང་། བྱས་པ་དང་། མ་བྱས་པ་མ་ཡིན།
ཐམས་ཅད་ནི་ཐེར་ཟུག་པ་དང་། ཐེར་ཟུག་པ་མ་ཡིན་པའང་མ་ཡིན། ཐམས་ཅད་ནི་འདུས་བྱས་དང་། འདུས་མ་བྱས་མ་ཡིན། ཐམས་ཅད་ནི་རྒྱུ་དང་འབྲས་བུ་མ་ཡིན། ཡོད་པ་དང་མེད་པ་མ་ཡིན། གཉིས་ཀ་དང་གཉིས་ཀ་མ་ཡིན་པའང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་བྲམ་ཟེ་འཇིག་རྟེན་
རྒྱང་པན་པ་སུན་དབྱུང་བའི་ཕྱིར་གསུངས་པ་རང་གི་སེམས་སྣང་བ་ཙམ་ཁོང་དུ་མ་ཆུད་པའི་ཕྱིར་སྲིན་བལ་གྱི་སྲིན་བུ་རྣམས་བདག་ཉིད་ཀྱིས་བདག་ཉིད་འཆིང་བར་བྱས་པ་བཞིན་དུ་ཕྱི་རོལ་གྱི་རྣམ་པར་རྟོག་པར་ལྟ་བའི་མུ་སྟེགས་བྱེད་རྣམས་གཉིས་ཀྱི་རྣམ་པར་ལྷུང་བ་ཡིན་ནོ། །སེམས་ནི་སྒྱུ་མ་ལྟ་བུ་
སྟེ། །སྣང་བ་ཙམ་པ་ལ་ཕྱི་རོལ་གྱི་མེད་པ་ལ་སྒྲོ་བཏགས་ཏེ། སྣང་བ་ཇི་བཞིན་པ་ལ་བྱིས་པ་རྣམས་རྣམ་པར་རྟོག་པ་ལྟར་ནི་མེད་དོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་སྒྱུ་མ་སྣ་ཚོགས་ནི་རྣམ་པ་གཞན་དུ་ལྟ་བ་ཡིན་ན་བྱིས་པ་རྣམས་རྣམ་པ་གཞན་དང་སོ་སོར་རྣམ་པར་རྟོག་སྟེ། འཕགས་
པ་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་པ་ནི་རྟག་པ་དང་། བདག་དང་། འཛིན་པ་དང་། གཟུང་བ་དང་། བྱེད་པ་དང་། བྱེད་པ་པོ་དང་། བསྐྱེད་པ་དང་། སྐྱེད་པ་པོ་དང་། རྒྱུ་དང་འབྲས་བུ་དང་། བྱས་པ་དང་མ་བྱས་པ་དང་། རྟག་པ་དང་ཆད་པ་དང་ཡོད་པ་དང་། མེད་པ་དང་།
གཉིས་ཀ་ལ་སོགས་པར་སྨྲ་བ་གཉིས་ཀྱི་རྣམ་པའི་ཤེས་པ་ལ་བྱིས་པ་རྣམས་ཀྱིས་ཀུན་རྟོག་གི། བརྗོད་དུ་མེད་པ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་ལ་ནི་འཕགས་པ་རྣམས་ཀྱིས་མི་རྟོག་གོ། །དེར་བདག་དང་གཞན་གྱི་དངོས་པོར་ཐ་དད་པར་
སྣང་བའི་རྣམ་པར་ཤེས་པ་མེད་པའི་ཕྱིར་དེ་ལ་རྟག་པ་དང་། མི་རྟག་པ་དང་། བྱས་པ་དང་། མ་བྱས་པ་དང་། བྱེད་པ་དང་། བྱེད་པ་པོ་དང་། རྒྱུ་དང་འབྲས་བུ་ལ་སོགས་པར་འབྱེད་པའམ། ཡོད་པ་དང་། མེད་པ་དང་། གཉིས་ཀ་ལ་སོགས་པར་སྣང་བའི་རྣམ་པར་རྟོག་
Vol. 121 · folio 174b
པ་མེད་དོ། །འོན་ཀྱང་ཐུགས་རྗེའི་བག་ཆགས་ཀྱིས་སད་ནས་དག་པ་འཇིག་རྟེན་གྱི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་གྱི་ཐམས་ཅད་མཁྱེན་པས་རང་གི་མཚན་ཉིད་མི་གཉིས་པ་མཛུབ་བཙུགས་བཞིན་དུ་སྤྱིའི་རྣམ་པར་བསྙད་པར་མཛད་དོ། །དེ་བཞིན་དུ་ཡང་ཤེས་རབ་ཅན་རྣམས་ཀྱིས་ཤེས་རབ་
ཀྱིས་དཔྱད་ཅིང་ཆོས་དང་གང་ཟག་ལ་བདག་མེད་པར་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པའི་རྣམ་པས་འཇུག་པ་ནི་རྨི་ལམ་དང་སྤྲིན་ལས་གློག་འགྱུ་བ་བཞིན་ནོ། །སྤྱིའི་རྣམ་པར་བསྙད་པ་ལ་ཡང་གཉིས་ཀྱི་ཆ་སྟོང་པ་དང་། འགྲོ་བ་སྐད་ཅིག་པའོ་ཞེས་
ཤེས་རབ་ཀྱིས་ཁྱད་པར་གྱི་རྗེས་སུ་འཇུག་གོ། །དགེ་སློང་ཁྱོད་མེད་པར་འགྱུར་བ་ལྟ་བུར་དེ་ཁོ་ན་ཉིད་སྒོམས་ཤིག་ཅེས་ནས་དེས་ཀྱང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་རྣམ་པར་ཕྱེ་སྟེ། གང་གི་ལུས་ཀྱི་རྡུལ་ཕྲ་མོ་འདུས་པ་སྐད་ཅིག་པ་ལ་དེ་བཞིན་དུ་བྱས་ནས་དེ་ལྟར་བདག་ཏུ་ཆགས་
པ་ཉེ་བར་ཞི་སྟེ། དེས་རྟོགས་པར་འགྱུར་བ་ལྟ་བུའོ། །དེ་བཞིན་དུ་འགྲོ་བ་རྨི་ལམ་ལ་སོགས་པ་བཞིན་དུ་སྟོང་པ་སྟེ། སྐྱེས་པའམ། སྐྱེས་པ་མེད་པར་ཆོས་ལ་བདག་མེད་པར་རྟོགས་ཤིང་ཕྱི་རོལ་གྱི་ཕྱོགས་ཀྱི་ཆ་ཐ་དད་པས་ཕྱེ་བ་ན་སྟོང་པར་མཐོང་སྟེ། རྟག་པ་དང་། བདག་དང་། བདག་གི་
ལ་སོགས་པར་ཆགས་པ་ལྡོག་གོ། །ཇི་བཞིན་སྒྲ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པའི་སྒྲ་ཐོས་ནས་ཕྱི་རོལ་གྱི་བར་ཀུན་རྟག་པ་དང་། ལ་ལས་རྟག་པ་དང་། བདག་དང་། བདག་གིར་སྒྲོ་འདོགས་སོ། །དེ་ལྟར་ན་ཡང་ལོག་པའི་ཤེས་པ་ལས་འཁོར་བའི་སྡུག་བསྔལ་རྗེས་
སུ་འབྲེལ་པར་འགྱུར་རོ། །ཕུང་པོ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟ་བ་བཞིན་དུ་ཕུང་པོ་རྣམས་ལ་རྟག་པའི་བདག་སྒྲོ་འདོགས་པ་དེ་བཞིན་དུ་ད་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དོ། །ཕུང་པོ་རྣམས་གཞན་གྱི་དབང་དུ་གྱུར་པ་ནི་ནང་གློངས་པའི་མཐུ་ལས་
རབ་རིབ་དང་། མགོ་འཁོར་བ་དང་། བརྒྱལ་བའི་རྣམ་པ་ལྟ་བུར་གསལ་བ་དེར་བརྟག་པ་ལ་སོགས་པའི་རྣམ་པར་རྟོག་པས་སྒྲོ་འདོགས་སོ། །དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པའི་རྟག་པ་དང་། བདག་དང་། ཕྱི་རོལ་དང་། བདེ་བ་དང་། གཙང་བར་རྣམ་པར་སྒྲོ་བཏགས་
Vol. 121 · folio 175a
ཏེ། ཇི་ལྟར་བྱིས་པས་རྣམ་བརྟགས་བཞིན། །དེ་སྟེ་དངོས་པོ་དང་དངོས་པོ་མེད་པ་དེ་བཞིན་ན་ནི་ཐམས་ཅད་ཀྱིས་ཡང་དག་པར་མཐོང་བ་ཡིན་ནོ། །ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཆོས་ཐམས་ཅད་ནི་གཟུགས་ལ་སོགས་པ་སྟེ། འཛིན་པ་དང་གཟུང་བའི་
རྣམ་པས་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་དག་ལ་ཉོན་མོངས་པ་དང་། དག་པ་མེད་དེ་འཁྲུལ་པའི་རྣམ་པའི་ཕྱིར་ཏེ། རྨི་ལམ་དུ་ཀུན་ནས་ཉོན་མོངས་པ་དང་དག་པ་བཞིན་ནོ། །སོ་སོར་སྣང་བ་ཙམ་དུ་དེ་དག་ནི་གཟུགས་བརྙན་ལ་སོགས་པ་བཞིན་ཏེ། མཐོང་བ་དང་མི་མཐོང་བ་ལས་དངོས་པོ་
དང་དངོས་པོ་མེད་པའོ། །ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་རབ་འབྱོར་ཆོས་ཐམས་ཅད་ནི་བཅིངས་པ་ཡང་མེད། དགྲོལ་བ་ཡང་མེད་པ་སྟེ། བརྟགས་པའི་བདག་དང་། བདག་གི་བ་རྣམས་ཀྱི་དངོས་པོ་མེད་པས་ན་འཆིང་བ་དང་བཀྲོལ་བ་མེད་དེ། རི་བོང་གི་རྭ་
དང་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །གཞན་གྱི་དབང་རྣམས་ནི་སྐྱེ་བའི་རང་བཞིན་མེད་དེ། རང་བཞིན་གྱིས་རྨི་ལམ་གྱི་ཐར་པ་བཞིན་ནོ། །རང་བཞིན་གྱིས་འོད་གསལ་བའི་ཆུད་པ་རྣམས་གློ་བུར་གྱི་གཉིས་ཀྱི་རྣམ་པར་སྟོང་པ་ཉིད་དོ། །དེ་དག་རིན་པོ་ཆེ་དང་གསེར་ལ་སོགས་པ་
བཞིན་དུ་རང་བཞིན་གྱི་དྲི་མ་དང་འབྲེལ་པ་ལས་རྣམ་པར་དག་པར་འགྱུར་བ་ནི་མ་ཡིན་ཏེ། དེས་ན་ཆོས་ཐམས་ཅད་ལ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་དག་པ་མེད་དོ་ཞེས་དགོངས་ནས། རབ་འབྱོར་ཆོས་ཐམས་ཅད་བཅིངས་པ་མེད་པ་དང་། བཀྲོལ་བ་མེད་པའོ་ཞེས་
སོ། །འཕགས་པ་ལང་ཀར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་ལེའུ་གསུམ་པ་ལས་སྒྲ་ཇི་བཞིན་པའི་དོན་ལ་དགོངས་པ་དཔྱད་པ་དྲུག་པའོ།། །།གཞན་ཡང་བློ་གྲོས་ཆེན་པོ་ཡེ་ཤེས་དང་རྣམ་པར་ཤེས་པའི་མཚན་ཉིད་ཁྱོད་ལ་བཤད་དོ་ཞེས་བྱ་བ་ལ་
སོགས་པ་དེ་ལ་བློ་གྲོས་ཆེན་པོ་ཡེ་ཤེས་རྣམ་པ་གསུམ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པའི་མཆོག་གོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་སྐྱེས་ནས་འཇིག་པ་ནི་རྣམ་པར་ཤེས་པའོ་ཞེས་པ་ནི་ཐོག་མ་དང་ཐ་མའི་དུས་ཀྱི་གནས་
Vol. 121 · folio 175b
ཐ་དད་པ་དང་བྲལ་བའོ། །སེ་གོལ་གྱི་སྒྲ་དང་། གློག་ལ་སོགས་པ་ལྟ་བུ་ནི་འཇིག་རྟེན་པའི་ཡེ་ཤེས་སུ་བརྟག་གོ། །མ་སྐྱེས་མི་འཇིག་པ་ནི་ཡེ་ཤེས་སོ་ཞེས་པ་ནི་གང་སྐྱེ་བ་དང་འཇིག་པ་རྣམ་པ་ཐ་དད་པར་སྣང་བའི་ཆོས་ཀྱི་རྣམ་པར་རྟོག་པ་མེད་ཅིང་སྐད་ཅིག་པ་དེ་ནི་འཇིག་རྟེན་
ལས་འདས་པ་སྟེ། གང་གི་ཕྱིར་ཞེ་ན། གཉིས་ཀྱི་རྣམ་པ་དང་བྲལ་བར་མཐོང་བའི་ཕྱིར་རོ། །སྐྱེ་བ་དང་འཇིག་པ་ལ་སོགས་པའི་ཆོས་ནི་འཇིག་རྟེན་པས་རྣམ་པར་རྟོག་གོ། །ཡང་ན་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་ལུང་སྟོན་པ་རྣམས་ཀྱིས་སོ། །སངས་རྒྱས་པ་རྣམས་
ཀྱིས་ནི་བྱེད་པ་དང་བྱེད་པ་པོ་དང་མངོན་པར་འབྲེལ་པ་མེད་པའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་སྟེ། ཇི་ལྟར། འདུས་བྱས་ཐམས་ཅད་སྐད་ཅིག་མ། །མི་བརྟན་བྱེད་པ་ག་ལ་ཞིག །གང་བྱུང་བྱེད་པ་དེ་ཉིད་དེ། །བྱེད་པ་པོར་ཡང་དེ་ཉིད་བརྗོད། །ཅེས་ཏེ། དེས་ན་ལྷག་པའི་སྐྱེ་བ་དང་།
འཇིག་པ་མེད་པས་ན་མ་སྐྱེས་པ་མི་འཇིག་པར་དང་ཆོས་དང་གང་ཟག་ལ་བདག་མེད་པར་དགོངས་པ་སྟེ། མུ་སྟེགས་བྱེད་རྣམས་ཀྱི་མ་སྐྱེས་པ་ཉིད་མི་འཇིག་པ་ནི་མ་ཡིན་ནོ། །ཡེ་ཤེས་ནི་བདག་ལ་སོགས་པ་བཞིན་དུ་བརྟགས་པ་སྟེ། ཇི་ལྟར་སྐྱེས་བུའི་རང་བཞིན་ནི་ཚོར་བ་ཅན་ནོ་ཞེས་གྲངས་
ཅན་རྣམས་སོ། །འོ་ན་སྣང་བ་ཅི་ཞིག་ཅེས་པ་དང་། འདི་བདག་སྟེ་རང་སྣང་ངོ་ཞེས་ཏེ། རང་ཉིད་ཡང་དག་པར་རིག་པའི་རང་བཞིན་ནོ་ཞེས་རིག་སྔགས་འཛིན་པས་བསམ་པའོ། །དེར་ནི་སྒྲ་དང་དོན་ལ་བསླབ་པའི་བདག་དང་གཞན་གྱི་གྲུབ་པའི་མཐར་སྨྲ་བ་རྣམས་ཀྱི་རྩོད་པ་ཆེ་ཞིང་
མང་ངོ་། །མ་སྐྱེས་པ་དང་འཇིག་པ་མེད་པའི་ཡེ་ཤེས་ལ་ཇི་ལྟར་ཁ་ཅིག་སྨྲ་བ། ཡང་དག་པར་ནི་འདུས་བྱས་སྟོང་། །རྒྱུ་བཞིན་རྐྱེན་ལས་འབྱུང་བའི་ཕྱིར། །འདུས་མ་བྱས་ཀྱང་ཡང་དག་མིན། །ཡང་དག་མིན་པ་མཁས་མིན་བཞིན། །ཞེས་ཏེ། གང་སྐྱེ་བ་དང་འགག་
པ་དེ་ནི་ཀུན་རྫོབ་བདེན་པའི་ཡེ་ཤེས་ཏེ། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་ནོ། །དོན་དམ་པའི་བདེན་པ་ནི་རང་བཞིན་མེད་པ་སྟེ། རི་བོང་གི་རྭ་ལ་སོགས་པ་བཞིན་དུ་མ་སྐྱེས་པ་དང་མ་འགགས་པ་སྟེ། དེས་ན་སངས་རྒྱས་ཁོ་ན་ཡེ་ཤེས་ཀྱང་ཀུན་རྫོབ་ཀྱི་བདེན་པའོ། །
Vol. 121 · folio 176a
དོན་དམ་པའི་བདེན་པ་ཅི་ཡིན་ཞེས་པ་ལ་ཅིའང་མ་ཡིན་ཏེ། དངོས་པོ་མེད་པའི་རང་བཞིན་ཞེས་སོ། །ལ་ལ་ཡང་རང་གི་རྣམ་པར་རྟོག་པས་བསླད་དེ། མ་སྐྱེས་པ་དང་མི་འཇིག་པ་ནི་སྒྲའི་དོན་བརྟགས་པ་ཙམ་གྱིས་དེ་དག་རྩོད་དེ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་
ཆུད་པ་ལ་འཁོར་བར་སྡུག་བསྔལ་ཚོར་བ་དང་། གྲོལ་བའི་དུས་ན་སྡུག་བསྔལ་མེད་པར་འགྱུར་བར་དགོངས་ན་དམ་པའི་ཆོས་མི་ཤེས་སོ། །དེ་ལྟར་ན་ཡང་གནས་ཀྱི་རིམ་པར་དབྱེ་བ་ན། ཇི་ལྟར་ན་རྟག་པ་ཡིན། མ་སྐྱེས་པ་དང་མི་འཇིག་པ་གསུངས་སུ་ཟིན་ཀྱང་། སྐྱེ་བ་དང་བྱེད་པ་དང་བྱེད་པ་
པོར་འབྲེལ་པར་མངོན་པར་ཆགས་པ་གཞན་པ་དང་གཞན་པ་མ་ཡིན་པར་གསལ་བའི་ཕྱིར་ཏེ། དེ་བཞིན་དུ་གང་ཟག་ལ་བདག་མེད་པ་ལ་ཡང་བརྗོད་དོ། །ཆོས་ལ་བདག་མེད་པ་ལ་ཡང་ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་གསུངས་པ། དོན་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་གཞན་གྱི་དབང་ལ་སྐྱེ་
བའི་རང་བཞིན་མེད་པ་སྟེ། རྣམ་པ་དེ་ལྟ་བུར་མི་སྐྱེ་བ་ནི་རབ་རིབ་ལ་སོགས་པའི་ཤེས་པ་བཞིན་ནོ། །དོན་དམ་པའི་རང་བཞིན་མེད་པ་ནི་རང་བཞིན་གྱིས་འོད་གསལ་བའི་ཆུད་པ་འཛིན་པ་དང་། གཟུང་བའི་རྣམ་པས་སྟོང་པ་ཉིད་དོ། །དེ་ཡང་འདུས་བྱས་དང་། འདུས་མ་བྱས་པ་ཁོ་ནར་བརྟགས་
པས་སྲིད་པ་དང་ཐར་པའི་རྒྱུན་དུ་འབྱུང་བའི་བདེ་བ་དང་། སྡུག་བསྔལ་ལ་སོགས་པའི་རིམ་པར་དབྱེ་བ་ན་སྐད་ཅིག་པ་ཉིད་དོ། །དབང་པོ་ལ་སོགས་པ་སུས་ཀྱང་མ་བྱས་པས་དེས་ན་འདུས་མ་བྱས་པ་ཁོ་ནའི་རྒྱུ་ནི་དེ་བཞིན་གཤེགས་པ་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་ཉིད་ཡོངས་ཀྱིས་
གནས་སོ། །དེས་ན་འདུས་བྱས་དང་། འདུས་མ་བྱས་ཞེས་བྱ་བའི་ཚིག་འདི་ནི་སྟོན་པས་བཏགས་པའོ། །འདུས་བྱས་ཁོ་ནའམ་འདུས་མ་བྱས་པ་ཁོ་ན་བར་ཐ་སྙད་དུ་བྱ་བ་དེ་དེ་ལྟར་བཀྲི་བའི་དོན་དུ་དགོངས་པའི་ཁྱད་པར་གང་དག་གིས་མི་ཤེས་པ་དེ་དག་མ་སྐྱེས་པ་དང་། མི་འཇིག་
བརྟག་པར་རྟོག་གོ། །ཁ་ཅིག་གིས་ནི་རང་བཞིན་མེད་པ་སྟེ། སྐད་ཅིག་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་དང་། དངོས་པོ་མེད་པ་ནི་དོན་དམ་པའི་བདེན་པ་ཁོ་ན་ཞེའོ། །གང་ཞིག་སངས་རྒྱས་ཀྱི་དངོས་པོར་ཡང་སྟོང་པར་ཀློག་གོ། །གཟུགས་ལ་སོགས་པའི་ཕུང་པོ་གཞན་གྱི་
Vol. 121 · folio 176b
དབང་གི་རྣམ་པ་གཉིས་ཀྱི་རྣམ་པས་སྟོང་པ་ཉིད་དེ། དེ་བསམ་པ་མེད་ཅིང་སྣང་བ་མེད་པ་ཡང་དག་པར་རིག་པ་ལ་གནོད་པ་མེད་པའི་ཕྱིར་དོན་དམ་པའི་བདེན་པ་མེད་དོ། །ཇི་ལྟར་རྡོ་རྗེ་གཅོད་པ་ལས་འབྱུང་བ། ཇི་ཙམ་དུ་མཚན་ཕུན་སུམ་ཚོགས་པ་དེ་ཙམ་དུ་བརྫུན་ནོ། །ཇི་ཙམ་དུ་མཚན་ཕུན་
སུམ་ཚོགས་པ་མེད་པ་དེ་ཙམ་དུ་མི་བརྫུན་ནོ། །བཅོམ་ལྡན་འདས་མ་ལས་མཚན་མེད་ཅེས་པ་ནི་གཉིས་སུ་མེད་པར་ཡང་དག་པར་རིག་ཅིང་བརྗོད་དུ་མེད་པའོ། །ཆོས་དང་ཆོས་ཅན་དུ་འབྱེད་པ་ཇི་ཙམ་དུ་མཚན་ཉིད་དུ་ཀུན་རྟོག་པ་དེ་ཙམ་དུ་གཞན་པ་དང་གཞན་པ་མ་ཡིན་པར་མི་རུང་ངོ་། །གྲང་
བ་དང་། དྲོ་བ་དང་། གཟུགས་དང་། གཟུགས་མེད་པ་ལྔ་མི་རྟག་པ་ལ་སོགས་པ་རྣམས་ཀྱི་སྤྱིའི་ཡོན་ཏན་ལ་སོགས་པའི་ཆོས་ལྟ་བུར་ཀུན་བརྟགས་པ། གལ་ཏེ་ཆོས་ཅན་དེ་དག་ལས་ཐ་དད་པར་གྱུར་དུ་ཟིན་ན་ནི་གྲང་བ་ལ་དྲོ་བ་དང་། གཟུགས་ཅན་ལ་གཟུགས་མེད་པ་དང་རྟག་པ་ལ་སོགས་
པའི་རང་བཞིན་དུ་ཕྱིན་ཅི་ལོག་པར་འགྱུར་རོ། །ཐ་མི་དད་པའི་ཕྱིར་ཕྱོགས་སུ་ནི་ཆོས་དང་། ཆོས་ཅན་དང་། མཚན་མའི་གཞི་དང་། མཚན་མ་ཐ་མི་དད་པར་འགྱུར་རོ། །འདུས་བྱས་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་ནོ། །དེ་
ལས་བཟློག་པ་ནི་དོན་དམ་པ་སྟེ། དེ་ཡང་འདུས་བྱས་སམ། འདུས་མ་བྱས་པ་དཔྱད་པར་བྱ་སྟེ། གཉིས་ཀྱི་རྣམ་པའི་གཞན་གྱི་དབང་ནི་ཀུན་རྫོབ་ཅེས་པའོ། །དེ་དང་མཚན་ཉིད་མི་མཐུན་པ་ནི་ངེས་པར་འཇུག་པའི་དབང་པོའི་ཤེས་པ་ཡང་དག་པར་རིག་པ་བཞིན་ནོ། །ཅི་གཉིས་སུ་མེད་
པར་གྲུབ་པའི་ཡེ་ཤེས་ནི་དོན་དམ་པའི་བདེན་པ་ཡིན་ནམ། ཡང་ན་ཅི་གཉིས་པ་དང་མི་གཉིས་པའི་འདུས་བྱས་ཀྱི་མཚན་ཉིད་དང་། མི་མཐུན་པ་མོ་གཤམ་གྱི་བུ་དང་། རི་བོང་གི་རྭ་མེད་པའི་རང་བཞིན་དོན་དམ་པའི་བདེན་པ་ཡིན། མ་སྐྱེས་པ་དང་། མི་འཇིག་པ་ནི་དགོངས་པར་
བཤད་པ་དང་བྲལ་ཏེ། སྒྲ་ཇི་བཞིན་པ་ནི་དེའི་ཚེ་ཡང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་མི་རུང་ངོ་། །བརྟགས་པ་ལྟ་བུ་དང་། གཞན་གྱི་དབང་བཞིན་དུ་གྲུབ་པ་ཡང་མེད་དོ་ཞེས་གང་སྨྲས་པ་དེ་ནི་དམ་པའི་ཆོས་ལས་སྡུག་བསྔལ་འབྱུང་བའི་ལས་སྒྲུབ་པར་བྱེད་དེ།
Vol. 121 · folio 177a
དགོངས་པ་ངེས་པར་འགྲེལ་པ་ལས་ཐམས་ཅད་མཁྱེན་པའི་དགོངས་པའི་དོན་དེ་ཉིད་སྒྱུ་མ་ལྟ་བུའི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ཐོག་མ་དང་ཐ་མའི་མཐར་སྟོང་ཞིང་དབུས་སུ་གཉིས་ཀྱི་རང་བཞིན་གྱིས་སྟོང་པ་ཉིད་དོ། །སྐད་ཅིག་པ་གཅིག་ནི་ཐོག་མ་དང་། ཐ་མའི་མཐའི་སྐད་
ཅིག་པ་དང་འབྲེལ་པ་མེད་དོ། །དེས་ན་བྱེད་པ་དང་། བྱེད་པ་པོ་དང་མངོན་པར་འབྲེལ་པ་དང་བྲལ་བ་སྔ་མའི་འོག་ཏུ་འདི་ཡོད་ན་འདི་ཡོད་དོ་ཞེས་བྱའོ། །དེ་ལྟར་ཡང་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་རྣམས་སྐད་ཅིག་པ་གཅིག་ལ་ཡོད་པ་མ་ཡིན་ཏེ། དེས་ན་སྐྱེ་བ་
དང་། འགག་པ་མེད་པ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་ཏོ། །དེ་ལྟར་ཡང་ན་ཡང་ཆོས་དང་གང་ཟག་ལ་བདག་མེད་པ་ཆོས་ཉིད་དང་མི་འགལ་ལོ། །ཆོས་ལ་བདག་མེད་པ་ནི་གཉིས་ཀྱི་རྣམ་པས་མ་སྐྱེས་པ་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་ནོ། །
གང་ཟག་ལ་བདག་མེད་པ་ཡང་གང་ཡོད་པ་ཐམས་ཅད་སྐད་ཅིག་པ་སྟེ། སེ་གོལ་གྱི་སྒྲ་དང་། གློག་དང་། འབབ་ཆུ་ལ་སོགས་པ་བཞིན་ནོ། །རྟག་པ་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་དངོས་པོ་མེད་དོ། །གང་ཡང་སྐད་ཅིག་པ་མངོན་སུམ་པའོ་ཞེས་བརྗོད་པ་ཇི་ལྟར་ན་
རུང་། ལ་ལས་སྐད་ཅིག་པ་དྲུག་ཏུ་གནས་ཞེས་དེར་གཏོགས་པ་ནི་སེ་གོལ་གྱི་སྒྲའི་དུས་ན་སྐད་ཅིག་པ་དྲུག་ཅུ་རྩ་བཞི་འདའ་བ་ལྟ་བུའོ། །ཁ་ཅིག་སྨྲ་བ་ནི། རྨི་ལམ་གྱི་དུས་ཡུན་ཐུང་ངུ་དེར་ཡང་ལོ་བརྒྱ་ལ་སོགས་པར་ཚོར་བ་མྱོང་བ་སྟེ། དེ་དེ་བཞིན་དུ་སྐད་ཅིག་པའི་དུས་ལ་ཆུད་པ་སོ་སོར་ངེས་པ་
མེད་ཅིང་འཁོར་བར་སྣང་བའི་ཚད་ལ་དུས་གསུམ་གྱི་རྟོག་པ་མེད་དོ། །དེ་བས་ན་འཁོར་བ་མེད་པའི་ཕྱིར་ཐར་པར་རྣམ་པར་རྟོག་པ་གང་ཡིད་ཆེས་པར་བྱེད་པ་ག་ལ་ཞིག་ཅེས་པ་ནི་རྒྱུ་ཐམས་ཅད་དང་འགལ་བར་སྨྲ་བའོ། །ཚད་མ་དང་གཞལ་བར་གཞག་པ་ནི་སྣང་བ་ཇི་བཞིན་པ་དང་རྗེས་སུ་མཐུན་
པར་གཉིས་དང་མི་གཉིས་པར་སྨྲ་བ་ལ་སོགས་པས་དེ་ཁས་ལན་ཏོ། །ཇི་ལྟར་སེ་གོལ་གྱི་སྒྲ་དང་གློག་ལ་སོགས་པ་རྣམས་ཀྱིས་སྐད་ཅིག་པ་ཐོག་མ་དང་ཐ་མའི་དུས་དང་བྲལ་བ་ཤིན་ཏུ་མྱུར་བར་འཇིག་པ་མངོན་སུམ་པ་དེ་ཉིད་སྐད་ཅིག་པ་ཁོ་ནའོ། །གང་ཡང་གྲངས་ཅན་དང་ནེ་ཡི་ཡ་ཡི་ཀ་
Vol. 121 · folio 177b
དང་། ཁྱད་པར་ཅན་རྣམས་ཀྱིས་སྐད་ཅིག་པ་དྲུག་ཏུ་གནས་པར་ཀུན་རྟོག་པ་དེ་ནི་རིམ་གྱིས་འབྱུང་གི་ཅིག་ཅར་ནི་མ་ཡིན་ནོ། །ཇི་ལྟར་གྲངས་ཅན་རྣམས་ཀྱི་སྐྱེ་བ་དང་། ཡོད་པ་དང་། འགྱུར་བ་དང་། རྣམ་པར་འཕེལ་བ་དང་། ཟད་པར་འགྱུར་བ་དང་། རྣམ་པར་འཇིག་ཅེས་པ་ནི་དངོས་
པོའི་འགྱུར་བ་རྣམ་པ་དྲུག་ཅིག་ཅར་མི་འབྱུང་སྟེ། རྟོག་པར་མི་བྱེད་པའི་ཕྱིར་རོ། །ནེ་ཡི་ཡ་ཡི་ཀ་ལ་སོགས་པའི་སྐད་ཅིག་པ་རྣམས་ཀྱང་སྐད་ཅིག་པའི་དུས་ལ་དེ་ལས་ཕྱི་མའི་སྐད་ཅིག་ལ་གཞན་གྱི་དངོས་པོ་རྟོག་པར་མི་འགྱུར་བ་ནི་ཇི་ལྟར་ཡོད་པ་དང་འབྲེལ་པ་དང་། གནས་པའི་དུས་དང་། ཡོན་ཏན་
གཞན་འབྱུང་བའི་དུས་དང་། དམིགས་པའི་དུས་དང་། རྣམ་པར་འཇིག་པའི་རྒྱུ་བསྙེན་དུས་དང་། རྣམ་པར་འཇིག་པའོ། །དེ་དེ་ལྟར་རིམ་གྱིས་འབྱུང་བའི་སྐད་ཅིག་པ་རྣམས་དུས་གཅིག་ཏུ་འབྱུང་བ་མེད་དོ། །ཇི་ལྟར་ན་ཤིན་ཏུ་མྱུར་དུ་འཇིག་པའི་རྣམ་པས་སྐད་ཅིག་པ་དྲུག་གི་བར་དུ་གནས་པར་རུང་།
སྐད་ཅིག་པ་རྣམས་ཀྱིས་ཇི་ལྟར་སེ་གོལ་གྱི་སྒྲའི་དུས་ལ་སྐད་ཅིག་པ་དྲུག་ཅུ་རྩ་བཞི་འབྱུང་ཞེས་ཏེ། དེ་བཞིན་དུ་མཐེ་བོང་དང་། སོར་མོའི་ཡན་ལག་རིམ་གྱིས་རེག་ནས་ཕྲད་པའི་འོག་ཏུ་སྐྱེས་པའི་སྒྲ་ལ་སྐད་ཅིག་པར་ཐོས་སོ་ཞེས་པ་དེ་བཞིན་དུ་གྲུབ་པའི་མཐའ་ཐམས་ཅད་ལ་སྐད་ཅིག་
པར་རབ་ཏུ་གྲུབ་པའོ། །རྨི་ལམ་གྱི་དུས་ལྟར་རབ་ཏུ་བསླད་པས་འཁྲུགས་པའི་ཆུད་པ་ལ་དུས་ཡུན་ཐུང་ངུ་དང་རིང་པོར་ངེས་པ་མེད་དོ། །གང་ཡང་དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་སྐད་ཅིག་པ་ཡང་དག་པར་རིག་པ་དེ་ལ་བདག་ཐ་དད་པར་འཛིན་པ་མེད་དོ། །འོན་ཀྱང་
སྣང་བ་དང་བཅས་པ་ཐམས་ཅད་མཁྱེན་པའི་དག་པ་འཇིག་རྟེན་གྱི་ཡེ་ཤེས་ཀྱིས་སྐད་ཅིག་རེ་རེར་མྱོང་བ་ལྟ་བུར་ཐོག་མ་དང་ཐ་མའི་དུས་ཀྱི་རིམ་པ་ཐ་དད་པ་དང་། བྲལ་བའི་སྐད་ཅིག་པ་རྟོགས་པས་ན། འདོད་ཆགས་ལ་སོགས་པའི་སྒྲིབ་པ་དང་བྲལ་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་
ལ་དུས་གསུམ་གྱི་དོན་གང་ཡིན་པ་དོན་དེ་དབེན་པར་སྣང་བ་ནི་མིག་གི་ལིང་ཏོག་མེད་པ་ལྟ་བུའི་ཡེ་ཤེས་པ་ལའོ། །འདོད་ཆགས་ལ་སོགས་པས་འཁྲུལ་པ་ལ་ནི་ཉེ་བར་གྱུར་ཀྱང་ཡེ་ཤེས་མི་འཇུག་གོ། །གང་གི་ཚེ་ན་འདོད་ཆགས་ལ་སོགས་པ་དང་བྲལ་བར་གྱུར་པ་དེའི་ཚེ་ན་ཉོན་
Vol. 121 · folio 178a
མོངས་པ་ཀུན་དང་བྲལ་བའི་ཡེ་ཤེས་ཀུན་ཏུ་འཇུག་གོ། །གཞན་ཡང་བློ་གྲོས་ཆེན་པོ་མཚན་མ་དང་མཚན་མ་མེད་པར་ལྷུང་བའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པར་སྣང་བའི་མཚན་ཉིད་ཀྱིས་མཚན་མར་ལྟུང་བ་སྟེ། ཕྱི་རོལ་གྱི་དམིགས་པ་མེད་པར་ཡང་
ནང་འཁྲུགས་པའི་མཐུ་ལས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་སྣ་ཚོགས་པའི་རྣམ་པའོ། །མཚན་མ་མེད་པར་ལྷུང་བ་ནི་གང་གི་ཚེ་ན། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཞེས་པར་ཤེས་རབ་ཀྱིས་དཔྱད་དེ་མཚན་མ་མི་དམིགས་པ་
དེའི་ཚེ་ན་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པ་ཉིད་གནས་སོ། །ཡོད་པ་དང་མེད་པར་ལྷུང་བ་དང་ཞེས་བྱ་བ་ལ་ཡོད་པ་དང་མེད་ཅེས་བྱ་བ་ནི་བྱིས་པ་རྣམས་ཀྱིས་གཉིས་ཀྱི་རྣམ་པའི་རྣམ་པར་ཤེས་པ་ལ་ཐ་དད་པའི་ཐ་སྙད་ཡོད་ཀྱི། དོན་དམ་པའི་
བདེན་པ་མི་གཉིས་པའི་ཡེ་ཤེས་ལ་ནི་དངོས་པོ་དང་། དངོས་པོ་མེད་པའི་རྣམ་པར་རྟོག་པ་སོ་སོར་ཐ་དད་པར་སྣང་བ་ནི་མེད་དོ། །གཉིས་ཀྱི་རྣམ་པའི་ཤེས་པ་དེ་ཡང་གཞན་གྱི་དབང་ངོ་། །མཚན་ཉིད་སྣ་ཚོགས་ཀྱི་རྒྱུ་ལས་སྐྱེས་པ་ཞེས་པ་ནི་བསླད་པ་ནི་སྣ་ཚོགས་ཀྱི་མཚན་ཉིད་མཚན་མ་རྒྱུ་གང་ལ་
ཡོད་པ་སྟེ། རྣམ་པ་སྣ་ཚོགས་དེ་ལྟ་བུའི་གཟུགས་གང་ན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་སྣ་ཚོགས་པ་དེ་རྒྱུ་སྣ་ཚོགས་ལས་སྐྱེས་པ་སྟེ། དེ་ཚོན་དུ་མས་རི་མོ་བྲིས་པ་བཞིན་ནོ། །འཁོར་བར་ཡང་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཐ་དད་པར་དབྱེ་བ་ན་རྣམ་པར་ཤེས་པ་སྣ་ཚོགས་
པ་ཡིན་ཏེ། དེས་ན་སྐྱེ་བོ་རྣམས་ཀྱི་ལས་དུ་མའི་རྒྱུས་སྐྱེས་པར་ཤེས་པའོ། །མཚན་མ་དང་མཚན་མ་མེད་པ་ལས་ཤིན་ཏུ་འདས་པའི་མཚན་ཉིད་ནི་ཡེ་ཤེས་སོ་ཞེས་པ་ནི་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་རྣམ་པར་རྟོག་པའི་མཚན་མ་ལས་འདས་པའི་མཚན་ཉིད་ཅན་ནི་ཡེ་ཤེས་ཏེ། བསམ་
པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་ནི་མཚན་མ་ཐམས་ཅད་ལས་འདས་པས་ན་དེར་ཡོད་པ་དང་། མེད་པ་དང་། རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བདག་དང་། བདག་མེད་པ་དང་། མཛེས་པ་དང་། མི་
Vol. 121 · folio 178b
མཛེས་པ་ལ་སོགས་པར་ཐ་དད་པར་སྣང་བའི་རྣམ་པར་རྟོག་པའི་མཚན་མ་མེད་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དག་པ་འཇིག་རྟེན་གྱི་སྣང་བ་དང་བཅས་པ་ལས་དེ་ལྟ་བུ་རྣམ་པ་ཐམས་ཅད་སོ་སོར་སྣང་ངོ་ཞེས་སོ། །སྩོགས་པའི་མཚན་ཉིད་ནི་རྣམ་པར་ཤེས་པའོ་ཞེས་པ་ནི་རྣམ་པ་སྣ་ཚོགས་ཀྱི་
རྣམ་པའོ། །གང་གི་ཚེ་ན་མཚན་མ་ཤེས་རབ་ཀྱིས་དཔྱད་དེ། སྦོམ་པོ་དང་ཕྲ་མོ་རྣམ་པར་གཞིགས་ཏེ། རྣམ་པར་མི་དམིགས་པ་དེའི་ཚེ་ན་བྲི་བའི་མཚན་ཉིད་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པ་གནས་སོ། །དེ་ལ་ཡེ་ཤེས་ནི་རྣམ་
པ་གསུམ་སྟེ་ཞེས་པ་གང་ཡང་དག་པར་རང་དང་སྤྱིའི་མཚན་ཉིད་རྟོགས་པར་བྱེད་པ་སྟེ། དེ་ལ་རང་གི་མཚན་ཉིད་ནི་ཐུན་མོང་མ་ཡིན་པའོ། །སྤྱིའི་ནི་སྤྱིར་རྗེས་སུ་སོང་ཞིང་རྣམ་པར་རྟོག་པའི་རྣམ་པར་བརྗོད་པར་བྱའོ། །རང་དང་སྤྱིའི་མཚན་ཉིད་རྟོགས་པར་བྱེད་པ་དེ་ནི་ཐ་སྙད་ཀྱི་ཤེས་
པ་སྟེ། སྒྲ་དང་དོན་གྱི་རང་བཞིན་པ་གཞན་གསལ་བ་རྒྱ་ཆེར་ཤེས་པར་བྱའོ། །སྐྱེ་བ་དང་འཇིག་པ་རྟོགས་པར་བྱེད་པ་ནི་སྐད་ཅིག་གི་རྣམ་པར་ཤེས་པ་སྟེ། སེ་གོལ་གྱི་སྒྲའི་རྣམ་པར་ཤེས་པ་བཞིན་ཏེ། ཐོག་མ་དང་ཐ་མའི་དུས་ཀྱི་རིམ་པ་དང་བྲལ་བ་སྐད་ཅིག་པར་རྟོགས་པར་བྱེད་པའོ། །
སྐྱེ་བ་མེད་པ་དང་འགོག་པ་མེད་པར་རྟོགས་པར་བྱེད་པ་ནི་ཁྱད་པར་ཅན་རྣམས་དང་ལུང་སྟོན་པ་ལ་སོགས་པས་སྐད་ཅིག་པ་ལ་ཐོག་མ་དང་བར་མ་དང་ཐ་མའི་དུས་སུ་སྐྱེ་བ་དང་། གནས་པ་དང་། འགོག་པ་ལ་སོགས་པའི་ཆོས་རྣམས་ཀུན་ཏུ་བརྟགས་པ་ནི་བྱེད་པ་དང་བྱེད་པ་པོ་དང་མངོན་པར་
འབྲེལ་བ་ལྷག་པར་དམིགས་སུ་མེད་དོ། འདུས་བྱས་ཐམས་ཅད་སྐད་ཅིག་པ། །མི་བརྟན་བྱེད་པ་ག་ལ་ཞིག །གང་བྱུང་བྱེད་པ་དེ་ཉིད་དེ། །བྱེད་པ་པོར་ཡང་དེ་ཉིད་བརྗོད། །ཅེས་པ་སྟེ། དེ་དེ་ལྟར་གང་ཟག་ལ་བདག་མེད་པ་ལ་སྐྱེ་བ་དང་འགོག་པ་མེད་པར་རྟོགས་པ་སྐད་
ཅིག་མར་འཇིག་པའོ། །ཆོས་ལ་བདག་མེད་པ་ལ་ཡང་གཉིས་ཀྱི་རྣམ་པར་སྐྱེ་བ་དང་འགག་པ་མེད་དེ། རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་ནོ། །དེ་ལ་འཇིག་རྟེན་པའི་ཡེ་ཤེས་ནི་གང་ཞེ་ན། ཡོད་པ་དང་མེད་པའི་ཕྱོགས་ལ་མངོན་པར་ཆགས་པ་མུ་སྟེགས་བྱེད་པ་དང་
Vol. 121 · folio 179a
བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིའོ་ཞེས་པ་ནི་རྟག་པའི་བདག་ནི་ཡོད་ལ་གཟུགས་ནི་མེད་པ་སྟེ། བདག་གིས་སྐད་ཅིག་པ་ཡང་མྱོང་བ་ན་བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཡོད་ཅེས་པ་དེ་ཡང་དག་པར་ཚོར་བར་དབྱེ་བ་ན་བདག་དང་། ཚངས་པ་དང་། དབང་པོ་ལ་
སོགས་པ་མི་རྟག་པ་ཉིད་དོ། །རྨི་ལམ་དུ་ནི་གཟུགས་མེད་ལ་གཉིད་ཀྱིས་མ་ལོག་པ་ན་ཡོད་ཅེས་པ་ཕྱོགས་སུ་མངོན་པར་ཆགས་པའོ། །དེ་ལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ནི་རང་དང་སྤྱིའི་མཚན་ཉིད་དུ་ལྷུང་བའི་བསམ་པ་ལ་མངོན་པར་ཆགས་པ་ཉན་ཐོས་དང་། རང་སངས་རྒྱས་ཐམས་
ཅད་ཀྱིའོ་ཞེས་པ་ནི་ཕྱི་རོལ་གྱི་དོན་ལ་མངོན་པར་ཆགས་པ་རྣམས་ཀྱི་ནི་རང་དང་སྤྱིའི་མཚན་ཉིད་དུ་མངོན་པར་ཆགས་པའོ། །དེ་ལ་རང་གི་མཚན་ཉིད་ནི་ས་ལ་སོགས་པ་འབྱུང་བ་སྲ་བ་དང་། གཤེར་བ་དང་། དྲོ་བ་དང་། གཡོ་བའོ། །དེ་དག་གི་སྤྱིའི་མཚན་ཉིད་ནི་མི་རྟག་པ་དང་། སྡུག་བསྔལ་
བ་དང་། བདག་མེད་པ་དང་། མི་མཛེས་པ་ལ་སོགས་པའོ། །ཕྱིའི་གཟུགས་མེད་པས་ན་སྲ་བ་ལ་སོགས་པའི་རང་གི་མཚན་ཉིད་དང་། མཛེས་པ་དང་མི་མཛེས་པ་ལ་སོགས་པ་སྤྱིའི་མཚན་ཉིད་ཀྱང་མེད་དེ། འདོད་ཆགས་དང་བྲལ་བས་འཁོར་བའི་སྡུག་བསྔལ་འབའ་ཞིག་དེ་དག་ལ་
མེད་དོ། །དེ་ལ་འཇིག་རྟེན་ལས་འདས་པ་མཆོག་གི་ཡེ་ཤེས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྣང་བ་མེད་པའི་ཆོས་ལ་རབ་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བ་ནི་གང་གི་ཚེ་ན་ཤེས་རབ་ཀྱིས་དཔྱད་དེ། སྦོམ་པོ་དང་ཕྲ་མོ་ཕྱོགས་ཀྱི་ཆ་ཐ་དད་པར་ཕྱེ་སྟེ། དམིགས་སུ་མེད་ཅིང་སྟོང་ནས་དེའི་ཚེ་
བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པར་གནས་སོ། །སྐྱེ་བ་མེད་པ་དང་། འགོག་པ་མེད་པར་མཐོང་བ་དང་། ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བ་ཞེས་པ་ནི་སྐྱེ་བ་དང་འགོག་པ་ལ་སོགས་པའི་ཆོས་རྣམས་གཞན་གྱི་དབང་གིས་སྐད་ཅིག་
པ་ཡང་མི་སྣང་ན་གཉིས་མེད་པ་ལྟ་ཅི་སྨོས། ཡོད་པ་དང་མེད་པའི་ཕྱོགས་དང་བྲལ་བ་ནི་བརྗོད་དུ་མེད་པའི་མི་གཉིས་པ་སྟེ། དེ་བཞིན་གཤེགས་པའི་སའི་སྤྱོད་ཡུལ་ཅན་ནི་ཆོས་ལ་བདག་མེད་པ་ཐུགས་སུ་ཆུད་པ་ལས་འབྱུང་ངོ་། །ཐམས་ཅད་མཁྱེན་པའི་མི་གཉིས་པ་སྔོན་གྱི་དེ་མ་
Vol. 121 · folio 179b
ཐག་པའི་སྐད་ཅིག་པ་ནི་དག་པ་འཇིག་རྟེན་པའི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་སྣང་ངོ་། །གཉིད་ཀྱིས་མ་ལོག་པའི་ཐ་སྙད་ལྟ་བུར་རྨི་ལམ་དང་། སྤྲུལ་པ་ལ་སོགས་པར་སླུ་བ་མེད་པ་དེས་ཀྱང་རྒྱུད་གཞན་དུ་བརྟགས་པའི་རྒྱུ་ལས་སྐྱེས་པར་རིགས་སོ། །གཞན་དུ་ནི་དགོངས་པ་མེད་
པར་རིག་སྔགས་འཛིན་པ་ལྟ་བུར་དེ་སྐད་སུ་ཞིག་གིས་སྟོན་པར་འགྱུར། གསོལ་བ་དང་ལན་དུ་དགོངས་པ་རྒྱུད་གཞན་མ་གཏོགས་པར་ནི་སྤྲུལ་པ་བསམ་པ་མེད་ཅིང་། སེམས་ཅན་མ་ཡིན་པས་དྲིས་པའི་ལན་ཇི་ལྟར་ན་གློན། །གསོལ་པའི་ལན་ནོར་པ་མེད་པ་དེ་ནི་བདག་དང་གཞན་
གྱིས་རྒྱུད་ཀྱི་བརྟགས་པ་བཟུང་ནས་ལན་བཀའ་སྩལ་ཏེ། དེས་ན་བཞེངས་པ་རྗེས་སུ་དཔག་གོ། །དགོངས་པ་ངེས་པར་འགྲེལ་པ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཞེངས་པ་གསལ་བར་གསུངས་པའོ། །འོན་ཏེ་ཡང་རྒྱུད་གཞན་གྱི་དགོངས་པ་མེད་པར་གསོལ་བའི་ལན་
མ་ནོར་བར་འགྱུར་བ་ན་ནི་དེའི་ཚེ་རྒྱུད་གཞན་མེད་པར་གསོལ་བའི་ལན་མ་ནོར་བར་གྱུར་ཏེ། དེས་ཀྱང་རྒྱུད་གཞན་དུ་གྲུབ་པ་མི་འགྲུབ་པའི་སྐྱོན་དུ་འགྱུར་བས་ན་དེར་སྤྲུལ་པ་ལ་འགག་པ་མེད་དོ། །གཞན་ཡང་བློ་གྲོས་ཆེན་པོ་ཆགས་པ་མེད་པའི་མཚན་ཉིད་ནི་ཡེ་ཤེས་སོ་ཞེས་པ་ནི་གང་ཡུལ་རྣམས་
སུ་ཆགས་པ་མེད་པ་དེ་ནི་ཆགས་པ་མེད་པའི་མཚན་ཉིད་ཀྱིས་མི་གཉིས་པའི་ཡེ་ཤེས་སོ། །ཡང་ན་དག་པ་འཇིག་རྟེན་པའི་ཏིང་ངེ་འཛིན་ལ་བཞུགས་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཤེས་པར་བྱ་བའི་དཀྱིལ་འཁོར་མཐའ་དག་ལ་ཐོགས་པ་མེད་པའོ། །འདོད་ཆགས་ལ་
སོགས་པའི་སྒྲིབ་པས་བསྒྲིབས་པ་ནི། སྤྱོད་ཡུལ་ལ་སོ་སོར་ཆད་པ་མེད་ཀྱང་ཉེ་བར་གྱུར་པ་ལ་ཡང་ཡོངས་སུ་གསལ་བར་མི་འཇུག་གོ། །ཡུལ་དང་དུས་ལ་སོགས་པའི་བྱེ་བྲག་གིས་ལ་ལ་དཔག་ཚད་གཅིག་དང་། ལ་ལ་དཔག་ཚད་གཉིས་ལ་སོགས་པར་ཁ་ཅིག་ལ་ཅུང་ཟད་
ཅིག་སྟེ། དེ་ལྟར་མངོན་སུམ་དུ་འགྱུར་རོ། །དབང་པོ་ལས་འདས་ཞེས་བྱ་བ་ཅུང་ཟད་ཀྱང་མེད་དེ། སྔགས་དང་མིག་རྩི་གྲུབ་པ་རྣམས་ཀྱིས་རེ་ལྡེ་དང་། རྩིག་པ་ལ་སོགས་པས་བར་བཅད་ཀྱང་མཐོང་ངོ་། །པྲ་སེ་ན་བྱས་པས་དུས་གསུམ་གྱི་ཚིག་གི་དོན་ཐམས་ཅད་སྣང་ངོ་། །
Vol. 121 · folio 180a
དེས་ན་བག་ཆགས་དང་བཅས་པའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པ་སྤངས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མིག་གི་ལིང་ཏོག་དང་བྲལ་བ་བཞིན་དུ་ཤེས་པར་བྱ་བའི་དཀྱིལ་འཁོར་ཐམས་ཅད་དུ་ཆགས་པ་མེད་པར་འཇུག་གོ། །ཡུལ་སྣ་ཚོགས་ལ་ཆགས་
པའི་མཚན་ཉིད་ནི་རྣམ་པར་ཤེས་པའོ་ཞེས་པ་ནི་གཞན་གྱི་དབང་དུ་དགོངས་པའོ། །དེ་ཡང་རྣམ་པ་གཉིས་ཏེ། རྣལ་འབྱོར་པ་རྣམས་ཀྱིས་ནི་ཐུགས་རྗེའི་བག་ཆགས་སད་ནས་རྫོགས་ལོངས་སྤྱོད་པ་དང་། སྤྲུལ་པའི་སྐུའི་མཚན་ཉིད་སྣ་ཚོགས་པ་སྣང་ངོ་། །འཁོར་བ་པ་རྣམས་ཀྱིས་ནི་མ་རིག་པ་དང་ལས་
རྣམ་པ་སྣ་ཚོགས་སྨིན་པའི་མཐུ་ལས་ལྷ་དང་མི་ལ་སོགས་པར་སྣང་ངོ་། །གཞན་ཡང་བློ་གྲོས་ཆེན་པོ་གསུམ་འདུས་པའི་བྱ་བ་སྐྱེ་བ་དང་ལྡན་པའི་མཚན་ཉིད་ནི་རྣམ་པར་ཤེས་པའོ་ཞེས་པ་ནི་མ་རིག་པ་དང་། སྲེད་པ་དང་། ལེན་པ་གསུམ་འདུས་ཏེ་བྱ་བ་སྐྱེ་བ་ནི་འཁོར་བའི་མཚན་ཉིད་ཀྱི་རྣམ་པར་ཤེས་
པའོ། །མི་ལྡན་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་ཡེ་ཤེས་སོ་ཞེས་པ་ནི་གྲོལ་བ་གཉིས་སུ་མེད་པར་དགོངས་པར་བརྟག་གོ། །ཐོབ་པ་མེད་པའི་མཚན་ཉིད་ནི་ཡེ་ཤེས་ཏེ་ཞེས་པ་ནི། གང་གིས་རང་བཞིན་གྱིས་འོད་གསལ་བའི་ཆུད་པའི་རང་བཞིན་ལ་ལྷག་པར་ཅུང་ཟད་ཀྱང་འཐོབ་པར་བྱེད་པ་མེད་དེ། གང་
ཤེས་པར་བྱ་བ་འབའ་ཞིག་གོ་ཞེས་དེ་ལྟར་དགོངས་པའོ། །བདག་གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཀྱིས་རྟོགས་པའི་སྤྱོད་ཡུལ་ཞེས་པ་ནི་འཕགས་པ་རྣམས་ཀྱི་རང་གིས་ཡང་དག་པར་རིག་པ་ཙམ་སྟེ། བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པ་དངོས་པོ་
དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པའོ། །མི་འཇུག་མི་འབྱུང་བའི་ཕྱིར་ཆུ་ལ་ཆུ་ཟླ་བཞིན་ནོ་ཞེས་པ་ནི་བྱེད་པ་དང་བྱེད་པ་པོ་འབྲེལ་པ་མེད་ཅིང་། དངོས་པོ་ཐམས་ཅད་བྱེད་པ་མེད་པ་སྟེ། དེ་བས་ན་འཕགས་པ་རྣམས་ཀྱི་ཡེ་ཤེས་འབྱུང་བས་ན། གང་ནས་ཀྱང་མི་འོང་བ་ལ་འགག་པ་ན་
ཡང་ཚོགས་སུ་མི་འགྱུར་བ་སྟེ། དེས་ན་མི་འཇུག་མི་འབྱུང་སྟེ། །བྱེད་པ་མེད་པའི་ཕྱིར་ཆུ་ལ་ཆུ་ཟླ་བཞིན་ཏེ། ཐོག་མ་དང་ཐ་མའི་མཐའ་སྟོང་ཞིང་བར་དུ་རང་བཞིན་གཉིས་ཀྱིས་སྟོང་པ་མི་གཉིས་པའི་ཡེ་ཤེས་ཏེ། གཟུགས་བརྙན་དང་འདྲ་བའི་སྔོན་གྱི་ཡེ་ཤེས་ཀྱི་རང་བཞིན་ནོ་ཞེས་ཐམས་
Vol. 121 · folio 180b
ཅད་མཁྱེན་པས་དགོངས་པའི་དོན་དུ་བརྟག་གོ། །སྒྲའི་དོན་ལ་དོན་རྣམ་པ་དུ་མ་ཡོད་པས་ན་ཁྱད་པར་དུ་དགོངས་པའི་དོན་དུ་ཐམས་ཅད་མཁྱེན་པ་ཉིད་ཚད་མའོ། །ཁོང་དུ་ཆུད་པ་དང་གཟུང་བའི་ཕྱིར་ཐམས་ཅད་མཁྱེན་པས་བསྡུ་བའི་ཚིགས་སུ་བཅད་པ་རྣམས་ཀྱིས་ཆུད་པར་མཛད་པ། སེམས་
ཀྱིས་སུ་ནི་ལས་རྣམས་སོགས། །ཡེ་ཤེས་ཀྱིས་ནི་སོགས་དང་བྲལ། །ཤེས་རབ་ཀྱིས་ཀྱང་སྣང་མེད་པ། །ཞེས་པ་ནི་སེམས་ཀྱིས་བསམས་ཏེ། ལས་གང་དགེ་བ་དང་། མི་དགེ་བ་བྱེད་པ་དེའི་འབྲས་བུ་ཡོད་དོ། །དུས་ཕྱི་ནས་འབྱུང་བའི་ཡེ་ཤེས་ཀྱིས་རྣམ་པ་ཐ་དད་པའི་རྣམ་པ་སྣ་
ཚོགས་པ་དང་བྲལ་བས་དེའི་འབྲས་བུ་ཡོངས་སུ་མི་རྫོགས་སོ། །བདག་དང་གཞན་གྱི་རྒྱུད་ཀྱི་དབང་ལས་གློང་ཞིང་མཉམ་པར་མི་འཇོག་པའི་མ་རིག་པ་དང་། ལས་རྣམ་པར་སྨིན་པའི་མཐུ་ལས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་རྣམ་པ་སྣ་ཚོགས་རྣམ་པར་
ཤེས་པ་ལ་སོ་སོར་སྣང་བ་གང་གི་ཚེ་ན་ཤེས་རབ་ཀྱིས་དཔྱད་དེ། ཤེས་པར་བྱ་བ་གཞིགས་པ་ནི་མི་དམིགས་པ་དེའི་ཚེ་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པ་ཉིད་གནས་སོ། །དེས་ནི་ཐུགས་རྗེའི་བག་ཆགས་ཀྱིས་གླེངས་ཏེ། སྣ་ཚོགས་ཀྱི་རྣམ་པའི་ཡེ་ཤེས་རྣལ་འབྱོར་པ་
རྣམས་ཀྱིས་འཐོབ་པ་ནི་གཞན་གྱི་དོན་དུ་རྫོགས་ལོངས་སྤྱོད་པ་དང་སྤྲུལ་པ་ལ་སོགས་པའི་སྐུའི་མཚན་ཉིད་སྣང་བའོ། །དག་པའི་འཇིག་རྟེན་པའི་ཏིང་ངེ་འཛིན་ལ་བཞུགས་ཏེ། ཐམས་ཅད་མཁྱེན་པ་སྣང་བ་དང་བཅས་པ་ནི་ཕན་པ་མཛད་པར་སྤྱོད་པར་བརྟག་གོ། །སེམས་ནི་ཡུལ་
དང་འབྲེལ་པ་སྟེ། །རྟོག་པ་ལ་ནི་ཡེ་ཤེས་འཇུག །སྣང་བ་མེད་པའི་བྱེ་བྲག་ལ། །ཤེས་རབ་ཡང་དག་རབ་ཏུ་འཇུག །ཅེས་པ་ལ། སེམས་ནི་ལུས་དང་། ལོངས་སྤྱོད་དང་། གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པའོ་ཞེས་འདི་ཉིད་དུ་གསུངས་པ་སྟེ། དེས་ན་ཡུལ་དང་
འབྲེལ་ཏོ། །རྟོག་པ་ལ་ནི་ཤེས་པ་འཇུག །ཅེས་པ་ནི། འཇུག་པའི་རྣམ་པར་ཤེས་པའི་ནང་ནས་ཡིད་ཀྱི་རྣམ་པར་ཤེས་པའོ། །གང་གི་ཚེ་ན་ཡང་དཔྱད་ཅིང་ཡུལ་མི་དམིགས་པ་དེའི་ཚེ་སྣང་བ་མེད་ཅིང་བསམ་པ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པའི་བྱེ་བྲག་ལ་
Vol. 121 · folio 181a
ཤེས་རབ་རབ་ཏུ་འཇུག་གོ། །ཡུལ་མེད་པས་ན་བསམ་པ་མེད་པའི་ཕྱིར་གནས་ཀྱི་རྣམ་པ་དང་བྲལ་བའི་ཡང་དག་པར་རིག་པ་ལ་གནས་སོ། །སེམས་དང་ཡིད་དང་རྣམ་ཤེས་དང་། །ཞེས་པ་ནི། སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། །ངར་སེམས་ཉིད་ནི་ཡིད་ཡིན་
ནོ། །གང་གིས་ཡུལ་རྣམས་འཛིན་པ་ནི། །དེ་ནི་རྣམ་པར་ཤེས་ཞེས་བྱ། །ཞེས་པ་སྟེ། གཞན་གྱི་དབང་ཡུལ་དང་། ཡུལ་ཅན་གྱི་དངོས་པོར་གསལ་བའི་རྣམ་པར་ཤེས་པའོ། །རྟོག་པ་ནི་རྟོག་པ་དང་། བདག་དང་ཕྱི་རོལ་གྱི་རྫས་ལ་སོགས་པའི་ཡུལ་གྱི་འདུ་ཤེས་ཙམ་པ་སྟེ། བརྟགས་པ་
ལ་ནི་ཡུལ་མེད་དེ། །གཞན་གྱི་དབང་ལའོ། །ཉན་ཐོས་རྣམས་ལས་ཁྱད་པར་དུ་ནི་བཙུན་གཙོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཉིད་ཐོབ་པ་སྟེ། གྲུབ་པ་མི་གཉིས་པའི་ཆོས་ཉིད་ཐོབ་པའི་བར་དུའོ། །ཞི་དང་བཟོད་པའི་ཁྱད་པར་ལ། །དེ་བཞིན་གཤེགས་ཀྱི་ཡེ་ཤེས་
དགེ །བྱེ་བྲག་དོན་དུ་དེ་སྐྱེ་སྟེ། །ཀུན་ཏུ་རྒྱུ་བ་རྣམ་པར་སྤངས། །ཞེས་པ་ལ། ཞི་བ་དང་བཟོད་པའི་ཁྱད་པར་ནི་ས་གོང་ནས་གོང་དུ་རྟོགས་པའི་ཁྱད་པར་རོ། །དེ་བཞིན་གཤེགས་ཀྱི་ཞེས་པ་ནི་ཡེ་ཤེས་ཏེ། ས་བཅུའི་དབང་པོ་རྣམས་ཀྱི་ཉོན་མོངས་པ་མེད་པའི་མི་ཤེས་པ་སྤང་བར་བྱ་བ་དེ་བཞིན་
གཤེགས་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་བག་ཆགས་དང་བཅས་པ་རྣམས་སྤངས་པའི་ཕྱིར་རོ། །དེ་ཡང་མཉམ་པར་མི་འཇོག་པའི་མཚན་ཉིད་ཅན་ཏེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་རྣམས་ལ་ཀུན་ཏུ་རྒྱུའོ། །ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པས་ཐམས་ཅད་མཁྱེན་པ་ཉིད་ནི་ཁྱད་པར་ཏེ། དེར་ཡང་སྐྱོན་
ཀུན་ཏུ་རྒྱུ་བ་མེད་པ་ནི་ཡོན་ཏན་ཐམས་ཅད་ཀྱི་ཚོགས་དང་ལྡན་པའི་ཕྱིར་རོ། །ང་ཡི་ཤེས་རབ་རྣམ་གསུམ་སྟེ། །ཞེས་བྱ་བ་ལ་སོགས་པ་ནི་ཐོས་པ་དང་། སེམས་པ་དང་བསྒོམ་པའི་ཕྱིར་ཏེ། དེས་ཆོས་ཀྱི་དེ་ཁོ་ན་ཉིད་ཡང་དག་པར་འགྲེལ་པ་སྟེ་འཐོབ་པའོ། །ཐེག་པ་གཉིས་དང་མི་ལྡན་ཞིང་། །ཞེས་པ་ནི་ཉན་ཐོས་དང་རང་
སངས་རྒྱས་ཀྱི་ཐེག་པ་དང་མི་ལྡན་པ་རྣམས་སོ། །ཤེས་རབ་སྣང་བ་རྣམ་པར་སྤངས། །ཞེས་པ་ནི་བཙུན་གཙོའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ། གང་གི་ཚེ་ཤེས་རབ་ཀྱིས་དཔྱད་ཅིང་ཕྱི་རོལ་གྱི་རྡུལ་ཕྲ་མོ་དང་། ཡན་ལག་ཅན་གྱི་རྫས་ཕྱོགས་ཀྱི་ཆ་ཐ་
Vol. 121 · folio 181b
དད་པར་ཕྱེ་སྟེ་མི་དམིགས་པ་དེའི་ཚེ་སྣང་བ་དང་བཅས་པ་སྤངས་པར་འགྱུར་རོ། །དངོས་པོ་ཡོད་པར་ཆགས་པས་ནི་ཞེས་པ་ནི་ཕྱི་རོལ་གྱི་དོན་མངོན་པར་ཆགས་པས་ཉན་ཐོས་རྣམས་ཀྱི་འབྱུང་བར་འགྱུར་རོ། །སེམས་ཙམ་ལ་ནི་འཇུག་པས་ན། །བདེ་གཤེགས་ཤེས་རབ་དྲི་མ་མེད། །ཅེས་པ་སྟེ།
གང་གི་ཚེ་ཕྱི་རོལ་གྱི་སྦོམ་པོ་དང་། ཕྲ་མོ་དང་། རྡུལ་ཕྲ་མོ་ལས་ཀུན་བརྟགས་པར་དཔྱད་ཅིང་ཕྱོགས་ཀྱི་ཆར་འབྱེད་པས་ཕྱེ་བ་ན་མི་དམིགས་པ་དེའི་ཚེ་རྨི་ལམ་དང་། མིག་འཕྲུལ་དང་། མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པའི་གཟུགས་ལྟ་བུར་འགྲོ་བ་སེམས་ཙམ་དུ་རྟོགས་པར་
འགྱུར་རོ། །དེ་ཡང་ཤེས་རབ་ཀྱིས་མི་དམིགས་ཤིང་ཐོས་པ་དང་། སེམས་པ་ནི་བསྒོམ་པས་རབ་ཏུ་དགའ་བ་ལ་སོགས་པའི་ས་ནས་བརྩམས་ནས་དེ་བཞིན་གཤེགས་པའི་ས་དྲི་མ་མེད་པའི་བར་དུ་ཆོས་དང་གང་ཟག་ལ་བདག་མེད་པར་རབ་ཏུ་རྟོགས་པས་ཏིང་ངེ་འཛིན་ཐོབ་སྟེ། མཆོག་
གི་ཡང་མཆོག་ཏུ་བྱེད་པར་ཕྱེ་བས་ཁྱད་པར་ཐོབ་པོ། །འཕགས་པ་ལང་ཀར་གཤེགས་པའི་ལེའུ་གསུམ་གྱི་བཤད་པ་ལས་ཡེ་ཤེས་ཀྱི་ཁྱད་པར་དཔྱད་པ་བདུན་པའོ།། །།གཞན་ཡང་བློ་གྲོས་ཆེན་པོ་མུ་སྟེགས་འགྱུར་བར་བྱ་བ་རྣམས་ཀྱི་འགྱུར་བར་ལྟ་བ་རྣམ་པ་དགུ་ཡོད་དེ།
འདི་ལྟ་སྟེ། དབྱིབས་འགྱུར་བ་ཞེས་བྱ་བ་ལ་སོགས་པ་སྟེ། གྲངས་ཅན་རྣམས་ནི་གནས་ལས་གཞན་དུ་འགྱུར་བའོ། །དཔྱོད་པ་ཅན་རྣམས་ཀྱི་ནི་ཐ་དད་པ་དང་། ཐ་དད་པ་མེད་པར་འགྱུར་བའོ། །ཀྵ་པ་ན་ཀ་རྣམས་ཀྱི་ནི་བདུན་དུ་འབྱེད་པར་འགྱུར་བ་སྟེ། དེ་དེ་ལྟར་ན་གྲངས་ཀྱིས་
འབྱུང་བ་རྣམ་པ་དགུའོ། །དཔེ་སེར་ནི་འགྱུར་བར་སྨྲ་བ་ཐམས་ཅད་ལ་མཚུངས་སོ། །གསེར་ནི་རྟག་པ་ཞེས་ཏེ། གདུ་བུ་དང་། དཔུང་རྒྱན་དང་། སྤེན་ཏོག་དང་། གཡུང་དྲུང་དང་། མགུལ་འཁོར་ལ་སོགས་པའི་དབྱིབས་ཀྱི་རྒྱན་དུ་ཐ་དད་པར་དབྱེ་བ་ན་ཡང་དེ་ཉིད་རྒྱུན་དུ་འབྱུང་
ངོ་ཞེས་ཏེ། ཐམས་ཅད་མཁྱེན་པས་ཀྱང་དེ་བཞིན་དུ་སྔ་མའི་ཕྱོགས་སུ་གསུངས་པ་ལ་སྐད་ཅིག་ཏུ་འཇིག་པ་ནི་ཕྱི་མའི་ཕྱོགས་ཏེ། གང་ཡོད་པ་དེ་ཐམས་ཅད་སེ་གོལ་གྱི་སྒྲ་དང་། འབབ་ཆུ་ལ་སོགས་པ་བཞིན་དུ་སྐད་ཅིག་པའོ། །རྟག་པ་ནི་མ་སྐྱེས་པས་ནི་མོ་གཤམ་གྱི་བུ་ལ་
Vol. 121 · folio 182a
སོགས་པ་བཞིན་དུ་མེད་དོ། །འོན་ཏེ་གདུ་བུའི་རང་བཞིན་གྱི་གསེར་དངོས་པོ་གཅིག་པའི་ཕྱིར་རྟག་པ་པོ་ཞེ་ན་ནི་སྤེན་ཏོག་ལ་སོགས་པའི་དངོས་པོར་མི་རུང་ངོ་། །སྔ་མའི་རང་བཞིན་ཞིག་ལ་དེ་བཞིན་དུ་ཕྱི་མའི་དངོས་པོར་འབྱུང་ན་གསེར་ཞེས་བྱ་བ་ཇི་ལྟར་ན་རྟག་པ་ཡིན། གང་ཡང་
སེར་པོའི་རྣམ་པར་རྒྱུན་དུ་འབྱུང་བ་ནི་དེར་འདྲ་བའི་སྐད་ཅིག་གཅིག་པ་གཞན་འབྱུང་སྟེ། འབབ་ཆུ་ལྟ་བུ་སྐྲ་དང་ས་ལ་སོགས་པ་བཅད་ནས་ཡང་སྐྱེས་པ་ལྟ་བུར་སོ་སོར་ཤེས་པ་ཡང་འཇུག་པ་ཡིན་གྱི། རྟག་པས་ནི་མ་ཡིན་ནོ། །དབྱིབས་འགྱུར་བ་ནི་ཐམས་ཅད་མཁྱེན་པ་བདག་ཉིད་ཀྱིས་གདུ་
བུ་དང་སྤེན་ཏོག་ལ་སོགས་པའི་དཔེས་བཤད་དོ། །ལྷག་པ་ནི་འོ་མ་དང་། ཆང་ལ་སོགས་པའི་དཔེས་དེ་ཉིད་ཀྱི་ནང་དུ་གཏོགས་པར་མཛད་པའོ། །དེ་ལ་ད་ལྟར་གྱི་དུས་ཀྱི་མུ་སྟེགས་པ་རྣམས་འདིར་ཇི་ལྟ་བུར་འཇུག་པ་དེ་ལྟར་བཤད་པར་བྱའོ། །གང་དག་གིས་བློ་ཡང་ནུབ་པར་གྱུར་
པ་དེ་དག་གི་ཡང་བརྟག་ཅིང་བཤད་པར་བྱ་སྟེ། སྒྲའི་དོན་ནི་དོན་དུ་མ་ཡིན་པས་ན་ཐམས་ཅད་མཁྱེན་པ་ཉིད་དེར་མཁྱེན་ཏོ། །ཁ་ཅིག་ནི་རྒྱུ་ལ་རྟོག་ཅེས་པ་ནི་ཚངས་པ་དང་དབང་པོ་ལ་སོགས་པ་རྣམས་ལས་ས་དང་ཆུ་ལ་སོགས་པའི་གཟུགས་འགྱུར་བ་ནི་གཞན་པ་དང་གཞན་པ་མ་ཡིན་
པར་རྣམ་པར་སྤངས་པའོ། །མཚན་ཉིད་ནི་མཚན་མ་སྟེ་དེ་བཞིན་དུ་འགྱུར་བས་ན་འགྱུར་རོ། །རྒྱུ་ནི་བྱེད་པ་སྟེ་འབྲས་བུ་འབྱུང་བའི་ཚེ་དེ་གཞན་དུ་འགྱུར་བའོ། །སྦྱོར་བས་ན་སྦྱོར་བ་སྟེ། མང་པོ་འདུས་པ་ནི་སྦྱོར་བའོ། །དེ་ལྟ་བུར་གྱུར་པས་དྲི་དང་སྦྱོར་བ་བཞིན་དུ་འགྱུར་བའོ། །ལྟ་བ་ནི་
མཐོང་བ་སྟེ་རྒྱུའི་ཚོགས་ལ་དེ་བཞིན་དུ་ཆུད་པ་འབྱུང་བར་འགྱུར་ཏེ། གྲངས་ཅན་དང་། རིག་སྔགས་འཛིན་པའི་མཐར་སྨྲ་བ་ལ་སོགས་པ་བཞིན་ནོ། །ཡུལ་སྣ་ཚོགས་བདེ་བ་དང་། སྡུག་བསྔལ་བ་ལ་སོགས་པ་ལྟ་བར་བྱེད་པའི་ཆུད་པ་ལ་སྐྱེས་བུས་མཐོང་བ་ཙམ་ནི་ལྟ་བར་འགྱུར་བའོ། །
སྐྱེ་བར་འགྱུར་བ་ནི་སྣང་བ་དང་མི་སྣང་བར་འབྱེད་པས་ཡོད་པ་སྐྱེ་བར་འགྱུར་རོ་ཞེས་གྲངས་ཅན་རྣམས་སོ། །ཡོད་པ་དང་། མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པར་སྣང་བ་དང་། མི་སྣང་བར་འགྱུར་ཞེས་པ་ནི་ཀྵ་པ་ན་ཀ་རྣམས་སོ། །ཐ་དད་པ་དང་། ཐ་དད་པ་མ་
Vol. 121 · folio 182b
ཡིན་པར་སྐྱེ་བར་འགྱུར་ཞེས་པ་ནི་དཔྱོད་པ་ཅན་རྣམས་སོ། །དེ་ལ་གྲངས་ཅན་རྣམས་ཀྱི་ནི་མེད་པ་ནི་མི་སྐྱེ་མེད་པ་ནི་འགག་པར་མི་འགྱུར་ཏེ། གནས་པའི་ཆོས་ཆོས་གཞན་དུ་ལྡོག་པ་དང་། ཆོས་གཞན་དུ་འབྱུང་ངོ་ཞེས་པ་ནི་འགྱུར་བའོ། །ཀྵ་པ་ན་ཀ་རྣམས་ཀྱི་ནི་སྤྱིའི་བདག་ཉིད་དུ་ཡོད་པར་
འགྱུར་བ་ན་ཁྱད་པར་གྱི་བདག་ཉིད་དུ་མེད་པར་འགྱུར་བ་ནི་སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་ཡོད་པ་དང་མེད་པར་འགྱུར་བ་དང་། སྤྱིའི་བདག་ཉིད་དུ་ཡོད་པར་འགྱུར་བ་ཡང་ཁྱད་པར་གྱི་བདག་ཉིད་དུ་སྨྲ་བར་མི་བྱའོ། །ཁྱད་པར་གྱི་བདག་ཉིད་དུ་མེད་པར་འགྱུར་བ་ཡང་སྤྱིའི་བདག་ཉིད་དུ་སྨྲ་བར་
མི་བྱའོ། །སྤྱི་དང་ཁྱད་པར་གྱི་བདག་ཉིད་དུ་ཡོད་པ་དང་། མེད་པར་འགྱུར་བ་ཡང་ཡུལ་དང་། དུས་དང་། རིམ་པ་དང་རྣམ་པ་ལ་ལྟོས་ཏེ་ཅིག་ཅར་སྨྲ་བར་མི་བྱའོ། །དཔྱོད་པ་ཅན་རྣམས་ཀྱི་ནི། ཇི་ལྟར་ཁ་དོག་འདྲེས་པ་ལ། །འདོད་པ་བཞིན་དུ་ཁ་དོག་འཛིན། །དེ་བཞིན་
དངོས་པོ་སྣ་ཚོགས་ཕྱིར། །ཐ་དད་ཐ་དད་མི་དམིགས་པའོ། །ཞེས་པ་ནི་སྣ་ཚོགས་གཅིག་པར་མི་རུང་སྟེ། དེ་བཞིན་དུ་ཡང་བདག་གི་གཟུགས་དང་། གཞན་གྱི་གཟུགས་སུ་དབེན་པ་མེད་པའི་ཕྱིར་གཅིག་པ་དང་དུ་མར་ཡིད་ཆེས་པར་མི་སྲིད་དོ་ཞེས་རྩོད་པ་འདི་ནི་ལན་དུ་མར་
སུན་ཕྱུང་བའོ། །དངོས་པོར་འགྱུར་བ་ཞེས་པ་ལ་དངོས་པོ་ནི་ཡོད་དེ། དེའི་འགྱུར་བ་ལ་ལུང་སྟོན་པ་རྣམས་ཀྱིས་རྟོག་པ་ནི་དེའི་དངོས་པོ་ཁོ་ན་དང་ཉིད་ཅེས་ཏེ། དེ་ཡང་སོ་སོའི་ཚིག་གི་དོན་དང་། ཁམས་ཀྱི་དོན་དུ་སྨྲ་བ་སྟེ། །ཇི་ལྟར། ཧ་རི་འཐོར་བ་ལས་འབྱུང་བ། །དེ་ཡོད་
དེ་ནི་ཆེ་བ་དང་། །བདག་ཉིད་ཁོ་ན་ཉིད་སོགས་སྨྲས། །ཞེས་པའོ། །རྐྱེན་སྣང་བར་བྱེད་པར་འགྱུར་བ་ནི་ཇི་ལྟར་ཤིང་གཙུབས་པ་ལས་མེ་དང་། ཏིལ་རྣམས་ལས་མར་དང་། ཁྲོན་པ་ལས་ཆུའོ་བྱ་བ་སྣང་བར་བྱེད་པའི་འགྱུར་བ་ནི་ཇི་ལྟར་སྦྲུལ་གྱིས་ཟོས་པ་དང་། འདུས་
པས་ཉམས་པ་ལ་སྔགས་དང་། སྨན་ལ་སོགས་པས་སྲོག་སྣང་བར་བྱེད་ཅིང་། དབུགས་འབྱིན་པ་ལ་སོགས་པར་བྱེད་པར་འགྱུར་བའོ། །དེ་དག་དེ་ལྟར་ཐོག་མ་དང་ཐ་མའི་རིམ་པར་ཐ་དད་པར་ཕྱེ་བའི་སྐད་ཅིག་པ་རྣམས་རྒྱུ་རྣམ་པ་སྣ་ཚོགས་ཀྱིས་འབྱུང་བས་ཤིང་དང་ཐལ་བ་ལ་
Vol. 121 · folio 183a
སོགས་པ་བཞིན་དུ་རྣམ་པ་ཐ་དད་པ་རྣམས་ལ་བསླད་པ་རྣམས་ཀྱིས་གཅིག་པར་ཀུན་རྟོག་གོ། །མུ་སྟེགས་བྱེད་དག་གིས་ཞེས་པ་ནི་རྣམ་པ་སྣ་ཚོགས་སུ་སྤྲུལ་པའི་སྒྲའི་དོན་དུ་མར་སྦྱོར་བ་ལ་སོགས་པ་སྟེ། ཇི་ལྟར་གཉེན་དེས་རྣམ་པར་དག་པའི་ཚིག་འདི་སྟེ། གང་ཞེ་ན། བྱང་ཆུབ་
སེམས་དཔའི་ཚིག་ཅེས་བྱ་བ་ལ་སོགས་པའོ། །ཆོས་ཐམས་ཅད་སྟོང་པའོ་ཞེས་པ་ལ་ཁ་ཅིག་གིས་ནི་མི་རྟག་པར་ཁོང་དུ་ཆུད་པར་བྱེད་པའོ། །གཞན་གྱིས་ནི་གཉིས་ཀྱི་རྣམ་པ་དང་བྲལ་བར་རོ། །དེ་བས་ན་འདི་སྐད་དུ་གསུངས་པ། འཇིག་རྟེན་ཕན་པར་དབྱངས་གཅིག་ཁྱོད་ཀྱི་ལས། །མོས་
པ་སྣ་ཚོགས་ལས་ནི་དབྱངས་འབྱུང་སྟེ། །ཞེས་སོ། །ཐམས་ཅད་མཁྱེན་པས་བསྡུ་བའི་ཚིགས་སུ་བཅད་པས་དོན་དམ་པའི་དེ་ཁོ་ན་ཉིད་སྟོན་པར་མཛད་པ། འབྱུང་དང་དངོས་དང་དབང་པོ་དང་། །དུས་དང་དབྱིབས་དང་འགྱུར་བ་དང་། །སྲིད་པ་བར་མ་བསྡུ་བར་ཡང་། །གང་རྟོག་དེ་དག་མི་མཁས་
སོ། །འཇིག་རྟེན་རྟེན་ཅིང་འབྲེལ་འབྱུང་དང་། །རྒྱལ་བ་རྣམ་པར་མི་རྟོག་སྟེ། །འོན་ཀྱང་འཇིག་རྟེན་འདི་དག་ནི། །རྐྱེན་ཉིད་དྲི་ཟའི་གྲོང་ཁྱེར་བཞིན། །ཞེས་པ་སྟེ། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས། ཇི་བཞིན་དུ་གཞན་གྱི་དབང་གི་རང་བཞིན་མེད་པ་དེ་བཞིན་དུ་འཛིན་པ་དང་།
གཟུང་བའི་རྣམ་པ་འབྱུང་བར་མི་རུང་བ་ནི་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པས་སོ་སོར་སྣང་བ་བཞིན་ནོ། །ཡང་དག་པར་རིག་པ་སོ་སོར་སྣང་བ་ཙམ་གྱི་ཕྱིར་དེ་ལ་ཕྱི་རོལ་གྱི་རྣམ་པར་འབྱུང་བ་མེད་དོ། །གལ་ཏེ་གཉིས་ཀྱི་རྣམ་པ་གཞོན་ནུའི་བུ་སྐྱེས་པ་དང་། འཆི་བ་བཞིན་དུ་མ་སྐྱེས་
ན་ནི་དེའི་ཚེ་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་འབྲས་བུར་སྣང་ཞིང་གོང་ནས་གོང་དུ་རྒྱུ་དང་འབྲས་བུའི་དངོས་པོས་ཚོགས་ཡོངས་སུ་བསྐོར་ཞིང་ཇི་ལྟར་ན་འཚང་རྒྱ་ཞེས་པ་དེ་ནི་རྟོག་པ་གཞན་ཞེས་བྱ་བ་སྟེ། སྐྱེས་བུ་ཆེན་པོའི་སྐུ་ལ་སོགས་པའི་མཚན་ཉིད་དུ་སྣང་བ་སངས་རྒྱས་ཁོ་ན་
ཡིན་ཀྱང་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་དེ་ཡང་མ་སྐྱེས་པ་སྟེ། དེ་ཇི་ལྟ་ཞེ་ན། རྟེན་ཅིང་འབྲེལ་ཏེ་འབྱུང་བས་ན་སྐྱེ་བ་ལ་སོགས་པའི་ཆོས་རྣམས་སྐད་ཅིག་གང་ལ་ཡང་ཐ་དད་པ་མེད་དེ། སྔ་མའི་གོང་དུ་འབའ་ཞིག་པ་ནི་རང་བཞིན་བརྗོད་དུ་མེད་ཅིང་རྣམ་པར་
Vol. 121 · folio 183b
རྟོག་པ་མེད་པ་ལ་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པའི་སྐད་ཅིག་པ་ཡང་དག་པར་རིག་པ་རྒྱུན་ཏུ་འབྱུང་ཡང་། རིག་པར་བྱ་བ་དང་། རིག་པ་པོའི་དངོས་པོར་གཉིས་ཀྱི་རྣམ་པར་མྱོང་བ་མེད་དོ། །སེམས་རང་བདག་ལ་དོན་དམ་པའི་བདེན་པར་རྒྱུ་བ་མེད་ན་ཡི་གེ་དང་སྒྲ་རྣམས་སུ་
ཡང་ཅི་སྨོས་ཏེ་དག་པ་འཇིག་རྟེན་པའི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བཞུགས་པ་ན་ཆོས་སྟོན་པ་འབྱུང་ངོ་། །རང་གི་རྣམ་པར་རྟོག་པ་གོམས་པ་འཇུག་ཅེས་བྱ་བ་ནི་རང་གི་རྣམ་པར་རྟོག་པ་ལ་གོམས་པས་འཇུག་གོ་ཞེས་ཐམས་ཅད་མཁྱེན་པས་གསུངས་པ་ལ་ཚིག་སྦྱོར་བར་བྱ་སྟེ། ལན་དུ་
མར་བཤད་པར་བྱའོ། །མུ་སྟེགས་བྱེད་དག་གི་འགྱུར་བ་རེ་རེར་རྣམ་པར་བརྟགས་ཏེ་ཡོད་པ་དང་མེད་པ་ནི་གང་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་ཡོད་པ་འགྱུར་བར་མི་རིགས་ཏེ་ཡོད་པའི་ཕྱིར་རོ། །མེད་པ་དང་དངོས་པོ་མི་ནུས་པའི་ཕྱིར་ཏེ། སྔ་མའི་བཞིན་དུ་བཤད་དོ། །རང་གི་སེམས་སྣང་བ་མ་
གཏོགས་པར་ཕྱི་རོལ་གྱི་དངོས་པོ་རྣམས་རྨི་ལམ་བཞིན་ཏེ། ཕྱི་རོལ་གྱི་སྦོམ་པོ་དང་ཕྲ་མོ་ཕྱོགས་ཀྱི་ཆ་ཐ་དད་པར་བྱ་བ་ན་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་འགྱུར་རོ། །གཉིས་ཀྱི་རྣམ་པར་ཤེས་པ་ལ་རྒྱུ་དང་། འབྲས་བུ་དང་། རྟག་པ་དང་།
མི་རྟག་པ་ལ་སོགས་པར་འགྱུར་བ་ཡོངས་སུ་རྟོག་ན་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་བཞིན་དུ་གཉིས་ཀྱི་རྣམ་པ་རྣམས་མ་སྐྱེས་པས་འཛིན་པ་དང་། གཟུང་བའི་དངོས་པོ་རྟག་པ་དང་། མི་རྟག་པའི་རྣམ་པར་རྟོག་པ་དེར་མི་རུང་ངོ་། །གཉིས་སུ་མེད་པའི་སྐད་ཅིག་མའི་རྒྱུན་བརྗོད་དུ་
མེད་པ་ཡང་ཡེ་ཤེས་ཡང་དག་པར་རིག་པ་ཙམ་གྱི་ཕྱིར་དེར་སྐད་ཅིག་པ་རེ་རེར་རྣམ་པར་རྟོག་པ་མེད་དོ། །དག་པ་འཇིག་རྟེན་པ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལས་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཚོགས་བཤད་པ་འབྱུང་ངོ་ཞེས་དེ་སྐད་དུ་བཤད་པའོ། །དེས་ན་འཇིག་རྟེན་རྒྱང་པན་
པ་ལ་སོགས་པ་གང་དག་སྨྲ་བ་རྣམས་ཀྱིས་འབྱུང་བ་དང་། དབང་པོ་ལ་སོགས་པ་རྣམས་ཀྱི་འགྱུར་བར་རྟོག་པ་དེ་དག་ལ་ཡང་སྲིད་པ་བར་མར་འགྲོ་བའི་ཆོས་གང་ཡང་འཇུག་པའམ་ལྡོག་པ་མེད་དེ། རྨི་ལམ་དང་། མིག་འཕྲུལ་ལ་སོགས་པར་སྣང་བ་བཞིན་དུ་ཡང་དག་པར་
Vol. 121 · folio 184a
རིག་པ་ཙམ་གྱི་ཕྱིར་རོ། །རྣམ་པ་དེ་ལྟ་བུར་འགྲོ་བར་སྣང་བ་ནི་སུ་ཡང་འགྲོ་བ་མེད་ལ། འོང་བ་ཡང་མེད་དེ། ཆུད་པ་སྟོང་པའི་ཕྱིར་རྨི་ལམ་ལྟར་འཁོར་བའི་རིམ་པ་སྣང་བ་འབའ་ཞིག་གོ། །ཕྱི་རོལ་གྱི་དོན་མེད་པས་ན་འགྲོ་བ་ཡང་མེད་དེ། ཇི་ལྟར་ཏིང་ངེ་འཛིན་གྱི་རྒྱལ་པོ་
ལས་འབྱུང་བ། སྲིད་པའི་འགྲོ་ཀུན་རྨི་ལམ་མཚུངས། །སུ་ཡང་སྐྱེ་མེད་འཆི་བ་མེད། །ལས་རྣམས་བྱས་ཀྱང་འཇིག་མི་འགྱུར། །གནག་དཀར་འབྲས་སྨིན་འཁོར་བ་ནའོ། །ཞེས་པ་སྟེ། འཕགས་པ་ལང་ཀར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་བཤད་པ་སྦྱར་བའི་ལེའུ་གསུམ་པ་
ལས་འགྱུར་བ་དཔྱད་པ་བརྒྱད་པའོ།། །།བློ་གྲོས་ཆེན་པོ་ཆོས་ཐམས་ཅད་ཀྱི་སྒྲ་ཇི་བཞིན་དུ་མངོན་པར་ཆགས་པའི་མཚམས་སྦྱོར་བ་ནི་ཚད་མེད་དེ་ཞེས་བྱ་བ་ལ་སོགས་པ་ལ། མཚན་ཉིད་ལ་མངོན་པར་ཆགས་པའི་མཚམས་སྦྱོར་བ་ནི་མཚན་ཉིད་མཚན་མ་སྟེ། ཐ་སྙད་པ་རྣམས་ཀྱི་ཆོས་དང་
ཆོས་ཅན་གྱི་དངོས་པོར་རྟོག་གོ། །རྐྱེན་ལ་མངོན་པར་ཆགས་པའི་མཚམས་སྦྱོར་བ་ཞེས་པ་ལ། རྐྱེན་ནི་ཆུད་པ་སྟེ། ཇི་ལྟ་བུར་ཡིད་ཆེས་པ་དེ་ལྟ་བུར་ཡོད་དོ་ཞེས་ཏེ། ཁ་ཅིག་གིས་མཐོང་བ་ནི་མི་འཐད་པ་མ་ཡིན་ནོ་ཞེས་སོ། །ཡང་ན་བྱེད་པ་སྟེ། འདིས་འདི་ཡོད་དོ་ཞེས་བྱེད་པ་དང་། བྱེད་
པ་པོ་ལ་མངོན་པར་ཆགས་པའོ། །དངོས་པོ་དང་། དངོས་པོ་མེད་པར་མངོན་པར་ཆགས་པའི་མཚམས་སྦྱོར་བ་ནི་གཉིད་ཀྱིས་མ་ལོག་པའི་དུས་ན་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ཡོད་ལ། རྨི་ལམ་གྱི་དུས་ན་མེད་དོ་ཞེས་བྱ་བའི་རྣམ་པར་རྟོག་པ་མངོན་པར་ཆགས་པའོ། །སྐྱེ་བ་དང་མི་སྐྱེ་བ་རྣམ་པར་
རྟོག་པ་ལ་མངོན་པར་ཆགས་པའི་མཚམས་སྦྱོར་བ་ནི་འཁོར་བའི་དངོས་པོ་ལས་ནི་སྐྱེ་ལ། ཚངས་པ་དང་། དབང་པོ་ལ་སོགས་པ་མི་སྐྱེའོ་ཞེས་མུ་སྟེགས་ཅན་རྣམ་པར་རྟོག་གོ། །བདེ་བར་གཤེགས་པ་རྣམས་ཀྱིས་ཡང་ཀུན་རྫོབ་ཀྱི་བདེན་པས་འཇིག་རྟེན་སྐྱེ་ལ། དོན་དམ་པའི་བདེན་པས་
མི་སྐྱེ་ཞེས་མོད་ཀྱི། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྐྱེ་བ་ལ་སོགས་པ་བཞིན་ལུང་ནོད་པ་ལ་སོགས་པས་ཀུན་བརྟགས་པ་མི་རུང་སྟེ། དེས་ན་མི་འབྱུང་བ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་ཏོ། །འགོག་པ་མེད་པ་ལ་མངོན་པར་ཆགས་པ་སོ་
Vol. 121 · folio 184b
སོར་རྣམ་པར་རྟོག་པའི་མཚམས་སྦྱོར་བ་ནི། འགོག་པ་ལ་སོགས་པ་ཡང་སྐད་ཅིག་མ་གཏོགས་པར་ཡོད་པ་མ་ཡིན་ནོ། །རྟག་པ་ནི་མ་སྐྱེས་པས་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །མེད་པ་སྟེ་ལོག་པ་ལ་མངོན་པར་ཆགས་ནས་མུ་སྟེགས་ཅན་རྣམས་ཀྱིས་རྟག་པར་རྣམ་པར་རྟོག་
པའོ། །ཐེག་པ་དང་ཐེག་པ་མ་ཡིན་པ་ལ་མངོན་པར་ཆགས་པས་སོ་སོར་རྣམ་པར་རྟོག་པའི་མཚམས་སྦྱོར་བ་ནི་མུ་སྟེགས་བྱེད་རྣམས་ཀྱི་བརྟུལ་ཞུགས་དང་། བསམ་གཏན་ལ་སོགས་པ་ཐར་པའི་ཕྱིར་འདི་ནི་ཐེག་པའོ། །འདི་ནི་ཐེག་པ་མ་ཡིན་ནོ་ཞེས་རྣམ་པ་མང་པོར་རྟོག་གོ། །འདུས་
བྱས་དང་འདུས་མ་བྱས་པར་སོ་སོར་རྣམ་པར་རྟོག་པ་ལ་མངོན་པར་ཆགས་པའི་མཚམས་སྦྱོར་བ་ནི་གཞན་གྱི་དབང་སྐད་ཅིག་པའི་རྒྱུན་གྱི་རང་བཞིན་རྨི་ལམ་དང་། མིག་འཕྲུལ་ལ་སོགས་པ་ལྟ་བུར་འགྲོ་བ་འདི་ནི་འདུས་བྱས་སོ། །ལ་ལས་ནི་གྲུབ་པ་ཡང་དག་པར་རིག་པ་མེད་ཅིང་སྐད་ཅིག་པ་མ་ཡིན་
པར་འདུས་མ་བྱས་པར་ཡོངས་སུ་རྟོག་གོ། །ལ་ལས་ནི་དངོས་པོ་མེད་པའི་གཟུགས་འདུས་མ་བྱས་པ་བྱས་པའོ་ཞེས་དོན་དམ་པའི་བདེན་པར་རྟོག་སྟེ། དེ་འདི་ནི་རྟག་པ་འང་མ་ཡིན་ལ་དངོས་པོ་མེད་པའང་མ་ཡིན་ནོ། །ཇི་ལྟར་དགོངས་པ་ངེས་པའི་དོན་གྱི་མདོ་སྡེ་དགོངས་པ་ངེས་པར་འགྲེལ་
པ་ལས། རིགས་ཀྱི་བུ་འདུས་བྱས་དང་། འདུས་མ་བྱས་ཞེས་བྱ་བའི་ཚིག་དེ་ནི་སྟོན་པས་བརྟགས་པའོ་ཞེས་པ་སྟེ་འདུས་བྱས་པའམ་འདུས་མ་བྱས་པར་ཐ་སྙད་དོ། །དབང་པོ་ལ་སོགས་པ་སུས་ཀྱང་དེ་མ་བྱས་པས་ན་དེས་ན་འདུས་མ་བྱས་པ་སྟེ། ཆོས་ཀྱི་ཆོས་ཉིད་དེ་བཞིན་ཉིད་རང་བཞིན་གྱིས་
འོད་གསལ་བ། ཡང་དག་པར་རིག་པའི་ཆོས་ཉིད་ཡོངས་ཀྱིས་གནས་པ་དེ་ནི་སྐད་ཅིག་པའི་རྒྱུན་དུ་འདུས་བྱས་པ་བརྗོད་དུ་མེད་པའི་མི་གཉིས་པའི་ཡེ་ཤེས་ཀྱི་རང་བཞིན་དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་ཆོས་ཉིད་དུ་མཚམས་སྦྱོར་བའོ། །ས་དང་སའི་མཚན་ཉིད་རང་གི་རྣམ་པར་
རྟོག་པ་ལ་མངོན་པར་ཆགས་པའི་མཚམས་སྦྱོར་བ་ནི་རྣལ་འབྱོར་པ་རྣམས་ལ་རང་གི་མཚན་ཉིད་ཐ་དད་པས་ཐ་དད་པའི་ཕྱིར་བདག་དང་གཞན་གྱི་དོན་དུ་སྣང་བ་དང་བཅས་པ་དང་། སྣང་བ་མེད་པའི་ཏིང་ངེ་འཛིན་གྱི་ཁྱད་པར་རྣམས་འབྱུང་བར་འགྱུར་རོ། །རང་གི་རྣམ་པར་རྟོག་པ་མངོན་
Vol. 121 · folio 185a
པར་རྟོགས་པའི་མཚམས་སྦྱོར་བ་ནི་སེམས་ཅན་རྣམས་ཀྱི་རྟོག་པ་སྣ་ཚོགས་ཇི་བཞིན་པ་དེ་བཞིན་དུ་སྒྲའི་དོན་རྣམས་ཀྱི་དོན་དུ་མཚམས་སྦྱོར་བའོ། །ཡོད་པ་དང་མེད་པའི་མཚམས་སྦྱོར་བ་ནི་ཅུང་ཟད་ཅིག་འགའ་ཞིག་ལ་ཡོད་པ་དང་། དེ་ཅུང་ཟད་ཅིག་མེད་པ་ཞེས་ཏེ། ཇི་ལྟར་སྨྲ་བ་པོ་
རྣམས་ལ་གཉིས་པ་དང་། མི་གཉིས་པར་འབྱེད་པར་ཡོད་པ་དང་མེད་པ་ཞེས་བྱ་བ་ཡང་དག་པ་ཉིད་དོ། །ཇི་ལྟར་གཉིས་སུ་སྨྲ་བ་པོ་རྣམས་ལ་རྨི་ལམ་གྱི་དུས་ན་ནི་གཟུགས་མེད། གཉིད་མ་ལོག་པའི་དུས་ན་ནི་ཡོད་དོ་ཞེས་སོ། །མི་གཉིས་པར་སྨྲ་བ་པོ་རྣམས་ལ་ཆུད་པ་ནི་ཡོད་དོ། །ཆུད་པར་བྱ་བ་ནི་མེད་
དོ་ཞེས་འདི་ནི་ཡོད། འདི་ནི་མེད་དོ་ཞེས་སྨྲ་བ་པོ་རྣམས་ཀྱི་རྣམ་པར་རྟོག་པ་རྣམ་པ་མང་པོས་བྱིས་པ་རྣམས་ལ་ཡང་ཡོད་པ་དང་མེད་པ་ལ་སོགས་པར་རྣམ་པར་རྟོག་པའི་མཚམས་སྦྱོར་བའི་ཐ་སྙད་དོ། །གཉིས་སུ་སྨྲ་བའི་རྣལ་འབྱོར་པ་རྣམས་ཀྱང་ཕྱི་རོལ་གྱི་གཟུགས་ལ་སོགས་པ་མི་རྟག་པ་དང་། སྡུག་བསྔལ་
བ་དང་། མི་མཛེས་པའི་ཡུལ་ཡོད་དོ་ཞེས་མངོན་པར་ཆགས་པའོ། །དེའི་ཆུད་པ་ཀུན་དུ་འཁྲུགས་ནས་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་གཟུགས་ལ་སོགས་པ་སྣ་ཚོགས་ཐ་དད་པ་རྣམས་སོ་སོར་སྣང་ངོ་། །ནམ་ཤེས་རབ་ཀྱིས་དཔྱད་དེ། སྦོམ་པོ་དང་། ཕྲ་མོ་རྣམ་པར་གཞིག་
ཅིང་མི་དམིགས་པ་དེ་ནི་མི་གཉིས་པར་སྨྲ་བ་རྣམས་ཀྱིས་གཉིས་ཀྱི་རྣམ་པར་སྟོང་པར་ཆུད་ཅིང་ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་དང་བྲལ་བ་བསམ་པ་མེད་ཅིང་སྣང་བ་མེད་པ། དོན་དམ་པའི་བདེན་པ་ཡང་དག་པར་རིག་པ་གནས་སོ། །ཁ་ཅིག་གིས་ནི་སྐྱེས་པས་ན་རྨི་ལམ་དང་མིག་འཕྲུལ་ལ་
སོགས་པ་རང་བཞིན་དུ་མེད་དོ་ཞེས་སྨྲ་བ་སྟེ། སྣ་ཚོགས་ཀྱི་རྣམས་ལ་ནི་རྨི་ལམ་ལ་སོགས་པའི་ཤེས་པ་ལྟ་བུ་ནི་གཅིག་པར་མི་རིགས་སོ། །མི་གཉིས་པ་ལ་ནི་གནོད་པ་མེད་པས་ན་རང་བཞིན་གཅིག་ཅིང་ཡང་དག་པར་རིག་པ་གྲུབ་པ་དོན་དམ་པའི་བདེན་པའོ་ཞེས་བཤད་པར་བྱ་བ་མང་པོ་ལ་ནི་ལན་
དུ་མར་བསྟན་པ་ཡིན་ནོ། །ཐེག་པ་གསུམ་དང་། ཐེག་པ་གཅིག་ཏུ་མཚམས་སྦྱོར་བ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པའི་རང་བཞིན་རྣམ་པར་ཤེས་ནས་འདོད་ཆགས་དང་བྲལ་བར་འགྱུར་ཏེ། བྲལ་ནས་ཀྱང་འཁོར་བར་རྒྱུན་འབྲེལ་པའི་ལས་མི་བྱེད་དོ། །དེས་ན་ཞི་བ་ཕྱོགས་
Vol. 121 · folio 185b
གཅིག་ཏུ་འདོད་ཆགས་དང་བྲལ་བར་གནས་ཏེ། དེ་དེ་ལྟར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གཉིས་སུ་གདགས་སོ། །སྙིང་རྗེའི་བག་ཆགས་ཀྱིས་སད་དེ། བག་ཆགས་དང་བཅས་པ་ཉོན་མོངས་པ་མེད་པའི་མི་ཤེས་པའི་མཉམ་པར་མི་འཇོག་པ་ལ་སོགས་པ་ཉེས་པ་སྤངས་ཏེ་ཕན་པ་ཐམས་ཅད་
སྤྱོད་པ་ཐམས་ཅད་མཁྱེན་ཅིང་སངས་རྒྱས་ཉིད་ནི་ཐེག་པ་གསུམ་མོ། །དེ་དེ་ལྟར་མཚམས་སྦྱོར་བ་ཐ་དད་པ་ནི་མཐའ་མེད་པ་སྟེ། སེམས་ཅན་གྱི་བསམ་པའི་སྒྲའི་དོན་ཐ་སྙད་དུའོ། །འཕགས་པ་འཇམ་དཔལ་གྱིས་བསྟན་པ། ཆོས་ཐམས་ཅད་མི་འཇུག་པར་བཤད་པ་ལས་ཀློག་པ་ནི་
སངས་རྒྱས་ཀྱི་ཆོས་ལ་མོས་པ་མེད་པའི་འདོད་ཆགས་དང་བྲལ་བ་འཆི་བའི་དུས་ན་སེམས་ཅན་དམྱལ་བར་སྐྱེ་བ་མཐོང་ངོ་ཞེས་པ་དང་། བཟོད་པ་ཐོབ་ན་ངན་སོང་འགྲོ་བ་མེད། །ཅེ་ན། དེ་ཇི་ལྟ་བུར་འགྱུར། དེར་ནི་མཚམས་སྦྱོར་བ་དགོངས་པའི་དོན་བརྟགས་ཏེ། ཕྱི་རོལ་པ་འདོད་པའི་འདོད་
ཆགས་དང་བྲལ་བ་ཆོས་དང་གང་ཟག་ལ་བདག་མེད་པ་ལ་མོས་པ་མེད་པ་རྣམས་ལ་དེ་སྐད་དུ་གསུངས་སོ། །གང་དག་ལ་སྙིང་རྗེའི་ས་བོན་ཡོད་པ་དེ་དག་ནི་འཇམ་དཔལ་སངས་རྒྱས་སུ་གཟུད་པར་ནུས་སོ། །ཆོས་བཅུ་པ་ལས། དེ་བཞིན་གཤེགས་པ་ལ་ཕན་པའི་རིགས་ཀྱི་བུ་ལྷས་བྱིན་
རྣམ་པར་ཐར་པ་ཐོབ་པས་སྤྲུལ་པ་སྟོན་པ་དང་། གང་དེ་བཞིན་གཤེགས་པ་ལ་གནོད་པ་དེའི་འགྲོ་བ་དེ་ལྟ་བུའོ་ཞེས་སྨྲ་བར་བྱེད་དོ། །ཞི་བ་ཕྱོགས་གཅིག་གིས་འདོད་ཆགས་དང་བྲལ་བ་གནས་སོ་ཞེས་པ་དེས་ན་མདོ་སྡེ་རྣམས་སུ་མཚམས་སྦྱོར་བ་ཐ་དད་པ་མཐའ་མེད་དེ། ཇི་ལྟར་གཙུག་
ཏོར་གྱི་སྔགས་ཀྱིས་ཡུངས་ཀར་ལ་སོགས་པ་ལ་སྔགས་བཏབ་སྟེ། ཤི་བའི་ལུས་ལ་གཏོར་ན་མཐོ་རིས་སུ་སྐྱེའོ་ཞེས་དེར་དེའི་སྨོན་ལམ་གྱི་བསོད་ནམས་སུ་བཏབ་པ་སྟེ། སྔགས་བརྗོད་པས་ལྷའི་ཡོན་ཏན་རྗེས་སུ་དྲན་པའི་བསོད་ནམས་ཏེ། ཡོན་ཏན་འབྱུང་བར་འགྱུར་བས་ཐམས་
ཅད་དུ་སྡིག་པ་ཟད་པར་འགྱུར་རོ། །དེ་དེ་ལྟར་དམ་པའི་ཆོས་ཀྱི་མཚམས་སྦྱོར་བ་མཐའ་མེད་དོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་མཚམས་སྦྱོར་བ་དེ་དག་ལ་མཚམས་སྦྱོར་ནས་དངོས་པོ་དང་དངོས་པོ་མེད་པའི་མཚམས་སྦྱོར་བའི་མཚན་ཉིད་ལ་མངོན་པར་ཆགས་ཤིང་ཞེན་པས་སོ་སོར་
Vol. 121 · folio 186a
སྣང་བ་རྟོག་ཅིང་། དར་གྱི་སྲིན་བུ་བཞིན་དུ་རང་གི་རྣམ་པར་རྟོག་པའི་ལྟ་བ་མཚམས་སྦྱོར་བ་འདོད་པའི་ཕྱིར་རང་གི་རྣམ་པར་རྟོག་པའི་ལྟ་བ་མཚམས་སྦྱོར་བའི་སྐུད་པས་བདག་དང་གཞན་ལ་ཡོངས་སུ་འཁྲིའོ་ཞེས་པ་ནི་བདག་དང་གཞན་གྱི་རྒྱུད་ཀྱི་དབང་དང་། མཉམ་པར་མི་
འཇོག་པའི་མ་རིག་པ་རྟག་པ་དང་། བདག་དང་། གཅིག་པ་དང་། དུ་མ་དང་། ཕྱི་རོལ་གྱི་བར་རྣམ་པ་སྣ་ཚོགས་སུ་མངོན་པར་ཞེན་པའི་རང་གི་ལས་ཀྱི་སྐུད་པས་དར་གྱི་སྲིན་བུ་བཞིན་དུ་དཀྲིས་པའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དངོས་པོ་དང་། དངོས་པོ་མེད་པས་མངོན་པར་ཆགས་པས་ཞེན་ཅིང་།
རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་པས་སྡུག་བསྔལ་མྱོང་བ་ཡིན་ནོ། །གང་གི་ཚེ་ན་ཡང་ཤེས་རབ་ཀྱིས་དཔྱད་དེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པར་ཤེས་པ་དེའི་ཚེ་དབེན་པ་མཐོང་བས་སྡུག་བསྔལ་ལྡོག་གོ་ཞེས་ཐམས་ཅད་མཁྱེན་
པས་སྟོན་པར་མཛད་པས་ན། བློ་གྲོས་ཆེན་པོ་ཆོས་ཐམས་ཅད་རབ་ཏུ་དབེན་པར་མཐོང་བས་འདི་ལ་མཚམས་སྦྱོར་བ་དང་། མཚམས་སྦྱོར་བའི་མཚན་ཉིད་གང་ཡང་མེད་དོ་ཞེས་བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་མི་འཇུག་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་དབེན་
པར་ལྟ་ཞིང་གནས་སོ་ཞེས་པ་སྟེ། རང་བཞིན་གྱིས་གསལ་བའི་ཆུད་པའི་ཆོས་ཐམས་ཅད་ལ་འཛིན་པ་དང་། གཟུང་བའི་རྣམ་པར་དབེན་པར་མཐོང་བའི་ཕྱིར་རིན་པོ་ཆེ་དང་། གསེར་ལ་སོགས་པ་དབེན་པ་བཞིན་དུ་གློ་བུར་གྱི་ཉེས་པ་ཡོངས་སུ་ཟད་ནས་དངོས་པོ་དང་། དངོས་པོ་མེད་པའི་
རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་དྲི་མ་མེད་པ་ཁོ་ན་སྟེ། དེས་ན་བྱང་ཆུབ་སེམས་དཔའ་རྣམས་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་མཐོང་བར་འགྱུར་རོ། །གཞན་ཡང་བློ་གྲོས་ཆེན་པོ་ཕྱི་རོལ་གྱི་དངོས་པོ་དངོས་པོ་
མེད་པར་རང་གི་སེམས་སྣང་བའི་མཚན་ཉིད་ཁོང་དུ་ཆུད་ཅིང་། སྣང་བ་མེད་པ་རང་གི་སེམས་ཙམ་གྱི་རྗེས་སུ་འབྲང་བ་དང་། ཡོད་པ་དང་མེད་པའི་དངོས་པོ་ཐམས་ཅད་ལ་རྣམ་པར་རྟོག་པའི་མཚམས་སྦྱོར་བ་རབ་ཏུ་དབེན་པར་མཐོང་བས་ཆོས་ཐམས་ཅད་ལ་མཚམས་སྦྱོར་བ་ཡང་མེད།
Vol. 121 · folio 186b
མཚམས་སྦྱོར་བའི་མཚན་ཉིད་ཀྱང་མེད་དོ། །བློ་གྲོས་ཆེན་པོ་འདི་ལ་ཡང་འཆིང་བ་ཡང་མེད་འགྲོལ་བ་ཡང་མེད་དེ། གཞན་དུ་ན་ལོག་པར་ལྟུང་བའི་བློས་བཅིངས་པ་དང་། ཐར་པར་ཤེས་སོ་ཞེས་པ་ནི་ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་ཅེས་བྱ་བའམ། ལན་མང་པོར་བསྟན་པ་ཡིན་ཏེ། མདོ་སྡེ་གཞན་
དག་ལས་ནི་ཕུང་པོར་མི་གནས་པ་དང་། རྣམ་པར་འཇིག་པ་མེད་པའི་ཕྱིར་ཞེས་བྱའོ། །དམ་པའི་ཆོས་ཐམས་ཅད་ཀྱི་འགྲེལ་པར་བཤད་པ་ནི། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་མེད་པ་སྟེ། །ཞེས་སོ། །ཇི་ལྟར་ཁྱད་པར་ཅན་ལ་སོགས་པས་ཡན་ལག་ཅན་གྱི་རྫས་ཀུན་
བརྟགས་པ་བཙོས་པ་དང་། མ་བཙོས་པ་དང་། བསྒུལ་བ་དང་མ་བསྒུལ་བ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་ལ་སོགས་པར་ཐ་དད་པར་དབྱེ་བ་ནི་གཅིག་པར་མི་རུང་བ་ནི་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་ནོ། །ཉན་ཐོས་ཀྱི་ཐེག་པ་རྡུལ་ཕྲ་མོ་རྣམས་ལས་ཆ་མེད་པར་ཀུན་བརྟགས་པ་
དང་། བླ་འོག་ཏུ་ཆགས་པར་མི་རུང་སྟེ། སེམས་དང་སེམས་ལས་བྱུང་བ་བཞིན་ནོ། །གང་གི་ཚེ་ན་ཡང་དེ་ལྟར་རང་གི་སེམས་ཙམ་ཁོང་དུ་མ་ཆུད་པའི་ཕྱིར་འཁོར་བ་ནི་མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་སྣ་ཚོགས་ཐ་དད་པའི་རྣམ་པར་སོ་སོར་སྣང་བ་སྟེ། ནམ་ཤེས་
རབ་ཀྱིས་དཔྱད་དེ་མི་དམིགས་པ་དེའི་ཚེ་ན་མཚམས་སྦྱོར་བ་དང་། མཚམས་མི་སྦྱོར་བ་གང་ཡང་མེད་དེ། སྣང་བ་མེད་པའི་ཡེ་ཤེས་ལ་འཆིང་བ་ཡང་མེད་འགྲོལ་བ་ཡང་མེད་དོ། །ཡོད་པ་དང་མེད་པའི་རྣམ་པར་རྟོག་པ་ལས་གཉིས་ཀྱི་རྣམ་པའི་ཤེས་པ་ལ་འཆིང་བ་དང་འགྲོལ་བ་སོ་སོར་
སྣང་བའི་རྣམ་པར་རྟོག་པ་རབ་ཏུ་འབྱུང་ངོ་། །བསམ་པ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པ་བརྗོད་དུ་མེད་པ་རང་གི་རིག་པའི་མཚན་ཉིད་ཀྱི་རྒྱུན་ལ་ནི་རྣམ་པར་རྟོག་པ་མེད་ན་ཤེས་པར་བྱ་བའི་རྣམ་པ་འཛིན་པར་འགྱུར་བ་ལྟ་ག་ལ་ཞིག །དག་པ་འཇིག་རྟེན་
པའི་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བཞུགས་པ་ན། ཐམས་ཅད་མཁྱེན་པའི་ཆོས་སྟོང་པ་ཡང་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ལ་ཡོད་པ་དང་། མེད་པ་ལས་མཚམས་སྦྱོར་བ་མི་དམིགས་པའི་ཕྱིར་རོ་ཞེས་པ་ནི་གཉིས་ཀ་ཡང་ཡོད་པར་དུས་
Vol. 121 · folio 187a
མཚུངས་པའི་ཕྱིར་ཡུལ་དང་ཡུལ་ཅན་གྱི་དངོས་པོ་མེད་པ་དང་། ཕན་པ་དང་ཕན་པར་བྱ་བའི་དངོས་པོ་མེད་པའི་ཕྱིར་མི་དམིགས་པ་སྟེ། དེས་ན་ཡོད་པ་མི་དམིགས་སོ། །མེད་པ་ཡང་ཅི་ལ་མི་དམིགས་ཏེ་ཡུལ་མེད་པའི་ཕྱིར་རོ། །སྔ་མའི་འོག་ཏུ་ཤེས་པ་འབའ་ཞིག་སྟེ། མགོ་འཁོར་
བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་སྣ་ཚོགས་ཐ་དད་པའི་རྣམ་པ་ལ་དམིགས་པ་ཡིན་གྱི། དེར་ཕྱི་རོལ་གྱི་དོན་ཡོད་པ་ལ་དམིགས་པ་མ་ཡིན་ནོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་དུ་རྗེས་སུ་དཔག་གོ། །ཡོད་པ་དང་མེད་པའི་སྐད་ཅིག་པ་མི་དམིགས་པས་ན་རྟག་པ་ཡང་ཡུལ་
དང་། ཡུལ་ཅན་གྱི་དངོས་པོར་མི་རུང་བ་ནི་བདེ་བླག་སྟེ། རང་བཞིན་ལ་ཁྱད་པར་དུ་བྱ་བ་མེད་པའི་ཕྱིར་རོ། །སྐྱེ་བའི་ཡུལ་འབྱུང་བ་དང་། འཛིན་པའི་ལྟ་བ་པོ་བདག་གི་ཁྱད་པར་ཡུལ་འཛིན་པ་སྟེ་འབྱུང་བ་མེད་དོ། །དེས་ན་སྐད་ཅིག་པ་ཡོད་པ་དང་། སྐད་ཅིག་པ་མེད་པ་མ་ཡིན་པ་ལས་
ཀྱང་མི་དམིགས་སོ། །གཞན་ཡང་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་མཚམས་སྦྱོར་བ་རྣམ་པ་གསུམ་མོ། །དེ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡིན་ཏེ། དགའ་བའི་འདོད་ཆགས་དང་ལྡན་པ་ཡང་སྲིད་པ་ཅན་གྱི་སྲེད་པ་དང་ཞེས་པ་ནི་འདོད་ཆགས་དེ་ཉིད་ཀྱི་ནང་
དུ་གཏོགས་པར་གསུངས་པ། དགའ་བའི་འདོད་ཆགས་དང་ལྡན་པ་ཞེས་ཏེ། སྲེད་པ་དང་། འདོད་ཆགས་གཉིས་ཀ་ཡང་ཆགས་པའི་མཚན་ཉིད་ཀྱི་ཕྱིར་རོ། །གཏི་མུག་ཐོག་མར་བྱས་ནས་འདོད་ཆགས་དང་ཞེ་སྡང་འབྱུང་སྟེ། རྨོངས་པ་མེད་ན་གཞན་དུ་མི་སྐྱེའོ་ཞེས་བྱ་བའི་ཕྱིར་རོ། །
རྟག་པ་དང་བདག་ཏུ་ཆགས་ཤིང་བསླད་པ་ནི་གཏི་མུག་གོ། །དེ་དག་ལས་འགྲོ་བ་རྣམས་ཀྱི་མཚམས་སྦྱོར་བ་འབྱུང་ངོ་། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་མཚམས་སྦྱོར་བ་ལས་འགྲོ་བ་ལྔར་མཚམས་སྦྱོར་བར་འགྱུར་རོ། །ཉོན་མོངས་པ་རྣམས་ཀྱི་མཚམས་སྦྱོར་བ་ཆད་
ནས་ནི་སྲིད་པའི་མཚམས་སྦྱོར་བ་མེད་པར་འགྱུར་རོ། །གཞན་ཡང་བློ་གྲོས་ཆེན་པོ་གསུམ་འདུས་པའི་ཞེས་བྱ་བ་ལ་སོགས་པ་ནི་མ་རིག་པ་དང་། སྲེད་པ་དང་། ལེན་པ་དང་གསུམ་འདུས་པ་ལས་སྲིད་པའི་མཚམས་སྦྱོར་བར་འགྱུར་རོ། །མ་རིག་པ་ལ་སོགས་པ་བཟློག་པ་ནི་སྲིད་པ་ཡང་
Vol. 121 · folio 187b
ལྡོག་གོ། །བཙུན་གཙོ་འཕགས་པ་བྱམས་པའི་ལུགས་ནི་རྣམ་པར་ཐར་པ་གསུམ་མཐོང་བའི་ཕྱིར་ཏེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པ་དང་ལྡན་པ་ནས་མཚམས་སྦྱོར་བ་ཐམས་ཅད་ལྡོག་གོ་ཞེས་སོ། །འཛིན་ཅིང་འཆང་བ་དང་། བདེ་བར་ཁོང་དུ་ཆུད་པའི་དོན་
དུ་བསྡུ་བའི་ཚིགས་བཅད་ཀྱི་དོན་གསུངས་པ། ཡང་དག་མ་ཡིན་ཡོངས་རྟོག་ནི། །མཚམས་སྦྱོར་མཚན་ཉིད་ཅེས་བྱ་སྟེ། །དེ་ནི་ཡང་དག་ཡོངས་ཤེས་ན། །མཚམས་སྦྱོར་བ་ཡི་དྲ་བ་འཆང་། །ཞེས་པ་ནི་གཙུན་གཙོ་འཕགས་པ་བྱམས་པས་དབུས་དང་མཐའ་རྣམ་པར་འབྱེད་པར་བཤད་
པ་འདིར་རིག་པར་བྱ་སྟེ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེས་ན་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་དེ་ན་ཡོད། །དེ་ན་ཡང་ནི་དེ་ཡོད་དོ། །ཞེས་པ་སྟེ། སེམས་དང་སེམས་ལས་བྱུང་བ་རྣམས་ལས་གཉིས་ཀྱི་རྣམ་
པའོ། །འོ་ན་སྟོང་པ་ཉིད་མེད་ཅེས་པ་དང་། དེས་ན་གཉིས་ཀྱི་རྣམ་པ་དང་བྲལ་བ་ཉིད་ཡོད་དོ། །ཇི་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་མི་ཤེས་པ་ཞེས་པ་དང་། གཉིས་ཀྱི་རྣམ་པ་དང་བྲལ་བ་ཉིད་དེ་ལ་ཡང་མཉམ་པར་མི་འཇོག་པ་མ་རིག་པའི་ཐོག་མ་མེད་པའི་བག་ཆགས་ཀྱིས་གཡེངས་པའི་
ཡང་དག་མ་ཡིན་ཀུན་རྟོག་ཡོད། འཛིན་པ་དང་གཟུང་བའི་རྣམ་པར་རྟོག་པ་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་ན་སྤོང་བར་འགྱུར་ཞེས་པ་དང་། དེ་ནི་ཡང་དག་ཡོངས་ཤེས་ན། །མཚམས་སྦྱོར་བ་ཡི་དྲ་བ་འཆང་། །ཞེས་ཐམས་ཅད་མཁྱེན་པས་གསུངས་པའོ། །ཡང་དག་ཅེས་བྱ་བ་
དེས་ཅི་ཞིག་ཅེ་ན། བཙུན་གཙོ་འཕགས་པ་བྱམས་པས་བཤད་པ་ལྟ་བུ་སྟེ། དམིགས་པ་ལ་ནི་གནས་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་པའོ། །ཐམས་ཅད་མཁྱེན་པས་ཀྱང་འདིར་སྟོན་པར་མཛད་པ། ཕྱི་ཡི་དངོས་པོ་བསལ་ནས་སུ། །ཤེས་པ་ཙམ་ལ་འཇུག་པ་ནི། །འདི་ནི་
དབུ་མའི་ནན་ཏན་དུ། །ང་དང་གཞན་གྱིས་བསྟན་པའོ། །ཞེས་སོ། །བཙུན་གཙོ་འཕགས་པ་བྱམས་པས་བཤད་པ་ནི་འཕགས་པ་ལང་ཀར་གཤེགས་པ་དང་། དགོངས་པ་ངེས་པར་འགྲེལ་པའི་ལུགས་སོ། །དངོས་པོར་ཤེས་པའི་སྒྲ་འཛིན་པས། །ཇི་ལྟར་དར་གྱི་སྲིན་བུ་བཞིན། །བྱིས་
Vol. 121 · folio 188a
པ་མཚམས་སྦྱོར་མི་མཁས་པ། །རང་གི་རྣམ་པར་རྟོག་པས་འཆིང་། །ཞེས་པ་ནི་རང་གི་སེམས་མཉམ་པར་མི་འཇོག་པའི་མ་རིག་པས་རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་པའི་རྣམ་པར་རྟོག་པ་རྣམས་ཀྱིས་བྱིས་པ་རྣམས་སྲིད་པར་འཆིང་བར་
འགྱུར་རོ། །མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། སྟོང་པ་ཡོངས་སུ་ཤེས་པས་གྲོལ་ལོ། །ཡང་བློ་གྲོས་ཆེན་པོས་གསོལ་པ། གང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་རྣམ་པར་རྟོག་པ་གང་དང་གང་གིས་དངོས་པོ་གང་དང་གང་རྣམ་པར་བརྟགས་པ་དེ་དག་ནི་ཀུན་བརྟགས་
པ་ཉིད་དེ། དེ་དག་ལ་ཡང་རང་བཞིན་མེད་དོ་ཞེས་བཀའ་སྩལ་པ། བཅོམ་ལྡན་འདས་དེ་གལ་ཏེ་ཀུན་བརྟགས་པ་ཉིད་ལགས་ཏེ་དངོས་པོའི་རང་བཞིན་གྱི་མཚན་ཉིད་མི་རིག་ན། བཅོམ་ལྡན་འདས་དེ་སྐད་དུ་བཀའ་སྩལ་པ། ཆོས་ཐམས་ཅད་ཀུན་ཏུ་བརྟགས་པའི་རང་བཞིན་དུ་གྱུར་པས་ཀུན་
ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་ཡང་མ་མཆིས་པར་ཡང་འགྱུར་རོ་ཞེས་པ་ནི་སྒྲ་དང་དོན་དུ་སྒྲོ་བཏགས་པའི་རྣམ་པར་དོན་དམ་པའི་རྟོག་པ་སྟེ་ཞེས་བློ་གྲོས་ཆེན་པོས་གསོལ་པར་ཐུགས་དོགས་ནས་ལན་དུ་གསུངས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་
གྲོས་ཆེན་པོ་དེ་དེ་བཞིན་ཏེ། ཇི་ལྟར་སྨྲས་པ་བཞིན་ནོ། །བློ་གྲོས་ཆེན་པོ་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་དངོས་པོའི་རང་བཞིན་རྣམ་པར་བརྟགས་པ་དེ་ལྟ་བུ་ནི་མ་ཡིན་ནོ། །དེ་ནི་ཀུན་ཏུ་བརྟགས་པ་ཉིད་དེ། བློ་གྲོས་ཆེན་པོ་དངོས་པོའི་རང་བཞིན་གྱི་མཚན་ཉིད་མི་རིག་གོ་ཞེས་པ་སྟེ། བྱིས་པ་
རྣམས་ཀྱིས་ཇི་ལྟར་རྣམ་པར་རྟོག་པ་དེ་ལྟར་དོན་དམ་པ་དེ་ཁོ་ན་ཉིད་མ་ཡིན་ནོ། །བློ་གྲོས་ཆེན་པོ་འོན་ཀྱང་འཕགས་པ་རྣམས་ཀྱིས་དངོས་པོའི་རང་བཞིན་ཇི་ལྟར་རྟོག་པ་ཞེས་པ་སྟེ། ཇི་ལྟར་ན་རང་བཞིན་གྱིས་འོད་གསལ་བའི་ཆུད་པ་ཡིན་ཏེ། དོན་དམ་པའི་རྣམ་པར་རྟོག་པ་ཐམས་ཅད་དང་
བྲལ་བ་ཡང་དག་པ་རིག་པའི་རང་བཞིན་ནོ། །བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པར་ཡང་དག་པར་རིག་པའི་རང་བཞིན་དེ་དེ་བཞིན་དུ་འཕགས་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་མྱོང་ངོ་། །དག་པ་འཇིག་རྟེན་པའི་ཏིང་ངེ་འཛིན་ལ་ཐམས་ཅད་མཁྱེན་པ་བཞུགས་
Vol. 121 · folio 188b
པ་ནི་བརྗོད་དུ་མེད་པ་སྐད་ཅིག་པའི་རྒྱུན་དུ་འབྱུང་བ་ནི་བྱིས་པ་རྣམས་རྟག་པ་དང་། བདག་དང་། བདེ་བ་དང་། གཙང་བའི་དངོས་པོར་ཇི་ལྟར་ཕྱིན་ཅི་ལོག་པ་དེ་བསལ་བའི་ཕྱིར་དེས་ན་སྟོན་ཏོ། །འཕགས་པ་རྣམས་ལ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་། སྟོང་པར་སྟོན་
པ་སྟེ། དེས་ན་བྱིས་པའི་ཤེས་པ་ལས་འཕགས་པ་རྣམས་ཀྱི་ཡེ་ཤེས་ལ་ཁྱད་པར་ཡོད་དོ། །གང་གི་ཚེ་ན་ཤེས་རབ་ཀྱིས་དཔྱད་དེ། ཤེས་པར་བྱ་བ་སྦོམ་པོ་དང་། ཕྲ་མོ་རྣམ་པར་གཞིག་ཅིང་མི་དམིགས་པ་དེའི་ཚེ་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་
པར་ཡང་དག་པར་རིག་པ་འཕགས་པ་རྣམས་ཀྱིས་རང་བཞིན་གྱིས་འོད་གསལ་བའི་དངོས་པོར་ཆུད་པ་སྟེ། དེ་ལྟར་ན་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པའོ། །ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། དངོས་པོ་དང་། དངོས་པོ་མེད་པར་མཉམ་པ་ཁོ་ན་ནི་རང་བཞིན་དུ་
ཀློག་པའོ། །འཕགས་པ་ལང་ཀར་གཤེགས་པ་ཡེ་ཤེས་དཔལ་བཟང་པོས་བཤད་པ་སྦྱར་བའི་ལེའུ་གསུམ་པ་ལས་མཚམས་སྦྱོར་བའི་ལེའུ་དགུ་པའོ།། །།བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དེ་གལ་ཏེ་འཕགས་པ་རྣམས་ཀྱི་འཕྲུལ་དང་ཤའི་མིག་གིས་མ་ལགས་
ཀྱི། འཕགས་པའི་ཡེ་ཤེས་དང་། འཕགས་པའི་མཐོང་བ་དང་། འཕགས་པའི་ཤེས་རབ་ཀྱི་མིག་གི་དངོས་པོའི་ངོ་བོ་ཉིད་རྟོགས་པ་ཞེས་བྱ་བ་རྒྱ་ཆེར་ཏེ། དེ་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་རྣམ་པར་རྟོག་པ་ལྡོག་པར་འགྱུར་ཞེས་པ་དེར་ཅི་དགོས་ཤེ་ན། འཕགས་པ་བློ་གོས་ཆེན་
པོས་གསུངས་པའི་དོན་ཇི་བཞིན་པ་ལས་བརྟགས་ན་འཕགས་པ་དང་བྱིས་པའི་ཤེས་པ་གཉིས་ཀ་ཡང་རང་གི་ཡུལ་དུ་ཞུགས་པས་ན་བྱིས་པའི་ཤེས་པ་ཇི་ལྟར་ན་རྣམ་པར་ལྡོག་པར་འགྱུར་ཞེས་གླེངས་པའོ། །འཕགས་པའི་ངོ་བོའི་དངོས་པོ་ཁོང་དུ་མ་ཆུད་པའི་ཕྱིར་ཞེས་པ་ནི་
འཕགས་པའི་ཡེ་ཤེས་ཀྱིས་ཤེས་པར་བྱ་བའི་ཁོང་དུ་མ་ཆུད་པའོ། །འཕྲུལ་གྱི་མིག་གིས་ནི་ལྷ་དང་དེ་ལས་གཞན་པས་ནི་ཤའི་མིག་གིས་ཏེ། དེ་དག་གིས་ནི་ཁོང་དུ་མི་ཆུད་པའོ། །བཅོམ་ལྡན་འདས་དེ་དག་ནི་ཕྱིན་ཅི་ལོག་ཀྱང་མ་ལགས། ཕྱིན་ཅི་མ་ལོག་པ་ཡང་མ་ལགས་སོ་ཞེས་པ་ནི་
Vol. 121 · folio 189a
རང་གི་ཡུལ་ལ་རྟོགས་པའི་ཕྱིར་རོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ། འཕགས་པའི་དངོས་པོའི་ངོ་བོ་ཉིད་རང་བཞིན་ཁོང་དུ་ཆུད་པའི་སླད་དུའོ་ཞེས་པ་སྟེ། རང་གི་རྟོག་པ་ནི་དེ་དག་གི་ཚད་མའོ། །གཞན་གྱི་རྟོག་པ་ནི་ཚད་མར་གྱུར་པ་མ་ཡིན་ཏེ། མངོན་པར་ཤེས་པ་མེད་པའི་
ཕྱིར་རོ། །ཡོད་པ་དང་མེད་པའི་མཚན་ཉིད་ལས་ལྡོག་པར་མཐོང་བའི་སླད་དུའོ་ཞེས་པ་ནི་དངོས་པོ་དང་དངོས་པོ་མ་ཡིན་པ་དག་གཞན་བཙལ་བའི་སྒྲ་དང་དོན་ནི་སྤྱིར་རྣམ་པར་རྟོག་པའི་དོན་དུ་སྒྲོ་བཏགས་ཏེ་ཕན་ཚུན་དུ་ནི་ལྡོག་པ་ཉིད་དོ། །ཇི་ལྟར་བར་ཏི་ཀ་ལས་འབྱུང་བ། སྒྲོ་བཏགས་ཆ་ནི་ཇི་སྙེད་
པ། །དེ་བསལ་ཕྱིར་ནི་གདོན་མི་ཟ། །དེ་སྙེད་དེ་ལྟར་སྒྲ་རྣམས་ཀྱང་། །དེ་བས་དེ་དག་ཐ་དད་ཡུལ། །ཐོག་མ་མེད་པ་བག་ཆགས་ལས། །རྣམ་པར་རྟོག་བྱུང་ལ་གནས་པ། །སྒྲ་དོན་རྣམ་པ་གསུམ་གྱི་ཆོས། །དངོས་དང་དངོས་མེད་གཉིས་ཀའི་གནས། །ཞེས་པའོ། །བཅོམ་ལྡན་འདས་འཕགས་
པ་རྣམས་ཀྱིས་དངོས་པོ་རྣམས་ཇི་ལྟར་རྣམ་པར་བརྟགས་པ་རང་གི་མཚན་ཉིད་ཀྱི་ཡུལ་ལ་སྤྱོད་ཡུལ་མ་ལགས་པའི་ཕྱིར་དེ་བཞིན་དུ་མི་འགྱུར་རོ། །བཅོམ་ལྡན་འདས་དེ་དག་གི་དངོས་པོའི་རང་བཞིན་གྱི་མཚན་ཉིད་དེ་ཡང་རྒྱུ་མ་བསྟན་པས་ཀུན་བརྟགས་པའི་རང་བཞིན་ཉིད་སྣང་ངོ་ཞེས་པ་ལ་རྣམ་
པར་རྟོག་པ་པ་སྒྲའི་དོན་སྤྱིའི་རྣམ་པའི་ཕྱིར་རང་གི་མཚན་ཉིད་ཡུལ་མ་ཡིན་ནོ། །དེ་ཡིད་ཆེས་པའི་རྒྱུ་དང་རྒྱུ་མ་ཡིན་པ་མ་བསྟན་པ་སྟེ། སྒྲའི་དོན་གྱིས་སྤྱིའི་རྒྱུ་བསྟན་པ་མ་མཆིས་ལ། བརྗོད་དུ་མེད་པའི་རང་གི་མཚན་ཉིད་ཀྱིས་སྐད་ཅིག་གི་རྒྱུན་ལ་བསྟན་པ་མ་མཆིས་སོ། །དེ་ལྟར་འཕགས་
པ་རྣམས་ལ་ཡང་རྣམ་པར་རྟོག་པ་མི་འབྱུང་ངོ་། །ཇི་ལྟར་ཞེ་ན། འཕགས་པ་རྣམས་ལ་སྒྲ་དང་དོན་ལ་སྤྱིར་རྒྱུ་སྒྲོ་འདོགས་པ་དང་། བྱིས་པ་རྣམས་ལ་ཡང་མེ་ལ་སོགས་པ་རང་གི་མྱོང་བ་ལ་སྒྲ་དང་དོན་སྤྱིའི་ཐ་སྙད་དོ། །དངོས་པོའི་མཚན་ཉིད་ལ་ལྟ་བར་ལྟུང་བས་ཞེས་པ་ནི་བྱིས་པ་རྣམས་ལ་སྒྲ་
དང་དོན་སྤྱིར་འདུག་པ་ཡང་དངོས་པོར་སྒྲོ་བཏགས་ཏེ། ལྟ་བར་ལྟུང་བ་འཕགས་པ་རྣམས་ལ་ཡང་དེ་བཞིན་ནོ། །བྱིས་པ་རྣམས་ལ་ཡང་རང་གི་ཡུལ་ལ་དངོས་པོར་རྣམ་པར་བརྟགས་ཏེ་སྒྲོ་འདོགས་པས་ན་སུའི་དངོས་པོ་ཡིན་པ་མ་ངེས་པས་ཐུག་པ་མ་མཆིས་པར་འགྱུར་རོ་ཞེས་འཕགས་པ་བློ་གྲོས་ཆེན་པོས་
Vol. 121 · folio 189b
གླེངས་པ་ལ་ཐམས་ཅད་མཁྱེན་པས་ཀྱང་ལན་དུ་བཀའ་སྩལ་པ། ངས་དངོས་པོའི་རང་བཞིན་བསྟན་པ་ནི་མ་བྱས་མོད་ཀྱི་ཞེས་པ་སྟེ། འཛིན་པ་དང་། གཟུང་བ་དང་། རྗོད་པ་དང་། བརྗོད་པ་པོ་དང་། བྱེད་པ་དང་། བྱེད་པ་པོ་དང་། སྐྱེད་པ་དང་། བསྐྱེད་པ་པོ་ལ་སོགས་པའི་ཆོས་སུ་སྒྲོ་བཏགས་པས་ནི་མ་ཡིན་
ནོ། །འོན་ཀྱང་དབེན་པ་བསྟན་པ་ཉིད་དངོས་པོ་དང་། དངོས་པོ་མེད་པའི་རྣམ་པར་རྟོག་པ་དང་བྲལ་བ་ཡང་དག་པ་རིག་པའི་ངོ་བོ་ཉིད་རང་བཞིན་གྱིས་འོད་གསལ་བའི་ཆུད་པའོ། །དེ་བཞིན་དུ་དོན་དམ་པའི་བདེན་པ་གཉིས་སུ་མེད་པ་ལ་སྐྲག་པའི་སེམས་ཅན་རྣམས་ལ་བཤད་ཅིང་སྟོང་པ་ཉིད་དང་།
མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་སྟོན་པར་བྱེད་དོ། །དེས་ནི་མི་གཉིས་པའི་ཆོས་ཉིད་གཞོལ་བར་འགྱུར་བ་སྟེ་བསྡུས་པའི་དོན་ཏོ། །ཡན་ལག་གི་དོན་ནི་མདོར་བཤད་པར་བྱ་སྟེ། བརྟགས་པ་དང་རང་གི་མཚན་ཉིད་རང་བཞིན་གཞན་པ་དག །གཞན་པ་དག་གི་སྤྱོད་
ཡུལ་དུ་འགྱུར་རོ་ཞེས་དེ་སྐད་དུ་བློ་གྲོས་ཆེན་པོས་གླེངས་པ། བཅོམ་ལྡན་འདས་སོ་སོར་རྣམ་པར་རྟོག་པའི་མཚན་ཉིད་ཀྱང་གཞན་ལ། དངོས་པོའི་རང་བཞིན་གྱི་མཚན་ཉིད་ཀྱང་གཞན་ཏེ། རྣམ་པར་རྟོག་པའི་དོན་གྱི་མཚན་ཉིད་ནི་སྤྱིའི་རྣམ་པའོ། །དངོས་པོའི་རང་བཞིན་གྱི་རང་གི་མཚན་ཉིད་
ནི་འབྲས་བུའི་སྐད་ཅིག་པ་སྐྱེ་ནུས་པའོ། །བཅོམ་ལྡན་འདས་རྣམ་པར་རྟོག་པ་དང་། རང་བཞིན་གྱི་མཚན་ཉིད་ཀྱི་རྒྱུ་མི་མཐུན་པ་ཞེས་པ་ནི་རྣམ་པར་རྟོག་པའི་རྒྱུ་ནི་སྒྲོ་བཏགས་པའི་རྣམ་པ་དང་། རང་གི་མཚན་ཉིད་ཀྱི་ཤེས་པའི་རྒྱུ་ནི་གསལ་བའི་དོན་རྣམ་པར་མི་རྟོག་པའི་ཕྱིར་ཏེ། དེས་ན་དོན་དམ་
པའི་རང་བཞིན་རྣམས་བརྗོད་དུ་མེད་པ་སྟེ། ཇི་ལྟར་བར་ཏི་ཀ་ལས་འབྱུང་བ། སྦྱོར་བ་དང་ནི་ཐ་དད་མེད། །དོན་དམ་དེ་ནི་བདག་ཉིད་ཀྱིས། །གཟུགས་ནི་གཅིག་དང་དུ་མ་ཞེས། །དེ་ནི་བློ་ཡི་འཁྲུལ་པའོ། །དེ་བཞིན་དུ་གཞན་དག་གིས་སྨྲས་པ། གཞན་ནི་དབང་པོ་དོན་ཉིད་ལ། །གཞན་ནི་
སྒྲ་ཡི་སྤྱོད་ཡུལ་ཏེ། །མིག་མེད་སྒྲ་ལས་མཐོང་གྱུར་ཀྱང་། །མངོན་སུམ་དུ་ནི་མཐོང་བ་མེད། །གཞན་དུ་མེ་དང་འབྲེལ་པས་ནི། །བདག་ཚིག་ཅེས་ནི་སེམས་པ་སྟེ། །གཞན་པར་ཚིག་པའི་སྒྲ་ཡིས་ནི། །ཚིག་པའི་དོན་ནི་ཤེས་པར་བྱ། །ཞེས་པ་དེ་ལྟར་རྣམ་པར་རྟོག་པ་དང་བཅས་པ་དང་།
Vol. 121 · folio 190a
རྣམ་པར་རྟོག་པ་མེད་པ་ཡུལ་དང་ཡུལ་ཅན་གྱི་རང་བཞིན་གྱིས་དེ་དག་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཕན་ཚུན་དུ་བརྟགས་པ་ནི་ཇི་ལྟར་དེ་བཞིན་དུ་མི་འགྱུར་ཞེས་པ་སྟེ། དེ་དག་ཕན་ཚུན་དུ་རྣམ་པར་ལྡོག་པའི་ཕྱིར་ཇི་ལྟར་ན་དེ་བཞིན་དུ་མི་འགྱུར། འདི་ལྟར་སེམས་ཅན་རྣམས་ཀྱི་རྣམ་
པར་རྟོག་པ་ལྡོག་པའི་སླད་དུ་དངོས་པོའི་རང་བཞིན་ལ་མངོན་པར་ཆགས་པ་དང་། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་ཡུལ་ལ་མངོན་པར་ཆགས་པས་ཡོད་པར་དགོད་དམ། འཕགས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་དངོས་པོ་བསྟེན་པས་རབ་ཏུ་དབེན་པའི་ཆོས་བསྟན་པ་མ་མཆིས་པར་བགྱི་འམ་
ཞེས་འཕགས་པ་བློ་གྲོས་ཆེན་པོས་གླེངས་པ་ལས་དགོངས་པ་འདི་ལྟ་བུར་བརྟགས་ཏེ། ཇི་ལྟར་འཕགས་པ་རྣམས་ཀྱི་རང་བཞིན་འཕགས་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱེད་པ་དེ་ལྟར་བྱིས་པ་རྣམས་ཀྱིས་བརྟགས་པའི་རང་བཞིན་མ་ལགས་ཏེ། དེ་ལྟར་ན་ཕན་ཚུན་དུ་མི་མཐུན་པའི་རང་བཞིན་གྱིས་
གསལ་བར་གསུངས་པའོ། །རང་བཞིན་བསྟན་པས་རྣམ་པར་རྟོག་པ་མེད་པ་ཁོ་ན་ལྟ་བ་དགོད་དམ་བགྱིའམ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་རང་བཞིན་བསྟན་པས་དབེན་པའི་དངོས་པོ་མ་མཆིས་པར་སྟོན་པར་མཛད་དམ་ཞེས་དེ་སྐད་དུ་དོགས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་
ཆེན་པོ་དབེན་པའི་ཆོས་བསྟན་པ་མེད་པར་བྱ་བ་ཡང་མ་ཡིན། ཡོད་པར་ལྟ་བ་དགོད་པ་ཡང་མ་ཡིན་གྱི་ཞེས་པ་སྟེ། འཛིན་པ་དང་གཟུང་བ་ལས་དབེན་པས་ན་གཉིས་སུ་མེད་པའི་དོན་དམ་པའི་བདེན་པ་རང་བཞིན་གྱིས་འོད་གསལ་བ་རྣམ་པར་མི་རྟོག་པའི་ཆུད་པའི་དངོས་པོ་བསྟན་པར་བྱའོ། །ཡོད་པར་
ལྟ་བ་དགོད་པ་ཡང་མ་ཡིན་པ་ནི། ཇི་ལྟར་བྱིས་པ་རྣམ་རྟོག་པ། །དེ་ལྟར་དངོས་པོ་ཡོད་པ་མིན། །ཞེས་པ་སྟེ། རྟག་པ་དང་བདག་དང་། ཕྱི་རོལ་གྱི་སྦོམ་པོ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ཀྱིས་འཕགས་པ་རྣམས་ལ་ནི་མ་ཡིན་གྱི། རང་བཞིན་བསྟན་པས་དབེན་པའི་ཆོས་བསྟན་པས་
བྱའོ། །ཐོག་མ་མེད་པའི་དུས་ནས་ལོག་པའི་བག་ཆགས་ཀྱིས་དངོས་པོ་དང་དངོས་པོ་མེད་པ་ལ་མངོན་པར་ཆགས་པའི་བྱིས་པ་རྣམས་ལ་ནི་འཕགས་པ་རྣམས་ཀྱིས་བདེན་པའི་ཆོས་བསྟན་པ་དངོས་པོ་དེ་དག་གིས་སྐྲག་པ་བསལ་བར་བྱའི་བྱིས་པ་རྣམས་ལ་ཡོད་པ་དང་། མེད་པའི་ལྟ་བ་
Vol. 121 · folio 190b
དགོད་པ་ནི་མ་ཡིན་ཏེ། དངོས་པ་དང་དངོས་པོ་མེད་པས་དབེན་པའི་ཕྱིར་འཕགས་པའི་རང་བཞིན་གྱི་ཆོས་བསྟན་པ་ནི་གཉིས་སུ་མེད་པས་བརྗོད་དུ་མེད་པའི་ཡང་དག་པར་རིག་པ་ལ་གཉིས་ཀྱི་རྣམ་པ་ལས་དབེན་པར་བསྟན་པར་བྱའོ། །བྱིས་པ་རྣམས་ནི་གཉིས་ཀྱི་རྣམ་པ་ལས་དངོས་པོར་མངོན་པར་
ཆགས་པ་སྟེ། རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ཀྱི་གཟུགས་དང་། གཟུགས་བརྙན་བཞིན་དུའོ། །གཉིས་སུ་མེད་པ་ལ་ནི་དེ་དག་དངོས་པོ་མེད་པར་མངོན་པར་ཆགས་པ་སྟེ། རྨི་ལམ་གྱི་དུས་ན་ནི་གཟུགས་མེད། གཉིད་ཀྱིས་མ་ལོག་པའི་དུས་ན་ནི་གཟུགས་ཡོད་དོ་ཞེས་ཁ་
ཅིག་ལྟ་བ་དེ་དག་ལ་འཕགས་པའི་ཆུད་པ་དག་པ་རང་བཞིན་དུ་བསྟན་པས་སྐད་ཅིག་པར་མི་འགྱུར་རོ། །ཐམས་ཅད་སྟོང་ངོ་ཞེས་པ་ནི་སྐྲག་གོ། །ཐམས་ཅད་ཡོད་དོ་ཞེ་ན་ནི་དངོས་པོ་ལ་ཆགས་པ་སྟེ། དེ་བས་ན་དངོས་པོ་དང་། དངོས་པོ་མེད་པའི་མཚན་ཉིད་དང་བྲལ་བའི་དོན་དམ་པ་
བསྟན་པར་བྱའོ། །དེ་ལྟར་ན་བློ་གྲོས་ཆེན་པོ་སེམས་ཅན་རྣམས་འཇུག་པར་འགྱུར་རོ། །དེ་བཞིན་དུ་ཡང་དབུང་མཐའ་རྣམ་པར་འབྱེད་པ་ལས་ཀློག་པ། སྟོང་པ་མ་ཡིན་མི་སྟོང་མིན། །དེ་བས་ཐམས་ཅད་བཤད་པར་བྱ། །ཡོད་དང་མེད་དང་ཡོད་པ་ལས། །དེ་ནི་དབུ་མའི་ནན་ཏན་
ཏེ། །ཞེས་པ་ལ་ཡོད་པ་ནི་རྣམ་པར་རིག་པ་ཙམ་ཉིད་དོ། །མེད་པ་ནི་ཕྱི་རོལ་གྱི་དོན་ནོ། །ཡོད་པ་ཡང་ཞེས་པ་ནི། གཉིས་ཀྱི་རྣམ་པ་དང་བྲལ་བ་ཉིད་ཀྱིས་སྟོང་པ་ཉིད་དེ་དེ་ནི་ཆོས་རྣམས་ཀྱི་དབུ་མའི་ནན་ཏན་ནོ། །ངས་དངོས་པོའི་རང་བཞིན་ནི་བསྟན་པར་མ་བྱས་མོད་ཀྱི་ཞེས་པ་ནི་ཡང་དག་
པར་རིག་པའི་སྐད་ཅིག་པའི་རྒྱུན་གྱི་རང་བཞིན་བརྗོད་དུ་མེད་པས་ན་ཇི་ལྟར་ན་སྟོན་ཞེ་ན། དག་པ་འཇིག་རྟེན་པ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལས་ཐམས་ཅད་མཁྱེན་པའི་སྤྱིའི་རྣམ་པར་བཤད་པ་དེ་ལྟ་བུར་སྟོན་ཏོ། །ནོར་པ་ལ་མཚན་མ་མེད་པ་མཐོང་བས་ཞེས་བྱ་བ་ནི་སྦོམ་པོ་དང་། ཕྲ་
མོར་སྣང་བ་ཤེས་རབ་ཀྱིས་རྣམ་པར་དཔྱད་པ་ན་མེད་དེ། སྟོང་པ་ལ་སོགས་པའི་རྣམ་པར་ཐར་པ་ཐོབ་པའི་ཕྱིར་ཇི་ལྟ་བ་བཞིན་དུ་ཆུད་པ་ནི་དངོས་པོའི་རང་བཞིན་རྣམས་ལ་བདག་ཉིད་ཀྱིས་དེ་ཁོ་ན་ཉིད་ཤེས་སོ། །གཞན་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
Vol. 121 · folio 191a
ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་དམ་བཅའ་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་ཐམས་ཅད་མཁྱེན་པ་ཉིད་ཀྱིས་དངོས་པོ་དང་དངོས་པོ་མེད་པ་ལ་མངོན་པར་ཆགས་པའི་སེམས་ཅན་རྣམས་ཀྱི་སྐྲག་པ་ཡོངས་སུ་སྤོང་བའི་ཕྱིར་འཕགས་པའི་ཡེ་ཤེས་ཀྱི་དངོས་པོ་བསྟན་པས་དབེན་
པར་མཛད་པ་ནི་གཉིས་མེད་པའི་དངོས་པོ་ནི་སྟོང་པའི་མཚན་ཉིད་ཅེས་ཞེས་པར་རོ། །ཇི་ལྟར་ལང་ཀར་གསུངས་པ་དང་། དགོངས་པ་ངེས་པར་འགྲེལ་པའི་ཚུལ་དང་། བཙུན་གཙོ་འཕགས་པ་བྱམས་པས་གསུངས་པའི་དོན་དེ་ལྟ་བུར་འགྲེལ་པར་བཙུན་གཙོའི་བྱང་ཆུབ་སེམས་དཔའ་རྣམས་
ཀྱིས་རྗེས་སུ་དཔག་པ་ཁྱབ་པའི་ཚུལ་གྱིས་སྦྱར་བར་བྱའོ། །ཚུལ་དང་འབྲེལ་པར་བསྟན་པ་གསུངས་པ་ནི་གཉིས་ཀྱི་ཆར་གང་སྣང་བ་དེ་ནི་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ཀྱི་གཟུགས་དང་། གཟུགས་བརྙན་ལ་སོགས་པ་བཞིན་དུ་སྐྱེས་པ་དང་། སྐད་ཅིག་པ་དང་། བདག་མེད་པ་
དང་། མི་གཙང་བའོ་ཞེས་དངོས་པོ་བསྟན་པར་བྱའོ། །དེ་བཞིན་དུ་གང་ཡོད་པ་དེ་སྐད་ཅིག་པ་སྟེ། སེ་གོལ་གྱི་སྒྲ་དང་འབབ་ཆུ་ལ་སོགས་པ་བཞིན་ནོ། །འགྲོ་བ་གཉིས་ཀྱི་ཆར་སྣང་བ་ཡང་ཡོད་པ་དང་། བྱས་པ་དང་། སྐྱེས་པའོ། །དེས་ན་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་སྔར་
དམ་བཅའ་བར་མི་བྱའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་སྤྱིར་ཁྱབ་པར་འབྲེལ་པའི་ཚུལ་གྱིས་ཕྱོགས་ཀྱི་ཆོས་བསྡུ་བར་བྱས་པས་རྒྱུས་བསྒྲུབ་པ་འགྲུབ་པར་འགྱུར་རོ། །དེའི་ཕྱིར་ན་ཅིས་ན་ཐོག་མར་དམ་བཅའ་བར་བྱ། རབ་ཏུ་
བྱ་བར་བསྟན་པ་ཉིད་ལས་རྟོགས་པར་འགྱུར་བ་ནི། འདི་ཅི་རྟག་གམ་མི་རྟག་ཅེས་རྩོད་པ་བརྩམས་པ་ན་གང་སྨྲ་བར་བྱ་བ་གང་བྱས་པ་དེ་ནི་མི་རྟག་པ་སྟེ། བུམ་པ་ལྟ་བུ་སྟེ། སྒྲ་ཡང་བྱས་པའོ། །རང་བཞིན་གྱི་ཆོས་དང་དེ་ལྟར་འབྲེལ་པའི་ཕྱིར་བྱིས་པ་མི་རྟག་པ་དང་ཐ་མི་དད་པར་ཆུད་པར་
བྱེད་དོ། །དེ་བཞིན་དུ་མི་དམིགས་པའི་ཚུལ་ལ་ཡང་གང་དམིགས་པའི་མཚན་ཉིད་ཐོབ་པ་ལས་མི་དམིགས་པས་ན་དེ་འདི་ན་མེད་དེ་རི་བོང་གི་མགོ་ལ་རྭ་བཞིན་དུ་འདིར་བུམ་པ་མི་དམིགས་པ་སྟེ། དེ་ཡོད་ན་ནི་ཕྱོགས་ཀྱི་རང་བཞིན་དབེན་པར་དམིགས་པར་མི་འགྱུར་བ་ཞིག་ན། ཇི་ལྟ་བ་
Vol. 121 · folio 191b
བཞིན་དུ་གཞན་ལ་བཙལ་བས་མི་དམིགས་པར་སྦྱོར་བའོ། །འབྲས་བུའི་རྒྱུ་ཡང་གང་ན་དུད་པ་ཡོད་པ་དེ་ན་མེ་སྟེ་ཚང་བང་ན་ལྟ་བུ་སྟེ། འདིར་ཡང་དུད་པ་ཡོད་དེ་འབྲས་བུ་ནི་རྒྱུ་ལ་རག་ལུས་པའི་རང་བཞིན་པས་ན་འབྲེལ་པ་ལས་མི་འགྱུར་རོ། །དེས་ན་དམ་བཅའ་བར་བྱེད་པ་ཡང་འདིར་མེ་ཡོད་དོ་
ཞེས་རྟོགས་པར་བྱེད་དོ། །རྒྱུ་གསུམ་དང་འབྲེལ་པས་བསྒྲུབ་པ་འགྲུབ་པས་ན་དམ་བཅའ་བར་མི་བྱའོ། །གལ་ཏེ་ཡང་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་དམ་བཅའ་བར་བྱ་ན་སྐྱོན་ཅིར་འགྱུར་ཞེས་ཐམས་ཅད་མཁྱེན་པས་ཀྱང་དེ་སྐད་དུ་དོགས་ནས་བཀའ་སྩལ་པ། དམ་བཅའ་བ་ཡང་དངོས་
པོ་ཐམས་ཅད་ཀྱི་ནང་དུ་འདུ་བའི་ཕྱིར་རོ། །དེའི་རྒྱུས་འཇུག་པའི་མཚན་ཉིད་ཀྱི་ཕྱིར་ཞེས་པ་ནི་དམ་བཅའ་བ་དེ་ལས་རྒྱུའི་མཚན་ཉིད་འཇུག་པར་འགྱུར་ཏེ། དེ་མེད་ན་ནི་རྒྱུ་ཡང་མེད་པར་འགྱུར་རོ་ཞེས་གཞན་གྱིས་བསམ་པའོ། །དམ་བཅས་པ་དེ་མ་སྐྱེས་པ་ནི་ཞེས་པ་ནི་དམ་ཐོག་མར་བྱ་
སྟེ། གང་བརྩད་པ་དེ་ནི་ཉམས་པར་འགྱུར་རོ། །ཇི་ལྟར་ཞེ་ན། དམ་བཅའ་བར་ཡང་མ་སྐྱེས་པའི་ཕྱིར་ཏེ། བསྒྲུབ་པ་གཞན་གྱིས་བསྒྲུབ་དོགས་པས་དེ་བས་ན་ཕྱོགས་མ་ཡིན་པ་ནས་ལོག་སྟེ། ཕྱོགས་དང་བཅས་པར་བསྒྲུབ་པ་གང་ཕྱིར་བསྒྲུབ་པ་དང་མི་འབྲལ་བར་ཁྱབ་པར་འབྲེལ་
པའི་ཚུལ་རབ་ཏུ་གྲུབ་པ་དེ་དེ་ལྟ་བུར་སྦྱར་བར་བྱའོ། །དམ་བཅའ་བས་ཀྱང་སྐྱོན་མང་པོ་ཐོབ་པར་བྱེད་པ། བསྒྲུབ་པ་དང་སྒྲུབ་པ་ཅིར་ཁྱབ་པའི་ཚུལ་དུ་ནི་ཡོན་ཏན་མང་པོ་འགྱུར་བ་སྟེ། གཉིས་ཀྱི་རྣམ་པ་རྣམས་རྨི་ལམ་ལ་སོགས་པ་བཞིན་དུ་སྐྱེའོ་ཞེས་རང་གི་དངོས་པོ་བསྟན་པའི་ཕྱིར་སྐྲག་པར་
མི་འགྱུར་རོ། །གཞན་གྱི་དབང་གིས་རྣམ་པ་སྣ་ཚོགས་རྣམས་ནི་རྨི་ལམ་ལ་སོགས་པ་བཞིན་དུ་མ་སྐྱེས་སོ་ཞེས་ཚད་མར་ཁྱབ་པའི་ཚུལ་གྱིས་དོན་གཅིག་པ་ཉིད་ཡིན་ཡང་དངོས་པོ་མེད་པར་བསྟན་པས་སྐྲག་པར་འགྱུར་ཏེ། ཇི་ལྟར་མདོ་སྡེ་འདི་ཉིད་དུ་གསུངས་པ། རྟག་པ་ཡི་ནི་རང་
བཞིན་གྱིས། །དངོས་པོ་ཐམས་ཅད་མ་སྐྱེས་ཏེ། །གཞན་དབང་ལ་ནི་བརྟེན་ནས་སུ། །མི་རྣམས་རྣམ་པར་རྟོག་པ་སྐྱེ། །རྣམ་པར་རྟོག་པས་རྣམ་སྤངས་ཏེ། །གང་ཚེ་གཞན་དབང་དག་པ་ནི། །གྲུབ་པ་དེ་བཞིན་ཉིད་ཅེས་སྨྲས། །མདོ་སྡེ་མདོ་སྡེར་ངས་བཤད་དོ། །ཇི་ལྟར་དགོངས་
Vol. 121 · folio 192a
པ་ངེས་པར་འགྲེལ་པ་ལས་འབྱུང་བ། རིགས་ཀྱི་བུ་རང་བཞིན་མེད་པ་རྣམ་པ་གསུམ་སྟེ། མཚན་ཉིད་རང་བཞིན་མེད་པ་དང་། སྐྱེ་བ་རང་བཞིན་མེད་པ་དང་། དོན་དམ་པ་རང་བཞིན་མེད་པའོ། །དེ་ལ་མཚན་ཉིད་རང་བཞིན་མེད་པ་ནི་མཚན་ཉིད་གང་དག་གི་རྟག་པ་དང་།
བདག་དང་། སྦོམ་པོ་དང་ཕྲ་མོ་དང་། ཕྱི་རོལ་གྱི་རྡུལ་དུ་རྟོག་པའི་མཚན་ཉིད་དེ་དག་གི་དངོས་པོའི་རང་བཞིན་དུ་མ་སྐྱེས་པའོ། །སྐྱེ་བ་རང་བཞིན་མེད་པ་ནི་གཞན་གྱི་དབང་གིས་རྣམ་པ་སྔོན་པོ་དང་། སེར་པོ་ལ་སོགས་པ་རྨི་ལམ་དང་མིག་འཕྲུལ་ལ་སོགས་པ་བཞིན་དུ་སྐྱེ་བའི་རང་བཞིན་མེད་
པའོ། །དོན་དམ་པ་རང་བཞིན་མེད་པ་ནི་གྲུབ་པ་སྟེ། གཉིས་ཀྱི་རྣམ་པས་སྟོང་པ་ཉིད་དོ། །དེ་དེ་ལྟར་ལང་ཀར་གཤེགས་པ་དང་། དགོངས་པ་ངེས་པར་འགྲེལ་པའི་ཚུལ་གྱིས་ཐེག་པ་ཆེན་པོའི་ཚུལ་བཤད་པ་ལ་འགལ་བར་མི་འགྱུར་རོ། །གང་དག་ཡང་རྟག་པ་དང་། གཞན་གྱི་དབང་
བཞིན་དུ་གྲུབ་པ་ཡང་མེད་དོ་ཞེས་རྣམ་པར་རྟོག་པར་རྟོགས་པ་དེ་དག་གིས་ཆོས་ཀྱི་གནོད་པ་བསྐྱེད་པ་སྒྲུབ་པར་བྱེད་དོ་ཞེས་དགོངས་པ་ངེས་པར་འགྲེལ་པ་ལ་ཀློག་གོ། །ཡོད་པ་དང་མེད་པ་ལས་མ་སྐྱེས་སོ་ཞེས་བྱ་བ་ནི་ཡོད་པ་ཐང་ཅིག་སྐྱེ་བར་མི་རུང་སྟེ། ཡོད་པའི་ཕྱིར་དེ་ལ་བྱ་བ་ཅི་ཞིག་ཡོད།
མེད་པ་ཡང་མི་རུང་སྟེ་དེ་ལ་བྱ་བ་ཡང་ཅི་ཡོད་དེ། མེད་པའི་དངོས་པོ་མེད་ཅེས་པས་ན་ཅི་ཡང་མི་བྱེད་དེ། བྱེད་པ་དགག་པར་བྱེད་པར་གྱུར་པ་ཉིད་དོ། །ཇི་ལྟར་སཱ་ལུ་ལྗང་པའི་མདོ་སྡེ་ལས་འབྱུང་བ་བདག་གིས་མ་བྱས། གཞན་གྱིས་མ་བྱས། གཉིས་ཀས་ཀྱང་རྟེན་ཅིང་འབྲེལ་པ་སྟེ་འབྱུང་
བ་མ་བྱས་ཞེས་པའོ། །བདག་གིས་ནི་རྒྱུ་མེད་པར་མི་རུང་བས་སོ། །གཞན་གྱིས་ཀྱང་བྱེད་པ་དང་བྱེད་པ་པོ་དང་འབྲེལ་པས་ཀྱང་མི་རུང་ངོ་། །ཇི་ལྟར་ལུང་སྟོན་པ་པོ་རྣམས་རྟོག་པར་བྱེད་པ་པོ་ནི་རང་དབང་ཅན་ནོ། །བྱེད་པ་པོས་འདོད་པའི་མཆོག་ནི་ལས་སོ། །སྒྲུབ་པར་བྱེད་པའི་
མཆོག་ནི་བྱེད་པ་སྟེ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་འདི་བྱེད་པ་པོ་དང་། ལས་དང་བྱེད་པ་དང་བྱ་བ་མངོན་པར་འབྲེལ་བར་མི་རུང་ངོ་། །གང་གི་ཚེ་ན་སྐད་ཅིག་པ་གཅིག་ཡོད་པ་དེའི་ཚེ་ན་སྐད་ཅིག་པ་གཉིས་པོ་མེད་དེ། སུ་གང་དང་ཡང་མི་འབྲེལ་ཏོ། །ཡོན་ཏན་མི་འཕོ་བ་ནི་ལྷན་
Vol. 121 · folio 192b
ཅིག་ཏུ་མི་གནས་པ་དང་། རྒྱུ་དང་འབྲས་བུའི་རང་བཞིན་མི་འདྲ་བའི་ཕྱིར་རོ། །རང་བཞིན་ལས་ཀྱང་མ་ཡིན་ཏེ། སྣང་བ་དང་མི་སྣང་བ་དག་མཚན་ཉིད་ཐ་དད་པའི་ཕྱིར་ཤིང་དང་ཐལ་བ་ལ་སོགས་པ་བཞིན་ཏེ། གཅིག་པ་ཁོ་ན་མ་ཡིན་ནོ། །དབང་པོ་ལས་ཀྱང་རྟེན་ཅིང་འབྲེལ་ཏེ་འབྱུང་བ་མ་ཡིན་ཏེ། དག་པ་ནི་
གཞན་གྱི་མྱ་ངན་གྱིས་སྡུག་བསྔལ་ཅི་ནས་བྱེད། མ་དག་པ་ནི་དེའི་མི་ཤེས་པ་ཡང་སུས་བྱས། དེ་བཞིན་དུ་ཚངས་པ་ལ་སོགས་པར་མི་གཉིས་པར་སྨྲ་བ་རྣམས་ལ་ཡང་གྲོལ་བ་དང་། མ་གྲོལ་བ་དང་། ཕྱུག་དབུལ་ལ་སོགས་པ་གཅིག་པའི་སྐྱོན་ནོ། །རྟག་པ་ལས་ཀྱང་མ་ཡིན་ཞེས་པ་ནི་རྟག་པ་
མ་སྐྱེས་པ་སྟེ། མ་སྐྱེས་པའི་ཕྱིར་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མེད་པའོ། །ཅིག་ཅར་དང་རིམ་གྱིས་དོན་བྱེད་པར་འགལ་བ་ན་རྟག་པ་ནི་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་མི་སྲིད་དོ། །ཆད་པ་ལས་ཀྱང་མ་ཡིན་ཞེས་པ་ནི་རྒྱུ་མེད་པ་ལས་མ་ཡིན་ནོ། །དྲན་བཞིན་པ་སྟེ་སྔོན་མྱོང་བའི་རྒྱུ་
ལས་བྱུང་ལ། རྒྱུད་ལ་ལྟོས་ཏེ་སྐྱེས་མ་ཐག་པའི་དགའ་བ་དང་། འཇིགས་པ་དང་། མྱ་ངན་རྟོག་པའི་ཕྱིར་སྔོན་གྱི་གོམས་པ་རྗེས་སུ་དཔག་གོ། །བླང་བ་དང་། དོར་བ་དང་། བཏང་སྙོམས་ཀྱི་བློ་རྣམས་ལ་བདེ་བ་དང་། སྡུག་བསྔལ་སྒྲུབ་པར་གདོན་མི་ཟ་བར་སྔར་ཡོད་པའི་ཕྱིར་བྱིས་པའང་ཡུལ་རྣམས་
སུ་བདེ་བ་དང་། སྡུག་བསྔལ་སྒྲུབ་ཅིང་དགའ་བ་དང་། མི་དགའ་བ་ལ་སོགས་པ་འབྱུང་ངོ་། །དེ་དེ་ལྟར་ན་སྔ་མའི་འོག་ཏུ་འདི་ཡོད་པས་འདི་ཡོད་ཅེས་བྱ་བའི་རྟེན་ཅིང་འབྲེལ་བ་སྟེ། སྐྱེ་བ་ལ་སོགས་པ་གཞན་ལྷག་མ་ནི་མི་རུང་ངོ་། །དེས་ན་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ནི་འབྱུང་བ་མ་ཡིན་ནོ་ཞེས་
ལན་མང་པོར་བཤད་པ་ཡིན་ནོ། །དེ་དེ་ལྟར་མི་འབྱུང་བར་འདྲ་བའི་སྐད་ཅིག་པ་གཞན་འབྱུང་བ་ལ་འཁྲུལ་པའི་མཚན་མའི་རྣམ་པ་སྐྱེ་བ་ལ་སོགས་པར་བརྟགས་པའོ། །རྟག་པ་དང་གཅིག་པར་སྒྲོ་འདོགས་པའི་གནས་ཐ་དད་པར་བརྟགས་ཏེ། བྱེད་པ་དང་བྱེད་པ་པོར་འབྲེལ་པར་ཕྱི་རོལ་གྱི་
སྦོམ་པོ་དང་ཕྲ་མོར་སྒྲོ་བཏགས་ནས་གཞན་གྱི་དབང་གིས་གཉིས་ཀྱི་རྣམ་པ་ལ་རབ་ཏུ་འཇུག་གོ། །བུམ་པ་དང་། སྣམ་བུ་ལ་སོགས་པར་བརྟགས་ཤིང་རྟག་པ་རྣམས་ནི་ཁང་པ་དང་སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་རྣམ་པར་ཕྱེ་བ་ན་དབེན་པ་ཉིད་དོ། །དེ་བཞིན་དུ་གཉིས་ཀྱི་
Vol. 121 · folio 193a
རྣམ་པས་སྟོང་པ་རང་བཞིན་གྱིས་འོད་གསལ་བ་དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་ཆུད་པས་དངོས་པོར་བསྟན་པར་བྱ་སྟེ། བསམ་པ་མེད་ཅིང་སྣང་བ་མེད་པ་དངོས་པ་དང་དངོས་པོ་མེད་པས་རྣམ་པར་མི་རྟོག་ཅིང་བརྗོད་དུ་མེད་པ་སྐད་ཅིག་པའི་རྒྱུན་ཡང་དག་པར་རིག་པའི་རང་བཞིན་ཡང་དག་པ་ཇི་བཞིན་
པ་ཏིང་ངེ་འཛིན་ལ་བཞུགས་པ་རྣམས་ཀྱིས་མཁྱེན་པ་ནི་དེ་ལས་གཞན་པའི་ངེས་པར་འཇུག་པའི་དབང་པོའི་ཤེས་པ་དང་། དབུགས་ཐུབ་པ་ཡང་དག་པར་རིག་པ་བཞིན་ནོ། །དེར་ནི་དངོས་པོ་དང་དངོས་པོ་མེད་པར་བསྟན་པ་དང་། སྐྱེ་བ་དང་། དམ་བཅའ་བ་དང་། ཡན་ལག་ལ་སོགས་པ་དང་།
ཚད་མ་དང་གཞལ་བ་ལ་སོགས་པའི་རྣམ་པར་རྟོག་པ་མེད་དེ། འོན་ཀྱང་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་དག་པ་འཇིག་རྟེན་པའི་ཡེ་ཤེས་ཐམས་ཅད་མཁྱེན་པ་བཞུགས་པ་ནི་སྤྱིའི་རྣམ་པར་སྒྲའི་དོན་སྟོན་ཏོ། །དེ་ལ་ཡན་ལག་ཅེས་བྱ་བ་ནི་དམ་འཆའ་བ་དང་། རྒྱུ་དང་དཔེ་དང་། སྒྲུབ་
པ་དང་། བསྡུ་བར་བྱེད་པ་ནེ་ཡི་ཡ་ཡི་ཀ་ལ་སོགས་པས་བཏགས་པའོ། །དེ་ལ་བསྒྲུབ་པར་སྨོས་པ་ནི་དམ་བཅའ་བའོ། །དཔེ་དང་མཐུན་པའི་ཆོས་ཀྱིས་བསྒྲུབ་པ་སྒྲུབ་པ་ནི་རྒྱུའོ། །སྒྲུབ་པའི་ཆོས་དང་མཐུན་པས་དེའི་ཆོས་སུ་འགྱུར་བ་ནི་དཔེའོ། །ཇི་ལྟར་སྒྲ་ནི་མི་རྟག་པ་སྟེ། བྱས་པའི་ཕྱིར་
བུམ་པ་བཞིན་དུ་སྟེ། སྒྲ་ཡང་བྱས་པ་པོ་ཞེས་བྱ་བ་ནི་བསྐྲུན་པའོ། །དེ་བས་ན་མི་རྟག་པའོ་ཞེས་བྱ་བ་ནི་སྡུད་པའོ། །ནེ་ཡི་ཡ་ཡི་ཀ་རྣམས་ཀྱིས་ཐོག་མར་མངོན་སུམ་དུ་བྱས་ནས་རྗེས་སུ་དཔག་པ་རྣམ་པ་གསུམ་སྟེ། སྔ་མ་ལྟ་བུ་དང་། ལྷག་མ་ལྟ་བུ་དང་། སྤྱིར་མཐོང་བ་ཞེས་སོ། །དེ་ལ་སྔ་
མ་ལྟ་བུ་ནི་གང་ན་རྒྱུས་འབྲས་བུ་རྗེས་སུ་དཔག་པ་སྟེ། སྤྲིན་བྱུང་བས་ཆར་པ་འབབ་པར་འགྱུར་ཞེས་པའོ། །ལྷག་མ་ལྟ་བུས་ནི་གང་ན་འབྲས་བུས་རྒྱུའི་རྗེས་སུ་དཔག་པ་སྟེ། དུད་པས་མེ་ལྟ་བུར་རོ། །སྤྱིར་རྗེས་སུ་དཔག་པ་ནི་ཇི་ལྟར་བྱས་པའི་ཕྱིར་མི་རྟག་པའི་ཕྱིར་ཞེས་བྱ་བའོ། །སངས་རྒྱས་པ་
རྣམས་ཀྱིས་ནི་རང་བཞིན་གསུམ་པའི་རྒྱུ་སྟེ། དཔག་བྱ་དེ་ནས་དེ་མཚུངས་ལ། །དངོས་པོ་མེད་པའང་མེད་པར་ངེས། །ཞེས་པ་སྟེ། དེ་ལ་རྗེས་སུ་དཔག་པར་བྱ་བ་ནི་ཤེས་པར་འདོད་པ་ཁྱད་པར་གྱི་ཆོས་ཅན་ནོ། །སྒྲུབ་པའི་ཆོས་དང་སྤྱིར་དོན་མཚུངས་པ་ནི་ཕྱོགས་དང་བཅས་པའོ། །གང་ན་
Vol. 121 · folio 193b
བསྒྲུབ་པ་ཆོས་སུ་མི་འཇུག་པ་དེ་ནི་མི་མཐུན་པའི་ཕྱོགས་ཏེ། དེས་ན་བདག་ཉིད་ཀྱིས་རྟོགས་པར་བྱ་བའི་ཕྱིར་ཡན་ལག་གསུམ་གྱི་རྗེས་སུ་དཔག་པའོ། །གཞན་གྱི་དོན་དུ་ཡང་གཞན་གྱིས་ཁོང་དུ་མ་ཆུད་པ་ལ་རང་བཞིན་དང་འབྲས་བུ་འབྱུང་བར་འབྲེལ་པར་ཁྱབ་པའི་ཚུལ་དེ་ལ་སྒྲར་བརྗོད་ཅིང་སྨྲ་བས་ཁོང་
དུ་ཆུད་པར་བྱའོ། །དེ་ལྟར་ན་འབྲེལ་པ་ཁྱབ་པའི་ཚུལ་གྱིས་སྨྲ་བར་བྱ་བ་ལ། གང་ན་བསྒྲུབ་པ་འདི་ཡོད་པ་དེ་བསྒྲུབ་པར་བྱ་བ་དེ་དང་དངོས་པོ་མི་འབྲལ་བ་སྟེ། ཇི་ལྟར་བུམ་པ་ལ་སོགས་པ་ལ་བྱས་པ་ཡོད་པར་མི་རྟག་པ་ཁོ་ནའི་དངོས་པོ་དང་མི་འབྲལ་བའོ། །ཚང་བང་ལ་སོགས་
པར་ཡང་དུད་པ་ནི་མེའི་དངོས་པོ་དང་མི་འབྲལ་བ་དེ་བཞིན་དུ་སྒྲ་འདི་ལ་བྱས་པ་དང་། རི་དང་རི་བྲགས་ལ་སོགས་པ་ལ་དུད་པའོ། །དེ་ལྟར་མི་དམིགས་པ་ཡང་རི་བོང་གི་མགོ་ལ་རྭ་བཞིན་དུ་ས་གཞི་བུམ་པས་དབེན་པའི་དངོས་དང་མི་འབྲལ་བ་སྟེ། དེ་བཞིན་དུ་ཐམས་ཅད་
མཁྱེན་པས་ཡན་ལག་བསྟན་པ་ལ་རྒྱུ་གསུམ་དང་འབྲེལ་པར་དགོངས་པ་རྗེས་སུ་དཔག་གོ། །གང་གི་ཚེ་ན་དམ་འཆའ་བ་མ་སྐྱེས་པ་དེའི་ཚེ་ན་བདག་ཉིད་ཀྱིས་དངོས་པོ་མེད་པའི་ཕྱིར་ཕྱི་མའི་ཡན་ལག་དང་འབྲེལ་པ་མི་རུང་སྟེ། དམ་འཆའ་བ་ལ་སོགས་པའི་ཡན་ལག་ཏུ་སྨྲ་བ་རྣམས་
ལ་ཉེས་པ་དེ་ཡོད་དོ། །མི་ཤེས་པ་གང་དག་གིས་དམ་འཆའ་བར་བྱེད་པ་དེ་དག་གིས་མ་སྐྱེས་པས་ན་དེའི་ཕྱིར་ན་མི་བྱའོ། །བསྒྲུབ་པར་བྱ་བའི་དངོས་པོ་མེད་པས་ན་ཡན་ལག་རྣམས་ཀྱི་ཕན་ཚུན་དུ་རྒྱུའི་མཚན་ཉིད་མི་འདྲ་བ་སྟེ། ཡན་ལག་རྣམས་ལྟོས་པ་དང་བཅས་པས་
བྱས་པའི་ཕྱིར་རོ། །སྣང་བ་དང་མི་སྣང་བའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་བཞིན་སྣང་བར་ཕྱི་རོལ་གྱི་མཚན་ཉིད་ཅན་དུ་སྦོམ་པོ་ཡན་ལག་ཅན་གྱི་རྫས་གཅིག་རྡུལ་ཕྲ་མོ་ལས་བརྩམས་པར་ཇི་ལྟར་ཀུན་རྟོག་པ་དེ་ལྟར་རྣམ་པར་ཕྱེ་བ་ན་ཁང་པ་དང་། སྡེ་དང་། ནགས་
ཚལ་ལ་སོགས་པ་བཞིན་དུ་བུམ་པ་དང་སྣམ་བུ་ལ་སོགས་པ་སྟོང་པར་འགྱུར་རོ། །ཆ་མེད་པའི་རྡུལ་ཕྲ་མོ་རྣམས་ཀྱང་བླ་འོག་ཏུ་གནས་པར་མི་རུང་སྟེ། སེམས་དང་སེམས་ལས་བྱུང་བ་བཞིན་ནོ་ཞེས་ལན་དུ་མར་བསྒྲུབ་པའོ། །དེ་བས་ན་ནང་འཁྲུགས་པའི་མཐུ་ལས་
Vol. 121 · folio 194a
མགོ་འཁོར་བ་དང་། བརྒྱལ་བ་ལ་སོགས་པ་བཞིན་དུ་ལྟ་བ་དང་། བློ་སླུ་བར་བྱེད་པའི་སྔོན་པོ་ལ་སོགས་པའི་གཟུགས་སོ་སོར་སྣང་ངོ་། །ནམ་ཤེས་རབ་ཀྱིས་དཔྱད་དེ་སྦོམ་པོ་དང་ཕྲ་མོ་རྣམ་པར་ཕྱེ་བ་ན་མི་དམིགས་པ་དེ་ནི་བསམ་པ་མེད་ཅིང་སྣང་བ་མེད་པ་ཡང་དག་པར་རིག་
པ་ཉིད་ལས་དབེན་པ་ཉིད་དོ། །ཐུགས་རྗེའི་བག་ཆགས་ཀྱིས་གླེངས་ནས་ཐམས་ཅད་མཁྱེན་པ་སྣང་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བཞུགས་པ་ན་ཆོས་སྟོན་པ་འབྱུང་ངོ་ཞེས་ལན་མང་པོ་བཤད་པ་ཡིན་ནོ། །དེ་ནས་ཐམས་ཅད་མཁྱེན་པས་ཚིག་གི་དོན་མཐའ་དག་སྟོན་པ་ཡང་བརྗོད་དུ་མེད་པའི་འཇིག་
རྟེན་ཐམས་ཅད་ཀྱི་དུས་གསུམ་གྱི་སེམས་ཀྱི་རྒྱུད་སྐད་ཅིག་རང་བཞིན་སྤྱིའི་རྣམ་པར་སྟོན་ཏོ། །རང་བཞིན་གྱིས་འོད་གསལ་བ་མི་གཉིས་པ་གཉིས་སུ་མེད་པའི་རྣམ་པ་ལ་ཡང་སྣང་བ་དང་བཅས་པ་དང་། མཚན་མ་དང་བཅས་པ་དང་། གླེང་བ་དང་བཅས་པར་དུས་གསུམ་ཡིད་ཆེས་པར་སྟོན་
པར་མཛད་པ་ནི་པྲ་སེ་ན་ལས་འབྱུང་བའི་དུས་གསུམ་གྱི་ཚིག་གི་དོན་དུ་ཡིད་ཆེས་པར་བྱེད་པ་ཡིན་ནོ། །ཐམས་ཅད་མཁྱེན་པས་ཚིག་གི་དོན་ཐམས་ཅད་ཐུགས་སུ་ཆུད་ཅིང་ཡིད་ཆེས་པར་སྟོན་པ་ནི་ལན་དུ་མར་བསྟན་པ་ཡིན་ཏེ། དེས་ན་གཉིས་པ་དང་། མི་གཉིས་པའི་ཆོས་བསྟན་པ་ཐམས་ཅད་
མཁྱེན་པ་ལ་རིགས་སོ། །བསྡུ་བའི་ཚིགས་སུ་བཅད་པ་བཤད་པ། རང་བཞིན་མེད་ཅིང་རྣམ་རིག་མེད། །དངོས་པོ་མེད་ཅིང་ཀུན་གཞི་མེད། །འདི་དག་རོ་བཞིན་བྱིས་པ་ཡིས། །ལོག་པའི་རྟོག་པ་ཅན་གྱིས་བརྟགས། །ཞེས་པ་སྟེ་གཟུང་བའི་རང་བཞིན་གྱིས་དངོས་པོ་མེད་པའི་
ཕྱིར་རྣམ་པར་རིག་པ་ཡང་དངོས་པོ་མེད་དོ། །ཕུང་པོར་གནས་པ་མེད་པ་དང་། རྣམ་པར་མི་འཇིག་པ་མེད་པའི་ཕྱིར་སྦོམ་པོ་དང་ཕྲ་མོ་རྣམ་པར་ཕྱེ་བ་ན་སྟོང་པ་ཉིད་དེ། ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་ཕྱི་རོལ་གྱི་ཕུང་པོར་གནས་པ་མེད་པ་དང་། རྟག་
པ་དང་བདག་ལ་སོགས་པ་འཛིན་པའི་དངོས་པོ་མི་འཇིག་པ་ཡང་མེད་དོ། །དེ་ལ་འདི་སྙམ་དུ་འགྱུར་ཏེ། ལུས་དང་ལོངས་སྤྱོད་གནས་སྣང་བ། །ཀུན་གཞི་ཀུན་ཏུ་འབྱུང་བ་སྟེ། །རྣམ་བརྒྱད་རྣམ་དགུ་དེ་བཞིན་དུ། །རྒྱ་མཚོ་རླབས་རྣམས་བཞིན་དུའོ། །ཞེས་དེ་སྐད་དུ་ཐུགས་
Vol. 121 · folio 194b
དོགས་ནས་ཐམས་ཅད་མཁྱེན་པས་བཀའ་སྩལ་པ། ཀུན་གཞི་མེད་ཅེས་པ་སྟེ། རྨི་ལམ་གྱི་དུས་ན་ཡང་ལུས་དང་། ལོངས་སྤྱོད་དང་། གནས་སུ་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་གཅིག་པོ་སོ་སོར་སྣང་བ་སྟེ། བསླབ་པ་རྣམ་པ་སྣ་ཚོགས་ཡོངས་སུ་སྨིན་པའི་མཐུ་ལས་སྣ་ཚོགས་ཐ་དད་པའི་
རྣམ་པའི་རྣམ་པར་ཤེས་པ་སོ་སོར་སྣང་ངོ་། །རྨི་ལམ་གྱི་དུས་ན་ཡང་མཚོ་ལ་སོགས་པ་ལ་ཁྲུས་ལ་སོགས་པས་སླུ་བ་མེད་པའི་ཕྱིར་ཚད་མར་ངེས་སོ། །མྱ་ངན་གྱི་སྨིག་རྒྱུ་ལ་སོགས་པའི་ཆུས་སླུ་བར་བྱེད་པར་ངེས་པའི་ཕྱིར་ཚད་མ་མ་ཡིན་ནོ། །དེ་བཞིན་དུ་གཉིད་ཀྱིས་མ་ལོག་པའི་དུས་
ན་ཡང་སླུ་བ་དང་སླུ་བ་མེད་པར་གདོན་མི་ཟ་བས་གཉིས་པ་དང་མི་གཉིས་པར་སྨྲ་བ་ཐ་དད་པར་སྣང་བ་ཙམ་ལ་གཞལ་བ་དང་། ཚད་མ་རྣམ་པར་གཞག་པ་དེར་མཚུངས་སོ། །ཕྱི་རོལ་གྱི་དོན་ཀྱང་མེད་དེ། རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་དང་། གཟུགས་བརྙན་ལ་
སོགས་པ་བཞིན་དུ་འཛིན་པ་དང་། གཟུང་བའི་རྣམ་པ་དག་མ་སྐྱེས་པ་དང་། སྟོང་པ་ཉིད་དང་། རང་བཞིན་མེད་པ་ཉིད་དོ། །དེས་ན་ལུས་དང་། ལོངས་སྤྱོད་དང་། ས་ལ་སོགས་པ་སྦོམ་པོ་དང་ཕྲ་མོ་ཤེས་རབ་ཀྱིས་དཔྱད་པ་དེ་གཞིགས་ནས་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་
སོགས་པ་བཞིན་དུ་གང་གི་ཚེ་མི་དམིགས་པ་དེའི་ཚེ་ཕྱི་རོལ་གྱི་ལུས་ལ་སོགས་པ་རང་བཞིན་གྱིས་བྱིས་པ་ལོག་པར་ལྟུང་བ་བླུན་པ་རྣམས་ཀྱིས་ཀུན་བརྟགས་པའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་ཏོ། །ཆོས་རྣམས་ཐམས་ཅད་མ་སྐྱེས་པར། །མུ་སྟེགས་ཀུན་ལ་བསྒྲགས་
པའི་ཕྱིར། །དངོས་པོ་རྐྱེན་དང་ལྡན་པ་ནི། །སུ་ལའང་སྐྱེས་པ་ཡོད་མེད་དོ། །དངོས་པོ་ཐམས་ཅད་མ་སྐྱེས་པར། །དམ་འཆའ་བ་ལ་མི་རྟག་སྟེ། །ཞེས་པ་ནི་སྐྱེ་བ་ལ་སོགས་པའི་ཆོས་གུད་ན་ཡོད་པ་མ་ཡིན་ཏེ། གང་གི་ཚེ་ན་སྐད་ཅིག་པ་གཅིག་ཡོད་པ་དེའི་ཚེ་ན་གཉིས་པོ་མེད་དེ།
དེས་ན་དངོས་པོ་དང་རྐྱེན་དང་ལྡན་པ་ཡོད་པ་མ་ཡིན་ཏེ། ཇི་ལྟར་ལུང་སྟོན་པ་པ་རྣམས་རྟོག་པར་བྱེད་པ། བྱེད་པ་པོ་ནི་རང་དབང་ཅན་དང་། བྱེད་པར་འདོད་པའི་མཆོག་ནི་ལས་དང་། སྒྲུབ་པར་བྱེད་པའི་གཙོ་ནི་བྱེད་པ་པོ་ཞེས་པ་དེ་ལྟ་བུར་བྱེད་པ་པོ་དང་། ལས་དང་། བྱེད་པ་དང་།
Vol. 121 · folio 195a
བྱ་བ་དང་། བྱེད་པ་པོ་གང་མངོན་པར་འབྲེལ་ཏེ་སྐྱེ་བ་མེད་དོ། །དེས་ན་མུ་སྟེགས་ཐམས་ཅད་ལ་བསྒྲགས་པའི་ཕྱིར། ཆོས་ཐམས་ཅད་མ་སྐྱེས་པ་སྟེ། མུ་སྟེགས་བྱེད་རྣམས་ཐམས་ཅད་ནི་རྟག་པ་དང་བདག་ཏུ་སྨྲ་བའོ། །སངས་རྒྱས་པ་རྣམས་ནི་བདག་མེད་པར་སྨྲ་བ་སྟེ། དེའི་
ཕྱིར་དེ་དག་གི། འདུ་བྱེད་ཐམས་ཅད་སྐད་ཅིག་མ། །མི་བརྟན་བྱེད་པ་ག་ལ་ཞིག །གང་བྱུང་བྱེད་པ་དེ་ཉིད་དེ། །བྱེད་པ་པོར་ཡང་དེར་བརྗོད་དོ། །གཞན་གྱི་དབང་གིས་སྣང་བའི་ཆོས་རྣམས་ལ་ཡང་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་ལ་སོགས་པ་བཞིན་དུ་སྐྱེ་བའི་རང་བཞིན་མེད་
པ་སྟེ། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་བདག་དང་། རྟག་པ་ལ་སོགས་པ་བརྟག་པ་རྣམས་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་དུ་མ་སྐྱེས་པས་ན་མི་སྐྱེའོ། །དོན་དམ་པ་མི་གཉིས་པ་ཡང་དག་པར་རིག་པ་སྐད་ཅིག་མའི་རྒྱུན་ཀྱང་བརྗོད་དུ་མེད་པའི་ཕྱིར་སྔ་མའི་འོག་ཏུ་འདི་ཡོད་
པས་འདི་ཡོད་དོ་ཞེས་པ་འབའ་ཞིག་གོ། །བརྟག་པའི་སྐྱེ་བོ་ལ་སོགས་པ་ལྷག་པ་རྣམས་ཆོས་དང་གང་ཟག་ལ་བདག་མེད་པ་གཉིས་ལ་ཡང་ཡོད་པ་མ་ཡིན་ནོ། །གང་གིས་སྐད་ཅིག་པ་རྣམས་རྐྱེན་དང་ལྡན་པ་མ་ཡིན་པ་དེས་ན་ཆོས་ཐམས་ཅད་མ་སྐྱེས་པ་སྟེ། སྐད་ཅིག་མ་གང་ལ་རྒྱུའི་
སྐད་ཅིག་པ་ཡོད་པ་དེ་ལ་འབྲས་བུའི་སྐད་ཅིག་པ་མེད་དེ། དེས་ན་དངོས་པོ་རྣམས་རྐྱེན་དང་མི་ལྡན་པ་ནི་ཞེས་ཐམས་ཅད་མཁྱེན་པས་དགོངས་པའི་དོན་ཏོ། །ཆོས་ཐམས་ཅད་སྐྱེ་བ་མེད་པར་དམ་འཆའ་བ་མི་རྟག་ཅེས་བྱ་བ་ལ་སོགས་པ་ཅིའི་སླད་དུ་ཞེས་བྱ་བ་དང་། དེའི་ཕྱིར་གསུངས་པ།
རྒྱུ་དེ་དང་ནི་ལྡན་པའི་ཕྱིར། །འགྲུབ་བློ་དེ་ཉམས་དེ་དག་འགྱུར། །ཞེས་པ་སྟེ། རྒྱུ་དེ་དང་ནི་ལྡན་པའི་ཕྱིར། །ཞེས་བྱ་བ་ནི་དམ་འཆའ་བའི་རྒྱུ་དང་ངོ་། །འགྲུབ་བློ་དེ་ཉམས་དེ་དག་འགྱུར། །ཞེས་པ་ནི་ཆོས་ཐམས་ཅད་ཀྱི་ནང་དུ་འདུ་བའི་ཕྱིར་དམ་འཆའ་བ་མ་སྐྱེས་པའོ། །དམ་འཆའ་བ་ལ་
སོགས་པ་སྒྲུབ་པ་རྣམས་ཀྱི་དངོས་པོ་མེད་པའི་ཕྱིར་བསྒྲུབ་པར་བྱ་བ་ཡང་མི་འགྲུབ་པོ། །འོན་ཏེ་དམ་འཆའ་བ་ན་སྐྱེས་ན་ནི་དེས་ཆོས་ཐམས་ཅད་ཀྱང་སྐྱེས་པའོ། །དེའི་ཕྱིར་སྔར་བཤད་པའི་ཚུལ་གྱིས་རྨི་ལམ་ལ་སོགས་པར་དངོས་པོར་བསྟན་པར་བྱའོ། །སྟོང་པ་དང་རང་བཞིན་མེད་
Vol. 121 · folio 195b
པ་ལ་སོགས་པ་དམ་འཆའ་བར་མི་བྱ་སྟེ། འོན་ཀྱང་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་དང་། གཟུགས་བརྙན་ལ་སོགས་པ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་དང་། རང་བཞིན་མེད་པའི་ཕྱི་རོལ་གྱི་གཟུགས་སོ་ཞེས་སྨྲ་བར་བྱའོ། །འཇིག་རྟེན་པའི་ཆུད་པ་ཐམས་ཅད་གཟུང་བ་དང་
འཛིན་པའི་རང་བཞིན་བསླད་པ་ལས་འབྱུང་བར་ཐམས་ཅད་མཁྱེན་པ་བདག་ཉིད་ཀྱིས་སྒྲུབ་པར་མཛད་པ། ཇི་ལྟར་ལོག་པ་སྐྲ་ཤད་འཛིངས། །སྐྱེ་བོ་རབ་རིབ་ཅན་གྱིས་མཐོང་། །དེ་བཞིན་དངོས་པོར་རྣམ་རྟོག་འདི། །ལོག་པར་བྱིས་པ་རྣམ་པར་བརྟགས། །ཞེས་པ་སྟེ། བདག་དང་
གཞན་གྱི་རྒྱུད་ཀྱི་དབང་ལས་སྐྱེས་པ་མཉམ་པར་མི་འཇོག་ཅིང་ནང་གློངས་པ་མགོ་འཁོར་བ་དང་། བརྒྱལ་བ་དང་། རབ་རིབ་ལ་སོགས་པ་ལྟ་བུར་འཛིངས་པ་དང་གཟུང་བའི་དངོས་པོ་ལ་གདོན་མི་ཟ་ཞིང་། དེར་ནོངས་པ་རྣམས་ལ་དངོས་པོར་འཛིན་ཏོ། །ཇི་ལྟར་ན་ཡང་བྱིས་པ་རྣམས་ཀྱིས་
དངོས་པོ་ཇི་ལྟ་བུར་མཐོང་བ་དེ་ལྟ་བུ་མེད་ཅེས་པ་དང་། ཐམས་ཅད་མཁྱེན་པས་རིགས་པ་གཞན་བསྒྲུབ་པར་མཛད་པ། སྲིད་པ་གསུམ་ནི་རྟག་པ་ཙམ། །དངོས་པོའི་རང་བཞིན་ཡོད་མེད་དེ། །བརྟགས་པའི་དངོས་པོའི་རང་བཞིན་དུ། །རྟོག་པ་ཅན་རྣམས་རྟོག་པར་འགྱུར། །ཞེས་
ཏེ། གཅིག་པུ་དང་། སྦོམ་པོ་དང་། ཆེན་པོ་དང་། ཚད་ཅན་དང་། ཡངས་པ་དང་། ཟླུམ་པ་ལ་སོགས་པ་ལུས་དང་། བུམ་པ་དང་། སྣམ་བུ་ལ་སོགས་པའི་རྫས་སུ་ཁྱད་པར་ཅན་ལ་སོགས་པ་རྟོག་པ་ཅན་རྣམས་རྟོག་གོ། །དེ་ལྟ་བུའི་རྣམ་པ་ཅན། བཙོས་པ་དང་། མ་བཙོས་པ་
དང་། བསྒུལ་བ་དང་། མ་བསྒུལ་བ་དང་། བསྒྲིབས་པ་དང་། མ་བསྒྲིབས་པ་ལ་སོགས་པར་རྣམ་པར་ཕྱེ་བ་དང་། ཡན་ལག་ལས་འདུས་ཤིང་བརྟགས་པས་རྣམ་པ་ཐ་དད་པ་ཕྱོགས་ཀྱི་ཆ་ཐ་དད་པས་ཕྱེ་བ་ན་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་གཟུགས་གཅིག་
པར་མི་རིགས་སོ། །ཕྲ་མོའི་གཟུགས་དང་། རོ་དང་། དྲི་དང་། རེག་པ་འདུས་པ་ལ་སྣམ་བུ་དང་བུམ་པ་ལ་སོགས་པར་གདགས་པར་བྱ་ན། གཟུགས་ལ་སོགས་པའི་རྡུལ་ཕྲ་མོ་རྣམས་ཀྱང་ཕྱོགས་ཀྱི་ཆ་ཐ་དད་པས་དབྱེ་བ་ན་སྟོང་པ་ཉིད་དེ། དངོས་པོའི་རང་བཞིན་ཡོད་མེད་དོ། །
Vol. 121 · folio 196a
གང་ལ་འཛིན་པ་དང་གཟུང་བའི་དངོས་པོ་དེ་ལྟ་བུའི་རྣམ་པ་ཅན་མེད་དོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པར་བརྟག་གོ། །དེ་བཞིན་དུ་བསྒྲུབ་པར་མཛད་པ། མཚན་དང་དངོས་པོ་རྣམ་རིག་དང་། །ཡིད་ཀྱི་རྣམ་པར་གཡོས་པ་ལས། །ང་ཡི་སྲས་རྣམས་འདས་ནས་ནི། །དེ་
དག་རྣམ་པར་མི་རྟོག་སྤྱོད། །སྨིག་རྒྱུ་བ་ལ་ཇི་ལྟ་བུར། །ཆུ་མེད་པ་ལ་ཆུར་འཛིན་པ། །སྣང་ལ་བྱིས་པ་དེ་བཞིན་ཏེ། །འཕགས་པ་རྣམས་ནི་ཁྱད་པར་ལྡན། །ཞེས་པ་སྟེ། དེ་ལ་མཚན་ནི་གཟུགས་ལ་སོགས་པ་སྟེ། དེར་རྣམ་པར་རིག་པའོ། །དེ་ལས་དེ་མ་ཐག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། སྦོམ་
པོ་དང་། ཕྲ་མོ་ལ་སོགས་པ་རྣམ་པར་བརྟགས་པའོ། །གང་གིས་ཤེས་རབ་ཀྱིས་དཔྱད་དེ་དེ་རྣམ་པར་གཞིགས་ནས་མི་དམིགས་པ་དེའི་ཚེ་མཚན་མ་ཐམས་ཅད་ལས་འདས་ནས་རྣམ་པར་མི་རྟོག་པར་སྤྱོད་ཅིང་གནས་སོ། །ཇི་ལྟར་ན་གཟུགས་ལ་སོགས་པ་མེད་པར་ཡང་དེ་དག་ལ་མངོན་པར་
ཆགས་པར་འགྱུར་ཞེས་ཐུགས་དོགས་ནས་ཐམས་ཅད་མཁྱེན་པས་བཀའ་སྩལ་པ། ཆུ་མེད་པ་ལ་ཆུར་འཛིན་པ་དེ་བཞིན་དུ་ནང་གློངས་ནས་སྣང་བ་ལ་ཕྱི་རོལ་གྱི་བར་མངོན་པར་ཆགས་པའོ། །སྣང་བ་ཙམ་ལ་དག་པ་དང་མ་དག་པར་རྣམ་པར་ཤེས་པའི་ཕྱིར་འཕགས་པ་དང་བྱིས་པ་རྣམས་ལ་
དེ་བཞིན་ཏེ། འཕགས་པ་རྣམས་ཀྱི་ཡེ་ཤེས་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་མཛེས་པ་དང་སྟོང་པར་རོ། །བྱིས་པ་རྣམས་ཀྱི་ནི་རྟག་པ་དང་། བདེ་བ་དང་། གཙང་བའི་དངོས་པོར་ཕྱིན་ཅི་ལོག་པར་རོ། །ཁྱད་པར་དང་ལྡན་པ་ནི་བྱིས་པའི་ཤེས་པ་ལས་འཕགས་པ་རྣམས་ཀྱི་
རྣམ་པར་ཐར་པ་གསུམ་གྱི་དག་པ་ཡེ་ཤེས་ཁྱད་པར་ཅན་ནོ། །ཐམས་ཅད་མཁྱེན་པས་དེ་སྐད་དུ་གསུངས་པ། འཕགས་པའི་མཐོང་བ་དག་པ་སྟེ། །རྣམ་པར་ཐར་པ་གསུམ་ལས་སྐྱེས། །སྐྱེ་དང་འཇིག་ལས་རྣམ་གྲོལ་བ། །སྣང་མེད་རབ་ཏུ་སྤྱོད་རྣམས་ཀྱིས། །ཞེས་པ་སྟེ། འཕགས་
པ་དང་བྱིས་པ་གཉིས་ཀྱིས་མཐོང་བའི་དག་པ་དང་མ་དག་པའོ། །འཕགས་པ་རྣམས་ཀྱི་ནི་རྣམ་པར་ཐར་པ་གསུམ་ལས་འབྱུང་ངོ་། །བྱིས་པ་རྣམས་ཀྱི་ནི་ནང་གློངས་པ་མཉམ་པར་མི་འཇོག་པའི་མ་རིག་པ་དང་། ལས་རྣམ་པར་སྨིན་པ་ལས་སྐྱེས་པ་སྟེ། མགོ་འཁོར་བ་དང་།
Vol. 121 · folio 196b
བརྒྱལ་བ་ལ་སོགས་པ་བཞིན་དུ་འཁོར་བར་སྣང་བ་སྣ་ཚོགས་ཀྱི་རྣམ་པའི་ཤེས་པའོ། །གང་གི་ཚེ་ཤེས་རབ་ཀྱིས་དཔྱད་ཅིང་ཤེས་པར་བྱ་བ་སྦོམ་པོ་དང་། ཕྲ་མོ་རྣམ་པར་ཕྱེ་སྟེ་མི་དམིགས་པ་དེའི་ཚེ་ན་གཉིས་ཀྱི་རྣམ་པའི་དངོས་པོ་དང་། དངོས་པོ་མེད་པ་ཐམས་ཅད་དང་། རྟག་པ་དང་། གཅིག་
པུ་དང་། བདག་དང་ལས་དང་། བྱེད་པ་དང་། བྱེད་པ་པོ་མངོན་པར་འབྲེལ་པའི་སྐྱེ་བ་དང་། འཇིག་པ་ལ་སོགས་པ་མཚན་ཉིད་ལས་ཐ་དད་པའི་ཆོས་རྣམས་མི་དམིགས་པའི་ཕྱིར་འཕགས་པ་རྣམས་ཀྱི་ཡེ་ཤེས་ནི་བསམ་པ་མེད་ཅིང་སྣང་བ་མེད་པའི་དོན་དམ་པའི་བདེན་པ་གཉིས་སུ་མེད་པར་ཡང་
དག་པར་རིག་པ་རང་བཞིན་གྱིས་འོད་གསལ་བར་གནས་སོ། །ཇི་ལྟར་བཙུན་གཙོ་འཕགས་པ་བྱམས་པས་དགོངས་པ་བྱེད་པ་ལས་འབྱུང་བ། དེ་སྟེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །དེ་སྟེ་རྣམ་དག་དེ་མི་འགྱུར། །འབད་པ་འབྲས་བུ་མེད་པར་
འགྱུར། །ཉོན་མོངས་པ་དང་རྣམ་དག་པ། །དྲིར་བཅས་དྲི་མ་མེད་པའང་དེའོ། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པའོ། །ཞེས་པ་སྟེ། གང་གི་ཚེ་ན་ཤེས་རབ་ཀྱིས་མི་དམིགས་པ་དེའི་ཚེ་ན་སྟོང་པར་མཐོང་བས་ན་མཚན་མར་མི་འཛིན་པ་དང་།
སེམས་ཀྱིས་མི་སྨོན་པ་སྟེ། རྣམ་པར་ཐར་པ་གསུམ་གོང་ནས་གོང་དུ་སྣང་བ་མེད་པར་སྤྱོད་པའི་འཕགས་པ་དེ་དག་གི་མི་གཉིས་པའི་ཡེ་ཤེས་དེས་ན་དབུང་མཐའ་རྣམ་པར་འབྱེད་པ་ལས་བཤད་པ། ཆུའི་ཁམས་དང་། གསེར་དང་། ནམ་མཁའི་ཁམས་ལྟ་བུར་དག་པའོ། །ཇི་ལྟར་ན་
ཡང་འཕགས་པ་རྣམས་ཀྱི་ཆུད་པའི་རང་བཞིན་སྣང་བ་ཐམས་ཅད་ལས་གྲོལ་བ་ལགས་ཞེས་ཐམས་ཅད་མཁྱེན་པས་དེ་སྐད་དུ་ཐུགས་དོགས་ནས་བཀའ་སྩལ་པ། དངོས་པོ་རྣམས་ནི་སྣང་མེད་དེ། །རྣལ་འབྱོར་ཅན་ལ་མེད་པའང་མེད། །དངོས་དང་དངོས་མེད་མཉམ་པས་ནི། །
འཕགས་པ་རྣམས་ཀྱི་འབྲས་བུ་སྐྱེ། །ཞེས་པ་སྟེ། དེ་ལ་སྣང་བ་མེད་པ་ནི་དངོས་པོ་ཐམས་ཅད་ཀྱི་དོན་དམ་པ་སྟེ། འཛིན་པ་དང་གཟུང་བའི་རྣམ་པ་དང་བྲལ་བའོ། །དེ་ཇི་ལྟར་ན་རྟོག་པར་འགྱུར་ཞེས་པ་དང་། ཐམས་ཅད་མཁྱེན་པས་སྟོན་ཏོ། །དེ་ནི་ཡང་དག་པར་རིག་པས་
Vol. 121 · folio 197a
རྟོགས་པར་བྱ་སྟེ། དེ་ལྟ་བུར་རྣམ་པ་ཅན་ནི་རྣལ་འབྱོར་ཅན་གྱི་དངོས་པོའོ། །ཇི་ལྟར་ཞེ་ན། དེར་རྟོགས་པ་ཅན་ཏེ་ངེས་པར་འཇུག་པའི་དབང་པོའི་ཤེས་པས་མྱོང་བ་བཞིན་ནོ། །དགོངས་པ་ལ་ལྟོས་ཏེ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྣམ་པར་རྟོག་པ་རབ་ཏུ་
འབྱུང་ངོ་། །ངེས་པར་འཇུག་པའི་དབང་པོའི་ཤེས་པ་རྣམས་ནི་ཡུད་ཙམ་དུ་གནས་སོ། །བསམ་པ་མེད་ཅིང་སྣང་བ་མེད་པར་ཡང་དག་པར་རིག་པ་ནི་ཡུན་རིང་པོར་རོ། །དབུགས་ཐུབ་པ་ནི་ཡང་དག་པར་རིག་པ་ཙམ་གནས་སོ། །འཕགས་པ་རྣམས་ཀྱི་རྣམ་པ་དེ་ལྟ་བུའི་འབྲས་བུ་དངོས་
པོ་དང་། དངོས་པོ་མེད་པར་མཉམ་པས་སྐྱེ་བ་སྟེ། ཇི་ལྟར་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བ་དངོས་པོས་མངོན་པར་རྟོགས་པ་མ་ཡིན་ལ། དངོས་པོ་མེད་པས་ཀྱང་མ་ཡིན་ཏེ། ཇི་ལྟར་ཞེ་ན། དངོས་པོ་དང་དངོས་པོ་མེད་པས་མཉམ་པས་སོ། །དངོས་པོ་དང་
དངོས་པོ་མེད་པ་རྣམ་པར་རྟོག་པ་སྤང་བའི་ཕྱིར་རོ་ཞེས་བྱ་བ་དེའི་བཤད་པའོ་ཞེས་ཐམས་ཅད་མཁྱེན་པས་དགོངས་པར་རིག་པར་བྱའོ། །ཇི་ལྟར་ཡང་མདོ་སྡེ་འདིར་གསུངས་པ། མཚན་ཉིད་དང་ནི་བྱ་བ་དང་། །དངོས་པོར་མྱ་ངན་ང་མི་འདའ། །རྣམ་རྟོག་རྣམ་ཤེས་བཟློག་པ་ན། །
ང་ནི་མྱ་ངན་འདས་པའོ། །ཡོད་པའི་ཟླས་དྲངས་མེད་པ་སྟེ། །ཡོད་པའང་མེད་པའི་ཟླས་དྲངས་སོ། །དེ་བས་མེད་པར་ཤེས་མི་བྱ། །ཡོད་པར་ཡང་ནི་མི་བརྟག་གོ། །དངོས་པོ་དང་དངོས་པོ་མེད་པ་མཉམ་ཞིང་རྣམ་པར་མི་རྟོག་པ་ནི་དབུ་མའི་ཏིང་ངེ་འཛིན་ནོ། །ཇི་ལྟར་ན་དངོས་པོ་མེད་
པས་དངོས་པོ་རྣམས་མཉམ་པ་ཉིད་དུ་མེད་ཅེས་དེ་སྐད་དུ་ཐུགས་དོགས་ནས་ཐམས་ཅད་མཁྱེན་པས་བཀའ་སྩལ་པ། ཇི་ལྟར་དངོས་མེད་དངོས་པོ་རྣམས། །མཉམ་པ་ཉིད་དུ་ཇི་ལྟར་བྱེད། །ཕྱི་དང་ནང་གི་གཡོ་བ་རྣམས། །ནམ་ཞིག་སེམས་ཀྱིས་མི་ཤེས་ན། །ཞེས་པ་སྟེ། ནམ་
ཞིག་སེམས་ཀྱིས་འཛིན་པ་དང་། གཟུང་བའི་དངོས་པོར་མི་ཤེས་པ་དེ་ན་རང་བཞིན་གྱིས་འོད་གསལ་བའི་མི་གཉིས་པར་རྣམ་པར་ཆུད་པ་རྣམས་ཀྱིས་གཉིས་ཀྱི་རྣམ་པའི་དངོས་པོ་མཉམ་པ་ཉིད་དུ་འགྱུར་རོ། །ཕྱི་ནང་གི་གཡོ་བ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་སྐད་ཅིག་པ་ཡང་
Vol. 121 · folio 197b
དག་པར་རིག་པ་ལ་འཛིན་པའི་བདག་ཉིད་ཀྱིས་ཕྱི་རོལ་གྱི་གཟུང་བར་རྣམ་པར་མི་རྟོག་པའོ། །རྣམ་པ་དེ་ལྟ་བུའི་དོན་དམ་པའི་བདེན་པ་གཉིས་སུ་མེད་པར་ཡང་དག་པར་རིག་པའི་རང་བཞིན་ལ་རིག་པར་བྱ་བ་དང་། རིག་པ་པོའི་དངོས་པོར་སེམས་ཀྱང་མི་རྒྱུ་ན་ཡི་གེ་དང་སྒྲ་ལྟ་ཅི་སྨོས། དེས་
ན་ཡང་དག་པར་རིག་པ་གཉིས་ཀྱི་དངོས་པོ་མེད་པ་འཇིག་པར་མི་བྱེད་དོ། །དེ་བཞིན་དུ་ཡང་བཙུན་གཙོ་འཕགས་པ་བྱམས་པས་གསུངས་པ། གཉིས་ཀྱི་དངོས་པོ་མེད་པ་ཡིས། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་ལས་འབྱུང་བ། གཉིས་ཀྱི་
རྣམ་པས་དོན་དམ་པ་ལ་རང་བཞིན་མེད་པའོ། །རང་བཞིན་གྱིས་འོད་གསལ་བའི་ཆུད་པའི་སྟོང་པ་ཉིད་དུ་འདིར་སྨྲས་པ་ཡིན་ནོ། །འཕགས་པ་ལང་ཀར་གཤེགས་པ་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་བཤད་པ་སྦྱར་བའི་ལེའུ་གསུམ་པ་ལས་མངོན་སུམ་དང་རྗེས་སུ་དཔག་པ་
དཔྱད་པའི་ལེའུ་ཕྲན་བཅུ་པའོ།། །།བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ནམ་དམིགས་པར་བྱ་བའི་དོན་ཤེས་པས་མི་དམིགས་པ་དེ་ནི་རྣམ་པར་རིག་པའི་གཟུང་བ་མེད་པས་འཛིན་པ་མེད་པ་ཡིན་ནོ། །དེ་འཛིན་པ་མེད་པས་རྣམ་པར་རྟོག་པ་
ཞེས་བསྒྲགས་པའི་རྣམ་པར་ཤེས་པ་ཡང་མི་འཇུག་གོ་ཞེས་གསུངས་ན་ཞེས་བྱ་བ་ནི་འཕགས་པ་བྱམས་པས་བཤད་པ་ལྟ་བུ་སྟེ། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བ་རབ་ཏུ་སྐྱེ་བ་ནི། །རྣམ་པར་རིག་པའོ་དེའི་དོན་མེད། །དེ་མེད་པས་ན་དེ་ཡང་མེད། །ཅེས་བྱ་བ་འདི་ནི་
ཐམས་ཅད་མཁྱེན་པའི་ཕྱོགས་སུ་གནས་པ་སྟེ། དམིགས་བྱ་དམིགས་དང་བྲལ་བར་ནི། །གང་ཚེ་འདུས་བྱས་མཐོང་བར་ནི། །མཉམ་ཉིད་སེམས་སུ་མཐོང་བ་ནི། །དེ་ཚེ་འཇིག་པར་མི་བྱེད་དོ། །ཞེས་པར་རོ། །ནམ་སྦོམ་པོ་དང་ཕྲ་མོ་རྣམ་པར་དཔྱད་དེ། རྣམ་པར་ཕྱེ་བ་ན་
ཁང་པ་དང་། སྡེ་དང་ནགས་ཚལ་ལ་སོགས་པ་བཞིན་དུ་མེད་དེ་སྟོང་པ་ཉིད་དོ། །ཆ་མེད་པ་རྣམས་ཀྱང་བླ་འོག་གི་ཚོགས་སུ་མི་རུང་སྟེ། སེམས་དང་སེམས་ལས་བྱུང་བ་བཞིན་ནོ། །ཀུན་མཁྱེན་དམ་ཆོས་འཛིན་པ་འགྲེལ་པ་ནི། །བདག་མེད་གྲུབ་མཐའ་ཚུལ་ནི་རྒྱས་པ་ལ། །
Vol. 121 · folio 198a
ངས་གང་འདི་ཡི་རྣམ་དཔྱད་འདིར་བྱས་པ། །གང་ན་སྔ་མའི་ཀླུས་བོས་གཉེན་རྣམས་ཀྱིས། །འགྲེལ་པ་མ་བྱས་བདག་གིས་བྱས་ནས་ནི། །ཚད་མ་ལུང་དང་རིགས་པ་སྦྱར་ནས་སུ། །འོན་ཀྱང་འདིར་ནི་ལེགས་བཤད་པ་ཡི་ཅི། །ལོག་པའི་སྨོན་ལམ་ཉིད་ནི་བཏབ་པའོ། །
ཞེས་པའོ། །ཕྱི་རོལ་གྱི་དོན་དུ་སྨྲ་བ་རྣམས་ཀྱིས་རྡུལ་ཕྲ་མོ་ལ་ཆ་མེད་པར་ཁས་ལེན་པ་དེ་དག་ནི་ཕྱོགས་ཀྱི་ཐ་དད་པར་དབྱེ་བ་ན་གཅིག་པར་མི་རིགས་སོ། །དེས་ན་ཕྱི་རོལ་གྱི་གཟུང་བའི་དངོས་པོ་མེད་པའི་ཕྱིར་འཛིན་པའི་དངོས་པོ་ཡང་མེད་དོ། །ནམ་ཤེས་རབ་ཀྱིས་དཔྱད་དེ། ཤེས་པར་བྱ་བ་
སྦོམ་པོ་དང་། ཕྲ་མོ་མི་དམིགས་པ་དེ་ན་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པ་དངོས་པོ་དང་དངོས་པོ་མེད་པའི་མཉམ་པ་ཉིད་ཡང་དག་པར་རིག་པར་གནས་སོ། །དེས་ནི་ངེས་པར་འཇུག་པའི་དབང་པོའི་ཤེས་པ་དང་། དབུགས་ཐུབ་པ་ཡང་དག་པར་རིག་པ་
ལྟ་བུའི་བསམ་པ་མེད་ཅིང་སྣང་བ་མེད་པ་དོན་དམ་པའི་བདེན་པ་མི་གཉིས་པ་ཡང་དག་པར་རིག་པ་བརྗོད་དུ་མེད་པ་ལ་འཇིག་པར་མི་བྱེད་དོ། །གློངས་པའི་མཐུ་ཉིད་ཀྱིས་ལུས་ལ་སེམས་ཅན་དུ་ངེས་སོ། །སེམས་ཀྱི་རྒྱུད་ལ་རྟག་པ་དང་། གཅིག་པུ་དང་། བདག་ཏུ་འཛིན་ཏོ། །
མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་བྱེད་པའི་ལས་སུ་རྣམ་པར་རྟོག་སྟེ། སེམས་ཅན་ལ་སོགས་པའི་ཚོགས་ཀྱིས་དོན་ཐམས་ཅད་གཟུང་བའི་དངོས་པོ་མ་ཡིན་པའི་ཕྱིར་ཤེས་པ་མི་འཇུག་གོ། །དེ་ལ་འཕགས་པ་བློ་གྲོས་ཆེན་པོས་གླེངས་པ་ནི་ཤེས་པའི་ཤེས་པར་བྱ་བ་ཇི་ལྟ་བུར་
ན་ཡོངས་སུ་མི་ཤེས་ན་ཅི་རང་དང་སྤྱིའི་མཚན་ཉིད་ཡོངས་སུ་མི་ཤེས་སམ། ཅི་གཞན་གྱིས་ཟིལ་དུ་བརླག་གམ། ཅི་བསྒྲིབས་པས་སམ། ཅི་རིང་བས་སམ། ཅི་ཧ་ཅང་ཉེ་བས་སམ། ཕྲ་བའི་དངོས་པོས་སམ། ཅིའི་དབང་པོ་དང་མི་ལྡན་པས་སམ། ཅི་ཡིད་བསླད་པས་སམ། དེ་དེ་བཞིན་
དུ་འདྲེས་པའི་ཕྱིར་རམ། གྲངས་ཅན་ལ་སོགས་པས་རྒོལ་བའི་ཐེ་ཚོམ་དུ་བཟློག །བློ་གྲོས་ཆེན་པོས་ཐམས་ཅད་མཁྱེན་པ་ལ་གསོལ་པ། རང་དང་སྤྱིའི་མཚན་ཉིད་དུ་ཁོང་དུ་ཆུད་པ་ནི་དོགས་པ་ལས་ཀྱང་འབྱུང་ངོ་། །དེ་ལས་ཐམས་ཅད་མཁྱེན་པའི་ཕྱི་མའི་ཕྱོགས་ནི་ངས་དེ་ལ་
Vol. 121 · folio 198b
དགོངས་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། ནམ་ཤེས་རབ་ཀྱིས་དཔྱད་དེ་དམིགས་པར་བྱ་བའི་དོན་དུ་ཤེས་པས་མི་དམིགས་པ་དེ་ན་རྣམ་པར་རིག་པ་ཙམ་དུ་གཞག་པ་ཡིན་ནོ་ཞེས་བཤད་ཀྱི་ཡོངས་སུ་མི་ཤེས་པ་ཙམ་ལས་ནི་མ་ཡིན་ནོ། །གཉིད་ལོག་པ་དང་། སྨྱོས་པ་དང་། མྱོས་པ་དང་། བླུན་
པ་དང་། ལོང་བ་དང་། ལྐུགས་པ་དང་། བྱིས་པ་དང་། གླེན་པ་དང་། བསྒྲིབས་པ་དང་། ཟིལ་དུ་བརླག་པ་དང་། རིང་བ་དང་། ཕྲ་བ་དང་། ཡོངས་སུ་མི་གསལ་བ་དང་། བསླད་པ་དང་། ལོག་པའི་རྣམ་པ་སྣ་ཚོགས་ཤེས་པའི་ཕྱིར་རྣམ་པར་རིག་པ་ཙམ་དུ་རྣམ་པར་གཞག་པར་
བཤད་པ་མ་ཡིན་ནོ། །དེར་གཞན་པ་དང་། གཞན་པ་མ་ཡིན་པ་དང་། རང་དང་སྤྱིའི་མཚན་ཉིད་ཐ་དད་པ་དང་། ཐ་མི་དད་པར་སྨྲ་བའི་རྣམས་ནི་འཁྲུལ་པ་སྟེ། ཇི་ལྟར་ནེ་ཡི་ཡ་ཡི་ཀ་དང་། ཁྱད་པར་ཅན་རྣམས་ཀྱིས་སྤྱི་ནི་ཐ་དད་པར་རྟོག་གོ། །གྲངས་ཅན་རྣམས་ཀྱིས་ནི་ཐ་མི་
དད་པར་རོ། །ཀྵ་པ་ན་ཀ་དང་དཔྱོད་པ་ཅན་རྣམས་ནི་རང་དང་སྤྱིའི་མཚན་ཉིད་ལ་ཐ་དད་པ་དང་། ཐ་མི་དད་པ་དང་། གཞན་པ་དང་། གཞན་པ་མ་ཡིན་པའི་རང་བཞིན་དུ་རྟོག་གོ། །སྒྲ་པ་རྣམས་ནི་བདག་གི་ཤེས་པ་ཡོད་པར་རོ། །ཚངས་པར་སྨྲ་བ་རྣམས་ཀྱིས་ནི་གཉིས་སུ་
མེད་པར་རྟོག་གོ། །ཞི་བ་པ་རྣམས་ནི་འཇིག་རྟེན་ནི་ཞི་བ་པའི་མཐུ་ཅན་དུ་རྟོག་གོ། །གཏོགས་འདོད་པ་རྣམས་ནི་གཏོགས་འདོད་པ་རྣམས་ཀྱི་བར་རོ། །གཉིས་སུ་སྨྲ་བ་པོ་དེ་དག་གི་ཤེས་པ་ནི་ཕྱི་རོལ་གྱི་དོན་དུ་བསླད་པའི་རྣམ་པའོ། །མི་གཉིས་པར་སྨྲ་བ་རྣམས་ནི་འཇིག་རྟེན་
མཐའ་དག་གི་ཆུད་པ་རྣམས་ལ་རྟག་པ་དང་། གཅིག་པུ་པར་སྒྲོ་འདོགས་སོ། །སངས་རྒྱས་པ་རྣམས་ཀྱི་ཁྱད་པར་ནི་སེམས་ཅན་རྣམས་ཀྱི་ཆུད་པ་སྐད་ཅིག་མའི་རྒྱུན་དུ་འབྱུང་ཞིང་མང་བ་སྟེ། འཁོར་བ་དང་། ཐར་པའི་རིམ་པས་ནོར་པ་དང་། ནོར་པ་མེད་པ་རྣམས་སོ། །
ནམ་ནང་འཁྲུགས་ཏེ་མགོ་འཁོར་བ་དང་། བརྒྱལ་བའི་གཟུགས་དང་། རབ་རིབ་ཀྱི་རང་བཞིན་ལྟར་ཐུན་མོང་དུ་སྐྱེས་པའོ། །ཕྱི་རོལ་གྱི་སྦོམ་པོ་དང་། ཕྲ་མོ་ཀུན་བརྟགས་པ་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་རྣམ་པར་ཕྱེ་བ་ན་དེའི་ཚེ་བསམ་པ་མེད་ཅིང་
Vol. 121 · folio 199a
སྣང་བ་མེད་པ་དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་མཚན་ཉིད་ཀྱི་རྒྱུད་ཡང་དག་པར་རིག་ཅིང་བརྗོད་དུ་མེད་པ་གཉིས་ཀྱི་རྣམ་པར་མ་སྐྱེས་ཀྱང་རྣམ་པར་རྟོག་པར་བྱེད་དོ། །དེར་ནི་རྟག་པ་དང་། མི་རྟག་པ་དང་། བྱས་པ་དང་། ཕྱི་རོལ་དང་། ནང་དང་། འཛིན་པ་དང་།
གཟུང་བ་དང་། བྱེད་པ་དང་། བྱེད་པ་པོ་དང་། བསྐྱེད་པ་དང་། སྐྱེད་པ་པོ་དང་། བརྗོད་པ་དང་། རྗོད་པ་ལ་སོགས་པ་གཉིས་ཀྱི་རྣམ་པའི་ཐ་སྙད་ཉིད་མི་སྣང་ངོ་། །དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྟག་པ་དང་། གཅིག་པུ་དང་། བདག་དང་། ཕྱི་
རོལ་གྱི་སྦོམ་པོ་ལ་སོགས་པར་དོན་ཐམས་ཅད་དུ་རྣམ་པར་རྟོག་པ་ནི་སྣང་ངོ་། །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིས་མ་རྟག་པ་དང་། སྡུག་བསྔལ་བ་དང་མི་མཛེས་པ་ལ་སོགས་པར་རྣམ་པར་རྟོག་པ་རྣམས་ཕྱི་རོལ་གྱི་དངོས་པོ་གཉིས་ཀྱི་མེད་པ་ལ་འཇུག་གོ། །དེས་ན་རྟག་པ་དང་། མི་
རྟག་པ་དང་། འདུས་བྱས་དང་། འདུས་མ་བྱས་པ་ལ་སོགས་པར་རྣམ་པར་རྟོག་པ་རྣམས་དོན་དམ་པ་མི་གཉིས་པ་ལ་ཐ་དད་པའི་རྣམ་པར་མི་སྣང་ངོ་། །གཞན་གྱི་དབང་ཡང་རྨི་ལམ་དང་། མིག་འཕྲུལ་དང་། རབ་རིབ་དང་། གཟུགས་བརྙན་ལ་སོགས་པ་བཞིན་དུ་སྐྱེ་བའི་རང་
བཞིན་མེད་པའི་ཕྱིར་འཛིན་པ་དང་གཟུང་བའི་དངོས་པོར་མ་སྐྱེས་སོ། །དེས་ནི་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན། འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་པ་ཡང་མ་ཡིན། སྐྱེས་པ་ཡང་མ་ཡིན། མ་སྐྱེས་པ་ཡང་མ་ཡིན་ཏེ། ཇི་ལྟར་དགོངས་པ་ངེས་པར་འགྲེལ་པ་
ལས། རིགས་ཀྱི་བུ་འདུས་བྱས་དང་། འདུས་མ་བྱས་ཞེས་བྱ་བ་དེ་ནི་སྟོན་པས་བཏགས་པའི་ཚིག་གོ་ཞེས་པ་སྟེ། སྒྱུ་མའི་གཟུགས་ལྟར་འདུས་བྱས་སུ་དཔྱད་པའམ། འདུས་མ་བྱས་སུ་ཡང་རུང་སྟེ། དབང་པོ་ལ་སོགས་པ་སུས་ཀྱང་མ་བྱས་པའི་ཕྱིར་རོ། །དེ་བཞིན་གཤེགས་
པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བའི་ཆུད་པའི་ཆོས་ཉིད་དེ་ནི་ཡེ་ནས་གནས་པ་ཡིན་ནོ། །དེས་ན་འདུས་བྱས་སྐད་ཅིག་མའི་རྒྱུན་འབྱུང་བ་ཡང་། དམིགས་བྱ་དམིགས་དང་བྲལ་བར་ནི། །གང་ཚེ་
Vol. 121 · folio 199b
འདུས་བྱས་མཐོང་བ་ན། །མཉམ་པ་ཉིད་ཀྱི་སེམས་མཐོང་བ། །དེ་ཚེ་འཇིག་པར་མི་བྱེད་དོ། །དེ་བས་ན་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སོ་ཞེས་དེ་སྐད་དུ་གསུངས་པའོ། །གཞན་པ་དང་གཞན་པའི་རྣམ་པར་རྟོག་པ་རྣམས་ཀྱིས་སྨྲ་བ་པོ་རྣམས་ཀྱི་ཡེ་ཤེས་མང་སྟེ། དེ་དག་ལ་ནི་ཁོ་ན་ཉིད་ཀྱི་ཡེ་ཤེས་
མེད་དོ། །ནམ་ཤེས་རབ་ཀྱིས་དཔྱད་དེ་ཅི་ཡང་མི་དམིགས་པ་དེ་ན་ངས་རྣམ་པར་རིག་པ་ཙམ་དུ་རྣམ་པར་གཞག་གོ་ཞེས་ཐམས་ཅད་མཁྱེན་པའི་དགོངས་པའི་དོན་ཏོ། །ཡོད་པ་དང་མེད་པའི་ཞེས་བྱ་བ་ལ་སོགས་པ་ནི་ཕྱི་རོལ་གྱི་ཡོད་པ་དང་། མེད་པའི་ཡང་གཟུང་བའི་དངོས་པོ་མེད་
པའི་ཕྱིར་ཤེས་པས་ཤིན་ཏུ་མི་དམིགས་ཏེ། ཤེས་པ་དང་ཤེས་པར་བྱ་བ་དུས་མཉམ་པས་ན་ཕན་པར་བྱ་བ་དང་། ཕན་པར་བྱེད་པའི་དངོས་པོ་མེད་པའི་ཕྱིར། དུས་ཐ་དད་པ་ན་ཡང་འབྲེལ་པ་མེད་པས་གང་གི་ཚེ་ན་གཅིག་ཡོད་པ་དེའི་ཚེ་ན་གཉིས་མེད་ན་འཛིན་པ་དང་གཟུང་བའི་དངོས་པོ་
སུའི་ཡིན། དེས་ན་བསྐྱེད་པ་དང་། སྐྱེད་པའི་དངོས་པོར་མི་རུང་ངོ་། །ཤེས་པ་དང་། ཤེས་པར་བྱ་བ་དག་གཟུང་བ་དང་འཛིན་པའི་དངོས་པོར་མི་རྟོག་པས་ན་གཟུང་བ་དང་འཛིན་པ་མ་ཡིན་ནོ། །གང་གི་ཚེ་ན་ཤེས་རབ་ཀྱིས་དཔྱད་དེ་སྦོམ་པོ་དང་། ཕྲ་མོ་ཕྱོགས་ཀྱི་ཆ་ཐ་དད་པར་
ཕྱེ་སྟེ་ཁང་པ་དང་། སྡེ་དང་། ནགས་ཚལ་ལ་སོགས་པ་བཞིན་དུ་སྟོང་པར་མཐོང་ཞིང་མི་དམིགས་པ་དེའི་ཚེ་སྟོང་པ་ཉིད་ལ་མཚན་མར་མི་འཛིན་ཏེ། མཚན་མར་མི་འཛིན་པས་ཀྱང་སེམས་ཀྱིས་མི་སྨོན་ཏེ། དེ་དེ་བཞིན་དུ་རྣམ་པར་ཐར་པའི་སྒོ་ལ་སྙོམས་པར་འཇུག་གོ། །
དེ་བཞིན་དུ་ཡང་ཆོས་དང་། གང་ཟག་ལ་བདག་མེད་པའི་ཏིང་ངེ་འཛིན་ཐོབ་པས་རྟག་པ་དང་། བདག་དང་། བདག་གིར་ཆགས་པ་མེད་པའི་ཕྱིར་འཛུངས་པ་སྤངས་ཏེ། དེ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་འཇུག་གོ། །བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཀྱིས་མཆོག་
གི་རབ་ཏུ་དགའ་བའི་ས་ཐོབ་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་བྱང་ཆུབ་སེམས་དཔའི་ས་དྲི་མ་མེད་པ་ལ་གནས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པར་གྱུར་པ་དང་། འོད་བྱེད་པའི་སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་ལ་བཟོད་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words