འཕགས་པ་ལང་ཀར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཞེས་བྱ་བ
Sanskrit title (Tibetan script, as in the text) ཨཱརྱ་ལངྐ་ཨ་བ་ཏཱ་ར་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ་བྲྀཏྟི་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ལངྐ་ར་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 122 · folio 221b
ཆོས་འཆད་པར་སྣང་བ་ཀུན་རྫོབ་ཏུ་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ནི་ཡོད་པས་རྣམ་པ་ཐམས་ཅད་དུ་ཡི་གེ་གཅིག་ཀྱང་མ་བཤད་ཅེས་པ་ལ་སོགས་པ་ནི་དགོངས་པ་ཅན་ཡིན་གྱི། སྒྲ་ཇི་བཞིན་པར་མི་འཐད་ཅེས་པའོ། །དེ་ལྟར་དེ་བཞིན་གཤེགས་པས་སྐྱེ་བ་མེད་པ་ལ་སོགས་པར་བཤད་པ་ཡང་། དོན་དང་
མི་ལྡན་པར་མི་འཆད་དེ། དེ་ལྟར་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡི་གེའི་རྣམ་པ་ཅན་གྱི་སྒྲ་ཡིས་ཆོས་སྟོན་པར་སྣང་བ་ལས་དོན་ཇི་ལྟ་བར་རྟོགས་པའི་ཡེ་ཤེས་འཆར་ཞིང་དེ་འདྲ་བའི་སྒྲ་དོན་དང་ལྡན་ཞེས་པའོ། །ཡང་བྱང་ཆུབ་སེམས་དཔའ་དང་བྱིས་པའི་སྐྱེ་བོ་ལ་སོགས་པ་རྣམ་
པར་རྟོག་པ་གནས་མ་གྱུར་པ་རྣམས་ནི་དེ་འདྲ་བའི་སྒྲ་རུ་སྣང་བ་ལ་བརྟེན་ནས་དེ་དང་འདྲེས་པ་དོན་སྤྱིའི་རྣམ་པར་སྣང་བ་བྱུང་བ་ན། དེ་ཉིད་རྟོགས་བྱའི་དོན་གྱི་རང་གི་མཚན་ཉིད་དུ་ཞེན་ནས་དེ་ལ་འཇུག་ཅིང་སྒྲོ་འདོགས་གཅོད་པ་སྟེ། དེ་ཡང་སྒྲའི་དངོས་ཀྱི་དོན་མི་བདེན་ཀྱང་ཞེན་པར་བྱས་པའི་དོན་
བདེན་པས་དོན་དང་ལྡན་པར་འགྱུར་གྱི་མི་ལྡན་པར་མི་འཆད་ཅེས་པའོ། །རྣམ་པར་རྟོག་པ་བཟུང་ཞེས་པ་ནི་རྟོག་པའི་སྣང་བ་ལ་དོན་ཉིད་དུ་བདག་གིར་བྱས་པའོ། །དེ་འདྲ་བའི་ཆོས་བསྟན་པ་ཀུན་རྫོབ་པ་དེ་ཡང་མེད་ན་ནི་བསྟན་པ་འཇིག་པར་འགྱུར་ཏེ། བསྟན་པ་ཞིག་ན་ནི་ངེས་པར་འབྱུང་
བའི་ལམ་མེད་པས་སངས་རྒྱས་ལ་སོགས་པ་མེད་པར་འགྱུར་ལ། དེ་དག་མེད་ན་ཡང་སུ་ལ་ཅི་ཞིག་བཤད་དེ་བསྟན་པ་འཇིག་པར་འགྱུར་ཞེས་པའོ། །ཚིག་གི་ཚུལ་འདི་ནི་འཇིག་རྟེན་ན་བྱ་མེད་ན་སྒོ་ང་མི་འབྱུང་ལ། སྒོ་ང་མེད་པར་ཡང་བྱ་མི་འབྱུང་ངོ་ཞེས་པ་དང་མཚུངས་སོ། །དེས་ན་ཞེས་
པ་ལ་སོགས་པས་ཉེ་བར་གདམས་པ་ཉིད་སྟོན་ཏེ། ཀུན་རྫོབ་ཙམ་དུ་དེ་འདྲ་བའི་བཤད་པའི་ཚུལ་འཐད་ཅིང་། དེ་ཁོ་ན་ཉིད་དུ་ཕྱི་རོལ་ལ་མ་ཤེས་པའི་ངོ་བོར་གྱུར་པ་མི་འཐད་ཅིང་། གཞན་ཡང་དོན་དང་འདྲེས་པའི་བརྗོད་པ་མི་འཐད་པས་བཤད་པ་བརྗོད་པའི་སྒྲ་ལ་ཕྱིན་ཅི་ལོག་ཏུ་མངོན་པར་མ་
ཆགས་པར་བྱ་ཞིང་། དེའི་རང་བཞིན་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་ཞེས་པའོ། །བློ་གྲོས་ཆེན་པོ་བཤད་པའི་བརྗོད་པ་ཞེས་པ་ལ་སོགས་པས་ནི་ཁྱད་པར་དུ་སྤྲུལ་པའི་སྐུ་ཡིས་ངོ་བོ་ཉིད་མེད་པ་དང་། ཕུང་པོ་ལ་སོགས་གང་ཟག་དང་། །ཡི་གེ་གཅིག་ཀྱང་མ་བཤད་ཅེས་བརྗོད་པ་ལ་སོགས་
Vol. 122 · folio 222a
པ་ནི། སེམས་ཅན་རྣམས་ཀྱི་བསམ་པ་བཞིན་དུ་ཞུགས་པས་འཁྲུལ་བ་ཡིན་ཏེ། དེའི་དོན་ནི་འགའ་ཞིག་ཐོག་མ་མེད་པ་ནས་དངོས་པོར་ཞེན་པས་དེ་དག་གི་སྐྲག་པ་སྤང་བའི་དོན་དུ་ཕུང་པོ་ལ་སོགས་པ་ཡོད་པར་བརྗོད་ཅིང་། ཡང་དངོས་པོར་ཞེན་པ་སྤངས་པའམ་ངོ་བོ་ཉིད་མེད་
པ་ལ་སོགས་པར་བསྟན་པས་འདུལ་བར་གྱུར་པའི་གང་ཟག་འགའ་ཞིག་གི་དོན་དུ་ངོ་བོ་ཉིད་མེད་པ་ལ་སོགས་པར་བརྗོད་ལ། བཤད་པའི་སྒྲ་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར་ཡི་གེ་གཅིག་ཀྱང་མ་བཤད་ཅེས་གསུངས་པ་སྟེ། དེའི་ཕྱིར་དེ་དག་ལ་སྒྲ་ཇི་བཞིན་གྱི་དོན་དུ་ཞེན་པ་ནི་འཁྲུལ་པ་ཡིན་ནོ། །ང་དང་
ཞེས་པ་ལ་སོགས་པས་དོན་དེ་ཉིད་རྒྱས་པར་འཆད་དེ། ཡིད་ཀྱི་རྣམ་པར་ཤེས་པ་བཟློག་ཅེས་པ་ནི་སྔ་མ་ལྟར་ཡི་གེའི་རྣམ་པ་ཅན་གྱི་སྒྲ་ལ་མངོན་པར་ཞེན་པའི་ཡིད་ཀྱི་རྣམ་པར་རྟོག་པ་ལ་སོགས་པ་བཟློག་པའི་ཕྱིར་ཆོས་སྣ་ཚོགས་བརྗོད་པར་བྱའོ། །ཆོས་ཐམས་ཅད་ལ་གཟུང་བ་དང་འཛིན་པ་གཉིས་ཀྱི་རྣམ་པར་
སྣང་ཞིང་སྒྲོ་འདོགས་པ་མེད་ཅིང་། རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་ཆུད་པས་རྣམ་པར་རྟོག་པ་མང་པོ་ལོག་པ་སྟེ། ཁྱད་པར་དུ་ས་བརྒྱད་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་བདག་གིས་སོ་སོ་རང་གིས་རིག་པར་བྱ་བ། འཕགས་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱིས་
ཡི་གེའི་རྣམ་པ་ཅན་གྱི་གསུང་གིས་རྐྱེན་བྱས་ནས་རྟོགས་པར་བྱ་བའི་དོན་ཡང་བདེན་པ་མ་ཡིན་ཞིང་། དེ་འདྲ་བའི་རྣམ་པ་ཅན་གྱི་གསུང་ཡང་མེད་ལ་དེ་ལྟར་སྣང་བ་ཡང་རྟོགས་བྱའི་དོན་དང་ལྡན་པ་མ་ཡིན་ནོ་ཞེས་དེ་འདྲ་བ་བཟློག་པའི་དོན་དུ། ང་ཡིས་ཡི་གེ་གཅིག་ཀྱང་མ་བཤད་ཅེས་གསུངས་པ་ནི་མ་ཡིན་
ནོ། །ཡང་ན་དེ་འདྲ་བའི་སྒྲ་ལ་མངོན་པར་ཞེན་པ་ནི་རྣམ་པར་ཤེས་པ་རྣམས་གནས་གྱུར་པའི་ཡེ་ཤེས་ཐོབ་པའི་གེགས་ཡིན་པས་དེ་འདྲ་བ་བཟློག་པའི་དོན་དུ་བསྟན་གྱི་ཞེས་པ་ལ་སོགས་པ་སྦྱར་བར་བྱའོ། །བརྗོད་པ་གཞན་ཡང་སྔར་བསྟན་པ་ལྟར་གདུལ་བྱའི་བསམ་པ་ལ་ལྟོས་ཏེ་བརྗོད་པའོ། །
བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་ཉེ་བར་གདམས་པའོ། །དོན་ལ་བརྟན་པར་བྱའི་ཡི་གེ་ལ་བརྟན་པར་མི་བྱའོ་ཞེས་པ་ནི་དོན་གང་ལ་དགོངས་ཏེ་བཤད་པའི་དགོངས་དོན་རིགས་པས་འཐད་པའི་དོན་ཉིད་ལ་ཡིད་ཆེས་པར་བྱའི། ཡི་གེའི་རྣམ་པ་ཅན་གྱི་
Vol. 122 · folio 222b
སྒྲ་ཡིས་དངོས་སུ་བརྗོད་པའི་དོན་ལ་ཡིད་ཆེས་པར་མི་བྱ་ཞེས་པའོ། །དེ་སྐད་དུ་ཡང་། སྒྲ་དེ་ལ་ནི་གང་ཆགས་པ། དགོངས་ཏེ་བཤད་པ་མི་ཤེས་སོ། །ཞེས་པ་ལ་སོགས་པ་སྔར་བསྟན་ནོ། །དེ་ལྟར་སྒྲ་ཇི་བཞིན་གྱི་དོན་དུ་མངོན་པར་ཞེན་པ་ནི་སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཐའ་གཉིས་ཀྱི་ལྟ་བར་ལྷུང་
བས་བདག་ཉིད་ཀྱང་མཐའ་གཉིས་སྤངས་པའི་དབུ་མའི་དོན་གྱི་རྟོགས་པ་ལས་ཉམས་པར་བྱེད་ཅིང་། གཞན་གྱིས་ཀྱང་དེ་འདྲ་བ་ཁོང་དུ་ཆུད་པར་མི་བྱེད་དོ། །ཚིག་དང་ངེས་པའི་སྒྲ་ནི་སྔར་བཤད་པ་ལྟར་དེ་བཞིན་གཤེགས་པའི་ཚིག་གི་རྣམ་གྲངས་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། བདེ་
བར་གཤེགས་པ་ཞེས་པ་ལ་སོགས་པའོ། །གཞན་ནི་ཤེས་པར་ཟད་དོ། །རང་གི་ཕྱོགས་ཞེས་པ་ནི་སྐྱེ་བ་མེད་པ་ལ་སོགས་པ་སྒྲ་ཇི་བཞིན་གྱི་དོན་དུ་བཟུང་ནས་སྐུར་པ་འདེབས་པའི་ལྟ་བའི་ཕྱོགས་སྒྲོགས་པར་བྱེད་པ་དང་། སྒྲོ་འདོགས་ཀྱི་ལྟ་བའི་ཕྱོགས་སྒྲོགས་པར་བྱེད་པའོ། །དེ་སྟེ་ཞེས་པ་
ལ་སོགས་པས་དེ་ལས་བཟློག་པའི་ཕན་ཡོན་སྟོན་ཏེ། ཚིག་གི་དོན་ནི་ཕལ་ཆེར་ཤེས་པར་ཟད་དོ། །ཡང་དག་པ་མཚན་མ་མེད་པའི་བདེ་བ་ནི་ཕྱིན་ཅི་མ་ལོག་ཅིང་ཟག་པ་མེད་པའི་བདེ་བ་དང་ལྡན་པའི་ཐེག་པ་ཆེན་པོའོ། །དེ་འདྲ་བའི་ཐེག་པ་ཆེན་པོ་ལ་བརྟེན་ཅིང་གནས་ན། དེ་ལས་ངེས་པར་
ལེགས་པའི་ཐབས་རྣམས་འབྱུང་བས་དེ་འདྲ་བའི་འབྲས་བུ་རྒྱུན་མ་ཆད་པར་འབྱུང་ཞེས་པའོ། །ཡོངས་སུ་བཟུང་བས་ནི་དེ་ལས་མི་ཉམས་པའོ། །སེམས་ཅན་ཐམས་ཅད་བཟུང་བ་ནི་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་ཅིང་། དེ་འདྲ་བའི་གོ་འཕང་ཐོབ་པར་བྱེད་པའོ། །དེ་ལྟར་
ཐོབ་པས་ཀྱང་དམ་པའི་ཆོས་རྒྱུན་མི་འཆད་པས་ཆོས་ཡོངས་སུ་བཟུང་བ་ཡིན་ནོ་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་བྱ་ལས་སྒོ་ངར་འགྱུར་ཞིང་། སྒོ་ང་ལས་ཀྱང་བྱ་ཞེས་འཇིག་རྟེན་ན་གྲགས་པ་དང་མཚུངས་པའོ། །སྐྱེ་གནས་ཀྱི་བྱེ་བྲག་ནི་འགྲོ་བ་ལ་ཕན་པར་འགྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་
པོ་ལ་སོགས་པར་འགྱུར་བའོ། །གཟུགས་དང་ཆ་བྱད་ཅེས་པ་ལ་གཟུགས་ནི་འགྲོ་བ་སྣ་ཚོགས་ཀྱི་གཟུགས་སོ། །ཆ་བྱད་ནི་གདུལ་བྱ་ཇི་ལྟར་འདུལ་བར་འགྱུར་བའི་རྣམ་གྲངས་ཀྱི་ཆ་བྱད་སྣ་ཚོགས་པའོ། །སེམས་ཅན་གྱི་ཆ་བྱད་རྟོགས་ཞེས་འོག་མ་དང་སྦྱར་བར་བྱ་སྟེ། གང་གིས་འདུལ་
Vol. 122 · folio 223a
བར་འགྱུར་བའི་ཆ་བྱད་དུ་སྟོན་པའི་མཁྱེན་པའོ། །དེ་བཞིན་ཉིད་དུ་ཆོས་སྟོན་ཞེས་པ་ནི་གདུལ་བྱའི་ཁམས་དང་། དབང་པོའི་བྱེ་བྲག་ཇི་ལྟ་བ་བཞིན་དུའོ། །དེ་ལ་གང་དག་ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་རྣོན་པོ་རྣམས་ལ་ནི། དེ་ཁོ་ན་ཉིད་ཀྱི་རྣམ་གྲངས་རྣམས་སྟོན་ཏེ།
སོ་སོའི་ཚིག་གི་དོན་ནི་སྔར་བཤད་ཟིན་ཏོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་དེ་འདྲ་བའི་ཟབ་མོའི་དོན་གྱི་དེ་ཁོ་ན་ཉིད་ལ། ཡི་གེ་དང་འབྲེལ་པའི་སྒྲོ་བཏགས་སྤྱིའི་རྣམ་པ་མེད་པའི་ཕྱིར། དེ་ཁོ་ན་ཉིད་ལ་སྒྲ་ཇི་བཞིན་གྱི་དོན་དུ་ཆགས་པ་ལ་མཁས་པར་མི་བྱ་ཞེས་པ་སྟེ། དེ་ལྟར་ཆགས་
ཤིང་ཞེན་པར་མི་བྱ་བའོ། །འདིར་དཔེའི་དོན་ནི་ལ་ལས་བྱིས་པ་གཞོན་ནུ་རྣམས་ལ་སོར་མོའི་རྩེ་མོས་ནམ་མཁའི་ཟླ་བ་བསྟན་པ་ན། གཞོན་ནུ་དེ་སོར་མོའི་རྩེ་མོ་ཉིད་ལ་ལྟ་ཞིང་ཞེན་པར་འགྱུར་གྱི། དེས་མཚོན་པར་བྱ་བའི་ཟླ་བ་མི་མཐོང་བ་ལྟ་བུར་ཚིག་གིས་བསྟན་པར་བྱ་བའི་དོན་གྱིས་དེ་ཁོ་ན་ཉིད་མི་
རྟོགས་པར་སྒྲ་དང་འདྲེས་པའི་སྤྱིའི་རྣམ་པ་ལ་རྟོག་ཅིང་ཞེན་པར་འགྱུར་བའོ། །ཡང་རྣམ་པ་གཅིག་ཏུ་ན། དགོངས་པ་ཅན་གྱི་ཚིག་གིས་བརྒྱུད་ནས་རྟོགས་པར་བྱ་བའི་དགོངས་དོན་ཟབ་མོ་ལ་མི་ལྟ་བར་སྒྲ་ཇི་བཞིན་གྱི་དོན་ལ་ཆགས་ཤིང་ལྟ་བར་འགྱུར་ཞེས་པའོ། །བྱིས་པའི་རང་བཞིན་ཅན་ལྟ་བུར་
ཞེས་པ་ནི་བྱིས་པ་གཞོན་ནུ་ལྟ་བུར་ཞེས་པའོ། །འདི་ལྟ་སྟེ་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་དེ་འདྲ་བའི་དེ་ཁོ་ན་ཉིད་རྟོགས་པར་བྱ་བ་ལ་ཤེས་རབ་ཀྱི་མངོན་པར་འདུ་བྱེད་པས་མངོན་པར་འདུ་བྱ་ཞིང་རྟོགས་པར་བྱ་ཞེས་པའོ། །དེ་སྨྱོན་པར་བརྟགས་པར་འགྱུར་རོ་ཞེས་པ་ནི་ཟས་སྐོམ་རྣམས་མངོན་པར་
འདུ་བྱེད་པའི་སྒོ་ནས་གཡོས་སུ་མ་བྱས་པར་ཟོས་ན་ནད་ལ་སོགས་པའི་རྒྱུར་འགྱུར་བས་ལོག་པའི་ལམ་རྟོགས་པར་སླ་བ་ཉིད་ཀྱང་མི་ཤེས་པའི་ཕྱིར་སྨྱོན་པ་དང་འདྲ་ཞེས་པའོ། །དེ་བཞིན་དུ་སྐྱེ་བ་མེད་པ་དང་འགག་པ་མེད་པའི་དགོངས་དོན་ཡང་ཤེས་རབ་ཀྱི་མངོན་པར་འདུ་བྱེད་པས་མངོན་པར་འདུས་མ་
བྱས་ཏེ་དགོངས་དོན་ལེགས་པར་རྟོགས་ན་རྣམ་པ་ཐམས་ཅད་དུ་མེད་དོ་ཞེས་སྐུར་བའི་མཐར་འགྱུར་བས་མཛེས་པ་ཉིད་དུ་མི་འགྱུར་ཞེས་པའོ། །དེའི་ཕྱིར་དགོངས་པ་ཅན་གྱི་དོན་ཟབ་མོ་རྟོགས་པ་ལ་བརྩོན་པར་བྱའོ། །རབ་ཏུ་དབེན་ཞེས་པ་ལ་སྒྲོ་འདོགས་དང་སྐུར་པ་འདེབས་པའི་མཐའ་དང་བྲལ་བའོ། །
Vol. 122 · folio 223b
སྒྲ་ནི་རྣམ་པར་རྟོག་པ་དང་འབྲེལ་ཞེས་པ་རྟོག་པས་བརྟགས་ཤིང་རྟོག་པ་ཉིད་ཀྱི་རང་བཞིན་དུ་གྱུར་པའོ། །དེས་ཀྱང་འཁོར་བ་ཐོབ་པར་བྱེད་པ་སྟེ། ཇི་སྐད་དུ། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །དོན་གྱི་རྟོགས་པ་དེ་ཉིད་ཇི་ལྟར་ཐོབ་ཅེ་ན། མང་
དུ་ཐོས་པ་ལས་ཐོབ་པར་འགྱུར་ཏེ། ཇི་སྐད་དུ། ཐོས་པས་ཤེས་རབ་ཀུན་དུ་འཕེལ། །ཐོས་པས་ལྟ་བ་དྲང་པོར་འགྱུར། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །མང་དུ་ཐོས་པས་ཡང་དངོས་སམ་བརྒྱུད་པའི་ཚུལ་གྱིས་སྒྲ་ཡིས་བསྟན་པར་བྱ་བའི་དོན་ལ་མཁས་པར་བྱ་བ་ཡིན་གྱི། སྒྲ་
བརྗོད་པའི་བྱེ་བྲག་ལ་མཁས་པ་ཙམ་ནི་མ་ཡིན་ནོ། །མུ་སྟེགས་བྱེད་ཀྱི་སྨྲ་བ་ནི་གྲུབ་མཐའ་ཕྱིན་ཅི་ལོག་པ་ཐམས་ཅད་དེ། དེ་དག་དང་མ་འདྲེས་པར་ལྟ་བ་ནི་དོན་ལ་མཁས་པ་སྟེ། རང་དང་གཞན་མཐའ་གཉིས་ཀྱི་ལྟ་བར་མི་ལྟུང་བའོ། །དོན་འདོད་པས་དེ་དག་ལ་བརྟེན་པར་བྱ་ཞེས་པ་ནི་དོན་གྱི་རྟོགས་པ་མཐར་ཐུག་པ་
འདོད་པས་དེའི་ཐབས་ལ་བརྩོན་པར་བྱ་ཞེས་པའོ། །དེ་ལས་བཟློག་པ་ནི་དོན་གྱི་རྟོགས་པ་ལས་ཉམས་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་སྔར་གྱི་ཕྱི་རོལ་པ་དང་མཚུངས་པར་བརྩད་པ་ཉིད་ཚུལ་གཞན་གྱི་སྒོ་ནས་སྟོན་ཏེ། དེའི་དོན་ནི་དེ་བཞིན་གཤེགས་པས་ཀྱང་འདུས་མ་བྱས་ཀྱི་ཆོས་ཀྱི་ཁྱད་པར་འགའ་
ཞིག་མ་སྐྱེས་པ་དང་མ་འགགས་པ་ལ་སོགས་པར་བསྟན་ཅིང་། དེ་ལས་གཞན་ཕྱི་དང་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་དངོས་པོ་ཡོད་པ་ཉིད་དུ་གསུངས་ལ། ཕྱི་རོལ་པ་རྣམས་ཀྱང་དེ་བཞིན་དུ་དབང་ཕྱུག་དང་། གཙོ་བོ་ལ་སོགས་པ་འགྲོ་བ་ཐམས་ཅད་དང་། རྣམ་འགྱུར་སྣ་ཚོགས་ཀྱི་རྒྱུར་གྱུར་པ་
རྣམས་མ་སྐྱེས་པ་དང་མ་འགགས་པ་ཉིད་དུ་བརྗོད་ཅིང་། དེ་ལས་གཞན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་དངོས་པོའི་རང་བཞིན་ཉིད་དུ་ཁས་ལེན་པས་མཚུངས་པ་ཉིད་དུ་འགྱུར་ཞེས་པའོ། །བྱེད་པ་དང་རྐྱེན་གྱི་རྒྱུ་ཞེས་པ་ནི་འདུ་བྱེད་དང་མ་རིག་པ་ཉིད་ལ་བྱ་བའམ། རྣམ་པ་གཅིག་ཏུ་ན། ཁྱད་པར་དུ་
འཕགས་པའི་བློ་དབང་ཕྱུག་གི་འདོད་པ་དང་། རྡུལ་ཕྲ་རབ་ལ་སོགས་པའི་རྐྱེན་ལས་འགྲོ་བ་རྣམས་འབྱུང་བར་བརྗོད་པའོ། །བཅོམ་ལྡན་འདས་ཀྱིས་ཀྱང་མ་རིག་པ་དང་འདུ་བྱེད་ལ་སོགས་པའི་རྒྱུ་དེ་ཉིད་ལ་བརྟེན་ཏོ་ཞེས་བགྱི་བར་ཕྱི་རོལ་པ་དང་མི་མཐུན་པར་མིང་གི་བྱེ་བྲག་གཞན་བཏགས་པ་སྟེ།
Vol. 122 · folio 224a
མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་པ་ལ་སོགས་པ་གསུངས་སོ། །རྡུལ་ཕྲ་མོ་དང་ཞེས་པ་ལ་སོགས་པས་ནི་རྒྱུ་ཉིད་གསལ་བར་སྟོན་པ་སྟེ། རྫས་རགས་པ་རྩོམ་པར་བྱེད་པའི་རྒྱུ་རྡུལ་ཕྲ་མོར་འདོད་པའོ། །སྐྱེ་དགུའི་བདག་པོ་ནི་ཚངས་པ་སྟེ། དེ་
ལས་ཐམས་ཅད་བྱུང་བར་འདོད་པའོ། །སོགས་པ་བསྡུས་པའི་དོན་ནི་དུས་རྟག་པར་རྒྱུར་སྨྲ་བ་ལ་སོགས་པའོ། །གལ་ཏེ་རྫས་དགུ་ལ་མི་རྟག་པའི་རྫས་འབྱུང་བ་བཞི་རྣམས་མ་སྐྱེས་མ་འགགས་པར་ཇི་ལྟར་འགྱུར་ཞེ་ན། རགས་པའི་རྫས་ནི་མི་རྟག་པ་ཡིན་མོད་ཀྱི། རྡུལ་ཕྲ་མོའི་རྫས་རྟག་པས་མ་སྐྱེས་མ་འགགས་
ཞེས་བྱའོ། །བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་རྣམ་གྲངས་གཞན་དུ་བཅོམ་ལྡན་འདས་ཀྱིས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཡོད་པ་དང་མེད་པའི་མཐའ་དང་བྲལ་བས་མ་སྐྱེས་མ་འགགས་པའོ་ཞེས་གསུངས་པས། ཕྱི་རོལ་པ་དང་མི་མཚུངས་སོ་སྙམ་དུ་དོགས་ན། མཚུངས་པ་ཉིད་དེ་ཕྱི་རོལ་པ་
རྣམས་ཀྱང་སྔར་བསྟན་པ་ལྟར་འབྱུང་བའི་རང་བཞིན་མི་འཇིག་པས་ན་མི་སྐྱེ་མི་འགག་པར་འདོད་དེ། འབྱུང་བ་དེ་དག་གི་ཁ་དོག་དང་དབྱིབས་ཀྱི་རྣམ་པ་གཞན་དུ་གྱུར་ཀྱང་། འབྱུང་བ་རྣམས་ཀྱི་རང་བཞིན་མི་འགྱུར་ཞེས་པའོ། །ཡང་བཅོམ་ལྡན་འདས་ཀྱིས་ཕྱིའི་འབྱུང་བ་ནི་རྫས་སུ་མ་གྲུབ་པས་མི་སྐྱེ་
མི་འགག་ཅིང་འགྱུར་བ་མེད་ལ། དེ་དག་འགྱུར་བར་སྣང་བ་ནི་དེ་ལ་དམིགས་པའི་རྣམ་པར་རྟོག་པ་ཉིད་ཡིན་པར་གསུངས་ལ། མུ་སྟེགས་བྱེད་ཐམས་ཅད་ཀྱིས་ཀྱང་དེའི་རང་བཞིན་འགྱུར་བར་སྣང་བ་ནི་རྣམ་པར་རྟོག་པ་ཉིད་ཡིན་པར་བརྟགས་ཤིང་བཞག་སྟེ། དེས་ན་མཚུངས་པ་ཉིད་དུ་འགྱུར་
ཞེས་པའོ། །དེ་ལྟ་ན་ཡང་སྐྱེ་བ་མེད་པ་དང་འགག་པ་མེད་པ་རྒྱུར་གྱུར་པ་ཞེས་པ་སྟེ། དེ་འདྲ་བའི་དེ་ཁོ་ན་ཉིད་རྟོགས་ཤིང་གོམས་པས་སངས་རྒྱས་སུ་འགྱུར་ལ། དེ་ནི་མུ་སྟེགས་པ་རྣམས་ལ་ཡང་ཁྱད་པར་མེད་པས་དེ་རྣམས་ཀྱང་སངས་རྒྱས་སུ་འགྱུར་བའོ། །ཡང་ན་ཚིག་གི་དོན་ནི།
རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཞེས་གསུངས་པས་དེ་འདྲ་བ་སངས་རྒྱས་ཀྱི་རང་བཞིན་ཡིན་ལ། དེ་ནི་དབང་ཕྱུག་དང་སྐྱེ་དགུའི་བདག་པོ་ལ་ཡང་ཁྱད་པར་མེད་པས་སངས་རྒྱས་ཉིད་དུ་འགྱུར་བའོ། །དེ་ལྟར་འདོད་པ་ཡང་མི་འཐད་དེ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཁམས་
Vol. 122 · folio 224b
གཅིག་ཏུ་དེ་བཞིན་གཤེགས་པ་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་མང་པོ་འབྱུང་བ་ནི་གནས་མེད་དོ་ཞེས་གསུངས་པ་དང་འགལ་བས་སོ། །འབྲས་བུ་ཡོད་པ་དང་མེད་པས་ནི་གོ་རིམས་བཞིན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞལ་གྱིས་བཞེས་པས་རྒྱུ་འབྲས་ཡོད་པ་དང་། ཡང་ཆོས་འགའ་ཞིག་མ་སྐྱེས་
པ་མ་འགགས་པ་རྒྱུ་དང་འབྲས་བུ་ལས་འདས་པའོ། །ལན་གྱི་དོན་ནི་དེ་ལྟར་མཚུངས་པ་མ་ཡིན་ཏེ། དེ་དག་ནི་རྒྱུ་དབང་ཕྱུག་ལ་སོགས་པ་ནི་མ་སྐྱེས་པ་མི་འགྱུར་བའི་མཚན་ཉིད་དང་ལྡན་པ་རྟག་པ་ཐེར་ཟུག་པའི་དངོས་པོ་ཡོད་པ་ཉིད་དུ་ཁས་ལེན་ཅིང་རྟེན་འབྲེལ་ཡང་དོན་དམ་པའི་དངོས་པོ་ཉིད་དུ་འདོད་པའི་
ཕྱིར་རོ། །སྣང་བ་དང་གཟུང་བ་དང་མི་སྣང་བ་དང་གཟུང་དུ་མེད་ཅེས་ཚིག་སོ་སོར་སྦྱར་བར་བྱ་སྟེ། བློ་འཁྲུལ་པ་ལ་ལྟོས་ཏེ་སྣང་ཞིང་གཟུང་བ་དང་མ་འཁྲུལ་པ་ལ་ལྟོས་ཏེ་དེ་ལས་བཟློག་པའོ། །འཇིག་རྟེན་རང་ལ་གནས་ཞེས་པ་ནི་ཀུན་རྫོབ་ཏུ་སེམས་ཉིད་རིག་པའི་སྐད་ཅིག་མ། རང་རང་གི་ངོ་བོ་
ལ་གནས་ཤིང་ཕྱི་རོལ་པས་བརྟགས་པའི་བསྐྱེད་པར་བྱ་བ་དང་། བྱེད་པ་ཐ་དད་ཀྱི་ངོ་བོ་མེད་ཅེས་པ་སྟེ། ཇི་སྐད་དུ། འདུ་བྱེད་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ག་ལ་ཡོད། །ཅེས་གསུངས་པ་ལྟ་བུའོ། །དོན་དམ་ནི་རང་གི་ཆོས་ཉིད་ལ་གནས་ཤིང་ཤིན་དུ་ཡང་བྱ་བ་མེད་པའོ། །བློ་གྲོས་
ཆེན་པོ་དེ་ནི་ཞེས་པ་བྱིས་པ་དེ་ནི་ཡང་དག་པ་མ་ཡིན་པའི་དོན་ལ་རྣམ་པར་རྟོག་པས་མྱོས་ཞེས་སྦྱར་བར་བྱའོ། །དགེ་བ་ཡིན་ཏེ་ཞེས་པ་ནི་ལམ་གྱི་དུས་ན་ཕྱིན་ཅི་ལོག་ཉེ་བར་ཞི་བ་དང་། འབྲས་བུའི་དུས་ན་སྡུག་བསྔལ་དང་འཚེ་བ་ཞི་བའི་ཕྱིར་རོ། །ཡང་དག་པ་གནས་པ་ཇི་ལྟ་བ་ཞེས་པ་ནི་ཡང་དག་པའི་
གནས་ལུགས་ཏེ། དེ་ཉིད་ཇི་ལྟ་བ་བཞིན་དུ་མཐོང་བའོ། །སྔར་དྲངས་པ་ཞེས་པ་ནི་ཕྱིན་ཅི་ལོག་གནས་གྱུར་པ་སྔོན་དུ་སོང་བའོ། །ཚིག་གི་དོན་གཞན་ནི་ཤེས་པར་ཟད་དོ། །དེ་ལ་ཞེས་པ་ལ་སོགས་པས་སྔར་གྱི་དོན་དེ་ཉིད་ལྷག་མ་དང་བཅས་ཏེ་བསྡུས་ནས་སྟོན་པ་ལས་དང་པོར་རེ་ཞིག་སྐྱེ་བ་མེད་པ་
ལ་སོགས་པའི་དེ་ཁོ་ན་ཉིད་བསྟན་པ་ནི། སྒྱུ་མའི་དཔེ་བརྒྱད་དང་འདྲ་བར་དོན་དམ་པར་མ་སྐྱེས་ཤིང་། ཀུན་རྫོབ་ཏུ་སྐྱེ་བར་སྣང་བ་མ་འགགས་པས་ཏེ། རིག་པ་དང་སྟོང་པ་ཟུང་དུ་འཇུག་པའི་དོན་སྔར་རྒྱས་པར་བསྟན་པ་དེ་ཉིད་ཡིན་ནོ། །རྒྱུ་མེད་པ་ཡི་དངོས་པོ་ཡོད། །ཅེས་པ་ལ་སོགས་པས་ནི་ཕྱི་
Vol. 122 · folio 225a
རོལ་པས་འདོད་པའི་དབང་ཕྱུག་ལ་སོགས་པ་རྒྱུ་མེད་པའི་དངོས་པོར་ཡོད་པ་དང་། དེ་ལས་གཞན་དེ་བཞིན་གཤེགས་པས་གསུངས་པའི་ཚུལ་ལུགས་ཇི་ལྟ་བ་བཞིན་དུ་བློ་གྲོས་ཆེན་པོ་བདག་ལ་གསུངས་ཞེས་པའོ། །འདུས་པ་དག་ནི་ཞེས་པ་ལ་སོགས་པས་དེའི་དོན་གསལ་བར་
སྟོན་ཏེ། རྡུལ་ཕྲ་རབ་བམ་ཤེས་པའི་ཕྲ་རབ་འདུས་པ་ལས་མ་གཏོགས་པར་བུམ་པ་ལ་སོགས་པའི་དངོས་པོ་ཕྱིན་ཅི་མ་ལོག་པའི་བློ་ཡིས་མི་རིག་ཅིང་མི་དམིགས་པ་སྟེ། དེའི་ཕྱིར་མ་སྐྱེས་ཞེས་པ་ལ་སོགས་པའོ། །གལ་ཏེ་འདུས་པ་ལས་མ་གཏོགས་པའི་དངོས་པོ་མི་དམིགས་ཀྱང་། འདུས་པ་
ཅན་གྱི་དངོས་པོ་རེ་རེ་བ་འདབ་ཆགས་སམ་འབྲེལ་པར་གནས་པ་ཉིད་བུམ་པ་ལ་སོགས་པའི་དངོས་པོ་ཡིན་ནོ་ཞེ་ན། དེ་འདྲ་བ་ཡང་རིགས་པའི་དོན་སྣང་བ་མེད་ཅིང་མི་དམིགས་པས་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། གཟུགས་ནི་རྡུལ་ཕྲན་གཞིགས་པ་ན། །རྡུལ་ཕྲན་ཆ་ནི་ཡོད་མ་ཡིན། །ཞེས་
གསུངས་པ་ལྟ་བུའོ། །སྐབས་འདིར་འདུས་པ་རགས་པ་ཡན་ལག་ཅན་གྱི་རྫས་མུ་སྟེགས་བྱེ་བྲག་པས་འདོད་པ་ལྟར་འཇིག་ཅིང་རྡུལ་ཕྲ་རབ་ཀྱི་དངོས་པོར་འགྱུར་བ་ཙམ་ནི་མེད་པའམ་སྟོང་པའི་དོན་མ་ཡིན་ནོ། །དེ་ལས་གཞན་དུ་སྒྱུ་མའི་དཔེ་བརྒྱད་དང་མཚུངས་པ་ཉིད། རང་བཞིན་མེད་པ་ལ་སོགས་
པའི་དོན་ཡིན་ཞེས་པའོ། །རྒྱུ་མེད་སྨྲས་པས་ཞེས་པ་ལ་སོགས་པས་ནི་དོན་དེ་ལྟར་ཡིན་པ་དེ་ཉིད་ཀྱི་ཕྱིར་ཕྱི་རོལ་པ་རྣམས་དང་མི་མཚུངས་ཤིང་དེ་དག་གི་ཡུལ་ལ་ཡིན་པར་སྟོན་ཏེ། དབང་ཕྱུག་ལ་སོགས་པ་རྒྱུ་མེད་པར་སྨྲ་བས་མཚུངས་པ་ཉིད་དུ་བརྩད་པར་བྱ་སྟེ། དེ་སྤངས་པའི་དོན་དུ་མ་སྐྱེས་པ་
སྒྱུ་མ་ཉིད་དུ་བསྒྲུབས་པ་ན། ངའི་གྲུབ་པའི་མཐའི་ཚུལ་ནི་དེ་འདྲ་བའི་བརྩད་པས་མི་གནོད་ཅིང་མི་འཇིག་པའོ། །དེ་ལྟར་དོན་དམ་པ་རྒྱུ་མེད་པའམ་ཕྱི་རོལ་པས་བརྟགས་པའི་བྱ་བ་དང་བྱེད་པའི་རང་བཞིན་མེད་པར་སྨྲ་བའི་ཚུལ་ལུགས་བསྟན་པ་ན་དངོས་པོར་ཞེན་པའི་སྐྱེ་བོ་རྣམས་དེ་ལྟ་ན་མྱུ་གུ་
ལ་སོགས་པའི་དངོས་པོ་རྣམས་རྣམ་པ་ཇི་ལྟར་སྐྱེ་བར་འགྱུར་ཞིང་། ཡུལ་ལམ་དུས་གང་དུ་རྒྱུ་མེད་པར་འགྱུར་ཏེ། རྒྱུ་མེད་པ་ལ་ཡུལ་དང་། དུས་དང་། རང་བཞིན་ངེས་པ་མི་འཐད་ཅེས་པའོ། །གཞན་ཡང་རྒྱུ་མེད་ན་མྱུ་གུ་ལ་སོགས་པ་རྒྱུ་ཅི་ལས་སྐྱེ་བ་དང་། རྐྱེན་ཇི་དག་གིས་སྐྱེས་
Vol. 122 · folio 225b
ཏེ། །དེ་ལྟར་སྐྱེ་བར་མི་དམིགས་པ་ཉིད་མི་འཐད་དེ། རྒྱུ་མེད་པ་ཉིད་ཀྱི་ཕྱིར་ནམ་མཁའི་པད་མ་བཞིན་ཞེས་པའོ། །དེ་ལྟར་འདོད་པ་ཡང་མི་འཐད་དེ་མངོན་སུམ་ལ་སོགས་པ་དང་འགལ་བར་འགྱུར་བའི་ཕྱིར་རོ་ཞེས་མུ་སྟེགས་ཅན་རྣམས་འཇིགས་ཤིང་སྐྲག་པར་འགྱུར་བའོ། །འདིར་ནི་དེ་འདྲ་བའི་ཉེས་
པ་དང་འབྲེལ་བ་མ་ཡིན་ཏེ། རྒྱུ་འབྲས་ཀུན་རྫོབ་པ་ནི་མི་འགོག་ལ། དོན་དམ་པར་ཡུལ་དང་དུས་ངེས་པ་ལ་སོགས་པ་ཁས་མི་ལེན་པའི་ཕྱིར་རོ། །དངོས་པོ་མེད་པ་ཞེས་པ་ལ་སོགས་པས་སྐྱེ་བ་མེད་པ་ལ་སོགས་པའི་དོན་གཞན་གྱིས་བརྟགས་པ་ལྟར་ཁས་མི་ལེན་ཞེས་པའོ། །དེའི་དོན་ཡང་
སྐྱེ་བ་མེད་ཅེས་པ་རི་བོང་གི་རྭ་ལ་སོགས་པ་ལྟར་ཀུན་རྫོབ་ཙམ་དུ་ཡང་མེད་པ་མ་ཡིན་ཞིང་། རྐྱེན་ལས་སྐྱེ་བའི་དངོས་པོ་ཉིད་ལ་དེ་འདྲ་བའི་མིང་བཏགས་པ་ཡང་མ་ཡིན་ལ། དངོས་པོ་གཞན་ཞིག་གི་མིང་གི་རྣམ་གྲངས་ཀྱང་མ་ཡིན་ཞིང་། དོན་མེད་པའི་མིང་ཙམ་ཡང་མ་ཡིན་ཞེས་པའོ། །ཉན་ཐོས་
དང་ནི་ཞེས་པ་ལ་སོགས་པས་སྐྱེ་བ་མེད་པའི་རྣམ་གྲངས་སྟོན་ཏེ། མ་སྐྱེས་པའི་དོན་རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་མཐའ་གཉིས་དང་བྲལ་བའི་དབུ་མའི་དོན་ནི། ས་བདུན་པའི་བྱང་ཆུབ་སེམས་དཔའ་མན་ཆོད་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། དེ་དག་ནི་མཚན་མ་དང་བཅས་ཤིང་དབང་པོ་དམན་པའི་ཕྱིར་རོ། །
བྱེད་པ་དག་ནི་ཞེས་པ་ཕྱི་རོལ་པས་བརྟགས་པའི་བྱེད་པའོ། །སེམས་ནི་སྣང་ལས་རྣམ་གྲོལ་བ། །ཞེས་པ་ལ་སོགས་པའི་དོན་ནི་གཟུང་འཛིན་གཉིས་སུ་སྣང་བ་ལས་གྲོལ་ཞིང་། རྟག་ཆད་ལ་སོགས་པའི་མཐའ་གཉིས་པ་ཐམས་ཅད་སྤངས་པ། ཚོགས་བརྒྱད་གནས་གྱུར་པས་རབ་ཏུ་ཆེ་བ་ས་བརྒྱད་
ཡན་ཆོད་ཀྱི་ཡེ་ཤེས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ནི། སྐྱེ་བ་མེད་པའི་དོན་ཡིན་ཞེས་པའོ། །ཕྱི་རོལ་དངོས་པོ་ཞེས་པ་ལ་སོགས་པའི་དོན་ནི་ཕྱི་རོལ་ཏུ་སྣང་བ་སེམས་ཉིད་ཀྱི་ངོ་བོར་གྲུབ་པས་རྣམ་པ་ཐམས་ཅད་དུ་མེད་པ་ཡིན་ལ། དོན་དམ་པར་སེམས་ཉིད་ཀྱང་གཟུང་བའམ་འཛིན་པའི་ངོ་བོར་
གྲུབ་པ་མེད་ཅེས་པ་ལ་སོགས་པའོ། །དེ་བཞིན་སྟོང་པ་ཞེས་པ་ལ་སོགས་པས་རྣམ་གྲངས་གཞན་ལ་སྦྱར་བ་སྟེ། སྟོང་པ་ལ་སོགས་པའི་དོན་ཡང་ཟུང་འཇུག་དབུ་མའི་དོན་ཉིད་དུ་བརྟག་ཅིང་གཞག་པར་བྱ་བའོ། །སྟོང་པས་སྟོང་མ་ཡིན་ཞེས་པ་ནི་དེ་འདྲ་བའི་ཆོས་ཉིད་ཀྱིས་ཐམས་ཅད་དུ་ཁྱབ་
Vol. 122 · folio 226a
པའོ། །རྐྱེན་གྱི་རྣམ་པ་འདུས་ཞེས་པ་ལ་སོགས་པས་སྐྱེ་བ་མེད་པ་ལ་སོགས་པར་འཇལ་བའི་རིགས་པ་ཉིད་དགོད་པའོ། །དེའི་དོན་ཡང་མ་རིག་པ་དང་སྲེད་པ་ལ་སོགས་པའི་རྐྱེན་གྱིས་རྣམ་པ་འདུས་པ་ལས་སྲིད་པའི་ཡན་ལག་རྣམས་ལུགས་སུ་འཇུག་ཅིང་། དེ་དག་
འགགས་པས་ལྡོག་པར་འགྱུར་བ་སྟེ། དེ་ཁོ་ན་ཉིད་དུ་སྐྱེ་བ་དང་འགག་པ་དེ་འདུས་པ་ལས་ལོགས་ཤིག་ན་གྲུབ་པ་ཡང་མེད་ལ། འདུས་པ་ཉིད་ཀྱི་བདག་ཉིད་ཀྱང་མ་ཡིན་ཏེ། འདིའི་དོན་ཞིབ་ཏུ་ནི་སྔར་བསྟན་ནོ། །གཅིག་པ་དང་ནི་ཞེས་པ་ལ་སོགས་པས་དེ་ཉིད་རྒྱས་པར་སྟོན་ཏེ། ཇི་ལྟར་
གྲངས་ཅན་ལ་སོགས་པས་རྒྱུ་དང་འབྲས་བུ་རང་བཞིན་གཅིག་ཅིང་གནས་སྐབས་ཐ་དད་པ་དང་། བྱེ་བྲག་པས་དེ་དག་རང་བཞིན་ཐ་དད་པ་དང་གཞན་ཡང་དངོས་པོ་ཐམས་ཅད་སྤྱིའི་སྒོ་ནས་གཅིག་པ་དང་། གསལ་བའི་སྒོ་ནས་ཐ་དད་པར་རྟོགས་པ་བཞིན་དུ་འདིར་རྒྱུ་དང་འབྲས་བུ་ལ་སོགས་
པའི་དངོས་པོ་ཐ་དད་པ་མ་ཡིན་ཞེས་པ་ལ་སོགས་པའོ། །གཞན་ཡང་འབྲས་བུ་ཡོད་པ་དང་མེད་པ་སྐྱེ་བ་མི་འཐད་པ་ཉིད་དུ་སྔར་རྒྱས་པར་བསྟན་ཅིང་། དེ་གཉིས་ཀ་མ་ཡིན་པ་ཡང་ཡུལ་ལམ་དུས་གང་ན་ཡང་མེད་དོ། །དེས་ན་དོན་དམ་པར་སྐྱེ་བ་མི་འཐད་པའི་ཕྱིར། དེ་ལས་གཞན་
ཀུན་རྫོབ་ཙམ་དུ་འབྲས་བུའི་བདག་ཉིད་རྡུལ་དུ་མ་འདུས་པའམ། ཤེས་པའི་ཕྲ་རབ་འདུས་པ་ནི་རྒྱུ་ཡང་དེ་འདྲ་བའི་འདུས་པ་ལས་འཇུག་ཅིང་ལྡོག་པར་འགྱུར་བའོ། །འདུས་པ་ཉིད་དངོས་པོ་མ་ཡིན་ནམ་ཞེ་ན། དེ་ནི་འདུས་པ་ཅན་གྱི་དངོས་པོ་འབྲེལ་ཆགས་སུ་གནས་པ་ཉིད་ལ་བརྟགས་
ཤིང་འདུས་པ་ཅན་རང་ཡང་དེ་ལྟར་སྣང་བ་ཙམ་ལ་བརྟགས་ཀྱི་སྔར་བསྟན་པ་ལྟར་དངོས་པོར་གྲུབ་པ་མེད་པའོ། །ཕན་ཚུན་ལྟོས་ལ་འབྲེལ་པའོ། །ཞེས་པ་ནི་འདུས་པ་ཕན་ཚུན་ལྟོས་ཤིང་འབྲེལ་པ་སྟེ། དེ་ཉིད་ཀྱི་ཕྱིར་ན་ཡང་འདི་དག་དོན་དམ་པར་མི་འཐད་པའོ། །ཡང་ན་འདི་རྣམས་ཀྱི་
དོན་ནི་རྒྱུ་དང་འབྲས་བུ་རྣམ་པར་གཞག་པ་ནི་བརྟགས་པ་ཙམ་ཉིད་དེ། ཕན་ཚུན་ལྟོས་པའི་སྒོ་ནས་འབྲེལ་པ་སྟེ། དེ་ཉིད་ཀྱི་ཕྱིར་དོན་དམ་པར་མ་གྲུབ་ཅེས་སྔར་རྒྱས་པར་བསྟན་པའོ། །རྐྱེན་རྣམས་འབྲེལ་ལས་ཞེས་པ་ལ་སོགས་པའི་དོན་ནི་ཀུན་རྫོབ་ཏུ་མ་རིག་པ་དང་འདུ་བྱེད་ལ་སོགས་པའི་རྐྱེན་
Vol. 122 · folio 226b
རྣམས་གང་གི་མཇུག་ཐོགས་སུ་གང་ངེས་པར་འབྱུང་བ་ཉིད་དེ་རྣམས་ཀྱི་འབྲེལ་པ་སྟེ། དེ་ལས་ལོགས་ཤིག་ནི་བསྐྱེད་པར་བྱ་བའི་དོན་འབྲས་བུའི་དངོས་པོ་ལས་ཐ་དད་པའི་ཆོས་སུ་ཕྱི་རོལ་པས་བརྟགས་པ་ནི་མེད་ཅེས་པའོ། །དེས་ན་དེ་ལྟར་རྟོག་པའི་མུ་སྟེགས་ཅན་གྱི་ཉེས་པ་སྤངས་ཤིང་
ཉེས་པ་དེ་དང་མ་འབྲེལ་པའོ། །གང་ན་ཞེས་པ་ལ་སོགས་པས་ནི་ཉེས་པ་དང་བཅས་པ་དང་མུ་སྟེགས་ཅན་གྱི་ལུགས་དགག་པའོ། །འབྲེལ་པ་རྣམ་པར་འཇིག་པ་སྟེ་ཞེས་པའི་དོན་ནི་དངོས་པོ་གང་གི་རྗེས་སུ་གང་ཞིག་ངེས་པར་བྱུང་བ་དེ་དང་འབྲེལ་པའི་འབྲས་བུའི་དངོས་པོ་ལས་ཐ་དད་
པའི་བསྐྱེད་པར་བྱ་བའི་ཆོས་གཅིག་ཁས་ལེན་ན། འདིར་འབྲས་བུའི་དངོས་པོ་བསྐྱེད་དམ་མ་བསྐྱེད་ཅེས་བརྟག་པར་བྱའོ། །གལ་ཏེ་བསྐྱེད་ན་དེ་ཉིད་བསྐྱེད་པར་བྱ་བའི་དངོས་པོ་ཡིན་གྱི། དེ་ལས་གཞན་རྟོག་པ་དོན་མེད་དོ། །དེ་ལྟར་རྟོག་ན་ཡང་དེ་ལ་ཡང་གཞན་དང་གཞན་རྟོག་པས་
ཐུག་པ་མེད་པ་ཉིད་དུ་འགྱུར་རོ། །དེ་སྟེ་འབྲས་བུའི་དངོས་པོ་མ་བསྐྱེད་ན་དེ་དང་རྒྱུར་འདོད་པ་གཉིས་ལ་འབྲེལ་པ་མེད་དེ། ཐ་དད་པས་བདག་ཉིད་གཅིག་པར་མི་འཐད་ཅིང་མ་བསྐྱེད་པས་དེ་ལས་བྱུང་བའི་འབྲེལ་པ་ཡང་མེད་པས་འབྲེལ་པ་རྣམ་པར་འཇིག་ཅིང་འབྲས་བུ་རྒྱུ་མེད་པ་ཉིད་དུ་སྨྲ་བར་
འགྱུར་ཞེས་པའོ། །གཞན་ཡང་གྲངས་ཅན་པ་རྣམས་ཀྱི་ཞོ་དང་འོ་མ་ལ་སོགས་པ་རྒྱུ་དང་འབྲས་བུའི་དངོས་པོར་ཁས་ལེན་པ་ན། འོ་མ་དང་འབྲེལ་པ་ཞོའི་རང་བཞིན་ནི་སྔར་ནས་ཡོད་ཅིང་། འོ་མ་ལས་ཐ་དད་པ་མ་ཡིན་པས་བསྐྱེད་པར་བྱ་བ་མ་ཡིན་ལ། འོན་ཀྱང་དེ་ཉིད་སྔར་མི་གསལ་བ་
ལས་གསལ་བའི་གནས་སྐབས་སུ་རྒྱུ་དང་རྐྱེན་གྱིས་བསྐྱེད་པར་བྱ་བའི་དངོས་པོ་དེ་འདྲ་བ་ཡོད་ཅེས་པ་ནི། འབྲེལ་པ་རྣམ་པར་འཇིག་པ་སྟེ། གསལ་བའི་གནས་སྐབས་གཞན་པ་ཉིད་རྒྱུ་དང་རྐྱེན་གྱིས་བསྐྱེད་པར་བྱ་བར་འགྱུར་གྱི། ཞོ་ལ་སོགས་པའི་རང་བཞིན་སྐྱེ་བ་མི་འཐད་པའི་ཕྱིར་
རོ། །དེས་ན་རྒྱུ་མེད་པར་སྨྲ་བ་ཉིད་དུ་ཡང་འགྱུར་རོ། །གལ་ཏེ་གསལ་བའི་གནས་སྐབས་རྒྱུ་དང་བཅས་པས་སྐྱོན་མེད་དོ་ཞེ་ན། དེ་འདྲ་བའི་གནས་སྐབས་རྒྱུའི་དུས་ན་མེད་པར་འདོད་ན་ནི། འབྲས་བུ་རྒྱུའི་དུས་ན་ཡོད་པ་ཉིད་ཉམས་པར་འགྱུར་ལ། ཡོད་ན་ཡང་སྐྱེས་ཟིན་པས་སྐྱེ་བ་
Vol. 122 · folio 227a
མི་འཐད་པའི་ཕྱིར་རྒྱུ་དང་འབྲས་བུའི་འབྲེལ་པ་འཇིག་པ་དང་། རྒྱུ་མེད་པར་སྨྲ་བ་ཉིད་དུ་འགྱུར་བའོ། །དངོས་པོ་སུ་ལ་ཡོད་ཅེས་པ་བསྐྱེད་བྱའི་དངོས་པོ་སུའི་ལུགས་ལ་ཡོད་པའམ། འབྲས་བུའི་དངོས་པོ་སུ་ལ་ཡོད་ན་ཞེས་སྦྱར་བར་བྱའོ། །དེ་ལྟ་ན་མར་མེས་མུན་
ཁུང་ན་ཡོད་པའི་བུམ་པ་སྔར་མེད་པ་སྐྱེད་པ་ནི་མ་ཡིན་གྱི། ཡོད་པའི་དོན་ཉིད་གསལ་བར་བྱས་པ་ཙམ་ལ། དེ་དག་འབྲེལ་པ་འཇོག་པ་བཞིན་དུ་ཞོ་དང་བུམ་པ་ལ་སོགས་པའི་རྫས་ཀྱི་རིགས་རྣམས། འོ་མ་དང་འཇིམ་གོང་ལ་སོགས་པ་ལ་འབྲེལ་པར་འཇོག་པ་དང་སྔར་མེད་པ་སྐྱེད་པ་ནི་མ་
ཡིན་གྱི། ཡོད་པའི་དོན་ཉིད་གསལ་བར་བྱེད་པར་འགྱུར་ཞེས་པའོ། །གཞན་ཡང་འབྲས་བུའི་དངོས་པོ་ལས་བསྐྱེད་པར་བྱ་བའི་དངོས་པོ་གཞན་དུ་ཁས་ལེན་ན། མུན་པའི་ནང་གི་བུམ་པ་སྔར་ནས་ཡོད་པ་ལ་མར་མེས་ཅི་ཡང་སྐྱེད་པ་མེད་ཅིང་། འོན་ཀྱང་དེ་ཉིད་གསལ་བའི་བློའི་ཆོས་
སུ་འགྱུར་བ་འགའ་ཞིག་བསྐྱེད་པ་ན། མི་མཁས་པས་གསལ་བ་ཉིད་བུམ་པ་དང་ཐ་དད་མེད་པར་ཞེན་པས་བུམ་པ་ཡང་མར་མེའི་བསྐྱེད་བྱ་ཉིད་དུ་འབྲེལ་པར་སྣང་བ་བཞིན་དུ་འབྲས་བུའི་དངོས་པོའི་རྫས་ཀྱི་རིགས་རྣམས་ལ་རྒྱུ་ཡིས་ཅི་ཡང་མ་བྱས་མོད་ཀྱི། བསྐྱེད་པར་བྱ་བའི་ཆོས་གཞན་ཞིག་བྱས་
པས་དེ་དང་འབྲས་བུའི་དངོས་པོ་ཐ་དད་མེད་པར་ཞེན་པས་དེ་ཡང་རྒྱུ་ལ་འབྲེལ་པར་སྣང་བར་བྱེད་པར་འགྱུར་ཞེས་པའོ། །མ་སྐྱེས་ངོ་བོ་ཉིད་མེད་ཅེས་པ་ནི་ཀུན་རྫོབ་ཙམ་དུ་ཡང་མེད་པའོ། །འཕགས་པས་ཞེས་པ་ལ་སོགས་པས་ནི་འཕགས་པས་རྟོགས་པའི་ཆོས་ཉིད་སྟོན་ཏེ། དེའི་དོན་
ནི་འཕགས་པས་རྟོགས་ཤིང་མངོན་དུ་བྱས་པའི་ཆོས་ཉིད་སྐྱེ་བ་མེད་པ་ནི་ཀུན་རྫོབ་ཀྱི་སྐྱེ་བ་བཀག་པ་ལས། གཞན་རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སོ་སོ་རང་རིག་པར་བྱའོ། །སྐྱེ་བ་མི་འབྱུང་ཞེས་པ་ནི་དེ་འདྲ་བའི་རྣམ་པར་རྟོག་པ་མི་འབྱུང་ཞིང་། མི་སྐྱེ་
བའི་ཆོས་ལ་བཟོད་པའི་ཡེ་ཤེས་ཀྱིས་སོ་སོ་རང་རིག་པར་བྱ་བའོ། །དེ་ལྟར་དོན་དམ་པར་སྐྱེ་བ་མེད་ཅིང་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་དུ་མཐོང་བ་ན། སེམས་མཉམ་པར་འཇོག་པ་སྟེ། ས་བརྒྱད་པ་ཡན་ཆོད་ཀྱི་ཡེ་ཤེས་ཆོས་ཉིད་ལས་གཞན་དུ་མི་གཡེང་པའོ། །མི་
Vol. 122 · folio 227b
ཤེས་ཞེས་པ་ལ་སོགས་པས་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བའི་དབྱེ་བ་བསྟན་པའོ། །དེ་ཡང་འཁོར་ལོ་དང་འཇིམ་པ་ལ་སོགས་པ་ལས་བུམ་པ་འབྱུང་བ་དང་། ཆུ་དང་ས་བོན་ལ་སོགས་པ་ལས་མྱུ་གུ་འབྱུང་ཞིང་། ཤིང་དང་མེ་ལ་སོགས་པ་ལས་དུ་བ་འབྱུང་བ་ལ་སོགས་པ་ནི། ཕྱི་རོལ་གྱི་
རྟེན་འབྲེལ་ཏེ། ཕྱི་རོལ་དུ་སྣང་བ་ཉིད་ལ་འཇོག་གི་ཕྱི་རོལ་དངོས་ནི་གྲུབ་པ་མེད་པའོ། །འབྲེལ་པ་ཙམ་ཞེས་པ་ལ་སོགས་པས་ནི་ཚུལ་གཞན་གྱི་སྒོ་ནས་ཕ་རོལ་པོའི་འདོད་པ་འགོག་པའོ། །འབྲེལ་པ་ཙམ་ནི་འདི་དག་ཞེས་པ་མ་བརྟགས་ན་ཉམས་དགའ་བ་སྒྱུ་མ་ལྟ་བུའི་རྟེན་འབྲེལ་མ་ཡིན་ཏེ།
རྐྱེན་ལས་སྐྱེ་བ་དོན་དམ་པའི་དངོས་པོར་འདོད་པ་སྟེ། དེ་ནི་རིགས་པ་དང་ལུང་ལ་མི་གནས་པ་སྟེ། དེ་དག་གིས་གནོད་པར་འགྱུར་བའོ། །གལ་ཏེ་ཞེས་པ་ལ་སོགས་པའི་དོན་ནི། གཞན་དག་དེ་ལྟར་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་མེད་ན། དེ་ལྟར་རྟོགས་པའི་བློ་ཡང་གང་གི་རྐྱེན་ལས་
བྱུང་སྟེ་མི་འཐད་པ་ཉིད་པས་དེ་ལྟར་རྟོགས་པར་མི་རིགས་ཞེས་རྒོལ་བའོ། །ལན་གྱི་དོན་ནི་རྟོགས་བྱའི་དོན་དམ་པར་སྐྱེ་བ་མེད་ཅིང་། ཀུན་རྫོབ་ཏུ་སྐྱེ་བར་སྣང་བ་དང་། དེ་ལྟར་འཇལ་བའི་བློ་ནི་ཕན་ཚུན་བསྐྱེད་པ་སྟེ། དེ་དག་དབྱེར་མེད་ཀྱང་རྒྱུན་རྒྱུད་ཕྱི་མ་རྣམས་ཕན་ཚུན་བསྐྱེད་པ་སྟེ། དོན་ནི་
སྔར་རྒྱས་པར་བསྟན་ནོ། །དེའི་ཕྱིར་བློ་སྐྱེ་བ་འཐད་པས་དོན་དེ་དག་ཀྱང་ཀུན་རྫོབ་ཙམ་དུ་རྐྱེན་ཡིན་ཞིང་། དོན་དམ་པར་སྐྱེ་བ་མེད་པར་ཤེས་པའོ། །དྲོད་གཤེར་ཞེས་པ་ལ་སོགས་པས་ནི་ཕྱིའི་འབྱུང་བ་ལ་སོགས་པ་བརྟགས་པ་ཉིད་དུ་སྟོན་པ་སྟེ་གོ་བར་ཟད་དོ། །ནད་པའི་ཞེས་པ་ལ་
སོགས་པས་ནི་རྟེན་འབྲེལ་དངོས་པོ་ཉིད་དུ་བསྟན་པའི་དགོངས་དོན་འཆད་པའོ། །དེའི་དོན་ནི་ཇི་ལྟར་ནད་ཀྱི་བྱེ་བྲག་མི་འདྲ་བ་རྣམས་གསོ་བར་བྱ་བའི་དོན་དུ་སྨན་པས་སྨན་གྱི་སྦྱོར་བའི་བྱེ་བྲག་ཐ་དད་པ་སྟོན་མོད་ཀྱི། དེ་ལ་གཙུག་ལག་ཐ་དད་པ་སྟེ། དོན་དུ་གཉེར་བྱའི་འབྲས་བུའི་ཐ་དད་པ་
མེད་པ་དེ་བཞིན་དུ། ངས་ཀྱང་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དང་དབང་པོ་རྣོ་རྟུལ་གྱི་བྱེ་བྲག་ཤེས་ནས་དབང་པོ་རྟུལ་པོ་རྣམས་ལ་རྟེན་འབྲེལ་ལ་སོགས་པ་དངོས་པོའི་ངོ་བོ་ཉིད་དུ་ཡོད་དོ་ཞེས་སྟོན་ཅིང་། འགའ་ཞིག་ལ་ཁྱད་པར་དུ་རྣམ་པར་རིག་པ་འགའ་ཞིག་གི་རྟེན་འབྲེལ་བཤད་མོད་
Vol. 122 · folio 228a
ཀྱི། མཐར་ཐུག་གི་རྟོགས་པར་བྱ་བའི་དོན་ནི་ཐེག་པ་ཆེན་པོ་གཅིག་ཉིད་ཡིན་ཞེས་པའོ། །ཡན་ལག་བརྒྱད་ལྡན་ཞེས་པ་ནི་ཡང་དག་པའི་ལྟ་བ་དང་རྟོག་པ་ལ་སོགས་པ་འཕགས་པའི་ལམ་ཡན་ལག་བརྒྱད་པོ་རྣམས་སོ། །ཞི་བ་ནི་ཕྱིན་ཅི་ལོག་ཉེ་བར་ཞི་བའོ། །འདི་རྣམས་
ཀྱི་དོན་ཞིབ་ཏུ་ནི་སྔར་བསྟན་ནོ། །དེ་ནས་ཡང་ཞེས་པ་ལ་སོགས་པས་ནི་སྔར་གྱི་མི་རྟག་པ་ཉིད་ཕན་ཚུན་གཞན་གྱི་སྒོ་ནས་སྟོན་པའོ། །ཡང་དག་པའམ་ལོག་པ་ཞེས་པ་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་ཚུལ་ལུགས་ཕྱིན་ཅི་མ་ལོག་པ་དང་། གཞན་གྱིས་བརྟགས་པའོ། །གཟུགས་ཉིད་མི་
རྟག་ཅེས་མེ་ལྕེ་དང་གློག་ལ་སོགས་པའི་གཟུགས་ཉིད་མི་རྟག་པ་ཡིན་གྱི། དེ་ལས་གཞན་པ་རྣམས་ནི་རྟག་པར་འདོད་པའོ་ཞེས་སྔོན་གྱི་སློབ་དཔོན་དག་གིས་བཤད་དོ། །ཡང་ཕྱི་རོལ་པ་ཁ་ཅིག་ཤེས་པ་ནི་བདག་རྟག་པ་གཉིས་སུ་མེད་པར་འདོད་ལ། དེ་ལས་གཞན་གཟུགས་ཉིད་མི་རྟག་པའོ་ཞེས་ཟེར་
རོ། །ཆོས་ཐམས་ཅད་བར་ཆད་མེད་པར་རྒྱུན་དུ་རང་གི་ངང་གིས་འཇིག་པ་འགྲོལ་བ་ཞེས་པ་ནི་སངས་རྒྱས་པ་རྣམས་ཀྱི་འདོད་པ་སྐད་ཅིག་མའི་མི་རྟག་པ་ཡིན་ལ། འགྲོལ་བ་ནི་དེ་ལས་འདས་ནས་གཞན་དུ་བུམ་པ་ལ་སོགས་པའི་དངོས་པོ་ཐམས་ཅད་ལ་སྔར་གྱི་གནས་སྐབས་མི་མཐོང་བ་དང་།
རགས་པའི་འཇིག་པ་ཉིད་འཇུག་ཅིང་འབྲེལ་པའོ། །དངོས་པོའི་དངོས་པོ་མེད་པ་ནི་གྱོ་མོ་ལ་སོགས་པའི་གནས་སྐབས་ན། བུམ་པའི་དངོས་པོ་མེད་པ་མི་རྟག་པ་ཉིད་དུ་འདོད་པའོ། །སྔ་མ་ནི་གྱོ་མོ་ལ་སོགས་པའི་དངོས་པོར་གྱུར་པ་ཉིད་མི་རྟག་པར་འདོད་པས་མི་མཚུངས་སོ། །ཡང་ཆོས་ཅན་
དངོས་པོར་གྱུར་པ་ནི་མི་རྟག་པ་མ་ཡིན་ལ། དེའི་ཆོས་ཀྱི་ཁྱད་པར་གཞན་དུ་འགྱུར་ཞིང་མེད་པ་ནི་མི་རྟག་པའོ་ཞེས་སྔ་རབས་དག་གིས་བཤད་དོ། །མི་རྟག་པ་ཡང་དེ་ཡི་ནང་དུ་འདུས། །ཞེས་པ་ནི་སྐྱེ་བ་མེད་པའི་ཆོས་ཉིད་ཀྱིས་དེ་ལ་ཁྱབ་པའོ། །འདི་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་
བཞེད་པའི་དོན་ཡིན་ལ། གཞན་དེ་ལས་བཟློག་སྟེ་སྐྱེ་བའི་དངོས་པོ་ཉིད་མི་རྟག་པ་དོན་དམ་པ་ཉིད་དུ་འདོད་པའོ། །དེ་ལ་ཞེས་པ་ལ་སོགས་པས་དེ་རྣམས་ཀྱི་དོན་རྒྱས་པར་འཆད་དེ། ངོ་བོ་ཉིད་མི་འཇུག་ཅེས་པ་ནི་དེའི་རྒྱུན་འཇུག་པ་མེད་པའོ། །རྟག་ཏུ་མི་རྟག་པ་དང་ཡོད་པ་དང་མེད་པ་ལས་
Vol. 122 · folio 228b
མི་འབྱུང་བ་དང་། ཆོས་ཐམས་ཅད་མི་མཐོང་བ་དང་ཞེས་པ་ལ་སོགས་པའི་དོན་ནི་ཀུན་རྫོབ་ཏུ་འདུ་བྱེད་སྐད་ཅིག་མ་ཉིད་མ་ཡིན་པས་རྟག་ཏུ་མི་རྟག་པ་ཡིན་ལ། དོན་དམ་པར་རྒྱུ་ཡོད་པ་དང་མེད་པ་ལས་མི་འབྱུང་བ་དང་། འབྲས་བུ་ཡང་ཡོད་པ་དང་མེད་པ་འབྱུང་བ་མི་འཐད་པ་དང་། ཆོས་ཐམས་ཅད་
རྡུལ་ཕྲ་རབ་དང་སྐད་ཅིག་མའི་བར་དུ་བརྟགས་ན་མི་མཐོང་ངོ་ཞེས་བརྗོད་པ་འདི་ནི་མི་སྐྱེ་བའི་ཚིག་བླ་དགས་ཡིན་གྱི། སྐྱེ་བ་ནི་མ་ཡིན་ནོ། །དེ་ལྟར་ན་དོན་དམ་པར་སྐྱེ་བ་མེད་ཅིང་ཀུན་རྫོབ་ཏུ་སྐད་ཅིག་མའི་རང་བཞིན་སྔ་མ་རྣམས་ལ་རག་ལས་ཏེ། ཕྱི་མ་སྐྱེ་བའི་མཚན་ཉིད་ཟུང་དུ་འཇུག་པའི་དོན་འདི་
ཉིད་མི་རྟག་པ་ཡིན་ཞེས་པའོ། །སྐྱེ་བ་མི་རྟག་པར་སྨྲ་ཞེས་པ་ལ་དོན་འདི་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་ཀྱང་། འདུ་བྱེད་ཐམས་ཅད་སྐད་ཅིག་མ། །ཞེས་པ་ལ་སོགས་པ་གསུངས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ནི་ཀུན་རྫོབ་པའི་ཚུལ་བསྟན་པ་ཡིན་གྱི། དོན་དམ་པའི་དེ་ཁོ་ན་ཉིད་དུ་
མི་བཞེད་ལ། གཞན་ནི་དོན་དམ་པའི་དངོས་པོར་འདོད་པས་མི་འཐད་པའོ། །གཞན་ཡང་ཞེས་པ་ལ་སོགས་པས་དངོས་པོ་མི་རྟག་པར་འདོད་པ་འགོག་སྟེ། དེ་ལ་དངོས་པོ་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་པ་མི་འཐད་དེ། དེ་དག་ནི་རྣམ་གཅོད་ཡོངས་གཅོད་ཀྱི་འགལ་བ་ཡིན་པས་
གཅིག་བཀག་པ་གཞན་བསྒྲུབ་པ་ལ་ལྟོས་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། དངོས་པོའི་ངོ་བོར་གྲུབ་པ་འགའ་ཞིག་རྟག་པ་དང་མི་རྟག་པ་གཉི་ག་མ་ཡིན་པར་འགལ་གྱི། འདིར་དངོས་པོའི་ངོ་བོ་བདེན་པ་གྲུབ་པ་ནི་མེད་ཀྱི། དངོས་པོར་སྣང་བ་ཙམ་ཉིད་དེ་ཁོ་ན་ཉིད་དུ་རྟག་པ་དང་མི་རྟག་པ་གཉི་ག་
མ་ཡིན་ཞིང་། དངོས་པོ་ཉིད་དུ་ཡང་གྲུབ་པ་མེད་ཅེས་པའོ། །དེས་ན་དངོས་པོ་རྟག་པ་དང་མི་རྟག་པ་མ་ཡིན་པ་བཞིན་དུ་དེ་དག་ཀྱང་དངོས་པོ་མ་ཡིན་ཞེས་པའོ། །དེ་ལ་རྟག་པ་དངོས་པོ་ཡིན་པ་ནི་དགག་པར་སླ་མོད་ཀྱི། མི་རྟག་པ་དངོས་པོ་ཡིན་པ་ཇི་ལྟར་འགོག་ཅེ་ན། མི་རྟག་པ་ནི་རེས་འགའ་
བ་ཡིན་པས། རྒྱུ་ལས་སྐྱེ་བས་ཁྱབ་ལ། དེ་ཡང་སྐྱེ་བ་རྣམ་པ་བཞི་ལ་སོགས་པས་ཁྱབ་པ་ལས། དེ་ཁོ་ན་ཉིད་དུ་དེ་འདྲ་བའི་ཁྱབ་བྱེད་མི་འཐད་པའི་ཕྱིར་མི་རྟག་པ་དངོས་པོ་ཉིད་དུ་མི་འཐད་ཅིང་། དེ་ཉིད་ཀྱི་ཕྱིར་དངོས་པོ་ཡང་མི་རྟག་པར་བདག་ཉིད་མ་ཡིན་ཏེ། ཕན་ཚུན་བདག་ཉིད་མ་ཡིན་
Vol. 122 · folio 229a
པར་མཚུངས་པའི་ཕྱིར་རོ། །གལ་ཏེ་འདིར་མི་རྟག་པ་རྩོལ་བ་ལས་བྱུང་བའི་བདག་ཉིད་མ་ཡིན་ཀྱང་། རྩོལ་བྱུང་མི་རྟག་པའི་བདག་ཉིད་ཡིན་པ་ལས། ཕན་ཚུན་བདག་ཉིད་མ་ཡིན་པར་མཚུངས་པ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། གློག་དང་ནགས་ཀྱི་མེ་ཏོག་ལ་ཡོད་པའི་མི་རྟག་
པ་རྩོལ་བྱུང་གི་བདག་ཉིད་མ་ཡིན་པ་ལྟར། རྩོལ་བྱུང་ཡང་མི་རྟག་པ་དེ་འདྲ་བའི་བདག་ཉིད་མ་ཡིན་པར་མཚུངས་པའི་ཕྱིར་རོ། །འདི་ལས་ཞེས་པ་ལ་སོགས་པས་ཀུན་རྫོབ་ཏུ་མི་རྟག་པ་ལ་སོགས་པ་འཐད་ཅིང་། དེ་ཉིད་འགའ་ཞིག་གི་རྒྱུ་ཉིད་དུ་སྟོན་པའོ། །དེའི་དོན་ཡང་ཀུན་རྫོབ་པའི་དངོས་པོ་
ཐམས་ཅད་ཀྱི་དངོས་པོ་མེད་པ་སྟེ། དོན་དམ་པའི་དངོས་པོར་མེད་ཅིང་ཀུན་རྫོབ་པའི་དངོས་པོ་ཉིད་དུ་གནས་པ་ནི་མི་རྟག་པའི་འབྲས་བུ་ཡིན་ཏེ། དེ་ལས་གཞན་དངོས་པོ་མེད་པའམ་རྟག་པ་ནི་ནུས་པ་ཐམས་ཅད་ཀྱིས་སྟོང་པའི་ཕྱིར་དེའི་རྒྱུར་མི་འཐད་པའོ། །དེ་ཉིད་དཔེའི་སྒོ་ནས་གསལ་བར་སྟོན་པ་ནི།
བཅག་པར་བྱ་བ་བུམ་པ་གྱོ་མོའི་གནས་སྐབས་སུ་སོང་བ་ནི་དབྱིག་པ་ལ་སོགས་པ་མེད་ན་མི་འབྱུང་བས་དེའི་འབྲས་བུ་ཉིད་དུ་འཇོག་པ་དང་མཚུངས་པའོ། །ཕན་ཚུན་བྱེ་བྲག་མེད་ཅེས་པ་ནི་དཔེ་དོན་ཕན་ཚུན་བྱེ་བྲག་མེད་པའོ། །དངོས་པོ་ཐམས་ཅད་ཀྱི་ཞེས་པའི་ཁྱད་པར་སྨོས་པ་ནི། དངོས་
པོ་མེད་པའི་མེད་པར་དགག་པ་ཙམ་འབྲས་བུར་མི་འཐད་པའི་ཕྱིར་རོ། །འདི་ནི་ཞེས་པ་ལ་སོགས་པས་དེ་འདྲ་བའི་རྒྱུ་འབྲས་དོན་དམ་པར་མ་གྲུབ་ཅེས་སྟོན་པའོ། །དེའི་དོན་ནི་དངོས་པོ་ཐམས་ཅད་ཀྱི་ནང་དུ་མི་རྟག་པ་ཉིད་ཀྱང་འདུས་པས། དེ་ཡང་དོན་དམ་པར་ངོ་བོ་ཉིད་མེད་པའི་ཕྱིར།
རྒྱུ་དང་འབྲས་བུ་བྱེ་བྲག་ཏུ་འཇོག་པའི་རྒྱུ་མཚན་མེད་པའི་ཕྱིར། དེ་དག་གི་བྱེ་བྲག་མེད་ཅེས་པའོ། །དེ་ལྟར་རྒྱུ་མེད་པའི་ཕྱིར་དངོས་པོ་ཐམས་ཅད་མེད་ཅེས་པ་ནི་དེ་འདྲ་བའི་ཆོས་ཉིད་ལ་འགྱུར་བ་མེད་པའོ། །དེས་ན་ཚིག་སྔ་ཕྱི་འགལ་བར་འགྱུར་བ་ཡང་མེད་ཅིང་། དོན་དམ་པའི་དངོས་
པོ་འགའ་ཞིག་མི་རྟག་པ་ཉིད་དུ་འགྱུར་བ་ཡང་མ་ཡིན་ནོ། །དེ་ལྟར་དོན་དམ་པར་རྒྱུ་མེད་ཅིང་ཀུན་རྫོབ་ཏུ་རྒྱུ་ལས་སྐྱེ་བ་ཟུང་དུ་འཇུག་པའི་དོན་ནི་བྱིས་པའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མི་ཆུད་ཅེས་སྦྱར་བར་བྱའོ། །རྒྱུ་ནི་ཞེས་པ་ལ་སོགས་པས་ཀུན་རྫོབ་ཙམ་དུ་རྒྱུ་འདྲ་བ་ལས་འབྲས་བུ་མི་
Vol. 122 · folio 229b
འདྲ་བ་འབྱུང་བ་མི་འཐད་དེ། དེ་ལྟར་འབྱུང་དུ་ཟིན་ན་ནི་དངོས་པོ་དེ་དག་ཐམས་ཅད་ཀྱི་མི་རྟག་པས་འབྲས་བུ་མི་འདྲ་བ་བསྐྱེད་པར་འགྱུར་ཏེ། འགའ་ཞིག་དངོས་པོ་མེད་པའི་ངོ་བོར་བསྐྱེད་ལ། འགའ་ཞིག་ནི་དོན་དམ་པའི་དངོས་པོ་ཉིད་དུ་བསྐྱེད་པར་འགྱུར་རོ། །དེ་ལྟ་ན་ཡང་དངོས་པོ་རྣམས་ཀྱི་
འབྲས་བུ་འདྲ་བ་དང་། མི་འདྲ་བ་ཉིད་རྒྱུ་མེད་པ་ཅན་དུ་འགྱུར་ཏེ། རྒྱུ་འདྲ་བ་དང་མི་འདྲ་བ་གཉིས་ཀས་མ་བསྐྱེད་པའི་ཕྱིར་རོ། །དེ་ལ་རེ་ཞིག་དངོས་པོ་རྣམས་ཀྱི་མི་འདྲ་བ་རྒྱུ་འདྲ་བས་བསྐྱེད་པ་མ་ཡིན་ཏེ། ནས་དང་སྲན་མ་ལ་སོགས་པའི་མྱུ་གུ་ལ། རྒྱུ་འདྲ་བ་མེད་ཀྱང་འབྲས་བུ་མི་འདྲ་
བ་ཉིད་དུ་འགྱུར་བས་ལྡོག་པ་འཁྲུལ་པའི་ཕྱིར་རོ། །དེ་བཞིན་དུ་འབྲས་བུ་མི་འདྲ་བ་དེ་ཉིད་རྒྱུ་མི་འདྲ་བས་བསྐྱེད་པ་ཡང་མ་ཡིན་ཏེ། གནས་སྐབས་འདིར་རྒྱུ་ལས་མི་འདྲ་བ་མེད་ཀྱང་འབྲས་བུ་མི་འདྲ་བ་བྱུང་བས་ལྡོག་པ་འཁྲུལ་པའི་ཕྱིར་རོ། །དེ་བཞིན་དུ་འབྲས་བུ་འདྲ་བ་ཡང་རྒྱུ་འདྲ་བ་
དང་མི་འདྲ་བས་མ་བསྐྱེད་དེ། དེ་ལ་རེ་ཞིག་རྒྱུ་འདྲ་བས་ནི་མ་བསྐྱེད་དེ། གནས་སྐབས་འདིར་རྒྱུ་ལ་འདྲ་བ་ཡོད་ཀྱང་འབྲས་བུ་འདྲ་བ་མ་བྱུང་བས་རྗེས་སུ་འགྲོ་བ་འཁྲུལ་པའི་ཕྱིར་རོ། །དེ་ཉིད་རྒྱུ་མི་འདྲ་བས་ཀྱང་བསྐྱེད་པ་མ་ཡིན་ཏེ། ཇི་ལྟར་ནས་ཀྱི་མྱུ་གུ་སྔོན་པོ་རྣམས་ལ་རྒྱུ་མི་འདྲ་བ་མེད་
ཀྱང་། འབྲས་བུ་འདྲ་བ་ཉིད་བྱུང་བས་ལྡོག་པ་འཁྲུལ་པའི་ཕྱིར་རོ། །དེ་ལྟར་དངོས་པོ་ཐམས་ཅད་རྒྱུ་མེད་པས་རྒྱུ་དང་འབྲས་བུ་བྱེ་བྲག་མེད་པར་འགྱུར་ལ། དེ་ལྟར་འདོད་པ་ཡང་མི་འཐད་དེ། ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་བྱེ་བྲག་ཀྱང་མཐོང་བའི་ཕྱིར་རོ། །དེའི་ཕྱིར་རྒྱུ་འདྲ་བ་ལས་འབྲས་བུ་མི་འདྲ་
བ་འབྱུང་བ་འགལ་བས་མི་རྟག་པའི་རྒྱུ་འདྲ་བས་སྔ་མ་ལྟར་འབྲས་བུ་མི་འདྲ་བ་བསྐྱེད་པ་མི་འཐད་ཅིང་། དེ་ལྟར་ན་ཡང་འགའ་ཞིག་དངོས་པོའི་ངོ་བོ་དོན་དམ་པ་པར་བསྐྱེད་པ་འགལ་བའོ། །འདིའི་སྤྲོས་པ་ཞིབ་ཏུ་ནི་རིགས་པའི་བསྟན་བཅོས་དག་ལས་ཤེས་པར་བྱའོ། །ཡང་ན་གཞུང་
འདི་རྣམས་ཀྱི་དོན་ནི། དངོས་པོ་ཐམས་ཅད་ཀྱི་དངོས་པོ་མེད་པར་རྟོགས་པ་ནི་མི་རྟག་པའི་འབྲས་བུ་སྟེ། དེ་ནི་དེའི་ཤེས་པར་བྱེད་པའི་རྒྱུའོ། །འདིའི་ཁྱབ་པ་ཡང་སྔ་མ་ལྟར་མི་རྟག་པ་ནི་རྒྱུ་ལ་ལྟོས་པས་ཁྱབ་ལ་དེ་ཡང་སྐྱེ་བ་རྣམ་བཞིར་འགྱུར་ལས། དེ་འདྲའི་ཁྱབ་བྱེད་མི་འཐད་པའི་ཕྱིར་
Vol. 122 · folio 230a
མི་རྟག་པ་ནི་དོན་དམ་པའི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ཁྱབ་པའོ། །མི་རྟག་པ་མེད་པར་དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་པ་མི་དམིགས་པ་ཞེས་པའི་དོན་ནི་ཐམས་ཅད་དུ་དེ་ལྟར་ངེས་པ་མ་ཡིན་ཀྱང་། གནས་སྐབས་འགའ་ཞིག་གི་ཚེ་དེ་ལྟར་འགྱུར་བ་སྟེ། ཇི་ལྟར་ལ་རྒྱབ་
ཏུ་དུ་བ་མཐོང་བ་མེད་ན། མེ་མི་རྟོགས་པ་ལྟ་བུའོ། །དབྱིག་པ་དང་ཞེས་པ་ལ་སོགས་པའི་དོན་ནི་བཤད་པ་སྔ་མའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །འདི་ནི་ཞེས་པ་ལ་སོགས་པས་ཤེས་བྱེད་ཀྱི་རྒྱུ་མི་རྟག་པ་ལ། ཤེས་བྱའི་དོན་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ཁྱབ་པས་རྒྱུ་དང་འབྲས་བུའི་བྱེ་བྲག་
མེད་པ་སྟེ། སྔ་མ་ཉིད་ཀྱི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །གལ་ཏེ་ཞེས་པ་ལ་སོགས་པས་ནི་མི་རྟག་པ་དངོས་པོ་ཉིད་ཡིན་པ་འགོག་སྟེ། དེའི་དོན་ཡང་དངོས་པོ་ནི་རྒྱུ་མེད་པར་འགལ་བས་འགའ་ཞིག་གི་ལས་སུ་བྱ་བ་འབྲས་བུ་ཉིད་དུ་འགྱུར་ཞིང་། དོན་བྱེད་ནུས་པའི་ཕྱིར། འགའ་ཞིག་གི་རྒྱུའི་
ངོ་བོར་ཡང་འགྱུར་ལ། རང་གི་མཚན་ཉིད་འཛིན་པས་དེ་འདྲ་བའི་ཆོས་གསུམ་དང་ལྡན་པའི་དངོས་པོ་ཉིད་དུ་འགྱུར་ལ། དེའི་ཕྱིར་མི་རྟག་པའི་དངོས་པོ་བདག་ཉིད་ཀྱང་མི་རྟག་པ་ཉིད་དུ་འགྱུར་རོ། །དེ་ཉིད་མི་རྟག་ན་ཡང་མི་རྟག་པའི་རང་བཞིན་ལས་ཉམས་པས་དངོས་པོ་ཐམས་ཅད་རྟག་པར་འགྱུར་ཏེ།
ཐེར་ཟུག་པའི་དངོས་པོ་ཉིད་དམ། འགྱུར་བ་བཀག་པའི་མེད་པ་ཙམ་ཉིད་དུ་འགྱུར་ཞེས་པའོ། །དེ་སྟེ་མི་རྟག་པའི་དངོས་པོ་ཉིད་དུ་རྟག་པ་མ་ཡིན་ན་ནི། དངོས་པོ་ཐམས་ཅད་མི་རྟག་པ་ཉིད་ཉམས་པར་འགྱུར་རོ། །རྟག་པ་ཉིད་དུ་འགྱུར་ཞེས་པ་ནི་རྟག་པ་ཁོ་ནར་འགྱུར་ཞེས་མནན་པའི་དོན་ཏོ། །དེ་
སྟེ་མི་རྟག་ཅེས་པ་ལ་སོགས་པ་ནི་མི་རྟག་པ་ཉིད་གཟུགས་ལ་སོགས་པ་དངོས་པོ་རེ་རེ་བའམ། དངོས་པོ་ཐམས་ཅད་ལ་རྫོགས་པ་སྟེ། དེ་དག་ཐམས་ཅད་ལ་མི་རྟག་པས་ཁྱབ་པ་ཡིན་ན། དངོས་པོ་ཐམས་ཅད་དུས་གསུམ་གྱིས་བསྡུས་པར་འགྱུར་ལ། དེ་ཡང་དོན་དམ་པར་མི་འཐད་དེ། འདས་པའི་
གཟུགས་ནི་འདས་པའི་དུས་ནི་འགགས་པ་བཞིན་དུ་དེ་དང་ལྷན་ཅིག་ཏུ་ཞིག་པའོ། །མ་འོངས་པས་བསྡུས་པ་ཡང་མ་འོངས་པ་ཉིད་ཀྱི་ཕྱིར་མ་སྐྱེས་པའོ། །ད་ལྟར་བའི་དུས་ཀྱང་དུས་ཅན་གཟུགས་དང་མཚན་ཉིད་ཐ་མི་དད་དེ། དེ་ཡང་ཐོག་མ་སྐྱེ་བའི་ཆ་དང་གནས་པ་དང་། འགག་པར་འགྱུར་
Vol. 122 · folio 230b
བའི་ཆ་གསུམ་གྱིས་བསྡུས་པར་འགྱུར་བའི་གཅིག་པ་ཉིད་དུ་མི་འཐད་ལ། དེ་དག་རེ་རེ་བ་ཡང་དེ་བཞིན་དུ་འགྱུར་ཏེ། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་དབུས་ཀྱང་བརྟག་པར་གྱིས། །ཞེས་པ་ལ་སོགས་པ་སྔར་རྡོ་རྗེ་གཟེགས་མའི་སྐབས་སུ་རྒྱས་པར་བསྟན་ནོ། །དེ་ལ་གཟུགས་
ཉིད་གང་ཞེ་ན། འབྱུང་བ་ཆེན་པོའི་གནས་ཀྱི་བྱེ་བྲག་སྟེ། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་རྣམས་གཟུགས་ཀྱི་ཕུང་པོས་རབ་ཏུ་ཕྱེ་ཞིང་དེ་ལ་བརྟེན་པའོ། །དེ་རྣམས་ཀྱི་རང་བཞིན་དེ་བཞིན་ཉིད་ནི་མི་འཇིག་གོ། །དེ་ཉིད་གསལ་བར་སྟོན་པ་ནི། མུ་སྟེགས་བྱེད་ཅེས་པ་ལ་
སོགས་པ་སྟེ། གྲུབ་མཐའ་ཕྱིན་ཅི་ལོག་པ་རྣམས་ཀྱི་གཅིག་དང་ཐ་དད་པ་སྤངས་པའི་ཕྱིར་ཞེས་པ་ནི་དོན་དམ་པ་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་མི་འཇིག་ཅེས་པའོ། །སྲིད་པ་གསུམ་པོ་ཐམས་ཅད་ཅེས་པ་ནི་དེ་རྣམས་ཀྱིས་བསྡུས་པའི་གཟུགས་ཡིན་ལ། དེ་ནི་སྐྱེ་བ་ལ་སོགས་པར་
བརྟགས་པ་ཙམ་ཡིན་གྱི་དེ་ཁོ་ན་ཉིད་དུ་གྲུབ་པ་མེད་དེ། སྔར་བསྟན་པ་ལྟར་རེ་རེ་ཡང་ཆ་སྣ་ཚོགས་སུ་འགྱུར་བས་ངོ་བོ་ཉིད་གྲུབ་པ་མེད་པའི་ཕྱིར་རོ། །ཡང་ན་འདིར་མུ་སྟེགས་བྱེད་ཅེས་པ་ནི་བྱེ་བྲག་པ་དང་གྲངས་ཅན་ལ་སོགས་པས་རྫས་གཅིག་པ་དང་ཐ་དད་པར་བརྟགས་པ་སྤངས་པའི་ཕྱིར་ཞེས་
སྦྱར་བར་བྱའོ། །འདིར་འབྱུང་བ་དང་འབྱུང་བ་ལས་གྱུར་པ་དང་ཐ་དད་པའི་མི་རྟག་པ་གཞན་གང་ཡོད་ཅེས་པ་ནི་མི་འཐད་དེ། དེ་ལས་ཐ་དད་པའི་སེམས་ཉིད་མི་རྟག་པར་གྲུབ་པའི་ཕྱིར་རོ་ཞེ་ན། སྐྱོན་མེད་དེ། དོན་དམ་པར་ཐ་དད་པའི་དངོས་པོ་དེ་འདྲ་བར་གྲུབ་པ་མེད་ཅིང་། དེ་ཉིད་ཀྱི་ཕྱིར་
མི་རྟག་པའི་ངོ་བོ་དོན་དམ་པར་ཡང་གྲུབ་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་དེ་འདྲ་བ་ཡང་གྲུབ་པ་མེད་ཅིང་འབྱུང་བ་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཀྱང་མི་འཇིག་པས་ན་འཇུག་པ་དང་ལྡོག་པ་ལ་སོགས་པ་དོན་དམ་པར་མེད་དེ། དེས་ན་མི་རྟག་པ་དངོས་པོ་ཉིད་དུ་མི་འཐད་དོ། །འབྱུང་བ་
རྣམས་འབྱུང་བ་གཞན་མི་རྩོམ་མོ་ཞེས་པ་ལ་སོགས་པའི་དོན་ནི་ལྷན་ཅིག་མི་གནས་པའི་འགལ་བར་གཏོགས་པ་མེ་དང་ཆུ་ལ་སོགས་པའི་འབྱུང་བ་རྣམས་ཕན་ཚུན་མི་མཐུན་པའི་རང་གི་མཚན་ཉིད་བསྐྱེད་པའི་ཕྱིར་ཕན་པར་འགྱུར་བའི་བྱེ་བྲག་མི་རྩོམ་སྟེ། ཕན་ཚུན་ཕན་པ་མི་བསྐྱེད་པའོ། །དེ་
Vol. 122 · folio 231a
ལྟར་ན་ཕན་པའི་འབྲས་བུ་ལོག་པ་དང་། ཡང་ཕན་ཚུན་མཐུན་པ་དང་རང་གི་རྒྱུད་དུ་གཏོགས་པའི་ཕན་པ་སྔར་བསྐྱེད་ཟིན་པ་ཡང་ཕྱིར་ཞིང་བསྐྱར་ནས་མི་རྩོམ་པས། དེ་ལྟ་བུའི་ཆོས་གཉིས་དང་ལྡན་པའི་ཕྱིར་མི་རྩོམ་པ་ལ་མི་རྟག་པའི་བློར་འགྱུར་ཞེས་པ་སྟེ། དེ་ཁོ་ན་ཉིད་དུ་ཕན་པ་
སྔར་སྐྱེས་ཟིན་པ་ལ་སོགས་པའི་མི་འཐད་པ་དང་། ཕན་ཚུན་མི་མཐུན་པར་གྱུར་པ་རྣམས་ལ་ཕན་པའི་བྱེ་བྲག་མི་འབྱེད་པ་ཡང་། གཟོད་མ་ཉིད་ནས་དེ་ལྟར་ཡིན་གྱི་གློ་བུར་དུ་བྱེད་པ་ལོག་པ་མ་ཡིན་པས་མི་རྟག་པས་མི་རྟག་པ་ཉིད་མི་འཐད་ཀྱི་རང་གི་བློའི་སྣང་བ་ཉིད་ཡིན་ཅེས་པའོ། །རབ་ཏུ་འབྱེད་ཅིང་
ཡོངས་སུ་རྟོག །ཅེས་པ་ནི་ཐོབ་པ་ལ་སོགས་པར་འཇོམས་པར་བྱེད་པ་དང་། བློ་ཡིས་སོ་སོར་རྟོག་པའོ། །འཇིག་པ་ནི་ཞེས་པ་ལ་སོགས་པས་དོན་དེ་ཉིད་གསལ་བར་སྟོན་པ་སྟེ། དེ་ལ་དབྱིབས་གཞན་དུ་མཐོང་བ་ནི་བུམ་པའི་དབྱིབས་གྱོ་མོ་ལ་སོགས་པའི་རྣམ་པ་གཞན་དུ་མཐོང་བའི་ཕྱིར། སྔར་གྱི་
རིང་པོ་དང་ཐུང་ངུ་ལ་སོགས་པ་མི་དམིགས་ཤིང་དེ་ལས་གཞན་དུ་དམིགས་པའོ། །འབྱུང་བ་རྣམས་འཇིག་པའི་ཕྱིར་རྡུལ་ཕྲ་མོ་འབྱུང་བ་རྣམས་ལ་ནི་མ་ཡིན་ནོ་ཞེས་པ་ནི་འབྱུང་བ་རགས་པ་རྣམས་ལ་འཇིག་པར་གནས་པའི་ཚུལ་གྱིས་དེ་དག་མཐུན་པར་རྡུལ་ཕྲ་མོ་རྣམས་འཇིག་པ་མ་ཡིན་ཏེ། དེས་ནི་
འཇོམས་པ་དང་བློ་ཡིས་གཞིག་པར་མི་ནུས་པའི་ཕྱིར་རོ་ཞེས་གནས་མའི་བུའི་སྡེ་པ་དང་། བྱེ་བྲག་པས་འདོད་པའོ། །འདི་ནི་མི་འཐད་དེ། རབ་ཏུ་འཇིག་པ་སྟེ་བུམ་པ་ལ་སོགས་པ་གྱོ་མོ་ལ་སོགས་པའི་གནས་སྐབས་སུ་གྱུར་པའི་སྔོན་རོལ་དེ་དག་ཏུ་མི་འཇིག་པ་དང་། མཐར་འཇིག་པ་ཡང་ཐོ་བ་ལ་སོགས་
པའི་རྒྱུ་ལ་ལྟོས་པ་ཡིན་ན། བུམ་པ་ཐོག་མར་གྲུབ་པའི་དུས་དང་། ཕྱིས་འཇིག་ཀ་མའི་གནས་སྐབས་གཉིས་ལ་མི་འདྲ་བའི་ཁྱད་པར་འགའ་ཞིག་ཡོད་ན་ནི། སྔ་མ་ལས་གཞན་དུ་འགྱུར་བས་གནས་སྐབས་དེ་ཉིད་ཀྱི་ཚེ་ཡང་མི་རྟག་པར་འགྱུར་ལ། ཁྱད་པར་མེད་ན་ཡང་སྔར་གྱི་དེ་ཉིད་ཀྱིས་ཟླ་བ་
དང་ལོ་ལ་སོགས་པའི་དུས་ཇི་སྙེད་ཅིག་ཏུ་གནས་པ་བཞིན་དུ་དེ་དང་ཁྱད་པར་མེད་པའི་ཕྱིས་ཀྱི་དངོས་པོ་ཡང་དེ་སྙེད་ཅིག་ཏུ་གནས་པར་འགྱུར་ལ། དེ་ཡང་དེ་བཞིན་དུ་འགྱུར་བས་དངོས་པོ་གཏན་མི་འཇིག་པ་ཉིད་དུ་འགྱུར་རོ་ཞེས་ཚད་མ་རྣམ་པར་གཏན་ལ་དབབ་པ་ལ་སོགས་པ་ལས་བསྟན་ནོ། །
Vol. 122 · folio 231b
གཞན་ཡང་འཇིག་པ་རྒྱུ་ལ་ལྟོས་པ་ཡིན་ན། རྒྱུ་རྣམས་དང་རང་གི་རྒྱུ་དང་རྐྱེན་ལ་ལྟོས་ནས་ཉེ་བར་འགྱུར་བའི་ཕྱིར་མ་ཚང་བ་སྲིད་པས་དངོས་པོ་འགའ་ཞིག་མི་འཇིག་པར་ཡང་འགྱུར་ལ། དེས་ན་འདུ་བྱེད་ཐམས་ཅད་དུས་ཀྱི་མཐའ་རུ་འཇིག་པར་འདོད་པ་མི་འཐད་པར་འགྱུར་རོ། །གཞན་ཡང་བུམ་པ་ལ་སོགས་
པའི་དབྱིབས་ཀྱི་གནས་སྐབས་ལྡོག་པར་འགྱུར་གྱི། དེའི་རང་བཞིན་མི་ལྡོག་པར་འདོད་ན། གྲངས་ཅན་གྱི་སྨ་བ་ལྟུང་ཞིང་། དེ་ལ་ཡང་ཉེས་པ་བརྗོད་ཟིན་ཏོ། །སུ་ལ་གཟུགས་ཉིད་མི་རྟག་པ་དེ་ལ་ཞེས་པ་ལ་སོགས་པའི་དོན་དུ་ནི་གྲུབ་མཐའ་སྨྲ་བ་སུའི་ལུགས་ལའམ། འབྱུང་བ་ལས་གྱུར་པའི་
གཟུགས་གང་སུ་ཞིག་ལ་ཁ་དོག་དང་དབྱིབས་དང་རྣམ་པར་རིག་བྱེད་ཀྱི་བདག་ཉིད་མི་རྟག་པ་དང་། དབྱིབས་མི་རྟག་པ་ཉིད་གནས་ཀྱི། འབྱུང་བ་རྣམས་ཀྱི་མཚན་ཉིད་ནི་མི་རྟག་པ་མ་ཡིན་ནོ། །དེ་སྟེ་འབྱུང་བ་རྣམས་ཀྱི་མཚན་ཉིད་མི་རྟག་པ་སྟེ། ཁ་དོག་དང་དབྱིབས་ཀྱི་རྣམ་པ་སྔ་མ་ལས་གཞན་
དུ་མི་འགྱུར་ཀྱང་མཚན་ཉིད་གཞན་དུ་འགྱུར་བ་ཡིན་ན་ནི། རབ་ཏུ་གྲགས་པའི་འཇིག་རྟེན་ན་གཞལ་བྱ་དང་། ཚད་མ་དང་། ཚད་མའི་འབྲས་བུའི་ཐ་སྙད་རྣམ་པར་གཞག་པ་ངེས་པ་ཉིད་མི་འཐད་དེ། དེའི་དོན་ཡང་གཞལ་བར་བྱ་བའི་རང་བཞིན་འདི་ནི་ས་ཡིན་གྱི་ཆུ་ལ་སོགས་པ་མ་ཡིན་ཞེས་ཐ་དད་
རྣམ་པར་གཞག་པ་དང་། ཤེས་རབ་འདི་ནི་ས་ཉིད་འཇལ་བར་བྱེད་པའི་ཚད་མ་ཡིན་ནོ་ཞེས་ཐ་དད་པའི་ཐ་སྙད་རྣམ་པར་གཞག་པ་མི་འཐད་དེ། ས་ལ་སོགས་པ་རང་གི་མཚན་ཉིད་ལ་བརྟེན་ཅིང་གནས་པ་མེད་དེ། དེ་ལས་གཞན་གྱི་ངོ་བོར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་དག་གི་འབྲས་
བུ་དོན་དུ་གཉེར་བ་རྣམས་དེ་ལྟར་འཇལ་བར་བྱེད་པའི་ཚད་མ་འགའ་ཞིག་ལ་བརྟེན་ནས་ཞུགས་པ་ན། དེ་འདྲ་བའི་དོན་ཐོབ་པ་མི་འཐད་དེ། དེའི་རང་བཞིན་གཞན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ཡང་ས་དང་ཆུ་ལ་སོགས་པའི་འབྱུང་བའི་དངོས་པོར་གཞག་པ་ཐམས་ཅད་དོན་གྱིས་སྟོང་པའི་
ཚིག་ཙམ་ཉིད་དུ་འགྱུར་རོ། །དེ་ལྟར་འདོད་པ་ཡང་མི་འཐད་དེ། དེ་ལྟར་ན་རང་གི་མཚན་ཉིད་འགགས་ནས་ཡང་སྐྱེ་བར་མཐོང་ལ། དེ་ཡང་རྒྱུ་ངེས་པ་མེད་པ་ལས་གློ་བུར་དུ་འབྱུང་བར་འདོད་པས་རྒྱང་པན་པའི་ལྟ་བར་ལྟུང་བར་འགྱུར་ཞེས་པའོ། །དེ་ལྟར་ན་འབྱུང་བའི་རང་བཞིན་གཞན་དུ་
Vol. 122 · folio 232a
འགྱུར་བ་མི་འཐད་མོད་ཀྱི། དེ་ཁོ་ན་ཉིད་དུ་རྟག་པའི་དངོས་པོར་ཡོད་པ་མ་ཡིན་ཏེ། སྔར་བསྟན་པའི་ཚད་མས་གནོད་པའི་ཕྱིར་རོ། །ཀུན་རྫོབ་ཏུ་ནི་དབྱིབས་ལ་སོགས་པ་མི་རྟག་པ་ཉིད་ཀྱིས་དེ་དང་འབྲེལ་པར་འབྱུང་བའི་རང་བཞིན་ཀྱང་མི་རྟག་པར་འགྱུར་བའོ། །གཟུགས་
གཞན་དུ་འགྱུར་བ་མཐོང་ཞེས་པ་ནི་ཇི་ལྟར་རྫས་སྐྱ་བོའི་བུམ་པ་མེ་ཡིས་བསྲེགས་པ་ན། དམར་པོའི་ཁ་དོག་ཏུ་འགྱུར་བར་མཐོང་བ་སྟེ། དབྱིབས་ལ་སོགས་པ་དང་དེའི་རྟེན་འབྱུང་བ་རྣམ་པ་རྣམས་ནི་འགྱུར་བ་མ་ཡིན་ནོ། །གསེར་གྱི་ཞེས་པ་ལ་སོགས་པ་ནི་ཁ་དོག་ལ་སོགས་པ་མི་འགྱུར་ཀྱང་དབྱིབས་
འགྱུར་བ་ཉིད་འདིའི་དཔེར་བྱེད་པའོ། །དེ་ཉིད་ཀྱིས་ན་སྔ་མ་དང་མི་ཟློས་པ་ཉིད་དོ། །འདི་རྣམས་སུན་འབྱིན་པ་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་འདྲ་བའི་རྣམ་པར་འགྱུར་བར་ལྟ་བའི་ཕྱོགས་སུ་ལྷུང་བའི་དེ་ལ་སོགས་པ་སྟེ། ཕྱི་རོལ་པ་གང་དག་སྒྲ་དང་རླུང་ལ་སོགས་པ་ནི་མི་རྟག་པའོ། །
རྡོ་རྗེ་དང་རི་བོ་ལ་སོགས་པ་ནི་རྟག་པའོ་ཞེས་ཡང་དག་པའི་དོན་ལས་གཞན་དང་གཞན་དུ་དེ་འདྲ་བ་ལ་སོགས་པའི་རྣམ་པ་དུ་མས་རྟོག་པར་བྱེད་པའོ། །འབྱུང་བ་རྣམས་ནི་རང་གི་མཚན་ཉིད་ལ་བརྟེན་ཅིང་གནས་པའི་ཕྱིར་མེས་བསྲེགས་ཀྱང་མི་ཚིག་པ་སྟེ། དེའི་དོན་ནི་བུད་ཤིང་ལ་མེས་བསྲེགས་པ་
ན། ཁ་དོག་དང་དབྱིབས་ལ་སོགས་པ་གཞན་དུ་འགྱུར་བས་འཚིག་པར་ཐ་སྙད་བྱེད་ཀྱང་སའི་མཚན་ཉིད་སྲ་བ་ཉིད་མི་འདོར་བ་ལ་བསམས་ཏེ་བསྟན་པ་ཡིན་ནོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་དག་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་ཀྱི་ཕྱིར་གཟོད་མ་ནས་མི་དམིགས་ཤིང་ཆད་པར་
འགྱུར་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་ང་ནི་ཕྱི་རོལ་གྱི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་རྟག་པ་དང་མི་རྟག་པའི་མཐའ་གཉིས་དང་བྲལ་བ་སྟེ། ཕྱི་རོལ་གྱི་དངོས་པོ་ཁས་མི་ལེན་པ་དང་། དེ་ལྟར་སྣང་བ་སེམས་ཙམ་དུ་སྟོན་ཅིང་། སྲེག་པ་ལ་སོགས་པའི་མཚན་ཉིད་སྣ་ཚོགས་ཁས་མི་ལེན་
པའི་ཕྱིར་རོ། །ཚིག་གི་དོན་གཞན་ནི་ཕལ་ཆེར་ཤེས་པར་ཟད་དོ། །ཡོངས་སུ་ཤེས་པ་དང་ཞེས་པ་ནི་རྟོག་པའི་ཡུལ་དང་རང་གི་ངོ་བོ་ཉིད་སྟོང་པ་ཉིད་དུ་རྟོགས་པའོ། །དེ་ལྟ་ན་བྱིས་པའི་སྐྱེ་བོའི་རྣམ་པར་རྟོག་པ་ཇི་ལྟར་བྱུང་ཞེ་ན། རྣམ་པར་རྟོག་པ་ནི་རྟོག་པ་སྔ་མ་རྣམས་ཀྱི་མངོན་པར་འདུ་བྱེད་པ་སྟེ། རྩོལ་
Vol. 122 · folio 232b
བ་ལས་བྱུང་བའོ། །གཏམ་གྱི་སྐྱེས་བུ་སྔོན་མ་གྲུབ། །ཅེས་པ་ལ་སོགས་པའི་དོན་ནི་འཇིག་རྟེན་པ་སོ་སོའི་སྐྱེ་བོ་དང་། འཇིག་རྟེན་ལས་འདས་པ་འཕགས་པའི་སྐྱེས་བུ་དང་། འཇིག་རྟེན་ལས་འདས་པའི་མཆོག་ཏུ་གྱུར་པ་དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོ་ཞེས་རྣམ་པར་གཞག་པ་ནི་བརྗོད་པའི་
གཏམ་ཙམ་ཡིན་གྱི་དེ་ཁོ་ན་ཉིད་དུ་དེ་འདྲ་བའི་དོན་གྲུབ་པ་མེད་ཅེས་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དོན་དེ་ཉིད་རྒྱས་པར་སྟོན་པའོ། །མཚན་ཉིད་རྣམ་པ་གསུམ་ནི་འཇིག་རྟེན་པ་ལ་སོགས་པ་གསུམ་གྱིས་བསྡུས་པའི་ཆོས་སོ། །དེ་ལ་ཞེས་པ་ལ་སོགས་པས་དེ་རྣམས་ཀྱི་དོན་བསྡུས་ཏེ་
བསྟན་པའོ། །འབྱུང་བ་འབྱུང་བའི་དངོས་རྟག་ན། །ཅི་ལ་མི་རྟག་ཉིད་དུ་རྟོག །ཅེས་པ་ནི་ཕྱི་རོལ་པས་འདོད་པ་ལྟར་དེ་ཁོ་ན་ཉིད་དུ་འབྱུང་བའི་དངོས་པོ་རྟག་ན། དེ་ལས་གཞན་མི་རྟག་པ་ཉིད་དུ་རྟག་པར་བྱ་བའི་དོན་མི་འཐད་དེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ཚིག་གི་དོན་གཞན་ཤེས་པར་ཟད་
དོ། །འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཅེས་བྱ་བ་ལས་མི་རྟག་པའི་ལེའུ་སྟེ་གསུམ་པའི་བཤད་པ་རྫོགས་སོ།། །།བཞི་པ་མངོན་པར་རྟོགས་པའི་ལེའུ་ས་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྦྱོང་བར་བྱེད་པའི་ལམ་གྱི་རིམ་པ་
དང་། སྦྱངས་པས་རྣམ་པར་དག་པ་ཐོབ་པ་ཉིད་ཚུལ་གཞན་གྱི་སྒོ་ནས་ཅུང་ཟད་བསྡུས་ནས་སྟོན་ཏེ། དེས་ཀྱང་སྔར་དྲི་བའི་སྐབས་སུ་འགོག་པ་དེ་ཡང་ཇི་ལྟ་བུ་ཞེས་པ་ལ་སོགས་པའི་ལན་དུ་སྦྱར་བར་བྱའོ། །དེ་ལས་དང་པོ་ཞུ་བའི་ཚིག་ནི་དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། འགོག་
པའི་གོ་རིམས་ཀྱི་མཚམས་སྦྱོར་བའི་མཚན་ཉིད་ནི་སྤྱིར་ཉན་ཐོས་ལ་སོགས་པའི་སའི་རིམ་པ་གང་དང་གང་ལ། སྤང་བྱ་གང་དང་གང་འགོག་པའི་གོ་རིམས་དང་། དེ་རྣམས་སྤངས་པའི་སའི་མཚམས་སྦྱོར་བའི་མཚན་ཉིད་དང་། ཁྱད་པར་དུ་ས་གང་ནས་བཟུང་སྟེ་འགོག་པ་ལ་
སྙོམས་པར་འཇུག་པ་དང་། དེའི་རྗེས་སུ་སྙོམས་པར་འཇུག་པ་ལ་མཁས་པར་འགྱུར་བའི་གོ་རིམས་དང་མཚམས་སྦྱོར་བའི་མཚན་ཉིད་དོ། །རྨོངས་པར་མི་ལྟུང་བར་འགྱུར་ཞེས་པ་ནི་རྟག་ཏུ་རྨོངས་པར་མི་འགྱུར་བའོ། །འདིར་ལན་གྱི་སྐབས་སུ་འགོག་པའི་སྙོམས་པར་འཇུག་པ་ནི་རྣམ་
Vol. 122 · folio 233a
པ་གཉིས་ཏེ། ཉན་ཐོས་ཀྱི་དབང་དུ་བྱས་པ་དང་། བྱང་ཆུབ་སེམས་དཔའི་དབང་དུ་བྱས་པའོ། །དེའི་དང་པོ་ལ་བདུན་ཏེ། རྟེན་གྱི་གང་ཟག་དང་། ཁམས་གང་དུ་སྙོམས་པར་འཇུག་པ་དང་། ས་གང་ལ་བརྟེན་པ་དང་། ཡིད་ལ་བྱེད་པ་གང་གིས་སྙོམས་པར་འཇུག་པ་
དང་། །དགག་བྱ་གང་འགོག་པ་དང་། འགོག་པའི་རང་གི་ངོ་བོ་དང་། དུས་ཇི་སྲིད་དུ་འཇུག་པའོ། །དེ་ལ་རྟེན་གྱི་གང་ཟག་ནི་འཇིག་རྟེན་པ་དང་། འཕགས་པ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་རྣམས་ཀྱིས་ནི་འགོག་པ་ལ་སྙོམས་པར་འཇུག་པར་མི་ནུས་ཏེ། དེ་ལ་བདག་མེད་
པར་རྟོགས་པའི་འཇིག་རྟེན་ལས་འདས་པའི་ཤེས་རབ་དགོས་པར་གསུངས་པ་ལ། འཇིག་རྟེན་པ་སྲིད་པའི་རྩེ་མོའི་བར་དུ་ཐོགས་པ་རྣམས་ལ་ཡང་དེ་འདྲ་བའི་ཤེས་རབ་མེད་པའི་ཕྱིར་དང་། གཞན་ཡང་ཞི་གནས་མཐར་ཐུག་པ་སྲིད་པའི་རྩེ་མོའི་སེམས་ཐོབ་དགོས་པ་ལས། འཕགས་པའི་གང་
ཟག་གཉིས་པོ་དེ་ལ་དེ་འདྲ་བ་མི་འཐད་དེ། སྲིད་པའི་རྩེ་མོའི་སེམས་ཐོབ་ན། ཁམས་འོག་མ་གཉིས་ཀྱི་ཉོན་མོངས་པ་སྤངས་པས་དེ་དག་ཏུ་སྐྱེ་བ་མི་འཐད་པའི་ཕྱིར་རོ། །ལན་ཅིག་ཕྱིར་མི་འོང་བ་ཁྱད་པར་ཅན་མ་ཡིན་པ་རྣམས་ཀྱང་འདོད་ཆགས་དང་བྲལ་བ་ཙམ་ཡིན་ཀྱང་། བསམ་གཏན་
བཞི་པའི་དངོས་གཞི་མ་ཐོབ་ཅིང་། སྲེད་པའི་རྩེ་མོའི་སེམས་མ་ཐོབ་པས་སྙོམས་པར་འཇུག་མི་ནུས་ལ། དེ་དག་ཐོབ་པའི་ཕྱིར་མི་འོང་བ་ཁྱད་པར་ཅན་ནི་དེ་ལ་སྙོམས་པར་འཇུག་ནུས་པས་འདིའི་རྟེན་གྱི་གང་ཟག་ཏུ་འཐད་དོ། །འཕགས་པ་དགྲ་བཅོམ་པ་རྒྱན་མེད་སྙོམས་པར་འཇུག་པ་ལ་མ་
སྦྱངས་པ་རྣམས་ཀྱང་། བསམ་གཏན་གྱི་དངོས་གཞི་མ་ཐོབ་པས་སྙོམས་པར་འཇུག་པའི་སྒྲིབ་པ་དང་ལྡན་པའི་ཕྱིར་འགོག་པ་ལ་སྙོམས་པར་འཇུག་མི་ནུས་སོ། །དེས་ན་དགྲ་བཅོམ་པ་རྒྱན་ཅན་སྲིད་པའི་རྩེ་མོའི་བར་གྱི་སེམས་ཐོབ་པ་རྣམས་ནི་འདིའི་རྟེན་ཉིད་དུ་འཐད་དོ། །ཁམས་གང་
དུ་སྙོམས་པར་འཇུག་པ་ནི་གང་ཟག་དེ་གཉིས་ཀ་ཡང་འདོད་པའི་ཁམས་གླིང་གསུམ་གྱི་མིའི་ནང་དུ་དང་པོ་ཐོབ་པ་ཐོབ་པར་བྱེད་ཅིང་། ཐོབ་ནས་ཞི་བ་དང་བདེ་བར་གནས་ཤིང་སྙོམས་པར་འཇུག་པ་ནི་ཁམས་གཞན་དུ་ཡང་ངོ་། །འདོད་པའི་ཁམས་སུ་ཐོབ་པར་བྱེད་པའི་རྒྱུ་མཚན་ཡང་
Vol. 122 · folio 233b
ཁམས་དེ་ནི་འདུ་ཤེས་དང་ཚོར་བ་རགས་པས་སྡུག་བསྔལ་དང་སྐྱོ་བ་ཤས་ཆེ་ཞིང་། དེ་ཉིད་ཀྱིས་མྱུར་དུ་འདི་རྣམས་ཞི་བའི་འགོག་པ་ལ་སྙོམས་པར་འཇུག་པར་བྱ་སྙམ་པས་ད་ལྟར་ཐོབ་པར་བྱེད་པའོ། །ས་ནི་སྲིད་པའི་རྩེ་མོ་ལ་བརྟེན་པ་སྟེ། དེ་ཉིད་འདུ་ཤེས་དང་ཚོར་བ་ཆ་ཕྲ་བས་དགག་པར་སླ་བའི་ཕྱིར་རོ། །དེ་
ལྟར་ན་སྔར་འདོད་པའི་ཁམས་པ་ནི་དེ་དག་རགས་པའི་རྒྱུ་མཚན་གྱིས་སྐྱོ་བ་ཤས་ཆེ་བས་སྙོམས་པར་འཇུག་པ་ཉིད་དུ་བསྟན་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། རྟེན་དེ་ལ་སྔར་སྲིད་པའི་རྩེ་མོའི་སེམས་མ་ཐོབ་པའི་དུས་ན། དེ་དག་རགས་པས་སྐྱོ་བར་འགྱུར་ཞིང་། མྱུར་དུ་དེ་རྣམས་ཞི་བའི་འགོག་
པ་ཐོབ་པར་བྱ་སྙམ་པ་སྟེ། དེ་ཐོབ་བྱེད་ཀྱི་ཡན་ལག་ཙམ་ཡིན་ལ་དེའི་རྗེས་སུ་འབད་པ་དང་རྩོལ་བས་སྲིད་པའི་རྩེ་མོའི་སེམས་མངོན་དུ་བྱས་ནས་དེ་ལ་བརྟེན་ཏེ། འགོག་པ་ལ་སྙོམས་པར་འཇུག་པའོ། །དེས་ན་དུས་སྔ་ཕྱི་ལ་ལྟོས་ཏེ་ཕྲ་བ་དང་རགས་པ་མི་འགལ་བའོ། །འདིར་ཡིད་ལ་བྱེད་པ་ནི་
མཐོང་བའི་ཆོས་ལ་ཞི་བ་དང་བདེ་བར་གནས་པར་བྱའོ་སྙམ་པའི་སྒོ་ནས་སྙོམས་པར་འཇུག་གི །འདུ་ཤེས་མེད་པའི་སྙོམས་འཇུག་ལྟར་འཁོར་བ་ལས་ངེས་པར་འབྱུང་བའི་སེམས་ཀྱིས་ནི་མ་ཡིན་ཏེ། འདི་ནི་འཕགས་པའི་འཁོར་བ་ལས་ངེས་པར་འབྱུང་ཟིན་པའི་ཕྱིར་རོ། །དགག་པར་བྱ་བ་ནི་དགྲ་
བཅོམ་པ་རྣམས་ཀྱི་དབང་དུ་བྱས་ན་འདོད་པའི་ཁམས་སུ་སྙོམས་པར་འཇུག་པ་ན། ཚོགས་དྲུག་སེམས་ལ་འབྱུང་བའང་བཅས་པ་འགོག་ལ། གཟུགས་ཀྱི་ཁམས་སུ་ནི་སྣ་དང་ལྕེའི་རྣམ་པར་ཤེས་པ་སྔར་ནས་འགགས་ཟིན་པས། དེ་དག་ལས་མ་གཏོགས་པ་བཞི་འགོག་ལ། གཟུགས་མེད་
པར་ནི་ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་འགོག་པའོ། །ཉོན་མོངས་པ་ཅན་གྱི་ཡིད་ནི། དགྲ་བཅོམ་ཉིད་ནི་དེ་ལྡོག་གོ། །ཞེས་གསུངས་པས་སྔར་ཉིད་དུ་འགགས་པའི་ཕྱིར་དུས་དེར་འགོག་པ་མ་ཡིན་ནོ། །ཕྱིར་མི་འོང་བའི་དབང་དུ་བྱས་ན། འདོད་པའི་ཁམས་སུ་ནི་ཚོགས་བདུན་སེམས་ལས་བྱུང་
བ་དང་བཅས་པ་འགོག་ལ་ཁམས་གོང་མ་གཉིས་སུ་ཡང་སྔ་མའི་རྗེས་སུ་འབྲངས་ཏེ་ཤེས་པར་བྱའོ། །ཡང་ན་ཉན་ཐོས་རྣམ་པར་ཤེས་པའི་ཚོགས་བརྒྱད་ཁས་མི་ལེན་པ་རྣམས་ཀྱི་དབང་དུ་བྱས་ནས། གོ་རིམས་བཞིན་དུ་འདོད་པ་ལ་སོགས་པའི་ཁམས་གསུམ་དང་དྲུག་དང་བཞི་དང་གཅིག་
Vol. 122 · folio 234a
འགོག་པར་འདོད་དེ། དེ་དག་གི་གྲུབ་མཐའ་ཕྱིན་ཅི་ལོག་ཡིན་གྱི། ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་ཡིད་ནི་ཚད་མ་དང་ལུང་གིས་གྲུབ་པའོ། །རང་གི་ངོ་བོ་ནི་ཚོགས་བདུན་དང་དྲུག་ལ་སོགས་པ་དང་བྲལ་བའི་དབང་པོ་དང་བཅས་པའི་ལུས་ཀྱི་གནས་སྐབས་ལ་འདོད་དོ། །དུས་
ནི་བསྐལ་པ་གཅིག་གམ་གཉིས་ལ་སོགས་པ་དུས་རིང་དུ་སྙོམས་པར་འཇུག་པའོ། །འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་བྱས་ནས། ས་དྲུག་པ་ཡན་ཆད་ཀྱི་བྱང་ཆུབ་སེམས་དཔའ་ནི་རྟེན་ཐུན་མོང་བ་ཡིན་ལ། ཁྱད་པར་དུ་སེམས་ཀྱི་སྐད་ཅིག་རེ་རེ་ལ་སྙོམས་པར་འཇུག་པ་ནི་ས་བདུན་པ་ཡན་ཆོད་
དོ། །ཁམས་ནི་འདོད་པ་དང་གཟུགས་ཀྱི་ཁམས་སུ་སྙོམས་པར་འཇུག་གི། གཟུགས་མེད་པར་ནི་མ་ཡིན་ཏེ། བྱང་ཆུབ་ཡོན་ཏན་ཕ་རོལ་ཕྱིན་ཉམས་འགྱུར་འོང་ཞེས། །གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་གཉེར་མི་བྱེད། །ཅེས་གསུངས་པའི་ཕྱིར་རོ། །ས་ནི་ཐམས་ཅད་ལ་བརྟེན་པ་སྟེ། ཇི་སྐད་དུ།
འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་གཞག་མིན་པས་མཚམས་བཟུང་སྟེ། །ཞེས་པ་ལ་སོགས་པ་གསུངས་ཏེ། དེའི་དོན་ནི་མདོ་ལས། མཉམ་པར་མ་བཞག་པའི་སེམས་མངོན་དུ་བྱེད་དོ། །མཉམ་པར་མ་བཞག་པ་ལས་འགོག་པ་ལ་སྙོམས་པར་འཇུག་གོ་ཞེས་པ་ལ་སོགས་པ་
གསུངས་པའོ། །ཡིད་ལ་བྱེད་པ་ནི་དེ་འདྲ་བའི་སྙོམས་འཇུག་སྦྱང་ཞིང་ཤེས་པར་བྱ་སྙམ་པའི་སྒོ་ནས་ཏེ། ཇི་སྐད་དུ་འཕགས་པ་དཀོན་མཆོག་སྤྲིན་ལས། དེའི་གོང་ན་གང་སེམས་ཀྱི་མཚན་མ་མེད་པ། རྒྱུ་བ་ཐམས་ཅད་འགག་པ། སྒྲིབ་པ་ཐམས་ཅད་དང་བྲལ་བ་འདི་ནི་འགོག་པའོ་ཞེས་བྱ་བ་སྟེ། དེ་
ནི་ཤེས་པར་བྱའོ་སྙམ་ནས་བྱང་ཆུབ་སེམས་དཔའ་སྙོམས་པར་འཇུག་གི་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དགག་པར་བྱ་བ་ཡང་མདོ་འདི་ཉིད་ལས་གསུངས་པའི་དོན་ནམ། གཞན་ཡང་འཕགས་པ་ཉི་མའི་སྙིང་པོ་དང་། སའི་སྙིང་པོ་ལས། བྱིས་པ་སོ་སོའི་སྐྱེ་བོ་དང་། ཉན་ཐོས་
དང་རང་སངས་རྒྱས་ཀྱི་ཚོར་བ་གསུམ་དང་། འདུ་ཤེས་གསུམ་ལ་སོགས་པ་ཐམས་ཅད་འགོག་པར་གསུངས་སོ། །རང་གི་ངོ་བོ་ནི་དགག་བྱ་དེ་རྣམས་དང་བྲལ་བའི་ཀུན་གཞི་རྣམ་པར་ཤེས་པ་རིག་པ་སྟོང་པ་ཟུང་དུ་འཇུག་པའི་བདག་ཉིད་དོ། །དུས་ནི་ཉི་མ་གཅིག་ནས་བདུན་གྱི་བར་ཡིན་ནོ་ཞེས་
Vol. 122 · folio 234b
ཀྱང་བླ་མ་དག་འཆད་དོ། །གཞན་ཡང་འཕགས་པ་སའི་སྙིང་པོ་ལས། བྱང་ཆུབ་སེམས་དཔའ་དེའི་ཚེ་ཡང་འདི་སྙམ་དུ་ཆོས་ཐམས་ཅད་དང་། གཟུགས་ཐམས་ཅད་ཀྱང་སྒྱུ་མ་དང་འདྲ་སྟེ། ཡང་དག་པ་མ་ཡིན་པས་བདག་གིས་ཚོར་བ་རྣམ་པ་གསུམ་དང་། འདུ་ཤེས་གསུམ་ལ་སོགས་པ་ཐམས་
ཅད་ལྷག་མ་མ་ལུས་པར་ཐམས་ཅད་གཅོད་དོ་སྙམ་ནས། འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེ་ལ་གནས་ནས་བློ་སྔོན་དུ་བཏང་བ་བཞིན་དུ། ཐམས་ཅད་ཡོངས་སུ་གཅད་དེ། ཏིང་ངེ་འཛིན་གྱི་རོའི་ཟས་ཀྱིས་འཚོའོ། །གལ་ཏེ་ན་ཞག་བདུན་ནམ། ཞག་བདུན་
གཉིས་སམ། བདུན་གསུམ་མམ། བཞིའམ། ལྔའམ། དྲུག་གམ། བདུན་ནམ། བརྒྱད་དམ། གལ་ཏེ་བསྐལ་པ་ཚད་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་ཅི་ནུས་སུ་གནས་ཏེ། ཏིང་ངེ་འཛིན་གྱི་ཟས་ཟའོ། །ཏིང་ངེ་འཛིན་དེ་ལས་ལངས་ནས་སེམས་རབ་ཏུ་ཞི་བས་ཅི་ལ་ཡང་མ་ཆགས་ཏེ།
བདེ་བར་གནས་སོ་ཞེས་གསུངས་སོ། །མདོ་གཞན་དག་ལས་ཀྱང་། བྱང་ཆུབ་སེམས་དཔའ་ཆེན་པོ་སྐྱེ་བ་གཅིག་གིས་ཐོག་པ་ནི་བར་གྱི་བསྐལ་པ་བཅུ་རུ་ཡང་འགོག་པ་ལ་སྙོམས་པར་འཇུག་གོ་ཞེས་གསུངས་སོ། །གལ་ཏེ་དེ་ལྟ་ན་ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པ་ལས། བཅོམ་ལྡན་འདས་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་གྱི་དབང་གང་ཡང་དག་པར་མཐོང་བས་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་འཇོག་པར་མི་བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ཀྱི་
སའམ་རང་སངས་རྒྱས་ཀྱི་སར་ལྟུང་དུ་དོགས་པའི་ཕྱིར། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པའི་བདེ་བ་ལ་མཉམ་པར་མི་འཇོག་སྟེ། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞག་ན་ནི། དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱེད་པར་
འགྱུར་བར་ཤེས་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ་དོན་གྱི་དབང་འདི་ཡང་དག་པར་མཐོང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ལ་མཉམ་པར་མི་འཇོག་གོ་ཞེས་གསུངས་པ་དང་། མདོ་སྡེ་འདི་ཉིད་ལས་དུས་ཅུང་ཟད་ཙམ་
Vol. 122 · folio 235a
སྙོམས་པར་འཇུག་པ་ཉིད་དུ་གསུངས་པས་འདི་རྣམས་ཕན་ཚུན་འགལ་བ་ཉིད་དུ་ཅིས་མི་འགྱུར་ཞེ་ན། སྐྱོན་མེད་དེ། དེ་ལྟར་བསྟན་པའི་དོན་ནི་བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་སྔོན་དུ་མ་སོང་བ་རྣམས་ཏེ། མྱུར་དུ་སེམས་ཅན་སྨིན་པར་
བྱེད་པ་ལ་སོགས་པའི་ཚོགས་རྫོགས་པར་བྱ་སྟེ། སངས་རྒྱས་པར་འདོད་པས་འགོག་པའི་བདེ་བ་ལ་ཡུན་རིང་དུ་སྙོམས་པར་ཞུགས་ན། སེམས་ཅན་སྨིན་པར་བྱེད་པའི་སྤྱོད་པ་ལས་ཉམས་པས། རེ་ཞིག་ཉན་ཐོས་ལ་སོགས་པའི་བྱང་ཆུབ་དང་འདྲ་བར་འགྱུར་བས་དེ་ཡུན་རིང་དུ་སྙོམས་པར་འཇུག་
པར་མི་བྱེད་པ་ལ་དགོངས་ཏེ་བསྟན་པ་ཡིན་ལ། དེ་ལས་གཞན་དུ་གསུངས་པ་ནི་ཉན་ཐོས་ལ་སོགས་པའི་བྱང་ཆུབ་དམན་པ་སྔོན་དུ་སོང་ནས། དེ་ལས་ལངས་ཏེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་སོགས་པའི་གནས་སྐབས་སུ་
ཡང་སྔོན་གོམས་པའི་རྗེས་སུ་འཇུག་པས་དུས་ཡུན་རིང་དུ་འགོག་པའི་བདེ་བ་ལ་སྙོམས་པར་འཇུག་པ་སྟེ། ཇི་ལྟར་གྲོག་ཤུན་ལ་སོགས་པའི་དངོས་པོ་ཡུན་རིང་དུ་བལྟ་བ་ནས་སྐྱེས་བུའི་རྩོལ་བས་འཐེན་ཏེ་བརྐྱང་བ་ལས། སླར་བཏང་བ་ན་སྔ་མའི་རྗེས་སུ་འཇུག་པ་བཞིན་ནོ། །དེ་ལྟ་ན་ཡང་དེ་
རྣམས་གནས་སྐབས་དེར་ཡང་སྤྲུལ་པས་སེམས་ཅན་གྱི་དོན་ཅུང་ཟད་བྱེད་ཅིང་། ཕྱིས་དེ་ལས་ལངས་ཏེ་ཚོགས་རྫོགས་པར་བྱས་ནས་དུས་རིང་མོ་ན་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའོ། །འཕགས་པ་རང་སངས་རྒྱས་རྣམས་ཀྱང་མི་སློབ་པའི་ས་མཐར་ཐུག་པ་ཐོབ་པ་ན། མྱུར་
དུ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་མངོན་དུ་བྱ་སྙམ་པའི་སྒོ་ནས་འགོག་པ་ལ་སྙོམས་པར་མི་འཇུག་ཀྱང་། སློབ་པའི་གནས་སྐབས་སྲིད་པའི་རྩེ་མོའི་སེམས་ཐོབ་པ་རྣམས་ནི་གནས་པའི་འདུ་ཤེས་ཀྱིས་དེ་ལ་སྙོམས་པར་འཇུག་པའོ། །བདུན་ལ་ནི་ཞེས་པ་ལ་སོགས་པས་བྱང་ཆུབ་
སེམས་དཔའ་དང་། ཉན་ཐོས་ལ་སོགས་པའི་ཁྱད་པར་སྟོན་ཏེ། དེ་ལ་སེམས་ཀྱི་སྐད་ཅིག་ནི་བྱ་བ་རྫོགས་པའི་སྐད་ཅིག་སྟེ། དུས་ཅུང་ཟད་ཙམ་མཚོན་པར་བྱེད་པའི་ཚིག་གོ། །དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་གསལ་ཞེས་པ་ནི་དེ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དུ་རྟོགས་
Vol. 122 · folio 235b
པས་དེ་འདྲ་བའི་མཚན་མ་དང་། སྤྲོས་པ་བཀག་པའོ། །ཉན་ཐོས་དང་སངས་རྒྱས་རྣམས་ནི་མངོན་པར་འདུ་བྱེད་པ་ཅན་གཟུང་བ་དང་འཛིན་པའི་མཚན་ཉིད་དུ་ལྟུང་བ་སྟེ། འཇུག་པའི་རྣམ་པར་ཤེས་པ་དང་དེའི་ཡུལ་སྟོང་པ་ཉིད་དུ་རྟོགས་པ་མེད་པར་འདུ་ཤེས་དང་ཚོར་བ་རགས་པས་སྐྱོ་ནས་འབད་པ་དང་རྩོལ་
བའི་སྒོ་ནས་དེ་འདྲ་བ་འགོག་པ་སྟེ། ཐལ་བས་གཡོགས་པའི་མེ་བཞིན་དུ་གཟུང་འཛིན་དུ་རྟོག་པའི་ས་བོན་དང་བཅས་པའོ། །དེ་བས་ན་དེ་དག་ནི་ཆོས་ཐམས་ཅད་ཀུན་རྫོབ་ཏུ་སེམས་སུ་གཅིག་ཅིང་། དོན་དམ་པར་སྟོང་པ་ཉིད་དུ་བྱེ་བྲག་མེད་པའི་མཚན་ཉིད་དང་། ཆོས་སྣ་ཚོགས་ཀྱི་མཚན་ཉིད་
མེད་པར་མ་རྟོགས་པའོ། །མི་རུང་ཞེས་པའི་དོན་ནི་སྣ་ཚོགས་ཀྱི་མཚན་ཉིད་མེད་པ་ལ་སོགས་པར་འགྱུར་ན། དེ་དག་གི་གྲུབ་པའི་མཐའ་དང་འགལ་བའི་སྐྱོན་མེད་དུ་འགྱུར་བའོ། །དེའི་ཕྱིར་དེ་དག་ནི་ས་བདུན་ལ་ཁྱད་པར་དུ་སྙོམས་པར་འཇུག་པར་མི་ནུས་པའོ། །དེ་ལས་དྲུག་དང་བདུན་
ལ་སོགས་པ་ནི་ཉན་ཐོས་རྣམས་ཀྱི་དབང་དུ་བྱས་ན། དཀར་པོ་རྣམ་པར་མཐོང་བའི་ས་དང་། རིགས་ཀྱི་ས་དང་། བརྒྱད་པ་དང་མཐོང་བ་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། དེ་ལྟར་བདུན་དུ་འགྱུར་ལ། ཡང་གསུང་
རབ་དག་ལས་ཉན་ཐོས་ཀྱི་ས་ཞེས་སྨོས་པ་ནི་བདུན་པོ་དེ་དག་ཏུ་འདུས་པའམ། དེ་ལས་ཐ་དད་པར་ཡང་འགྱུར་བ་སྟེ། དེ་ལྟར་ན་རྣམ་པ་བརྒྱད་དོ། །དེ་ལ་དཀར་པོ་རྣམ་པར་མཐོང་བ་ནི་མོས་པས་སྤྱོད་པའི་ས་ལ་གནས་པའི་ཚེ་དྲོད་དང་རྩེ་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པ་ན། དང་པོ་རྣམ་
པར་བྱང་བའི་ཆོས་དཀར་པོ་མཐོང་བའི་ཕྱིར་དེ་དག་ནི་དཀར་པོ་རྣམ་པར་མཐོང་བའོ་ཞེས་སྔོན་གྱི་སློབ་དཔོན་དག་གིས་བཤད་དེ། ཚོགས་ཀྱི་ས་མ་བསྡུས་པའི་ཕྱིར་ཧ་ཅང་འགྲིག་པ་མ་ཡིན་ནོ། །གཞན་དག་ནི་ཚོགས་ཀྱི་ལམ་གྱི་གནས་སྐབས་ན་བསམས་པ་ལས་བྱུང་བའི་ཤེས་རབ་རྗེས་སུ་
དཔག་པའི་ཚད་མས་བདག་མེད་པ་གཉིས་རྟོགས་པ་ལྷག་མཐོང་གི་ངོ་བོར་གྱུར་པ་ཉིད་ཡིན་ནོ་ཞེས་འཆད་དོ། །མོས་པས་སྤྱོད་པའི་སས་བསྡུས་པ་བཟོད་པ་འབྲིང་པོའི་བར་དུ་ཡང་ས་དེ་ཉིད་ཀྱིས་བསྡུས་པར་ལྟའོ། །རིགས་ཀྱི་ས་ནི་ཉན་ཐོས་ཀྱི་དབང་དུ་བྱས་ན་བཟོད་པ་ཆེན་པོ་ནས་རང་གི་
Vol. 122 · folio 236a
རིགས་སུ་ངེས་པ་སྟེ། གཞན་དུ་དྲོད་དང་རྩེ་མོའི་གནས་སྐབས་གཉིས་ལ་ནི་རང་གི་རིགས་ལས་བཟློག་ནས་སངས་རྒྱས་སུ་འགྱུར་བ་སྲིད་ལ། གཞན་རང་སངས་རྒྱས་སུ་ནི་བཟོད་པ་འབྲིང་པོ་མན་ཆད་དུ་ཡང་འགྱུར་བར་སྲིད་པས་དེ་རྣམས་ཀྱི་གནས་སྐབས་སུ་རང་
གི་རིགས་སུ་མ་ངེས་པའོ། །དེ་སྐད་དུ་ཡང་། གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །ཞེས་མཛོད་ཀྱི་བསྟན་བཅོས་ལས་གསུངས་པའོ། །བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དབང་པོ་རྣོན་པོ་ནི་དྲོད་ནས་ཀྱང་རང་གི་རིགས་སུ་ངེས་པར་བཤད་
དོ། །བརྒྱད་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་སྟེ། མཐར་ཐུག་པ་དགྲ་བཅོམ་པའི་འབྲས་བུ་ནས་མར་བཅལ་བའི་གྲངས་ཀྱི་གནས་བརྒྱད་པ་ཉིད་དུ་འགྱུར་བའོ། །མཐོང་བའི་ས་ནི་འཕགས་པའི་གང་ཟག་གི་འབྲས་བུ་སྔར་མ་མཐོང་བ་མཐོང་བ་སྟེ། རྒྱུན་དུ་ཞུགས་པའི་འབྲས་
བུ་ལ་གནས་པའོ། །བསྲབས་པ་ནི་འདོད་པའི་འདོད་ཆགས་དང་གནོད་སེམས་ལ་སོགས་པ་བསྲབས་པ་སྟེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པའོ། །འདོད་ཆགས་དང་བྲལ་བ་ནི་འདོད་པའི་འདོད་ཆགས་དང་གནོད་སེམས་ལ་སོགས་པ་སྤངས་པ་སྟེ། ཕྱིར་མི་འོང་བའི་འབྲས་བུ་ལ་
གནས་པའོ། །དེ་ལྟར་ན་འདི་ཉིད་ཉན་ཐོས་ཀྱི་ས་དྲུག་པ་ཡང་ཡིན་ལ། དེ་ལ་གནས་པའི་འཕགས་པ་ཕྱིར་མི་འོང་བ་དང་ཁྱད་པར་ཅན་ནི་སྔར་བསྟན་པ་ལྟར་འགོག་པ་ལ་སྙོམས་པར་འཇུག་པའོ། །བྱས་པ་རྟོགས་པ་ནི་དགྲ་བཅོམ་པ་སྟེ། བྱ་བ་བྱས་སོ་བྱེད་པ་བྱས་སོ་ཞེས་རྟོགས་པ་ཟད་པ་ཞེས་
པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཐོབ་པའི་ཕྱིར་རོ། །དེ་ལ་འདིར་འབྲས་བུ་གཉིས་པ་དང་། གསུམ་པ་དང་། བཞི་པ་ལ་ཞུགས་པ་གསུམ་གཅིག་ཏུ་བསྡོམས་ཏེ་ཉན་ཐོས་ཀྱི་ས་ཉིད་དུ་རྣམ་པར་གཞག་པ་ན་སའི་གྲངས་བརྒྱད་དུ་འགྱུར་རོ། །མངོན་པར་རྟོགས་པའི་གོ་རིམས་ནི་གཙོ་བོ་ཉིད་རྒྱུ་
མཚན་དུ་བྱས་ཏེ་དགྲ་བཅོམ་པའི་སྔོན་རོལ་ཉིད་དུ་གཞག་གོ། །ཡང་ཞུགས་པ་རྣམ་པ་གསུམ་འབྲས་བུ་ལ་གནས་པའི་ཁོང་དུ་བསྡུས་ཤིང་། ཉན་ཐོས་ཀྱི་ས་ཞེས་པ་ཐམས་ཅད་ལ་ཁྱབ་པ་ཐུན་མོང་པ་ཉིད་དུ་གཞག་པ་ན། གྲངས་བདུན་དུ་འགྱུར་ཏེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་
Vol. 122 · folio 236b
ཕྱིན་པ་རྒྱས་པ་ལ་སོགས་པ་ནས་ཚུལ་དེ་ལྟར་བདུན་དུ་བཤད་དོ། །ཡང་འཕགས་པ་རྣམ་པར་གྲོལ་བའི་སྡེས་ནི། དཀར་པོ་རྣམ་པར་མཐོང་བ་མ་སྨོས་པར་རིགས་ཀྱི་ས་ལ་སོགས་པ་བདུན་དུ་བཤད་དེ། ཐམས་ཅད་བསྡོམས་པས་བརྒྱད་ཉིད་དུ་འགྱུར་བའོ། །རང་སངས་རྒྱས་རྣམས་ཀྱི་ཡང་དེ་དང་ཆ་
མཐུན་པ་ལས། སྤངས་པ་དང་རྟོགས་པའི་རྣམ་པར་ཐར་པ་ཅུང་ཟད་ཙམ་ཞིག་གིས་ལྷག་པའོ། །གཞན་ཡང་དེ་དག་གིས་ནི་ཆོས་ཐམས་ཅད་ཀྱི་དགེ་བ་དང་མི་དགེ་བའི་རང་གི་མཚན་ཉིད་ཁོང་དུ་མ་ཆུད་ཅེས་པ་སྟེ། ཐབས་ལ་མཁས་པས་ཡོངས་སུ་བཟུང་ནས་རང་དང་གཞན་གྱི་དོན་དུ་འདོད་པའི་
ཡོན་ཏན་ལ་སྤྱོད་པ་དང་། མ་རུངས་པ་ཚར་གཅོད་པ་ནི་དགེ་བ་ཉིད་ཡིན་པ་ལ་དེ་ལྟར་མ་རྟོགས་པ་དང་། མྱ་ངན་ལས་འདས་པ་ལ་གཅིག་ཏུ་མངོན་པར་ཕྱོགས་པ་དང་། འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་ནི་མི་དགེ་བ་ཉིད་ཡིན་པ་ལ་དེ་ལྟར་མ་རྟོགས་པ་སྟེ། ཀུན་རྫོབ་ཀྱི་དབང་དུ་བྱས་པའོ། །དོན་དམ་པར་
དེ་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་མ་རྟོགས་པའོ། །དེ་བས་ན་ཞེས་པ་ལ་སོགས་པས་ནི་དོན་བསྡུས་པ་སྟོན་ཏོ། །གང་གིས་ཞེས་པ་ནི་བདེན་པ་གཉིས་ཀྱི་ཐབས་ལ་མཁས་པས་སོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་དེ་རྣམས་ཀྱི་རེ་ཞིག་རྣམ་པར་རྟོག་པ་ལྡོག་པའི་དུས་བསྟན་པའོ། །དེའི་
དོན་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་དུས་ཡུན་རིང་པོར་ཏིང་ངེ་འཛིན་གྱི་བདེ་བས་མྱོས་པས་རྣམ་པར་རྟོག་པ་ལྡོག་པའོ། །དེ་དག་རང་གི་ལུགས་ཀྱིས་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རྣམ་པར་རྟོག་པ་གཏན་དུ་ལྡོག་པར་ཡང་འདོད་དོ། །བྱང་ཆུབ་སེམས་དཔའ་
རྣམས་ནི་རེ་ཞིག་ཞི་བའི་བསམ་གཏན་ལ་སྙོམས་པར་ཞུགས་པས་དུས་ཅུང་ཟད་དུ་རྣམ་པར་ལྡོག་པའི་རིགས་མཐའ་དག་ལྡོག་པའོ། །འདུ་ཤེས་ནི་རྟོག་པའི་ཁྱད་པར་རོ། །ས་དང་པོ་དང་ཞེས་པ་ལ་སོགས་པས་ནི་ས་བདུན་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་བྱིས་པའི་སྐྱེ་བོ་ལ་སོགས་
པ་རྣམས་ཀྱི་རྟོག་པའི་ཁྱད་པར་སྟོན་ཏེ། དེ་རྣམས་ནི་རང་གི་སེམས་ཉིད་གཟུང་བ་དང་འཛིན་པར་སྣང་བ་ལས། དེ་ལྟར་མ་ཤེས་ཤིང་གཟུང་བ་དང་འཛིན་པའི་དངོས་པོར་རྟོག་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་བཏགས་པ་པའི་མྱ་ངན་ལས་འདས་པ་ཉིད་སྟོན་ཏེ། དེ་ལ་ས་
Vol. 122 · folio 237a
བརྒྱད་པ་ནི་སྔར་བསྟན་པ་ལྟར་ཉན་ཐོས་ལ་སོགས་པའི་དབང་དུ་བྱས་ན་བྱས་པ་རྟོགས་པའི་ས་སྟེ། མངོན་པར་རྟོགས་པའི་གོ་རིམས་དང་སྦྱར་ན་དེ་ཉིད་གྲངས་ཀྱི་གནས་བརྒྱད་པ་ཡིན་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེ་ལ་སོགས་པའི་རྒྱུ་མཚན་གང་གིས་
སེམས་ཅན་གྱི་དོན་གྱི་སྦྱོར་བ་བཤོལ་ནས། ཏིང་ངེ་འཛིན་གྱི་བདེ་བ་ལ་ཡུན་རིང་དུ་མི་གནས་པར་ལོངས་སྤྱོད་རྫོགས་པའི་སྐུའི་སངས་རྒྱས་རྣམས་ཀྱི་ཕྱག་གླང་པོའི་སྣ་ལྟ་བུ་དེའི་མགོ་ལ་གཞག་པ་དང་། འོད་ཟེར་ལ་སོགས་པའི་སྒོ་ནས་ཏིང་ངེ་འཛིན་དེ་ལས་སད་པར་བྱེད་པའོ། །དེ་ལྟ་མ་ཡིན་ན་
སེམས་ཅན་སྨིན་པར་བྱེད་པ་ལ་སོགས་པའི་ཚོགས་མ་རྫོགས་པས། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ཡེ་ཤེས་མ་རྫོགས་པའི་ཕྱིར། སེམས་ཅན་གྱི་བྱ་བ་ཡང་རྒྱུན་ཆད་པར་འགྱུར་བ་དང་དེ་བཞིན་གཤེགས་པའི་རིགས་ཀྱི་གདུང་ཡང་ཆད་པར་འགྱུར་ཏེ། ཡང་དག་པའི་ལམ་གཅིག་ནས་
གཅིག་ཏུ་བརྒྱུད་པ་མེད་པས་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སངས་རྒྱས་དུ་མ་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པས་བྱང་ཆུབ་སེམས་དཔའ་དེ་རྣམས་སྔ་མ་ལྟར་རྗེས་སུ་འཛིན་པའོ། །གཞན་ཡང་སངས་རྒྱས་དུ་མ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་རྣམས་ཀྱང་། སངས་
རྒྱས་ཀྱི་ཆེ་བ་སྟེ། ཆོ་འཕྲུལ་རྣམ་པ་གསུམ་མངོན་དུ་འགྲོ་བའི་སྒོ་ནས་ཐེག་པ་སྣ་ཚོགས་ཀྱི་ལམ་སྟོན་པ་སྟེ། དེའི་ཕྱིར་དེ་འདྲ་བའི་དགོས་པ་ལས་མི་ཉམས་པར་བྱ་བའི་དོན་དུ། དེ་དག་ཡོངས་སུ་མྱ་ངན་ལས་མི་འདའ་བར་འཛིན་པའོ། །བདེ་བས་འཕྲོགས་པར་འགྱུར་བ་ནི་སེམས་དེའི་དབང་དུ་འགྱུར་ཞིང་དེ་
ཉིད་ལ་ཡུན་རིང་དུ་གནས་པའོ། །དེ་ཡང་མྱ་ངན་ལས་འདས་པ་མཚན་ཉིད་པ་ནི་མ་ཡིན་ཏེ། འདི་ལ་མཐར་ཐུག་ཡོད་མིན་ཏེ། །ཞེས་པ་ལ་སོགས་པ་སྔར་བསྟན་ནོ། །དེས་ན་དེ་དག་ཉིད་ཀྱི་མངོན་པའི་ང་རྒྱལ་གྱི་སྒོ་ནས་མྱ་ངན་ལས་འདས་པའི་བློར་འགྱུར་བའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་
སོགས་པས་ནི་ས་བདུན་ལ་གནས་པའི་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོ་རྣམས་སངས་རྒྱས་ཀྱིས་རྗེས་སུ་འཛིན་པའི་ཚུལ་སྟོན་ཏེ། དེའི་དོན་ནི་ས་བདུན་པ་མན་ཆོད་དུ་ཉོན་མོངས་པ་ཅན་གྱི་ཡིད་གནས་པར་མ་གྱུར་ཞིང་། དེ་ཡང་ཀུན་གཞི་ལ་དམིགས་ནས་བདག་ཏུ་ལྟ་བ་དང་།
Vol. 122 · folio 237b
བདག་ཏུ་ཆགས་པ་དང་། བདག་ཏུ་ང་རྒྱལ་བ་དང་། བདག་ཏུ་རྨོངས་པ་དང་མཚུངས་པར་ལྡན་པ་ཡིན་པས་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་སོགས་པ་མི་ཤེས་པ་དང་། མུ་སྟེགས་བྱེད་ཀྱི་བདག་ཏུ་ལྟ་བ་དང་། ལམ་སྟེ་ཏིང་ངེ་འཛིན་དང་། བརྟུལ་ཞུགས་ལ་སོགས་པར་ལྟུང་ན་མི་རུང་ངོ་སྙམ་
དུ་དགོངས་ནས། སེམས་དང་ཡིད་ལ་སོགས་པ་དེ་རྣམས་ཀྱི་ཀུན་རྫོབ་པའི་མཚན་ཉིད་དང་། འཇུག་པ་ལ་སོགས་པ་ལ་འདྲིས་པར་བྱ་བ་དང་། དོན་དམ་པར་དེ་རྣམས་ཀྱི་ཡུལ་དང་རང་བཞིན་སྟོང་པ་བདག་མེད་པ་ལ་སོགས་པ་ལ་འདྲིས་པར་བྱ་བའི་དོན་དུ། དེ་རྣམས་ཀྱི་བྱེ་བྲག་ཇི་ལྟ་བ་བཞིན་
དུ་བསྟན་པ་ཡང་ང་ཡིས་བྱས་ཞེས་པའོ། །དེ་ལྟར་རྟོགས་པར་བྱ་བའི་ཕྱིར་སའི་གོ་རིམས་ལ་སོགས་པ་རྣམ་པར་གཞག་པར་བྱ་སྟེ། དེ་ཁོ་ན་ཉིད་དུ་གོ་རིམས་དང་འཇུག་པ་ལ་སོགས་པ་ཐམས་ཅད་མི་འཐད་པའོ། །དེ་ལྟར་ཡིན་མོད་ཀྱི་དེ་ལས་གཞན་དུ་བྱིས་པའི་སྐྱེ་བོ་ལ་སོགས་པ་རྣམས་
ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སའི་གོ་རིམས་དང་མཚམས་སྦྱོར་བ་ལ་སོགས་པ་སྣ་ཚོགས་ཀྱི་དངོས་པོར་བརྟགས་ཏེ། དེ་ཡང་ཕྱིན་ཅི་ལོག་པ་ཉིད་ཀྱིས་ཁམས་གསུམ་པར་རྟོགས་པའོ། །དེ་ལྟར་བརྟགས་པ་འདི་ནི་ཀུན་རྫོབ་ཏུ་རང་གི་སེམས་སྣང་བ་ཙམ་སྟེ་བྱིས་པ་རྣམས་
ཀྱིས་ཁོང་དུ་མི་ཆུད་ཅེས་པ་ལ་སོགས་པའོ། །དེའི་ཕྱིར་བྱིས་པའི་སྐྱེ་བོ་དང་འཕགས་པ་དེ་དག་གིས་རྟོགས་པར་བྱ་བའི་དོན་དུ་སའི་གོ་རིམས་ཀྱི་མཚམས་སྦྱོར་བ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་ང་དང་སངས་རྒྱས་རྣམས་ཀྱིས་བསྟན་ཅིང་རྣམ་པར་གཞག་པ་སྟེ། གསལ་བར་བྱས་པའོ། །
གལ་ཏེ་འདིར་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་མུ་སྟེགས་ཀྱི་ལྟ་བ་དང་ལམ་དུ་འགྱུར་བ་ནི་མི་སྲིད་དེ། དེ་ལྟར་ན་དེ་དག་འཁོར་བའི་སྡུག་བསྔལ་དང་ཡང་འབྲེལ་པར་འགྱུར་བས་སྔར་བསྟན་པ་ལྟར་འཇིག་པ་རྣམ་པ་ལྔ་དང་བྲལ་བར་མི་འཐད་ཅིང་། གཞན་ཡང་ས་དང་
པོ་ལ་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་རྟོགས་པ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། དེ་འདྲ་བའི་ལོག་པར་ལྟུང་བ་ཉིད་དུ་མི་འགྱུར་མོད་ཀྱི། སྔར་བསྟན་པ་ལྟར་བསྒོམས་པས་སྤང་བར་བྱ་བ་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལ་བརྟེན་ནས་རྗེས་ཀྱི་གནས་སྐབས་ཅུང་
Vol. 122 · folio 238a
ཟད་འཕེལ་བར་འགྱུར་ཞིང་། ཕྱི་རོལ་པ་རྣམས་དང་། ཕྱོགས་འགའ་ཞིག་ནས་མཚུངས་པར་འགྱུར་བ་སྲིད་པས་སོ། །གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་ནི་སྔར་བསྟན་པ་ལྟར། བྱང་ཆུབ་དམན་པ་གཉིས་སྔོན་དུ་སོང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཐར་
པ་འགའ་ཞིག་སྟོན་ཏེ། དེའི་དོན་ཡང་ཉན་ཐོས་ཀྱི་རིགས་ཅན་འགའ་ཞིག་གིས་དང་པོར་ཉན་ཐོས་ཀྱི་བྱང་ཆུབ་མངོན་དུ་བྱས་ཤིང་། དེ་ནས་རྣམ་པར་ཐར་པ་ཅུང་ཟད་ཀྱིས་ལྷག་པར་རང་རྒྱལ་བའི་བྱང་ཆུབ་རྟོགས་པར་འགྱུར་ལ། དེའི་རྗེས་སུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་
དཔའི་ས་བརྒྱད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱས་པའམ། ཡང་བྱང་ཆུབ་དམན་པ་དེ་དག་མངོན་དུ་བྱས་པ་ལས་དེའི་རྗེས་ཐོགས་ལ་སོ་སོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བྱང་ཆུབ་སེམས་དཔའི་ས་བརྒྱད་ཀྱི་བར་ཡོངས་སུ་རྫོགས་པར་བྱས་པའོ། །སྔར་གྱི་དོན་དེ་ལྟར་ཡིན་པ་ཡང་འཕགས་པ་
དཔལ་ཕྲེང་གི་མདོ་ལས། ཉན་ཐོས་སུ་འགྱུར་ཞིང་རང་སངས་རྒྱས་སུ་ཡང་འགྱུར་ལ། ཕྱིས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་ཡང་འགྱུར་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་སྔར་ཉན་ཐོས་དང་རང་སངས་རྒྱས་ཉིད་ཡིན་པས་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ཡོངས་སུ་རྫོགས་
པའི་གནས་སྐབས་ན་ཡང་། དེ་དག་གི་མིང་གིས་བཏགས་པའོ། །དེ་འདྲ་བ་ནི་སྔར་བསྟན་པ་ལྟར་གོམས་པའི་རྗེས་སུ་འཇུག་པས་དུས་རིང་པོར་ཏིང་ངེ་འཛིན་གྱི་བདེ་བས་མྱོས་པའོ། །རང་གི་སེམས་སྣང་བ་ཙམ་ཡིན་ལ་མི་མཁས་ཞེས་པ་ནི་རབ་ཏུ་དབེན་པའི་ཆོས་ལ་མོས་ལ་མོས་པའི་བློ་ནི་མ་ཡིན་ཞེས་པ་
དང་སྦྱར་ཏེ། རིག་པ་དང་སྟོང་པ་དང་ཟུང་དུ་འཇུག་པ་མཐའ་གཉིས་སྤངས་པའི་དབུ་མའི་དོན་མ་རྟོགས་པ་ཞེས་པའོ། །རང་དང་སྤྱིའི་མཚན་ཉིད་ཀྱི་སྒྲིབ་པ་ནི་ཤེས་བྱའི་སྒྲིབ་པའོ། །བདག་མེད་པ་གཉིས་རྟོགས་པ་ནི་བྱང་ཆུབ་སེམས་དཔའི་ལམ་ལ་ཞུགས་པ་སྟེ། དེ་ལྟར་ན་ཡང་ཅུང་ཟད་སྟོང་པ་ཉིད་
ཀྱི་མཐར་ལྟུང་ཞེས་པའོ། །དེ་འདྲ་བ་ནི་རང་གི་མངོན་པའི་ང་རྒྱལ་དང་བཅས་པའི་རྣམ་པར་རྟོག་པས་དེ་འདྲ་བའི་བདེ་བ་ལ་མྱ་ངན་ལས་འདས་པར་མོས་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་བྱང་ཆུབ་དམན་པ་སྔོན་དུ་སོང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་འགོག་པའི་ཏིང་ངེ་འཛིན་གྱི་བདེ་
Vol. 122 · folio 238b
བའི་སྒོ་མཐོང་བ་སྟེ། ལན་ཅིག་མངོན་དུ་བྱས་ནས་དེ་ལས་འདའ་བའོ། །དེའི་རྒྱུ་མཚན་ཡང་རང་གི་སྔོན་གྱི་སྨོན་ལམ་ལ་སོགས་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་དེ་ལས་སད་ནས་མཐར་ཐུག་པའི་གནས་ཆོས་ཀྱི་སྐུའི་ཡེ་ཤེས་ལ་འཇུག་པའི་ཐབས་ཀྱི་རྣམ་པར་ཤེས་པས་ཏིང་ངེ་
འཛིན་གྱི་བདེ་བ་ལ་ཡུན་རིང་དུ་མི་གནས་ཞེས་པའོ། །གལ་ཏེ་རྣམ་པར་རྟོག་པའི་རིགས་ཐམས་ཅད་སྤངས་པ་ནི་ཡིན་ནམ་ཞེ་ན། དེ་དག་གིས་ཞེས་པ་ལ་སོགས་པ་གསུངས་སོ། །ཆོས་ཐམས་ཅད་ཞེས་པ་ལ་སོགས་པས་ནི་མཐར་ཐུག་པའི་གནས་ལ་འཇུག་པའི་ཚུལ་སྟོན་ཏེ། མི་འཇུག་
པ་ཡང་མ་ཡིན་ཏེ་ཞེས་པ་ལས་ནི་དེ་དག་ལ་ཀུན་རྫོབ་ཙམ་དུ་ཐོབ་བྱའི་རང་བཞིན་དུ་རྟོག་ཅིང་དེའི་དོན་དུ་འཇུག་པའོ། །འཇུག་པའི་ཚུལ་ཡང་ཡེ་ཤེས་དེ་ཉིད་ཐོབ་པར་བྱ་བའི་ཕྱིར་དེ་དག་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པའི་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ། དེས་ཟིན་པར་བྱས་ནས་འཇུག་པའོ། །དེ་ཡང་ཇི་
ལྟར་རྨི་ལམ་ན་འགའ་ཞིག་གིས་འབད་པ་དང་རྩོལ་བ་དྲག་པོས་ཆུ་ལ་རྒལ་བར་རྨི་བ་ལས། གནས་སྐབས་དེ་ཉིད་ཀྱིས་གཉིད་སད་ནས་དེའི་དེ་མ་ཐག་ཏུ་ཅི་འདི་བདེན་ནམ་བརྫུན་ཞེས་རྟོག་གོ། །དེའི་རྗེས་ཐོགས་སུ་དེ་འདྲ་བ་ནི་བདེན་པ་ཡང་མ་ཡིན་ལ། དེ་ལ་ལྟོས་ནས་བརྟགས་པའི་བརྫུན་པ་ཡང་
མ་ཡིན་ཏེ། དེ་ལས་གཞན་དུ་མངོན་ཏེ་འདྲ་བ་མཐོང་བ་ལ་སོགས་པའི་རྣམ་པར་རྟོག་པའི་བག་ཆགས་ལས་དེ་ལྟར་སྣང་བའི་ཡིད་ཀྱི་རྣམ་པར་ཤེས་པ་བརྫུན་པ་ཉིད་སྣང་ངོ་སྙམ་དུ་སེམས་ཏེ། དེ་བཞིན་དུ་ཞེས་པ་ལ་སོགས་པ་ཕལ་ཆེར་ཤེས་པར་ཟད་དོ། །དང་པོ་ནས་བདུན་དུ་འཕོ་ཞེས་པ་ནི་ས་
བདུན་གྱི་བར་ལ་དབང་པོ་རྣོན་པོས་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་དུ་མངོན་པར་རྟོགས་ཤིང་། སེམས་ཀྱང་སྒྱུ་མ་ལ་སོགས་པ་དང་མཚུངས་པར་རྟོགས་ལ། དེ་ཉིད་ཀྱིས་གཟུང་བ་དང་། འཛིན་པའི་དངོས་པོར་རྟོག་པ་དང་བྲལ་བའི་སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་
རྒྱུ་བ་མཐོང་ཞེས་པ་སྟེ། དགག་པའི་རྣམ་པ་ཅན་གྱི་རྟོག་པ་སྟེ། བཟང་པོའི་རྟོག་པ་རྒྱུ་བ་མཐོང་ནས་དེ་འདྲ་བའི་རྟོག་པ་དང་བཅས་པའི་ཤེས་རབ་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་ལ་རབ་ཏུ་སྦྱོར་བའོ། །དེ་འདྲ་བའི་རྣམ་པར་རྟོག་པ་ནི་མྱ་ངན་ལས་འདས་པ་ཁོང་དུ་ཆུད་པར་བྱེད་པའི་སྦྱོར་བ་སྟེ་
Vol. 122 · folio 239a
ལམ་ཡིན་གྱི། དེ་འདྲ་བའི་ལམ་འཇིག་པར་བྱེད་པ་ནི་མ་ཡིན་ནོ། །སེམས་དང་ཞེས་པ་ལ་སོགས་པས་ནི་སྔར་བསྟན་པའི་ས་བརྒྱད་པ་ལ་རྣམ་པར་རྟོག་པ་མི་འཇུག་པར་མཐོང་ཞེས་པ་ཉིད་ནི་རྒྱས་པར་སྟོན་པའོ། །ཆོས་བསྟན་ཞེས་པ་ནི་སྔ་མ་རྣམས་ཀྱིས་བསྟན་པ་ལས་རྟོག་པ་མེད་པའི་
ཡེ་ཤེས་ཁོང་དུ་ཆུད་པའོ། །དེ་འདྲ་བ་སྤྲོས་པ་དང་བྲལ་བའི་དོན་དམ་པ་འདི་ལ་གོ་རིམས་དང་མཚམས་སྦྱོར་བའི་རྣམ་པར་དབྱེ་བ་མི་འཐད་དེ། དེ་དག་ནི་རྗེས་ཀྱི་གནས་སྐབས་ན་ཇི་ལྟར་སྣང་བ་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་བསྟན་པའོ། །དེ་ལ་ཞེས་པ་ལ་སོགས་པས་དོན་ལྷག་མ་དང་བཅས་ཏེ་བསྡུས་
ནས་བསྟན་པའོ། །དེ་ལ་དང་པོ་ཚིག་རྐང་པ་ལྔ་ཡིས་ནི་དོན་མདོ་ཙམ་དུ་སྟོན་ཅིང་། དེ་ནས་ཚིགས་སུ་བཅད་པ་བཞིས་ནི་དེ་དག་གི་དོན་རྒྱས་པར་འཆད་པའོ། །དེ་ནས་ཚིགས་སུ་བཅད་པ་གཉིས་ཀྱིས་ས་དང་ས་ལ་གནས་པའི་གང་ཟག་གི་དབྱེ་བ་ལ་མ་རྨོངས་པར་བྱ་བའི་དོན་དུ་རྒྱས་པ་དང་བསྡུས་པ་ལ་སོགས་
པའི་དབྱེ་བ་སྟོན་པའོ། །དེ་ལ། ས་བདུན་དག་ནི་སེམས་ཡིན་ཏེ། །ཞེས་པ་ལ་སོགས་པའི་ཚིག་གི་དོན་ནི་བྱང་ཆུབ་སེམས་དཔའི་ས་བདུན་ལ་རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་མ་གྱུར་པས་སེམས་ཀྱི་ས་ཞེས་བྱའོ། །ས་བརྒྱད་པ་ལ་མཉམ་པར་གཞག་པའི་གནས་སྐབས་ན་གཟུང་བ་དང་འཛིན་པ་
གཉིས་ཀྱི་རྣམ་པར་སྣང་བ་མེད་ཅིང་རྗེས་ཀྱི་གནས་སྐབས་ན་ཡང་རྣམ་པར་མི་རྟོག་པ་ལ་དབང་ཐོབ་པས་དེ་དག་ཏུ་ཞེན་པ་དང་མེད་པའི་ཕྱིར་སྣང་བ་མེད་པ་ཞེས་བྱའོ། །དེ་ནས་དགུ་པ་དང་བཅུ་པ་གཉིས་ནི་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་བདག་གི་ཉེ་བའི་རྒྱུར་གྱུར་པས་གནས་ཞེས་པའམ། ཡང་སོ་སོ་ཡང་དག་པར་
རིག་པའི་ཡེ་ཤེས་ལ་དབང་བ་དང་། དབང་མངོན་པར་ཤེས་པའི་ལས་ལ་དབང་བས་ཆོས་སྟོན་པ་དང་། ཕྲིན་ལས་སྣ་ཚོགས་ལ་དབང་སྦྱོར་བའི་གནས་ཡིན་པས། དེ་དག་ནི་གནས་གྱི་ས་ཞེས་པའོ། །དེ་རྣམས་ལས་གཞན་ས་བཅུ་གཅིག་པ་ནི། སངས་རྒྱས་ཀྱི་རང་བཞིན་གྱི་ས་སྟེ་སྒྲིབ་པ་
གཉིས་བག་ཆགས་དང་བཅས་ཏེ་དག་པ་དང་། དེ་བཞིན་ཉིད་སོ་སོ་རང་གིས་རིག་པ་སྟེ། སྤངས་པ་དང་རྟོགས་པའི་ཡོན་ཏན་མཐར་ཐུག་པ་འདི་ནི་སངས་རྒྱས་པའི་རང་བཞིན་ཞེས་པའོ། །དེས་ཀྱང་ཆོས་ཀྱི་སྐུའི་རང་བཞིན་གཙོ་བོར་བསྟན་ལ་ལོངས་སྤྱོད་རྫོགས་པའི་སྐུའི་གནས་ནི་དབང་
Vol. 122 · folio 239b
ཕྱུག་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། སྐུ་མཚན་དང་དཔེ་བྱེད་ལ་སོགས་པའི་རྣམ་པར་སྣང་བ་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ལ་དབང་འབྱོར་པ་སྟེ། དེ་ཉིད་ཀྱི་ཞིང་ཁམས་སུ་སྣང་བ་གཞི་རིན་པོ་ཆེ་ལས་གྲུབ་ཅིང་རིན་པོ་ཆེ་སྣ་
ཚོགས་ཀྱིས་བརྒྱན་ཅིང་མཛེས་པར་སྣང་བ། ཇི་ལྟར་མེའི་ཕུང་པོ་ལ་མེ་ལྕེ་དང་འོད་ཟེར་སྣ་ཚོགས་འབྱུང་བ་བཞིན་དུ་རིན་པོ་ཆེའི་འོད་ཟེར་སྣ་ཚོགས་པ་ཡིད་དུ་འོང་བ་དེར་སྐྱེས་པ་རྣམས་ཀྱི་བསོད་ནམས་ཀྱི་སྣང་བ་ཡིན་པས་འཚེ་བ་འམ་མི་མཐུན་པ་མེད་པར་གྱུར་པ་ནི་ཞི་བའོ། །ཡང་ཡེ་ཤེས་ཀྱི་རང་
བཞིན་གྱི་སྐུ་དེ་ཉིད་ལས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ། ཐེག་པ་ཆེན་པོའི་ཆོས་ཀྱི་འོད་ཟེར་སྣ་ཚོགས་པ་ཡིད་དུ་འོང་བ་ཞི་བ་རབ་ཏུ་འབྱུང་ཞེས་ཀྱང་སྦྱར་བར་བྱའོ། །དེ་འདྲ་བའི་ཡེ་ཤེས་དེ་དག་གིས་མ་འོངས་པའི་དུས་སུ་ཡང་སྲིད་པ་གསུམ་པོ་སྤྲུལ་པར་བྱེད་ཅིང་། ད་ལྟར་གྱི་དུས་སུ་
ཡང་སྤྲུལ་པ་དང་སྔར་འདས་པའི་དུས་སུ་སྤྲུལ་ཞེས་པའོ། །གལ་ཏེ་སྲིད་པ་གསུམ་པོ་ནི་སེམས་ཅན་དེ་རྣམས་ཀྱི་ལས་དང་ཉོན་མོངས་པའི་སྤྲུལ་པ་མ་ཡིན་ནམ། ཇི་ལྟར་ན་ཡེ་ཤེས་དེས་སྤྲུལ་པ་ཡིན་ཞེ་ན། བདེན་མོད་ཀྱི་ཡེ་ཤེས་དེའི་རང་བཞིན་དུ་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་
སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ། དེ་ཉིད་ཀྱི་རྣམ་པར་འགྱུར་བ་ལས་སྲིད་པ་གསུམ་པོ་སྣ་ཚོགས་སུ་སྣང་བ་ལ་དགོངས་ཏེ་བསྟན་པའོ། །དེ་ལྟར་ཡང་། རང་གི་རིག་པའི་འགྱུར་བ་ལས། །དམན་པ་ལས་ནི་ལས་བསྐྱེད་དེ། །རང་གིས་འཕྲོག་ཅིང་རང་
གིས་བྱེད། །རང་གི་རྒྱལ་པོ་རང་གཙོ་བོ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟ་བུའི་གནས་ཁྱད་པར་ཅན་དུ་སྣང་བ་དེར་དངོས་སུ་ཐེག་པ་ཆེན་པོ་འབའ་ཞིག་སྟོན་ཅིང་། དེ་ལས་བརྒྱུད་པའི་སྤྲུལ་པའི་སྒོ་ནས་ཐེག་པ་སྣ་ཚོགས་སྟོན་པར་བྱེད་པ་དེ་ནི་དེའི་རང་བཞིན་གྱིས་ཏེ། ཡེ་ཤེས་དེ་
ཉིད་ཀྱི་བདག་ཉིད་ཡིན་གྱི། དེ་ལས་གཞན་ཕྱི་རོལ་གྱི་ངོ་བོར་གྲུབ་པ་མེད་ཅེས་པའོ། །དེ་ལྟར་ན་ས་དང་ཐེག་པའམ། དེ་ལ་གནས་པའི་གང་ཟག་གི་རྣམ་པར་དབྱེ་བ་མི་འདྲ་བ་དུ་མ་མདོ་འདི་ཉིད་དམ། གཞན་ལས་གསུངས་པས་གདུལ་བྱ་རྣམས་ཅི་ངེས་པའི་དོན་ནི་གང་ཡིན་ཞེས་ཐེ་ཚོམ་
Vol. 122 · folio 240a
མམ་ཕྱིན་ཅི་ལོག་ཏུ་གྱུར་པས་དེ་དག་བསལ་བའི་དོན་དུ། བཅུ་པོ་པ་ནི་ཞེས་པ་ལ་སོགས་པ་སྨོས་ཏེ། སྔར་བསྟན་པའི་ཚུལ་གྱིས་ཉན་ཐོས་ཀྱི་རིགས་ཅན་འགའ་ཞིག་གིས་གོ་རིམས་བཞིན་དུ་ཉན་ཐོས་དང་རང་རྒྱལ་བའི་བྱང་ཆུབ་མངོན་དུ་བྱས་ཤིང་། དེ་ནས་བྱང་ཆུབ་མཆོག་ཏུ་
སེམས་བསྐྱེད་དེ། བྱང་ཆུབ་སེམས་དཔའི་ས་བརྒྱད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱས་ནས། དེ་ནི་སྔར་གྱི་དམན་པའི་ས་གཉིས་དང་། བྱང་ཆུབ་སེམས་དཔའི་ས་བརྒྱད་དེ། དེ་ལྟར་ས་བཅུ་ཡོངས་སུ་རྫོགས་པར་བྱས་པ་ཡིན་པས་བཅུ་པོ་པ་ཞེས་ཀྱང་བྱ་ལ། དེ་ཉིད་སྔར་གྱི་དུས་ན་ཉན་ཐོས་
ཡིན་ལ། དེ་ཡང་མྱ་ངན་ལས་འདས་པའི་ལམ་དང་འབྲས་བུ་ལ་ཞུགས་པའི་དང་པོ་ཡིན་པས་དང་པོ་པ་ཞེས་བྱའོ། །དེའི་དོན་ཡང་ས་བཅུ་པོ་ཡོངས་སུ་རྫོགས་པའི་དུས་ན་ཉན་ཐོས་མ་ཡིན་ཡང་། སྔར་གྱི་མིང་སྙིང་མཐུན་གྱིས་བཏགས་ནས་དེ་ལྟར་བསྟན་པའོ། །ཡང་དེ་འདྲ་བའི་ཉན་ཐོས་
མཚན་ཉིད་པ་དེའི་ས་དང་། ས་ལ་གནས་པའི་གང་ཟག་ནི་རྒྱས་པར་ཕྱེ་ན་སྔར་བསྟན་པ་ལྟར་དཀར་པོ་རྣམ་པར་མཐོང་བ་ནས། བྱས་པ་རྟོགས་པའི་བར་རྣམ་པ་བརྒྱད་དོ། །དགུ་པོ་ཡང་ནི་བདུན་པ་སྟེ། །ཞེས་པ་ནི་ཉན་ཐོས་ཀྱི་རིགས་ཅན་གང་ཞིག་ཉན་ཐོས་ཀྱི་བྱང་ཆུབ་མངོན་དུ་བྱས་ནས། རང་
སངས་རྒྱས་ཀྱི་ས་མ་བགྲོད་པར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྔ་མ་ལྟར་ས་བརྒྱད་ཀྱི་བར་ཡོངས་སུ་རྫོགས་པར་བྱས་པ་ནི། དགུ་པོའམ་དགུ་པོ་པ་ཡིན་ལ། དེ་ཡང་བདུན་པ་སྟེ་སྔར་བསྟན་པ་ལྟར། ཉན་ཐོས་ཀྱི་ས་ལོགས་སུ་མ་བགྲངས་པར་བདུན་དུ་བསྡུས་པའི་དུས་སུ་དེའི་གྲངས་
ཀྱི་གནས་བདུན་པ་ནི་བྱས་པ་རྟོགས་པ་སྟེ་དགྲ་བཅོམ་པ་ཡིན་ལ། དེ་ཡང་སྔར་བསྟན་པ་ལྟར་ས་དགུ་ཡོངས་སུ་རྫོགས་པའི་དུས་ན། བྱང་ཆུབ་སེམས་དཔའ་ཡིན་ཀྱང་སྔར་གྱི་མིང་གིས་བཏགས་ནས་དེ་ལྟར་བསྟན་པའོ། །ཡང་། བདུན་པོ་པ་ཡང་བརྒྱད་པོ་ཡིན། །ཞེས་པ་ནི་དེ་ལྟར་བསྡུས་ན་ས་
བདུན་དང་དེ་ལ་གནས་པའི་གང་ཟག་བདུན་པོ་ཡང་། རྣམ་པར་སྤྲོས་ན་སྔ་མ་ལྟར་བརྒྱད་དུ་འགྱུར་བའོ། །ཡང་དགུ་པོ་ཞེས་པ་རང་སངས་རྒྱས་ཀྱི་རིགས་ཅན་འགའ་ཞིག་གིས་རང་གི་བྱང་ཆུབ་མངོན་དུ་བྱས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་ས་བརྒྱད་ཀྱི་བར་དུ་ཡོངས་སུ་རྫོགས་པར་
Vol. 122 · folio 240b
བྱས་པ་ཡང་། སྔར་གྱི་ཚུལ་དེ་ཉིད་ཀྱི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །གཉིས་པོ་པ་ནི་གསུམ་པོ་ཡིན། །ཞེས་པ་ནི་ས་བདུན་གྱི་གནས་སྐབས་ན་སེམས་ཀྱི་སྐད་ཅིག་རེ་རེ་ལ་འགོག་པ་ལ་སྙོམས་པར་འཇུག་པར་ནུས་པ་དང་། མི་ནུས་པ་གཉིས་པོ་ནི་རྒྱས་པར་ཕྱེ་ན་གསུམ་དུ་འགྱུར་བ་སྟེ། དེ་
ལྟར་མི་ནུས་པ་ཉན་ཐོས་དང་རང་སངས་རྒྱས་གཉིས་སུ་ཕྱེ་བས་སོ། །དེ་ལྟར་གསུམ་པོ་རེ་རེ་ཡང་དབང་པོ་རྟུལ་པོ་དང་རྣོན་པོ་གཉིས་གཉིས་སུ་ཕྱེ་བས་རྣམ་པ་དྲུག་ཏུ་འགྱུར་བའོ། །བཞི་པོ་ཡང་ནི་ལྔ་པོ་ཡིན། །ཞེས་པ་ནི་ཐེག་པ་ཆེན་པོས་བསྡུས་པའི་ས་དང་ས་ལ་གནས་པའི་གང་ཟག་རྣམ་པ་
བཞི་སྟེ། སེམས་ཀྱི་ས་དང་། སྣང་བ་མེད་པ་དང་། གནས་ཀྱི་ས་དང་། སངས་རྒྱས་ཀྱི་སའོ། །དེ་ཡང་གནས་ཀྱི་ས་ནི་དགུ་པ་དང་བཅུ་པ་གཉིས་སུ་འགྱུར་བས་རྒྱས་པར་ཕྱེ་ན་ལྔ་ཉིད་ཡིན་ཞེས་པའོ། །དེ་ལྟར་ན་རྣམ་པར་དབྱེ་བ་ནི་གཅིག་ཏུ་ངེས་པ་མེད་དེ། རྣལ་འབྱོར་པའི་ཀུན་རྫོབ་དག་པ་
འཇིག་རྟེན་པའི་ཡེ་ཤེས་ཀྱི་ངོ་བོ་ན་རྒྱས་པ་དང་བསྡུས་པ་ལ་སོགས་པའི་སྒོ་ནས་ཕྱེ་ན་གང་ལྟར་ཡང་ཡིན་ཞེས་པའོ། །ཡང་དོན་དམ་པར་སྣང་བ་མེད་པའི་ཡེ་ཤེས་སམ་དེའི་ཡུལ་དེ་བཞིན་ཉིད་ལ་ནི། དེ་འདྲ་བའི་རིམ་པའམ་དབྱེ་བ་མི་འཐད་ཅེས་པའོ། །ཡང་འདི་རྣམས་ཀྱི་དོན་ནི་མདོ་སྡེ་འདི་
དང་བརྗོད་བྱའི་དོན་གཅིག་ཏུ་སྟོན་པ། འཕགས་པ་སྟུག་པོ་བཀོད་པའི་རྒྱན་ལས། ཤེས་པ་རྣམས་དང་སློབ་པ་བཅུ། །བརྒྱད་པ་མང་ན་ལན་བདུན་དང་། །རིགས་ནས་རིགས་དང་ལན་ཅིག་འོང་། །བར་ཆད་གཅིག་པའི་གང་ཟག་དང་། །བར་མར་མྱ་ངན་འདའ་བ་དང་། །གཞན་སྐྱེས་
མྱ་ངན་འདའ་བ་དང་། །མངོན་པར་འདུ་བྱེད་འདུ་མི་བྱེད། །སྟེང་མའི་རྒྱུན་ཀྱང་དེ་བཞིན་ཏེ། །ཞེས་གསུངས་པས་དེ་འདྲ་བ་སློབ་པའི་གང་ཟག་བཅུ་ནི། དང་པོ་ཉན་ཐོས་ཀྱི་ཐེག་པ་པ་ཡིན་ཏེ། དེ་ཡང་། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །ཞེས་གསུངས་
པས། དེ་བཞིན་གཤེགས་པས་ཐོག་མ་ཉིད་དུ་གསུངས་པའི་ལམ་ལ་ནན་ཏན་དུ་བྱེད་པ་ཉན་ཐོས་ཀྱི་གང་ཟག་སྟེ། གོང་དུ་བསྟན་པའི་ས་དེ་དང་དེ་རྣམས་ལ་གནས་པའོ། །དེ་འདྲ་བའི་དང་པོ་པ་ནི་རྣམ་པར་ཕྱེ་ན་བརྒྱད་དེ། རྒྱུན་དུ་ཞུགས་པ་རྒྱུ་འབྲས་ནས་དགྲ་བཅོམ་པ་རྒྱུ་འབྲས་ཀྱི་བར་དུའོ། །
Vol. 122 · folio 241a
གལ་ཏེ་ཐོག་མར་བསྟན་པའི་ལམ་ཉམས་སུ་ལེན་པ་ནི་རང་སངས་རྒྱས་ཀྱང་མ་ཡིན་ནམ་ཞེ་ན། དེ་ལྟར་བདེན་པས་རང་སངས་རྒྱས་དང་ལྷན་ཅིག་འཕགས་པའི་གང་ཟག་དགུ་རུ་འགྱུར་ལ། དེ་ཡང་བསྡུ་ན་རྣམ་པ་བདུན་ཏེ། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་
དང་། །ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་རྒྱན་དང་བཅས་པ་དང་། རྒྱན་མེད་པ་དང་། རང་སངས་རྒྱས་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པའོ། །འདིར་བདུན་པ་ཞེས་པ་ནི་དེ་དག་སྤྱིར་བསྟན་པ་ཡིན་གྱི། སྔ་མ་ལྟར་གྲངས་ཀྱི་གནས་འཛིན་པའི་ཚིག་ཏུ་སྦྱར་བ་མ་ཡིན་ནོ། །དེ་འདྲ་བའི་བདུན་
པོ་པ་ཡང་ཚོགས་ན་སྤྱོད་པ་ལ་དབང་པོ་འབྲིང་དང་རྟུལ་པོ་གཉིས་སུ་ཕྱེ་བས་བརྒྱད་དུ་འགྱུར་བའོ། །གཉིས་པོ་པ་ནི་གསུམ་པོ་ཡིན། །ཞེས་པ་ནི་བརྒྱད་པ་དང་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་གཉིས་ནི་གསུམ་དུ་འགྱུར་ཏེ། པོ་ཟོས་ན་སྲིད་པ་ལན་བདུན་པ་ལ་སོགས་པ་རབ་དང་འབྲིང་དང་
ཐ་མ་རྣམ་པ་གསུམ་སྔར་ཇི་སྐད་དུ་བསྟན་པ་བཞིན་ནོ། །འདི་ཡང་གཉིས་པོ་རེ་རེ་ཞིང་ཕྱེ་ན་གསུམ་དུ་འགྱུར་བ་ལ་དགོངས་པ་ཡིན་གྱི། ངེས་པའི་དོན་དུ་ན་རྣམ་པ་དྲུག་ཏུ་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར། གསུམ་པོ་ཡང་ནི་དྲུག་ཡིན་ནོ། །ཞེས་འོག་ཏུ་གསུངས་པ་སྟེ། སྔར་གྱི་གསུམ་པོ་རེ་རེ་ལ་
ཡང་གཉིས་གཉིས་སུ་འགྱུར་བའོ། །ཡང་ན་བྱས་པ་རྟོགས་པའི་ས་ཞེས་པས་མཚོན་པ། ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་དང་སྐྱེ་བ་གཉིས་ནི་གསུམ་དུ་འགྱུར་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་དང་། དེ་བཞིན་གཤེགས་པའི་སའོ། །དེ་ལ་སྔ་མ་གཉིས་ནི་ཕྱིན་ཅི་ལོག་
པ་ཡིན་ལ། དེ་བཞིན་གཤེགས་པ་ནི་ཕྱིན་ཅི་མ་ལོག་པ་སྟེ། ཇི་སྐད་དུ། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམས་བཞིན་དུ་ཤེས་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །བཞི་པོ་ཡང་ནི་ལྔ་པོ་ཡིན། །ཞེས་པ་ནི་སྤྱིར་འཕགས་པའི་
གང་ཟག་སྡེ་བཞི་སྟེ། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་ལ་ཉན་ཐོས་ནི་སྔར་འདི་ཉིད་དུ་གསུངས་པ་ལྟར་ཞི་བ་བགྲོད་པ་གཅིག་པུ་པ་དང་། བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པ་སྟེ། དེ་ལྟར་ན་རྣམ་པ་
Vol. 122 · folio 241b
ལྔ་རུ་འགྱུར་བའོ། །གལ་ཏེ་དེ་ལྟར་ན་སྤྲུལ་པའི་ཉན་ཐོས་ཀྱང་སྔར་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་བྱང་ཆུབ་སེམས་དཔའ་ཉིད་ཡིན་ནོ་ཞེས་སྔར་བསྟན་ནོ། །འདིར་དངོས་སུ་གང་ཟག་གི་དབྱེ་བ་བསྟན་པས་ཀྱང་དེ་རྣམས་གང་ལ་གནས་པའི་ས་དང་། ཐེག་པའི་དབྱེ་བ་ཡང་བསྟན་པའོ། །
ས་དང་ཐེག་པ་ཡང་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཉིད་ལ་འཇོག་པས་ཐ་དད་པ་ཉིད་དུ་བསམ་པར་མི་བྱའོ། །འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ལས་ལེའུ་བཞི་པའི་རྣམ་པར་བཤད་པ་རྫོགས་སོ།། །།དེ་ནས་ཡང་ཞེས་པ་ལ་སོགས་
པས་ཐོབ་པར་བྱ་བའི་འབྲས་བུ་སངས་རྒྱས་ཀྱི་རང་བཞིན་སྔར་བསྟན་པ་དེ་ཉིད་ཚུལ་གཞན་གྱི་སྒོ་ནས་བསྡུས་ཏེ་སྟོན་པ་ལས། དང་པོར་དྲི་བ་དགོད་པའོ། །བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་པས་ལན་རྒྱས་པར་བསྟན་ཏེ། དེའི་དོན་ཡང་དེ་བཞིན་གཤེགས་པ་ནི་རྟག་པའི་དངོས་པོར་མི་
འཐད་དེ། དེ་ལྟ་ན་གཞན་དག་གིས་དབང་ཕྱུག་རྟག་པ་ཐམས་ཅད་མཁྱེན་ཅིང་བྱེད་པས་འགྲོ་བ་ཐམས་ཅད་ཀྱི་རྒྱུར་བརྟགས་པ་ལ་སོགས་པ་དང་ཁྱད་པར་མེད་པར་འགྱུར་བའོ། །གལ་ཏེ་འདིར་དེ་དང་འདྲ་བ་ནི་འབྲས་བུ་རིམ་པ་ཅན་ལ་སྦྱོར་བར་བྱེད་པ་དང་། ཤེས་བྱའི་ཡུལ་རིམ་པ་ཅན་
ལ་འཇུག་པས་རྟག་པ་དང་གཅིག་པུའི་བདག་ཉིད་དུ་མི་འཐད་དེ། འབྲས་བུ་རིམ་ཅན་ཉིད་སྦྱོར་བས། །རྟག་རྣམས་གཅིག་པུའི་བདག་ཉིད་མིན། །ཞེས་གསུངས་པ་ལྟ་བུའོ་ཞེ་ན། མ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་ཅིང་འགྲོ་བ་ཐམས་ཅད་ཀྱི་དོན་བྱེད་པར་ཁས་
ལེན་པ་ལ་ཡང་མཚུངས་པའི་ཕྱིར་རོ། །མ་བྱས་པ་རྟག་པའི་ཕྱིར་ཞེས་པ་ནི་དེ་འདྲ་བའི་རང་བཞིན་དུ་གཞན་ལས་ཁྱད་པར་མེད་པར་འགྱུར་བའི་ཕྱིར། དེ་བཞིན་གཤེགས་པ་ནི་རྟག་པའང་མ་ཡིན་ཞེས་པའོ། །ཡང་གཞན་དག་དེ་བཞིན་གཤེགས་པ་ནི་གྲོང་ཁྱེར་རྩྭ་མཆོག་ཤིང་སཱ་ལ་ཟུང་གི་
ཚལ་དུ་ལྷག་མ་མེད་པར་མྱ་ངན་ལས་འདའ་བར་འགྱུར་བ་མི་རྟག་པའི་རང་བཞིན་ཡིན་ནོ་སྙམ་ན་མ་ཡིན་ཏེ། དེ་ལྟར་ན་འདུས་བྱས་པའི་མི་རྟག་པ་དུས་ཀྱི་མཐར་འཇིག་པ་དང་། དང་པོ་ཉིད་ནས་སྐད་ཅིག་མའི་དངོས་པོར་འགྱུར་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པའི་ཟག་པ་མེད་པའི་ཕུང་པོར་
Vol. 122 · folio 242a
གྲགས་པ་དང་། མཚན་ཉིད་དང་ལྡན་པའི་མཚན་བཞི་རྣམས་ཞིག་པས་མེད་པའི་ཕྱིར་ཆད་པར་འགྱུར་ཞེས་པའོ། །དེ་ལྟར་འདོད་པའོ་ཞེ་ན། མི་འཐད་དེ། དེ་ལྟ་ན་དེའི་དོན་དུ་བསྐལ་པ་དུ་མར་ཚོགས་རྫོགས་པར་བྱེད་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་དེ་དག་
ནི་འཆི་བདག་གི་བདུད་ལ་སོགས་པ་བཅོམ་པས་ཚུལ་དེ་ལྟར་མྱ་ངན་ལས་འདའ་བ་མ་ཡིན་ཏེ། ཇི་སྐད་དུ། མྱ་ངན་མི་འདའ་འདའ་ལ་མིན། །ཞེས་པ་ལ་སོགས་པ་སྔར་བསྟན་པ་བཞིན་ནོ། །གལ་ཏེ་འདིར་གཞན་དག་བྱས་པ་ནི་མི་རྟག་པར་འགྱུར་བའི་ངེས་པ་མེད་དེ། རྡོ་རྗེ་དང་རི་ལ་སོགས་པ་
བཞིན་ནོ་སྙམ་དུ་སེམས་ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་ལན་དུ་སྦྱར་བར་བྱའོ། །གཞན་ཡང་དེ་བཞིན་གཤེགས་པ་བྱམས་པས་མི་རྟག་ཅིང་རྒྱུན་ཆད་པར་འགྱུར་བའི་ཕྱིར། དེའི་ཆེད་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་ཡང་དོན་མེད་པར་འགྱུར་རོ། །ཡང་ན་ངག་
འདིའི་དོན་ནི་དེ་བཞིན་གཤེགས་པ་རང་བཞིན་གྱིས་ཡོད་ན་སྔར་བསྟན་པ་ལྟར་མེད་པ་ཉིད་དུ་འགྱུར་བ་མི་འཐད་པ་ལས། དེ་ལྟར་མེད་པར་འགྱུར་ན་རང་བཞིན་གྱིས་ཡོད་པ་མ་ཡིན་པས་དེའི་ཡེ་ཤེས་ཆོས་ཀྱི་སྐུའི་ཚོགས་རྣམས་དོན་མེད་པ་སྟེ། བདེན་པའི་དོན་ཉིད་དུ་མ་གྲུབ་པར་འགྱུར་ཞེས་
པའོ། །གཞན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པ་འདུས་བྱས་པའི་དངོས་པོ་གཞན་ལས། འགའ་ཞིག་ཁོ་ན་དེ་བཞིན་གཤེགས་པར་འདོད་པའི་བྱེ་བྲག་གི་གཏན་ཚིགས་མེད་པའི་ཕྱིར། ཐམས་ཅད་ཁྱད་པར་མེད་པར་དེ་བཞིན་གཤེགས་པར་འགྱུར་རོ། །གལ་ཏེ་བྱེ་བྲག་
གི་གཏན་ཚིགས་མེད་པ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་ཚོགས་གཉིས་རྫོགས་པ་ལས་བྱུང་བ་སྤངས་པ་དང་ཐོབ་པའི་ཡོན་ཏན་མཐར་ཐུག་པའི་ཕྱིར། གཞན་དང་མཚུངས་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་སྔར་བསྟན་པ་ལྟར་དུས་ཀྱི་མཐར་འཆི་བའི་ཆོས་ཅན་དུ་འགྱུར་བས་རྡོ་རྗེ་ལྟ་བུའི་
སྐུ་ཐོབ་པ་མེད་པའི་ཕྱིར་ཕུང་པོ་དང་འཆི་བདག་གི་བདུད་ལ་སོགས་པ་བཅོམ་པ་མེད་ཅིང་། ཚེ་ལ་དབང་བ་ལ་སོགས་པ་མི་ཐོབ་པས་སྤངས་པ་དང་ཐོབ་པའི་ཡོན་ཏན་མཐར་ཐུག་པ་མེད་པའི་ཕྱིར། ཇི་ལྟར་ན་གཞན་དང་མི་མཚུངས་ཞེས་པའོ། །གཞན་ཡང་རྟག་པ་ནི་འབྲས་བུས་མི་འཐད་པའི་ཕྱིར།
Vol. 122 · folio 242b
དེའི་དོན་དུ་ཚོགས་སོག་པ་མི་འཐད་དོ། །གཞན་ཡང་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་མེད་པར་དགག་པའི་རང་བཞིན་འགྱུར་བ་མེད་པ་ཙམ་ལ་རྟག་པ་ཉིད་དུ་ཁས་ལེན་པ་མི་འཐད་ཅེས་པ་སྟེ། གཞུང་གི་དོན་ནི་ཤེས་པར་ཟད་དོ། །གཞན་ཡང་བློ་གྲོས་
ཆེན་པོ་རྣམ་གྲངས་གང་གིས་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་བདག་ཉིད་ནི་རྒྱུན་ལ་ཉམས་པ་མེད་པས་རྟག་པའོ། །གལ་ཏེ་དེ་ནི་རྒྱུ་ཚོགས་གཉིས་ཀྱིས་མངོན་པར་འདུ་བྱས་པའི་ཕྱིར་རྟག་པར་འགལ་ལོ་ཞེ་ན། མ་ཡིན་ཏེ། ཚོགས་གཉིས་རྫོགས་པར་བྱས་
པས་ནི་དེའི་མི་མཐུན་པའི་ཕྱོགས་གློ་བུར་གྱི་དྲི་མ་སྦྱངས་པ་འབའ་ཞིག་ཏུ་ཟད་ཀྱི། དེའི་རང་བཞིན་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་ནི། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། དང་པོ་ཉིད་ནས་ཐམས་ཅད་ཀྱི་སེམས་ལ་ལྡན་ཅིང་གནས་པའོ། །འདིར་མངོན་པར་
རྟོགས་པ་རྣམས་ཞེས་པ་ནི་དེ་དག་གི་སེམས་སོ། །ཆོས་ཉིད་ནི་ཡེ་ཤེས་ཀྱི་དེ་བཞིན་ཉིད་དོན་དམ་པར་སྟོང་པའོ། །ཆོས་མི་འགྱུར་བ་ནི་དོན་དམ་པར་སྟོང་ཡང་མྱོང་ཞིང་རིག་པ་མ་འགགས་པ་སྟེ། རིག་པ་དང་སྟོང་པ་ཟུང་དུ་འཇུག་པའོ། །ཆོས་གནས་པ་ནི་དེ་ཉིད་ཀྱི་རྣམ་གྲངས་སོ། །འདུག་
ཅེས་པ་ནི་རྟག་ཏུ་ཐམས་ཅད་ཀྱི་སེམས་ལ་གནས་པའོ། །དེས་ན་ནམ་མཁའ་ལ་ཐོགས་པར་བྱེད་པའི་དངོས་པོ་དང་བྲལ་བའི་ཆོས་ཉིད་ནི་གནས་སྐབས་ཐམས་ཅད་དུ་མི་འགྱུར་བ་དང་མཚུངས་པ་སྟེ། བྱིས་པའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་མི་ཆུད་ཅེས་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་
སོགས་པས་ནི་དེ་བཞིན་གཤེགས་པའི་རང་བཞིན་བསྡུས་ཏེ་བསྟན་པའོ། །རབ་ཏུ་ཕྱེ་ཞེས་པ་ནི་དེ་དག་གིས་ཁྱབ་ཅིང་དེའི་རང་བཞིན་དུ་གྱུར་པའོ། །གཞན་ནི་ཤེས་པར་ཟད་དོ། །བློ་གྲོས་ཆེན་པོ་གཉིས་ཡོད་ན་ཞེས་པ་ལ་སོགས་པས་ཚུལ་གཞན་གྱི་སྒོ་ནས་རྟག་པ་དང་། མི་རྟག་པ་ཉིད་དུ་འགྱུར་
བ་འགོག་པ་སྟེ། སྤྱིར་ཁྱབ་པར་བྱེད་པ་གཉིས་པའི་ཆོས་གཅིག་དང་ལྡན་ན། ཁྱབ་པར་བྱ་བ་རྟག་པ་ཉིད་དུ་འགྱུར་བ་ཡང་མི་སྲིད་པ་ལས། དེ་འདྲ་བའི་ཁྱབ་བྱེད་མི་འཐད་པས་གཉིས་པོ་དབེན་པ་སྟེ། དེ་བཞིན་གཤེགས་པ་གཉིས་སུ་སྣང་ཡང་གཉིས་ཀྱི་དངོས་པོ་དོན་དམ་པ་བས་
Vol. 122 · folio 243a
དབེན་པའོ། །བློ་གྲོས་ཆེན་པོ་རྣམ་པར་རྟོག་པ་ཞེས་པ་ལ་སོགས་པས་ནི་ཕྱིན་ཅི་ལོག་གི་རྟོག་པ་ཟད་པས་དེ་འདྲ་བའི་ལྟ་བ་ལྡོག་པར་འགྱུར་གྱི། དབེན་པར་རྟོགས་པའི་ཤེས་རབ་ཀྱི་བློ་ཟད་པས་ནི་ཕྱིན་ཅི་ལོག་གི་ལྟ་བ་ལྡོག་པ་ནི་མ་ཡིན་ཏེ། ཤེས་རབ་ཀྱི་བློ་ནི་ཕྱིན་ཅི་ལོག་གི་ལྟ་བའི་
གཉེན་པོར་འགྱུར་བའོ། །དེ་ལ་ཞེས་པ་ལ་སོགས་པས་དོན་བསྡུས་ཏེ་སྟོན་པའོ། །རྟག་དང་མི་རྟག་རབ་ཕྱེ་བར། །ཞེས་པ་ནི་ཡེ་ཤེས་རྒྱུན་དང་ལྡན་པས་རྟག་པའམ། དེའི་ཆོས་ཉིད་འགྱུར་བ་མེད་པས་རྟག་པ་དང་། ཡང་ཀུན་རྫོབ་ཏུ་ཡེ་ཤེས་སྐད་ཅིག་མ་ཉིད་ཡིན་པས་དེ་དག་གིས་རབ་ཏུ་ཕྱེ་ཞིང་ཁྱབ་
པར་གནས་ཞེས་པའོ། །དེ་དག་ལྟ་བའི་དབང་མི་འགྲོ། །ཞེས་པ་ནི་སེམས་ལོག་པར་ལྟ་བའི་དབང་དུ་མི་འགྲོ་བའོ། །རྟག་པ་དང་ཞེས་པ་ལ་སོགས་པའི་དོན་ནི་རྟག་པ་དང་མི་རྟག་པ་གང་ཡིན་ཡང་རུང་སྟེ། རང་རང་གི་རྒྱུད་ལ་ཚོགས་གཉིས་སྡུད་ཅིང་སོགས་པ་དོན་མེད་པར་འགྱུར་བའོ། །ཇི་སྲིད་དུ་ཡང་
ཞེས་པ་ལ་སོགས་པས་ནི་དེ་ཁོ་ན་ཉིད་དུ་ཕྱོགས་ཆ་འགའ་ཞིག་ཁས་ལེན་པ་དེ་སྲིད་དུ་ལོག་པའི་མུ་སྟེགས་ཅན་ལ་སོགས་པ་དང་འདྲེས་པར་འགྱུར་ཞེས་པའོ། །རྩོད་པ་བརྩད་པར་མི་བྱ་ཞེས་པ་ནི་དེ་འདྲ་བའི་དོན་ཟབ་མོ་ལ་ཐེ་ཚོམ་མི་ཟ་བ་ཉིད་དུ་གདམས་པའོ། །འཕགས་པ་ལང་ཀར་གཤེགས་པའི་
འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ལས་ལེའུ་ལྔ་པའི་འགྲེལ་པ་རྫོགས་སོ།། །།དེ་ནས་ཡང་ཞེས་པ་ལ་སོགས་པས་སྔར་བསྟན་པ་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཚུལ་གཞན་གྱི་སྒོ་ནས་རྒྱས་པར་སྟོན་པ་ལས། དང་པོར་དྲི་བའི་དོན་ནི། སེམས་ཅན་རྣམས་ལ་
རྟག་པའི་རང་བཞིན་འགའ་ཞིག་མ་མཆིས་ན། གང་ཞིག་འཁོར་བར་འཇུག་པ་དང་ལྡོག་པར་འགྱུར་ཏེ། སེམས་ཀྱི་རང་བཞིན་སྐད་ཅིག་མ་ནི་ཟག་པ་དང་བཅས་པའི་ལས་མངོན་པར་འདུ་བྱས་པ་ན་འཇིག་པར་འགྱུར་བའི་ཕྱིར་མེད་པས་སྐྱེ་བ་གཞན་དུ་རྣམ་པར་སྨིན་པའི་ལུས་ལེན་པ་མི་འཐད་
ཅིང་། ཡང་འཁོར་བའི་གཉེན་པོ་མངོན་པར་འདུས་བྱས་པ་ན་ཡང་ཞིག་ནས་མེད་པའི་ཕྱིར་དེས་སྐྱེ་བ་གཞན་དུ་འཁོར་བ་ལས་ལྡོག་ཅིང་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པ་མི་འཐད་ཅེས་པའོ། །བྱིས་པ་རྣམས་ནི་འཇུག་པ་དང་ལྡོག་པ་ལ་གནས་པས་ཞེས་པ་ལས་སོ། །དུས་ཕྱིས་གཉེན་པོ་མངོན་
Vol. 122 · folio 243b
དུ་བྱས་པའི་དུས་ན་འཁོར་བ་ལས་ལྡོག་པས་དེ་ལྟར་འདུག་པ་དང་ལྡོག་པའི་རྟེན་བདག་རྟག་པ་འགའ་ཞིག་སེམས་ཅན་རྣམས་ལ་ཡོད་ཅེས་པའོ། །སྡུག་བསྔལ་ཟད་པ་ཁོང་དུ་མ་ཆུད་ཅེས་པ་ནི་འཁོར་བར་འཇུག་པའི་ཕྱོགས་ལ་གནས་པས་བྱིས་པ་རྣམས་ལ་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་
མྱ་ངན་ལས་འདས་པ་མེད་ཅེས་པའོ། །རྣམ་པ་གཅིག་ཏུ་ན་འཇུག་པ་དང་ལྡོག་པ་ནི་འགྲོ་བའི་ཁྱད་པར་དེ་དང་དེ་དག་གི་ལུས་ལེན་ཅིང་འདོར་བ་སྟེ། དེ་ལྟར་ན་སྡུག་བསྔལ་ཟད་པ་ཁོང་དུ་མ་ཆུད་ཅེས་པའི་དོན་ཤིན་ཏུ་འགྲིག་པར་འགྱུར་རོ། །འདིར་ལན་གྱི་དོན་ནི་བདག་རྟག་པའི་ངོ་བོ་མེད་ཀྱང་དེ་
བཞིན་གཤེགས་པའི་སྙིང་པོ་ཀུན་གཞི་རྣམ་པར་ཤེས་པ་ཐོག་མ་མེད་པའི་དུས་ན་གནས་ཤིང་རྒྱུན་དང་ལྡན་པ་ནི་སེམས་ཅན་ཐམས་ཅད་ལ་ཡོད་པས་དེ་ལ་བརྟེན་ནས་མ་རིག་པའི་རྐྱེན་གྱི་ལས་མངོན་པར་འདུ་བྱས་ཤིང་། དེ་ཉིད་སྲེད་པའི་རླན་གྱིས་བཙས་པས་ན་སྐྱེ་བ་གཞན་དུ་ཟག་པ་དང་བཅས་པའི་
ཕུང་པོ་མངོན་པར་འགྲུབ་ཅིང་། རྣམ་པར་སྨིན་པ་མྱོང་བ་སྟེ། ལས་ཀུན་ནས་སློང་བ་ཀུན་གཞི་རྣམ་པར་ཤེས་པའི་སྐད་ཅིག་མ་འགགས་སུ་ཟིན་ཀྱང་། དེའི་རྒྱུན་རྒྱུད་མ་འགགས་ཤིང་དེ་ཉིད་ཀྱིས་རྣམ་པར་སྨིན་པ་མྱོང་བས་འཁོར་བར་འཇུག་པ་འཐད་དེ། རྒྱུན་གཅིག་ལ་ནི་བརྟེན་ནས་སུ། །བྱེད་
པ་སྤྱོད་པ་ཞེས་བྱར་བསྟན། །ཞེས་གསུངས་པ་ལྟ་བུའོ། །འཁོར་བ་ལས་ལྡོག་ཅིང་མྱ་ངན་ལས་འདས་པ་ཐོབ་པའི་ཚུལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཡང་འདིར་དོན་དམ་པར་ན་རྒྱུན་ཅན་གྱི་སྐད་ཅིག་མ་ལས་མ་གཏོགས་པ་རྒྱུན་གཅིག་པ་ནི་འགའ་ཡང་མེད་མོད་ཀྱི། དེ་ལྟར་རྣམ་
པར་དཔྱད་པའི་དོན་ནི་འཇུག་པ་དང་ལྡོག་པའི་ཆོས་གང་ཡང་ཁས་མི་ལེན་ལ། རྣམ་པར་གཞག་པ་ཙམ་དུ་སྔ་མ་ལྟར་སྐྱོན་མེད་པའོ། །དགེ་བ་དང་མི་(དག་‚དགེ་)བའི་རྒྱུར་གྱུར་པ་ཞེས་པ་ལ་སོགས་པའི་དོན་ནི་དེ་འདྲ་བའི་ལས་ཀུན་ནས་སློང་བར་བྱེད་པ་སྟེ། དེ་ཡང་ལས་ཀྱི་བག་ཆགས་དང་ལྡན་པས་
སོ། །དེ་ལས་དུས་གཞན་དུ་སྐྱེ་བ་རྣམ་པ་བཞི་དང་། འགྲོ་བ་ལྔ་འམ་དྲུག་གི་ལུས་ཐམས་ཅད་འཛིན་པར་བྱེད་པ་དང་། ཡང་ཀུན་གཞི་དེ་ཉིད་ཕྱི་རོལ་པ་རྣམས་ཀྱིས་བདག་ཏུ་འཛིན་པའི་གཞི་ཡིན་པ་ལ་དེ་འདྲ་བའི་རང་བཞིན་སྤངས་ཤིང་། དེ་ལ་འཇུག་པའི་རྣམ་པར་ཤེས་པ་སྣ་ཚོགས་མྱུར་དུ་
Vol. 122 · folio 244a
འཇུག་ཅིང་། དེ་ཉིད་ཀྱིས་འགྲོ་བ་ཉམ་ང་བ་སྟེ། ངན་སོང་གསུམ་གྱི་རྟེན་ལ་སོགས་པར་འཇུག་པའོ། །དེ་ལྟར་ཀུན་གཞིའི་རང་བཞིན་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ་ཁོང་དུ་མ་ཆུད་ཅིང་། ཀུན་རྫོབ་ཙམ་དུ་དེ་འདྲ་བའི་ཉེ་བར་ལེན་པ་ལ་བརྟེན་ནས། དང་པོ་མ་རིག་
པ་ནས་བཟུང་སྟེ་གསུམ་འདུས་པའི་རྐྱེན་གྱི་བྱ་བ་རེག་པ་དང་། ཚོར་བ་ལ་སོགས་པ་སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་ཚུལ་གྱིས་འཁོར་བར་འཇུག་པ་ཡིན་པ་ལ། དབང་ཕྱུག་ལ་སོགས་པའི་རྒྱུ་ལ་མངོན་པར་ཞེན་པའི་མུ་སྟེགས་ཅན་རྣམས་ཀྱིས་ཁོང་དུ་མི་ཆུད་དེ། སྐྱེ་འགྲོ་ཐམས་ཅད་དབང་ཕྱུག་
ལ་སོགས་པས་བྱས་པར་སྨྲ་བའོ། །ཐོག་མ་མེད་པ་ཞེས་པ་ལ་སོགས་པས་ནི་སྔར་གྱི་དོན་དེ་ཉིད་རྒྱས་པར་སྟོན་པ་སྟེ། མ་རིག་པའི་གནས་ནི་མ་རིག་པས་བསྡུས་པ་རྣམ་པར་ཤེས་པ་རྣམས་ཀྱི་བག་ཆགས་སོ། །གཞན་ནི་ཕལ་ཆེར་སྔར་བཤད་ཟིན་ཏོ། །ལུས་རྒྱུན་མི་འཆད་ཅེས་པ་ནི་ཀུན་
གཞི་ཉིད་ཀྱི་ལུས་སམ། སྐྱེ་འགྲོ་བའི་ལུས་སོ། །དེ་ལྟར་རྒྱུན་མི་འཆད་པ་ཉིད་ཀྱིས་མི་རྟག་པའི་ཉེས་པ་དང་བྲལ་བ་སྟེ། མི་རྟག་པ་ཉིད་ཀྱི་ཕྱིར་འཁོར་བར་འཇུག་པ་ལ་སོགས་པ་མི་འཐད་ཅེས་པའི་ཉེས་པ་ལས་གྲོལ་བའོ། །བདག་ཏུ་སྨྲ་བ་ལས་རྣམ་པར་ལོག་པ་ནི་བདག་དང་བདག་གི་
སྤངས་པ་ཞེས་པ་དང་སྦྱར་རོ། །དེ་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་རང་བཞིན་གྱིས་རྣམ་པར་དག་ཅིང་། གློ་བུར་གྱི་དྲི་མ་དང་བཅས་པའོ། །དེ་ལྟར་ཀུན་གཞི་རྒྱུན་དང་ལྡན་པས་འཁོར་བར་འཇུག་པ་ལ་སོགས་པ་འཐད་ཀྱི། དེ་མ་ཡིན་པ་འཇུག་པའི་རྣམ་པར་ཤེས་པ་ནི་རྒྱུན་དང་
མི་ལྡན་པས་སྔར་གྱི་ཉེས་པར་འགྱུར་བའི་ཕྱིར་འཁོར་བར་འཇུག་པ་ལ་སོགས་པ་མི་འཐད་ཅེས་པའོ། །སྐད་ཅིག་མ་ཡིན་ཅེས་པའི་དོན་ནི་དུས་ཀྱི་མཐའི་སྐད་ཅིག་པ་དང་། བྱ་བ་རྫོགས་པའི་སྐད་ཅིག་གཉིས་ཆར་དང་འབྲེལ་པའོ། །དབྱིབས་ཀྱི་ཆ་བྱད་ཅེས་པ་ནི་དབྱིབས་ཀྱི་ཆ་བྱད་དོ། །བདེ་
བ་དང་སྡུག་བསྔལ་མི་མྱོང་བར་ཐར་པའི་རྒྱུ་མ་ཡིན་ཞེས་པ་ནི་མྱ་ངན་ལས་འདས་པ་ཚོར་བ་བཏང་སྙོམས་ཀྱིས་ཡོངས་སུ་ཟིན་པས་བདེ་སྡུག་མི་མྱོང་བ་ཡིན་ལ། དེ་འདྲ་བའི་རྒྱུར་འཇུག་པའི་རྣམ་པར་ཤེས་པ་མི་འཐད་ཅེས་པ་སྟེ། ཉེར་ལེན་དུ་མི་འཐད་པའོ། །བསྐྱེད་ཅིང་སྐྱེད་པར་བྱེད་
Vol. 122 · folio 244b
ཅེས་པ་ནི་སྔར་རྣམ་པར་ཤེས་པ་རྣམས་ཀྱི་རྐྱེན་བཞི་བསྟན་པ་དེ་དག་གི་ཁོངས་སུ་གཏོགས་པའི་རྐྱེན་དེ་དག་གིས་སྔར་སྐྱེད་ཅིང་ཕྱིས་ཀྱང་སྐྱེད་པར་བྱེད་པའོ། །དེའི་རྒྱུ་ལ་དམིགས་ཞེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱི་རྒྱུ་ནི་ཀུན་གཞི་ཡིན་ལ། དེ་ཉིད་ལ་དམིགས་པ་ཉིད་དུ་ཡང་སྔར་བསྟན་པའོ། །
ཟིན་པའི་ཞེས་པ་ལ་སོགས་པས་ནི་འཁོར་བ་ལས་ལྡོག་པ་བཏགས་པའི་རང་བཞིན་གྱི་མྱ་ངན་ལས་འདས་པ་སྟོན་པ་སྟེ། དེ་ལ་ཟིན་པའི་དབང་པོ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་དབང་དུ་བྱས་ན་སེམས་ཀྱིས་ཟིན་པའི་ཕྱིར་གཟུགས་ཅན་གྱི་དབང་པོ་དང་། དེ་ལ་བརྟེན་པའི་རྣམ་
ཤེས་ལྔའི་ཚོགས་དང་། ཡིད་ཀྱི་རྣམ་པར་ཤེས་པ་རྣམས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པའམ། འགོག་པའི་སྙོམས་པར་འཇུག་པའི་དུས་སུ་འགགས་ཤིང་ཟད་ནས། དེ་མ་ཐག་ཏུ་དེ་དག་གི་རིགས་ཀྱང་མི་སྐྱེ་ཞིང་། དེ་ལས་གཞན་དག་ཀྱང་མི་འཇུག་པའི་ཕྱིར་
རང་གི་བློའི་རྣམ་པར་རྟོག་པ་བདེ་བ་དང་སྡུག་བསྔལ་མི་མྱོང་བ་སྟེ། མིག་ལ་སོགས་པའི་བློ་དང་། ཡིད་ཀྱི་རྣམ་པར་རྟོག་པའི་བདག་ཉིད་དུ་གྱུར་པའམ། དེ་ལས་བྱུང་བའི་བདེ་སྡུག་མི་མྱོང་བ་སྟེ། དེ་འདྲ་བའི་འགོག་པ་ལ་སྙོམས་པར་ཞུགས་པ་ལ་རྣམ་པར་ཐར་པའི་བློར་འགྱུར་
ཞེས་པ་སྟེ། སྔར་བསྟན་པ་ལྟར་མྱ་ངན་ལས་འདས་པའི་བློར་འགྱུར་བའོ། །སུ་ཞིག་དེ་ལྟར་འགྱུར་སྙམ་དུ་སེམས་ན། བསམ་གཏན་བཞི་དང་ཞེས་པ་ལ་སོགས་པའོ། །དེ་ལ་འདིར་འཇིག་རྟེན་པའི་བསམ་གཏན་ལ་མཁས་པ་འགའ་ཞིག་ནི་འདུ་ཤེས་མེད་པ་ལ་ཡང་ཐར་པའི་
བློར་འགྱུར་བའོ། །ཡང་འདིར་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་པ་རྣམས་ཀྱི་དབང་དུ་བྱས་ན་རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པའི་དབང་པོའི་བྱེད་པ་དང་། འཇུག་པའི་རྣམ་པར་ཤེས་པ་འགགས་ནས་ཞེས་པ་ལ་སོགས་པ་སྔ་མ་བཞིན་དུ་སྦྱར་བར་བྱའོ། །དེ་ལ་བསམ་གཏན་བཞི་ནི་དང་པོ་
དང་གཉིས་པ་ལ་སོགས་པ་ཡིན་ལ། དེ་ཡང་འདིར་རྣམ་པ་གསུམ་གྱི་སྒོ་ནས་ཤེས་པར་བྱས་ཏེ། དེ་རྣམས་གང་ལས་ཐོབ་པའི་རྒྱུ་བསམ་གཏན་གྱི་ཉེར་བསྡོགས་དང་། དེ་རྣམས་རྣམ་པར་འབྱེད་པའི་རྒྱུ་མཚན་ཡན་ལག་དང་། ཡན་ལག་ཉེ་བར་བསྡུ་བའོ། །དེ་ལ་དང་པོ་ཉེར་
Vol. 122 · folio 245a
བསྡོགས་ནི་རེ་རེ་ལ་ཡང་རྣམ་པ་དྲུག་དྲུག་གི་སྒོ་ནས་ཤེས་པར་བྱ་སྟེ། མཚན་ཉིད་རབ་ཏུ་རིག་པའི་ཡིད་ལ་བྱེད་པ་དང་། མོས་པ་ལས་བྱུང་བ་དང་། རབ་ཏུ་དབེན་པ་ཡིད་ལ་བྱེད་པ་དང་། དགའ་བ་སྡུད་པ་དང་། དཔྱོད་པ་པ་དང་། སྦྱོར་བའི་མཐའོ། །དེ་ལ་དང་པོའི་དོན་ནི་
བསམ་གཏན་དང་པོའི་དབང་དུ་བྱས་ན་འདོད་པའི་ཁམས་ལ་རགས་སོགས་ཀྱི་རྣམ་པར་ཡིད་ལ་བྱེད་ཅིང་། བསམ་གཏན་དང་པོ་ལ་ཞི་བའི་རྣམ་པར་སྒོམ་པ་འདོད་པའི་ཁམས་ཀྱི་ཐོས་པ་དང་། བསམ་པའི་ཤེས་རབ་དང་འདྲེས་པས་ཏེ། ཤེས་རབ་དེ་ཉིད་ཀྱི་ཞི་རགས་ཀྱི་མཚན་ཉིད་ཇི་ལྟ་བ་བཞིན་རིག་
པས་མཚན་ཉིད་རབ་ཏུ་རིག་པ་ཞེས་བྱའོ། །རགས་པ་དང་ཞི་བ་ཡང་གོ་རིམས་བཞིན་དུ་ཁམས་འོག་མ་ནི་ཚེ་ཐུང་ཞིང་སྡུག་བསྔལ་དང་ཉོན་མོངས་པ་མང་ལ། གོང་མ་ནི་དེ་ལས་བཟློག་པའོ། །འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལྟར་སྒོམ་པ་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། ཀུན་རྫོབ་
ཏུ་དེ་ལྟར་ཡིད་ལ་བྱེད་ཅིང་དོན་དམ་པར་དེ་འདྲ་བའི་དངོས་པོར་མི་ཞེན་པའོ། །ཡིད་ལ་བྱེད་པ་འདིས་ཀྱང་ཁམས་འོག་མ་ལ་སྐྱོ་ཞིང་གོང་མ་ལ་མངོན་པར་འདོད་པས་དེའི་ཐབས་ལ་འཇུག་པའི་ཡན་ལག་ཙམ་དུ་འགྱུར་གྱི། དངོས་སུ་ནི་དབུགས་འབྱུང་རྔུབ་རྗེས་སུ་དྲན་པ་ལ་སོགས་པ་ཞི་གནས་
ཀྱི་རྒྱུ་མཚན་ཡིད་ལ་བྱེད་པ་ལས་དེ་འདྲ་བའི་བསམ་གཏན་ཐོབ་པར་གསུང་རབ་དག་ལས་བཤད་དོ། །མོས་པ་ལས་བྱུང་བ་ནི་ཐོས་བསམ་གྱི་ཤེས་རབ་དང་མ་འདྲེས་པར་རྩེ་གཅིག་པའི་ཏིང་ངེ་འཛིན་འབའ་ཞིག་པའོ། །དེ་འདྲ་བའི་ཡིད་ལ་བྱེད་པ་ལས་འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་
བའི་ཉོན་མོངས་པ་ཆེན་པོ་སྤོང་ཞིང་དེས་དབེན་པའི་ཡིད་ལ་བྱེད་པ་ནི་རབ་ཏུ་དབེན་པའོ། །དེ་ལྟར་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བས་རེག་པས་སྤོང་བར་དགའ་ཞིང་སྤོང་བ་ལ་ཕན་ཡོན་དུ་མཐོང་ནས་དད་པས་ཡིད་ལ་བྱེད་པ་སྒོམ་པ་ནི་དགའ་བ་སྡུད་པ་ཞེས་བྱ་སྟེ། ཉོན་མོངས་པ་འབྲིང་
པོ་སྤོང་བར་བྱེད་པའོ། །དེའི་རྗེས་ལ་ཉོན་མོངས་པ་ཐམས་ཅད་སྤང་བར་འདོད་པས་དེ་རྣམས་སྤངས་པ་དང་མ་སྤངས་པ་བརྟག་པར་བྱ་བའི་དོན་དུ་ཉོན་མོངས་པ་སྐྱེ་བ་དང་རྗེས་སུ་མཐུན་པའི་ཡུལ་ཡིད་ལ་བྱེད་པས་སྒོམ་པར་འགྱུར་ཞིང་དཔྱོད་པ་ཡིད་ལ་བྱེད་པ་ནི་དཔྱོད་པ་པའོ། །དེར་ཉོན་
Vol. 122 · folio 245b
མོངས་པ་སྐྱེ་བའི་མཚན་མ་མཐོང་ནས་དེ་དག་སྤང་བར་བྱ་བའི་དོན་དུ་སྔ་མ་ལྟར་ཞི་རགས་ཀྱི་རྣམ་པར་སྒོམ་པ་ནི་སྦྱོར་བའི་མཐའ་པའོ། །སྦྱོར་བའི་མཐའི་འབྲས་བུ་ནི་དེ་རྣམས་ཀྱིས་ཐོབ་པར་བྱ་བ་དངོས་གཞི་ཉིད་ཀྱི་ཁོངས་སུ་གཏོགས་པའོ། །འདིར་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་རྒྱུན་འགའ་ཞིག་ལ་
དང་པོ་དང་གཉིས་པ་ལ་སོགས་པར་རྣམ་པ་འབྱེད་པ་མི་འཐད་དོ་ཞེ་ན། དེའི་ཡན་ལག་གི་སྒོ་ནས་རྣམ་པར་དབྱེ་བར་བྱ་སྟེ། དེ་ལ་དང་པོ་ནི་རྟོག་པ་དང་དཔྱོད་པ་དང་། དགའ་བ་དང་བདེ་བ་དང་། རྩེ་གཅིག་པ་སྟེ། ཡན་ལག་རྣམ་པ་ལྔ་དང་ལྡན་པའོ། །དེ་ལ་རྟོག་པ་དང་དཔྱོད་པ་ནི། སེམས་པ་
དང་ཤེས་རབ་ཀྱི་ཆར་གཏོགས་པ་ཚོལ་བ་པ་དང་། ངེས་པའི་རྣམ་པ་ཅན་ཡིན་ནོ་ཞེས་མངོན་པའི་བསྟན་བཅོས་དག་ལས་བཤད་དོ། །འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ནི། བསམ་གཏན་དང་པོ་དང་རྗེས་སུ་མཐུན་པའི་རྟོག་པ་སྟེ། ཆོ་ག་བཞིན་དུ་རྟོག་ཅིང་དེ་དག་ཀྱང་འདུལ་
བས་ན་རྟོག་པ་ཞེས་བྱ་སྟེ་ཞེས་པ་ལ་སོགས་པ་བཤད་ནས་རྟོག་པ་དེ་ཉིད་ལ་དཔྱོད་པ་དང་། རྣམ་པར་དཔྱོད་པ་ལ་སོགས་པ་ནི་དཔྱོད་པའོ་ཞེས་གསུངས་སོ། །དགའ་བ་དང་བདེ་བ་ནི་གོ་རིམས་བཞིན་དུ་སེམས་དང་ལུས་ཀྱི་བདེ་བ་སྟེ། དེ་ཡང་འདོད་པའི་འདོད་ཆགས་ཀྱི་དབེན་པ་ལས་སྐྱེས་
པའོ། །རྩེ་གཅིག་པ་ནི་དེ་དག་གི་གནས་ཀྱི་ཡན་ལག་སྟེ། གང་ཡང་རུང་བའི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའོ། །བསམ་གཏན་གཉིས་པ་ནི་ཡན་ལག་རྣམ་པ་བཞི་དང་ལྡན་པ་སྟེ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་དང་། ནང་རབ་ཏུ་དང་བ་དང་རྩེ་གཅིག་
པའོ། །ནང་རབ་ཏུ་དང་བ་ནི་མངོན་པའི་བསྟན་བཅོས་དག་ལས། བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་གསུམ་ལ་ཡང་བཤད་ལ། ཆོས་ཡང་དག་པར་སྡུད་པ་ལས་ནི། དཀོན་མཆོག་གསུམ་ལ་དགའ་བ་སྐྱེ་བ་སྟེ། དེ་དཀོན་མཆོག་གསུམ་ལ་དགའ་བས་དགེ་བའི་ཆོས་རྣམས་རྫོགས་པར་
འགྱུར་རོ་ཞེས་གསུངས་སོ། །ནང་རབ་ཏུ་དང་བ་ཡང་མདོ་སྡེ་དེ་ཉིད་ལས་རྟོག་དཔྱོད་ཀྱི་དྲི་མ་ལ་སོགས་པ་དང་བས་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ་སྟེ། ཇི་ལྟར་རྒྱ་མཚོ་ཆེན་པོར་འབབ་པའི་ཆུ་རྣམས་ལན་ཚྭའི་རོར་གཅིག་པ་བཞིན་དུ་རོ་གཅིག་ཏུ་གྱུར་ཏེ། ཏིང་ངེ་འཛིན་དུ་བྱེད་པའོ། །
Vol. 122 · folio 246a
ཏིང་ངེ་འཛིན་དེ་ལས་དཀོན་མཆོག་ལ་དགའ་བ་སྐྱེད་པ་ཉིད་དུ་གསུངས་སོ། །བསམ་གཏན་གསུམ་པ་ལ་ནི་ཡན་ལག་ལྔ་དང་ལྡན་པ་སྟེ། བཏང་སྙོམས་དང་དྲན་པ་དང་། ཤེས་བཞིན་དང་། དགའ་བ་མེད་པའི་བདེ་བ་དང་། རྩེ་གཅིག་པའོ། །དེ་ལ་བཏང་སྙོམས་ནི་ཉོན་
མོངས་པ་མེད་པར་གནས་པས། འབད་པ་དང་རྩོལ་བ་མེད་པར་སེམས་རྣལ་དུ་འཇུག་པའོ། །དྲན་པ་ནི་སྔར་མྱོང་བའི་དངོས་པོ་མི་བརྗེད་པའོ། །ཤེས་བཞིན་ནི་བྱ་བ་དང་བྱ་བ་མ་ཡིན་པའི་ཆ་ཡོངས་སུ་ཤེས་པའོ། །བཞི་པ་ནི་དག་པ་ཡལ་ཡལ་པ་མེད་པའི་བདེ་བའོ། །བསམ་གཏན་
བཞི་ཡན་ལག་བཞི་དང་ལྡན་པ་སྟེ། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་བཏང་སྙོམས་ཙམ་པ་སྟེ། ལུས་དང་སེམས་ལ་ཕན་པ་དང་གནོད་པར་མི་འགྱུར་བ་དང་། བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་དང་། རྩེ་གཅིག་པའོ། །དེ་ལ་ཡོངས་སུ་དག་པ་ནི་
བདེ་བ་དང་སྡུག་བསྔལ་དང་། ཡིད་བདེ་བ་དང་ཡིད་མི་བདེ་བ་ལ་སོགས་པའི་དྲི་མ་དག་ཅིང་། མཉེན་པའི་སེམས་དང་། ཡིད་དུ་འོང་བའི་སེམས་དང་། ལས་སུ་རུང་བའི་སེམས་དང་། དྲི་མ་མེད་པའི་སེམས་སུ་འདུག་པའོ་ཞེས་མདོ་ལས་བཤད་པའོ། །གཞན་ཡང་ཡོངས་སུ་དག་
པ་ནི་སྤང་བྱ་སྤོང་བའི་བྱ་བ་དང་བཅས་པ་དང་། སྤངས་པའི་རྣལ་གྲོལ་གྱི་ལམ་མོ། །ལམ་དེའི་རྒྱུན་ལ་གནས་པ་ནི་བཏང་སྙོམས་སོ་ཞེས་ཀྱང་བཤད་དོ། །ཡན་ལག་རྣམ་པར་དབྱེ་བ་ནི་དང་པོའི་དབང་དུ་བྱས་ན། རྟོག་པ་དང་དཔྱོད་པ་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་པ་སྤོང་བའི་གཉེན་པོའི་ཡན་
ལག་གོ། །དགའ་བ་དང་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་ཅེས་བྱའོ། །རྩེ་གཅིག་པ་ནི་གནས་ཀྱི་ཡན་ལག་གོ། །གཉིས་པའི་དབང་དུ་བྱས་ན་ནང་རབ་ཏུ་དང་བ་ནི་རྟོག་དཔྱོད་ལ་སོགས་པ་འོག་མའི་ཉེས་པ་སྤོང་བའི་གཉེན་པོ་ཡིན་ལ། དགའ་བདེ་ནི་ཕན་ཡོན་ནོ། །རྩེ་གཅིག་པ་ཞེས་པ་ནི་
ཐམས་ཅད་ཀྱང་སྔ་མ་དང་མཚུངས་སོ། །གསུམ་པའི་དབང་དུ་བྱས་ན། བཏང་སྙོམས་དང་། དྲན་པ་དང་ཤེས་བཞིན་ནི་སྔ་མ་ལྟར་གཉེན་པོ་ཡིན་ལ། དགའ་བ་མེད་པའི་བདེ་བ་ནི་ཕན་ཡོན་ཡིན་ནོ། །བཞི་པ་ལ་བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་ནི་འོག་མའི་ཉེས་
Vol. 122 · folio 246b
པ་སྤོང་བའི་གཉེན་པོ་ཡིན་ལ། བཏང་སྙོམས་ཙམ་པོ་ནི་ཉེས་པ་དེ་རྣམས་ཀྱིས་དབེན་པ་ཕན་ཡོན་གྱི་ཡན་ལག་གོ། །འདིར་བསམ་གཏན་གྱི་ཉེར་བསྡོགས་འདི་རྣམས་ནི། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་ཡང་སྦྱར་བར་བྱའོ། །འདི་རྣམས་ཀྱི་ཡན་ལག་ནི་བཏང་སྙོམས་དང་རྩེ་
གཅིག་པའམ། ཡང་ན་བསམ་གཏན་བཞི་པའི་ཡན་ལག་ཇི་སྙེད་པ་ནི་འདི་རྣམས་ཀྱི་ཡན་ལག་ཏུ་འགྱུར་བའོ། །འདི་རྣམས་ཀྱི་དབྱེ་བ་ནི་སྔར་བསྟན་པ་ལྟར་དམིགས་པའི་སྒོ་ནས་རབ་ཏུ་ཕྱེ་བའོ། །འདི་རྣམས་ཀྱི་སྤྲོས་པ་ཞིབ་ཏུ་ནི་ཆོས་མངོན་པའི་བསྟན་བཅོས་ལས་ཤེས་པར་བྱའོ། །ཡང་ཉན་ཐོས་
ཀྱི་ས་དང་མཉམ་པར་གཞག་པའི་ས་ལས་བཤད་པ་ནི། བསམ་གཏན་བཞི་པོ་དེ་དག་ཉིད་ཐོབ་པར་བྱེད་པའི་ཡན་ལག་བསམ་གཏན་གྱི་ཉེར་བསྡོགས་དང་། བསམ་གཏན་ཉོན་མོངས་པ་ཅན་དང་། དག་པ་འཇིག་རྟེན་པའི་བསམ་གཏན་དང་། འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་བསམ་གཏན་ཏེ།
རྣམ་པ་བཞིའོ། །དེ་ལ་དང་པོ་ནི་བསམ་གཏན་རེ་རེ་ལ་ཡང་ཡན་ལག་དྲུག་དྲུག་སྟེ། སྔར་བསྟན་པ་བཞིན་ནོ། །གཉིས་པའི་དོན་ནི་སྲེད་པ་དང་ལྟ་བ་དང་། ང་རྒྱལ་དང་མ་རིག་པ་ཤས་ཆེ་བའི་བསམ་གཏན་ཏེ། འཕགས་པ་རྣམས་ཀྱིས་བསྒོམ་པར་བྱ་བ་མ་ཡིན་ནོ། །གསུམ་པ་ནི་དེ་འདྲ་བའི་ཉེས་
པ་ལས་བཟློག་པ་ངེས་འབྱེད་དང་། མངོན་པར་ཤེས་པ་དང་། ཚད་མེད་པ་ལ་སོགས་པ་ཡོན་ཏན་དང་ལྡན་པའོ། །བཞི་པ་ནི་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དོན་ལ་རྩེ་གཅིག་ཏུ་གནས་པའོ། །སྟོང་པ་ཉིད་ལ་སོགས་
པ་ཡང་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པར་འགྱུར་བ་སྟེ། སྐབས་གཞན་དུ་ཤེས་པར་བྱའོ། །དེ་བཞིན་དུ་བདེན་པ་བཞི་དང་རྣམ་པར་ཐར་པ་བརྒྱད་དམ་གསུམ་ལ་མཁས་པ་སྟེ། ཉན་ཐོས་ལ་སོགས་པའི་བྱེ་བྲག་གིས་ཅི་རིགས་པར་སྦྱར་བར་
བྱའོ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པ་ལ་སོགས་པས་ནི། དེ་འདྲ་བའི་འགོག་པ་ལ་སྙོམས་པར་ཞུགས་པ་མྱ་ངན་ལས་འདས་པ་དངོས་ཡིན་པ་འགོག་པ་སྟེ། དེའི་དོན་ནི་ཀུན་གཞི་རྣམ་པར་ཤེས་པ་གནས་མ་གྱུར་ན། འཇུག་པའི་རྣམ་པར་ཤེས་པས་བསྡུས་པའི་འདུ་ཤེས་དང་ཚོར་
Vol. 122 · folio 247a
བ་ལ་སོགས་པ་མངོན་དུ་རྒྱུ་བ་འགགས་ཀྱང་དེ་རྣམས་ཀྱི་ས་བོན་དང་ལྡན་པའི་ཀུན་གཞི་ལ་བརྟེན་ནས་སླར་འབྱུང་བས། མྱ་ངན་ལས་འདས་པ་མཚན་ཉིད་པར་མི་འཐད་ཅེས་པའོ། །གལ་ཏེ་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་ས་བོན་དང་ལྡན་པའི་ཀུན་གཞི་ཉིད་ཀྱང་སྤང་བ་མ་
ཡིན་ནམ་ཞེ་ན། མ་ཡིན་ཏེ། ཀུན་གཞིའི་རང་བཞིན་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་གོམས་པ་མེད་པས། སྤངས་པ་མི་འཐད་པའོ། །དེ་སྐད་དུ་ཡང་། རང་སེམས་ཁོང་དུ་མ་ཆུད་པས། །ཡུལ་ལ་གཞོལ་བའི་རྣམ་པར་ཤེས། །རབ་ཏུ་འཇུག་དང་ལྡོག་པར་འགྱུར། །ཞེས་པ་ལ་སོགས་པ་གསུངས་
པའི་ཕྱིར་རོ། །དེའི་རང་བཞིན་མི་རྟོགས་པའི་རྒྱུ་མཚན་ཡང་། དེ་ནི་བདག་མེད་པ་གཉིས་ཀྱིས་བསྡུས་པ་སྤྲོས་པ་དང་བྲལ་ཞིང་འོད་གསལ་བ། །དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཡིན་ལ། གང་ཟག་དེ་རྣམས་ལ་ནི་ཅི་ལྟར་རིགས་པ་བཞིན་དུ་བདག་མེད་པ་གཉིས་རྟོགས་པ་མེད་པས་སོ། །ཕུང་པོ་
དང་ཞེས་པ་ལ་སོགས་པས་ཆོས་ཀྱི་བདག་ཏུ་སྒྲོ་འདོགས་པ་ཉིད་བསྟན་ནོ། ཡོངས་སུ་གཟུང་བས་ཞེས་པ་ནི་གཟུང་བའི་ཕྱིར་ཞེས་པ་སྟེ། མི་རྟོགས་པ་ཉིད་ཀྱི་གཏན་ཚིགས་སུ་སྦྱར་རོ། །དེ་ལྟར་ན་དེ་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་མེད་དམ་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོ་འཇུག་
ཅེས་པ་སྟེ་དེ་རྣམས་ལ་ཡང་རྒྱུ་དང་ལྡན་པར་འཇུག་ཅིང་ཡོད་པའོ། །ཡང་ན་ཡོངས་སུ་གཟུང་བས་དེ་བཞིན་གཤེགས་པའི་སྙིང་པོ་འཇུག་པ་སྟེ། ཆོས་ཀྱི་བདག་ཏུ་སྒྲོ་འདོགས་ཤིང་། གང་ཟག་གི་བདག་མེད་པར་རྟོགས་པ་ཕྱོགས་གཅིག་པའི་སྒོ་ནས་དེ་བཞིན་གཤེགས་པའི་སྙིང་པོ་ལ་
འཇུག་པ་སྟེ། ཕྱོགས་ཐམས་ཅད་ནས་རྟོགས་པ་མེད་ཅེས་སྔར་བསྟན་པ་བཞིན་དུ་ཤེས་པར་བྱའོ། །ཆོས་ལྔ་དང་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པའི་སྙིང་པོ་སྦྱངས་པས་འཁོར་བ་ལས་ལྡོག་ཅིང་། མྱ་ངན་ལས་འདས་པ་ལ་འཇུག་པའི་ཚུལ་སྟོན་ཏེ། །དེ་བཞིན་གཤེགས་པའི་སྙིང་
པོ་འཇུག་སྟེ་ཞེས་པའི་ཚིག་མར་ཀྱང་གདགས་ཏེ། དེ་ལྟ་བུའི་སྙིང་པོ་སྦྱོང་བ་ཡང་དང་པོའི་གནས་སྐབས་སུ་ཆོས་ལ་བདག་མེད་པ་ལ་སོགས་པ་མཐོང་བས། གོང་ནས་གོང་དུ་སའི་རིམ་པ་མཚམས་སྦྱར་བ་གཞན་དང་གཞན་དུ་འཕོས་པ་སྟེ། བརྒྱད་པ་ལ་སོགས་པའི་གནས་སྐབས་ན་
Vol. 122 · folio 247b
ཀུན་གཞིའི་སྣང་བ་དང་། འཇུག་པའི་རྣམ་པར་ཤེས་པ་ལྡོག་པར་འགྱུར་ཏེ། གཞན་མུ་སྟེགས་ཅན་གྱི་ལམ་གྱི་ཡུལ་གང་ཟག་ལ་སོགས་པའི་མཚན་མར་འཛིན་པས་བསྐྱོད་པར་མི་ནུས་སོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པ་ནི། ཏིང་ངེ་འཛིན་བདེན་པའི་སྒོའི་ལམ་བཅུ་
རབ་ཏུ་ཐོབ་པར་འགྱུར་ཏེ་ཞེས་པ་ལ། བདེན་པ་ནི་ཕྱིན་ཅི་མ་ལོག་པའི་ཡུལ་ཅན་ཏེ། དེ་བཞིན་ཉིད་ལ་དམིགས་པའོ། །དེ་ཉིད་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པའི་སྒོར་འཇུག་པའི་ལམ་ཡིན་པས། བདེན་པའི་སྒོ་ཞེས་པ་སྟེ་གཞི་མཐུན་པའི་བསྡུ་བའོ། །བཅུ་ཞེས་པ་ནི་མཐར་གྱིས་གནས་པའི་
སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྫོགས་པའོ། །དེ་ལ་སྙོམས་པར་འཇུག་པ་དགུ་ནི་སྔར་བསྟན་པའི་བསམ་གཏན་བཞི་དང་། གཟུགས་མེད་ཀྱི་སྙོམས་པར་འཇུག་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་བཞི་ནི་བྱང་ཆུབ་སེམས་
དཔའ་རྣམས་ཀྱི་དབང་དུ་བྱས་ན། གཟུགས་ཀྱི་འདུ་ཤེས་ལ་སོགས་པ་རྣམ་པར་བསལ་ཞིང་ཐམས་ཅད་ནམ་མཁའོ་ཞེས། ནམ་མཁར་འདུ་ཤེས་ཤིང་གོམས་པ་ལ་བརྟེན་ནས་བྱུང་བའི་ཏིང་ངེ་འཛིན་དེ་བཞིན་ཉིད་ཀྱི་ཡུལ་ཅན་ནོ། །དེ་བཞིན་དུ་ནམ་མཁར་འདུ་ཤེས་པ་ནི་རྣམ་པར་ཤེས་
པ་སྟེ། ཀུན་རྫོབ་ཏུ་རྣམ་པར་ཤེས་པ་ཙམ་མོ་ཞེས་འདུ་ཤེས་པ་དང་། གཞན་ཡང་ཅི་ཡང་མེད་པ་སྟེ། དེ་ལ་ཅི་ཡང་ཞེས་པ་ནི་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་དང་། རྟོག་པ་དང་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་དང་། དེ་ལ་སོགས་པ་འདུས་བྱས་ཀྱི་ཆོས་
ཇི་སྙེད་པ་ཡང་དག་པ་མ་ཡིན་པར་ཡོངས་སུ་རྟོག་པའི་རྒྱུ་ལས་བྱུང་བ་ཐམས་ཅད་དོ། །མེད་ཅེས་བྱ་བ་ནི་དེ་རྣམས་ཀྱང་ཀུན་རྫོབ་ཏུ་ཆུང་ཞིང་ཕྲ་བ་སྟེ་དེ་འདྲ་བའི་མཚན་མར་འཛིན་པ་དང་། ཡང་འདུ་ཤེས་ཡོད་པ་མ་ཡིན་ཏེ། སྟོང་པ་ཉིད་ཀྱི་ཕྱིར་རོ། །མེད་པ་མ་ཡིན་ཏེ་རྟེན་ཅིང་འབྲེལ་པར་འབྱུང་
བའི་ཕྱིར་རོ་ཞེས་དེ་འདྲ་བའི་མཚན་མར་འཛིན་པ་གོམས་པ་ལས་བྱུང་བ། དེ་བཞིན་ཉིད་ཀྱི་ཡུལ་ཅན་ཏེ་དེ་ལྟར་རྣམ་པ་གསུམ་དང་རིམ་པ་བཞིན་སྦྱར་རོ། །མཚན་མར་འཛིན་པ་གོམས་པ་ལས་དེ་བཞིན་ཉིད་ཀྱི་ཡུལ་ཅན་གྱི་ཏིང་ངེ་འཛིན་སྐྱེ་བ་ཡང་། ཇི་སྐད་དུ། དམིགས་པ་ལ་ནི་བརྟེན་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words