འཕགས་པ་ལང་ཀར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཞེས་བྱ་བ

Sanskrit title (Tibetan script, as in the text) ཨཱརྱ་ལངྐ་ཨ་བ་ཏཱ་ར་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ་བྲྀཏྟི་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ལངྐ་ར་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 122 · folio 248a

ནས་སུ། །མི་དམིགས་པ་རྣམས་རབ་ཏུ་སྐྱེ། །ཞེས་གསུངས་པ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆེ་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་བཞི་ཡང་། དེ་བཞིན་ཉིད་ལ་དམིགས་པ་བདེན་པའི་ཡུལ་ཅན་ནོ། །འགོག་པའི་སྙོམས་པར་འཇུག་པ་ནི་

སྔར་བསྟན་ནོ། །གཞན་ཡང་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ནི། རིགས་ཀྱི་བུ་འགོག་པ་ཞེས་བྱ་བ་ནི། གློ་བུར་གྱི་སྒྲིབ་པ་མེད་པ། ཡང་དག་པ་མ་ཡིན་པ། ཡོད་པ་མ་ཡིན་པ། ཀུན་དུ་བརྟགས་པ་སྟེ། ནམ་ཡང་དག་པ་མ་ཡིན་པ་དེ་ལ། ཀུན་དུ་མི་རྟོག་པ་དེ་ནི་འགོག་པའོ་ཞེས་

གསུངས་པའོ། །གཞན་ཡང་རིགས་ཀྱི་བུ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འགོག་པ་མངོན་དུ་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་གང་འགོག་པ་མངོན་སུམ་དུ་བྱེད་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་ངོ་ཞེས་གསུངས་ན་བཅོམ་ལྡན་འདས་ཀྱིས་དེ་ཅི་ལ་དགོངས་

ཏེ་གསུངས། སྨྲས་པ། རིགས་ཀྱི་བུ་མངོན་སུམ་དུ་མི་བྱེད་ཅེས་བྱ་བ་འདི་ནི་བསྟན་དུ་མེད་པ་མངོན་སུམ་དུ་མཐོང་བའི་ཚིག་བླ་དགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་འགོག་པ་ནི་བསྟན་དུ་མེད་པའི་ཆོས་སོ་ཞེས་གསུངས་སོ། །ཆོས་གང་བསྟན་དུ་མེད་པ་དེ་ནི་མངོན་སུམ་དུ་བྱ་བར་མི་ནུས་སོ། །

དེ་བས་ན་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འགོག་པ་མངོན་སུམ་དུ་མི་བྱེད་མི་མཐོང་ངོ་ཞེས་གསུངས་ཏེ། དེ་ལ་དགོངས་ཏེ་བྱང་ཆུབ་སེམས་དཔའ་ནི་འགོག་པ་མངོན་དུ་མི་བྱེད་དོ། །ཉན་ཐོས་ནི་ཆོས་ལ་མཚན་མར་འཛིན་པའི་བློ་ཡིས་འགོག་པ་མངོན་སུམ་དུ་བྱེད་དོ། །གནས་སོ། །

ཀུན་ཤེས་སོ་ཞེས་གསུངས་སོ། །དེ་ལྟར་དགོངས་དོན་བསྟན་པས་ཀྱང་མདོ་འདི་ལས་བྱང་ཆུབ་སེམས་དཔའ་འགོག་པའི་སྒོ་ཅུང་ཟད་མངོན་དུ་བྱེད་པར་གསུངས་པ་ནི། མདོ་སྡེ་གཞན་དང་མི་འགལ་བར་བསྟན་ཏོ། །འདིར་ཏིང་ངེ་འཛིན་བཅུ་དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་། གསུང་རབ་

དག་ལས་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆོད་ཐོབ་པ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཇི་ལྟར་འདོད་པ་བཞིན་སྙོམས་པར་འཇུག་གོ་ཞེས་གསུངས་པ་དང་མདོ་འདི་ཉིད་ལས་ཀྱང་ས་བརྒྱད་པ་ལ་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་ཏིང་ངེ་འཛིན་

Vol. 122 · folio 248b

གྱི་བདེ་བ་ལ་གནས་པ་ན། སངས་རྒྱས་རྣམས་ཀྱིས་རྗེས་སུ་འཛིན་པ་སྟེ། དེ་ལས་སད་པར་བྱེད་པ་ཉིད་དུ་གསུངས་པའི་ཕྱིར་རོ། །གཞན་ཡང་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་རྫོགས་པའམ། རྫོགས་པ་ལ་ཉེ་བའི་གནས་

སྐབས་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་རྫོགས་པའམ། རྣམ་པར་དག་པ་ཉིད་དུ་གསུངས་པ་ལ་དེ་འདྲ་བ་ཡང་ས་བརྒྱད་པ་ལ་སོགས་པའི་གནས་སྐབས་ཡིན་པས་སོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་བསྟན་བཅོས་ལས། ཁྱད་པར་དུ་ས་བརྒྱད་པའི་གནས་

སྐབས་ནས་ཐོབ་པར་བཤད་དེ། དབང་པོ་ཤེས་དང་རྒྱལ་བ་ཡི། །ཞིང་སྦྱོང་སྒྱུ་མ་ལྟར་གནས་དང་། །ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་སྔོན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཐོབ་

པར་བྱའོ་ཞེས་སེམས་བསྐྱེད་ཅིང་སྨོན་ལམ་བཏབ་པ་ལ། རྣམ་པར་ལྟ་བ་སྟེ། སྨོན་ལམ་དྲན་པས་ཏིང་ངེ་འཛིན་གྱི་སྒོ་ཡང་དག་པའི་མཐའ་ལས་བཟློག་པ་སྟེ། སྟོང་པ་ཉིད་ཀྱི་མཐའ་མངོན་དུ་བྱེད་པ་ལས་ལངས་ནས་རྗེས་ཀྱི་གནས་སྐབས་སུ་བདག་གི་འཕགས་པ་སོ་སོ་རང་གིས་རིག་པས་ཤེས་

པར་བྱ་བ་གཞན་དང་ཐུན་མོང་མ་ཡིན་པའི་རྣལ་འབྱོར་གྱི་ལམ་སྟེ་སྣང་ལ་ཞེན་པ་མེད་པའི་ཤེས་རབ་ཀྱིས་སེམས་ཅན་སྨིན་པར་བྱེད་ཅིང་སངས་རྒྱས་ལ་མཆོད་པ་ལ་སོགས་པའི་སྒོ་ནས་ཚོགས་རྫོགས་པར་བྱེད་པ་དང་། ཡང་མཉམ་པར་གཞག་པའི་རྣལ་འབྱོར་སྤེལ་མར་བསྒོམས་

པས། འཕགས་པའི་རིགས་དང་དེ་བཞིན་གཤེགས་པའི་སྙིང་པོ་སྦྱོང་བར་བྱེད་པའི་ལམ་བཅུ་སྟེ། ས་བཅུ་ཡོངས་སུ་རྫོགས་པའོ། །གཞན་ཡང་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་དང་ཞེས་པ་ལ་སོགས་པ་ས་བཅུའི་གནས་སྐབས་ཉིད་ལ་སྦྱར་བའམ། དེ་བཞིན་

གཤེགས་པའི་ཡེ་ཤེས་མཐར་ཐུག་པ་ལ་སོགས་པ་ལ་སྦྱར་བར་བྱའོ། །དེ་ལྟ་བས་ན་ཞེས་པ་ལ་སོགས་པ་ནི་དེ་འདྲ་བའི་ཡོན་ཏན་ཁྱད་པར་ཅན་ཐོབ་པར་འདོད་པས་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་སྦྱང་བར་བྱའོ་ཞེས་གདམས་པའོ། །དེ་ལ་རྣམ་པར་ཤེས་

Vol. 122 · folio 249a

པའི་ཚོགས་བརྒྱད་ལས་ཀུན་གཞི་ཉིད་དེ་བཞིན་གཤེགས་པའི་སྙིང་པོར་གྱུར་པའི་རྒྱུ་མཚན་ནི་ལུས་ཅན་ཐམས་ཅད་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཉིད་དུ་གསུངས་པས་འཇུག་པའི་རྣམ་པར་ཤེས་པ་ནི་རྒྱུ་དང་མི་ལྡན་པའི་ཕྱིར་སྙིང་པོ་ཉིད་དུ་མི་འཐད་ཅེས་པའོ། །

གལ་ཏེ་སེམས་ཅན་གྱི་གནས་སྐབས་ན་ཡང་རྒྱུན་ལས་ཉམས་པར་འགྱུར་བ་ནི་དུས་གཞན་གྱིས་ཆོད་པའི་འོག་རོལ་དུ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱུར་མི་འཐད་ལ། དེ་ལྟ་ན་ཡང་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ལ། ཡིད་ཀྱི་རྣམ་ཤེས་དང་སྒོ་ལྔའི་རྣམ་

ཤེས་གནས་གྱུར་པ་ནི་གོ་རིམས་བཞིན་དུ་སོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ནོ་ཞེས་པའི་དབྱེ་བ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། རྣམ་པར་ཤེས་པ་རྒྱུན་འགག་པར་གྱུར་པ་ན། དེ་རྣམས་ཀྱིས་རང་གི་རིགས་མཐུན་ཕྱི་མ་སྐྱེད་པར་གྱུར་པའི་ས་བོན་སེམས་ཀྱི་ངོ་བོར་གྱུར་པ་ཀུན་གཞི་རྣམ་

པར་ཤེས་པ་ལ་བསྒོས་ཤིང་། དེ་ལས་ཀྱང་རྣམ་པར་ཤེས་པ་དང་། ཡང་དེ་ལ་འགགས་པར་གྱུར་པ་ན་ས་བོན་ལ་སོགས་པའི་སྐད་ཅིག་གཞན་དང་གཞན་འབྱུང་བ་ན། དེ་རྣམས་ལས་བར་དུ་མ་ཆོད་པར་ཡེ་ཤེས་ཀྱི་ཁྱད་པར་དེ་རྣམས་འབྱུང་བས་སོ་སོར་ངེས་པའི་རྒྱུད་ཉིད་དུ་འཐད་ཅིང་དེ་

ཉིད་ཀྱིས་གནས་གྱུར་པའི་བྱེ་བྲག་སོ་སོར་ངེས་པ་ལ་འགལ་བ་མེད་དོ། །གལ་ཏེ་དེ་ལྟ་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་སྐྱེ་བའི་རྒྱུར་འགྱུར་བས་དེ་བཞིན་གཤེགས་པའི་སྙིང་པོའམ་རིགས་ཉིད་དུ་འགྱུར་བ་མཚུངས་སོ་ཞེ་ན། མ་ཡིན་ཏེ། ཆོས་ཀྱི་སྐུའི་རང་

བཞིན་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ལ། དེ་ཡང་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པས་རབ་ཏུ་ཕྱེ་བ་ཉིད་དོ་ཞེས་གསུངས་པས་དེ་ཉིད་སངས་རྒྱས་ཀྱི་སྙིང་པོའམ་རིགས་ཉིད་དུ་འཐད་ཀྱི། དེ་ལས་གཞན་ཡེ་ཤེས་གསུམ་པོ་ནི་ཡེ་ཤེས་སྔ་མ་དེ་ལ་བརྟེན་པའི་

གནས་སྐབས་གློ་བུར་བ་ཡིན་པས་དེ་རྣམས་ཀྱི་རྒྱུར་གྱུར་པའི་འཇུག་པའི་རྣམ་པར་ཤེས་པ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་སོགས་པར་མི་འཐད་པའོ། །དེ་ལས་གནས་གྱུར་ཞེས་པའི་དོན་ནི་སྤང་བྱ་ས་བོན་དང་བཅས་པ་སྤངས་ནས་གཉུག་མར་གནས་པའི་ཡེ་ཤེས་ས་བོན་དང་

Vol. 122 · folio 249b

བཅས་པ་འབའ་ཞིག་པའོ། །འདི་རྣམས་ཀྱི་དོན་ཞིབ་ཏུ་སྔར་བསྟན་ཟིན་ཏོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་འཇིག་རྟེན་ཐ་མལ་པ་རྣམས་ལ་ཀུན་གཞི་སྒྲུབ་པར་བྱེད་པའི་གཏན་ཚིགས་སྟོན་ཏེ། འདིའི་དོན་ཡང་འཇུག་པའི་ཚོགས་དྲུག་རྒྱུན་གྱིས་འཇུག་པ་ལས་བརྒྱལ་བ་དང་

གཉིད་མཐུག་པོ་ལོག་པ་ལ་སོགས་པའི་གནས་སྐབས་སུ། རེ་ཞིག་ལྡོག་ཅིང་ཡང་དེ་ལས་སད་ནས་རྒྱུན་གྱིས་འཇུག་པ་སྟེ། དེའི་རྒྱུན་གྱི་ཐོག་མ་དེ་ཉིད་ནི་ས་བོན་ཐམས་ཅད་དང་ལྡན་པའི་སེམས་འཇུག་པའི་རྣམ་པར་ཤེས་པ་ལས་གཞན་པ་འགའ་ཞིག་སྔོན་དུ་སོང་བ་ཡིན་ཏེ། རེས་འགའ་བ་

ཉིད་དུ་འཇུག་ཅིང་དམིགས་པའི་ཕྱིར་ཞེས་གཏན་ཚིགས་སུ་སྦྱར་རོ། །གལ་ཏེ་རེས་འགའ་བ་ཉིད་དུ་དམིགས་པ་ནི། མྱོང་བའི་ཚད་མས་གྲུབ་པ་དེ་ལྟ་ན་ཡང་དེ་འདྲ་བའི་སེམས་སྔོན་དུ་སོང་བ་ཉིད་དུ་ཇི་ལྟར་འགྱུར་ཏེ། ཁྱབ་པ་མ་གྲུབ་པོ་ཞེ་ན། སྐྱོན་མེད་དེ། རེས་འགའ་བ་ཡིན་པའི་ཕྱིར་རྒྱུ་

མེད་པར་ནི་འགལ་ལ། རྒྱུ་ཡང་བེམས་པོ་དང་རིག་པ་ལས། སེམས་ལས་ཐ་དད་པའི་བེམས་པོ་ནི་ཡང་དག་པའི་ཀུན་རྫོབ་ཙམ་དུ་ཡང་མི་འཐད་དོ་ཞེས་སྔར་བསྟན་ལ། རིག་པ་ཡང་རང་གི་རྒྱུད་དུ་གཏོགས་པ་དང་། རྒྱུད་གཞན་གྱིས་བསྡུས་པ་ལས་དང་པོ་རང་གི་རྒྱུད་དུ་གཏོགས་

པའི་རྣམ་པར་ཤེས་པའི་ཚོགས་དྲུག་ནི་འགགས་ནས་མེད་པའི་ཕྱིར་དེའི་རྒྱུར་མི་འཐད་ལ། བར་དུ་ཆོས་སྔ་མ་ཡང་འབྲས་བུ་སྐྱེད་པའི་དུས་ན་ཞིག་ནས་མེད་པའི་ཕྱིར་རྒྱུར་མི་འཐད་ཅེས་པའོ། །གལ་ཏེ་ཉོན་མོངས་པ་ཅན་གྱི་ཡིད་དེའི་རྒྱུར་འགྱུར་རོ་ཞེ་ན། མི་འཐད་དེ། དེ་འདྲ་བ་ལུང་

ལས་བཤད་པ་ནི། ཀུན་གཞི་ལ་བརྟེན་ཅིང་། དེ་ལ་དམིགས་པ་ཉིད་ཡིན་པས། དེ་གྲུབ་ན་ཀུན་གཞི་ཡང་གྲུབ་པ་ཉིད་དུ་འགྱུར་ལ། དེ་ལས་གཞན་པ་འཇུག་པའི་རྣམ་པར་ཤེས་པའི་ས་བོན་དང་ལྡན་པའི་སེམས་འགའ་ཞིག་ཡིན་པར་རྟོགས་ན་ནི། དེ་ཀུན་གཞི་རྣམ་པར་ཤེས་པའི་མཚན་ཉིད་དང་

ལྡན་པས་ཀུན་གཞི་ཉིད་ཡིན་ཏེ། མིང་ནི་ཇི་ལྟར་ཡང་འདོགས་ལ་རག་གོ། །གཉིས་པ་རྒྱུད་གཞན་གྱིས་བསྡུས་པའི་སེམས་ཀྱང་དེའི་རྒྱུར་མི་འཐད་དེ། དེ་ཉིད་འབའ་ཞིག་རྒྱུ་ཡིན་ན་ནི། བརྒྱལ་བ་ལ་སོགས་པའི་གནས་སྐབས་སུ་ཡང་ཚོགས་དྲུག་ལྡོག་པ་མི་འཐད་དེ། དེའི་རྒྱུ་ལ་མ་ཚང་བ་

Vol. 122 · folio 250a

མེད་པའི་ཕྱིར་རོ། །འོན་ཏེ་དེ་ལ་ཡང་ལྟོས་པ་ཙམ་དུ་ཁས་ལེན་ན་ནི་སྐབས་ཀྱི་དོན་ལ་གནོད་པ་མེད་པ་སྟེ། དེས་ཀྱང་འཇུག་པའི་རྣམ་པར་ཤེས་པའི་རྐྱེན་བྱེད་ཅིང་། དེ་ལས་གཞན་རང་གི་རྒྱུད་དུ་གཏོགས་པ་ས་བོན་དང་ལྡན་པའི་སེམས་དེ་འདྲ་བ་སྔོན་དུ་སོང་བ་ཉིད་དུ་ཡང་གྲུབ་

པའི་ཕྱིར་རོ། །འདི་ཡང་གཏན་ཚིགས་བསྒྲུབ་པར་བྱ་བའི་བདག་ཉིད་ཡིན་པས། རང་བཞིན་གྱི་གཏན་ཚིགས་ཉིད་དུ་འགྱུར་བའོ། །སློབ་དཔོན་སྔ་མ་དག་གིས་ནི་ཆད་ནས་འབྱུང་བའི་ཕྱིར། ཀུན་གཞི་རྣམ་པར་ཤེས་པ་ཡོད་དོ་ཞེས་ལུང་ལ་བརྟེན་པའི་གཏན་ཚིགས་སམ་རྗེས་སུ་དཔག་པར་

འདོད་དེ། མ་རྟོགས་པའི་ཉེས་པ་འབའ་ཞིག་ཏུ་ཟད་དོ། །ཡང་འདིར་གཏན་ཚིགས་སྦྱོར་བའི་ཚུལ་ནི། བདག་ཅག་རྣམས་ཀྱི་ཕུང་པོའི་རྒྱུན་རྒྱུད་འགའ་ཞིག་ཆོས་ཅན་དུ་བཞག་ནས། དེ་ལ་འཇུག་པའི་རྣམ་པར་ཤེས་པ་ལས་མ་གཏོགས་པའི་ས་བོན་དང་བཅས་པའི་སེམས་འགའ་ཞིག་ཡོད་དེ། རྣམ་

པར་ཤེས་པའི་ཚོགས་དྲུག་རྗེས་སུ་འཇུག་ཅིང་ལྡོག་པའི་ཕྱིར་རོ་ཞེས་གཏན་ཚིགས་སུ་སྦྱར་རོ། །དེ་ལ་འཇུག་པ་དང་ལྡོག་པ་ནི་སྔར་བསྟན་པ་ལྟར་བརྒྱལ་བ་ལ་སོགས་པའི་གནས་སྐབས་སུ་སྔར་གྱི་རྒྱུན་ལྡོག་ཅིང་། དེ་ལས་སད་པ་ན་ཡང་འཇུག་པར་འགྱུར་བ་སྟེ། འདིའི་ཁྱབ་པའི་དོན་ནི་སྔར་བསྟན་

པ་བཞིན་དུ་ཤེས་པར་བྱའོ། །རྣམ་གྲངས་གཞན་དུ་སྦྱར་བ་ཡང་འདི་ལྟར་བདག་ཅག་རྣམས་ཀྱི་ཕུང་པོའི་རྒྱུན་གྱི་ཆོས་ཅན་ལ། ས་བོན་ཐམས་ཅད་དང་ལྡན་པའི་སེམས་འགའ་ཞིག་ཡོད་དེ། འཁོར་བ་འཇུག་པ་དང་དེ་ལས་ལྡོག་པའི་ཕྱིར་ཞེས་པ་སྟེ། འདི་ཡང་དངོས་པོའི་སྟོབས་ཀྱིས་ཞུགས་

པའི་གཏན་ཚིགས་སོ། །གལ་ཏེ་བྱིས་པའི་སྐྱེ་བོ་རྣམས་ལ་འཁོར་བར་འཇུག་པ་དང་ལྡོག་པའི་གཏན་ཚིགས་ཇི་ལྟར་གྲུབ་ཅེ་ན། འདི་ལྟར་སེམས་ཅན་གྱི་སྐྱེ་གནས་གཞན་དང་གཞན་ལེན་ཅིང་། དེ་ལས་ལྡོག་པ་འབའ་ཞིག་ནི་འཁོར་བར་འཇུག་པ་དང་ལྡོག་པའི་དོན་མ་ཡིན་གྱི། ད་ལྟར་གྱི་གནས་སྐབས་ན་

ཡང་ལས་དང་ཉོན་མོངས་པའི་རྒྱུན་རྒྱུད་རྒྱུན་ཆགས་སུ་འཇུག་པ་ལས། དེའི་གཉེན་པོ་བྱམས་པ་དང་སྙིང་རྗེ་ལ་སོགས་པ་དང་། བདག་མེད་པར་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེད་ཅིང་། དེའི་རྒྱུན་རྒྱུད་གོམས་པར་བྱས་པ་ན་སྔར་གྱི་ཉོན་མོངས་པ་ལ་སོགས་པ་ལྡོག་པར་འགྱུར་བ་ཉིད་དུ་ཉམས་སུ་

Vol. 122 · folio 250b

མྱོང་བའི་ཚད་མས་གྲུབ་ལ། དེ་ཉིད་ཀྱང་རེ་ཞིག་འཁོར་བར་འཇུག་པ་དང་ལྡོག་པ་ཉིད་ཡིན་པའི་ཕྱིར་རོ། །འདིའི་ཁྱབ་པའི་དོན་ཡང་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་དང་། བྱམས་པ་ལ་སོགས་པ་དང་བདག་མེད་པར་རྟོགས་པའི་ཤེས་རབ་བསྟན་ཞིང་གསལ་བར་འཇུག་པ་ནི། རང་གི་

རིགས་པ་གོམས་པའམ། གོམས་པའི་ས་བོན་འགའ་ཞིག་སྔོན་དུ་འགྲོ་བར་ཉམས་སུ་མྱོང་བའི་ཚད་མས་གྲུབ་སྟེ། འདིའི་དོན་ནི་སྔར་བསྟན་ནོ། །དེའི་ཕྱིར་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་དང་། དེས་ཀུན་ནས་བསླང་བ་མི་དགེ་བའི་སེམས་པའི་རྒྱུན་རྒྱུད་ལོག་ནས། བྱམས་

པ་ལ་སོགས་པ་དང་། བདག་མེད་པར་རྟོགས་པའི་ཤེས་རབ་ཀྱི་རྒྱུན་རྒྱུད་སྐྱེ་བར་འགྱུར་བའི་ཐོག་མ་དེ་ཉིད་ནི། དེ་འདྲ་བ་སྐྱེད་པར་ནུས་པའི་ས་བོན་དང་ལྡན་པའི་སེམས་འཇུག་པའི་རྣམ་པར་ཤེས་པ་ལས་གཞན་པ་འགའ་ཞིག་སྔོན་དུ་སོང་བ་ཡིན་ཏེ། རེས་འགའ་བར་དམིགས་པའི་ཕྱིར་ཞེས་

པ་ལ་སོགས་པ་སྔར་བསྟན་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །གལ་ཏེ་འདིར་རྣམ་པར་ཤེས་པའི་ཚོགས་དྲུག་པོ་ཉིད་དེའི་རྒྱུར་འགྱུར་བས། ཀུན་གཞི་སྒྲུབ་པ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། ཚོགས་དྲུག་པོ་དེ་ནི་སྒྲ་དང་རླུང་ལ་སོགས་པ་བཞིན་དུ་ཤིན་ཏུ་རྒྱུན་མི་བརྟེན་པས།

བྱམས་པ་ལ་སོགས་པའི་ས་བོན་བསྒོ་བའི་རྟེན་དུ་མི་འཐད་དེ། དེ་ལྟ་ན་ས་བོན་ཉིད་ཀྱང་ལྡོག་པར་འགྱུར་བས། འབྲས་བུ་དེ་འདྲ་བ་འབྱུང་བ་མི་འཐད་དོ། །དེ་ལྟར་འཁོར་བ་ལས་ལྡོག་པའི་ཁྱད་པར་གྲུབ་པ་དེ་ཉིད་ལ་བརྟེན་ནས། ཀུན་གཞི་རྣམ་པར་ཤེས་པ་འགྲུབ་པ་ནི། དེ་ཉིད་ཀྱི་ཤུགས་ལ་

འཁོར་བའི་ཆོས་ཐམས་ཅད་ལས་ལོག་ཅིང་། མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་ན། ཡང་ཚུལ་འདི་ཉིད་ཀྱི་རྗེས་སུ་འབྲངས་ལ་རྟོགས་པར་བྱ་སྟེ། ཇི་ལྟར་ཚང་མང་གི་མེ་ཚ་ཞིང་སྲེག་པའི་མཚན་ཉིད་དུ་གྲུབ་པ་ན། དེའི་རང་བཞིན་ཅན་དེ་ལྟར་རྟོགས་པར་འགྱུར་བ་ནི་ཚད་མ་

གཅིག་གི་བྱེད་པ་ཡིན་པར་སྔར་བསྟན་པ་བཞིན་ནོ། །ཡང་འཁོར་བར་འཇུག་པ་ནི་སྔར་གྱི་གཉེན་པོའི་རྒྱུན་འགགས་ནས། ཆགས་སྡང་ལ་སོགས་པའི་ཉོན་མོངས་པའི་རྒྱུན་རྒྱུད་སྐྱེས་པ་ན། དེའི་རྒྱུན་གྱི་ཐོག་མ་ཉིད་སྔར་བསྟན་པ་ལྟར་འཇུག་པའི་རྣམ་པར་ཤེས་པ་ལས་ཐ་དད་པ་ས་བོན་

Vol. 122 · folio 251a

ཐམས་ཅད་དང་ལྡན་པའི་སེམས་རྒྱུད་འགའ་ཞིག་སྔོན་དུ་སོང་ཞེས་པ་སྟེ། སྔར་བསྟན་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །གཞན་ཡང་འཁོར་བར་འཇུག་པའི་ཚུལ་ལས་དང་འབྲས་བུའི་འབྲེལ་པ་དང་། འཇིག་རྟེན་སྔ་མ་དང་ཕྱི་མ་ནི་སྔར་བསྟན་པ་ལྟར་ཚད་མའི་

སྟོབས་ཀྱིས་གྲུབ་པ་སྟེ། དེའི་ཕྱིར་འཇིག་རྟེན་སྔ་མས་བསྡུས་པའི་ལས་དང་ཉོན་མོངས་པའི་རྒྱུན་རྒྱུད་འགའ་ཞིག་ལས། ད་ལྟར་གྱི་ཕུང་པོ་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་དང་ལྷན་ཅིག་པ་གྲུབ་པ་ན། དེ་འདྲ་བ་ནི་རང་གི་རིགས་གོམས་པའམ། གོམས་པའི་ས་བོན་འགའ་ཞིག་སྔོན་དུ་

སོང་བ་ཡིན་ལ། དེ་ལ་གོམས་པ་མངོན་དུ་རྒྱུ་བ་ནི། རེས་འགའ་བ་ཡིན་པས་རྟག་ཏུ་ལྡན་པར་མ་ངེས་ལ། སྔར་གྱི་གོམས་པ་ཡང་ཞིག་པས་རྒྱུ་ཉིད་དུ་མི་འཐད་དེ། དེའི་ཕྱིར་དེ་འདྲ་བའི་ས་བོན་སྔོན་དུ་སོང་བ་ཡིན་ལ། ས་བོན་གྱི་རྟེན་ཀྱང་ཀུན་གཞི་ལས་གཞན་དུ་མི་འཐད་པས་དེ་ཉིད་ཚད་མའི་སྟོབས་

ཀྱིས་གྲུབ་པའོ། །གཞན་ཡང་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་དང་། དེས་ཀུན་ནས་བསླང་བའི་མི་དགེ་བའི་སེམས་པ་ནི། བྱམས་པ་ལ་སོགས་པའི་གཉེན་པོའི་ཕྱོགས་ཀྱིས་སྤོང་བ་ཉིད་དུ་ཚད་མས་གྲུབ་ལ། དེ་ཡང་སྤང་བྱ་དང་བཅས་པའི་རྒྱུད་ལ་གཉེན་པོ་འཇུག་ཅིང་སྐྱེ་དགོས་པའོ། །

དེ་ལྟར་གཉེན་པོ་སྐྱེ་བ་ཡང་སྤང་བྱ་སྔོན་དུ་རྒྱུ་བ་ཡོད་པའི་དུས་སུ་མི་འཐད་དེ། རྣམ་པ་འགལ་བའི་ཕྱིར། ཇི་ལྟར་ཚ་བའི་རེག་པས་ཁྱབ་པའི་ཕྱོགས་སུ་གྲང་བའི་རེག་པ་མི་འཇུག་པ་བཞིན་ནོ། །ཡང་སྤང་བྱ་དང་ས་བོན་དང་བཅས་ཏེ་འགགས་ན་ཡང་། གཉེན་པོ་དོན་མེད་པར་འགྱུར་བས། དེའི་

ཕྱིར་ས་བོན་དང་བཅས་པའི་རྒྱུད་ལ་གཉེན་པོ་འཇུག་ཅིང་། ས་བོན་གྱི་རྟེན་ཀྱང་ཀུན་གཞི་ལས་གཞན་དུ་མི་འཐད་པས། དེ་ཉིད་ཚད་མའི་སྟོབས་ཀྱིས་གྲུབ་པའོ། །འདིར་གཞན་དག་སྙོམས་འཇུག་རྣམ་པ་གསུམ་ལས་ལྡང་བའི་ཕྱིར། ཀུན་གཞིའི་རྣམ་པར་ཤེས་པ་ཡོད་ཅེས་པ་ལ་སོགས་པ་ལུང་

ལ་བརྟེན་པའི་རྗེས་སུ་དཔག་པས་གྲུབ་པོ་ཞེས་པ་ནི་ལུང་ཉིད་ཀྱི་མཐར་ཐུག་པས་དོན་ཅུང་ཟད་ཀྱང་རྒྱས་པར་མི་བྱེད་པའོ། །བྱིས་པ་དང་འཕགས་པ་རྣམས་ལ་འཇུག་པ་དང་ལྡོག་པ་ཡོད་པས་ཅེས་པ་ནི་བྱིས་པ་འཁོར་བར་འཇུག་པ་དང་། འཕགས་པ་དེ་ལས་ལྡོག་པའོ། །ཚུལ་ཇི་ལྟར་ལྡོག་ཅེ་

Vol. 122 · folio 251b

ན། རྣལ་འབྱོར་ཅན་ཞེས་པ་ལ་སོགས་པ་གསུངས་སོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་དེ་བཞིན་གཤེགས་པའི་སྙིང་པོ་རྟོགས་པར་དཀའ་བ་ཉིད་རྒྱས་པར་སྟོན་ཏོ། །རྣམ་པར་དཔྱོད་པའི་ལྟ་བ་ནི་མཚན་མ་སྣ་ཚོགས་ལ་ཆགས་པའོ། །གལ་ཏེ་ཀུན་གཞི་རང་བཞིན་གྱིས་རྣམ་པར་དག་

པས། སྦྱོང་བ་མི་འཐད་དོ་ཞེ་ན། རང་བཞིན་ཞེས་པ་ལ་སོགས་པ་གསུངས་སོ། །མ་དག་པ་ལྟར་སྣང་སྟེ་ཞེས་པ་ནི་རང་བཞིན་དེ་ཁོ་ན་ཉིད་ལ། མ་དག་པའི་དྲི་མ་མེད་ཀྱང་བློ་འཁྲུལ་པ་ལ་དེ་ལྟར་སྣང་བའོ། །དེ་བཞིན་གཤེགས་པའི་སྙིང་པོ་དེ་འདྲ་བ་ཡང་། ལྷ་མོ་དཔལ་ཕྲེང་མ་དང་། གཞན་ཡང་

བྱང་ཆུབ་སེམས་དཔའ་ཕྱིན་ཅི་ལོག་གི་དྲི་མ་མེད་ཅིང་། ཟབ་མོའི་དོན་ལ་བློ་གྲོས་འཇུག་པ་དང་། ཐེ་ཚོམ་ལ་སོགས་པའི་འཛེར་དོག་མེད་པས་ཡངས་ཤིང་མཁས་པ་རྣམས་རང་རང་གི་རྟོགས་པ་ཁྱད་པར་དུ་འགྱུར་བ་དང་། གདུལ་བྱའི་ཁྱད་པར་འགའ་ཞིག་གི་ཆེད་དུ། དེ་བཞིན་གཤེགས་པ་

ལས་འདི་འདྲ་བའི་དོན་ཟབ་མོ་ཞུས་ཤིང་། དེ་བཞིན་གཤེགས་པས་ཀྱང་གསུང་རབ་ཀྱི་ཆོས་བསྟན་པ་བརྗོད་པ་ལ་དོན་དེ་ཉིད་བཤད་ཅེས་པའོ། །མངོན་པར་ཆགས་པའི་ཉན་ཐོས་ཞེས་པ་ནི། ལོག་པའི་དགེ་བའི་བཤེས་གཉེན་ལ་སོགས་པའི་རྐྱེན་གྱིས། ལོག་པར་ཆགས་ཤིང་ཞེན་

ཀྱང་དབང་པོ་རྣོན་པོའི་རིགས་ཡིན་པས། ཆོས་ལ་བདག་མེད་པའི་མཚན་ཉིད་ཅན་དེ་བཞིན་གཤེགས་པའི་སྙིང་པོ་རྟོགས་པར་འགྱུར་བའོ། །ཡང་ན་ཉན་ཐོས་ལ་སོགས་པ་དབང་པོ་རྟུལ་པོ་རྣམས་ཀྱི་ཡུལ་མ་ཡིན་ནོ། །ཚིག་གི་དོན་གཞན་ནི་ཤེས་པར་ཟད་དོ། །དེ་ལྟ་བས་ན་ཞེས་པ་ལ་

སོགས་པས་ཉེ་བར་བསྡུས་པའི་ཚུལ་གྱིས་གདམས་པའོ། །ཐོས་པ་ཙམ་གྱིས་ནི་ཆོག་པར་ནི་མི་བྱའོ་ཞེས་པ་ནི། གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་བསྒོམ་པ་དོན་མེད་འགྱུར་ཞེས་ས་བཅུའི་མགོན་པོས་བསྟན་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །དེ་ལ་ཞེས་པ་ལ་སོགས་

པས་ནི་དོན་བསྡུས་ཏེ་བསྟན་པའོ། །འཛིན་པ་གཉིས་ཀྱིས་རབ་འཇུག་སྟེ་ཞེས་པ་ནི་དེ་རྣམས་ལ་གཟུང་བ་དང་འཛིན་པའི་དངོས་པོར་བརྟགས་པའི་སྒོ་ནས། རྒྱུན་དང་ལྡན་པར་འཇུག་ཅིང་། དེ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དུ་རྟོགས་པས་རྒྱུན་ལས་ལྡོག་པར་འགྱུར་བའོ། །ཚུལ་ཇི་ལྟར་

Vol. 122 · folio 252a

དུ་འཇུག་ཅེ་ན། ཇི་ལྟར་མེ་ལོང་གི་ངོས་ལ་རྫས་སུ་མ་གྲུབ་པའི་གཟུགས་བརྙན་སྣང་བ་ལ། བྱིས་པ་རྣམས་ཀྱིས་དངོས་པོར་འཛིན་པ་བཞིན་དུ་གཟུགས་ལ་སོགས་པའི་ཡུལ་སྣང་བ་ལ། ཐ་དད་ཀྱི་དངོས་པོར་འཛིན་པའི་ཚུལ་གྱིས་འཇུག་པ་སྟེ། དེ་ཡང་ཐོག་མ་མེད་པ་

ནས་གཉིས་སུ་རྟོག་པའི་བག་ཆགས་ཀྱིས་ཡོངས་སུ་བསྒོས་པའི་དབང་གིས་དེ་ལྟར་སྣང་བའོ། །གལ་ཏེ་ཐ་དད་པར་སྣང་བའི་དོན་ནི་མཐུན་པར་སྣང་བ་དང་། དོན་བྱེད་ནུས་པའི་ཕྱིར་བདེན་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རིགས་པ་མཐར་ཐུག་པས་རྣམ་པར་

བལྟས་ཤིང་གཅལ་ན། དོན་གྱི་རྣམ་པར་སྣང་ཡང་བདེན་པའི་དོན་མེད་དེ། རྒྱས་པར་སྔར་བསྟན་པ་བཞིན་ནོ། །ཇི་ལྟར་ཞེས་པ་ལ་སོགས་པས་ནི། བསྟན་པ་བརྗོད་པའི་སྒྲ་ལ་ཞེན་པས་ཡང་དག་ཉིད་མི་རྟོགས་ཞེས་པ་སྟེ། འདིའི་དོན་སྔར་བསྟན་ནོ། །སེམས་ཅན་ནི་ཞེས་པ་ལ་སོགས་པ་ཡང་

རྣམ་པར་ཤེས་པ་རྣམས་ཀྱི་འཇུག་པའི་ཚུལ་གསལ་བར་སྟོན་ཏེ། ཀུན་གཞི་རྣམ་པར་ཤེས་པ་ཡུལ་དུ་སྣང་བའི་རླུང་གིས་བསྐྱོད་ནས། གར་མཁན་ནམ་ཆུ་རླབས་བཞིན་དུ། དེ་ལས་རྣམ་ཤེས་སྣ་ཚོགས་མྱུར་དུ་འཇུག་པའོ། །རྣམ་ཤེས་སྣ་ཚོགས་ཀྱི་སྣང་བ་དེ་ཉིད་ལ་ཡིད་ཀྱི་རྣམ་པར་ཤེས་པས་འདི་

དང་འདི་ལྟ་བུ་ཞེས་ཐ་སྙད་འདོགས་ཤིང་གསལ་བར་བྱེད་པས་བཞད་གད་པ་དང་འདྲའོ། །ལྔ་དང་བཅས་པའི་རྣམ་པར་ཤེས་པ་ནི་གྲངས་ལྔར་ཚང་བ་སྒོ་ལྔའི་རྣམ་པར་ཤེས་པའི་སྣང་བ་ནི། སྣ་ཚོགས་ཤིང་གསལ་བ་ཉིད་ཡིན་པས་ཚོན་གྱི་རི་མོ་དང་འདྲ་བར་རྟོག་པ་སྟེ། རྟོག་པའི་བག་ཆགས་

ལས་བྱུང་བའོ། །དངོས་སུ་ནི་དེ་རྣམས་རྟོག་པ་མ་ཡིན་ཏེ་སྐབས་གཞན་དུ་ཤེས་པར་བྱའོ། །ཡང་ན་སྒོ་ལྔའི་རྣམ་པར་ཤེས་པ་དང་ལྷན་ཅིག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ནི་སྒོ་ལྔའི་རྣམ་ཤེས་ཀྱི་སྣང་བ་སྣ་ཚོགས་ལ་དེ་དང་འདྲ་བ་རྟོག་ཅེས་པ་སྟེ། ཚིག་སྔ་མ་ཉིད་རྣམ་པར་བཤད་པའོ། །

འདི་རྣམས་ཀྱང་། འགྲོ་བ་དག་དང་ལུས་འཛིན་པ། །ཅི་ཡི་སླད་དུ་བྱ་བ་འབྱུང་། །ཞེས་དྲིས་པའི་ལན་དུ་ཡང་སྦྱར་བར་བྱའོ། །དེ་ནས་ཡང་ཞེས་པ་ལ་སོགས་པས་ཐམས་ཅད་བསྡུས་པ་ཆོས་ལྔའི་རང་བཞིན་ཚུལ་གཞན་གྱི་སྒོ་ནས་གསལ་བར་སྟོན་ཏེ། དྲི་བ་གང་གི་ལན་དུ་སྦྱར་བ་

Vol. 122 · folio 252b

ནི་སྔར་བསྟན་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་སྟེ་ཞེས་པ་ནི། སྟོབས་དང་མི་འཇིགས་པ་ལ་སོགས་པའི་རིགས་རྣམས་ཐོབ་པ་ས་བརྒྱད་པ་ཡན་ཆོད་དོ། །བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པས་ཆོས་ལྔ་ལ་སོགས་པ་རྟོགས་

པའི་ཕན་ཡོན་སྟོན་ཏེ། ཚིག་གི་དོན་ནི་ཤེས་པར་ཟད་དོ། །དེ་ལ་ཞེས་པ་ལ་སོགས་པས་མ་རྟོགས་པའི་ཉེས་དམིགས་སྟན་ཏེ། ཤིན་དུ་འདོད་ཆགས་ཞེས་པ་ནི་དེ་ཉིད་རྒྱུན་རིང་དུ་གསལ་བར་འཇུག་པའོ། །དེ་འདྲ་བ་གང་ཟག་དེ་རྣམས་ཀྱང་ཇི་ལྟར་དར་གྱི་སྲིན་བུ་རང་གི་ལུས་ལས་བྱུང་བའི་སྤུ་

ཡིས། རང་ཉིད་འཆིང་བ་བཞིན་དུ། རང་གི་ཀུན་གཞི་ལས་བྱུང་བའི་ལས་དང་ཉོན་མོངས་པས། བདག་ཉིད་དཀྲིས་ཤིང་འཆིང་བའོ། །ཚིག་གི་དོན་གཞན་ནི་ཤེས་པར་ཟད་དོ། །དེ་ལ་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཆོས་ལྔ་པོ་སོ་སོའི་རང་བཞིན་སྟོན་ཏེ། གཟུགས་ལ་སོགས་པར་

སྣང་བ་ལས་ལོགས་ཤིག་ན་རྣམ་པར་ཤེས་པ་མེད་པས། སྣང་བ་དང་སྣང་བའི་རྣམ་པར་ཤེས་པ་ཐམས་ཅད་མཚན་མའོ། །གལ་ཏེ་རྟོག་པ་མེད་པ་ནི་ཤེས་པ་དེ་འདྲ་བའི་མཚན་མར་འཛིན་པ་མི་འཐད་དེ། དེ་ལྟ་ན་དེ་བཞིན་གཤེགས་པ་ཡང་རྗེས་ཐོབ་ཀྱི་སྣང་བ་དང་ལྡན་པས་མཚན་མ་

དང་བཅས་པར་འགྱུར་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། འདི་ནི་རྣམ་པར་རྟོག་པས་ཀུན་ནས་བསླང་བ་མ་དག་པའི་སྣང་བ་སྟེ། དེ་འདྲ་བ་ཡོད་རིང་ལ་མྱ་ངན་ལས་འདས་པ་ལ་སྒྲིབ་པས་མཚན་མ་ཞེས་བྱའོ། །གང་གིས་མིང་དུ་བརྗོད་ཅེས་པ་ལ་སོགས་པའི་དོན་ནི་བློ་གང་གིས་མིང་

དུ་བརྗོད་ཅིང་མིང་གིས་ཁྱད་པར་དུ་བྱས་ནས། མཚན་མ་གསལ་བར་བྱེད་པའི་བློ་དེ་ནི་རྣམ་པར་རྟོག་པ་མ་ཡིན་ལ། ཁྱད་པར་དུ་བྱེད་པའི་ཆོས་ནི་མིང་ངོ་། །ཕན་ཚུན་གློ་བུར་དུ་བྱུང་ཞེས་པ་ནི་མིང་ཡང་དོན་ལ་གློ་བུར་དུ་བཏགས་ཤིང་། དོན་ཡང་མིང་ལ་གློ་བུར་དུ་བཏགས་པའི་ཕྱིར་མེད་

ཅིང་མི་དམིགས་པའོ། །དེ་འདྲ་བའི་ཡེ་ཤེས་དེས་མིང་དང་མཚན་མ་དངོས་པོ་སྒྲོ་མི་འདོགས་ཤིང་། དངོས་པོ་མེད་ཅེས་སྐུར་བར་ཡང་མི་བྱེད་པའོ། །ཤེས་པ་དེ་ལྟ་བུ་ནི་དེ་བཞིན་ཉིད་ཡིན་ལ་ཞེས་པའི་དོན་ཡང་། ཤེས་པ་དེ་ལྟ་བུ་ནི་ཡུལ་དེ་བཞིན་ཉིད་ཡིན་ལ། དེ་ཁོ་ན་ཉིད་དུ་ཡུལ་དང་

Vol. 122 · folio 253a

ཡུལ་ཅན་གཉིས་མེད་པས་ཤེས་པ་དེ་ལྟ་བུ་དེ་བཞིན་ཉིད་དུ་བསྟན་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་བཞིན་ཉིད་རྟོགས་པའི་ཕན་ཡོན་སྟོན་ཏེ། སྒྱུ་མ་ལ་སོགས་པ་སྔོན་དུ་འགྲོ་ཞེས་པ་ནི་དེ་འདྲ་བའི་རང་བཞིན་གྱིས་ཁྱབ་པའོ། །དེ་བཞིན་གཤེགས་པའི་

སའི་བར་དུ་རབ་ཏུ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ཡན་ཆོད་ཀྱིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ནས་དེ་ཐོབ་ནས་ཞེས་པ་ལ་སོགས་པས་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྟོན་ཏེ། དེ་ཡང་ཆུ་ལྟེང་དང་བ་སྣ་ཚོགས་ཀྱི་ནང་དུ་ཟླ་བའི་གཟུགས་སྣ་ཚོགས་སྣང་བ་བཞིན་དུ། གྲངས་ཐུག་པ་མེད་པའི་

བར་དུ་གདུལ་བྱའི་རྒྱུད་དང་བ་རྣམས་ལ་ཡང་། ཤིན་དུ་འབྲེལ་པའི་ཆོས་ཅན་ཏེ་ཇི་ལྟར་མོས་པའི་སྐུར་སྣང་བས། དེ་རྣམས་ཀྱི་རྒྱུད་དང་མཐུན་ཅིང་འབྲེལ་པའི་ཆོས་ཅན་ཞེས་བྱའོ། །མོས་པ་ཐ་དད་ཅེས་པ་ནི་གསུང་གང་དང་གང་ལ་མོས་པ་མི་འདྲ་བ་རྣམས་ལ། དེ་དང་མཐུན་པར་ཆོས་སྟོན་པའོ། །

ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་རྣམས་ཕན་ཚུན་བསྡུ་བའི་ཚུལ་སྟོན་ཏེ། དོན་ནི་ཕལ་ཆེར་སྔར་བསྟན་ཟིན་ནོ། །དེ་ལ་འདིར་སེམས་དང་སེམས་ལས་བྱུང་བ་རྫས་གཅིག་གམ་ཐ་དད་ཅེ་ན། ཀུན་རྫོབ་ཏུ་རྫས་གཅིག་པ་ཉིད་དེ། ཇི་སྐད་དུ། དེ་དང་དེ་མིན་རང་བཞིན་ཅན། །དེ་དེ་མིན་

དངོས་རྒྱུ་ལས་སྐྱེས། །དེ་ཤེས་ཐ་དད་མེད་རྒྱུས་སྐྱེད། །བདེ་སོགས་ཅི་ཕྱིར་ཤེས་མ་ཡིན། །ཞེས་སློབ་དཔོན་དྷརྨ་ཀཱིརྟིས་བཤད་དེ། ཇི་ལྟར་མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་པའི་བདེ་བ་ལ་སོགས་པ་རྣམས། མིག་གི་རྣམ་པར་ཤེས་པ་དང་ཐ་དད་མེད་པའི་རྒྱུ་ཡིས་སྐྱེད་པའི་

ཕྱིར། །མིག་གི་རྣམ་པར་ཤེས་པ་ཉིད་ཡིན་ཅེས་པ་སྟེ། འདིར་རྒྱུ་ཐ་དད་མེད་པའི་དོན་ཡང་། ཚོགས་པ་གཅིག་པ་དང་ཉེར་ལེན་གཅིག་པ་གཉི་ག་གཏན་ཚིགས་ཀྱི་ཡིན་ཏེ། དེ་དག་སྒྲུབ་པའི་ཚུལ་ལུགས་རྒྱས་པར་ནི་ཚད་མ་རྣམ་པར་ངེས་པའི་རྒྱན་ལས་ཤེས་པར་བྱའོ། །གཏན་ཚིགས་འདི་

ཡང་མི་མཁས་པ་ཡིན་ལ། བདེ་སྡུག་རྣམ་པར་ཤེས་པའི་བདག་ཉིད་ཡིན་པའི་ཐ་སྙད་ཙམ་སྒྲུབ་པར་བྱེད་པ་ཡིན་ཏེ། དོན་ནི་མངོན་སུམ་ཉིད་ཀྱིས་གྲུབ་པའོ། །ཡང་མཁས་པ་རྣམས་ལ་ནི་དོན་དང་ཐ་སྙད་གཉིས་ཀ་ཡང་མངོན་སུམ་ཉིད་ཀྱིས་གྲུབ་སྟེ། དེ་ལ་དགའ་བ་དང་ཡོངས་སུ་

Vol. 122 · folio 253b

གདུང་བ་ལ་སོགས་པ་གཅིག་ཏུ་ཉམས་སུ་མྱོང་བའི་བདག་ཉིད་དུ་མཐོང་ངོ་ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་བདེ་སྡུག་མྱོང་བའི་བདག་ཉིད་དུ་ནི་ཐམས་ཅད་ཀྱིས་འདོད་མོད་ཀྱི། དེ་ལྟ་ན་ཡང་གཙོ་བོའི་རྣམ་པར་ཤེས་པ་དང་རྫས་གཅིག་པ་མ་ཡིན་ནོ་ཞེ་ན། དེ་ཅི་གཙོ་བོ་རྣམ་པར་ཤེས་པ་བརྒྱད་

ཀྱི་བདག་ཉིད་ལས་མ་གཏོགས་པའི་མྱོང་བའི་རྫས་འགའ་ཞིག་འདོད་ན་ནི་ཇི་ལྟར་ལུང་རྣམས་དང་འགལ་བར་མི་འགྱུར་ཞེས་པའོ། །གཞན་ཡང་སྔར་བསྟན་པའི་གཏན་ཚིགས་ནི་གཙོ་བོའི་རྣམ་པར་ཤེས་པར་འདོད་པ་དེ་ཉིད་དང་རྒྱུན་གཅིག་ཏུ་བསྒྲུབས་པས། དེ་ཉིད་ཀྱི་བདག་ཉིད་དུ་

འགྱུར་བའོ། །གཞན་ཡང་སྔོན་གྱི་སློབ་དཔོན་བཟང་མདོག་དང་། བཙུན་པ་རྟོགས་པའི་ལྷས་ཀྱང་དེ་དག་རྫས་ཐ་དད་མེད་པར་གསུངས་པས་དེ་ཉིད་ཀྱི་རྗེས་སུ་འབྲང་བར་བྱའོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་བསྟན་བཅོས་དག་ལས་སེམས་བསྐྱེད་པ་སྟོན་པའི་སྐབས་སུ།

སེམས་དང་སེམས་ལས་བྱུང་བ་འདུན་པ་གཉིས་ཐ་དད་མེད་པར་གསུངས་ཏེ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སེམས་བསྐྱེད་པའི་ངོ་བོ་འདུན་པ་ལས་བཤད་ཅིང་། མདོ་ལས་ཀྱང་ཤཱ་རིའི་བུ་དེ་ལ་ཆོས་ཐམས་ཅད་རྣམ་པ་ཐམས་

ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་སེམས་བསྐྱེད་པའི་ངོ་བོ་ཐོབ་པར་འདོད་པའམ། དོན་དུ་གཉེར་བའི་འདུན་པ་ཉིད་ལ་བཤད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་ཉི་མ་དང་འོད་ཟེར་ལྷན་ཅིག་པ་བཞིན་དུ། དུས་གཅིག་ཏུ་བྱུང་

ཞེས་པ་མི་འཐད་དེ། ལྷན་ཅིག་པའི་སྒྲའི་དོན་ནི་ཐ་དད་པ་ལ་འཇུག་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། རྟོགས་པའི་བདག་ཉིད་ཀྱི་སེམས་དང་སེམས་ལས་བྱུང་བ་ནི། རང་བཞིན་དང་གནས་སྐབས་ཀྱི་ལྡོག་པ་ནི་མི་འདྲ་བ་གཉིས་ཡིན་པས་དེ་ལྟར་བསྟན་པའོ། །དེ་ཉིད་ཀྱི་ཕྱིར་སྔོན་གྱི་སློབ་དཔོན་དག་

གིས། ལྔ་ཉིད་འཐད་པ་མེད་ཕྱིར་དང་། །བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང་། །དེ་ཡི་གནས་སྐབས་སྐྱོན་ཕྱིར་དང་། །ལུང་དང་འགལ་བར་འགྱུར་ཕྱིར་རོ། །ཞེས་གསུངས་པས་དེ་དག་རྫས་ཐ་དད་ན་ཕུང་པོ་ལྔར་དབྱེ་བ་མི་འཐད་ཅེས་པ་ལ་སོགས་པའི་སྐྱོན་ཡང་ཐག་རིང་དུ་སྤངས་ཏེ། ལྡོག་པ་

Vol. 122 · folio 254a

མི་འདྲ་བ་ལ་ལྟོས་ནས་སྔར་རྣམ་པར་དབྱེ་བ་དང་། བྱེད་རྒྱུའི་བྱེ་བྲག་ལ་སོགས་པ་འཇོག་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཁོང་དུ་ཆུད་པར་བྱེད་ཅེས་པ་ནི། དེ་ཡང་རྟོགས་པའི་བདག་ཉིད་ཡིན་པས་སོ། །རྣམ་པ་བརྒྱད་དུ་ཕྱེ་ཞེས་པ་ནི། དེ་ཁོ་ན་ཉིད་དུ་མ་གྲུབ་ཀྱང་བྱིས་པ་རྣམས་

ཀྱིས་བརྟགས་ཤིང་སྣང་བའི་ངོ་ན་རྣམ་པར་ཤེས་པའི་ཚོགས་བརྒྱད་དུ་ཕྱེ་བའོ། །རྣམ་པ་ལྔ་པོ་འདི་རྣམས་ཀྱི་ནང་དུ་ཆོས་ཐམས་ཅད་འདུས་པའི་དོན་ནི། ཀུན་ནས་ཉོན་མོངས་པ་ཇི་སྙེད་པ་ཐམས་ཅད་ནི། མིང་དང་མཚན་མ་དང་རྣམ་པར་རྟོག་པ་གསུམ་གྱིས་བསྡུས་ལ། རྣམ་པར་བྱང་བའི་ཕྱོགས་ཇི་སྙེད་

པ་ཐམས་ཅད་ནི། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཀྱིས་བསྡུས་པའོ། །གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི། ཆོས་ལྔ་པོའི་རང་བཞིན་སྔ་མ་ལས་ཚུལ་གཞན་གྱི་སྒོ་ནས་རྒྱས་པར་སྟོན་ཏེ། དེ་ལ་མཚན་མ་གསལ་བར་བྱེད་ཅེས་པ་ནི། སྔར་བསྟན་པ་ལྟར་མིང་གིས་ཁྱད་པར་དུ་

བྱས་ནས་གསལ་བར་བྱེད་པའོ། །ཕན་ཚུན་མྱོང་བ་མེད་ཅེས་པ་ནི་གཟུང་བ་དང་འཛིན་པ་སྤངས་པའོ། །གློ་བུར་དུ་གཞིག་གི་བར་དུ་ཞེས་པ་ནི་ཡང་དག་པའི་ཤེས་རབ་ཀྱིས་གཞིག་པའི་དུས་ན་མི་དམིགས་པའོ། །རང་གི་བློ་ལ་མཁས་པར་བྱ། །ཞེས་པ་ནི། མདོ་སྡེ་གཞན་ལས་ཀྱང་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོས་རང་གི་སེམས་རྟོགས་པར་བྱ་བ་ལས་མ་གཏོགས་པ། ཁོང་དུ་ཆུད་པར་བྱ་བའི་ཆོས་གཞན་མེད་དོ་ཞེས་གསུངས་ཏེ། འདིའི་དོན་ཞིབ་ཏུ་ནི་སྔར་བསྟན་ནོ། །བསྡུ་བའི་ཚིགས་སུ་བཅད་པ་ཡང་སྔར་བཤད་ཟིན་ཏོ། །དེ་ནས་ཡང་ཞེས་པ་ལ་སོགས་པས་དེ་བཞིན་

གཤེགས་པའི་རང་བཞིན་ཚུལ་གཞན་གྱི་སྒོ་ནས་གསལ་བར་སྟོན་ཏོ། །དྲི་བ་གང་གི་ལན་དུ་སྦྱར་བ་ནི། སྔ་མའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །དེ་ལ་འདི་རྣམས་ཀྱི་དོན་ནི། དུ་མར་བསྟན་པའི་དཔེ་ཡང་དགོངས་པ་ཅན་ཡིན་ཏེ། གང་གཱའི་ཀླུང་གི་བྱེ་མའི་ཚད་ཀྱིས་ནི་དུས་གསུམ་གང་

ཡང་རུང་བ་གཅིག་གིས་བསྡུས་པའི། སངས་རྒྱས་ཀྱི་ཚད་དུ་ཡང་མི་འགྱུར་བའི་ཕྱིར་རོ། །གལ་ཏེ་འདས་པ་དང་མ་འོངས་པ་ནི་ཚད་མེད་པ་ནི་ཕྱིར་དེ་ལྟར་འགྱུར་མོད་ཀྱི། ད་ལྟར་གྱི་དུས་ཀྱིས་བསྡུས་པ་ནི་དུས་ཅུང་ཟད་ཙམ་དང་འབྲེལ་པས་དེ་ལྟར་འགྱུར་བ་མ་ཡིན་ནོ་ཞེ་ན། སྐྱོན་མེད་དེ། དེ་ལྟར་ཕྱོགས་

Vol. 122 · folio 254b

བཅུ་ཚད་མེད་པ་རྣམས་ན་བཞུགས་པའི་སངས་རྒྱས་རྣམས་ཀྱང་ཚད་མེད་པའི་ཕྱིར་རོ། །དེ་འདྲ་བའི་དཔེ་ལས་འདས་པའི་རྒྱུ་མཚན་ཡང་། འཇིག་རྟེན་ན་གྲགས་ཤིང་གྲུབ་པའི་ཕུལ་ལས་འདས་པ་རྟག་པའི་མཐའ་བཟུང་བའི་དཔེ་འགའ་ཞིག་དང་འདྲ་བ་ལྟ་བུར་སྣང་ཡང་འཇིག་རྟེན་ན་གྲགས་པ་རྣམས་ནི་དེ་

བཞིན་གཤེགས་པ་དང་ཕལ་ཆེར་མི་འདྲ་བའི་ཕྱིར། དེ་འདྲ་བའི་དཔེ་ནི་ཡང་དག་པའི་དཔེ་མ་ཡིན་ཞེས་པའོ། །དེ་ལྟར་ན་ཡང་དེ་འདྲ་བའི་དཔེ་བསྟན་པའི་སྒོ་ནས་འཁོར་བའི་སྡུག་བསྔལ་ལས་ཐར་ཅིང་། མྱ་ངན་ལས་འདས་པའི་བདེ་བ་མཐར་ཐུག་པ་དང་ལྡན་པའི་སངས་རྒྱས་དུ་མ་ཉིད་དུ་བསྟན་

པས། གདུལ་བྱའི་ཁྱད་པར་འགའ་ཞིག་འཁོར་བའི་སྡུག་བསྔལ་ལས་སྐྱོ་ཞིང་། སྡུག་བསྔལ་ཞི་བའི་སངས་རྒྱས་ཉིད་ཐོབ་པར་སླ་བ་ཉིད་དུ་མཐོང་ནས། བརྩོན་འགྲུས་ཁྱད་པར་ཅན་རྩོམ་པར་འགྱུར་བས། དེ་ལྟར་བསྟན་པའོ། །དེའི་ཕྱིར་ཐོབ་པར་དཀའ་བའི་དཔེ་བསྟན་པ་ཡང་དགོངས་པ་

ཅན་ཉིད་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་རང་རང་གི་རྟོགས་པའི་ཚུལ་ཕྱིན་ཅི་མ་ལོག་པ་རྣམ་པར་བཞག་པའི་གཏམ་སྟེ། ངེས་དོན་གྱི་གསུང་རབ་ཀྱི་དབང་དུ་བྱས་ན་ཞེས་པ་ལ་སོགས་པ་ཤེས་པར་ཟད་དོ། །དེ་ལ་རང་གི་ཚུལ་འཇིག་རྟེན་གྱི་ཕུལ་ལས་འདས་པ་རྟག་པ་མཐའ་བཟུང་གི་

དཔེ་འགའ་ཞིག་ནི་དཔེ་ཉིད་དུ་རིགས་མོད་ཀྱི། གདུལ་བྱའི་ཁྱད་པར་འགའ་ཞིག་ནི་ཡིད་ཆེས་པར་མི་འགྱུར་བས་དཔེ་ཉིད་དུ་མི་སྦྱོར་རོ། །དོན་དམ་པའི་དེ་ཁོ་ན་ཉིད་ནི་སྤྲོས་པ་ཐམས་ཅད་དང་བྲལ་བས་དཔེར་བྱ་ཀུན་ལས་འདས་པའོ། །མདོ་སྡེ་གཞན་དག་ལས་ཀྱང་། གང་ཞིག་སངས་རྒྱས་

ཆོས་རྣམས་ལ། །དཔེར་གཞག་ཇི་སྙེད་བྱེད་པ་ནི། །དེ་དག་སངས་རྒྱས་མ་འཚལ་ཏེ། །དེས་ནི་རྒྱལ་བ་སྨད་པ་ཡིན། །ཞེས་གསུངས་སོ། །གལ་ཏེ་དེ་ལྟ་ན་ངག་དེ་ཉིད་ཀྱི་རྒྱུན་ལས། འདི་ལ་དཔེ་ཅིག་ཡང་དག་སྟེ། །དེ་ནི་ནམ་མཁའི་ཁམས་སུ་བརྗོད། །ཅེས་འཇིག་རྟེན་ན་

གྲགས་པ་ཉིད་དཔེར་བྱས་པ་དང་འགལ་ལོ་ཞེ་ན། དེ་ནི་ཕྱོགས་གཅིག་འདྲ་བའི་སྒོ་ནས་དཔེར་བྱས་པ་སྟེ། མདོ་འདི་ཉིད་ལས་ཀྱང་། དེ་ལྟར་དཔེར་སྦྱར་བའི་དོན་རྒྱས་པར་སྟོན་པ་ནི། དེ་ཁོ་ན་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཡིན་ཏེ་ཞེས་པ་ལ་སོགས་པའོ། །ཚིག་གི་དོན་ནི་

Vol. 122 · folio 255a

ཕལ་ཆེར་ཤེས་པར་ཟད་དོ། །མེའི་ཁམས་དང་འབྲེལ་པའི་ཕྱིར་ས་ནི་མི་ཚིག་སྟེ་ཞེས་པའི་དོན་ནི། དེ་དང་འབྲེལ་པའི་དབང་གིས་མི་འཚིག་ཅེས་པ་སྟེ། སའི་རང་བཞིན་མི་འདོར་བའོ། །དོན་འདི་ཡང་སྔར་བསྟན་ཟིན་ཏོ། །རྣམ་པ་གཅིག་ཏུ་ནི་སྨིན་པར་བྱེད་པ་མེའི་ཁམས་ཀྱང་

ས་ལ་ཚང་བའི་ཕྱིར་ཞེས་པའོ། །རང་བཞིན་གཞན་དུ་མི་རྩོམ་སྟེ་ཞེས་པ་ནི་དེ་དང་ལྷན་ཅིག་མི་གནས་པའི་འགལ་བའི་ཚུལ་གྱིས་གནས་པ་རྣམས་ལ་ཕན་མི་འདོགས་པ་སྟེ། བྱེ་མ་རྣམས་ནི་བྱེ་མའི་གནས་ཉིད་དོ་ཞེས་པ་རང་དང་རྗེས་སུ་མཐུན་པའི་འབྲས་བུ་རྣམས་ཀྱི་གནས་ཡིན་ཞེས་པའོ། །གཞན་

ཡང་གང་གཱའི་ཀླུང་གི་བྱེ་མ་ནི་ཕྲི་བ་དང་བསྣན་པས་བྲི་བ་དང་འཕེལ་བར་མི་མངོན་པའོ། །ཆོས་ནི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་ཆོས་སོ། །སེམས་ཅན་གྱི་སྡུག་བསྔལ་དག་གིས་གཟིར་ཞེས་པ་ནི། ཇི་ལྟར་བུ་གཅིག་པ་ན་བའི་ཕ་མ་ལྟ་བུར་རོ། །ཆོས་ཀྱི་དབྱིངས་ཀྱི་རང་གི་ངང་གིས་སྨོན་ལམ་གྱི་

བདེ་བ་མི་འདོར་རོ་ཞེས་པ་ནི་ཐུགས་ཆོས་ཀྱི་དབྱིངས་ལས་མ་གཡེངས་པར་ལྷུན་གྱིས་གྲུབ་པའི་སྨོན་ལམ་གྱི་བདེ་བ་མི་འདོར་ཏེ། སེམས་ཅན་གྱི་སྡུག་བསྔལ་ལ་མཚན་མར་དམིགས་པ་མེད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ལ་འབབ་ཞེས་པ་ནི་ལྷ་དང་ཚངས་པའི་ཐེག་པ་ལ་སོགས་པ་

བསྟན་པ་རྣམས་ཀྱང་བརྒྱུད་ནས་མྱ་ངན་ལས་འདས་པ་མཐར་ཐུག་པ་ལ། གཞོལ་ཞིང་འབབ་པར་སྟོན་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་རྟག་པ་ཡིན་པས། འཁོར་བ་འདུས་བྱས་རྣམས་ལ་ལྡན་པའི་དོན་འགའ་ཞིག། དེ་བཞིན་

གཤེགས་པ་རྣམས་ལ་དཔེ་ཉིད་དུ་མི་འཇུག་པར་སྟོན་པའོ། །དེའི་དོན་ཡང་འཁོར་བའི་འདུས་བྱས་པ་ཡིན་པས། འཇིག་པའི་ཆོས་ཅན་ཉིད་དེ་དག་ལ་ལྡན་པའི་དོན་ཡིན་ལ། དེ་འདྲ་བ་ནི་དེ་བཞིན་གཤེགས་པ་ལ་མེད་ཅེས་པའོ། །གལ་ཏེ་དེ་ལྟར་ན་འཁོར་བའི་ཐོག་མའི་མཐའ་ཞེས་པ་སྟེ། དེ་ལ་

ཐོག་མ་ནི་སྔོན་གྱི་མཐའ་ཡིན་ལ། ཐོག་མ་དེའི་མཐའ་ནི་ཕྱི་མའི་མཐའ་སྟེ་དེ་དག་ཤེས་པ་མེད་དེ། དེའི་ཕྱིར་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པས། ཇི་ལྟར་འཇིག་པ་ཉིད་འཁོར་བ་ལ་ལྡན་པའི་དོན་དུ་བཤད་དེ། ཐ་མ་མེད་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། སྤྱིར་རིགས་ཙམ་ལ་ཐོག་མ་དང་

Vol. 122 · folio 255b

ཐ་མ་མེད་ཀྱང་། དངོས་པོའི་དབང་དུ་བྱས་ན་སྐྱེ་ཞིང་འཇིག་པའི་ཆོས་དང་འབྲེལ་པས་སོ། །ཆད་པ་ནི་འཇིག་པ་ཉིད་ཀྱི་རྣམ་གྲངས་སོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་འཁོར་བ་ལ་ཕྱི་མའི་མཐའ་མེད་ན། ཇི་ལྟར་སྲོག་ཆགས་རྣམས་ཐར་པ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཞེས་རྒོལ་

བའོ། །ལན་གྱི་དོན་ནི་ཁམས་གསུམ་སྤྱི་ཙམ་གྱི་དབང་དུ་བྱས་ན་འཁོར་བ་ཚད་མེད་པས་ཕྱི་མའི་མཐའ་མེད་ཀྱང་། གང་ཟག་བྱེ་བྲག་པ་འགའ་ཞིག་གི་དབང་དུ་བྱས་ན་ཐར་པ་མཐོང་ལ། དེ་ཡང་ཕྱིན་ཅི་ལོག་ཉེ་བར་ཞི་བ་ཙམ་དུ་མ་བྱས་པ་ཡིན་པས། འཇིག་པའི་ཆོས་དང་འབྲེལ་པ་མ་ཡིན་

ནོ། །(ད་‚དེ་)བས་ན་རྣམ་པ་ཐམས་ཅད་དུ་འཁོར་བ་ལ་མཐའ་མེད་ཅེས་བྱ་བའི་གཏམ་ནི་ཅིར་ཡང་དགོས་པ་མ་ཡིན་ཏེ། དོན་གྱིས་སྟོང་པའི་ཕྱིར་རོ། །དོན་དམ་པར་ན་དེ་དག་ཐམས་ཅད་རྟོགས་པས་བརྟགས་པའི་རྣམ་གྲངས་ཡིན་ཞེས་པ་སྟེ་ཤེས་པར་ཟད་དོ། །གང་གིས་གང་གཱའི་བྱེ་མཉམ་

དུ། །ཞེས་པ་ནི། སྔར་བསྟན་པ་ལྟར་ཕྱོགས་འགའ་ཞིག་ནས་འདྲ་བའོ། །འཇིགས་མེད་ཚུལ་གྱིས་མཐར་ཐུག་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་རྟག་པའོ། །ཉེས་པ་ཐམས་ཅད་ནི་རྟོག་པ་ལ་སོགས་པའོ། །དེ་ནས་ཡང་ཞེས་པ་ལ་སོགས་པས་ནི། མི་རྟག་པ་ཉིད་ཚུལ་

གཞན་གྱི་སྒོ་ནས་གསལ་བར་སྟོན་ཏེ། དེའི་དོན་ཡང་ཆོས་ཐམས་ཅད་ནི་འདི་ལྟ་སྟེ་དགེ་བ་དང་མི་དགེ་ཞེས་པ་ལ། དགེ་བ་ནི་ཕ་ལ་ཕར་འཛིན་པ་དང་། དགེ་སྦྱོང་ལ་དགེ་སྦྱོང་དུ་འཛིན་པ་ལ་སོགས་པ་འཛིན་པའི་ཆོས་དགེ་བ་ནས་བཟུང་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཇི་སྐད་དུ་བཤད་པ་རྣམས་ཏེ། འཚོ་བ་ཉེ་བར་ཞི་བར་བྱེད་པས་དགེ་བའོ། །མི་དགེ་བ་ནི་དེ་བཟློག་པ་མི་དགེ་བ་བཅུ་ཡིས་བསྡུས་པ་རྣམས་སོ། །དེ་ལ་སོགས་པ་རྒྱུ་དང་རྐྱེན་གྱིས་མངོན་པར་འདུས་བྱས་པ་དང་། དེ་ལས་བཟློག་པ་དང་། འཇིག་

ཅིང་མི་རྟག་པས་འཇིག་རྟེན་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་དང་། དེ་ལས་བཟློག་པ་དང་། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དང་འབྲེལ་པ་དང་། དེ་ལས་བཟློག་པ་དང་འདོད་པའི་ཟག་པ་ལ་སོགས་པ་གསུམ་མམ་བཞི་དང་བཅས་པ་དང་། དེ་ལས་བཟློག་པ་དང་། སེམས་ཀྱིས་

Vol. 122 · folio 256a

ཟིན་པའི་དབང་པོ་དང་། དེ་ལས་བཟློག་པ་རྣམས་སོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་རྣམས་ཀྱི་དོན་རྒྱས་པར་འཆད་དེ། ལེན་པའི་ཕུང་པོ་ལྔ་ལས་བྱིས་པས་དགེ་བ་དང་མི་དགེ་བར་བརྟགས་པ་ནི་ཐ་སྙད་ཙམ་དུ་འཇིག་རྟེན་པའི་ཆོས་དགེ་བ་དང་མི་དགེ་བའོ། །

བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་འཇིག་རྟེན་ལས་འདས་པའི་དགེ་བའོ། །སྙོམས་པར་འཇུག་པ་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའོ། །ཀུན་གཞི་རྣམ་པར་ཤེས་པ་དགེ་བ་དང་མི་དགེ་བ་ཉིད་དུ་བསྟན་པའི་དོན་ནི། དེའི་དགེ་བ་དང་མི་དགེ་བའི་ས་བོན་དང་འབྲེལ་པས་ན་

རེ་ཞིག་དེ་དག་དང་ཐ་དད་མེད་པས། དགེ་བ་དང་མི་དགེ་བ་ཉིད་དུ་རྣམ་པར་གཞག་པའོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱང་ས་བོན་དེ་དག་དང་ལྡན་པའི་ཀུན་གཞི་ལ་དམིགས་པས། ཅི་རིགས་སུ་དགེ་བ་དང་མི་དགེ་བར་གཞག་གོ། །མུ་སྟེགས་ཅན་གྱིས་བརྗོད་ཅེས་པ་ཕྱིན་ཅི་ལོག་གི་ལྟ་བས་

གང་ཟག་དང་ཆོས་ཀྱི་བདག་ཏུ་སྒྲོ་བཏགས་པའི་སྒོ་ལྔའི་རྣམ་པར་ཤེས་པ་སྐད་ཅིག་མ་དུ་མ་འདུས་པ་རྣམས་ཀྱང་། རྟོག་པ་དང་བཅས་པའི་ཡིད་ཀྱིས་དགེ་བའི་རྐྱེན་དུ་བསྒྱུར་བ་ནི་དགེ་བ་ཞེས་བྱ་ལ། མི་དགེ་བའི་རྐྱེན་དུ་བསྒྱུར་བ་ནི་མི་དགེ་བ་ཞེས་བྱ་སྟེ། དེ་ལྟར་ན་རྣམ་པ་བརྒྱད་པོ་ཐམས་

ཅད་ཀྱང་དགེ་བ་དང་མི་དགེ་བར་འགྱུར་བའོ། །དེས་ན་འབྲེལ་པ་ཅན་གྱི་ཆོས་གཞན་ལ་ལྟོས་ནས་དེ་ལྟར་འགྱུར་གྱི་རང་གི་ངོ་བོ་ནི་སྔ་མ་ལྟར་མིང་དུ་བསྟན་པ་ལ་སོགས་པ་ཡིན་པས་འགལ་བ་མེད་པའོ། །འདིར་དགེ་བ་ལ་སོགས་པའི་བྱེ་བྲག་ཆོས་མངོན་པའི་བསྟན་བཅོས་ལས་བཤད་པ་

རྣམས་ཀྱང་རྗེས་སུ་མི་འཇུག་པ་མ་ཡིན་མོད་ཀྱི། དེ་དག་ཉིད་ཀྱི་གཞུང་ལས་ཤེས་པར་བྱའོ། །མདོ་སྡེ་འདི་ནི་གཙོ་བོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གཏན་ལ་འབེབས་པས་རྒྱས་པར་ནི་མདོ་དེ་ཉིད་ཀྱི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །དེ་ལྟར་སྐད་ཅིག་མའི་ཆོས་དང་ལྡན་པའི་ཆོས་

ཅན་བསྟན་ནས། (ད་‚དེ་)ལ་ཡོད་པའི་ཆོས་སྐད་ཅིག་མ་ཉིད་སྟོན་པ་ནི། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པའོ། །རྒྱུད་ཀྱི་རྒྱུན་ནི་ལུས་ཐ་མི་དད་ཅེས་པ་ནི། དེ་དག་ཀྱང་རྒྱུད་གཅིག་ཅིང་རྒྱུན་ཆགས་སུ་འབྱུང་ཞིང་འབྱུང་ལ། བྱུང་ནས་ཀྱང་འཇིག་པར་འགྱུར་བ་སྟེ། རགས་པའི་འཇིག་པའམ།

Vol. 122 · folio 256b

སྐད་ཅིག་རེ་རེ་ལ་འཇིག་པའོ། །གལ་ཏེ་འགགས་མ་ཐག་ཏུ་རྣམ་པར་ཤེས་པ་གཞན་འབྱུང་བའི་ངེས་པ་ནི་མེད་དེ། བརྒྱལ་བ་ལ་སོགས་པའི་གནས་སྐབས་སུ་ཚོགས་དྲུག་འགགས་པ་ནི་དེ་མ་ཐག་ཏུ་འབྱུང་བ་མེད་པར་སྟོན་པ་བཞིན་ནོ་ཞེ་ན། མ་ཡིན་ཏེ། འགལ་བར་འགྱུར་བ་དེ་དག་གིས་དེ་

མ་ཐག་ཏུ་ཀུན་གཞི་རྣམ་པར་ཤེས་པ་ལ། རང་རང་གི་བག་ཆགས་ཤེས་པའི་བདག་ཉིད་དུ་གྱུར་པ་གཞན་དང་གཞན་སྐྱེད་པའི་ཕྱིར་རོ། །སྐད་ཅིག་གི་དུས་སུ་མི་གནས་ཞེས་པ་ནི་རང་གི་དུས་ལས་མ་གཏོགས་པའི་སྐད་ཅིག་ཏུ་མི་གནས་པའོ། །བག་ཆགས་ཀྱི་སྐད་ཅིག་པ་ཡིན་ཞེས་པ་ནི་

ཟག་པ་དང་བཅས་པའི་བག་ཆགས་དང་ལྡན་པ་ཀུན་རྫོབ་ཏུ་ཡོད་པའི་བདག་ཉིད་ནི་སྐད་ཅིག་མ་ཡིན་ཞེས་པ་སྟེ། འདི་རྣམས་ཐམས་ཅད་སྐད་ཅིག་མ་ཉིད་དུ་བྱིས་པའི་སྐྱེ་བོ་རྣམས་ལ་ཡིད་ཆེས་པར་བྱེད་པའི་རྒྱུ་མཚན་ཡང་། བྱས་པའམ་ཡོད་པ་ལ་སོགས་པའི་གཏན་ཚིགས་ལས་ཏེ། རྒྱས་པར་

ནི་རིགས་པའི་བསྟན་བཅོས་དག་ལས་ཤེས་པར་བྱའོ། །ཟག་པ་མེད་པའི་བག་ཆགས་ཀྱིས་ཞེས་པ་ལ་སོགས་པས་ནི་ཟག་པའི་གཉེན་པོར་གྱུར་པ་སྤྲོས་པ་དང་བྲལ་བ་དོན་དམ་པའི་རང་བཞིན་གྱིས་ནི་སྐད་ཅིག་མ་ཡིན་པའོ། །དེ་ལྟར་བྱིས་པའི་སྐྱེ་བོས་ཀུན་རྫོབ་ཏུ་སྐད་ཅིག་པ་དང་། དོན་

དམ་པར་སྐད་ཅིག་པ་མ་ཡིན་པ་ཟུང་དུ་འཇུག་པའི་དོན་མ་རྟོགས་པས། ལ་ལ་དག་སེམས་ཉིད་རིག་པ་སྐད་ཅིག་པའི་དོན་ཀུན་རྫོབ་ཙམ་དུ་ཡང་མེད་དོ་ཞེས་ཆད་པར་ལྟ་བ་ཉིད་དུ་འགྱུར་ལ། འགའ་ཞིག་ནི་དེ་ལས་བཟློག་པ་སྒྲོ་འདོགས་པའི་མཐར་འགྱུར་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པ་

འདུས་མ་བྱས་ཀྱི་ཆོས་རྣམས་ཀྱང་འཇིག་པར་བྱེད་དེ། མ་ཐོབ་པའི་ཉམས་པར་འགྱུར་བའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་རྣམ་པར་ཤེས་པ་དེ་རྣམས་ལ་ལྡན་པ་དང་མི་ལྡན་པའི་ཆོས་ཀྱི་ཁྱད་པར་སྟོན་ཏེ། དེ་ལ་སྒོ་ལྔའི་རྣམ་པར་ཤེས་པ་ནི་སྔར་བསྟན་པ་ལྟར་རྒྱུན་དང་མི་ལྡན་པའི་

ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པའི་རྒྱུ་མ་ཡིན་ཞིང་། དེ་ཉིད་ཀྱི་ཕྱིར་བདེ་བ་དང་སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཡང་མྱོང་བ་མ་ཡིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ནི་བདེ་བ་དང་སྡུག་བསྔལ་མི་མྱོང་བའི་རྒྱུ་དང་བཅས་པ་ཞེས་པའམ། མྱ་ངན་ལས་འདས་པ་ནི་ཚོར་བ་བཏང་

Vol. 122 · folio 257a

སྙོམས་པར་འབའ་ཞིག་དང་ལྷན་ཅིག་པ་ཡིན་པས། དེ་འདྲ་བའི་མྱ་ངན་ལས་འདས་པའི་རྒྱུར་ཡང་འགྱུར་ལ། ཡང་འདོད་པའི་ཟག་པ་ལ་སོགས་པ་འོག་ནས་སྟོན་པར་འགྱུར་བ་བཞིའི་བག་ཆགས་དང་ལྡན་པས། འཁོར་བར་འཇུག་ཅིང་མྱ་ངན་ལས་འདས་པའི་རྒྱུར་མི་

འགྱུར་བས། (ད་‚དེ་)ལས་ལྡོག་པ་ཡང་ཡིན་ནོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་རྒྱུན་བརྟན་པའི་དངོས་པོ་བྱིས་པས་སྐད་ཅིག་མ་མ་ཡིན་པའི་དངོས་པོར་བརྟགས་པའི་ཁྱབ་པར་སྟོན་ཏེ། ཁྱད་པར་དག་ཅེས་པ་ནི་ཚིགས་སུ་བཅད་པས་འོག་ནས་སྟོན་པར་འགྱུར་རོ། །དེ་ལ་མངོན་པར་

རྟོགས་པ་ཐོབ་པ་ནི་མཐོང་བའི་ལམ་གྱི་ཡེ་ཤེས་ལ་སོགས་པ་སྟེ། དེ་རྣམས་འཇིག་པའི་ཆོས་ཅན་སྐད་ཅིག་པ་ཡིན་ན། འཕགས་པ་རྣམས་འཕགས་པ་མ་ཡིན་པར་འགྱུར་ཏེ། མྱ་ངན་ལས་འདས་པ་རྟག་པ་གཙང་བའི་གོ་འཕང་མ་ཐོབ་པའི་ཕྱིར་རོ། །ཚིག་འོག་མ་ནི་ཐལ་བ་ལས་བཟློག་

པའོ། །ལྡེམ་པོའི་ངག་ཏུ་བཤད་པ་ལ་མི་མཁས་ཞེས་པ་ནི་དངོས་པོ་ཐམས་ཅད་སྐད་ཅིག་མར་གསུངས་པ་ནི་བྱིས་པའི་སྐྱེ་བོ་རྣམས་འཁོར་བ་ལ་སྐྱོ་བ་སྐྱེད་པའི་དོན་དུ་གསུངས་པ་ལ་དེ་ལྟར་མ་ཤེས་པའོ། །ཇི་ལྟར་བརྟག་ཅེས་པ་ནི་སྤོང་བའི་སྒྲ་སྟེ། དེ་ལྟར་བརྟག་པར་མི་རིགས་པའོ། །གལ་ཏེ་དེ་ལྟ་

ན་གང་བྱས་པའམ་ཡོད་པ་དེ་ནི་སྐད་ཅིག་མ་ཡིན་ཏེ་ཞེས་བསྟན་པ་མི་འཐད་པར་འགྱུར་རོ་ཞེ་ན། བདེན་མོད་ཀྱི་ངག་འདི་རྣམས་ཀྱི་དོན་ནི། དོན་དམ་པར་སྐད་ཅིག་གི་ངོ་བོར་ཡང་གྲུབ་པ་མེད་ལ། ཀུན་རྫོབ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པའི་ཀུན་རྫོབ་དང་། རྣལ་འབྱོར་པའི་ཀུན་རྫོབ་པོ། །དེ་

ལ་དང་པོ་ནི་འཇིག་རྟེན་ཐ་མལ་པའི་སྣང་བ་སྟེ། དེ་དག་གི་སྣང་ངོ་ན་གསེར་དང་རྡོ་རྗེ་ལ་སོགས་པ་སྐད་ཅིག་མ་ཡིན་པར་འགྱུར་བ་མེད་པའི་ངོ་བོ་ཉིད་དུ་སྣང་བས། ཀུན་རྫོབ་ཏུ་དེ་དག་རྟག་ཅེས་བྱའོ། །རྣལ་འབྱོར་པའི་ཀུན་རྫོབ་ནི་དེ་དག་གི་སྣང་བ་སྟེ། དེའི་ངོ་ན་ཐམས་ཅད་སྐད་ཅིག་པ་ཉིད་དུ་

དམིགས་པས། དེ་ལྟར་རྣམ་པར་གཞག་པའོ། །དེ་ལ་འདིར་འཇིག་རྟེན་གྱི་ཀུན་རྫོབ་དེ་འདྲ་བ་ནི་ལོག་པའི་ཀུན་རྫོབ་ཅེས་ཀྱང་བྱ་སྟེ། འོན་ཀྱང་དེ་དག་ཡིད་ཚིམ་པར་བྱ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་དེ་དང་མཐུན་པར་གསུངས་པའོ། །ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་

Vol. 122 · folio 257b

ཕ་རོལ་ཏུ་ཕྱིན་པ་དུ་ཞེས་སྔར་དྲིས་པའི་ལན་དུ། ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་པ་སྟེ། སྙིང་པོ་སྦྱོང་བར་བྱེད་པའི་ལམ་ཉིད་དུ་བསྡུའོ། །སྲིད་པར་སྐྱེ་བའི་གནས་སྣ་ཚོགས་ཀྱི་ཕྱིར་ཞེས་པ་ནི་འཁོར་ལོས་སྒྱུར་བ་ལ་སོགས་པ་ཐོབ་པར་བྱ་བའི་དོན་དུ་སྦྱིན་པ་རྫོགས་པར་བྱེད་པ་སྟེ། དེ་དག་ཀྱང་གཟུགས་ལ་

སོགས་པ་འདོད་པའི་ཡོན་ཏན་ལྔ་ལ་མངོན་པར་དགའ་བའོ། །མངོན་པར་ཤེས་པ་དག་ཀྱང་མངོན་པར་གྲུབ་ཅེས་པ་ནི་དེ་འདྲ་བའི་བྱ་བ་དང་ལྡན་པའི་བསམ་གཏན་གྱི་ཏིང་ངེ་འཛིན་དང་བྱམས་པ་ལ་སོགས་པ་མངོན་པར་བསྒྲུབ་པའོ། །དེ་དག་ཀྱང་རང་རང་གི་བསམ་པ་ལ་ལྟོས་ནས་ཕ་རོལ་ཏུ་ཕྱིན་

པ་ཉིད་དུ་བཏགས་མོད་ཀྱི། ཐབས་དང་ཤེས་རབ་དམ་པས་མ་ཟིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དངོས་ནི་མ་ཡིན་ནོ། །ལེན་པ་ལ་འཛིན་པ་མེད་ཅེས་པ་ནི་ཀུན་གཞི་རྣམ་པར་ཤེས་པའམ། ཉེ་བར་ལེན་པའི་ཕུང་པོའོ། །དེ་ཉིད་གསལ་བར་སྟོན་པ་ནི་རང་གི་སེམས་དང་ཞེས་པ་ལ་སོགས་པའོ། །རྣམ་

པར་རྟོག་པ་མི་འཇུག་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་རྣམ་པར་རྟོག་པ་རྒྱུ་བ་ངན་པ་སྤངས་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའོ། །གང་གཟུང་བ་དང་འཛིན་པའི་དངོས་པོ་སྟོང་པ་ཉིད་དུ་རྟོགས་པས། དེ་འདྲ་བའི་ཆོས་ཟབ་མོ་ལ་བཟོད་པ་ནི། ཆོས་ལ་ངེས་པར་

སེམས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །རྣལ་འབྱོར་དང་མཐུན་པར་མཐོང་བ་ནི་ཏིང་ངེ་འཛིན་གྱི་དམིགས་པ་དེ་ཁོ་ན་ཉིད་དང་མཐུན་པར་རྟོག་པའོ། །མུ་སྟེགས་ཅན་གྱི་མྱ་ངན་ལས་འདས་པར་འཛིན་པར་མི་ལྟུང་བ་སྟེ། ཀུན་རྫོབ་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པའི་སེམས་

རྩེ་གཅིག་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་རྟོག་པ་མེད་པའི་བློས་བདེན་པ་གཉིས་ཀྱི་ཆོས་རབ་ཏུ་ཕྱེ་ན། མཐའ་གཉིས་སུ་འཛིན་པ་སྤངས་ཤིང་། གནས་གྱུར་པ་སྔོན་དུ་འགྲོ་བ་སྟེ། ས་བརྒྱད་པ་ཡན་ཆོད་ཀྱི་ཤེས་རབ་བམ་ཡེ་ཤེས་རྒྱུན་ལས་ཉམས་པ་

མེད་པ་ཆོས་ཀྱི་སྐུ་ཐོབ་པར་བྱ་བའི་དོན་དུ་རབ་ཏུ་སྦྱོང་བ་སྟེ། སྦྱིན་པ་ལ་སོགས་པ་ཐམས་ཅད་ཀྱང་འཁོར་གསུམ་སྒྱུ་མ་ལྟ་བུར་རྟོགས་པའི་ཤེས་རབ་དང་། བསྔོ་བ་ལ་སོགས་པའི་ཐབས་ལ་མཁས་པས་ཟིན་པ་སྟེ། ཇི་སྐད་དུ། གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་ན། །དེ་ཚེ་མིག་རྙེད་

Vol. 122 · folio 258a

གྱུར་ཅིང་དེ་ཡི་མིང་ཐོབ་པོ། །ཞེས་གསུངས་པ་དང་། མདོ་སྡེ་གཞན་དག་ལས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མ་བསྔོས་པའི་སྦྱིན་པས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མིང་མི་ཐོབ་པོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །འདིའི་དོན་ཞིབ་ཏུ་ནི་འཕགས་པ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་། དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་ལས་ཤེས་པར་བྱ་སྟེ། འདིར་ནི་གཞུང་མངས་ཀྱིས་འཇིགས་པས་མ་སྤྲོས་སོ། །ཚིགས་སུ་བཅད་པའི་དོན་ནི་ཕལ་ཆེར་ཤེས་པར་ཟད་དོ། །བྱེད་པ་ནི་ཕྱི་རོལ་པས་བརྟགས་པའི་བྱེད་པ་སྟེ། དེ་འདྲ་བ་མེད་ཅིང་

སྔ་ཕྱི་ཕན་ཚུན་བྱེད་པའམ། དོན་དམ་པའི་དངོས་པོས་དབེན་པའོ། །སྐྱེ་བ་མེད་ཅེས་པ་ལ་སོགས་པའི་དགག་པ་རྣམས་ནི་ཐམས་ཅད་དང་དོན་དམ་པ་ལ་དགོངས་པའོ། །དངོས་པོ་རྣམས་ཀྱིས་རྣམ་རྟོག་པ། །ཞེས་པ་ལ་སོགས་པས་ནི་ཀུན་རྫོབ་ཏུ་རྣམ་པར་རྟོག་པའི་གཞན་དབང་སྐད་ཅིག་མ་ལ་སོགས་པར་བསྟན་

པ་སྟེ། དེ་འདྲ་བའི་སེམས་འབྱུང་བར་བྱེད་པའི་རྒྱུ་ནི་མ་རིག་པ་ཐོག་མ་མེད་པ་ནས་བརྒྱུད་པ་ཡིན་ཏེ། དེས་གཟུགས་ལ་སོགས་པའི་དེ་ཁོ་ན་ཉིད་དུ་རྟོགས་པ་དེ་སྲིད་ཀྱི་བར་དུ་དེ་གནས་ཅི་ཞེས་པ་གནས་སམ་འོན་ཏེ། མ་ཡིན་ཞེས་པ་སྟེ། ཀུན་རྫོབ་ཏུ་རྒྱུན་ནི་གནས་ལ་སྐད་ཅིག་ནི་འཇིག་པའོ། །

གཟུགས་ནི་དུས་སུ་ཞེས་པ་ལ་སོགས་པས་དོན་དམ་པར་གཟུགས་དང་མ་རིག་པ་ལ་སོགས་པའི་རྒྱུ་མེད་པས། དེ་རྣམས་མི་འཐད་ཅེས་པའོ། །དུས་སུ་མི་གནས་ཞེས་པ་ནི་དོན་དམ་པར་རང་ཡོད་པའི་དུས་སུ་ཡང་མི་གནས་པ་སྟེ། གཟུགས་གཟུགས་ཀྱི་ངོ་བོས་སྟོང་པའོ། །ལོག་པའི་རྒྱུ་ནི་མ་

རིག་པའོ། །ཇི་ལྟར་སྐད་ཅིག་འཇིག་པར་རིག །ཅེས་པ་ནི་འཇིག་པར་དམིགས་ཤིང་གྲུབ་པ་མེད་པའོ། །རྣལ་འབྱོར་ཅན་གྱི་སྙོམས་འཇུག་ཅེས་པ་ལ་སོགས་པས་ནི་རྟག་པ་ཉིད་དུ་བརྟགས་པའི་ཁྱད་པར་ཏེ། འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའོ། །འོད་སྣང་གནས་ཀྱི་གཞལ་

མེད་ཁང་ནི་བསམ་གཏན་གཉིས་པའི་གཞལ་མེད་ཁང་སྟེ། འཇིག་རྟེན་པའི་ནང་གི་སྐྱོན་རྟོག་པ་དང་དཔྱོད་པ་མེད་པས་ཕྱི་རོལ་གྱི་མེའི་བསྐལ་པས་ཀྱང་འཇིག་པ་མེད་ཅེས་པ་སྟེ། བསམ་གཏན་དང་པོ་མན་ཆོད་མེ་ཡིས་ལན་བདུན་དུ་ཞིག་ཀྱང་དེ་ནི་མི་འཇིག་པའོ། །གནས་པ་རྣམས་ནི་རྒྱུན་དུ་

Vol. 122 · folio 258b

ཞུགས་པ་ལ་སོགས་པའི་གང་ཟག་སྟེ་ཉོན་མོངས་པ་སྤངས་པས་དགེ་སློང་ཞེས་ཀྱང་བྱའོ། །ཐོབ་པའི་ཆོས་ནི་མཐོང་བའི་ལམ་གྱི་ཡེ་ཤེས་ནས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བར་དུ་རྟོགས་པ་ཐོབ་པ་རྣམས་སྐད་ཅིག་མ་ཉིད་དུ་ཐ་མལ་པ་རྣམས་ཀྱིས་མ་མཐོང་བས་དེའི་ངོར་རྟོག་ཅེས་པའོ། །ཡང་དག་པར་ནི་

དེ་རྣམས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དང་འདྲ་བར། ཀུན་རྫོབ་ཏུ་སྐད་ཅིག་མ་ཡིན་ཞིང་དོན་དམ་པར་སྟོང་པའོ། །འབྱུང་པོ་དེ་དག་ཅེས་པ་ནི་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་སྟེ། དོན་དམ་པར་གང་ནས་ཀྱང་འོངས་པ་མེད་ཅིང་། གང་དུ་ཡང་སོང་བ་མེད་པའོ། །འཕགས་པ་ལང་ཀར་གཤེགས་པའི་

འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ལས་ལེའུ་དྲུག་པའི་རྣམ་པར་བཤད་པ་རྫོགས་སོ།། །།དེ་ནས་ཡང་ཞེས་པ་ལ་སོགས་པས་སྔར་གྱི་དགོངས་པ་ཅན་གྱི་དོན་ཉིད་ཚུལ་གཞན་གྱི་སྒོ་ནས་གསལ་བར་སྟོན་ཏེ། འཁོར་གྱི་ཐེ་ཚོམ་བསལ་བའི་ཕྱིར་དྲི་བའི་དོན་ནི་དགྲ་

བཅོམ་པ་སངས་རྒྱས་ཉིད་དུ་འགྱུར་བ་མི་འཐད་དེ། དེ་ནི་ཚོགས་རྫོགས་པར་བྱ་བའི་དོན་དུ་སྲིད་པར་སྐྱེ་བ་ལེན་དགོས་པ་ལས། དགྲ་བཅོམ་པ་ནི་སྲིད་པ་ཀུན་དུ་སྦྱོར་བ་ཟད་པའི་ཕྱིར་རོ། །ཡང་འདོད་ཆེན་པ་རྣམས་ནི་མངོན་པར་མཐོ་བ་ཐོབ་པའི་དགེ་བའི་རྩ་བ་ཡང་བཅད་པའི་ཕྱིར། སངས་རྒྱས་

ཉིད་དུ་འགྱུར་བ་ལྟ་ཅི་སྨོས་ཞེས་པའོ། །གཞན་ཡང་དེ་བཞིན་གཤེགས་པས་ཡི་གེ་གཅིག་ཀྱང་མ་གསུངས་ན། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ཚིག་འབྲུ་བཟང་པོ་ཞེས་པ་ལ་སོགས་པ་མི་འཐད་པས་དེ་ལྟར་བསྟན་པ་ནི་དོན་ཅི་ཡིན་ཞེས་པའོ། །རྫུ་འཕྲུལ་སྤྲུལ་པ་ལ་སོགས་པའི་

བྱ་བ་བྱེད་པ་ནི། ཀུན་ནས་སློང་བའི་བློ་སྔོན་དུ་འགྲོ་བས་རྟོག་པ་མེད་པར་དེ་འདྲ་བར་མི་འཐད་ཅེས་པ་དང་། ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་སྔ་ཕྱི་ཐ་དད་པའི་བདག་ཉིད་དུ་མ་དམིགས་པས་དེ་ལྟར་བསྟན་པའི་དོན་གང་ཡིན་ཞེས་པ་དང་། དེ་བཞིན་གཤེགས་པའི་སྐུ་ནི་ཉེས་པ་ཐམས་ཅད་

སྤངས་ཤིང་ཡོན་ཏན་ཐམས་ཅད་རྫོགས་པས། ལག་ན་རྡོ་རྗེ་རྟག་ཏུ་ཕྱི་བཞིན་དུ་འབྲང་ཞིང་བསྲུང་བ་མི་འཐད་ན། གསུང་རབ་དག་ལས་དེ་ལྟར་བསྟན་པའི་དོན་ཅི་ཡིན་ཞེས་པ་དང་། སྔར་བསྟན་པ་ལྟར་འཁོར་བའི་ཐ་མ་མེད་པ་དང་། མྱ་ངན་ལས་འདས་པ་འགལ་བས་དེའི་དོན་གང་ཡིན་པ་དང་། ལྷ་

Vol. 122 · folio 259a

སྦྱིན་ནི་ཡུན་རིང་པོ་ནས་དེ་བཞིན་གཤེགས་པའི་གཤེད་མ་དང་དགྲ་བོར་གྱུར་ཏོ་ཞེས་པ་ལ་སོགས་པའི་བདུད་དང་། དེ་དག་གིས་བྱས་པའི་ལས་ཏེ། དེ་བཞིན་གཤེགས་པའི་ཞབས་ལ་བདུད་ཀྱིས་འཕངས་པའི་སྒྱོགས་ཀྱི་ཟེར་ཕོག་གོ་ཞེས་པ་དང་། གཞན་ཡང་སྔོན་གྱི་ལས་

ཀྱི་ཉེས་པས་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་ཅེས་པ་དང་། བྲམ་ཟེའི་བུ་མོ་ཙན་ཙས་ཤིང་གི་གཞོང་ཁུང་ལྟེ་བར་བཅུག་ནས་དགེ་སྦྱོང་ཁྱོད་ཀྱིས་ང་སྦྲུམ་དུ་བཅུག་གོ་ཞེས་སྐུར་པ་བཏབ་པ་ལ་སོགས་པ་དང་། བསོད་སྙོམས་ཀྱི་ཕྱིར་བྲམ་ཟེའི་གྲོང་སཱ་ལ་ཅན་དུ་གཤེགས་པ་ལས། བསོད་སྙོམས་

མ་རྙེད་ནས་ལྷུང་བཟེད་བཀྲུས་ཏེ་ཕྱིར་བྱུང་ངོ་ཞེས་པ་ལ་སོགས་པ་འཕགས་པ་ཆོས་བཅུ་པའི་མདོ་ལས་གསུངས་པ་རྣམས་ཀྱི་དོན་ཇི་ལྟར་འཐད་དོ། །དེ་འདྲ་བའི་ཉེས་པ་དག་མ་སྤངས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགལ་བའི་ཕྱིར་རོ། །ལན་གྱི་སྐབས་སུ་དགྲ་བཅོམ་པ་རྣམས་སངས་

རྒྱས་ཉིད་དུ་ལུང་བསྟན་པ་ནི། དེ་རྣམས་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ་ཟག་པ་མེད་པའི་དབྱིངས་ལ་ཡུན་རིང་དུ་གནས་པ་ན། རང་གི་དགེ་བའི་ས་བོན་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་གྱིས། དེ་ལས་སད་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་ཚོགས་

རྫོགས་པར་བྱས་ནས་སངས་རྒྱས་པ་ལ་དགོངས་པ་སྟེ། རྒྱས་པར་ནི་སྔར་བསྟན་ཏོ། །གཞན་ཡང་དེ་ལྟར་བསྟན་པའི་དགོས་པ་ནི་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོ་སྔར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་རྣམས་ལམ་དེ་ཡིས་སྐྱོ་ནས། ཉན་ཐོས་

ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་ཡོད་དེ། དེ་དག་ལས་བཟློག་ནས་ཐེག་པ་ཆེན་པོ་ལ་རབ་ཏུ་སྤྲོ་བར་བྱ་བའི་ཕྱིར། གནས་བརྟན་འོད་སྲུངས་ལ་སོགས་པ་སྤྲུལ་པའི་ཉན་ཐོས་རྣམས་ལ་སྤྲུལ་པའི་སྐུ་དག་གིས་སངས་རྒྱས་སུ་ལུང་བསྟན་ཏེ། ཉན་ཐོས་ཀྱི་བྱང་ཆུབ་དེ་ཉིད་དུ་

མཐར་ཐུག་པ་མ་ཡིན་ཞིང་། སངས་རྒྱས་ཉིད་དུ་བགྲོད་པར་བྱ་བ་ཡིན་པས་ཐེག་པ་ཆེན་པོའི་ལམ་དེ་ཉིད་ལ་བརྩོན་པར་འགྱུར་བའོ། །གལ་ཏེ་དེ་ལྟ་ན་དགྲ་བཅོམ་པ་རྣམས་སངས་རྒྱས་སུ་ལུང་བསྟན་པ་དགོངས་པ་ཅན་ཡིན་པས་སྔར་བསྟན་པའི་རྣམ་པར་གཞག་པ་དང་འགལ་ལོ་ཞེ་ན། སྐྱོན་

Vol. 122 · folio 259b

མེད་དེ། དགྲ་བཅོམ་པ་རྣམས་ཟག་པ་མེད་པའི་དབྱིངས་ལ་བསྐལ་པའམ་བསྐལ་པ་ལས་ལྷག་པར་གནས་ནས། སྔར་བསྟན་པ་ལྟར་སངས་རྒྱས་ཉིད་དུ་འགྱུར་བ་ནི་ངེས་པའི་དོན་ཡིན་པས་སྔར་བསྟན་པ་དང་འགལ་བ་མེད་པའོ། །དེ་ལས་གཞན་དུ་ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་སྒོ་མཐོང་བར་བྱས་ནས་བྱང་

ཆུབ་སེམས་དཔའ་རྣམས་དང་མཚུངས་པར་མྱུར་དུ་ཚོགས་གཉིས་རྫོགས་པར་བྱས་ཏེ། སངས་རྒྱས་པ་ནི་ཤིན་ཏུ་ཡང་རིགས་པ་མ་ཡིན་ལ། གཞན་ཡང་སྔ་མ་ལྟར་དུས་དང་རྐྱེན་གྱི་དབྱེ་བ་མ་བྱས་པར་དགྲ་བཅོམ་པ་རྣམས་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས་བསྟན་པ་ཡང་དགོངས་པ་ཅན་གྱི་ཚིག་ཡིན་

ཏེ། །ཇི་སྐད་དུ། དོན་དམ་པ་དང་། གནས་སྐབས་དང་། མཐར་ཐུག་པའི་དབྱེ་བ་མ་བྱས་པར་ཐེག་པ་ཆེན་པོ་གཅིག་ཉིད་ཡིན་ཞེས་བསྟན་པའི་དགོངས་པ་ཅན་གྱི་ཚིག་ཉིད་དུ་སྔར་བསྟན་པ་བཞིན་དུའོ། །དེས་ན་སྐབས་ཀྱི་དོན་འདི་ནི་སྔར་བསྟན་པ་དང་འགལ་བར་མི་འགྱུར་བའོ། །གཞན་ཡང་གལ་

ཏེ་སྤྲུལ་པའི་ཉན་ཐོས་རྣམས་ལ་དེ་ལྟར་ལུང་བསྟན་ཏོ་ཞེས་དམིགས་ཀྱིས་བསལ་བ་བྱས་པས་དེ་ལས་གཞན་ཞི་བ་བགྲོད་པ་གཅིག་པུ་པ་རྣམས་སངས་རྒྱས་ཉིད་དུ་མི་འགྱུར་བས་སྔར་བསྟན་པ་དང་འགལ་ལོ་ཞེ་ན་མ་ཡིན་ཏེ། འདི་ནི་དམ་པའི་ཆོས་པད་མ་དཀར་པོ་ལས་འོད་སྲུངས་ཆེན་པོ་ལ་སོགས་པ་

སངས་རྒྱས་སུ་ལུང་བསྟན་པ་ནི་སྤྲུལ་པའི་ཉན་ཐོས་ཡིན་ནོ་ཞེས་གསུངས་ཀྱི། གསུང་རབ་ཀྱི་ཕྱོགས་གཞན་དག་ལས་ཉན་ཐོས་ཐམས་ཅད་སངས་རྒྱས་ཉིད་དུ་ལུང་མི་སྟོན་པ་ནི་མ་ཡིན་ནོ། །དེས་ན་འདིར་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་བྱང་ཆུབ་དམན་པ་དེ་དག་ཙམ་དུ་མཐར་ཐུག་ཅིང་།

དེ་ལས་གོང་དུ་བགྲོད་དུ་མེད་པར་བསྟན་པ་ཡང་དྲང་བའི་དོན་ཡིན་ལ། ཁྱད་པར་དུ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་སྔོན་གྱི་ལས་དང་ཉོན་མོངས་པས་འཕངས་པའི་ཕུང་པོ་ཟད་ན། ནམ་མཁའ་ལ་སྤྲིན་དེངས་པ་ལྟར་འདུ་བྱེད་ཀྱི་འཇུག་པ་ཐམས་ཅད་རྒྱུན་ཆད་པར་འདོད་པ་ནི་ཤིན་ཏུ་

ཡང་མི་འཐད་པ་ཉིད་དུ་སྔར་རྒྱས་པར་བསྟན་ཏོ། །གལ་ཏེ་དེ་ལྟར་བྱང་ཆུབ་དམན་པ་དང་མཆོག་ཉིད་འཇོག་པ་དེ་ལྟ་ན་དེ་དག་ལ་སྤངས་པ་དང་རྟོགས་པའི་ཁྱད་པར་ཅི་ཡོད་སྙམ་དུ་དོགས་ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་གསུངས་ཏེ། དེའི་དོན་ནི་ཉོན་མོངས་པའི་སྒྲིབ་པ་མངོན་དུ་རྒྱུ་སྤངས་

Vol. 122 · folio 260a

པར་སངས་རྒྱས་དང་བྱེ་བྲག་མེད་པ་ཡིན་གྱི། བག་ཆགས་སྤངས་པ་ནི་མ་ཡིན་ནོ་ཞེས་སྔར་བསྟན་ཏོ། །ཤེས་བྱའི་སྒྲིབ་པ་ནི་ཆོས་ལ་བདག་མེད་པ་སྟེ། སེམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་མཐོང་ཞིང་གོམས་པ་ཀུན་གཞི་རྣམ་པར་ཤེས་པ་ལ་

ཡོད་པའི་མ་རིག་པའི་བག་ཆགས་ཐམས་ཅད་བཟློག་པའི་ཕྱིར་སྤོང་བར་འགྱུར་བའོ། །འདིར་གང་ཟག་ལ་བདག་མེད་པ་ནི་བདེན་པ་བཞི་ཆོས་བཅུ་དྲུག་གི་རྣམ་པ་སྟེ། དེ་ལྟར་མཐོང་བའི་བྱེ་བྲག་གིས་རྣམ་པར་དག་པར་འགྱུར་བའོ། །དེའི་དོན་ཡང་ཕུང་པོ་ལྔ་ལ་རྟག་པ་དང་བདེ་བ་ལ་སོགས་པར་ཕྱིན་ཅི་ལོག་

པ་ལ་བརྟེན་ནས་ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་འབྱུང་བ་ལས། དེ་ལས་བཟློག་སྟེ་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པར་མཐོང་ཞིང་གོམས་པས་མངོན་དུ་རྒྱུ་བ་སྤོང་བར་འགྱུར་བའོ། །ཡིད་ཀྱི་རྣམ་པར་ཤེས་པ་བཟློག་པའི་ཕྱིར་ཞེས་པ་ཡང་རྟག་པ་ལ་སོགས་པར་ཕྱིན་ཅི་ལོག་པའི་ཡིད་

ཀྱི་རྣམ་པར་ཤེས་པ་བཟློག་པའོ། །ཆོས་ཀྱི་སྒྲིབ་པ་ནི་ཆོས་རྣམས་མཐོང་བ་ལ་སྒྲིབ་པ་སྟེ། ཤེས་བྱའི་སྒྲིབ་པའོ། །གཞན་ཡང་ངས་ཡི་གེ་གཅིག་ཀྱང་མ་གསུངས་ཞེས་པའི་དོན་ནི་འདས་པ་དང་མ་འོངས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པའི་ཚིག་དང་ཡི་གེ་ལས་མ་གཏོགས་པའི་ལྷག་པ་ཅུང་

ཟད་ཀྱང་གསུངས་པ་མེད་པའོ། །དེ་ལས་གཞན་པའི་དགོངས་དོན་གཉིས་ཀྱང་སྔར་བསྟན་ཏོ། །མི་རྟོག་མི་དཔྱོད་པ་འཕྲུལ་པ་སྤྲུལ་པ་ལ་སོགས་པ་བསྟན་པའི་དོན་ཀྱང་སྔོན་གྱི་སྨོན་ལམ་ལ་སོགས་པ་དང་། ཡེ་ཤེས་ཀྱི་དབང་གིས་རྟོག་པ་མེད་ཀྱང་དེ་ལྟར་སྟོན་པ་ལ་འགལ་བ་མེད་པའོ། །མཁྱེན་

བཞིན་དུ་ཞེས་པ་ནི་སེམས་ཅན་རྣམས་ཀྱི་ཁམས་དང་མོས་པ་ཇི་ལྟ་བ་བཞིན་དུ་མཁྱེན་ནས་དེ་དག་གི་དོན་མཛད་པའོ། །གལ་ཏེ་དྲན་པ་ནི་སྔར་འདྲིས་པའི་དངོས་པོ་ཉེ་བ་མ་ཡིན་པའི་དོན་ལ་འཛིན་པ་ཡིན་པས་རྟོག་པ་དང་བཅས་པ་ཉིད་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། འདས་པའི་དོན་ལ་ཕྱིན་ཅི་ལོག་གི་སྒྲོ་

འདོགས་བཀག་པ་ཙམ་ཡིན་གྱི། དེ་འདྲ་བའི་རྣམ་པ་སྣང་བ་མ་ཡིན་པའི་ཕྱིར་རོ། །ཤི་འཕོས་གཉིས་ནི་སྔར་བསྟན་ཏོ། །རྣམ་པར་ཤེས་པ་རྣམས་སྐད་ཅིག་ཏུ་བསྟན་པ་དང་། འཁོར་བ་ཐོག་མཐའ་མེད་པ་ལ་སོགས་པ་བསྟན་པའི་དོན་ནི་བྱིས་པའི་སྐྱེ་བོ་རྣམས་ཀྱི་འཇུག་པའི་རྣམ་པར་ཤེས་པ་ནི་

Vol. 122 · folio 260b

དགེ་བ་ཟག་པ་མེད་པའི་ཕྱོགས་དང་བྲལ་བ་སྟེ། དེ་རྣམས་ལས་ཟག་པ་འཕེལ་ཞིང་རྒྱས་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ཡང་འཕགས་པ་མྱ་ངན་ལས་འདས་པ་ཆེན་པོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་གྱི་རྣམ་པར་ཤེས་པ་ལྔ་ནི་སེམས་རྩེ་གཅིག་པ་མ་ཡིན་ཞིང་

ཟག་པ་དང་བཅས་པ་ཡིན་ལ། ཕྱིན་ཅི་ལོག་ཀྱང་ཡིན་ཏེ། ཟག་པ་རྣམས་བསྐྱེད་པའི་ཕྱིར་ཟག་པ་དང་བཅས་པ་ཞེས་བྱའོ། །ངོ་བོ་ཉིད་ཀྱིས་ཡང་དག་པ་མ་ཡིན་ཏེ། འདུ་ཤེས་ལ་ཆགས་པས་ཕྱིན་ཅི་ལོག་པ་ཞེས་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་རྣམས་མྱ་ངན་ལས་འདས་པའི་རྒྱུ་མ་

ཡིན་ལ། སྔར་བསྟན་པ་ལྟར་རྒྱུན་དང་མི་ལྡན་པས་འཁོར་བ་ཡང་མ་ཡིན་ནོ། །ཡང་བག་ཆགས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར་ཀུན་རྫོབ་ཏུ་སྐད་ཅིག་མ་ཉིད་ཡིན་ཏེ་དེ་ལ་དགོངས་ནས་སྐད་ཅིག་མ་བདེན་པ་ལྟ་བུར་བསྟན་པའོ། །དེ་ལྟ་ན་གང་འཁོར་བར་འགྱུར་སྙམ་ན་ཀུན་གཞི་རྣམ་པར་ཤེས་པ་ཉིད་

མི་རྟོགས་ན་འཁོར་བའི་རྒྱུར་འགྱུར་ཞིང་། རྟོགས་ན་མྱ་ངན་ལས་འདས་པའི་རྒྱུར་འགྱུར་བ་སྟེ། འདིའི་དོན་ནི་སྔར་བསྟན་ཟིན་ཏོ། །སྟོང་པ་ཉིད་ཀྱིས་གཡེངས་ཞེས་པ་ནི་མཚོན་པ་ཙམ་སྟེ། ཆད་པ་དང་རྟག་པའི་མཐར་འཛིན་པའི་བློ་ཅན་རྣམས་ཀྱིས་དབུ་མའི་དོན་རང་བཞིན་གྱིས་རྣམ་པར་དག་པའི་

དེ་ཁོ་ན་ཉིད་མི་ཤེས་པའོ། །གཞན་ཡང་ལག་ན་རྡོ་རྗེ་དེ་བཞིན་གཤེགས་པའི་ཕྱི་བཞིན་དུ་འབྲང་བར་བྱིས་པའི་སྐྱེ་བོ་ལ་སོགས་པ་རྣམས་ཀྱིས་མཐོང་བ་ནི་སྤྲུལ་པའི་སངས་རྒྱས་ཉིད་ཡིན་གྱི་ངོ་བོ་ཉིད་ཀྱི་སངས་རྒྱས་ནི་མ་ཡིན་ཏེ། དེ་ནི་དེ་དག་གིས་མཐོང་བའི་ཡུལ་ལ་འདས་པའི་ཕྱིར་རོ། །

སྤྲུལ་པའི་སངས་རྒྱས་ཀྱི་སྐུ་ལ་དེ་ཕྱི་བཞིན་དུ་འབྲང་ཞིང་བསྲུང་བར་བསྟན་པ་ནི་ལག་ན་རྡོ་རྗེས་འདུལ་བའི་སེམས་ཅན་རྗེས་སུ་བཟུང་བའམ། དེའི་སྔོན་གྱི་སྨོན་ལམ་ལ་སོགས་པ་འབྲས་བུ་དང་ལྡན་པ་ཉིད་དུ་སྟོན་པའོ། །གལ་ཏེ་དེ་ལྟ་ན་ངོ་བོའི་སངས་རྒྱས་གང་གི་སྤྱོད་ཡུལ་དུ་འགྱུར་ཞེ་ན། ཚེ་འདི་

ལ་ཞེས་པ་ལ་སོགས་པ་གསུངས་ཏེ། མཐོང་བའི་ཆོས་ལ་ཏིང་ངེ་འཛིན་གྱི་བདེ་བར་གནས་པ་དང་། བདེན་པ་བཞིའི་དེ་ཁོ་ན་ཉིད་མངོན་པར་རྟོགས་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་དང་ལྡན་པ་ས་དང་པོ་ཡན་ཆོད་ཀྱི་བྱང་ཆུབ་སེམས་དཔས་རྟོགས་པར་བྱེད་པ་

Vol. 122 · folio 261a

སྟེ། །དེ་ཡང་ལོངས་སྤྱོད་རྫོགས་པའི་སྐུའི་དབང་དུ་བྱས་པའོ། །ཆོས་ཀྱི་སྐུའི་ངོ་བོ་ནི་ས་བརྒྱད་པ་ཡན་ཆོད་དུ་སྤྱིའི་རྣམ་པའི་ཚུལ་གྱིས་ཡུལ་དུ་བྱེད་ལ། ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་སངས་རྒྱས་ཉག་གཅིག་གོ། །ཆོས་ཤེས་པའི་བཟོད་པ་ས་དང་པོའི་གནས་སྐབས་ཡིན་

པར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་བསྟན་བཅོས་དག་ལས་བཤད་དེ། རྒྱུན་དུ་ཞུགས་པའི་ཤེས་པ་དང་སྤོང་བ་གང་ཇི་སྙེད་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པར་འདུས་ཏེ་ཞེས་པ་ལ་སོགས་པ་གསུངས་པ་དང་། བཟོད་

པ་དེ་ཡང་འཕགས་པ་རྣམ་པར་གྲོལ་བའི་སྡེ་ཡིས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པར་གསུངས་པས་སོ། །ཡང་ལས་ཀྱི་ཉེས་པ་གང་ལྡན་པར་བསྟན་པ་ནི་ངེས་པའི་དོན་དུ་དེ་ལྟར་མ་ཡིན་ཏེ། སྤྲུལ་པའི་སངས་རྒྱས་ནི་གདུལ་བྱ་འབའ་ཞིག་གི་སྣང་བ་ཡིན་གྱི། དེ་དག་ལ་ཡང་དེ་བཞིན་

གཤེགས་པའི་རང་བཞིན་མེད་ལ། དོན་དམ་པར་དེ་ལས་གཞན་ན་ཡང་དེ་བཞིན་གཤེགས་པ་མེད་དེ། དེ་ལྟར་ན་དེ་ནི་སངས་རྒྱས་ཉིད་མིན་པས་དེ་ལས་ཀྱི་ཉེས་པ་དང་འབྲེལ་པར་སྣང་ཡང་སངས་རྒྱས་ནི་དེ་ལྟར་མ་ཡིན་པའོ། །སྤྲུལ་པ་ཉིད་ལས་ཀྱི་ཉེས་པ་དང་འབྲེལ་པར་བསྟན་པའི་དགོས་པ་ཡང་

བྱིས་པའི་སྐྱེ་བོ་རྣམས་རྣམ་པར་སྨིན་པའི་ལུས་ལ་སྐྱོ་བ་སྐྱེད་པ་སྟེ། དེ་བཞིན་གཤེགས་པ་ལ་ཡང་འདི་འདྲ་བའི་སྡུག་བསྔལ་ཡོད་ན། གཞན་རྣམས་ལྟ་ཅི་སྨོས་སྙམ་དུ་འགྱུར་བའོ། །ཁྱད་པར་དུ་ལྷུང་བཟེད་བཀྲུས་ཏེ་ཕྱིར་འབྱུང་བ་ཉིད་དུ་བསྟན་པ་ནི་བསོད་ནམས་ཆུང་བའི་ཉན་ཐོས་རྣམས་

ཀྱི་ཡི་ཆད་པ་སྤང་བའི་དོན་དུའོ། །ཙན་ཙས་སྐུར་པ་བཏབ་པ་བསྟན་པ་ཡང་བསོད་ནམས་ཆུང་ཞིང་སྐུར་པ་མང་པའི་དགེ་སློང་རྣམས་ཀྱི་ཡི་ཆད་པ་སྤང་བར་བྱ་བའི་དོན་དུའོ། །ལྷ་སྦྱིན་དགྲར་འགྱུར་བ་ལ་སོགས་པར་བསྟན་པ་ཡང་དེ་བཞིན་གཤེགས་པའི་ཆེ་བ་དབྱུང་བའི་དོན་དུ་བསྟན་པ་

སྟེ། འདི་རྣམས་ཀྱི་དོན་ཞིབ་ཏུ་འཕགས་པ་ཆོས་བཅུ་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །རྫ་མཁན་གྱི་དམིགས་པ་ལ་སོགས་པ་ནི་དེའི་བཟོ་རིག་པ་དང་། འཁོར་ལོ་ལ་སོགས་པའི་རྐྱེན་གྱིས་སྣོད་སྣ་ཚོགས་འབྱུང་བར་སྣང་བ་བཞིན་དུ། སྤྲུལ་པའི་སངས་རྒྱས་ཀྱང་གདུལ་བྱ་

Vol. 122 · folio 261b

སྣ་ཚོགས་ཀྱི་དོན་དུ་བྱ་བ་སྣ་ཚོགས་སྟོན་ཅིང་། མཚན་དང་ལྡན་པར་ཡང་སྟོན་མོད་ཀྱི་ངེས་པའི་དོན་གྱི་གཏམ་བདག་གི་འཕགས་པ་སོ་སོ་རང་གིས་རིག་པར་བྱ་བའི་སྤྱོད་ཡུལ་སེམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ནི་མི་སྟོན་ཏེ། སྤྲུལ་པའི་གདུལ་བྱ་ནི་ཐ་མལ་པ་སྣ་ཚོགས་ཡིན་པས་དེ་ལྟར་བསྟན་པས་འདུལ་

བར་མི་འགྱུར་བའི་ཕྱིར་རོ། །འདི་རྣམས་ཀྱི་དོན་ཞིབ་ཏུ་ནི་སྔར་བསྟན་ནོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་སྤྲུལ་པའི་གདུལ་བྱའི་ཁྱད་པར་སྟོན་ཏེ། རྒྱང་པན་པ་ལ་སོགས་པ་འགའ་ཞིག་རྣམ་པར་ཤེས་པ་དྲུག་ལས་མ་གཏོགས་པ་གཞན་ནི་ཁས་མི་ལེན་ལ། དྲུག་པོ་རྣམས་ཀྱང་འཆི་

བའི་དུས་ན་འགགས་པས་ཆད་པར་ལྟ་བ་སྟེ། འཇིག་རྟེན་སྔ་ཕྱི་མེད་ཅེས་པ་ལ་སོགས་པའོ། །ཡང་གྲངས་ཅན་པ་ལ་སོགས་པས་ཀུན་གཞིའི་འཇུག་པ་ཀུན་རྫོབ་ཏུ་སྐད་ཅིག་པ་ཡིན་ཞིང་། དོན་དམ་སྟོང་པ་ཉིད་དུ་མ་རྟོགས་པའི་ཕྱིར་རྟག་པའི་དངོས་པོར་ལྟ་བའོ། །དེ་ལ་སོགས་པ་ལྟ་བ་

སྣ་ཚོགས་པའི་གཉེན་པོར་བཤད་པ་སྣ་ཚོགས་པ་སྟོན་པར་སྣང་བའོ། །བློ་གྲོས་ཆེན་པོ་རང་གི་བློའི་ཞེས་པ་ལ་སོགས་པས་འཁོར་བ་ཐོག་མ་དང་ཐ་མ་མེད་པ་དང་། མྱ་ངན་ལས་འདས་པ་བསྟན་པ་མི་འགལ་བ་ཉིད་དུ་སྟོན་ཏེ། དོན་ཞིབ་ཏུ་ནི་སྔར་བསྟན་ནོ། །རང་གི་བློའི་ཤེས་པ་ལ་སོགས་པས་

བྱིས་པའི་སྐྱེ་བོས་དེའི་ཐོག་མ་དང་བར་མ་དང་ཐ་མ་ཤེས་པར་མི་རུང་བ་ཉིད་དུ་སྟོན་པའོ། །ཐར་པ་དེ་ཉིད་བག་ཆགས་ཀྱི་ས་གཞི་སྤངས་པའོ། །ཚིགས་སུ་བཅད་པའི་དོན་ནི་གནས་སྐབས་དང་མཐར་ཐུག་པ་ལ་སོགས་པའི་དབྱེ་བ་ལ་མ་ལྟོས་པར་ཐེག་པ་གསུམ་དང་། ཐེག་པ་མེད་པ་དང་།

ཐེག་པ་གཅིག་ཉིད་དུ་ངེས་པར་སྟོན་པ་དང་། མྱ་ངན་ལས་འདས་པའི་བྱེ་བྲག་མ་ཕྱེ་བར་སངས་རྒྱས་ལ་མྱ་ངན་ལས་འདའ་བ་མེད་ཅེས་པ་དང་། མྱ་ངན་ལས་འདའོ་ཞེས་ཕྱོགས་གཅིག་ཏུ་ངེས་པར་སྟོན་པ་དང་། དུས་དང་རྐྱེན་གྱི་དབྱེ་བ་མ་བྱས་པར་འགྲོ་བ་ཐམས་ཅད་སངས་རྒྱས་ཉིད་

དུ་ལུང་སྟོན་པ་དང་། དགྲ་བཅོམ་པ་རྣམས་ཉོན་མོངས་པའི་བག་ཆགས་ལ་སོགས་པའི་ཉེས་པ་ཐམས་ཅད་དང་བྲལ་བར་བཤད་པ་དང་། ཡང་གསུང་རབ་དག་ལས་དུས་དང་རྐྱེན་གྱི་དབྱེ་བ་ལ་མ་ལྟོས་པར་དགྲ་བཅོམ་པ་དང་། རང་སངས་རྒྱས་རྣམས་མངོན་པར་རྟོགས་པ་མཐར་

Vol. 122 · folio 262a

ཐུག་པའི་ཡེ་ཤེས་ཐོབ་པར་ལུང་བསྟན་པ་དང་། དགྲ་བཅོམ་པ་རྣམས་ཀྱིས་སྲིད་པར་སྐྱེ་བ་ལེན་པ་མེད་པར་རྟོགས་པ་སྟེ། ཟག་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཐོབ་པར་བཤད་པ་རྣམས་ནི་ཞུམ་པ་རྣམས་ཀྱང་སྤྲོ་བར་བྱ་བའི་ཕྱིར་ཞེས་པ་སྟེ། སྔ་མ་ལྟར་རྫོགས་པའི་

བྱང་ཆུབ་ལ་སེམས་ཞུམ་ནས་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདའ་བར་འདོད་པ་རྣམས་སྤྲོ་བར་བྱ་བ་དང་། གཞན་ཡང་རྫོགས་པའི་བྱང་ཆུབ་ཐོབ་པར་དཀའ་བ་ཉིད་དུ་སྟོན་པས། ཐར་པ་ལ་སེམས་ཞུམ་པ་རྣམས་སྤྲོ་བ་བསྐྱེད་པ་སྟེ། མྱུར་བ་སྲིད་པ་གསུམ་གྱིས་གྲོལ་བ་ཉན་ཐོས་ཀྱི་བྱང་ཆུབ་

ཀྱང་ཡོད་དོ་ཞེས་སྤྲོ་བ་བསྐྱེད་པ་ལ་སོགས་པའི་དོན་དུ་དགོངས་ཏེ་བཤད་པའོ། །དེ་དག་གི་དགོངས་དོན་ལ་སོགས་པའི་བྱེ་བྲག་ཞིབ་ཏུ་ནི་སྔར་རྒྱས་པར་བསྟན་ནོ། །སངས་རྒྱས་དག་གིས་ཞེས་པ་ལ་སོགས་པས་ནི་དེ་ལ་ཉན་ཐོས་སམ་བྱིས་པའི་སྐྱེ་བོས་བཏགས་པ་ལྟར། རྣམ་པར་སྨིན་པའི་ལུས་

འདོར་ཞིང་འགྲོངས་པ་ལྟ་བུའི་མྱ་ངན་ལས་འདས་པ་མེད་པར་སྟོན་ཏེ། སངས་རྒྱས་ཉིད་ཀྱིས་ཚོགས་ཡོངས་སུ་རྫོགས་པར་བྱས་ནས་ཆོས་ཀྱི་སྐུའི་ཡེ་ཤེས་རྒྱུན་དང་ལྡན་པར་སྐྱེད་ཅིང་། ཡེ་ཤེས་དེ་ཉིད་ཀྱིས་གཟིགས་པའི་ལམ་བཤད་ཅིང་། གདུལ་བྱ་རྣམས་ཀྱང་མཐར་ཐུག་པའི་ལམ་དེ་ཉིད་

ནས་འགྲོ་ཞིང་། སངས་རྒྱས་ཉིད་ཐོབ་པར་འགྱུར་བ་སྟེ། དེའི་ཕྱིར་མྱ་ངན་ལས་མི་འདའ་སྟེ། ཇི་སྐད་དུ། ཡེ་ཤེས་འཆི་མེད་དམ་པ་དེ་ལས་གཞན་མེད་ཐོབ། །ཅེས་གསུངས་པ་ལྟ་བུའོ། །གཞན་ཡང་ཚིག་འདི་རྣམས་ཀྱིས་མཐར་ཐུག་ལ་ཐེག་པ་གཅིག་ཉིད་ཡིན་པས་གསུམ་ལ་

སོགས་པར་བསྟན་པ་དགོངས་པ་ཅན་ཉིད་དུ་ཡང་སྟོན་ནོ། །ཡང་འདིས་སངས་རྒྱས་རྣམས་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པར་བསྟན་པས། མྱ་ངན་ལས་མི་འདའ་ཞེས་མཐའ་གཅིག་ཏུ་བསྟན་པ་ཡང་དགོངས་པ་ཅན་ཉིད་དུ་སྟོན་པའོ། །ཡང་སྔར་བསྟན་པའི་བག་ཆགས་

བཞི་པོ་རྣམས་གང་ཡིན་པ་དང་། གང་ལ་བརྟེན་པ་ལ་སོགས་པ་ནི་སྲིད་པ་ཞེས་པ་ལ་སོགས་པ་སྟེ། སྲིད་པའི་ཟག་པ་དང་། འདོད་པའི་ཟག་པ་དང་། གཟུགས་ཀྱི་ཟག་པ་དང་། ལྟ་བའི་ཟག་པ་སྟེ། འདི་རྣམས་ཀྱི་དོན་ནི་སྔར་བསྟན་ནོ། །དེ་རྣམས་ཀྱི་བག་ཆགས་རྣམ་པ་བཞི་ཀུན་

Vol. 122 · folio 262b

གཞི་རྣམ་པར་ཤེས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པས་དངོས་པོར་བརྟགས་པའི་དབང་གིས་བསྒོས་ཤིང་གཞག་པའོ། །ཡིད་ལ་གནས་ཞེས་པ་ནི་དེ་དང་འབྲེལ་པའི་ཚུལ་གྱིས་སོ། །ཡིད་ཀྱི་རྣམ་པར་ཤེས་ཞེས་པ་ལ་སོགས་པ་ནི་ཤེས་པར་ཟད་དོ། །ཐོག་མ་མེད་པ་ནི་ཀུན་གཞིའོ། །མྱ་ངན་ལས་

འདའ་བ་ལ་མོས་པ་ནི་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདའ་བའམ། ཕྱི་རོལ་པས་བརྟགས་པའི་ཐར་པ་ལ་བདེན་པར་འཛིན་ཅིང་མངོན་པར་འདོད་པའོ། །འདོད་པ་ཆེན་པོ་རྣམས་སངས་རྒྱས་ཉིད་དུ་བསྟན་པ་ཡང་དུས་དང་རྐྱེན་གྱི་བྱེ་བྲག་ལ་སོགས་པ་ལ་མ་ལྟོས་པར་དེ་ལྟར་བསྟན་པ་ནི་

དགོངས་པ་ཅན་ཡིན་ལ། དུས་རིང་མོ་ཞིག་ན་རང་གི་ལས་ཀྱི་ས་བོན་དང་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་དེ་ལྟར་འགྱུར་བ་ནི་ངེས་པའི་དོན་ཡིན་པས་སྔར་བསྟན་པ་དང་མི་འགལ་ལོ། །དེ་ལ་འདིར་སངས་རྒྱས་ཉིད་དུ་ངེས་པར་འབྱུང་བའི་ལམ་མདོར་བསྡུས་ན་རྣམ་པ་གཉིས་ཡིན་པ་ལས་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་རྒྱས་པར་བསྟན་ནས། ད་ནི་བྱམས་པ་དང་སྙིང་རྗེ་སྔོན་དུ་སོང་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐབས་ལ་མཁས་པའི་ཕྱོགས་ཅུང་ཟད་བསྡུས་ཏེ་སྟོན་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པ་

སྟེ། དེ་ཡང་སྒྲུབ་པ་དང་། དགག་པའི་སྤྱོད་པ་རྣམ་པ་གཉིས་ལས་འདིར་ཁྱད་པར་དུ་ཤའི་ཟས་ལ་དགའ་བའི་སྲིན་པོ་རྣམས་རྗེས་སུ་གཟུང་བའི་དོན་དུ། ཤ་ཟ་བའི་ཉེས་དམིགས་རྒྱས་པར་བསྟན་པའི་སྒོ་ནས་སྙིང་རྗེ་ཅན་གྱིས་དེ་ཉིད་དགག་པར་བྱ་བ་ཉིད་དུ་སྟོན་པའོ། །འདི་རྣམས་དྲི་བ་གང་གི་

ལན་དུ་སྦྱར་བ་ནི། ཚིགས་སུ་བཅད་པ་རྣམས་ཀྱིས་ཞུས་ནས་ཞེས་པ་སྟེ། སྔར་དྲི་བ་བརྒྱ་རྩ་བརྒྱད་ཀྱི་སྐབས་སུ་ཞུས་ནས་ཞེས་པའོ། །ཆོས་ཀྱི་རོའི་ཟས་ལ་མོས་པས་ཞེས་པ་ནི་ནང་དུ་ཏིང་ངེ་འཛིན་ལ་མཉམ་པར་གཞག་པའི་བདེ་བའི་རོ་དང་། རྗེས་ཐོབ་ཀྱི་གནས་སྐབས་ན། གཞན་དོན་

སེམས་དང་དེ་ཡི་ཐབས་རྙེད་དང་། །ཞེས་པ་ལ་སོགས་པ་ཐེག་པ་ཆེན་པོའི་རོའི་ཟས་སོ། །ཕན་ཚུན་དུ་བྱམས་པ་ཐོབ་པ་ནི་ཁྱད་པར་དུ་ས་དང་པོ་ལ་སོགས་པའི་གནས་སྐབས་ཏེ། ཆོས་དང་སེམས་ཅན་རྣམས་དང་ནི། །དེ་ཡི་བྱ་བ་སངས་རྒྱས་ཉིད། །མཆོག་ལ་སེམས་མཉམ་རྙེད་པའི་

Vol. 122 · folio 263a

ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །ས་རྣམས་སུ་སྦྱང་བར་བྱས་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱིས་ཀུན་གཞི་ལ་ཡོད་པའི་ལམ་གྱི་དྲི་མ་སྦྱངས་ནས་མྱུར་དུ་འཚང་རྒྱ་བ་སྟེ། དམན་པའི་ལམ་སྔོན་དུ་མ་སོང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་བྱས་པའོ། །ཉན་

ཐོས་དང་རང་སངས་རྒྱས་ཀྱི་སར་ངལ་སོ་བ་ནི་དམན་པའི་ལམ་སྔོན་དུ་སོང་བའི་བྱང་ཆུབ་སེམས་དཔའོ། །ཆོས་བཤད་པར་ཞེས་པ་ནི་བཤད་པའི་ཆོས་རྣམས་ལས་ཤ་ཟ་བའི་ཉེས་པ་བཤད་དུ་གསོལ་ཞེས་པའོ། །མུ་སྟེགས་ཅན་རྣམས་ཀྱིས་ཀྱང་ཤ་ཟ་བ་བཀག་སྟེ། དྲང་སྲོང་སུ་གེས་སྨྲས་པ། ཁྱོད་ཀྱིས་

ཕྱུགས་ནི་སྔོན་བསད་དེ། །ཁྲག་གི་འདམ་རྫབ་ཏུ་བྱས་པས། །གལ་ཏེ་མཐོ་རིས་འགྲོ་འགྱུར་ན། །གང་གིས་དམྱལ་བར་འགྲོ་བར་འགྱུར། །ཞེས་བསྟན་པ་དང་། གཞན་ཡང་དྲང་སྲོང་བྱ་སས་སྨྲས་པ། གང་གིས་གང་གི་ཤ་ཟ་བ། །དེ་དག་གཉིས་ཀྱི་ཁྱད་པར་ལྟོས། །གཅིག་ནི་སྐད་

ཅིག་འགྲངས་པར་འགྱུར། །གཅིག་ནི་གཏན་དུ་སྲོག་དང་འབྲལ། །འཆིའོ་སྙོམ་པའི་སྡུག་བསྔལ་གང་། །སྐྱེས་བུ་ལ་ནི་སྐྱེ་འགྱུར་བ། །རྗེས་སུ་དཔག་པ་དེ་ཡིས་ནི། །གཞན་ཡང་བསྲུང་བར་འོས་པའོ། །ཞེས་པ་ལ་སོགས་པ་རྣམ་པ་དུ་མ་སྨྲས་པའོ། །འཇིག་རྟེན་གྱི་མགོན་པོ་ཁྱོད་

ཀྱིས་བསྟན་པ་ཞེས་པ་ནི་དེ་ཡིས་བསྟན་པ་ལམ་དང་འབྲས་བུའི་ཐེག་པ་དམིགས་པ་མེད་པའི་ཐུགས་རྗེས་རོ་གཅིག་ཏུ་གྱུར་པའོ། །འཚལ་བ་མི་བཟློག་ཅེས་པ་ནི་གཞན་ཟ་བའོ། །རྒྱུ་ཚད་མེད་པ་ནི་བཟའ་བར་མི་འོས་པའི་རྒྱུ་མཚན་ནོ། །འདི་ལས་ཞེས་པ་ལ་སོགས་པར་ཐམས་ཅད་ཕ་

དང་མ་ལ་སོགས་པར་མ་གྱུར་པ་མེད་པས་བཟའ་བར་མི་འོས་པ་ཉིད་དུ་སྟོན་ཏེ། གཉེན་བཤེས་ནི་ཆུང་མ་ལ་སོགས་པའོ། །བློ་གྲོས་ཆེན་པོ་སྤྱོད་པ་དང་ཞེས་པ་ལ་སོགས་པས་ནི་མི་གཙང་བ་ལ་གཙང་བ་ལ་སོགས་པར་འཁྲུལ་པའི་རྒྱུ་མཚན་གྱིས་མི་བཟའ་བ་ཉིད་དུ་བསྟན་པའོ། །གཞན་ཡང་འབྱུང་

པོ་རྣམས་སྡང་བར་བྱེད་པ་དང་། དམ་པ་རྣམས་ཀྱིས་སྤངས་པ་དང་། ཁ་ན་མ་ཐོ་བ་སྤངས་པ་དང་། བསམས་ན་དབང་པོ་དང་མི་འཕྲོད་པ་དང་། དངོས་གྲུབ་དང་། ཐར་པའི་གེགས་སུ་འགྱུར་བ་དང་། འཁྲིག་པའི་ཆགས་པ་ལ་སོགས་པ་འཕེལ་བ་དང་། འཇིག་རྟེན་སྐྱོང་བ་ལ་

Vol. 122 · folio 263b

སོགས་པའི་ལྷ་རྣམས་ཀྱིས་སྤོང་བ་དང་། མཐོང་བའི་ཆོས་ལ་ཉེས་དམིགས་མང་པོ་དང་འབྲེལ་པས་བཟའ་བར་མ་གནང་ཞིང་བཀག་ཅེས་པའོ། །དེ་ལས་རིག་སྔགས་འཆང་བ་རིག་སྔགས་སྒྲུབ་པར་འདོད་པ་ནི་བྱ་བའི་རྒྱུད་ལ་སོགས་པའི་རྗེས་སུ་འབྲང་བ། རིག་སྔགས་དང་གཟུངས་སྔགས་

ལ་སོགས་པ་སྒྲུབ་པར་འདོད་པའོ། །ངས་ཁ་ཟས་ནི་བུའི་ཤ་དང་སྨན་བཞིན་དུ་བཤད་ལ་ཞེས་པ་ནི། ཤའི་ཟས་བུའི་ཤ་དང་འདྲ་བ་དང་། དེ་ལས་གཞན་དང་དྲང་སྲོང་གི་ཟས་འོ་མ་དང་འབྲས་ཆན་ལ་སོགས་པ་ནི་ཕན་འདོགས་པས་སྨན་དང་འདྲ་བ་སྟེ། དེ་ཡང་རོ་ལ་ཆགས་པའི་འདུ་ཤེས་

ཀྱིས་ནི་མི་བཟའ་སྟེ། སྐྱེ་བ་འདི་དང་གཞན་དུ་ཕན་པའི་འདུ་ཤེས་ཀྱིས་བཟའ་བའོ། །ཧྭགས་དང་ཞེས་པ་ནི་འབྲུ་མར་སྐོལ་བ་ལས་སྐྱགས་སོ་པའོ། །ཁཎྜ་ནི་ཏིང་ཀྲོལ་དུ་བྱས་པའོ། །བློ་གྲོས་ཆེན་པོ་སྔོན་འདས་པའི་ཞེས་པ་ལ་སོགས་པས་གདུལ་བྱའི་ཁྱད་པར་འགའ་ཞིག་ཡིད་ཆེས་

པར་བྱ་བའི་དོན་དུ་སྔོན་གྱི་གཏམ་རྒྱུད་བསྟན་པའོ། །མི་འོས་པར་བསྟན་པ་ནི་བཟའ་བར་མི་འོས་པ་བསྟན་པའོ། །དེ་ལ་དབང་པོས་ཀྱང་ཞེས་པ་ལ་སོགས་པའི་དོན་ནི་ལྷའི་དབང་པོས་སྔོན་ཁྲའི་གཟུགས་སུ་བྱས་པས། རྒྱལ་པོ་ཞི་ལྡན་གྱི་བསམ་པ་བརྟག་པར་བྱ་བའི་དོན་དུ་ཕུག་རོན་གཙེས་

པར་གྱུར་ཏེ། དེ་རྒྱལ་པོ་ལ་སྐྱབས་སུ་སོང་བ་དང་། ཁྲའི་གཟུགས་དེས་སྨྲས་པ། འདི་ནི་ངའི་ཟས་སྐལ་ཏེ། འདི་མེད་ན་ང་ནི་འཆི་བའི་དུས་ལ་བབ་པོ་ཞེས་རྒྱལ་པོ་དེ་གཟིར་བ་དང་། རྒྱལ་པོས་འདིའི་ཤ་དང་མཉམ་པའི་སྲང་ཚད་ལ་གཅལ་ཏེ་ཁྱོད་ལ་སྦྱིན་ནོ་ཞེས་པ་ལ་སོགས་པ་

གསུང་རབ་ཀྱི་ཕྱོགས་འགའ་ཞིག་ལས་གསུངས་པ་བཞིན་ནོ། །སྲོག་གི་རིམ་གྲོའི་ཕྱིར་ཞེས་པ་ནི་སེང་གེ་མོ་དང་མ་འགྲོགས་ན་དེ་ཡིས་གསོད་པར་འགྱུར་བས་དེ་དང་འགྲོགས་པའོ། །ཁྱིམ་བདུན་པའི་གྲོགས་ཞེས་པ་ནི་དེ་བཞིན་གཤེགས་པའི་བསྟན་པའི་རྗེས་སུ་འབྲང་བ། ལས་དང་

པོ་པ་རྣམས་ཀྱིས་འགྲོ་བར་བྱ་བ་མ་ཡིན་པའི་གནས་ཤན་པའི་ཁྱིམ་དང་། ཆང་ཚོང་དང་། སྨད་འཚོང་མ་དང་། བྱ་པ་དང་། ཉ་པ་དང་། རྒྱལ་པོའི་ཕོ་བྲང་དང་། དེ་ལས་གཞན་རྔོན་པ་ལ་སོགས་པ་རིགས་ངན་གྱི་ཁྱིམ་མམ། ཡང་ན་ལོག་པར་ལྟ་བའི་མུ་སྟེགས་སྲོག་གི་མཆོད་སྦྱིན་

Vol. 122 · folio 264a

ལ་དགའ་བའི་ཁྱིམ་སྟེ་བདུན་པོ་དེ་དག་ཡོད་པའི་གྲོང་ཁྱེར་ན། ཤ་ལ་ཤིན་ཏུ་བརྐམ་ཞིང་། དེ་ལས་གཞན་ཡང་བརྟེན་པར་མི་འོས་པའི་འདོད་པའི་ཡོན་ཏན་རྣམས་བརྟེན་ན། མིའི་ཤ་ཟ་བའི་ཕྲ་མེན་ཕ་དང་ཕྲ་མེན་མ་སྟེ། གནོད་སྦྱིན་གྱི་རིགས་སུ་གཏོགས་པའི་འགྲོ་བའི་

ཁྱད་པར་རོ། །ཤ་ཟ་བའི་ཉེས་པ་ཡང་ཞེས་པ་ལ་སོགས་པས་ནི་རེ་ཞིག་ཟ་བ་ལ་སོགས་པའི་ཉེས་པ་ཡང་དེ་འདྲ་བ་ཡིན་ན། རྟག་ཏུ་བསྟེན་ཅིང་བསྙེན་པའི་ཉེས་པ་ཆེན་པོར་འགྱུར་བ་དག་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་མི་བཟའ་བའི་རྒྱུ་མཚན་

བསྡུས་པ་དང་། གཞན་དག་ཟ་བར་འགྱུར་བའི་རྒྱུ་མཚན་སྟོན་ཏེ། གསོད་པར་མི་འགྱུར་ཞེས་པ་ནི་ཕལ་ཆེ་བ་ལ་དགོངས་པ་སྟེ། ངག་གི་རྒྱུན་འོག་མ་རྣམས་ཀྱིས་བསྟན་པའོ། །བློ་གྲོས་ཆེན་པོ་གང་ཉེ་བར་བཟུང་སྟེ་ཞེས་བྱ་བ་ནི་རྣམ་པ་གསུམ་དག་པའི་ཤ་གང་ཞིག་ལ་དགོངས་ཏེ། ཉན་ཐོས་རྣམས་ལ་

གནང་བ་བདག་ཉིད་ཀྱིས་སྲོག་མ་བཅད་པ་དང་། གཞན་གཅོད་དུ་མ་བཅུག་པ་དང་། མ་བསམས་ཤིང་བློ་ཡིས་ཡུལ་དུ་མ་བྱས་བར་ལྷུང་བཟེད་ལ་སོགས་པའི་སྣོད་དུ། སྦྱིན་བདག་ལ་སོགས་པས་བསྐུར་པ་སྟེ། དེ་འདྲ་བ་ཡང་དངོས་སམ་བརྒྱུད་པས་སེམས་ཅན་རྣམས་ལ་གནོད་པར་འགྱུར་

བས་རུང་བ་མ་ཡིན་ཞེས་པའོ། །ཤཱཀྱའི་སྲས་ཀྱི་ཡིན་ནོ་ཞེས་པ་ནི་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་ཡིན་ནོ་ཞེས་ཁས་ལེན་པའོ། །རྣམ་པ་མང་པོར་རྟོག་པ་ནི་དོན་འབྱུང་བའི་གླེང་གཞི་དེ་དང་དེ་དག་ལ་བརྟགས་ནས་ཞེས་པ་དང་སྦྱར་ཏེ། བསླབ་པ་བཅའ་བ་ལ་སོགས་པའི་དགོས་པ་སྟོན་པར་བྱེད་པའི་

གཏམ་རྒྱུད་དེ་དག་ལ་བརྟགས་པ་སྟེ། དེ་བཞིན་གཤེགས་པས་ཀུན་དགའ་བོ་ལ་བསླབ་པ་ཕྲ་མོ་བག་ཡངས་སུ་བྱར་ཡོད་ཀྱིས། ང་མྱ་ངན་ལས་འདའ་བའི་དུས་སུ་ཁྱོད་ཀྱིས་ང་ལ་དྲིས་ཤིག་ཅེས་གསུངས་པས་ཤའི་ཟས་ལ་སོགས་པ་བསླབ་པ་ཕྲ་མོ་རྣམས་ནི་བཅོམ་ལྡན་འདས་ཀྱིས་གནང་ངོ་ཞེས་

སྨྲའོ། །ཤ་ཟ་བའི་གཏན་ཚིགས་སུ་སྣང་བ་ཞེས་པ་ཡང་དོན་འདི་ཉིད་དང་སྦྱར་བར་བྱའོ། །ཡང་ན་དོན་འབྱུང་བ་ཞེས་པ་དེ་དག་གི་མངོན་པར་འདོད་པའི་དོན་ཉིད་ལ་སྦྱར་བར་བྱའོ། །གཞན་ཡང་དེ་བཞིན་གཤེགས་པས་གནང་ཞིང་རུང་བ་ཡིན་ན་ཤ་ཐམས་ཅད་ཟ་བ་གཅད་པར་མི་བྱ་བ་

Vol. 122 · folio 264b

ཉིད་དུ་འགྱུར་བ་ལས། དེ་ལྟར་བྱས་པའི་ཕྱིར་མི་རུང་ཞེས་པའོ། །དེ་ལྟར་ན་ཅུང་ཟད་གནང་བ་ཡང་མེད་དམ་སྙམ་དུ་དོགས་ན། བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ནས། རིག་པ་འཛིན་པའི་སྡེ་སྣོད་ཀྱི་བར་གྱི་བསྟན་པ་བརྗོད་པ་དེ་དང་དེ་དག་ལས། སོ་སོར་ཐར་པ་དང་། བྱང་ཆུབ་སེམས་དཔའ་དང་། རིག་

པ་འཛིན་པའི་བསླབ་པའི་གཞི་མས་རིམ་གྱིས་བཅའ་བ་སྐས་ཀྱི་གདང་བུ་བྲེ་བའི་ཚུལ་དུ་རྣམ་པ་གསུམ་བཅས་ནས་དོན་ཆེན་པོ་དང་ལྡན་པ་གོང་མ་རྣམས་མི་ཉམས་པར་བྱ་བའི་དོན་དུ་ཉན་ཐོས་རྣམས་ལ་གནང་བ་བྱས་པའི་རྣམ་གསུམ་དག་པའི་ཤ་ལ་སོགས་པ་ཡང་ཐེག་པ་གོང་མ་རྣམས་སུ་བཀག་སྟེ། དེའི་

ཕྱིར་རང་བཞིན་གྱིས་ཤི་བ་བཅུའི་ཤ་ནི་མི་བཀག་མོད་ཀྱི། འདིར་སྲིན་པོ་ལ་སོགས་པ་རྗེས་སུ་གཟུང་བའམ། དངོས་སམ་བརྒྱུད་པས་སེམས་ཅན་ལ་གནོད་པ་ཐག་བསྲིང་བར་བྱ་བའི་དོན་དུ་སྲོག་ཆགས་ཐམས་ཅད་ཀྱི་ཤ་ཐམས་ཅད་དུས་སམ་གནས་སྐབས་ཐམས་ཅད་དུ་ཀུན་དགའ་ཡང་བཟའ་བའི་

ཐབས་མེད་པར་རིལ་གྱིས་བཀག་པའོ། །དེ་ལ་རང་བཞིན་གྱིས་ཤི་བ་བཅུ་ནི་ཉན་ཐོས་སམ། བྱང་ཆུབ་སེམས་དཔའ་ལ་སོགས་པ་འགའ་ཞིག་ཟ་བའི་དབང་གིས་ཤི་བ་མ་ཡིན་པ། སེམས་ཅན་རྣམས་ཀྱི་སྲོག་ཡུན་རིང་དུ་གནས་པའི་འགལ་བའི་རྐྱེན་ཕྱི་དང་ནང་གིས་བསྡུས་པ་སྟེ། དེ་ལ་ཕྱིའི་དབང་དུ་

བྱས་ན་སེམས་ཅན་དང་། སེམས་ཅན་མ་ཡིན་པའི་གནོད་པ་རྣམ་པ་གཉིས་སོ། །སེམས་ཅན་མ་ཡིན་པ་ཡང་ས་ལ་སོགས་པའི་འབྱུང་བ་བཞིར་སྣང་བས་སྲོག་ལ་གནོད་པ་སྟེ། དེ་ལྟར་ན་ཕྱི་རོལ་གྱི་འགལ་རྐྱེན་རྣམ་པ་ལྔའོ། །ནང་གི་དབང་དུ་བྱས་ན་རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་

དང་། །བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པའི་ནད་རྣམས་ཏེ། དེ་ལྟར་འགལ་རྐྱེན་རྣམ་པ་བཞི་དང་། ཚེ་ཟད་ནས་འཆི་བ་སྟེ་མཐུན་རྐྱེན་མ་ཚང་བའོ། །དེ་ལྟར་ན་ནང་གི་དབང་དུ་བྱས་པ་རྣམ་པ་ལྔ་སྟེ། ཐམས་ཅད་བསྡོམས་པས་བཅུ་རུ་འགྱུར་བའོ། །དེ་ཡང་ཇི་ལྟར་མི་

རྣམས་མིའི་ཤ་མི་ཟ་ཡང་འཆི་བའི་རྐྱེན་རྣམ་པ་བཅུ་པོ་དེ་རྣམས་ཀྱིས་མི་རྣམས་འཆི་བ་བཞིན་ནོ། །རྣམ་པ་གསུམ་དག་པ་དང་། རིག་པ་འཛིན་པའི་སྡེ་སྣོད་ལས་ན་དང་ག་ཧ་དང་པོ་ལ་སོགས་པ་བཟའ་བར་བཤད་པ་ཡང་འདི་རྣམས་ཀྱི་ནང་དུ་འདུས་པར་ཟད་དོ། །ངེས་པའི་དོན་དེ་ནི་དེ་ལྟར་

Vol. 122 · folio 265a

ཡིན་མོད་ཀྱི། འདིར་ནི་ཤའི་ཟས་ཟ་བ་ཙམ་ལ་བརྟེན་ནས་སེམས་ཅན་ལ་གནོད་པར་འགྱུར་བ་སྲིད་པ་དང་། སྔ་མ་ལྟར་སྲིན་པོ་ལ་སོགས་པ་རྗེས་སུ་གཟུང་བའི་དོན་དུ་ཐམས་ཅད་བཀག་པའོ། །ཆོས་ཀྱི་ཟས་ཟ་སྟེ་ཟང་ཟིང་གི་ཟས་མ་ཡིན་ཞེས་པ་ཏིང་ངེ་འཛིན་གྱི་བདེ་བ་ཐོབ་པ་

རྣམས་ཀྱི་དབང་དུ་བྱས་པའོ། །ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་ཞེས་པ་ནི་མཁྱེན་ཀྱང་ཐུགས་མངོན་དུ་མི་གཏོད་པས་མི་གཟིགས་པ་དག་ཀྱང་སྲིད་པས་དེ་ལྟ་བུ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་གཟིགས་པའོ། །ཚིགས་སུ་བཅད་པ་རྣམས་ཀྱིས་ནི་དོན་སྔ་མ་ལས་ལྷག་པ་ཡང་

སྟོན་པས་ཞུ་བ་ལྷག་ཏུ་བྱས་པའོ། །འབྲུ་མར་གྱིས་ཀྱང་བྱུག་པ་ཡང་། །ཞེས་པ་ལ་སོགས་པའི་དོན་ནི་དེས་ལུས་རྒྱགས་པར་འགྱུར་བའམ། ལོང་འཆོས་ཉིད་དུ་འགྱུར་བས་སོ། །གཞན་ཡང་ཤིང་ལ་སོགས་པ་ལས་བྱས་པའི་ཁྲི་དྲ་མིག་ཏུ་བྱས་པ་རྣམས་ཀྱི་སྟེང་དུ་ཉལ་བར་མི་བྱ་སྟེ། དྲ་མིག་དེ་དག་ན་གནས་པའི་སྲོག་

ཆགས་ཕྲ་མོ་རྣམས་དེའི་བསྒུལ་བསྐྱོད་དང་སྐད་ཀྱིས་འཇིགས་པར་འགྱུར་བའི་ཕྱིར་རོ། །དྲེགས་པ་ནི་ང་རྒྱལ་དང་རྒྱགས་པའི་ཆ་རུ་གཏོགས་པའོ། །རྟོག་པ་ནི་མདོར་ཕན་འདོགས་པའམ་སྡུག་པའི་མཚན་མར་འཛིན་པའོ། །འདོད་ཆགས་ཀྱིས་ནི་སེམས་རྨོངས་བྱེད། །ཅེས་པ་ལ་སོགས་པའི་དོན་

ནི། འདོད་པས་ལྡོངས་ལ་ཁྲེལ་མེད་ངོ་ཚ་མེད། །ཅེས་པ་ལ་སོགས་པའམ། གཞན་ཡང་། འདོད་པས་ཡོངས་སུ་བསླུས་པ་དག །རྒྱ་མཚོའི་ཆུ་ནང་འཇུག་པར་བྱེད། །མཚོན་ཆ་ཐིབས་པོར་འབབ་པ་ཡི། །གཡུལ་དུ་ཡང་དག་འཇུག་པར་བྱེད། །ཅེས་པ་ལ་སོགས་པ་གསུངས་པ་སྟེ།

བླང་བྱ་དང་དོར་བྱའི་བྱེ་བྲག་ལ་རྨོངས་པས་ཟག་པ་དང་བཅས་པའི་ཕུང་པོ་འདུ་བར་རབ་ཏུ་འགྱུར་ཏེ། དེ་ལྟ་བུར་སྐྱེ་བ་ལེན་ཅིང་གྲོལ་བར་མི་འགྱུར་བའོ། །དེ་དག་གཉིས་ཀ་ཞེས་པ་ནི་བསད་ནས་འཚོང་བ་དང་། ཉོ་བ་གཉིས་ཀའོ་འཇིག་རྟེན་གཉིས་ཞེས་པ་ཡང་དེ་དག་དང་སྦྱར་རོ། །

ཡོད་མེད་པས་ཞེས་པ་ནི་སྤྱིར་ཤ་ཟ་བའི་ཉེས་པས་དངོས་སུ་མ་བསྐུལ་ཡང་། བརྒྱུད་ནས་བསྐུལ་བར་འགྱུར་བས་སོ། །དེ་ལ། ང་དང་སངས་རྒྱས་དག་གིས་བཤད། །ཅེས་པ་གསུང་རབ་ཀྱི་ཕྱོགས་གང་ལས་བཤད་སྙམ་ནས། གླང་པོའི་རྩལ་དང་སྤྲིན་ཆེན་དང་། །ཞེས་པ་ལ་སོགས་

Vol. 122 · folio 265b

པའོ། །མཐོང་དང་ཐོས་དང་ཞེས་པ་ལ་སོགས་པ་ནི་དེ་འདྲ་བའི་ཉེས་པ་མཐོང་བ་དང་ཐོས་པ་ལ་སོགས་པའོ། །འདོད་ཆགས་ཐར་པ་ལ་བར་ཆད་བྱེད་ཅེས་པ་ནི་ཁྱད་པར་དུ་འཁྲིག་པའི་འདོད་ཆགས་ཏེ། བུད་མེད་ཆགས་པས་ཡིད་བཅིངས་པ། །ཕྱི་ནས་མེ་ཡིས་སྲེག་པར་བྱེད། །ཅེས་གསུངས་པའི་

ཕྱིར་རོ། །ཤ་དང་ཆང་ལ་སོགས་པ་ལ་ཆགས་ཤིང་བསྟེན་པ་ཡང་དེ་དང་མཚུངས་པར་འགྱུར་བའོ། །རན་པ་དང་ནི་མི་འཕྲོད་པར། །ཞེས་པ་ལ་སྔར་བསྟན་པ་ལྟར་སྨན་དང་འདྲ་བ་དྲང་སྲོང་གི་ཟས་རྣམས་ཀྱང་རན་པ་ཙམ་དུ་བཟའ་ཞིང་། ཤའི་ཟས་ལ་ནི་མི་འཕྲོད་པའི་འདུ་ཤེས་ཀྱིས་སྤང་

བར་བྱའོ། །ཝ་ལ་སོགས་དང་འགྲོགས་བྱ་བས། །ཞེས་པ་ནི་དེ་དེ་དག་ཏུ་སྐྱེ་ཞིང་དེའི་རིགས་དང་འགྲོགས་པའོ། །འདི་ནི་འཕགས་པའི་རྒྱལ་མཚན་ནོ། །ཞེས་པ་ནི་ཚུལ་ཁྲིམས་ཀྱིས་བརྒྱན་ཅིང་། ཕ་རོལ་བདུད་ལས་རྒྱལ་བའི་མཚན་མའོ། །འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ་དེ་

བཞིན་གཤེགས་པའི་སྙིང་པོའི་རྒྱན་ལས་ལེའུ་བདུན་པའི་འགྲེལ་པ་རྫོགས་སོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ལམ་གྱིས་སངས་རྒྱས་ཉིད་དུ་ངེས་པར་འགྱུར་བ་ལ། བར་ཆད་འབྱུང་བ་བཟློག་པར་བྱ་བའི་དོན་དུ་

ནུས་པ་དང་ལྡན་པའི་སྔགས་སྟོན་ཏེ། དེ་ཡང་མནྟྲ་ཅེས་པའི་དོན་ནི་ཡིད་ཅན་སྐྱོབ་པར་བྱེད་པ་དང་། དེ་ཁོ་ན་ཉིད་ཀྱི་རྟོགས་པ་སྲུང་བར་བྱེད་པ་དང་བསྒྲུབ་བྱ་འགུགས་པར་བྱེད་པས་སྔགས་ཞེས་བྱ་སྟེ། ལམ་གྱི་ཡན་ལག་ཉིད་དུ་འགྱུར་བའོ། །འདིར་བདུད་ཀྱི་བྱེད་པ་ཡང་ས་བདུན་པ་མན་ཆོད་དུ་བྱང་

ཆུབ་སེམས་དཔའ་རྣམས་མངོན་པར་རྟོགས་པ་མྱུར་དུ་འཇུག་པ་ལ་གེགས་བྱེད་པ་དག་སྲིད་དེ། ཇི་སྐད་དུ། ས་བདུན་པ་མན་ཆོད་དུ་བདུད་དམ་བདུད་ཀྱི་ལས་ཀྱང་རིག་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་སྐབས་མི་རྙེད་ཅེས་པ་ནི་ཉེས་པའི་གོ་སྐབས་མི་རྙེད་པའོ། །ནམ་མཁའ་ལྡིང་ནི་

དུད་འགྲོའི་རིགས་སུ་གཏོགས་པ་ནམ་མཁའ་ལ་སྤྱོད་ཅིང་ཀླུ་རྣམས་ཟས་སུ་ཟ་བ་སྟེ། ཡང་དག་དབྱངས་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཇི་སྐད་དུ་གསུངས་པ་ལྟ་བུའོ། །འབྱུང་པོ་ནི་བྱང་ཤར་གྱི་མཚམས་ན་གནས་པའི་འབྱུང་པོ་

Vol. 122 · folio 266a

དབང་ལྡན་ནོ། །ལྷ་མ་ཡིན་ནི་ལྷའི་འགྲོ་བར་གཏོགས་པ་གདུག་རྩུབ་དང་གཡོ་སྒྱུ་ཤས་ཆེ་བས་འདི་དག་ནི་ལྷ་མ་ཡིན་ཞེས་ཐ་སྙད་དུ་བྱེད་པ་སྟེ། ཇི་ལྟར་ངན་པའི་ལས་བྱེད་པའི་མི་རྣམས་ལ། འདི་ནི་མི་མ་ཡིན་ནོ་ཞེས་ཟེར་བ་ལྟ་བུ་སྟེ། སྒྲ་གཅན་འཛིན་དང་། མགུལ་

ཕྲེང་དང་། རབ་རྒོད་ལ་སོགས་པའོ། །གྲུལ་བུམ་ལ་སོགས་པ་ནི་ཕལ་ཆེར་ཡི་དགས་ཀྱི་འགྲོ་བར་གཏོགས་པ་ལས་ཀྱི་དབང་གིས་དམན་པའི་ཡི་དགས་རྣམས་ལས་ཁྱད་པར་དུ་མཐུ་དང་རྫུ་འཕྲུལ་དུ་ལྡན་པ། གཞན་ལ་གནོད་པའི་བསམ་པ་དང་རྗེས་སུ་འབྲེལ་པའོ། །དེ་ལ་གྲུལ་བུམ་ནི་འབྲས་

བུ་ཆེ་བ་སྟེ་བུམ་པའི་ཚད་ཙམ་དང་ལྡན་པའོ། །ཤ་ཟ་བ་ནི་རྡུལ་ཁྲོད་དམ་ཆབ་ཁུང་གི་གནས་ན་གནས་པ་ཤའི་ཟས་ལ་དགའ་བའོ། །གནོན་པོ་ནི་མི་རྣམས་ཀྱི་གཟི་བརྗིད་དམ་ཡིད་འགྲིབ་པ་དང་གནོད་པར་བྱེད་པའོ། །བརྗེད་བྱེད་ནི་དྲན་པ་འཕྲོག་པར་བྱེད་པའོ། །མདངས་འཕྲོགས་པ་ནི་ཁྲག་

དང་ཁུ་བ་འདྲེན་པར་བྱེད་པས་གཟི་མདངས་ལ་གནོད་པའོ། །ལུས་སྲུལ་པོ་ནི་ལུས་མི་འདྲ་བ་དུ་མ་བཟུང་ཞིང་གཞན་ལ་གནོད་པར་ཞུགས་པའོ། །གཞན་ནི་སྔར་བཤད་ཟིན་ཏོ། །གཞན་ཡང་སྔགས་ཀྱི་ཚིག་འདི་རྣམས་དེ་བཞིན་གཤེགས་པ་ཆོས་ཀྱི་མངའ་བདག་ཆེན་པོར་གྱུར་པས། སྔར་བསྟན་པའི་

མདོའི་བརྗོད་བྱའི་དོན་ཟབ་མོ་སྟོན་པའི་ཚིག་ཏུ་ཡང་བྱིན་གྱིས་བརླབས་ཤིང་བརྡར་བྱས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་རྗེས་སུ་འཛིན་པས། འདི་དག་ཀློག་པར་བྱེད་པ་དེ་ཡིས་ལང་ཀར་གཤེགས་པའི་མདོ་ཐམས་ཅད་བཀླགས་པར་འགྱུར་བའོ། །ཁྱད་པར་དུ་ཡང་སྔགས་ཀྱི་ཚིག་འདི་

དག་ནི་བཅོམ་ལྡན་འདས་ཀྱིས་སྲིན་པོ་རྣམ་པར་བཟློག་པའི་ཕྱིར་གསུངས་ཞེས་པ་སྟེ། འབོད་འགྲོགས་ཀྱི་འཁོར་དེ་རྣམས་ལ་ཆོས་བཤད་པའི་སྐལ་བ་དང་ལྡན་པ་རྣམས་ནི་རྗེས་སུ་འཛིན་ལ། དེ་ལས་གཞན་པ་མ་རུངས་པའི་སེམས་དང་ལྡན་པ་རྣམས་ནི་རེ་ཞིག་ཚར་གཅད་པ་ལ་སོགས་པ་བྱེད་

པའོ། །དེ་ལྟར་ན་འདི་ནི་ཤ་ལ་དགའ་བའི་སྲིན་པོ་རྣམས་རྗེས་སུ་འཛིན་ཅིང་ཚར་གཅོད་པས་ལེའུ་སྔ་མ་ཉིད་ཀྱི་ཡན་ལག་ཏུ་སྦྱར་བར་བྱའོ།། །།དེ་ལྟར་དྲིས་པ་དང་ལན་དག་གི་སྒོ་ནས་བརྗོད་པར་བྱ་བའི་དེ་ཁོ་ན་ཉིད་རྒྱས་པར་བསྟན་ནས། ད་ནི་དྲི་བའི་དོན་སྔར་བསྟན་པ་རྣམས་བསྟན་པར་

Vol. 122 · folio 266b

བྱ་བ་དང་། བསྟན་པ་རྣམས་ཚིགས་སུ་བཅད་པའི་སྒོ་ནས་བསྡུས་ཏེ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་འཁོར་གྱི་གཙོ་བོས་སྔར་བསྟན་པའི་ཚིགས་སུ་བཅད་པས་སླར་ཡང་བསྟོད་ཅིང་། དོན་གྱིས་ཞུས་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་པའོ། །འདིར་དགོས་པ་ལྷག་པ་དང་ལྡན་པ་དང་། ཞུ་བ་

པོ་དེ་བཞིན་གཤེགས་པ་ལ་དད་པ་ཁྱད་པར་ཅན་སྐྱེས་ཤིང་། དེའི་ཡོན་ཏན་གྱི་ཁྱད་པར་རྣམས་སྔ་མ་དེ་དག་ཙམ་དུ་འདུས་སོ་ཞེས་བསྟན་པར་བྱ་བའི་ཕྱིར། ཚིག་སྔ་མ་དེ་དག་ཉིད་བཀོད་པས་ཟློས་པའི་ཉེས་པར་འགྱུར་བ་ནི་མ་ཡིན་ནོ། །སེམས་སླུ་བའི་སྨིག་རྒྱུ་བ་ཞེས་པ་ལ་སོགས་པས་རྣམ་པར་ཤེས་པ་

འཇུག་པའི་ཚུལ་དང་། ཆོས་རྣམས་ཀྱི་དབུ་མའི་དོན་གསལ་བར་སྟོན་ཏེ། འདི་རྣམས་ཀྱི་དོན་ནི་སྔར་བསྟན་ཟིན་ཏོ། །རྟག་ཏུ་བག་ཆགས་དག་གིས་བསྐྱེད། །ཅེས་བྱ་བ་ལ་སོགས་པའི་དོན་ནི་ཀུན་གཞི་ལ་བསྒོས་པའི་བག་ཆགས་དག་གིས་འཇུག་པའི་རྣམ་པར་ཤེས་པ་སྣ་ཚོགས་སུ་སྣང་

བ་སྐྱེད་ལ། བག་ཆགས་ཀྱང་ཐོག་མ་མེད་པའི་དུས་ནས་གོམས་པས་རྩ་བ་ཟུག་ཅིང་། དེའི་རྟེན་ཀུན་གཞི་ཡང་རྒྱུན་དང་ལྡན་པས་བསྟན་པའོ། །རྣམ་པར་ཤེས་པའི་ཚོགས་དེ་དག་ཀྱང་བག་ཆགས་ཀྱི་སྟོབས་ཀྱིས་སྤྱོད་ཡུལ་སྣ་ཚོགས་སུ་འཁྱམ་ཞིང་གཡོ་བ་སྟེ། ཁབ་ལེན་གྱིས་ལྕགས་

གཡོ་བ་བཞིན་ནོ། །ཀུན་གཞི་དེ་ཡང་སེམས་ཅན་ཐམས་ཅད་ལ་གནས་ཤིང་། དེ་བཞིན་གཤེགས་པའི་རིགས་ཀྱི་ས་སྟེ་དེའི་སྙིང་པོ་རྟོག་དང་བརྟག་པར་བྱ་བ་ལས་འདས་པའོ། །ཤེས་དང་ཤེས་བྱ་རྣམས་སྤངས་ཤིང་། །ཞེས་པ་ལ་སོགས་པས་དེ་རྣམས་གནས་གྱུར་ནས་འབྲས་བུ་ཐོབ་པའི་ཚུལ་

སྟོན་ཏེ། ས་བཅུ་ལས་ནི་རྣམ་བྱུང་བ། །ཞེས་པ་ལ་སོགས་པའི་དོན་ནི་ས་བཅུའི་ཡེ་ཤེས་གོམས་པ་ལས་བྱུང་བ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་། ཕྱིན་ཅི་ལོག་སྤངས་པའི་སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་ལ་འདྲིས་ཤིང་གོམས་པར་བྱ་སྟེ། དེ་ལས་རང་དང་གཞན་གྱི་དོན་

ཕུན་སུམ་ཚོགས་པ་འབྱུང་བའོ། །ལྷུན་གྱིས་གྲུབ་ཅེས་བྱ་བ་ལ་སོགས་པས་ནི་མཛད་པ་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་གཞན་གྱི་དོན་བྱེད་པ་སྟེ། འདི་རྣམས་ཐམས་ཅད་ཀྱི་ཚིག་གི་དོན་ནི་ཕལ་ཆེར་སྔར་བསྟན་ཟིན་ཏོ། །རྣམ་པར་རྟོག་ལས་གུད་ན་ནི། །ཞེས་བྱ་བ་ལ་སོགས་པས་

Vol. 122 · folio 267a

ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མཐའ་གཉིས་དང་བྲལ་བ་དབུ་མའི་དོན་ལ། བྱིས་པའི་སྐྱེ་བོ་ཕྱིན་ཅི་ལོག་པ་ཉིད་དུ་སྟོན་ཏེ། ཕྱོགས་བསླད་ཅེས་བྱ་བ་ནི་བདེན་པ་དང་། བརྫུན་པའི་ཕྱོགས་འཁྲུགས་ཤིང་ལོག་པར་འཛིན་པའོ། །ཡང་ན་ཡོད་པ་དང་མེད་པ་ལ་སོགས་པའི་ཕྱོགས་

སུ་འཛིན་པའི་བག་ཆགས་ཀྱིས་སེམས་ཀྱི་རྒྱུད་བསླད་པ་རྣམས་ཡོད་པ་དང་མེད་པ་ལ་སོགས་པའི་མཐའ་གཉིས་སུ་འཛིན་པར་བྱེད་པའོ། །གལ་ཏེ་ཡོད་པ་དང་མེད་པའི་ཕྱོགས་སངས་རྒྱས་ཉིད་ཀྱིས་བསྟན་པ་མ་ཡིན་ནམ་ཞེ་ན། རང་བཞིན་མེད་ཅེས་པ་ལ་སོགས་པ་གསུངས་ཏེ། བདེན་པ་

གཉིས་ཀྱི་དབྱེ་བ་ལ་མ་བརྟེན་པར་མེད་པ་དང་ཡོད་པའི་ཕྱོགས་བསྟན་པ་ནི་དགོངས་པ་ཅན་ཡིན་གྱི་ངེས་པའི་དོན་མ་ཡིན་ཞེས་པའོ། །རྐྱེན་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །སྲིད་པ་དང་མི་སྲིད་པའི་སྟོང་པ་ལ་སོགས་པ་ཡང་སྔར་བསྟན་ཟིན་ཏོ། །ཐམས་ཅད་མཁྱེན་པ་དང་ཞེས་པ་ལ་སོགས་

པས་ནི་ཆོས་ཐམས་ཅད་ཀྱི་དབུ་མའི་དོན་དེ་བཞིན་ཉིད་ལ་ཐམས་ཅད་གྲུབ་པ་མེད་པས་དེ་ཁོ་ན་ཉིད་དུ་ཐམས་ཅད་མཁྱེན་པ་གྲུབ་པ་མེད་མོད་ཀྱི། བྱིས་པའི་སྐྱེ་བོ་རྣམས་ནི་ཐམས་ཅད་མཁྱེན་པ་འཇིག་རྟེན་གྱི་སྟོན་པ་སངས་རྒྱས་ནི་འདིའོ་ཞེས་མཚན་དང་དཔེ་བྱད་ལ་སོགས་པའི་རྣམ་པ་བདེན་པ་ཉིད་དུ་ཕྱིན་

ཅི་ལོག་པའོ། །བརྟགས་པ་འདི་ནི་མིང་ཙམ་སྟེ། །ཞེས་པ་ལ་སོགས་པས་བརྟགས་པ་དང་གཞན་གྱི་དབང་གི་ཆོས་ཉིད་བསྟན་པའོ། །ནམ་མཁའི་མེ་ཏོག་ཅེས་པ་ལ་སོགས་པས་ཕྱིན་ཅི་ལོག་ལྡོག་པར་འགྱུར་བའི་ཚུལ་དང་། དེ་ལོག་པ་ཉིད་མྱ་ངན་ལས་འདས་པར་སྟོན་པའོ། །སྟོང་པ་ངོ་བོ་

ཉིད་མེད་པ། །ཞེས་པ་ལ་སོགས་པས་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དང་། དེ་ཉིད་རྟོགས་པའི་ཕན་ཡོན་སྟོན་པའོ། །དེ་ལ་རྟོག་གེའི་མཚན་མ་རིག་པའི་མཚན་མར་འཛིན་པའི་ཚད་མ་དང་། གཞལ་བྱ་ལ་སོགས་པའི་སྤྲོས་པ་དང་བྲལ་བ་དེ་ཉིད་འཕགས་པ་ལྷའི་སྤྱོད་ཡུལ་ཏེ་རྣམ་པར་དག་

པའི་ལྷ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཡོངས་སུ་གྲུབ་པའི་མཚན་ཉིད་དེ། ཀུན་བརྟགས་པ་དང་། གཞན་གྱི་དབང་གི་རང་བཞིན་གཉིས་སྤངས་པའོ། །དེ་ལ། རྣམ་རིག་གང་ཡང་མེད་པ་ལས། །ཞེས་བྱ་བ་ལ་སོགས་པས་ནི་དེ་ཁོ་ན་ཉིད་མཐོང་བ་དཔེའི་སྒོ་ནས་

Vol. 122 · folio 267b

རྒྱས་པར་སྟོན་པ་སྟེ། སྲོག་དང་རྩོལ་བ་བསྡམས་པ་ལ་སོགས་པའི་དབང་གིས་མུན་ཁུང་དུ་སྲིན་བུ་མེ་ཁྱེར་ལ་སོགས་པའི་རྣམ་པར་སྣང་བ་མེད་ཀྱང་མྱོས་པའི་དབང་གིས་སྣ་ཚོགས་སུ་སྣང་ཞེས་པའོ། །རྐྱེན་རྣམས་ཡོད་དང་མེད་པ་ལས། །ཞེས་བྱ་བ་ལ་སོགས་པས་ནི་ངོ་བོ་ཉིད་མེད་པར་བསྒྲུབ་

པའི་གཏན་ཚིགས་ལ་སོགས་པ་སྟོན་པའོ། །ལུས་ཀྱི་མཐར་འགྲོ་བ་དང་། འཇིག་རྟེན་གཙོ་དང་ཞེས་པ་ནི་གོ་རིམས་བཞིན་དུ་ངན་འགྲོའི་ལུས་དང་། མཐོ་རིས་ཁྱད་པར་ཅན་ནོ། །དེ་དག་ལ་སོགས་པ་བྱེད་པ་པོ་དང་ལས་སྣ་ཚོགས་སུ་བརྟགས་པ་ནི་རྨི་ལམ་ལ་སོགས་པའི་དཔེ་དང་མཚུངས་

པའོ། །སེམས་འདི་ཞེས་བྱ་བ་ལ་སོགས་པས་ནི་ཀུན་རྫོབ་ཏུ་ཁམས་གསུམ་དུ་སྣང་བ་སེམས་ཀྱི་རྣམ་པར་འཕྲུལ་པ་ཉིད་དུ་སྟོན་པའོ། །འདི་དང་ཕ་རོལ་ཞེས་པ་ནི་སྐྱེ་བ་འདི་དང་ཕ་རོལ་ཏེ། སེམས་ལས་ཐ་དད་པའི་འཇིག་རྟེན་མེད་པའི་ཕྱིར་དེ་ལྟར་མི་རྟག་ཅེས་པའོ། །མི་གཙང་གནས་ཀྱི་ཐ་མར་

ཕྱིན་པར་འགྱུར། །ཞེས་པ་ནི་འཁོར་བའི་ཐ་མ་མྱ་ངན་ལས་འདས་པ་ཉིད་དུ་འགྱུར་བའོ། །དེ་ཉིད་ཀྱང་གང་ཞེ་ན། ལྷའི་ཕོ་བྲང་འོག་མིན་པའོ། །ཞེས་པ་ལ་སོགས་པ་གསུངས་ཏེ། སྐྱེ་བའི་ལྷའམ། སྐྱེ་བ་རྣམ་པར་དག་པའི་ལྷ་སྟེ་ལོངས་སྤྱོད་རྫོགས་པའི་སངས་རྒྱས་སོ། །གནས་དེ་འམ་དེ་

ན་གནས་པ་རྣམས་སྡིག་པ་ཐམས་ཅད་སྤངས་ཤིང་བསོད་ནམས་འབའ་ཞིག་གི་སྣང་བར་གྱུར་པའོ། །རྫོགས་པའི་སངས་རྒྱས་ནི་ལོངས་སྤྱོད་རྫོགས་པའི་འོ། །འདི་ཞེས་པ་ནི་རྡོ་རྗེའི་གདན་བྱང་ཆུབ་ཀྱི་སྙིང་པོའི་ཤིང་གི་དྲུང་འདིར་དུས་ཕྱིས་འཚང་རྒྱ་བའི་ཚུལ་སྟོན་པ་སྟེ། དོན་འདི་ཉིད་གསུང་

རབ་ཀྱི་ཕྱོགས་གཞན་དག་ལས་ཀྱང་རྒྱས་པར་གསུངས་སོ། །དེ་ལ་སོགས་པའི་སྤྲུལ་པ་དཔག་ཏུ་མེད་པ་ཡང་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཉིད་ལས་འབྱུང་བར་འགྱུར་བའོ། །སྣ་ཚོགས་མེད་ལས་སྣ་ཚོགས་འབྱུང་། །ཞེས་པ་ནི་ཕྱི་རོལ་གྱི་ངོ་བོར་གྱུར་པའི་སྐུ་དང་གསུང་སྣ་ཚོགས་མེད་

ཀྱང་གདུལ་བྱའི་སྣང་བ་ལ་སྣ་ཚོགས་བྱུང་བའོ། །དེ་ལ་བྱིས་པའི་སྐྱེ་བོ་རྣམས་ནི་རྣམ་པར་རིག་པའི་རིགས་སུ་གཏོགས་པ་ཕྱིན་ཅི་ལོག་གི་རྟོག་པས་བསྒྲིབས་ནས་ཕྱི་རོལ་གྱི་ངོ་བོར་རྟོགས་ཤིང་སངས་རྒྱས་ཀྱི་རང་བཞིན་མི་ཤེས་པའོ། །གཞན་ཡང་ལུས་ཅན་ཀུན་ལ་གནས་པའི་དེ་

Vol. 122 · folio 268a

བཞིན་གཤེགས་པའི་སྙིང་པོ་ཡང་དེ་འདྲ་བའི་རྟོག་པས་གཡོགས་ནས་མི་མཐོང་བའོ། །གལ་ཏེ་དེ་ལྟ་ན་(ད་‚དེ་)འདྲ་བའི་རྟོག་པ་རྒྱུན་མི་འཆད་པས་མྱ་ངན་ལས་འདས་པ་མི་འཐད་དོ་ཞེ་ན། སྒྱུ་མ་ནོར་པ་ཡོད་མོད་ཀྱི། །སྒྱུ་མ་ནོར་པའི་སྒྱུ་མ་ཡིན། །ཞེས་གསུངས་ཏེ། ཕྱིན་ཅི་ལོག་

གི་རྟོག་པ་སྒྱུ་མ་ལྟ་བུ་དེ་ནི་རྟོག་པ་ཕྱི་མ་སྐྱེད་པའི་རྒྱུ་མ་ཚང་བ་མེད་པའམ། ནུས་པ་ཐོགས་པ་མེད་པ་མ་ཡིན་ཏེ། དེ་དག་གཉེན་པོས་གཞོམ་པར་ནུས་པའོ། །འཇིག་རྟེན་དག་ན་ཞེས་པའི་དོན་ནི་སེམས་སླུ་བའི་ས་བོན་ཅུང་ཟད་ཀུན་རྫོབ་ཏུ་ཡོད་པ་དེ་ནི་བརྟགས་པ་ལ་རྟོག་པ་སྟེ། དེ་འདྲ་བའི་རང་བཞིན་གཉིས་

ཀྱིས་ཀུན་གཞི་ལ་ས་བོན་བསྒོས་ནས། དེ་ལས་ཕྱིན་ཅི་ལོག་སྣ་ཚོགས་སུ་སྤྲུལ་ཞིང་སྐྱེད་པའོ། །གཞན་ཡང་རྣམ་པར་རིག་པ་ཙམ་གྱི་རང་བཞིན་མྱོང་བས་གྲུབ་པས་དངོས་པོ་རྟོག་ཅིང་རིག་པ་དེ་ཉིད་དང་། ཕུང་པོ་ལ་སོགས་པར་སྣང་བ་ལ་འཇིག་རྟེན་པ་རྣམས་ཀྱིས་གང་ཟག་དང་ཆོས་སུ་བརྟགས་ཤིང་

གོམས་པར་བྱེད་པ་ནི་ཕྱིན་ཅི་ལོག་ཡིན་ནོ་ཞེས་རྟོགས་ཤིང་གོམས་པས་ཕྱིན་ཅི་ལོག་གནས་ཤིན་ཏུ་གྱུར་པ་ན་ངའི་སྲས་ཡོན་ཏན་ཐམས་ཅད་མངོན་པར་རྫོགས་པ་ཡིན་ཞེས་པའོ། །དྲོད་དང་ཞེས་པས་བྱིས་པ་རྣམས་ཀྱིས་ཕྱིན་ཅི་ལོག་དང་། དེ་ཉིད་འཇུག་པའི་རྒྱུ་སྟོན་ཏོ། །དེ་ལ། འཁོར་བར་མི་བྱ་མྱ་ངན་འདས་

མི་བྱ། །ཞེས་པ་ནི་ཤེས་རབ་ཀྱིས་སྲིད་པ་ལ་མི་གནས་ཤིང་། སྙིང་རྗེས་ཞི་བ་ལ་མི་གནས་པའོ། །སྣ་ཚོགས་ས་བོན་ཞེས་པ་ལ་སོགས་པས་ནི་ཀུན་གཞི་རྣམ་པར་ཤེས་པའི་དབའ་རླབས་ཉིད་སྤྱོད་ཡུལ་སྣ་ཚོགས་སུ་སྣང་བ་སྟེ། དེ་ལ་གཟུང་བ་དང་འཛིན་པ་གཉིས་སུ་མངོན་པར་ཆགས་པའི་བྱིས་

པ་རྣམས་ནི་སྐྱེ་བ་ལ་སོགས་པར་རྟོག་པའོ། །རྟོག་པས་གྲུབ་པ་མ་ཡིན་ནོ། །ཞེས་པ་ནི་རྟོག་པས་ནོར་པ་ཕྱིན་ཅི་ལོག་ཏུ་བརྟགས་ཀྱང་བདེན་པར་མ་གྲུབ་པའོ། །ནམ་ཞིག་ལུས་ལ་མི་གནས་ན། །ཞེས་པ་ལ་སོགས་པའི་དོན་ནི་སྡུག་བསྔལ་གྱི་རྟེན་དུ་གྱུར་པའི་ཕུང་པོ་ལ་མངོན་པར་མི་ཞེན་ཅིང་།

དེ་འདྲ་བ་སྤངས་པར་གྱུར་པ་ན་ངའི་སྤྱོད་ཡུལ་མ་ཡིན་ཏེ། ཐེག་པ་སྣ་ཚོགས་བསྟན་པའི་གདུལ་བྱ་མ་ཡིན་ཞིང་། ངེས་པའི་དོན་འབའ་ཞིག་བསྟན་པར་བྱ་བའོ། །ཇི་ལྟར་རྒྱལ་པོ་ཞེས་པས་ནི་ཐེག་པ་སྣ་ཚོགས་སྟོན་པའི་རྒྱུ་མཚན་དཔེའི་སྒོ་ནས་སྟོན་པའོ། །དེའི་དོན་ཀྱང་རི་དགས་ཀྱི་གཟུགས་

Vol. 122 · folio 268b

འདྲ་བའི་རྩེད་མོའི་བྱེ་བྲག་སྣ་ཚོགས་ཀྱིས་བུ་རྣམས་བྲིད་ཅིང་ཁྱིམ་དུ་རྩེར་འཇུག་པ་སྟེ། ཕྱི་རོལ་གྱི་འཚེ་བ་ལ་སོགས་པས་འཇིགས་པའི་ཕྱིར་རོ། །དེ་ནས་དེ་དག་ཆེར་སྐྱེས་པ་དང་ཁྱིམ་གྱི་ཕྱི་རོལ་དུ་ཁྲིད་ནས་ནགས་ཀྱི་རི་དགས་དངོས་དང་ཕྲད་པར་བྱེད་པ་ལྟར། ཐེག་པ་སྣ་ཚོགས་ཀྱིས་བྲིད་ནས་མཐར་ཐུག་པ་

ལ་སོ་སོ་རང་རིག་པའི་དོན་ཕྱིན་ཅི་མ་ལོག་པ་ཉིད་སྟོན་པ་སྟེ། སྔར་རྒྱས་པར་བཤད་ཟིན་ཏོ། །ཇི་ལྟར་ཞེས་པ་ལ་སོགས་པས་ཀུན་གཞིའི་འཇུག་པ་ཉིད་རྒྱས་པར་སྟོན་པར་སྟེ། ཚིག་གི་དོན་ནི་སྔར་བསྟན་ཟིན་ཏོ། །ཕུང་པོ་ལ་ནི་བདག་མེད་དེ། །ཞེས་པ་ལ་སོགས་པས་བདག་མེད་པའི་དོན་

བསྡུས་ཏེ་བསྟན་པའོ། །ཤེས་རབ་ཀྱིས་ནི་ཡོད་མ་ཡིན། །ཞེས་པས་ནི་ཤེས་རབ་ཀྱིས་རྣམ་པར་ཕྱེ་བའི་ཚེ་ན་མེད་པའོ། །རྐྱེན་དང་གཏན་ཚིགས་དཔེ་རྣམས་དང་། །ཞེས་པའི་དོན་ནི་སྐྱེ་བ་རྣམ་བཞི་དང་བྲལ་བ་ལ་སོགས་པའི་གཏན་ཚིགས་དང་། རྨི་ལམ་ལ་སོགས་པའི་དཔེ་དང་། དམ་བཅའ་བ་སྟེ།

དེ་ལྟར་ཡན་ལག་གསུམ་ལ་བརྟེན་ནས་རྐྱེན་དང་རྒྱུ་རྣམས་ཀྱིས་སྐྱེ་བ་དེ་ནི་ངས་བཟློག་གོ་ཞེས་ཚིག་རྣམ་པར་སྦྱར་བར་བྱའོ། །གལ་ཏེ་དམ་བཅའ་བའི་ཚིག་ནི་བསྒྲུབ་བྱ་རྟོགས་པའི་ཡན་ལག་ཏུ་ཇི་ལྟར་འགྱུར་ཞེ་ན། དེ་ལས་གཏན་ཚིགས་ལ་སོགས་པའི་ཚིག་འཇུག་པས་བསྒྲུབ་བྱ་རྟོགས་པའི་ཡན་ལག་

ཙམ་དུ་འགྱུར་བའོ། །ཉི་ཟླའི་འོད་དང་མྱུ་གུ་ལ་སོགས་པའི་དཔེའི་དོན་ནི་ཉི་ཟླ་ལ་སོགས་པའི་འོད་ལ་མྱུ་གུ་དང་སྐྱེས་བུ་ལ་སོགས་པའི་གྲིབ་མ་སྣང་བ་ན། དེ་འདྲ་བའི་གྲིབ་མ་ནི་གྲིབ་མ་འཇོག་མཁན་གྱི་སྐྱེས་བུ་ལ་སོགས་པའི་ལས་སྐྱེ་བར་སྣང་ཡང་ཐོགས་པ་དང་བཅས་ཤིང་རྫས་སུ་གྲུབ་

པའི་གཟུགས་སྐྱེ་བ་མེད་པའོ། །འཇིག་རྟེན་གསུམ་ལ་མི་གནས་པ་ནི་དེ་ལྟར་སྣང་བ་ཡང་བདེན་པའི་རང་བཞིན་ལ་བརྟེན་ཅིང་གནས་པ་མ་ཡིན་པའོ། །མི་སྐྱེ་བཟོད་པས་ནི་ས་དང་པོ་ནས་སོ། །ཕྱི་རོལ་སྣང་བའི་གཟུགས་ཅན་གྱི་ཞེས་བྱ་བ་ལ་སོགས་པས་ནི་ཀུན་རྫོབ་ཏུ་རྣམ་པར་ཤེས་པ་

ཙམ་གྱི་ཚུལ་རྒྱས་པར་སྟོན་ཏེ། གཟུགས་ཅན་གྱི་ངོ་བོ་ཕྱི་རོལ་ཏུ་སྣང་བ་ནི་སེམས་ཉིད་ཡིན་པས་སེམས་ལ་སེམས་ཉིད་རང་སྣང་བ་སྟེ། རང་རིག་པ་འབའ་ཞིག་པའོ། །འབྲེལ་པ་ནི་ཕྱིའི་རྟེན་འབྲེལ་ལོ། །ཤིན་ཏུ་བསླབས་པས་རྣམ་རིག་གིས། །འགྲོ་བ་སྣ་ཚོགས་བྱིན་གྱིས་རློབ། །

Vol. 122 · folio 269a

ཅེས་པ་ནི་རྣམ་རིག་ཙམ་གྱི་ཚུལ་ལ་གོམས་པར་བྱས་པས་གོམས་པ་མཐར་ཐུག་སྟེ། ཐམས་ཅད་སེམས་ཀྱི་སྣང་བར་ཤེས་པ་ན། ཇི་ལྟར་འདོད་པ་བཞིན་དུ་སྤྲུལ་པར་བྱེད་པའོ། །གཞན་ཡང་ལུས་ལ་སོགས་པའི་གཟུང་བ་འཛིན་ཅིང་རྣམ་པར་རིག་པ་ནི་གསུམ་སྟེ། དེ་ལ་

ཡིད་ནི་རྣམ་པར་རྟོག་པ་མེད་པའི་ཡིད་དོ། །འཛིན་པའི་རྣམ་རིག་ནི་སྒོ་ལྔ་དང་ཀུན་གཞི་རྣམ་པར་ཤེས་པའོ། །རྣམ་པར་རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁྱད་པར་རོ། །མཚན་མེད་གནས་ཤིང་ངལ་ཡང་སོ། །ཞེས་པ་ནི་ཅུང་ཟད་ཙམ་ཏིང་ངེ་འཛིན་གྱི་བདེ་བ་ལ་གནས་ཤིང་། སྲིད་པའི་སྡུག་

བསྔལ་ལས་ངལ་སོ་བའོ། །བྱ་གག་སྣག་ཚས་བསྐུས་པ་ལ། །ཞེས་བྱ་བ་ལ་སོགས་པ་ནི་ཐེག་པ་གསུམ་རྣམ་པར་གཞག་པ་ཡང་དགོངས་པ་ཅན་ཉིད་དུ་སྟོན་པའོ། །ཆོས་དང་གང་ཟག་འཕོས་པའི་ཕྱིར། །ཞེས་པ་ལ་སོགས་པས་ནི་དེ་ལྟར་འཛིན་པའི་ཕྱིན་ཅི་ལོག་གནས་གྱུར་པ་ནི་དེ་བཞིན་ཉིད་ཀྱི་ཡེ་

ཤེས་ཏེ་ཉི་མ་ལ་སོགས་པ་ལས་འོད་འབྱུང་བ་དང་། ནོར་བུ་རིན་པོ་ཆེ་ལས་དགོས་འདོད་འབྱུང་བ་བཞིན་དུ། རྣམ་པར་རྟོག་པ་མེད་ཀྱང་འགྲོ་བའི་དོན་སྣ་ཚོགས་འབྱུང་བའོ། །ཇི་ལྟར་རབ་རིབ་ཅན་དག་གིས། །ཞེས་པ་ལ་སོགས་པས་ལོག་པར་འཛིན་པའི་རྒྱུ་མཚན་དཔེའི་སྒོ་ནས་སྟོན་ཏེ། དེ་ལ་ཇི་

ལྟར་འགའ་ཞིག་གིས་དྷ་དུ་རའི་འབྲས་བུ་ཟོས་པས་མྱོས་ཤིང་འཁྲུག་པ་ན། ས་དང་འགྲོ་བ་ལ་སོགས་པ་གསེར་དུ་སྣང་བ་བཞིན་ཞེས་པའོ། །ས་བོན་གཅིག་དང་ཞེས་པ་ལ་སོགས་པས་ཕྱིན་ཅི་ལོག་ཏུ་སྣང་བའི་བག་ཆགས་ཀྱི་དབྱེ་བ་སྟོན་ཏེ། དེ་ལ་ས་བོན་གཅིག་པ་ནི་སེམས་ཀྱི་ཆོས་ཉིད་

རྟོགས་ཤིང་གོམས་པ་མཐར་ཐུག་པས། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་ཡང་རྣམ་པར་དག་པ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གནས་སྐབས་ན་གནས་ངན་ལེན་གྱི་ལྷག་མ་ཙམ་ལུས་པ་ནི་ས་བོན་གཅིག་པའོ། །དེ་ཉིད་ཀྱང་སྤངས་ཤིང་ཀུན་གཞི་ཟག་པ་དང་བཅས་པའི་

ས་བོན་གནས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས་པ་ནི་ས་བོན་མེད་པའོ། །དེ་ཉིད་ཀྱི་ཚེ་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་མི་རྟོགས་པས་ས་བོན་ཐམས་ཅད་མཉམ་པའོ། །ཡང་བྱིས་པའི་སྐྱེ་བོ་ལ་སོགས་པའི་གནས་སྐབས་ན་ཟག་པ་དང་བཅས་པའི་ས་བོན་ཤས་ཆེ་བས་ཚེ་རབས་འདྲེས་

Vol. 122 · folio 269b

པ་སྟེ། སྲིད་པར་སྐྱེ་བ་ལེན་པའོ། །གཞན་ཡང་བྱིས་པའི་སྐྱེ་བོ་ཟག་པ་དང་བཅས་པའི་ས་བོན་འབའ་ཞིག་ཀུན་གཞི་ལ་འདེབས་པས་ན། དེ་ནི་ས་བོན་ཐམས་ཅད་པ་ཞེས་པའོ། །ཡང་འདི་རྣམས་ཀྱི་དོན་ནི་ཟག་པ་དང་བཅས་པའི་ས་བོན་རྣམ་པར་དག་པའི་དུས་ན་ཟག་པ་མེད་པའི་ས་བོན་འབའ་ཞིག་པ་ནི་

ས་བོན་གཅིག་པ་ཡིན་ལ། ཡང་ཤིན་ཏུ་གྱུར་པ་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཚེ་ན་ས་བོན་མེད་ཅིང་མཉམ་པའོ། །ཟག་པ་མེད་པའི་ས་བོན་ཤས་ཆེ་ཞིང་ཟག་པ་དང་བཅས་པའི་ས་བོན་ཅུང་ཟད་ཡོད་པའི་ཚེ་ན་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་དོན་དུ་སྲིད་པར་སྐྱེ་བ་ལེན་པས་

ཚེ་རབས་འདྲེས་པའོ། །དངོས་པོའི་རང་བཞིན་ཤེས་འདོད་ལ། །ནོར་པ་དག་ནི་མི་རྟོགས་སོ། །ཞེས་པ་ནི་རྟོག་གེ་པ་དག་མངོན་པའི་ང་རྒྱལ་གྱིས་དངོས་པོའི་རང་བཞིན་རྟོགས་པར་འདོད་ཀྱང་དེ་ལྟར་མ་རྟོགས་ཤིང་། རང་གི་བློ་ནོར་པ་ཉིད་ཀྱང་མི་རྟོགས་ཞེས་པའོ། །སྒྱུ་མ་མེད་པ་དང་

ཞེས་པ་ལ་སོགས་པས་ནི་རིག་པ་སྒྱུ་མ་ལྟ་བུའི་རང་བཞིན་དུ་སྟོན་ཏེ། དེ་ཡང་དོན་དམ་པར་དངོས་པོ་མེད་པར་སྣང་བ་ཡིན་པ་དང་། ཀུན་རྫོབ་ཏུ་གློག་ལྟར་མི་རྟག་པས་སྒྱུ་མ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་སྐྱེ་འཇིག་ཏུ་སྣང་བ་ཙམ་ནི་བཟློག་པར་བྱ་བ་མ་ཡིན་ཞིང་། བདེན་པའི་དངོས་པོར་

བརྟག་པ་ཉིད་བཟློག་པར་བྱ་བའོ། །རང་བཞིན་མེད་ཅིང་ཞེས་པ་ལ་སོགས་པས་ནི་རྣམ་པར་རིག་པའི་དེ་ཁོ་ན་ཉིད་རྟོགས་པའི་ཕན་ཡོན་སྟོན་ཏེ། དེ་ཚེ་རིས་སུ་གཏོགས་པའི་ལུས། །བྱ་བའི་འདུ་བྱེད་སྤངས་པ་སྟེ། །ཞེས་པས་ནི་ཆོས་ཀྱི་སྐུའི་རིས་སུ་གཏོགས་པའི་ཡེ་ཤེས་ཀྱི་ལུས་འདུས་མ་བྱས་པ་

མངོན་དུ་བྱས་པའོ། །ཐམས་ཅད་གཟུགས་སུ་སྣང་བ་ནི་ཇི་ལྟར་མོས་པའི་སྐུ་སྣ་ཚོགས་སུ་སྟོན་པའོ། །ནོར་སེམས་ཐོག་མ་མེད་པ་ཞེས་པ་ལ་སོགས་པས་ནི་ཡེ་ཤེས་ཀྱི་ལུས་ཐོབ་པ་དེའི་ཚེ་རྣལ་འབྱོར་ཅན་གྱིས་རྣམ་པར་ཤེས་པའི་ཆོས་ཉིད་རྟོགས་པས་འགྲོ་བ་སྣ་ཚོགས་སུ་སྣང་བ་མེད་པའི་ཏིང་ངེ་

འཛིན་ཐོབ་ཅིང་། ཐོག་མ་མེད་པ་ནས་བསགས་པའི་ནོར་པའི་སེམས་བཟློག་པའོ། །སྒྱུ་མ་དྲི་ཟའི་གྲོང་ཁྱེར་དང་། །ཞེས་པ་ལ་སོགས་པས་ནི་ཕྱིན་ཅི་ལོག་འབྱུང་བ་དང་ལྡོག་པའི་ཚུལ་བསྡུས་ཏེ་བསྟན་པའོ། །རྣམ་པ་སྣ་ཚོགས་དམིགས་པའི་སེམས། །ཞེས་པ་ལ་སོགས་པས་ནི་བྱིས་པ་

Vol. 122 · folio 270a

དང་། །འཕགས་པ་རྣམས་ཀྱི་སེམས་དང་མངོན་པར་རྟོགས་པ་འཇུག་པའི་ཚུལ་སྟོན་ཏེ། ཀུན་རྫོབ་ཏུ་སེམས་ཡུལ་སྣ་ཚོགས་ལ་འཇུག་པ་བཞིན་དུ་སེམས་ཀྱི་ཆོས་ཉིད་ནམ་མཁའ་ལྟར་སྟོང་པ་ཉིད་ཀྱང་རྩིག་པ་ལ་སོགས་པའི་ཆོས་རྣམས་ལ་ཅིའི་ཕྱིར་མི་འཇུག་སྟེ། ཆོས་ཀྱི་དབྱིངས་ལས་

མ་གཏོགས་པ། །འདི་ལྟར་ཆོས་ཡོད་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་ཕྱི་རོལ་གྱི་མཚན་མ་འགའ་ཞིག་ལ་དམིགས་ནས་སེམས་འཇུག་པར་འགྱུར་ན། སེམས་ཙམ་ཉིད་དུ་མི་འཐད་པའོ། །དེའི་ཕྱིར་སེམས་ཀྱིས་སེམས་ཉིད་ལ་འཛིན་གྱི་ཕྱི་རོལ་གྱི་དམིགས་པའི་རྒྱུ་ནི་གང་ཡང་

མེད་པའོ། །ཡང་དོན་དམ་པར་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་ཡིན་པས་བག་ཆགས་ལ་སོགས་པས་གོས་པ་མེད་པའོ། །ཡིད་ནི་གཉིས་ཀར་རྒྱུ་བ་སྟེ། །ཞེས་པས་ནི་ཉོན་མོངས་པ་ཅན་གྱི་ཡིད་ནི་ལུང་དུ་མ་བསྟན་པ་ཡིན་ལ། ཡིད་ཀྱི་རྣམ་པར་ཤེས་པ་ནི་དགེ་མི་

དགེར་ཡང་འགྱུར་བའོ། །ལུས་དང་ཞེས་པ་ལ་སོགས་པའི་ཚིག་བཟླས་ཏེ་གསུངས་པ་ནི་གཞན་ཡང་དེ་བཞིན་གཤེགས་པས་གློ་བུར་དུ་ལྷགས་པའི་གདུལ་བྱ་རྣམས་ཀྱི་དོན་དུ་སྔར་བསྟན་པ་ཉིད་བཟླས་ཏེ་གསུངས་ལ་སྡུད་པ་པོས་ཀྱང་དེ་བཞིན་དུ་བསྡུས་པས་ཟློས་པའི་སྐྱོན་དུ་འགྱུར་བ་མ་ཡིན་ནོ། །མདོའི་

སྐབས་གཞན་དུ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །འདིར་མངོན་པར་རྟོགས་པ་བསྟན་པའི་དོན་དུ་ཡིན་པས་ཟློས་པའི་ཉེས་པར་འགྱུར་བ་མེད་པའོ། །དེ་ལས་གཞན་ཡང་སྒྱུ་མའི་དཔེ་ལ་སོགས་པས་ཟབ་མོའི་དོན་རྣམ་གྲངས་དུ་མར་བསྟན་པ་ཡང་སྐབས་སུ་བབ་པའི་ཁྱད་པར་དེ་དང་དེ་དག་ལ་ཐེ་ཚོམ་

བསལ་བ་ལ་སོགས་པའི་དོན་དུ་ཡིན་པས་ཟློས་པར་འགྱུར་བ་མ་ཡིན་ནོ། །ཞིང་དུ་འཕོ་དང་ཞེས་པ་ལ་སོགས་པས་ནི། སྣང་བ་མེད་ལ་རིམ་ཅི་ཡོད། །ཅེས་པས་དོན་འཆད་དེ། སྟུག་པོ་བཀོད་པའི་ཞིང་དུ་འཕོ་བའི་ཚུལ་བསྟན་ཅིང་སངས་རྒྱས་པའི་རྟོགས་པ་སྟེ། མཉམ་པར་གཞག་པའི་ཡེ་ཤེས་དང་།

ས་བརྒྱད་པ་ཡན་ཆད་ཀྱི་སྣང་བ་མེད་པའི་ཡེ་ཤེས་ཀྱི་དོན་དུས་གསུམ་གྱིས་བསྡུས་པའི་སའི་རིམ་པ་མེད་དེ། དེ་ཡང་སེམས་ཙམ་དུ་དམིགས་པ་ལས་འདས་ནས་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་གནས་པའི་འབྲས་བུ་སྟེ། སངས་རྒྱས་ཉིད་ཀྱི་རྟོགས་པའོ། །རྣམ་པ་སྣ་ཚོགས་ཞེས་པ་ལ་སོགས་

Vol. 122 · folio 270b

པ་ཀུན་རྫོབ་ཏུ་ཡོད་པ་དང་། མེད་པར་སྣང་བ་བྱིས་པའི་ཤེས་པ་འཇུག་པའི་ཚུལ་བསྟན་པའོ། །ནམ་ཞིག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དོན་དངོས་པོར་མ་གྲུབ་ཅིང་། གཟུགས་ལ་སོགས་པར་དམིགས་པ་མེད་པ་དེའི་ཕྱིར་རྣམ་པར་རྟོག་པའི་རྒྱུན་ལྡོག་པའོ། །བྱིས་པ་རྣམས་ནི་འདུས་བྱས་ལ། །

ཞེས་པ་ལ་སོགས་པས་ནི་སྐད་ཅིག་མའི་དོན་བསྟན་པའོ། །ཡོད་དང་མེད་ལས་ཞེས་པ་ལ་སོགས་པས་ཕྱི་རོལ་པའི་ལུགས་དགག་པ་བསྟན་པའོ། །ཀུན་རྫོབ་ཏུ་ནི་ཞེས་པ་ལ་སོགས་པས་རྣམ་པར་ཕྱེ་སྟེ་ལུང་བསྟན་པའི་ཁྱད་པར་རོ། །དེའི་དོན་ཡང་ཡོད་མེད་ཀྱི་མཐའ་གཉིས་སྤངས་པ་ཟུང་དུ་

འཇུག་པའི་དོན་ཉིད་དེ་ཁོ་ན་ཉིད་ཀྱི་དོན་ཡིན་ལ། དེ་ལས་གཞན་དུ་རང་བཞིན་རྣམ་པར་བཀག་པ་ཙམ་ལ། དམ་པའི་དོན་དུ་འདོད་ན་ནི། དམིགས་པ་རང་བཞིན་མེད་པ་སྟེ། སྣང་ལ་རང་བཞིན་མེད་པའི་སྒྱུ་མ་ལྟ་བུ་ཉིད་ཀུན་རྫོབ་ཏུ་བསྟན་པ་ཡིན་ན། འདི་ནི་མི་འཐད་པ་ཉིད་སྔར་རྒྱས་པར་བསྟན་ནོ། །དངོས་

པོ་བརྗོད་པའི་རྒྱུས་བྱུང་བ་ཞེས་པ་ལ་སོགས་པས་ནི་བརྩད་པ་སྤང་བ་ཉིད་གསལ་བར་སྟོན་ཏེ། ཆོས་ཐམས་ཅད་དངོས་པོར་མེད་དོ་ཞེས་དམ་བཅའ་བ་བརྗོད་པའི་ཚིག་དང་། དེ་ལས་གཏན་ཚིགས་ཀྱི་ཚིག་འཇུག་པ་དང་། དེ་ལས་དོན་གྱི་རྟོགས་པས་སྐྱེས་པའི་དངོས་པོ་བརྗོད་པའམ་བརྗོད་པའི་རྒྱུ་

ལས་བྱུང་བ་རྣམས་གལ་ཏེ་རང་བཞིན་ཡོད་པར་འདོད་ན་ནི། དེ་ཡང་ཆོས་ཐམས་ཅད་ཀྱི་ནང་དུ་འདུས་པས་ཐམས་ཅད་དངོས་པོ་ལ་མེད་ཅེས་བྱ་བ་ཉམས་པར་འགྱུར་བའོ། །འདིར་བརྗོད་པ་དག་ལས་བྱུང་བའི་དངོས་པོ་ནི་བརྗོད་པའི་སྟོབས་ཀྱིས་སྐྱེ་བར་འདོད་པ་གཏན་ཚིགས་ཀྱི་ཚིག་དང་། དེ་ལས་དོན་

རྟོགས་པའི་དངོས་པོ་ཡིན་ལ། དེ་ཡང་དངོས་པོ་ཐམས་ཅད་ཀྱི་ནང་དུ་འདུས་པས་མེད་པར་བསྟན་པ་ནི། དེ་དག་རང་བཞིན་ཡོད་པར་ཁས་བླངས་པ་ཉམས་པ་སྟེ། མེད་ཅེས་པའི་ཚིག་ཐ་མས་བསྟན་ཏོ། །གལ་ཏེ་དེ་དག་རང་བཞིན་ཡོད་པར་ཁས་མི་ལེན་ན་ནི། ཐམས་ཅད་མེད་ཅེས་དམ་བཅའ་

བའི་ཚིག་བརྗོད་པ་དོན་མེད་པར་འགྱུར་བའོ། །ལན་གྱི་དོན་ནི་དེ་འདྲ་བའི་བརྗོད་པ་དོན་གྱི་སྤྱི་དང་འདྲེས་པར་སྣང་བའམ། ཕྱི་རོལ་གྱི་ངོ་བོར་གྱུར་པ་ནི་ཀུན་རྫོབ་ཏུ་ཡང་ཡོད་པ་མ་ཡིན་ལ། བརྗོད་པར་སྣང་བའི་སེམས་ཀྱང་དོན་དམ་པར་ཡོད་པ་མ་ཡིན་ཞིང་། དེ་ལས་གཏན་ཚིགས་ཀྱི་ཚིག་

Vol. 122 · folio 271a

འཇུག་པ་ལ་སོགས་པ་ཡང་དེ་བཞིན་ཏེ། དེ་ལྟ་ན་ཡང་ཀུན་རྫོབ་ཏུ་བརྗོད་པ་ནི་ཀུན་རྫོབ་ཙམ་དུ་གཏན་ཚིགས་ཀྱི་ཚིག་འཇུག་ཅིང་དེ་ལས་རྟོག་པ་སྐྱེ་བ་ཡོད་པར་འདོད་པས་བརྗོད་པ་དོན་མེད་པ་ཡང་མ་ཡིན་ནོ། །ཕྱིན་ཅི་ལོག་ནི་དངོས་ཡིན་པས། །དམིགས་པ་ཡོད་པ་མ་ཡིན་ནོ། །

ཞེས་པ་ལ་སོགས་པའི་དོན་ནི་གཞན་གྱི་དབང་ཕྱིན་ཅི་ལོག་གི་སེམས་ཀུན་རྫོབ་ཏུ་དངོས་པོ་ཡིན་པས། དེའི་དམིགས་པའི་ཡུལ་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོད་ན་དམིགས་པའི་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་མི་འཐད་པའི་ཕྱིར་རོ། །ཡང་གལ་ཏེ་ཕྱིན་ཅི་ལོག་དོན་དམ་པའི་དངོས་པོར་ཡོད་ན། དོན་

དམ་པར་ཐམས་ཅད་ངོ་བོ་ཉིད་མེད་ཅེས་པ་ཉམས་པར་འགྱུར་བའོ། །ཕྱིན་ཅི་ལོག་ནི་ཞེས་པ་ལ་སོགས་པས་སྔར་གྱི་རྐང་པ་གཉིས་ཀྱི་དོན་གསལ་བར་འཆད་པར་འགྱུར་བའོ། །མི་རྟོག་རྣམ་པར་རྟོག་པ་ཡིས། །ཞེས་པ་ནི་ཞི་གནས་དང་རྟོག་པ་དང་བཅས་པའི་ལྷག་མཐོང་ངོ་། །སྒྱུ་

མའི་གླང་པོ་ཞེས་པ་ལ་སོགས་པས་ནི་ལོག་པར་སྣང་བའི་དཔེ་བསྟན་ཏེ། དྷ་དུ་རས་མྱོས་པ་རྣམས་ལ་ལོ་མ་ལ་སོགས་པ་གསེར་དུ་སྣང་བའོ། །གལ་ཏེ་མཚན་མ་སྐྱེར་ཟིན་ན། །ཞེས་པ་ནི་སྟོང་པ་ལ་སོགས་པའི་མཚན་མར་འཛིན་པའོ། །འཆིང་དང་བཅིངས་པ་ཞེས་པ་ལ་སོགས་

པས་མི་རྟོག་པས་འཆིང་བ་ལ་སོགས་པ་སྟེ། དེ་འདྲ་བའི་བཅིངས་པ་ལ་ལྟོས་ནས་བྱིས་པ་རྣམས་ཀྱི་ཐར་པར་བརྟགས་པའི་ཕྱིར། དྲུག་པོ་འདི་དག་ཐར་པའི་རྒྱུ། །ཞེས་པའོ། །དེ་ལྟར་ན་དེ་ཁོ་ན་ཉིད་དུ་བཅིངས་པ་མེད་པས་དེ་ལ་ལྟོས་ནས་བརྟགས་པའི་ཐར་པ་ཡང་མེད་ཅེས་སྟོན་པ་ནི། ས་

རྣམས་མེད་ཅིང་དེའི་ཡུལ་བདེན་པ་ལ་སོགས་པ་མེད་ཅེས་པའོ། །གང་ཟག་རྒྱུན་དང་ཞེས་པ་ལ་སོགས་པས་ནི་རྣམ་པར་རིག་པའི་དེ་ཁོ་ན་ཉིད་བསྡུས་ཏེ་བསྟན་པའོ། །དེ་ལ་རྣམ་པར་ཤེས་པའི་ཚོགས་དྲུག་ནི་དམིགས་པ་དང་རྣམ་པར་གསལ་བའི་སྒོ་ནས་འཇུག་པས་སྣ་ཚོགས་སུ་འཛིན་

ལ། སེམས་ཀྱི་རིགས་ནི་རང་གི་རྒྱུད་དུ་གཏོགས་པའི་རྒྱུ་དང་འབྲས་བུ་སྟེ། རྣམ་པར་ཤེས་པ་བརྒྱད་པོ་ཐམས་ཅད་དེ། དོན་དམ་པར་མཚན་ཉིད་གྲུབ་པ་མེད་པའོ། །ཕུང་པོ་རྣམས་ལ་ཞེས་པ་ལ་སོགས་པས་བདག་མེད་པའི་དོན་གསལ་བར་འཆད་པའོ། །གལ་ཏེ་འདིར་དངོས་པོ་ཐམས་ཅད་ཀུན་

Vol. 122 · folio 271b

རྫོབ་ཏུ་ཡང་མེད་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་སྐུར་པར་འགྱུར་བས་ཇི་ལྟར་བྱིས་པས་མཐོང་ཞིང་བརྟགས་པ་བཞིན་མེད་ལ། སྣང་ཚོད་ཙམ་དུ་མེད་པ་མ་ཡིན་ཞེས་པའོ། །ཀུན་རྟོག་ཅེས་པ་ལ་སོགས་པ་རང་བཞིན་གསུམ་བསྡུས་ཏེ་བསྟན་པའོ། །དེ་ལ་མིང་ནི་དོན་དང་བསྲེས་

ནས་བཏགས་པས་རྣམ་པར་བརྟགས་པའོ། །རྐྱེན་དེས་བག་ཆགས་ལ་སོགས་པའོ། །དེ་ལ་མི་འབྱུང་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་ལ་མཚན་མ་དེ་དག་མི་འབྱུང་བའོ། །རྣམ་པར་སྨིན་པའི་སངས་རྒྱས་དང་ཞེས་པས་ནི་ཐམས་ཅད་གཉུག་མར་གནས་པའི་ཡེ་ཤེས་སམ། མཐར་

ཐུག་པའི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པ་ཉིད་དུ་སྟོན་ཏེ། དེ་ལ་སེམས་ཅན་ནི་གཉུག་མའི་ཡེ་ཤེས་སོ་སོ་རང་རིག་པའི་རྣམ་པར་འཕྲུལ་པ་སྟེ། རང་གི་རིག་པའི་འགྱུར་བ་ལས། །དམན་པ་ལས་ནི་ལས་སྐྱེས་ཏེ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཕྱོགས་ཕྱོགས་ཞིང་ནི་སྤྲུལ་

པའི་སྐུའི་ཞིང་ཁམས་སོ། །སྒྱུ་འདྲའི་ཆོས་དང་ཞེས་པ་ལ་སོགས་པས་ནི་བརྗོད་བྱ་རྗོད་བྱེད་ཀྱི་ཆོས་སྒྱུ་མ་དང་བྲག་ཅ་ལྟ་བུ་དང་། གཅིག་ཏུ་འགྱུར་ཞིང་མང་པོར་འགྱུར་བ་ལ་སོགས་པའི་རྫུ་འཕྲུལ་དང་། མཆོག་གི་སྤྲུལ་པ་རྣམས་ཀྱིས་སྤྲུལ་པ་སྟེ་བཟོ་བ་དང་སྐྱེ་བ་ལ་སོགས་པའི་སྤྲུལ་

པའོ། །དེ་ཀུན་སྣང་བ་མཐའ་ཡས་ཀྱི། །བདེ་བ་ཅན་ནས་བྱུང་བའོ། །ཞེས་པའི་དོན་ནི་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་དེ་ནི་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་སྔར་བསྟན་པའི་འོག་མིན་གྱི་གནས་ཡིན་ལ། དེར་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོར་སངས་རྒྱས་པ་སྟེ། མཐར་

གྱིས་སྟུག་པོར་ཞུགས་ནས་ཀྱང་། །རྣམ་པར་སངས་རྒྱས་སངས་རྒྱས་པར། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་རྣམ་པར་སྨིན་པའི་སངས་རྒྱས་ཀྱང་བདེ་བ་ཅན་ནས་བྱུང་བའོ། །ཡང་རྣམ་པ་གཅིག་དུ་ན་དེ་འདྲ་བའི་ཞིང་ཁམས་སུ་སངས་རྒྱས་ཀྱི་ཡེ་ཤེས་ལ་སྣང་བ་ནི་ཡེ་ཤེས་དེ་ཉིད་ཀྱི་

བདག་ཉིད་ཡིན་ཞིང་དེ་འདྲ་བའི་ཡེ་ཤེས་ལས་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱི་རྣམ་པར་སྣང་བ་བྱུང་བས་དེ་ལྟར་བསྟན་པའོ། །གལ་ཏེ་དེ་ནི་སངས་རྒྱས་མི་འཁྲུགས་པ་ལ་སོགས་པའི་ཞིང་ཁམས་གཞན་ལ་ཡང་མཚུངས་པས་དེ་དག་ནས་བྱུང་བ་ཉིད་དུ་ཡང་ཅིའི་ཕྱིར་མི་

Vol. 122 · folio 272a

སྟོན་ཅེ་ན། དེ་ལྟར་བདེན་མོད་ཀྱི་འདི་ནི་མཚོན་པ་ཙམ་དུ་ཟད་པའམ། ཡང་ན་སངས་རྒྱས་སྣང་བ་མཐའ་ཡས་ནི་ཁྱད་པར་དུ་ཡང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་རིག་པ་འཛིན་པའི་སྡེ་སྣོད་ལས་བཤད་ལ། སོ་སོར་རྟོག་པའི་ཡེ་ཤེས་ཀྱང་། །ཤེས་བྱ་ཀུན་ལ་རྟག་མི་

ཐོགས། །འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ། །འབྱོར་པ་ཐམས་ཅད་མཛད་པ་དང་། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་ས་བཅུའི་མགོན་པོ་དང་། འཕགས་པ་སངས་རྒྱས་ཀྱི་སའི་མདོ་ལས་གསུངས་པས་སྐུ་དང་གསུང་སྣ་ཚོགས་སུ་སྣང་

ཞིང་དོན་བྱེད་པ་ལ་སོགས་པ་ནི་ཡེ་ཤེས་དེའི་བདག་ཉིད་དུ་གྱུར་པའི་ཞིང་ཁམས་དེ་ཉིད་ནས་བྱུང་བའོ། །དེའི་དགོངས་པ་ཤེས་པར་གྱིས། །ཞེས་པས་ནི་ངག་འདི་རྣམས་ཀྱི་དགོངས་དོན་ཡང་ཤེས་པར་གྱིས་ཤིག་ཅེས་ཤུགས་ལ་བསྟན་པའོ། །གང་ཡང་འདྲེན་པ་རྣམས་ཀྱིས་བཤད། །ཅེས་པ་ནི་

སྤྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཤད་པ་སྟེ། རྒྱལ་བའི་བུ་ནི་ཉེ་བའི་སྲས་རྣམས་ཡིན་པས་ཟློས་པར་མི་འགྱུར་བའོ། །སྤྲུལ་པ་དག་གིས་ཞེས་པ་ནི་སྐྱེ་བའི་སྤྲུལ་པ་ལ་སོགས་པ་ཉིད་སྤྲུལ་རྣམས་སོ། །ཆོས་འདི་རྣམས་ནི་མ་སྐྱེས་པ། །ཞེས་པ་ལ་སོགས་པས་དོན་དམ་པར་མ་སྐྱེས་

ཤིང་། ཀུན་རྫོབ་ཏུ་བཅིངས་པ་དང་ཐར་པ་ལ་སོགས་པ་ཐམས་ཅད་སེམས་ཉིད་ཡིན་པར་སྟོན་པའོ། །རབ་ཏུ་བསྡུས་པ་ནི་ཀུན་གཞི་ལ་བག་ཆགས་ཐམས་ཅད་བསྒོས་པའོ། །དོན་དུ་སྣང་ལ་རྣམ་ཤེས་ཏེ། །ཡེ་ཤེས་ཡང་དག་སྤྱོད་ཡུལ་ཅན། །ཞེས་པ་ནི་དོན་དུ་སྣང་ལ་རྣམ་པར་ཤེས་

པའི་དེ་ཁོ་ན་ཉིད་རྟོགས་པ་ནི་ཡེ་ཤེས་ཏེ། ཡང་དག་པའི་ཡུལ་ཅན་ནོ། །འཕགས་པའི་སྤྱོད་ཡུལ་ཞེས་པ་ནི་སོ་སོ་རང་གི་རིག་པའི་དེ་ཁོ་ན་ཉིད་དོ། །དོན་རབ་འབྱེད་པའི་ཞེས་པ་ལ་སོགས་པས་ནི་དེ་རྣམས་ཐོབ་པར་འགྱུར་བའི་ལམ་སྟོན་པའོ། །ཐམས་ཅད་ཆོས་ནི་ཞེས་པ་ལ་སོགས་པས་ནི་རང་

བཞིན་གསུམ་ཚུལ་གཞན་གྱི་སྒོ་ནས་བསྟན་པ་སྟེ། ནམ་ཞིག་ཅེས་པ་ལ་སོགས་པས་ཡོངས་སུ་གྲུབ་པ་སྟོན་པའོ། །དེ་བཞིན་ཉིད་ཀྱི་རྗེས་སུ་འགྲོ་བའི་ལྟས་ཞེས་པ་ནི་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའི་རྟགས་སོ། །གང་ཕྱིར་ཞེས་པ་ལ་སོགས་པས་ནི་དངོས་པོར་འཛིན་པ་དང་བཅས་པ་ལ་གྲོལ་བ་མི་

Vol. 122 · folio 272b

འཐད་པ་ཉིད་དུ་སྟོན་ཏེ། དངོས་པོ་ཀུན་གྱི་སྨྲ་བ་ནི་ཕུང་པོ་ལ་སོགས་པ་ལ་གྲངས་དང་གོ་རིམས་ལ་སོགས་པའི་དངོས་པོས་དངོས་པོ་ཉིད་བདེན་པར་སྨྲ་བའམ། ཐ་མལ་པ་རྣམས་ཀྱིས་སྐྱེས་པ་དང་བུད་མེད་ལ་སོགས་པའི་དངོས་པོར་ཕྱེ་བའི་སྒོ་ནས། དངོས་པོར་རྟོག་པ་རྣམས་རྟག་ཏུ་ཚེ་རབས་གཞན་

དང་གཞན་དག་ཏུ་སྐྱེས་པ་ན་ཡང་། ཕན་ཚུན་གཅིག་ལ་གཅིག་སྡུག་པ་དང་མི་སྡུག་པ་ལ་སོགས་པའི་རྣམ་པར་རྟོག་ཅིང་། དེ་ལས་སྐྱེ་བ་གཞན་དུ་འཁོར་བར་འགྱུར་བའོ། །མིང་ནི་བརྗད་པ་མ་བྱས་ན། །ཞེས་པ་ལ་སོགས་པས་ནི་སྔར་བསྟན་པ་ལྟར། ཀུན་རྫོབ་ཏུ་ངོ་བོ་ཉིད་མེད་པ་ལ་སོགས་

པའི་ཆོས་བརྗོད་པར་སྣང་བ་མ་བྱས་ན་བསྟན་པ་ནུབ་པར་འགྱུར་བས། འཇིག་རྟེན་རྨོངས་པར་འགྱུར་ཞེས་སྟོན་པའོ། །མིང་དང་ཞེས་པ་ལ་སོགས་པས་ངོ་བོ་ཉིད་གསུམ་དབྱེ་བའི་སྒོ་ནས་གསལ་བར་བསྟན་པའོ། །དེ་ཡང་བུམ་པ་ལ་སོགས་པའི་མིང་དུ་རྟོག་པ་དང་། དེ་དག་གི་དོན་ལ་

རྟོག་པ་དང་། གཙང་བ་དང་། བདེ་བ་དང་། བདག་ལ་སོགས་པར་ཕྱིན་ཅི་ལོག་ཏུ་རྟོག་པ་དང་། གཏན་ཚིགས་ལ་སོགས་པའི་རྐྱེན་རྣམས་ཀྱི་ལྐོག་ཏུ་གྱུར་པའི་དོན་ལ་རྟོག་པ་སྟེ། རྗེས་སུ་དཔག་པའི་རྟོག་པ་དང་གསུམ་གྱི་སྒོ་ནས་བྱིས་པ་རྣམས་དངོས་པོར་རྟོག་པའོ། །ཡང་འགག་

པ་མེད་པ་ལ་སོགས་པའི་རང་བཞིན་ལ་དེ་དག་དང་མི་མཐུན་པར་བརྟགས་པ་ནི་ཀུན་ཏུ་བརྟགས་པའི་མཚན་ཉིད་དོ། །སྒྱུ་མའི་དཔེ་རྣམས་དང་འདྲ་བའི་དེ་བཞིན་ཉིད་དང་གཉིས་སུ་མེད་པ་ལ་སོགས་པ་ནི་འགྱུར་བ་མེད་པ་དང་ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པའོ། །ལུས་དང་ངག་གི་སྤྱོད་

ཡུལ་བརྫུན། །ཞེས་པས་ནི་དེ་དག་གི་རྣམ་པར་རིག་བྱེད་དམ། དེ་དག་གི་ལས་སུ་བྱ་བ་ཕྱི་རོལ་གྱི་ངོ་བོ་ནི་ཀུན་རྫོབ་ཏུ་ཡང་མེད་ལ་རྣམ་པར་མི་རྟོག་པའི་ཤེས་རབ་དང་། དེས་རྟོགས་པར་བྱ་བའི་དོན་ནི་བདེན་པ་སྟེ། དེ་ཉིད་ཀྱིས་གཉིས་ཀྱི་མཐར་འཛིན་པ་རྣམས་སྤོང་པའོ། །རིགས་པས་

རྣམ་པར་གཞིགས་ན་ནི། གཟུང་བ་དང་ནི་འཛིན་པ་འགག །ཅེས་པ་ལ་སོགས་པའི་དོན་ནི་ཤེས་པས་དོན་འཛིན་པར་འཇོག་པའི་རྒྱུ་མཚན་མི་འཐད་དེ། ཇི་སྐད་དུ་མྱོང་བ་ཡོད་པ་དེ་དོན་འཛིན་པར་ཇི་ལྟར་འགྱུར་ཞེས་བརྟགས་པ་ན། སྐྱེས་པ་དང་འདྲ་བ་དག་གིས་སོ། །གཟུང་འཛིན་

Vol. 122 · folio 273a

ཁས་ལེན་པ་རྣམས་ཀྱིས་སྨྲས་པའི་ཚེ། དེ་ལྟར་ན་ཡུལ་མཚུངས་པའི་ཤེས་པ་དེ་མ་ཐག་པ་ཡང་ཡུལ་དུ་འགྱུར་རོ་ཞེས་པ་ལ་སོགས་པ་སློབ་དཔོན་དྷརྨ་ཀཱིརྟིས་བཤད་པ་ལྟ་བུའོ། །དེའི་དོན་ཡང་ཤེས་པ་དོན་ལས་སྐྱེས་ཤིང་དོན་དང་འདྲ་བའི་སྒོ་ནས་དོན་འཛིན་པར་འདོད་པ་

མི་འཐད་དེ། དེ་ལྟར་ན་སྔོན་པོར་སྣང་བའི་བློ་རྒྱུན་ཆགས་སུ་འཇུག་པ་ན། བློ་སྔ་མ་རྣམས་ཕྱི་མའི་ཡུལ་དུ་འགྱུར་ཏེ། སྔ་མ་ལས་སྐྱེས་པ་དང་དེ་འདྲ་བའི་ཕྱིར་རོ། །དེ་ལ་སོགས་པ་རིགས་པའི་བསྟན་བཅོས་དག་ལས་བཤད་པ་རྣམས་སྐབས་འདིར་ཤེས་པར་བྱའོ། །གལ་ཏེ་དོན་དུ་སྣང་བ་ལོག་པ་ཉིད་

ཡིན་ན། སྣང་བ་སེམས་ཀྱི་ངོ་བོར་ཡང་མི་འཐད་དམ་སྙམ་ན། ཇི་ལྟར་བྱིས་པས་ཕྱི་རོལ་གྱི་ངོ་བོར་བརྟགས་པ་ལྟར་མི་བདེན་གྱི། ཀུན་རྫོབ་ཏུ་སྣང་བ་སེམས་སུ་བདེན་པའོ། །ཕ་མ་ཕྲད་པར་འགྱུར་ཞེས་པ་ལ་སོགས་པས་འཁོར་བར་འཇུག་པའི་ཚུལ་སྟོན་ཏེ། ཕ་མ་ཕྲད་ཅིང་ཆགས་པར་གྱུར་པ་

དང་། །དེའི་དུས་ཀྱི་ཁུ་བ་དང་ཁྲག་གི་ནང་དུ་ཀུན་གཞི་རྣམ་པར་ཤེས་པ་སྐྱེ་གནས་ལ་ཆགས་པའི་ཡིད་དང་ལྷན་ཅིག་ལ་འཇུག་པར་འགྱུར་ཞིང་། རེ་ཞིག་དེ་ལས་མི་ཐོན་པ་སྟེ་མར་གྱི་བུམ་པའི་ནང་དུ་བྱི་བ་ཞུགས་པ་བཞིན་ནོ། །དེ་ལས་རིམ་གྱིས་ནུར་ནུར་པོ་ལ་སོགས་པ་དང་། གཟུགས་དམན་

ཞིང་ཆུ་ལ་འབྲས་མི་སྡུག་པ་སྟེ། རྐང་ལག་འགྱུས་ཤིང་དབང་པོ་མ་དོད་པའི་གནས་སྐབས་སོ། །དེ་དག་ཀྱང་སྔོན་གྱི་ལས་ལས་བྱུང་བའི་རླུང་རྣམས་ཀྱི་ཁྱད་པར་དུ་འགྱུར་བ་སྟེ། རྒྱས་པར་ནི་དགའ་བོ་མངལ་དུ་འཇུག་པ་བསྟན་པ་ལས་ཤེས་པར་བྱའོ། །ལྔ་དང་ཞེས་པ་ལ་སོགས་པས་ནི་

དབང་པོ་ལྔ་དང་། ཡུལ་ལྔ་དང་། དོན་སྙིང་ལྔའོ། །ཡིད་ནི་ཀུན་གཞི་དང་ལྷན་ཅིག་ཏུ་འཇུག་ཅིང་རེ་ཞིག་བརྒྱལ་བར་འགྱུར་རོ་ཞེས་ཀྱང་བསྟན་ཏོ། །གཞན་ཡང་རྣམ་པར་རྟོག་པས་དོན་སྤྱིའི་རྣམ་པར་རིག་ཅིང་། དེ་ལས་བརྗོད་པར་འདོད་པ་དང་། རྐན་དང་མཆུའི་བྱེད་པ་ལ་སོགས་པ་

ལས་ཚིག་ཏུ་རྣམ་པར་བརྟགས་པ་འབྱུང་བའོ། །མུ་སྟེགས་སྨྲ་ལ་བརྟེན་པ་ནི་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་དང་ལྡན་པའོ། །གནས་སྐབས་དེར་ཐེག་པ་ཆེན་པོའི་སྣོད་དང་ལྡན་པ་ནི་མ་ཡིན་ཏེ། དེའི་ཕྱིར་གང་ཟག་དང་ཕུང་པོ་ལ་སོགས་པ་ཙམ་སྟོན་པ་སྟེ། སེམས་ཅན་གྱི་

Vol. 122 · folio 273b

བསམ་པ་དང་བསྟུན་པ་ཡིན་གྱི། ངན་པར་ལྟ་བའི་གནས་དེ་དག་བདེན་པ་ནི་མ་ཡིན་པའོ། །མགོན་པོ་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་ཟབ་མོ་གསལ་བར་བྱེད་པའི་གང་ཟག་མ་འོངས་པའི་དུས་སུ་ཇི་ལྟར་འབྱུང་བ་སྔར་དྲིས་ཤིང་། ཡང་བསྣན་ཏེ་དྲིས་པ་དང་དེའི་ལན་གསལ་བར་སྟོན་

པའོ། །དུས་དག་འདས་ནས་ཞེས་པ་ནི་ལོ་གྲངས་ཉིས་བརྒྱ་འདས་ནས་ཞེས་གསུང་རབ་ཀྱི་ཕྱོགས་འགའ་ཞིག་ལས་བསྟན་ཏོ། །དཔལ་ལྡན་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སམ་བསོད་ནམས་ཀྱི་ཚོགས་བསགས་པའོ། །ཀླུ་ནི་མིང་གི་དང་པོ་སྟེ་ཀླུ་སྒྲུབ་སྙིང་པོའོ། །འགྲོ་བ་ཀུན་དུ་ཞེས་

པ་ལ་སོགས་པས་སློབ་དཔོན་དེ་ཉིད་སྲིད་པའི་སྡུག་བསྔལ་ལས་ཡིད་བྱུང་བ་ལ་སོགས་པ་སྟེ། ཤེས་པར་ཟད་དོ། །དེ་ལྟ་ན་ཐེག་པ་ཆེན་པོའི་རིགས་ཅན་མ་ཡིན་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དེ་ཡིས་སྐྱོ་བས་རང་དང་གཞན་སྡུག་བསྔལ་ལས་ཐར་བར་བྱ་བའི་དོན་དུ་བྱང་ཆུབ་མཆོག་ཏུ་

སེམས་བསྐྱེད་པའི་ཕྱིར་རོ། །རྣལ་འབྱོར་ཅན་གྱིས་ཞེས་པ་ལ་སོགས་པས་ནི་བསམ་གཏན་གྱི་མཚན་མ་དང་། དེ་དག་ལ་ལོག་པར་མི་འགྱུར་བའི་ཚུལ་སྟོན་ཏེ། ཚིག་གི་དོན་ནི་ཕལ་ཆེར་སྔར་བསྟན་ཏོ། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལྟར། །ཞེས་པ་ལ་སོགས་པས་ནི་

འཕགས་པས་ཡུལ་དུ་བྱས་པ་བཞིན་དུ། དེ་བཞིན་ཉིད་ཀྱི་དོན་བདེན་པའོ། །ཡོངས་སུ་གྱུར་དང་ཞེས་པ་ལ་སོགས་པས་ནི་རྟེན་འབྲེལ་གྱི་དེ་ཁོ་ན་ཉིད་སྟོན་ཏེ། གྲངས་ཅན་ལ་སོགས་པ་ཐམས་ཅད་གཙོ་བོའི་ཡོངས་སུ་འགྱུར་བར་འདོད་པ་ལ་སོགས་པ་སྟེ། དོན་གོ་བར་ཟད་དོ། །

བར་མ་དོ་དག་བསྡུ་བ་ནི་སྲིད་པ་བར་མའི་སེམས་ཅན་ལ་སོགས་པ་སྔར་བསྟན་པ་རྣམས་གསུང་རབ་ཀྱི་བརྗོད་བྱ་ཉིད་དུ་བསྡུས་ཤིང་བསྟན་པ་ལ། དངོས་པོར་རྟོག་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་མཁས་པ་མ་ཡིན་ཏེ། དོན་དམ་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་རྒྱལ་བས་མ་གསུངས་ཏེ། འོན་

ཀྱང་ཇི་ལྟར་སྣང་བ་ཙམ་གྱི་རྟེན་འབྲེལ་འདི་ཡོད་ན་འདི་འབྱུང་ཞེས་བྱ་བ་ལ་སོགས་པ་ནི་དོན་དམ་པའི་ཆོས་སྟོང་པ་ཉིད་མཚོན་པའི་བརྡ་སྟེ། ཇི་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པས་ཆོས་ཀྱི་དབྱིངས་ལ་འཇུག་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་རྟེན་

Vol. 122 · folio 274a

འབྲེལ་དུ་སྣང་བའི་བརྡ་ལས་ཐ་དད་དུ་གྱུར་པའི་དངོས་པོ་ནི་མ་སྐྱེས་ཤིང་མ་འགགས་པའོ། །གཟུགས་བརྙན་ཆུ་བོའི་ཆུ་འདྲ་བར། །ཞེས་པ་ནི་རྫས་སུ་མ་གྲུབ་ཅིང་རྒྱུན་ཆགས་སུ་འབྱུང་བའོ། །ཐེག་ཆེན་ང་ཡི་ཐེག་པ་མིན། །ཞེས་པ་ལ་སོགས་པས་ནི་དེ་ཁོ་ན་ཉིད་དུ།

ཐེག་པ་མེད་ཅིང་འགྲོ་བ་མེད། །ཅེས་པ་ལ་སོགས་པའོ། །བདེན་པ་མ་ཡིན་ཐར་པ་མིན། །ཞེས་པ་ནི་བདེན་པ་དང་བདེན་པ་མངོན་པར་རྟོགས་པའི་ཐར་པ་མ་གྲུབ་པའོ། །འོན་ཀྱང་ཀུན་རྫོབ་ཏུ་ནི་ཐེག་པ་ཆེན་པོའི་ཐེག་པ་སྟེ། དེ་འདྲ་བའི་ལམ་ནས་འོངས་ཤིང་དེ་ཉིད་ལ་གནས་པའོ། །སྐྱེ་བ་དག་ནི་མདོར་

བཤད་དེ། །འགོག་པ་ཉིད་ནི་རྒྱས་པར་རོ། །ཞེས་པ་ནི་སྐྱེ་བ་ནི་བློ་རགས་པའི་ཡུལ་དུ་བསྡུས་ཏེ་བསྟན་ནས། དེ་ཉིད་དོན་དམ་པར་འགོག་པ་ནི་རྟོགས་པར་དཀའ་བས་ཐེག་པ་ཆེན་པོའི་གསུང་རབ་ལས་རྒྱས་པར་བསྟན་པའོ། །སྐྱེ་བ་བཀག་པའི་སྟོང་པ་ཉིད་ནི་གཉིས་སུ་འགྱུར་ཏེ། མི་སྐྱེ་བའི་སྟོང་པ་

རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཕྱིན་ཅི་མ་ལོག་པའི་དོན་དང་། ཡང་སེམས་ཙམ་པ་ལ་སོགས་པས་རྟེན་འབྲེལ་དོན་དམ་པའི་དངོས་པོར་གྲུབ་པ་ཉིད་གཟུང་འཛིན་ལ་སོགས་པས་སྟོང་པར་འདོད་པ་སྟེ། དེ་འདྲ་བ་ནི་ཚད་མའི་གནོད་པ་ཡོད་པས་འཇིག་ཅིང་མི་བདེན་པའོ། །མདོ་སྡེ་འདུལ་

བ་ཞེས་པ་ལ་སོགས་པས་སྡེ་སྣོད་གསུམ་གྱིས་བསྡུས་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཚིག་གིས་བརྗོད་པའི་བརྟགས་པ་སྣ་ཚོགས་ལ་བརྟེན་ནས། ཀུན་གཞིའི་དྲི་མ་རྣམ་པར་དག་པར་རྟོག་ཅིང་། བདག་མེད་པའི་དོན་རྟོགས་ཤིང་གོམས་པ་ལས་རྣམ་པར་དག་པར་མི་འདོད་པ་རྣམས་

ནི་ཕྱིན་ཅི་ལོག་ཡིན་པས་བདག་མེད་པའི་དེ་ཁོ་ན་ཉིད་རྣམ་པར་དག་པའི་དོན་ལ་བློ་གྲོས་མི་གནས་ཤིང་མི་འཐོབ་པའོ། །དེ་སྐད་དུ་ཡང་། གང་ཞིག་སྒྲ་ཡིས་ཆོས་བསྟན་པའི། །སྒྲ་དེ་ལ་ནི་གང་ཆགས་པ། །ཞེས་པ་ལ་སོགས་པ་སྔར་བསྟན་པའི་ཕྱིར་རོ། །རྐྱེན་གྱིས་ཡོད་པར་མ་

བསྒྲུབས་ཞེས་པ་ལ། དངོས་པོར་སྨྲ་བ་འགའ་ཞིག་དེ་ལྟར་འདོད་པ་མ་ཡིན་ནམ་ཞེ་ན། དེའི་འདོད་པས་དེ་ལྟར་འགྲུབ་པ་མ་ཡིན་ནོ། །དེ་ལྟར་ཡོད་པར་མ་གྲུབ་པས་དེ་ལ་ལྟོས་པའི་མེད་པ་ཡང་མི་འགྲུབ་ཅིང་། གལ་ཏེ་ཡོད་པ་སྒྲུབ་ན་དེའི་ལྟོས་པ་མེད་པ་ཡང་གྲུབ་པར་འགྱུར་རོ། །དེ་ལ་ཡོད་

Vol. 122 · folio 274b

མེད་ཉེར་མི་འགྲོ། །ཞེས་པ་ནི་ཡོད་མེད་ཀྱི་མཐར་འཛིན་པ་ཉིད་དུ་མི་ལྟུང་བའོ། །དེ་ལ་འགའ་ཞིག་ནི་སྣང་བའི་རི་བོང་གི་རྭ་བཞིན་མེད་པའི་མཐར་རྟོག་པ་ཡོད་ལ། གཞན་ནི་ཡོད་པའི་མཐར་རྟོག་པ་སྟེ། དེ་དག་གཉིས་ཀ་ཡང་ནོར་བའོ། །ཟབ་ཡངས་ཞེས་པ་ལ་སོགས་པས་ནི་བཤད་

པ་འཇུག་པའི་ཚུལ་སྟོན་ཏེ། དེ་ལ་ཟབ་པ་དང་རྒྱ་ཆེ་བའི་ཡེ་ཤེས་ནི་གོ་རིམས་བཞིན་དུ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །ཡངས་པ་ནི་དེ་གཉིས་ཀ་ཡང་ཐེ་ཚོམ་ལ་སོགས་པའི་འཛེར་དོག་མེད་པའོ། །ཕུན་སུམ་ཚོགས་པའི་ཞིང་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་ཡེ་

ཤེས་དག་པའི་སྣང་བའོ། །རྒྱུ་མེད་པའི་རྣམ་རྟོག་ནི་དེ་ཁོ་ན་ཉིད་དུ་གཞན་དབང་གི་རྣམ་རྟོག་རྒྱུ་ལས་མ་སྐྱེས་པས། དེ་ལྟ་བུའི་ངོ་བོར་མ་གྲུབ་པའོ། །སྣང་ལ་བྱིས་པ་རྣམས་ཞེས་པ་ལ་སོགས་པས་ནི་བྱིས་པ་རྣམས་ཀྱིས་སྣང་བ་ལ་རྟག་པ་དང་བདག་ལ་སོགས་པར་བརྟགས་ལ།

འཕགས་པ་ཉན་ཐོས་ལ་སོགས་པ་རྣམས་ནི་དེ་ལས་བྱེ་བྲག་ཏུ་མི་རྟག་པ་ལ་སོགས་པར་ལྟ་བ་སྟེ། བྱིས་པ་ལ་ལྟོས་ན་འཕགས་པའི་ལྟ་བ་དག་པ་སྟེ། དེ་ཡང་རྣམ་པར་ཐར་པ་གསུམ་ཐོས་བསམ་གྱི་རྟོགས་པ་ལས་བྱུང་བའོ། །དེ་ལ་དེ་དག་གི་ལུགས་ཀྱིས་རྣམ་པར་ཐར་པ་གསུམ་ལས་

སྟོང་པ་ཉིད་ནི་སྡུག་བསྔལ་གྱི་བདེན་པའི་རྣམ་པ་སྟོང་པ་དང་བདག་མེད་པ་གཉིས་ཡིན་ལ། མཚན་མ་མེད་པ་ནི་ལམ་དང་འགོག་པའི་རྣམ་པ་བརྒྱད་དེ། གང་མཚན་མ་མེད་པ་འགོག་པ་དང་གང་གིས་མཚན་མ་མེད་པ་ལམ་གྱི་རྣམ་པའོ། །སྨོན་པ་མེད་པ་ནི་ཀུན་འབྱུང་གི་བདེན་པའི་རྣམ་

པ་བཞི་དང་། སྡུག་བསྔལ་གྱི་བདེན་པའི་རྣམ་པ་ལྷག་མ་གཉིས་སོ། །ཐམས་ཅད་ཆོས་ལ་མ་ཆགས་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་ལའོ། །མ་བརྟགས་པའི་འབྲས་བུ་ནི་གཟུང་བའི་རྟོག་པ་སྤངས་པས་ཐོབ་པའོ། །དེ་ཉིད་ཀྱི་ཕྱིར་རང་རྒྱལ་བ་རྣམས་ནི་ཕྱི་རོལ་གཟུང་བའི་རང་

བཞིན་ནི་བརྟགས་པ་ཡིན་ལ། གཞན་གྱི་དབང་ནི་གྲངས་ཅན་གྱི་འདོད་པ་ལྟར་བདག་ལས་སྐྱེ་བར་འཁྲུལ་པ་མ་ཡིན་ཞིང་། གཞན་ལས་སྐྱེ་བར་འདོད་པའོ། །དེའི་ཕྱིར་འཛིན་པའི་སེམས་འབའ་ཞིག་རྒྱུན་ཆགས་སུ་འཇུག་པའོ། །འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words