འཕགས་པ་ལང་ཀར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཞེས་བྱ་བ
Sanskrit title (Tibetan script, as in the text) ཨཱརྱ་ལངྐ་ཨ་བ་ཏཱ་ར་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ་བྲྀཏྟི་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ལངྐ་ར་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 122 · folio 140a
ཤེས་པ་ལ་སོགས་པ་སྐྱེས་པ་ན་ཡང་སྲེད་པ་ལ་སོགས་པའི་རྐྱེན་ཚང་དགོས་ཏེ། ཇི་སྐད་དུ་འཕགས་པ་ས་བཅུ་པ་ལས། འདུ་བྱེད་དེ་དག་གིས་ཡོངས་སུ་བསྒོས་པའི་སེམས་ཀྱི་ས་བོན་ཟག་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་ནི་ཕྱི་མ་ལ་སྐྱེ་བ་དང་རྒ་ཤི་རང་བཞིན་ཡང་
སྲིད་པ་དང་། མངོན་པར་འགྲུབ་པ་འབྱུང་བར་འགྱུར་བ་མ་ཡིན་ཏེ། ལས་ཀྱི་ཞིང་གི་གཞི་དང་། མ་རིག་པའི་མུན་པ་དང་། སྲིད་པའི་རླན་དང་། ངའོ་སྙམ་པའི་ང་རྒྱལ་གྱིས་བརླན་པ་དང་། ལྟ་བར་གྱུར་པའི་དྲ་བ་རབ་ཏུ་འཕེལ་བས་མིང་དང་གཟུགས་ཀྱི་མྱུ་གུ་འབྱུང་བས་ཏེ་
ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཡང་མིང་དང་གཟུགས་ལ་སོགས་པའི་གནས་སྐབས་ན་ཡང་མ་རིག་པ་ལ་སོགས་པ་རྗེས་སུ་འབྲེལ་བར་འབྱུང་བའོ། །གཞུང་འདིས་ནི་རྣམ་པར་ཤེས་པ་རྒྱུའི་ཕྱོགས་ཀྱིས་བསྡུས་པ་ཉིད་གསལ་བར་བསྟན་ཏེ། ཇི་སྐད་དུ།
སེམས་ཀྱི་ས་བོན་ཉེ་བར་ལེན་པ་དང་བཅས་པ་ནི་ཕྱི་མ་ལ་སྐྱེ་བ་དང་རྒ་ཤི་མངོན་པར་འགྲུབ་པ་ཉིད་དུ་གསུངས་པས་སོ། སྔར་བསྟན་པ་ལྟར་མ་རིག་པ་དང་འདུ་བྱེད་ནི་སྔོན་གྱི་མཐའི་ལྟོས་པ་ཡིན་པ་དང་། རྣམ་པར་ཤེས་པ་ལ་སོགས་པ་ད་ལྟར་བའི་ལྟོས་པ་ཉིད་དུ་གསུངས་
པས་ནི་རྣམ་པར་ཤེས་པ་འབྲས་བུས་བསྡུས་པ་ཉིད་དུ་གསུངས་པ་སྟེ། གང་ཡིན་ཀྱང་འགལ་བ་མེད་དོ། །འཕགས་པ་མྱ་ངན་ལས་འདས་པ་ལས་ཀྱང་། རིགས་ཀྱི་བུ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་པོ་འདི་དག་ནི་སེམས་ཅན་ཐམས་ཅད་ལ་མཉམ་པར་ཡོད་དེ།
ཕྱི་ནང་གཉིས་སོ། བཅུ་གཉིས་པོ་གང་ཞེ་ན། འདས་པའི་ཉོན་མོངས་པ་ནི་མ་རིག་པའོ། །འདས་པའི་ལས་ནི་འདུ་བྱེད་དོ། །ད་ལྟར་གྱི་དུས་ན་ཐོག་མར་མངལ་དུ་འཇུག་པ་ནི་རྣམ་པར་ཤེས་པའོ་ཞེས་པ་ལ་སོགས་པ་དང་། གཞན་ཡང་རིགས་ཀྱི་བུ་སེམས་ཅན་ཐམས་
ཅད་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་འདི་དག་ཡོད་མོད་ཀྱི་ཡོངས་སུ་མ་རྫོགས་ཏེ། ནུར་ནུར་པོར་འདུག་པའི་ཚེ་ཤི་བ་ལ་སྐྱེ་མཆེད་དྲུག་ལ་སོགས་པ་མི་འཐད་པ་དང་། གཟུགས་ཀྱི་ཁམས་ཀྱི་སེམས་ཅན་ལ་ཚོར་བ་རྣམ་པ་གསུམ་དང་། རེག་པ་རྣམ་པ་གསུམ་དང་། སྲེད་པ་རྣམས་
Vol. 122 · folio 140b
དང་། རྒ་བ་དང་ཤི་བ་མེད་ཀྱང་རྣམ་པ་བཅུ་གཉིས་དང་ལྡན་ཞེས་བྱའོ། །གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་དེ་དག་གཟུགས་མེད་པ་ནས་རྒ་ཤིའི་བར་དུ་མེད་ཀྱང་རྣམ་པ་བཅུ་གཉིས་པོ་དང་ལྡན་ཞེས་བྱ་སྟེ། དེ་ནི་ངེས་པར་ཐོབ་པར་འགྱུར་བའི་ཕྱིར་རོ། །དེས་ན་སེམས་ཅན་
ཀུན་ལ་མཉམ་པར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་དང་ལྡན་པ་ཡོད་པ་ཞེས་བྱའོ་ཞེས་གསུངས་སོ། །འདིར་གཟུགས་ཀྱི་ཁམས་བསམ་གཏན་བཞི་ལ་སོ་སོའི་སྐྱེ་བོའི་སས་བསྡུས་པ་ལ་ཚོར་བ་བཏང་སྙོམས་ལས་མ་གཏོགས་པ་རྣམས་བཞི་ཀ་མེད་མོད་ཀྱི།
བཏང་སྙོམས་ཉིད་དང་གསལ་བ་དང་། གཉེན་པོ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་ཡིད་བདེ་བ་ཉིད་དུ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་པ། བཏང་སྙོམས་དང་ཡིད་བདེ་བ་ལས་མ་གཏོགས་པ་ཚོར་བ་གསུམ་དང་། ཁམ་གྱི་ཟས་དང་བྲལ་བས་ལྕེའི་
འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། རྣམ་པར་ཤེས་པ་དེ་ཉིད་ཀྱི་རྗེས་སུ་བྱུང་བ་དེ་དག་གི་ཡུལ་ལ་མངོན་པར་ཞེན་པའི་ཡིད་ཀྱི་འདུས་ཏེ་རེག་པ་སྟེ། རེག་པ་གསུམ་དང་། འདོད་པའི་སྲེད་པ་དང་། ཁམས་འོག་མས་བསྡུས་པའི་རྒས་པ་དང་དེ་དང་འབྲེལ་
བའི་ཤི་བ་དེ་ལྟ་བུ་མེད་ཅེས་པའོ། །འདི་རྣམས་ཀྱང་མཉམ་པར་གཞག་པའི་གནས་སྐབས་ན་མེད་ཅིང་ཤས་ཆུང་བ་ཙམ་ལ་དགོངས་པ་ཡིན་གྱི། རྣམ་པ་ཐམས་ཅད་དུ་མེད་པ་ནི་མ་ཡིན་ཏེ། སྔར་བསྟན་པ་ལྟར་དེ་རྣམས་ཀྱང་དེ་བཞིན་གཤེགས་པའི་ཡོན་ཏན་ལ་དབང་བསྒྱུར་དུ་
མེད་པ་ལ་སོགས་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཡིན་ཞེས་མདོ་གཞན་ལས་གསུངས་པ་དང་། གཟུགས་མེད་པ་རྣམས་ཀྱང་ས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལ་དབང་མི་བྱེད་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བ་དང་། དམ་པའི་ཆོས་མི་ཐོབ་པའི་སྡུག་བསྔལ་ཀྱིས་སྡུག་
བསྔལ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་དེ་འདྲ་བའི་ཡོན་ཏན་ཐོབ་པར་འདོད་པ་དང་། ཏིང་ངེ་འཛིན་གྱི་རོ་ལ་ཆགས་པའི་སྲེད་པ་ལ་སོགས་པ་ཅིའི་ཕྱིར་ན་མེད་ཅེས་པའོ། །གཞན་ཡང་མདོ་འདིའི་དོན་ནི་རྫས་སུ་གྲུབ་པའི་གཟུགས་སེམས་ལས་ཐ་དད་པ་ནི་གང་ན་ཡང་མེད་ལ།
Vol. 122 · folio 141a
གཟུགས་སུ་སྣང་བ་ཙམ་གྱི་དབང་དུ་བྱས་ན། གཟུགས་མེད་པ་རྣམས་ལ་ཡང་ཤིན་ཏུ་ཕྲ་བའི་གཟུགས་སུ་སྣང་བ་ཅུང་ཟད་ཡོད་པ་སྟེ། ཕྲ་བའི་ཕྱིར་མེད་ཅེས་བསྟན་པར་ཟད་དོ། །དེས་ན་དེར་སྐྱེས་པའི་སེམས་ཅན་རྣམས་ལ་ཡང་སྤྱིར་མིང་དང་གཟུགས་ལ་
སོགས་པ་ཐམས་ཅད་ཡོད་ཅིང་། ཕུང་པོ་ཡོངས་སུ་སྨིན་པའི་རྒས་པ་དང་། ཤི་བ་ཡང་ཡོད་དེ། དེ་རྣམས་འཆི་འཕོའི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དུ་གསུངས་པའི་ཕྱིར་རོ། །ཡང་སྔར་རྒས་པ་དང་ཤི་བ་མེད་པར་བསྟན་པ་ནི་བསམ་གཏན་བཞི་པའི་འཕགས་པའི་གནས་
གཞན་པོ་རྣམས་ལ་རྣམ་པར་ཆད་པའི་འཆི་འཕོ་བ་ལ་སོགས་པ་མེད་པ་ལ་དགོངས་ཏེ་ཡང་གསུངས་པའོ། །འདིར་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་འམ། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཀྱི་དབང་དུ་བྱས་ཏེ། ཚེ་གསུམ་ལ་རྫོགས་པ་ལ་སོགས་པའི་རྣམ་
པར་གཞག་པ་བྱས་པ་ནི་མ་ཡིན་གྱི། འོན་ཀྱང་སྐྱེས་ནས་མྱོང་བར་འགྱུར་བའི་ལས་ལ་སོགས་པའི་དབང་དུ་བྱས་ཏེ་བསྟན་པས་སྐྱོན་མེད་དོ། །དེ་ལྟར་སྔོན་གྱི་མཐའི་ལྟོས་པ་ལ་སོགས་པ་སྤྲོས་པ་དང་བཅས་ཏེ་བསྟན་ནས། མདོར་ན་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་འབྱུང་
ཞེས་པའི་དོན་དེ་རྣམས་ཀྱང་སྡུག་བསྔལ་གསུམ་གྱིས་བསྡུས་པར་སྟོན་ཏེ། དེ་ལ་མ་རིག་པ་ནས་སྐྱེ་མཆེད་དྲུག་གི་བར་ནི་འདུ་བྱེད་ཀྱི་སྡུག་བསྔལ་ལོ། །རེག་པ་དང་ཚོར་བ་ནི་སྡུག་བསྔལ་ཉིད་དུ་གསུངས་ཏེ། དེའི་དོན་ཡང་སྲིད་པའི་ཡན་ལག་འདི་རྣམས་བྱིས་པ་རྣམས་
འཁོར་བ་ལ་ཡིད་འབྱུང་བར་བྱ་བའི་དོན་དུ་གཙོ་བོར་ངན་སོང་གི་ཕུང་པོ་དང་འབྲེལ་པ་ཉིད་བསྟན་པ་སྟེ། དེས་ན་དེ་དག་གི་རེག་པ་དང་ཚོར་བ་ནི་སྡུག་བསྔལ་ཉིད་ཤས་ཆེ་བས་དེ་ལྟར་བསྟན་པའོ། །གཞན་དུ་ན་མཐོ་རིས་ཀྱི་ཕུང་པོ་མངོན་པར་འགྲུབ་པའི་ལས་ཀུན་ནས་སློང་བ་
ནི་མ་རིག་པ་ཉིད་ཡིན་པའི་ངེས་པ་མེད། དད་པ་དང་ལས་དང་འབྲས་བུའི་བྱེ་བྲག་ཇི་ལྟ་བ་བཞིན་ཤེས་པའི་ཤེས་རབ་ཀྱིས་ཀྱང་། ཟག་པ་དང་བཅས་པའི་ལས་དགེ་བ་ཀུན་ནས་སློང་བར་བྱེད་པའོ། །སྲེད་པ་ལ་སོགས་པ་ལྷག་མ་རྣམས་ནི་འགྱུར་བའི་སྡུག་བསྔལ་ཏེ། ཅུང་
Vol. 122 · folio 141b
ཟད་བདེ་བ་དང་མཚུངས་པར་ལྡན་པས་སོ། །རྒྱུ་དང་རྐྱེན་ལས་བྱུང་ཞེས་པ་ནི་འབྲས་བུ་ཕྱི་མ་མངོན་པར་འགྲུབ་པ་ལ་ཇི་སྐད་བསྟན་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་དང་། སྲེད་པ་ལ་སོགས་པའི་རྐྱེན་ཚོགས་པ་ལས་འབྱུང་བའོ། །སྐྱེ་བ་དང་
འཇིག་པ་དང་འབྲེལ་པ་ནི་ཡན་ལག་དེ་རྣམས་སྔར་ནས་ཡོད་པའི་དོན་རྒྱུ་དང་རྐྱེན་གྱིས་གསལ་བར་བྱས་པའམ། ཕྱིས་ཀྱང་ཉམས་པར་མི་འགྱུར་བ་ལྟ་བུ་མ་ཡིན་ཏེ། རྐྱེན་གྱིས་གློ་བུར་དུ་སྐྱེད་ཅིང་། ཡང་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་པ་ལ་སོགས་པ་
ལུགས་ལས་ལྡོག་པའི་ཆོས་དང་ལྡན་པའོ། །མེད་པས་ཟག་པར་སོ་སོར་རྟོག །ཅེས་པ་ནི་དགྲ་བཅོམ་པ་དང་རང་སངས་རྒྱས་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པ་ལ་སོགས་པ་རྣམས་ལ་དེ་དག་མེད་པའོ། །ཡང་དེ་རྣམས་ལ་ཡང་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་ལ་སོགས་
པ་རྣམ་པར་བྱང་བའི་རྟེན་འབྲེལ་ནི་ཡོད་པ་ཉིད་དུ་གསུངས་སོ། །གལ་ཏེ་འདིར་སྲེད་པའི་ཡན་ལག་འདི་རྣམས་སུ་གྲངས་ངེས་པའི་རྒྱུ་མཚན་སྔར་བསྟན་པ་ལྟར་མི་འཐད་ན་དེ་ལས་གཞན་དུ་རྣམ་པར་འཇོག་དགོས་སོ་ཞེ་ན། བདེན་ཏེ། འདིར་ནི་འཁོར་གདུལ་བྱ་ཉེ་བའི་བསམ་པ་ཉིད་ལ་
ལྟོས་ནས་དེ་དག་ཙམ་བསྟན་པར་ཟད་ཀྱི། དེ་ལས་གཞན་པའི་རྒྱུ་མཚན་ནི་མ་མཐོང་ངོ་། །ཡང་ཆོས་མངོན་པའི་བསྟན་བཅོས་དག་ལས་ཁམས་གསུམ་དུ་སྐྱེ་བ་མངོན་པར་འགྲུབ་པའི་ཚུལ་རྣམ་པ་དགུ་སྟེ། ཁམས་གསུམ་ནས་འཕོས་ནས་འདོད་པའི་ཁམས་སུ་སྐྱེ་བའི་ཚུལ་གསུམ་
དང་། གཟུགས་ཁམས་སུ་སྐྱེ་བ་གསུམ་དང་། གཟུགས་མེད་པར་སྐྱེ་བ་གསུམ་སྟེ། དེ་ལྟར་རྣམ་པ་དགུའོ། །དེ་ལ་མ་རིག་པ་མ་གཏོགས་པའི་ཡན་ལག་གཞན་ཐམས་ཅད་ནི་གང་དུ་སྐྱེ་བར་འགྱུར་བའི་ཁམས་སམ་ས་དེར་གཏོགས་པ་ཡིན་ལ། མ་རིག་པའི་དབང་དུ་བྱས་ན་འདོད་པའི་ཁམས་སུ་སྐྱེ་བ་གསུམ་མ་
གཏོགས་པ་གཞན་ནི་ས་མི་མཚུངས་པ་ཉིད་དེ། གང་དུ་སྐྱེ་བར་འགྱུར་བའི་ཁམས་དང་ས་དེར་མི་གཏོགས་པའོ། །དེ་ཡང་འདི་ལྟར་འདོད་པའི་ཁམས་ནས་འཕོས་ནས་བསམ་གཏན་དང་པོའི་ལྷར་སྐྱེས་པ་ན། དེ་འདྲ་བའི་ལུས་འགྲུབ་པར་བྱེད་པའི་ལས་ནི་འདོད་པའི་
Vol. 122 · folio 142a
འདོད་ཆགས་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་གསུམ་པ་ཡིན་ལ། དེ་ཀུན་ནས་སློང་བའི་མ་རིག་པ་ནི་བསམ་གཏན་དང་པོའི་སས་བསྡུས་པ་མ་ཡིན་ཏེ་ཁམས་འོག་མ་འདོད་པའི་འདོད་ཆགས་དང་མ་བྲལ་བ་ནི་དེའི་རྒྱུ་ལས་གོང་མའི་ཉོན་མོངས་པ་མངོན་དུ་
རྒྱུ་སྐྱེ་བ་མི་འཐད་ལ། བྲལ་ན་ཡང་དེ་སྤོང་བའི་བར་ཆད་མེད་པའི་ལམ་སྔོན་དུ་སོང་བས་དེའི་རྗེས་སུ་བྱུང་བ་བསམ་གཏན་དང་པོའི་སས་བསྡུས་པའི་མ་རིག་པས་སྔར་གྱི་ལས་ཀུན་ནས་སློང་བ་མི་འཐད་དེ། མ་འོངས་པ་རྒྱུ་ཉིད་དུ་འགྱུར་བའི་ཕྱིར་རོ། །དེས་ན་ལས་དེ་འདྲ་བ་ཀུན་ནས་
སློང་བའི་མ་རིག་པ་ནི་འདོད་པའི་ཁམས་དེ་ཉིད་དུ་གཏོགས་པའོ། །དེ་བཞིན་དུ་སྲིད་པའི་རྩེ་མོའི་བར་དུ་གོང་ནས་གོང་དུ་སྐྱེ་བར་འགྱུར་བ་ཐམས་ཅད་ཀྱི་ཚུལ་ཡང་ཤེས་པར་བྱའོ། །ཡང་རང་གི་སར་སྐྱེ་བས་ཏེ། བསམ་གཏན་དང་པོ་ནས་འཕོས་ནས་དང་པོ་པ་ཉིད་དུ་སྐྱེ་བའི་ལས་ནི་སྔར་
འདོད་པའི་ཁམས་མཉམ་པར་མ་བཞག་པའི་ས་དེ་ཉིད་ལ། ལས་གཅིག་གིས་ལུས་དུ་མ་འགྲུབ་པར་བྱེད་པའི་ལས་ཞི་རགས་ཀྱི་རྣམ་པར་བསྒོམ་པ། འདོད་པའི་འདོད་ཆགས་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་ཉིད་ཡིན་ལ། དེ་ཀུན་ནས་སློང་བའི་མ་རིག་པ་ཡང་
འདོད་པའི་ཁམས་སུ་གཏོགས་པ་ཡིན་གྱི། ཕྱིས་བྱུང་བ་བསམ་གཏན་གྱི་སར་གཏོགས་པ་ནི་མ་ཡིན་ཏེ། མ་འོངས་པ་རྒྱུ་ཉིད་དུ་འགྱུར་བའི་ཕྱིར་རོ། །འདིར་དེ་འདྲ་བའི་ལས་མེད་པར་བསམ་གཏན་དང་པོ་ནས་འཕོས་ནས་ཡང་དང་པོའི་ལྷར་སྐྱེ་བ་མི་འཐད་དེ། དེ་ལ་ཞི་རགས་ཀྱི་རྣམ་
པ་བསྒོམ་པ་མེད་པར་ནི་དེར་སྐྱེ་བ་མི་འཐད་ལ། དེ་ལྟར་བསྒོམ་པ་ཡང་གནས་སྐབས་དེར་མི་འཐད་དེ། འདོད་པའི་ཁམས་ལ་རགས་པ་དང་། བསམ་གཏན་དང་པོ་ལ་ཞི་བར་བསྒོམ་པ་ནི་མི་དགོས་ཏེ། སྔོན་དེ་ལྟར་བསྒོམས་པས་བསམ་གཏན་དང་པོ་ཉིད་ཐོབ་པའི་ཕྱིར་རོ། །དང་པོ་དེ་ཉིད་ལ་ཞི་
རགས་ཀྱི་རྣམ་པར་བསྒོམ་པ་ནི་འགལ་བར་འགྱུར་ཞིང་། དེ་ལ་རགས་པ་དང་གཉིས་པ་ཡན་ཆོད་ལ་ཞི་བར་བསྒོམས་པས་ནི་བསམ་གཏན་དང་པོའི་ལྷར་སྐྱེ་བ་མི་འཐད་པས་སྔ་མ་ལྟར་འདོད་པའི་ཁམས་ལ་བརྟེན་པའོ། །དེ་བཞིན་དུ་སྲིད་པའི་རྩེ་མོའི་བར་གྱི་རང་གི་སར་སྐྱེ་བ་ཐམས་ཅད་
Vol. 122 · folio 142b
ཀྱང་བལྟ་བར་བྱའོ། །གཞན་ཡང་འོག་མར་སྐྱེ་བའི་དབང་དུ་བྱས་ཏེ། བསམ་གཏན་གཉིས་པ་ནས་འཕོས་ནས། དང་པོའི་ལྷར་སྐྱེ་བ་ན་དེ་འདྲ་བའི་ལུས་འགྲུབ་པའི་ལས་ནི། སྔར་གྱི་དུས་མཉམ་པར་མ་བཞག་པའི་ས་ལ་བརྟེན་ནས་ཞི་རགས་ཀྱི་རྣམ་པར་བསྒོམ་པའི་ལས་རྙིང་པ་དེ་ཉིད་
ཡིན་པས་དེ་ཀུན་ནས་སློང་བར་བྱེད་པའི་མ་རིག་པ་ཡང་ས་དེ་ཉིད་ཀྱིས་བསྡུས་པའོ། །དེ་བཞིན་དུ་སྲིད་པའི་རྩེ་མོ་ནས་བསམ་གཏན་དང་པོའི་བར་དུ་འོག་མར་སྐྱེ་བའི་ཚུལ་ཐམས་ཅད་བལྟ་བར་བྱའོ་ཞེས་འཆད་པ་ནི་ཤིན་དུ་མི་འཐད་དེ། སྤྱིར་བདེ་འགྲོའི་རིགས་དེ་དག་དུ་སྐྱེ་བའི་
ཟག་པ་དང་བཅས་པའི་དགེ་བའི་ལས་སམ། ཁྱད་པར་དུ་མི་གཡོ་བའི་ལས་ཀུན་ནས་སློང་བར་བྱེད་པ་ནི་མ་རིག་པ་ཉིད་ཡིན་པར་མ་ངེས་ཏེ། སྔར་བསྟན་པ་ལྟར་ཤེས་རབ་དང་དད་པ་ལ་སོགས་པའི་སྒོ་ནས་ཀྱང་ཀུན་ནས་སློང་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་མ་རིག་པས་སློང་བ་དེ་
ལྟར་ཡང་བསམ་གཏན་དང་པོའི་ལུས་སུ་འགྲུབ་པའི་ལས་ནི་རྒྱུ་སྙོམས་འཇུག་གི་བསམ་གཏན་ཏེ། བསམ་གཏན་དང་པོའི་ཏིང་ངེ་འཛིན་མི་གཡོ་བའི་ལས་དེ་ཉིད་ཡིན་ལ། དེ་ཡང་དུས་ཀྱི་མཐར་གྱུར་པའི་སྐད་ཅིག་གཉིས་དང་གསུམ་ལ་སོགས་པར་གནས་པ་ཙམ་ལ་ནི།
བསམ་གཏན་ཉིད་དུ་ཐ་སྙད་གདགས་པར་བྱ་བའི་དོན་མེད་དོ། །དེའི་ངོ་བོ་ནི་སེམས་རྩེ་གཅིག་པར་གནས་པ་ཡིན་པའི་ཕྱིར་རོ། །གཞན་དུ་ན་མཉམ་པར་གཞག་པའི་སེམས་ཀྱང་བསམ་གཏན་ཉིད་དུ་འགྱུར་ཏེ། སྐད་ཅིག་གཉིས་དང་གསུམ་ལ་སོགས་པར་དམིགས་པ་ལ་རྩེ་
གཅིག་པ་ནི་དེ་དག་ལ་ཡང་ཡོད་པའི་ཕྱིར་རོ། །དེ་ནས་དེ་འདྲ་བའི་བསམ་གཏན་ལ་དུས་ཇི་ལྟར་རིགས་པ་བཞིན་མཉམ་པར་བཞག་ནས་ཚེ་འཕོས་ཏེ་བསམ་གཏན་དང་པོའི་ལུས་མངོན་པར་འགྲུབ་པ་ན། དེའི་སྔོན་རོལ་དུ་གྱུར་པའི་བསམ་གཏན་མི་གཡོ་བའི་ལས་སྐྱེད་པར་བྱེད་
པ་ནི་ས་དེ་ཉིད་དུ་གཏོགས་པའི་མ་རིག་པ་ཡིན་པ་ལ་འགལ་བ་མེད་དོ། །འདི་ནི་བསམ་གཏན་ཐོབ་པའི་དེ་མ་ཐག་ཏུ་ཚེ་འཕོ་བ་ཉིད་དུ་བསམས་ནས་སྨྲས་པ་འབའ་ཞིག་ཏུ་ཟད་དོ། །དེ་བཞིན་དུ་བསམ་གཏན་དང་པོ་ནས་འཕོས་ནས་དང་པོར་སྐྱེ་བའི་ལས་ནི་སྔོན་མཉམ་པར་མ་བཞག་
Vol. 122 · folio 143a
པའི་ས་ལ་ལས་གཅིག་གིས་ལུས་སུ་མ་གྲུབ་པའི་ལས་བསགས་པ་མ་ཡིན་ཏེ། དེ་ནི་འབྲས་བུ་སྐྱེ་བའི་དུས་ན་འགགས་ནས་མེད་པས་རྒྱུ་ཉིད་དུ་མི་འཐད་པའི་ཕྱིར་རོ། །གཞན་དུ་ན་འདས་པ་ཞིག་པ་རྣམས་རྒྱུར་འགྱུར་ལ། དེ་ལྟར་ན་ཀུན་གཞི་རྣམ་པར་
ཤེས་པ་སྒྲུབ་པ་ཡང་མི་འཐད་པར་འགྱུར་རོ། །འཕེན་པར་བྱེད་པའི་རྒྱུ་གསུངས་པ་ཡང་རྒྱུའི་རྒྱུ་ཡིན་པས་རྒྱུར་བཏགས་སུ་ཟད་ཀྱི་རྒྱུའི་དངོས་ནི་མ་ཡིན་ནོ། །གཞན་ཡང་དུས་གཞན་གྱིས་བར་ཆོད་པ་དེ་རྣམས་ལ་འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་
པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་མི་འཐད་དོ། །འདི་ཞེས་པ་ནི་ཉེ་བ་མངོན་སུམ་པའི་ཚིག་ཉིད་ཡིན་པའི་ཕྱིར་རོ། །དེས་ན་དེ་འདྲ་བའི་དོན་ལ་དེ་འགགས་ནས་འདི་འབྱུང་ཞེས་བྱ་བ་ཙམ་དུ་འགྱུར་རོ། །གཞན་ཡང་བསམ་གཏན་དང་པོ་ལས་མ་ཉམས་པར་ཚེ་འཕོས་ནས་དང་པོར་སྐྱེ་བའི་
ལས་ནི་བསམ་གཏན་གྱི་ས་དེ་ཉིད་ཡིན་ཏེ། ལས་མ་ཟད་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་འདོད་པའི་ཁམས་སུ་མིར་སྐྱེ་བའི་བསོད་ནམས་ཀྱི་ལས་མ་ཟད་པར་ཚེ་ཟད་ནས་དེ་ནས་འཕོས་ཏེ། མིར་སྐྱེ་བར་འགྱུར་བའི་ལས་ནི་སྔར་གྱི་ལས་དེ་ཉིད་ཡིན་པ་བཞིན་ནོ། །གཞན་ཡང་བསམ་
གཏན་གྱི་ས་དེ་ཉིད་ལ་བརྟེན་ནས་ཁམས་འོག་མ་ལ་རགས་པར་བསྒོམ་པ་དང་དེ་ཉིད་ལ་ཞི་བར་བསྒོམ་པ་ལ་ཡང་གནོད་པ་མེད་དེ། དེ་ལས་ཉམས་ནས་ཁམས་འོག་མར་སྐྱེ་བ་སྲིད་པས་དེ་ལྟར་འགྱུར་དུ་དགོས་པའི་ཕྱིར་དེ་ལྟར་བསྒོམ་པའོ། །ཡང་བསམ་གཏན་གཉིས་པ་ནས་དང་
པོར་སྐྱེ་བ་ན། དེའི་ལུས་འགྲུབ་པར་བྱེད་པ་སྔོན་གྱི་ལས་རྙིང་པ་ཡིན་ཞེས་པ་ཡང་དེ་བཞིན་དུ་མི་འཐད་པར་རིག་པར་བྱའོ། །གལ་ཏེ་ལས་འགགས་པ་དེ་ལྟ་ན་ཡང་དེས་བསྒོས་པའི་བག་ཆགས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཀུན་གཞི་ལ་ཡོད་པ་མ་འགགས་ཤིང་དེ་མ་ཐག་པ་དེ་ལས་དེ་
འདྲ་བའི་ལུས་འགྲུབ་པ་ཡིན་ནོ་ཞེ་ན། དེ་ལྟ་ན་དེ་ཀུན་ནས་སློང་བའི་མ་རིག་པ་ཡང་སྔོན་གྱི་གནས་སྐབས་སུ་མི་འཐད་དེ། དོན་གོ་བར་ཟད་དོ། །དེ་དག་ནི་ཁྱད་པར་མེད་པ་ལས་བྱིས་པ་རྣམས་ཀྱིས་བརྟགས་ཞེས་པ་ནི་ཕྱི་དང་ནང་གི་ཆོས་དེ་དག་ཀུན་རྫོབ་ཏུ་སེམས་སུ་གཅིག་ཅིང་དོན་དམ་པར་སྟོང་
Vol. 122 · folio 143b
པ་ཉིད་དུ་ཁྱད་པར་མེད་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་སྤྱིའི་དབྱེ་བ་སྟོན་ཏེ། དེ་དག་ལས་བྱུང་བའི་རྒྱུ་ནི་སྔར་བསྟན་པ་ལྟར་མྱུ་གུ་དང་བུམ་པ་ལ་སོགས་པ་ཕྱིའི་ཆོས་དང་། འདུ་བྱེད་ལ་སོགས་པ་ནང་གི་ཆོས་རྣམས་ཀྱི་རང་གི་ངོ་བོ་སྐྱེད་པའི་ཕྱིར། རྒྱུའི་བྱ་
བ་བྱེད་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་སྔར་བསྟན་པ་རྣམས་ལས་རྒྱུའི་ཆར་གཏོགས་པའོ། །འབྲས་བུ་ཡང་དེ་ཉིད་ཀྱི་ཤུགས་ལ་བསྟན་པའོ། །འབྲེལ་པའི་རྒྱུ་ནི་ཕྱི་ནང་གི་ཕུང་པོ་ལ་སོགས་པ་དང་། ས་བོན་ལ་སོགས་པར་སྣང་བ་འབྱུང་བའི་ཕྱིར་དམིགས་པའི་བྱ་བ་བྱེད་པ་སྟེ། ཤེས་
པ་ཡུལ་གྱི་རྣམ་པར་སྣང་བའི་རྒྱུའི་རྐྱེན་ལ་སོགས་པའོ། །འདིར་དམིགས་པའི་རྐྱེན་དང་བདག་པོའི་རྐྱེན་གྱི་དོན་ཇི་ལྟར་ཡིན་པ་ནི་སྔར་བསྟན་ནོ། །མཚན་ཉིད་ཀྱི་རྒྱུ་ནི་མཚན་ཉིད་གྲུབ་པའི་དེ་མ་ཐག་ཏུ་མཚོན་བྱའི་ཐ་སྙད་རྣམ་པར་འཇོག་པར་བྱེད་པའི་མཚན་ཉིད་དང་འབྲེལ་བའོ། །དེ་ཡང་
མཚན་ཉིད་རྟགས་སུ་བཀོད་པ་ལས་མཚོན་བྱའི་ཐ་སྙད་རྣམས་པར་འཇོག་པ་སྟེ། ཚ་ཞིང་སྲེག་པའི་ཕྱིར་འདི་ནི་མེར་ཐ་སྙད་དུ་བྱར་རུང་བའོ་ཞེས་བྱ་བ་ལྟ་བུའོ། །བྱེད་པའི་རྒྱུ་ནི་དབང་བར་གཏོགས་པའི་བྱ་བ་བྱེད་པ་སྟེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་ནོ་ཞེས་བྱ་བ་ནི་སེམས་
དང་ལྡན་པའི་སྐྱེས་བུས་རང་དབང་ཐོབ་པའི་ཡུལ་ལ་ཇི་ལྟར་འདོད་པ་བཞིན་བྱེད་པ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་ཁམས་ལ་དབང་བསྒྱུར་བ་བཞིན་ནོ། །སྣང་བར་བྱེད་པའི་རྒྱུ་ནི་རྣམ་པར་རྟོག་པའམ་བརྟག་པར་བྱ་བའི་དངོས་པོ་སྐྱེས་ཟིན་པའི་མཚན་ཉིད་སྣང་
བའི་བྱ་བ་བྱེད་པ་སྟེ། གཏན་ཚིགས་དང་ལུས་ངག་གི་བརྡ་དང་། མར་མེ་ལ་སོགས་པའི་སྣང་བས་དོན་གསལ་བར་བྱེད་པ་ལྟ་བུའོ། །སྔར་བསྟན་པའི་སྣང་ཞིང་དམིགས་པ་ནི་བློའི་བདག་ཉིད་ཡིན་ལ། འདིར་སྣང་བ་འམ་གསལ་བ་ནི་ཡུལ་གྱི་ཆོས་སུ་ཞེན་པར་བྱས་པའོ། །ལྟོས་པའི་རྒྱུ་
ནི་མི་མཐུན་པའི་ཁྱད་པར་སྐྱེད་པ་ལྷན་ཅིག་མི་གནས་པའི་འགལ་བས་བསྡུས་པ་སྟེ་ཇི་ལྟར་གཉེན་པོས་ལམ་གྱི་སྤང་བྱའི་ཆོས་སྤངས་ནས་དེ་དག་ལྡོག་པའི་དུས་ན་གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བའི་ཕྱིར། ཤེས་པའི་རྒྱུན་གྱི་བྱ་བ་མི་འཆད་པར་བྱེད་པའོ། །གཞན་ཡང་སྤྱིར་
Vol. 122 · folio 144a
འདུས་བྱས་ཀྱི་རྒྱུན་གྱི་བྱ་བ་མི་འཆད་པ་སྟེ། རིགས་མཐུན་པའི་དངོས་པོ་འགའ་ཞིག་འགགས་ཀྱང་དེའི་ཡུལ་དུ་དེ་དག་ཉིད་ཀྱིས་སྐྱེད་པའི་རིགས་མི་མཐུན་པའི་དངོས་པོ་གཞན་དང་གཞན་སྐྱེ་བ་རྒྱུན་མི་འཆད་པའི་ཕྱིར་རོ། །འདིར་སློབ་དཔོན་ཡེ་ཤེས་དཔལ་
གྱིས། འབྱུང་བའི་རྒྱུ་ནི་ཕྱི་དང་ནང་གི་ཆོས་རྣམས་སྐྱེད་པའི་སྔོན་གྱི་ལས་ཡིན་ནོ་ཞེས་འཆད་དོ། །འདི་དག་ནི་ཞེས་པ་ལ་སོགས་པས་དེ་རྣམས་གཞན་གྱི་དབང་སྒྱུ་མ་ལྟ་བུ་ཡིན་གྱི། དོན་དམ་པའི་དངོས་པོར་གཞག་པ་ནི་བྱིས་པ་རྣམས་ཀྱིས་ཀུན་བརྟགས་པ་ཉིད་དུ་སྟོན་ཏེ། འདིར་དུས་
མཉམ་པ་ལ་རྒྱུ་འབྲས་ཀྱི་མཚན་ཉིད་མི་འཐད་པར་ཡང་སྔར་བསྟན་ལ། དེ་བཞིན་དུ་རིམ་གྱིས་འབྱུང་བ་ཡང་མི་འཐད་པར་བསྟན་ཅིང་། གཞན་ཡང་རིམ་གྱིས་འབྱུང་བའི་ཕྱོགས་ལ་རྒྱུར་ཐ་སྙད་གདགས་པའི་དོན་ནི་འབྲས་བུ་ལ་ལྟོས་ནས་འཇོག་པ་ལས་འབྲས་བུ་མ་སྐྱེས་
པའི་དུས་ན་ལྟོས་པ་མེད་པའི་ཕྱིར་རྒྱུའི་ཐ་སྙད་ཀྱི་དོན་མི་འཐད་པས་འབྲས་བུ་ཉིད་ཀྱང་གང་ལས་འབྱུང་ཞེས་པའོ། །དེ་ཡང་ཇི་ལྟར་བུ་མ་སྐྱེས་པར་ཕའི་ཐ་སྙད་ཀྱི་དོན་མི་འཐད་ལ། དེ་མ་གྲུབ་ན་བུ་ཉིད་ཀྱང་འབྱུང་བ་མི་འཐད་པ་བཞིན་ནོ། །དེས་ན་རྒྱུ་འབྲས་ཀྱི་ཚུལ་འདི་ནི་རྟོག་གེ་བ་
རྣམས་ཀྱིས་བརྟགས་པ་སྟེ། དེ་ཁོ་ན་ཉིད་དུ་མ་གྲུབ་ཅེས་པའོ། །གལ་ཏེ་ཆོས་མངོན་པའི་མདོ་ལས་རྐྱེན་བཞིས་རྣམ་པར་ཤེས་པ་སྐྱེད་པར་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་སྒྱུ་མ་ལྟ་བུའི་གཞན་དབང་ལ་དགོངས་ནས་དམིགས་པ་ཅན་གྱི་སྐྱེ་བོ་རྣམས་སྐྲག་པ་སྤང་བའི་དོན་དུ་གསུངས་
ཀྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་དག་ལས་གསུངས་པའི་དོན་ཡང་རྒྱུའི་རྐྱེན་ནི་རྣམ་པར་ཤེས་པའི་རིགས་མཐུན་པའི་ས་བོན་དུ་གྱུར་པ་འབྲས་བུའི་རང་གི་ངོ་བོ་སྐྱེད་པར་བྱེད་པ་ཡིན་ལ། དམིགས་པའི་རྐྱེན་ནི་རང་སྣང་བའི་ཡན་ལག་དང་། སྐྱེད་པར་བྱེད་པའི་ཡན་ལག་གཉིས་
དང་ལྡན་པ་ཤེས་པའི་རྣམ་པར་འཇོག་པར་བྱེད་པའོ་འདིར་མཚན་ཉིད་ནི་ཤེས་པའི་རྣམ་པར་འཇོག་པའོ་ཞེས་བྱེད་པས་ཉེ་བར་མཚོན་པའི་མཚན་ཉིད་དུ་སྦྱར་ཀྱང་འགལ་བ་མེད་དེ། རིགས་པའི་བསྟན་བཅོས་དག་ལས་དེ་ལྟར་བསྟན་པའི་ཕྱིར་རོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་རང་གི་ངོ་བོ་ཤེས་
Vol. 122 · folio 144b
པར་འདུག་པ་དང་། རྒྱུ་དང་འབྲས་བུ་གཉིས་ཆར་རྒྱུད་གཅིག་གིས་བསྡུས་ཤིང་བར་དུ་མ་ཆོད་པ་དང་། སྔ་མ་འགགས་པས་གོ་ཕྱི་ནས་ཕྱི་མ་སྐྱེད་པར་བྱེད་པ་སྟེ། དེ་ནས་དེའི་ལས་ཀྱང་གོ་འབྱེད་པ་དང་། རྟོགས་པའི་བདག་ཉིད་དུ་སྐྱེད་པ་སྟེ། རིགས་པའི་བསྟན་བཅོས་དག་ལས་ཀྱང་དེ་མ་ཐག་པའི་
རྐྱེན་གྱི་རྣམ་པར་ཤེས་པས་མིག་གི་རྣམ་པར་ཤེས་པ་རྟོགས་པའི་བདག་ཉིད་དུ་སྐྱེད་ཅེས་པ་ལ་སོགས་པ་གསུངས་སོ། །བདག་པོའི་རྐྱེན་ནི་རྐྱེན་གསུམ་ལས་གཞན་དུ་གྱུར་པ་རྣམ་ཤེས་དོན་ལ་འཛིན་ནུས་སུ་སྐྱེད་པའོ། །རིམ་གྱིས་འཇུག་པས་མི་སྐྱེད་ཅེས་པ་ནི་བྱིས་པའི་སྐྱེ་བོས་བརྟགས་
ཤིང་གསུང་རབ་དག་ལས་བཤད་པ་དེ་བཞིན་དུ་སྐྱེ་བ་དོན་དམ་པ་མི་འཐད་ཅེས་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ཤེས་པའི་བདག་ཉིད་དུ་གཏོགས་པའི་རྒྱུ་འབྲས་དངོས་པོ་ཡང་དག་པར་གཞག་པ་ཡང་། བརྟགས་པའི་རང་བཞིན་ལ་མངོན་པར་ཞེན་པ་ཙམ་ཉིད་ཡིན་པའི་
ཕྱིར་དོན་དམ་པར་མི་སྐྱེ་ལ། སེམས་སྣང་བ་ལས་མ་གཏོགས་པའི་ཕྱི་རོལ་མེད་པའི་ཕྱིར་ཕྱི་རོལ་གྱི་སྐྱེ་བ་ནི་ཡང་དག་པའི་ཀུན་རྫོབ་ཉིད་དུ་ཡང་མི་འཐད་ཅེས་སྟོན་པའོ། །བརྟགས་པའི་ཕྱིར་རྣམ་པར་རྟོག་པ་འབྱུང་ཞེས་པ་ནི་ཤེས་པར་རྟོགས་པའི་རྟེན་འབྲེལ་ནི་ཀུན་རྫོབ་ཙམ་དུ་འཐད་
པའོ། །བརྟགས་པའི་རྐྱེན་རྣམས་ཁོ་ན་ནི་སྐྱེ་ཞིང་འགགས་པར་འགྱུར་བ་ཡིན་ནོ་ཞེས་པ་ནི་དོན་དམ་པར་རྐྱེན་གྱིས་སྐྱེ་བ་དང་འགག་པར་གཞག་པ་ནི་བརྟགས་པ་ཡིན་གྱི་གཞན་དུ་མི་འཐད་ཅེས་པའོ། །ཡང་སྐྱེ་བ་འཇིག་རྟེན་ལས་འབྲེལ་པ་སེམས་ཀྱི་ངོ་བོར་གྱུར་པ་ཀུན་རྫོབ་པ་ནི་བཟློག་
པར་བྱ་བ་མ་ཡིན་ཏེ། སྔ་མ་ལྟར་བྱིས་པའི་རྟོག་པས་བརྟགས་པ་ཉིད་བཟློག་པར་བྱའོ། །དེ་ཉིད་རྒྱས་པར་བསྟན་པ་ནི། བག་ཆགས་རྣམས་ཀྱིས་ཞེས་པ་ལ་སོགས་པ་སྟེ། བག་ཆགས་ཀྱིས་བསླད་པའི་སེམས་ཉིད་སྣ་ཚོགས་སུ་སྣང་གི་བདེན་པའི་དངོས་པོ་གྲུབ་པ་མེད་ཅེས་པའོ། །
རྐྱེན་རྣམས་དང་ནི་གང་དག་ཀྱང་། །ཞེས་པ་ལ་སོགས་པའི་ཚིག་གསུམ་ནི་རྐྱེན་གྱི་རང་གི་ངོ་བོ་དང་། ཡུལ་དང་དུས་དང་སྦྱར་ཏེ། རང་གི་ངོ་བོ་གང་ཡང་མེད་ཅིང་། ཡུལ་གང་དག་དང་འབྲེལ་བ་ཡང་ཡོད་པ་མ་ཡིན་ལ། དུས་གང་གི་ཚེ་ཡང་ཡོད་པ་མ་ཡིན་ཞེས་པའོ། །སྤྱོད་པ་ནི་སྣང་བ་དང་
Vol. 122 · folio 145a
བཅས་པ་བློའི་ཡུལ་ཏེ། བློའི་ངོ་ན་དེ་ལྟར་སྣང་ཞེས་པའོ། །དེ་ནས་བཅོམ་ལྡན་འདས་ལ་ཞེས་པ་ལ་སོགས་པས། །ཡི་གེ་མེད་པར་ཇི་ལྟར་གསུངས། །ཞེས་པ་འམ། །མངོན་པར་བརྗོད་པ་གང་གིས་སྐྱེད། །ཅེས་དྲིས་པའི་ལན་དུ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཁྱད་པར་སྣང་
བར་བྱེད་པའི་རྒྱུའི་བྱེ་བྲག་ཚིག་དང་། ཚིག་གིས་བརྗོད་པར་བྱ་བའི་རང་བཞིན་དེ་ཁོ་ན་ཉིད་སྟོན་ཏེ། ཞུ་བའི་སྐབས་སུ་ཚིག་གི་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་སྙིང་པོ་ཐ་དད་པའི་བྱེ་བྲག་ཤིན་དུ་རྟོགས་པ་གང་གིས་ཞེས་པ་ནི་རྗོད་བྱེད་ཀྱི་ཚིག་རྣམ་པར་རྟོག་པ་ལ་སྣང་བ་ནི་རྣམ་པར་རྟོག་པའི་
མཚན་ཉིད་ཡིན་ལ། དེའི་སྙིང་པོ་ནི་རང་བཞིན་དེ་ཁོ་ན་ཉིད་ཀྱི་བྱེ་བྲག་སྟེ། དེ་ལྟ་བུ་རྟོགས་པས་བདག་དང་གཞན་རྣམས་རྗོད་པ་དང་། བརྗོད་བྱའི་དོན་གྱིས་སྟོང་པའི་ཆོས་ཉིད་ཁོང་དུ་ཆུད་ཅིང་གོམས་པས་མྱུར་དུ་སངས་རྒྱས་ནས། གཞན་ལ་ཡང་དེ་འདྲ་བའི་ཆོས་སྟོན་པར་འགྱུར་ཞེས་
པའོ། །དོན་གཉིས་ཞེས་པ་ནི་དགག་བྱ་གཉིས་ལ་ལྟོས་ནས་རྣམ་པར་གཞག་པ་སྟེ། སྟོང་པ་ཉིད་བཅོ་བརྒྱད་ཅེས་པ་ལྟ་བུའོ། །ཐ་དད་པའི་བྱེ་བྲག་ནི་གཞན་དང་ཐུན་མོང་མ་ཡིན་པའོ། །དེ་ལ་མཚན་ཉིད་ཀྱི་ཚིག་ནི་མཚན་ཉིད་དང་ལྡན་པའི་དངོས་པོའི་མཚན་མ་གཟུགས་དང་སྒྲ་ལ་སོགས་
པར་སྣང་བ་ལ། འདི་ཉིད་གཞན་ལ་བསྟན་པར་བྱ་བ་ལ་སོགས་པར་མངོན་པར་ཞེན་པ་ལས་བྱུང་བ་འདི་ནི་གཟུགས་སོ། །འདི་ནི་སྒྲའོ་ཞེས་པ་ལ་སོགས་པ་སྟེ། རྒྱུའི་སྒོ་ནས་མཚོན་ཏེ་བསྟན་པའོ། །རྨི་ལམ་གྱི་ཚིག་ནི་གཉིད་ཀྱིས་བསླད་པའི་གནས་སྐབས་ན་ལྷ་སྦྱིན་ལ་སོགས་པར་
སྣང་བ་ལ་སྔོན་གྱི་དེ་ཉིད་འདི་ཡིན་ནོ་ཞེས་མྱོང་བ་མཚམས་སྦྱར་ནས་རྗེས་སུ་དྲན་པ་དང་། དེ་ལས་སད་པའི་གནས་སྐབས་ན་དེ་ལྟར་རྟོག་ཅིང་སྣང་བའི་ཡུལ་མེད་པར་ཤེས་པ་ལས་བྱུང་བ་སྟེ། དེ་ལྟར་སྣང་བ་ནི་རྨི་ལམ་མོ་ཞེས་བརྗོད་པའི་ཚིག་གོ། །འདི་ནི་མཚོན་པ་ཙམ་སྟེ་སྒྱུ་མའི་དཔེ་གཞན་
རྣམས་དང་། ཆོས་ཐམས་ཅད་དུ་སྣང་བ་ནི་རྨི་ལམ་དང་འདྲ་བ་སྟེ། དངོས་པོ་མེད་པའི་སྣང་བའོ་ཞེས་རྗོད་པར་བྱེད་པའི་ཚིག་གོ། །གནས་ངན་ལེན་གྱི་རྣམ་པར་རྟོག་པའི་ཚིག་ནི་སྔོན་དགྲས་བྱས་པའི་ལས་རྗེས་སུ་དྲན་པ་སྟེ། གང་དག་གིས་གནོད་པ་བྱས་པ་དང་། དེས་ཉེ་བར་
Vol. 122 · folio 145b
མཚོན་པ་སུ་དག་གིས་ཕན་པ་བྱས་པ་དྲན་པ་ལ་སོགས་པ་སྟེ། མདོར་ན་ཉོན་མོངས་པའི་རྐྱེན་ཉེ་བར་གནས་པ་ལ་བརྟེན་ནས་བྱུང་བའི་ཚིག་སྟེ། ཚིག་རྩུབ་པོ་འབྱིན་པ་ལ་སོགས་པའོ། །ཐོག་མ་མེད་པའི་དུས་ནས་རྣམ་པར་རྟོག་པའི་ཚིག་ནི་ཐོག་མ་མེད་པའི་སྤྲོས་པ་སྣ་ཚོགས་ལ་མངོན་
པར་ཞེན་པའི་གནས་ངན་ལེན་གྱི་རང་གི་ས་བོན་ཞེས་པ་སྟེ། གནས་ངན་ལེན་དེ་ཉིད་རྣམ་པར་རྟོག་པ་སྣ་ཚོགས་ཀྱི་ས་བོན་ཏེ། དེ་ལས་བྱུང་བའི་ཚིག་གོ། །དེ་ཡང་ཇི་ལྟར་ཁ་ཏོན་བྱ་བ་འདོན་པ་ལྟར་འཕྲལ་ལ་དོན་སྤྱིའི་རྣམ་པར་སྣང་བ་མེད་ཀྱང་སྔོན་གོམས་པའི་བག་ཆགས་ཀྱིས་བྱུང་བའི་
ཚིག་སྟེ། འདི་ཡང་ཤེས་བྱའི་སྒྲིབ་པར་གཏོགས་པའི་ཀུན་ནས་བསློང་བའི་ཚིག་གོ། །སྔར་བསྟན་པའི་མཚན་ཉིད་ཀྱི་ཚིག་ནི་འཕྲལ་དུ་གཟུགས་ལ་སོགས་པའི་དོན་དུ་སྣང་ཞིང་ཞེན་པ་ལས་བྱུང་བ་ཡིན་པས། འདི་དག་མི་མཚུངས་པ་ཉིད་དོ། །དེ་ལ་རྨི་ལམ་གྱི་ཚིག་ནི་གཉེན་པོའི་
ཕྱོགས་ཀྱིས་བསྡུས་པའི་ཚིག་ཡིན་ལ། གཞན་གསུམ་ནི་མི་མཐུན་པའི་ཕྱོགས་ཀྱིས་བསྡུས་པའི་ཚིག་གོ། །དེའི་ཕྱིར་སྔར་གྱི་ཚིག་བརྒྱ་རྩ་བརྒྱད་ལ་སོགས་པ་ཡང་འདི་དག་ཉིད་ཀྱིས་བསྡུས་པར་ཤེས་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཞེས་པ་ལ་སོགས་པས་ཚིག་
གི་རྒྱུ་ནི་དེ་དག་ཙམ་དུ་འདུས་པ་མ་ཡིན་པ་རྒྱུ་གཞན་དག་ཡོད་པ་རྣམས་ཞུས་པའོ། །ཚིག་རྣམ་པར་རིག་པ་རྟོག་པ་ཞེས་པ་ནི་ཚིག་གི་རྣམ་པར་རིག་བྱེད་སྔ་མ་ལྟར་རྟོག་པའི་བདག་ཉིད་དུ་གྱུར་པ་འམ། ཡང་ན་རྣམ་པར་རིག་པ་ནི་མངོན་པའི་སྤྱོད་ཡུལ་ཞེས་པ་དང་སྦྱར་ཏེ། རྟོག་པ་མེད་
པའི་ཤེས་པས་ཡུལ་དུ་བྱས་པ་ཤེས་པ་དེའི་བདག་ཏུ་གྱུར་པའོ། །དེ་ཡང་ཡུལ་ལམ་དུས་གང་དུ། རྒྱུ་ཅི་ལས། རྣམ་པ་ཇི་ལྟར། རྐྱེན་གང་གིས་འབྱུང་བ་ཞེས་ཚིག་རྣམ་པར་སྦྱར་རོ། །ལན་གྱི་དོན་ནི་རྒྱུ་དང་རྐྱེན་ནི་སྔར་བསྟན་པ་ལྟར་དོན་སྤྱིའི་རྣམ་པར་སྣང་བ་འམ་དེའི་བག་ཆགས་
ཀྱི་བདག་ཉིད་དུ་གྱུར་པ་དང་། བརྗོད་པར་འདོད་པ་དང་རྐན་དང་ལྕེ་ལ་སོགས་པའི་གནས་ཡིན་ལ། ཡུལ་ལམ་དུས་ཀྱང་རྒྱུ་རྐྱེན་ཚོགས་པའི་ཡུལ་ལམ་དུས་ཉིད་དོ། །རྣམ་པ་ནི་ཡི་གེའི་གོ་རིམས་བཀོད་པའི་ཚུལ་དུའོ། །དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་དོན་དམ་པར་སྟོང་པའོ་
Vol. 122 · folio 146a
ཞེས་བསྟན་པའི་དོན་དུ། བློ་གྲོས་ཆེན་པོས་གསོལ་བ་ཞེས་པ་ལ་སོགས་པའོ། །གཅིག་པ་ཞིག་ཡིན་ན་ནི་དོན་གསལ་བར་བྱེད་པར་མི་འགྱུར་ཞེས་པ་ནི་བདག་ཉིད་ལ་བྱ་བ་དང་བྱེད་པ་འགག་པས་སོ། །དེ་ལྟར་ཚིག་དང་ཚིག་ཀུན་ནས་སློང་བའི་རྣམ་པར་
རྟོག་པ་དོན་དམ་པར་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར་རང་བཞིན་མེད་ཅེས་པ་སྟེ། སྔར་ཚིག་གི་སྙིང་པོ་དྲིས་པའི་ལེན་དུ་སྦྱར་བར་བྱའོ། །ཡང་བློ་གྲོས་ཆེན་པོས་གསོལ་པ་ཞེས་པ་ལ་སོགས་པས་ནི་ཚུལ་གཞན་གྱི་སྒོ་ནས་ཀྱང་ཚིག་གམ། ཚིག་གིས་བསྟན་པར་བྱ་བའི་ཡུལ་དོན་དམ་པ་ཉིད་འགོག་
པ་སྟེ། ཕྱི་རོལ་པ་གང་དག་གི་ཚིག་དང་ཡི་གེ་ཉིད་དོན་དམ་པར་ཁས་ལེན་ཏེ། ཇི་སྐད་དུ། ཐོག་མེད་དུས་ཀྱི་ཚངས་པ་རྟག །ཡང་དག་སྒྲ་ནི་ཡིག་འབྲུ་གང་། །ཞེས་པ་དང་། གཞན་ཡང་། ཨོཾ་ཞེས་ཡི་གེ་གཅིག་པོ་ཚངས། གང་གིས་བརྗོད་ཅིང་ང་ལ་ནི། །རྗེས་སུ་དྲན་པར་གྱུར་པ་
དེ། །ལུས་འདི་ཡོངས་སུ་སྤངས་ནས་སུ། །འགྲོ་བ་མཆོག་ཏུ་འགྲོ་བར་འགྱུར། །ཞེས་པ་སྟེ། སྣ་ཚོགས་ཐམས་ཅད་སྒྲའི་ཚངས་པ་དོན་དམ་པ་མཆོག་ཏུ་བདེན་པ་སྟེ། དེས་ན་སྒྲ་དང་དོན་ཀྱང་གཅིག་པར་འདོད་དོ། །ཡང་གཞན་དག་སྒྲ་ནི་དངོས་པོ་ཇི་ལྟ་བ་བཞིན་དུ་རྗོད་པར་བྱེད་པ་དངོས་
པོའི་དབང་གིས་ཞུགས་པ་སྟེ། དེས་ན་དེའི་དོན་ནི་དོན་དམ་པའི་རང་གི་མཚན་ཉིད་དོ་ཞེས་ཟེར་རོ། །འདིར་སངས་རྒྱས་པ་རྣམས་ཀྱང་། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །པ་ཞེས་བྱ་བ་ནི་
དོན་དམ་པ་སྟོན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། ཡང་། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་པ་ལ་སོགས་པ་གསུངས་པས་དེ་དག་གམ་དེ་དག་གིས་བརྗོད་པར་བྱ་བའི་དོན་ནི་དོན་
དམ་པ་ཉིད་དུ་འདོད་དེ། དེའི་ཕྱིར་དེ་དག་སོ་སོར་རྣམ་པར་བརྟགས་ཤིང་དྲིས་ནས་སུན་འབྱིན་པའོ། །དེ་ལ་ཚིག་ཉིད་དོན་དམ་པ་ཡིན་ཏེ། ཚིག་གིས་འཕགས་པའི་ཡེ་ཤེས་དོན་དམ་པའི་བདེན་པ་སྟེ། ཟག་པ་མེད་པའི་བདེ་བ་དོན་དམ་པའི་རང་བཞིན་སྤྱིའི་རྣམ་པའི་ཚུལ་དུ་བརྗོད་པས་དེ་ཉིད་
Vol. 122 · folio 146b
སྤྱིའི་རྣམ་པའི་ཚུལ་དུ་རྟོགས་ཤིང་རྟོགས་པའི་དོན་གོམས་པ་ལས། དོན་དམ་པའི་དེ་ཁོ་ན་ཉིད་ལ་རིམ་གྱིས་འཇུག་པའི་ཡན་ལག་ཡིན་པའི་ཕྱིར་ཏེ་ཇི་ལྟར་ལམ་ནི་གྲོང་ཁྱེར་དུ་འཇུག་པའི་ཡན་ལག་ཡིན་པས་གྲོང་ཁྱེར་ཉིད་མ་ཡིན་པ་བཞིན་ནོ། །སྤྱིའི་རྣམ་པའི་ཚུལ་དུ་བརྗོད་ཅེས་
པ་ཡང་རྟོག་པའི་གཟུང་བ་ལ་སྒྲོ་བཏགས་པ་ཉིད་བརྗོད་པ་ལ། སྣང་བ་དང་བརྟགས་པ་གཅིག་ཏུ་ཞེན་ནས་དོན་དམ་པའི་རང་གི་མཚན་ཉིད་བརྗོད་པར་ཞེན་པའོ། །ཚིག་གིས་བརྗོད་པའི་བྱ་བ་ཡང་དོན་དམ་པ་མ་ཡིན་ཏེ། ཚིག་གི་རྣམ་པར་རྟག་པ་ལས་བྱུང་བའི་བློའི་སྤྱོད་ཡུལ་
མ་ཡིན་པའི་ཕྱིར་རོ། །དེའི་དོན་ཡང་བློ་དེ་འདྲ་བའི་ཡུལ་ནི་བརྗོད་པ་དང་འདྲེས་པར་སྣང་བའི་སྒྲོ་བཏགས་པ་ཉིད་ཡིན་ལ། དོན་དམ་པ་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །དོན་འདི་ཉིད་ཀྱང་། །སྒྲ་གང་ཞིག་ནི་བརྗོད་པ་ན། །རྟོགས་པའི་དོན་གང་ཡིན་པ་དེ། །
དེ་ནི་སྒྲ་ཡི་བརྗོད་བྱ་སྟེ། །ཞེས་པ་ལ་སོགས་པ་བསྟན་ཏོ། །རྣམ་པར་རྟོག་པ་ནི་ཞེས་པའི་ཚིག་གི་རྣམ་པར་རྟོག་པའོ། །གཞན་ཡང་སྒྲའི་རང་གི་མཚན་ཉིད་ནི་སྐྱེ་ཞིང་འཇིག་པ་མི་རྟག་པའི་རང་བཞིན་ཡིན་པས་དོན་དམ་པའི་རང་གི་མཚན་ཉིད་རྗོད་པར་མི་བྱེད་དེ། དེ་ནི་དེ་ལ་བརྡར་མ་བྱས་པའི་ཕྱིར་རོ། །དེ་སྐད་དུ་ཡང་།
སྒྲ་རྣམས་ཀྱིས་ནི་བརྡར་བཏགས་སྟོན། དེ་ནི་ཐ་སྙད་ཆེད་དུ་བྱས། །ཞེས་པ་ལ་སོགས་པ་སྔར་བསྟན་ཏོ། །གཞན་ཡང་རྒྱུ་དང་རྐྱེན་ལས་བྱུང་བ་དོན་དམ་པའི་དངོས་པོར་མ་གྲུབ་པས་དེ་ཁོ་ན་ཉིད་དུ་དོན་དམ་པ་བརྗོད་པར་མི་འཐད་ཅེས་པའོ། །གཞན་ཡང་བརྗོད་བྱ་རྗོད་བྱེད་
ཀྱིས་བསྡུས་པ་རང་དང་གཞན་གྱི་མཚན་ཉིད་མེད་པའི་ཕྱིར་ཡང་དེ་འདྲ་བ་མི་འཐད་ཅེས་པའོ། །གཞན་ཡང་སྒྲ་ལས་བྱུང་བའི་རྣམ་པར་རྟོག་པ་ལ་ནི་ཕྱི་རོལ་གྱི་རང་གི་མཚན་ཉིད་མི་སྣང་སྟེ། དེ་ཉིད་ཀྱི་ཕྱིར་སྒྲ་ནི་རང་གི་མཚན་ཉིད་ཀྱི་དོན་དམ་པ་རྗོད་པར་བྱེད་པ་མ་ཡིན་ནོ། །ཡང་སྣ་
ཚོགས་སྒྲའི་བདག་ཉིད་ཡིན་ཏེ། སྒྲ་དང་དོན་གཅིག་པར་གྱུར་ན། ཇི་ལྟར་མེ་ཞེས་བརྗོད་པས་སྐྱེས་བུའི་ཁའི་ཉེ་འཁོར་ན་གནས་པས་དེའི་དོན་མེ་ཡང་དེ་ཉིད་ན་གནས་པའི་ཕྱིར་ཁ་ཚིག་པའི་ཉེས་པར་འགྱུར་བ་དང་། གཞན་ཡང་དེ་འདྲ་བའི་སྒྲ་ཉན་པ་པོའི་རྣ་བའི་དབང་པོའི་
Vol. 122 · folio 147a
ཉེ་འཁོར་ན་གནས་པས་ཀྱང་དེ་བཞིན་དུ་འགྱུར་བའོ། །གལ་ཏེ་སྒྲ་ནི་ཐམས་ཅད་དུ་ཁྱབ་པར་གནས་པ་བརྟགས་པའོ་ཞེ་ན། མ་ཡིན་ཏེ་དེ་ལྟ་ན་ཡང་ཕྱོགས་ཐམས་ཅད་སྲེག་པའི་ཉེས་པར་འགྱུར་བ་དང་། རེས་འགའ་བར་དམིགས་པ་མི་འཐད་དོ། །དངོས་པོ་ཇི་ལྟ་
བ་བཞིན་དུ་བརྗོད་པར་འདོད་པ་ནི་འོག་ནས་འགེགས་པར་འགྱུར་རོ། །སྔ་མ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་དོན་ནི་ཡི་གེ་དེ་རྣམས་ཀྱི་རང་བཞིན་སྐྱེ་བ་མེད་པ་ལ་སོགས་པ་ཡིན་པ་དང་། ཆོས་ཀྱི་བདག་པོ་ཉིད་ཀྱིས་དོན་དེ་རྣམས་ལ་ལྟོས་ཏེ། ཡི་གེ་དེ་དག་རྗོད་བྱེད་ཉིད་དུ་བརྡར་
བཀོད་པ་ན་ཡང་དེ་བཞིན་དུ་སྟོན་པར་ནུས་པ་སྟེ། འདིར་དེ་ལྟར་མཐའ་གཅིག་ཏུ་ངེས་པ་ནི་མ་ཡིན་ཏེ། དོན་དེ་ཉིད་ཚིག་དང་ཡི་གེ་གཞན་གྱིས་བསྟན་པར་མི་ནུས་པ་དང་། ཚིག་དང་ཡི་གེ་དེ་རྣམས་ཀྱིས་ཀྱང་དོན་གཞན་སྟོན་པར་མི་ནུས་པ་ནི་མ་ཡིན་ཏེ། སྐྱེས་བུའི་འདོད་པས་ཇི་ལྟར་བརྡར་
སྦྱར་བ་བཞིན་དུ་དོན་གོ་བར་མི་ནུས་པའི་ཕྱིར་རོ། །དེ་ལྟར་དགོངས་པའི་དོན་དང་དགོས་པ་འགའ་ཞིག་ལ་བརྟེན་ནས། ཚིག་དང་ཡི་གེ་དེ་རྣམས་ཀྱིས་དོན་དམ་པ་ཉིད་དུ་གསུངས་ཀྱི། དངོས་སུ་ནི་དེ་དག་དོན་དམ་པ་མ་ཡིན་ཏེ། འདི་ཉིད་ལས་གསུངས་པའི་ཚད་མས་གནོད་པའི་ཕྱིར་རོ། །
སྟོང་པ་ཉིད་དམ་ཞེས་པ་ནི་ཚིག་གོ། །བྱིས་པས་མ་མཐོང་རྣམ་པར་རྒྱུག །ཅེས་པ་ནི་ཚིག་ལ་སོགས་པ་དངོས་པོར་གཟུང་ཞིང་དེ་ཡང་རང་གི་མཚན་ཉིད་ཀྱི་དངོས་པོ་བརྗོད་པ་ཉིད་དུ་བཟུང་ནས་དེ་ལས་དེ་ལྟ་བུའི་དངོས་པོ་ཚོལ་བར་བྱེད་པའོ། །དངོས་པོ་ཐམས་ཅད་ཅེས་པ་ལ་སོགས་པས་
ནི་རྐང་པ་དང་པོ་གཉིས་ཀྱི་དོན་འཆད་པའོ། །མི་འཁོར་མྱ་ངན་འདའ་མི་བྱ། །ཞེས་པ་ནི་བརྗོད་བྱ་རྗོད་བྱེད་ཀྱི་ཆོས་ཐམས་ཅད་སྟོང་པར་རྟོགས་པས་ཤེས་པས་སྲིད་པ་ལ་མི་གནས་པ་དང་། སྤྲུལ་པ་ལྟ་བུར་འགྲོ་བ་རྣམས་མཐོང་ཞིང་། དེ་ཡང་སྡུག་བསྔལ་གྱིས་གཟིར་བ་ཉིད་དུ་རྟོགས་པས་
སྙིང་རྗེས་ཞི་བ་ལ་མི་གནས་པའོ། །སྙིང་པོ་ནི་ཆུ་ཤིང་གི་སྙིང་པོའོ། །དེ་ལྟ་ན་ཕུང་པོ་ལ་སོགས་པའི་མཚན་ཉིད་ཡོད་པར་བསྟན་པ་མི་འཐད་དོ་ཞེ་ན། ཇི་ལྟར་ཞེས་པ་ལ་སོགས་པ་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཞེས་པ་ལ་སོགས་པས་ཡང་གཉིས་ཀྱི་མཐའ་བརྗོད་པ་ཇི་ལྟ་
Vol. 122 · folio 147b
བུ་ཞེས་པ་དང་། །ཇི་ལྟར་རྟག་དང་ཆད་པ་ཡི། །ལྟ་བ་རབ་ཏུ་འབྱུང་མི་འགྱུར། །ཞེས་པའི་དྲི་བ་ཚིག་གིས་འཕངས་པ། མཐའ་བཞིའི་ཚུལ་དགག་པ་རྒྱས་པར་སྟོན་ཏེ། རྟོགས་པ་རྣམ་པར་ཕྱེ་བའི་མཚན་ཉིད་ཅེས་པ་ནི་རྟོགས་པ་ཉིད་རྣམ་པར་ཕྱེ་བ་སྟེ། ཇི་ལྟ་བ་བཞིན་རྟོགས་པའི་ཡུལ་ལ་མཆིས་
པ་དང་མ་མཆིས་པ་ལ་སོགས་པའི་མཐར་འཛིན་པ་སྤངས་པ་དེ་ཉིད་ཀྱི་ཕྱིར་མུ་སྟེགས་ཅན་གྱི་རྟོག་པ་མི་རྒྱུ་བ། འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱིས་མཁྱེན་པ་ཞེས་པ་ལ་སོགས་པ་སྦྱར་བར་བྱའོ། །དེ་ལ་གཅིག་པ་དང་ཐ་དད་པ་ནི་ཕྱི་རོལ་པ་གང་དག་དངོས་པོ་ཐམས་ཅད་རང་བཞིན་ནས་
གཅིག་ལ། གནས་སྐབས་ནས་ཐ་དད་ཅེས་པ་འམ་ཡན་ལག་གི་རྫས་ནི་གཅིག་ལ། ཡན་ལག་ཐ་དད་ཅེས་པ་ལ་སོགས་པ་དང་། དེ་ཉིད་ཀྱི་ཕྱིར་གཉིས་ཀ་དང་གཉིས་ཀ་མ་ལགས་པ་ཡང་ལྟ་བ་དེ་ཉིད་ལ་སྦྱར་བར་བྱ་སྟེ་གོ་བར་ཟད་དོ། །དེ་ལ་སོགས་པ་རང་གི་སྡེ་པ་གང་དག་
རྡུལ་ཕྲ་རབ་དང་སྐད་ཅིག་སོ་སོ་བ་ནི་གཅིག་ལ། དུ་མ་འདུས་པ་ནི་ཐ་དད་ཅེས་པ་ལ་སོགས་པའོ། །མཆིས་པ་ཡང་མ་ལགས་ཞེས་པའི་དོན་ནི་མུ་སྟེགས་པའི་སེམས་ཙམ་པ་དག་ཤེས་པ་གཟུང་འཛིན་གཉིས་ཀྱི་དངོས་པོར་ཡོད་པ་མ་ཡིན་ཞིང་། གཉིས་མེད་པ་རྟག་པའི་དངོས་པོར་
མེད་པ་ཡང་མ་ཡིན་ཞེས་པ་ལ་སོགས་པ་སྟེ། མདོར་ན་དངོས་པོའི་ཕྱོགས་ཁས་ལེན་པ་ཐམས་ཅད་ལ་ལྟ་བ་འདི་རྣམས་རྗེས་སུ་འཇུག་པའོ། །དེ་དག་ཐམས་ཅད་མུ་སྟེགས་ཅན་ཞེས་ཀྱང་འོག་ནས་སྟོན་པར་འགྱུར་རོ། །ཡུལ་མཐའ་ཡས་པའི་མཚན་ཉིད་ལྷུན་གྱིས་གྲུབ་ཅེས་པ་ནི་
དེ་དག་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་དབང་བསྒྱུར་བའི་ཡེ་ཤེས་དང་ནུས་པ་ལྷུན་གྱིས་གྲུབ་པའོ། །གཞན་ནི་ཤེས་པར་ཟད་དོ། །ཕན་པ་དང་བདེ་བ་ནི་བྱམས་པའི་ལས་སོ། །ལྷ་དང་མི་རྣམས་ནི་དལ་འབྱོར་གྱི་རྟེན་ཕུན་སུམ་ཚོགས་པ་ཡིན་པས། དེ་རྣམས་ལ་ཕན་པ་དང་བདེ་བ་བྱས་པ་
ནི་འགྲོ་བ་ཕལ་པོ་ཆེའི་དོན་དུ་འགྱུར་བའོ། །དྲི་ཟའི་གྲོང་ཁྱེར་དེ་ནི་དྲི་ཟའི་གྲོང་ཁྱེར་མེད་པའང་མ་ཡིན་ཞེས་པ་དེ་ལྟར་སྣང་བ་ཙམ་གྱི་རང་བཞིན་ཀུན་རྫོབ་ཏུ་སེམས་ཀྱི་ངོ་བོར་གྲུབ་པའོ། །གྲོང་ཁྱེར་རིན་པོ་ཆེ་རྗེས་སུ་དྲན་ཞེས་པ་ནི་དེ་རྣམས་གྲོང་ཁྱེར་གྱི་དངོས་པོ་སྔར་མཐོང་བ་དང་འདྲ་བར་འཛིན་
Vol. 122 · folio 148a
ཅིང་། སྔར་མ་མཐོང་བ་ཡང་དངོས་པོའི་ཚུལ་དུ་དྲན་པའོ། །མེད་པ་པ་ཞེས་པ་ནི་ཆད་པར་ལྟ་བ་ལ་གནས་པའོ་ཞེས་ཟེར་བའོ། །དེ་ཉིད་གསལ་བར་བསྟན་པ་ནི། །སྐྱེ་བ་མེད་པར་སྨྲ་ཞེས་པ་ལ་སོགས་པའོ། །མཐོང་བ་དང་མ་མཐོང་བ་ནི་དབང་པོ་བསླད་པས་མཐོང་
བས་སེམས་ཀྱི་ངོ་བོར་ཡོད་ཅེས་པ་ལ་སོགས་པའོ། །བློ་གྲོས་ཆེན་པོ་གཞན་ཡང་ཚད་མ་གསུམ་ཞེས་པ་ལ་སོགས་པ་ནི་སེམས་ཙམ་པ་གང་དག་མངོན་སུམ་དང་རྗེས་སུ་དཔག་པ་དང་། ཡིད་ཆེས་པའི་ལུང་སྟེ། དོན་ངེས་པར་བྱེད་པའི་ཡན་ལག་སོ་སོར་རྣམ་པར་ཕྱེ་ཞིང་གཞག་སྟེ། དེ་རྣམས་
ལ་བརྟེན་ནས་འཕགས་པ་སོ་སོ་རང་གིས་རིག་པར་བྱ་བའི་ཡེ་ཤེས་སམ། དེའི་རིགས་སེམས་ཅན་ཐམས་ཅད་ལ་ཡོད་པའི་སེམས་རང་བཞིན་གྱིས་འོད་གསལ་བ་ནི་རང་རིག་པའི་མངོན་སུམ་ཉིད་ཀྱིས་གྲུབ་པ་འམ། ཡང་རྟོགས་པའི་རང་བཞིན་གྱི་རྣམ་པར་ཤེས་པ་ཙམ་ནི་མྱོང་བའི་ཚད་མས་གྲུབ་ལ།
དེ་ཉིད་གཟུང་འཛིན་གཉིས་ཀྱི་རང་བཞིན་ཡིན་པ་ལ་གནོད་བྱེད་ཀྱི་ཚད་མ་ཡོད་པས་གཉིས་མེད་པའི་རང་རིག་པ་དོན་དམ་པའི་དངོས་པོར་ཡོད་ཅེས་སློབ་དཔོན་དཀོན་མཆོག་འབངས་ཀྱིས་བསྟན་པ་འམ། གཞན་ཡང་སྔར་བསྟན་པ་ལྟར་ལྷན་ཅིག་དམིགས་པ་ངེས་པ་ལ་སོགས་པའི་གཏན་
ཚིགས་ཀྱིས། ཤེས་པ་གཉིས་མེད་ཀྱི་ངོ་བོ་དོན་དམ་པར་གྲུབ་པ་དང་། ལུང་ལས་ཀྱང་དེ་ལྟར་བསྟན་པའི་ཕྱིར། དེ་འདྲ་བའི་དངོས་པོར་ཡོད་ཅེས་པའོ། །དངོས་པོ་དང་དངོས་པོ་མེད་པའི་འདུ་ཤེས་ནི་ཤེས་པ་གཉིས་མེད་ཀྱི་ཕྱིར་དངོས་པོ་ཡོད་ཅིང་། གཟུང་འཛིན་ལ་སོགས་པའི་
དངོས་པོ་མེད་ཅེས་པའོ། །དེ་ཉིད་དེ་དག་གི་བདག་ཏུ་འཛིན་པ་ལ་སོགས་པར་འགྱུར་བ་ནི། གལ་ཏེ་རང་བཞིན་གྱིས་ཡོད་ན། དེ་ནི་མེད་པ་ཉིད་མི་འགྱུར། །ཞེས་སྔར་བསྟན་པའི་རིག་པས་དེ་ནི་རྟག་ཏུ་ཡོད་པའི་རང་བཞིན་ལ་བརྟེན་ཅིང་གནས་པས་ཤེས་པ་རིག་པ་ཙམ་གྱི་རང་བཞིན་རྟག་
པ་ལ་སོགས་པར་ཁས་ལེན་དགོས་པའོ། །གལ་ཏེ་དེ་ལྟ་ན་རྣམ་པར་ཤེས་པ་དང་ཕྱིའི་དོན་ལ་སོགས་པ་ཡོད་པར་བསྟན་པ་དང་འགལ་ལོ་ཞེ་ན། དེ་ལྟར་བསྟན་པ་ནི་སྤྲུལ་པའི་སངས་རྒྱས་ཀྱིས་སེམས་ཅན་རྣམས་བྲིད་པའི་དོན་དུ་བསྟན་པ་སྟེ། དྲང་བའི་དོན་ཉིད་ཡིན་ནོ། །དེ་ནི་ཆོས་ཉིད་ཀྱི་
Vol. 122 · folio 148b
སངས་རྒྱས་སམ། ཏིང་ངེ་འཛིན་གྱི་སངས་རྒྱས་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་པ་མ་ཡིན་ནོ། །དེ་ལྟར་ཕྱི་ནང་གི་ཆོས་རྣམ་པར་འཇོག་པ་ནི་མི་བརྗོད་དོ་ཞེས་ཚིག་ཕྱི་མ་ལ་སྦྱར་བར་བྱའོ། །སུ་ཞིག་མི་བརྗོད་ཅེ་ན། རྟོགས་པའི་རང་བཞིན་གྱི་ཆོས་འཕགས་པའི་ཡེ་ཤེས་སོ་སོ་རང་
གིས་རིག་པའི་ཏིང་ངེ་འཛིན་གྱི་བདེ་བ་ལ་གནས་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཆོས་ཀྱི་སྐུའི་སངས་རྒྱས་ནི་དེ་འདྲ་བ་མི་བརྗོད་ཅེས་པ་སྟེ། འདིའི་དོན་ཞིབ་ཏུ་ནི་སྔར་བསྟན་ནོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དཔེའི་རྣམ་གྲངས་དུ་མའི་སྒོ་ནས་ཀྱང་དོན་དེ་ཉིད་སྟོན་ཏེ།
ཤིང་གི་གྲིབ་མ་ནི་དེའི་གཟུགས་བརྙན་ནོ། །དེ་ནི་ཤིང་གི་དབྱིབས་སུ་སྣང་བ་ཤེས་པའི་ངོ་བོར་ཡོད་པས། གྲིབ་མ་མ་ཡིན་པ་ཡང་མ་ཡིན་ལ། དངོས་པོར་གྱུར་པའི་ཕྱི་རོལ་གྱི་དབྱིབས་མེད་པའི་ཕྱིར། རྫས་སུ་གྲུབ་པའི་གྲིབ་མ་འང་མ་ཡིན་ཞེས་པའོ། །གཞན་ཡང་བྲག་ཅ་ནི་མིང་དང་
འབབ་ཆུ་དང་རླུང་གི་སྒྲ་དང་། རི་རོང་ལ་སོགས་པ་ཕྲད་པ་ལས་བྱུང་ཞིང་། ཕྱི་རོལ་ན་གྲག་སྟེ། དེ་ནི་བྱིས་པ་མི་མཁས་པ་རྣམས་ལ་ཕྱི་རོལ་གྱི་སྒྲ་བདེན་པར་གྲག་ཅིང་། མཁས་པ་རྣམས་ལ་དེ་འདྲ་བ་མ་ཡིན་པར་གྲག་པའོ། །དེ་དག་ནི་ཆགས་པ་དང་ཞེས་པ་སྐོམ་པས་གདུངས་པའི་རི་
དགས་ལ་ཆུ་རུ་སྣང་ཞིང་དེ་ལ་ཆགས་པའོ། །དངོས་འཛིན་བྱིས་པས་འཕངས་བླངས་པ་ཞེས་པ་ལ་སོགས་པའི་དོན་ནི་བྱིས་པ་རྣམས་ཀྱིས་བདག་རྟག་པ་ལ་སོགས་པ་དངོས་པོར་ཞེན་པ་དམ་དུ་བཟུང་བ་རྣམས། ཇི་ལྟར་ཤིང་ལ་སོགས་པའི་གཟེར་ཆེན་པོ་གཟེར་ཕྲ་མོས་འབྱིན་པར་བྱེད་པ་ལྟར།
དེ་འདྲ་བའི་ཕྱིན་ཅི་ལོག་རགས་པ་རྣམས་ཀྱང་མི་རྟག་པ་ལ་སོགས་པ་དངོས་པོར་བསྟན་པས་རིམ་གྱིས་བྲིད་དེ་རྣམ་པར་རྟོག་པ་ཕྲ་མོས་རགས་པ་རྣམས་ཟློག་པར་བྱེད་པའོ། །སྒྱུ་མ་རོ་ལངས་འཁྲུལ་འཁོར་ནི་སེམས་པའི་གཡོ་བ་མེད་པའི་དཔེའོ། །རྨི་ལམ་ལ་སོགས་པ་ནི་མེད་བཞིན་དུ་སྣང་བ་འམ།
མི་རྟག་པ་ཉིད་ཀྱི་དཔེའོ། །རྒྱུད་གསུམ་ཆད་པ་ནི་ཟད་པ་དང་མི་སྐྱེ་བ་སྟེ། དེ་འདྲ་བའི་ཡེ་ཤེས་ཐོབ་པ་ན་ཐར་པར་འགྱུར་བའོ། །གལ་ཏེ་རྒྱུད་གསུམ་སེམས་ཀྱི་དངོས་པོར་གྲུབ་པ་མ་ཡིན་ནམ་ཞེ་ན། འདི་ལ་རྣམ་རིག་གང་ཡང་མེད། །ཅེས་པ་ལ་སོགས་པའོ། །ཅུང་ཟད་དུ་ཡང་ཁས་བླངས་མེད།
Vol. 122 · folio 149a
ཅེས་པ་ནི་ཡོད་མེད་ལ་སོགས་པའི་མཚན་མར་བརྟགས་པ་རྣམས་དེ་བཞིན་དུ་གྲུབ་པ་མེད་པ་དེ་འདྲ་བའི་ཕྱོགས་རྣམ་པར་འཇོག་པ་མེད་ཅེས་པའོ། །རྣམ་རིག་འདི་ནི་ཞེས་པ་ལ་སོགས་པས་སྔ་མ་དེ་ཉིད་གསལ་བར་འཆད་དོ། །གང་ལ་ཞེས་པ་མྱོང་བའི་རང་བཞིན་
ཙམ་ལ། དངོས་པོའི་ངོ་བོར་བཏགས་པ་ནི་མི་བདེན་ཞེས་པའོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངེས་པའི་དོན་བསྟན་པས་ནི། མཐའ་བཞི་ལས་རྣམ་པར་གྲོལ་བ་རིགས་པ་དང་སྟོང་པ་ཟུང་དུ་འཇུག་པའི་དོན་ཉིད་དོ། །གལ་ཏེ་དེ་ལྟ་ན་ཕུང་པོ་ལ་སོགས་པ་ཡོད་པར་བསྟན་
པ་མི་འཐད་དོ་ཞེ་ན། དེ་ནི་གནས་ཟབ་མོ་རྟོགས་པར་བྱ་བའི་དོན་དུ་ཐོག་མར་ཞེན་པ་དང་བཅས་པའི་སྐྱེ་བོ་རྣམས་ལ་དྲང་བའི་དོན་ཉིད་བསྟན་པའོ། །དེ་ལ་བདེན་པ་དང་ཞེས་པ་ལ་སོགས་པའི་དོན་ནི་བདེན་པ་བཞི་སྔར་བསྟན་པ་ལྟར་ཀུན་ནས་ཉོན་མོངས་པས་བསྡུས་པའི་རྟེན་ཅིང་འབྲེལ་
བར་འབྱུང་བ་དང་། ལམ་དང་འགོག་པས་བསྡུས་པ་རྣམ་པར་བྱང་བའི་ཕྱོགས་ཀྱི་རྟེན་འབྲེལ་དང་རྣམ་པར་ཐར་པའོ། །སྒོ་གསུམ་གྱི་བསྟེན་པ་འཇུག་པ་སྔོན་དུ་བཏང་སྟེ། དེ་ལ་བརྟེན་ནས་རིམ་གྱིས་གནས་ཟབ་མོ་རྟོགས་པར་བྱེད་དོ། །དེ་ལས། གཞན་དུ་གཙོ་བོའི་རང་བཞིན་དང་།
ཞེས་པ་ལ་སོགས་པ་ཤེས་པར་ཟད་དོ། །རྒྱུ་མེད་པ་ཉིད་འདོད་རྒྱལ་བ་འམ། ཡང་ན་འདོད་པར་དགའ་བའི་སྟོབས་ཀྱིས་འབྲས་བུ་འབྱུང་བ་སྟེ། ཇི་ལྟར་ཚངས་པའི་གཞལ་མེད་ཁང་སྟོང་པར་ཐོག་མ་ཉིད་དུ་སྐྱེས་པའི་སེམས་ཅན་འགའ་ཞིག་གི་འདོད་པའི་སྟོབས་ཀྱིས་ལྷ་གཞན་
གཉིས་པ་དང་གསུམ་པ་ལ་སོགས་པ་སྐྱེས་སོ་སྙམ་དུ་སེམས་ཤིང་ཁས་ལེན་པ་ལྟ་བུའོ། །དེ་བཞིན་དུ་དུས་དང་རང་བཞིན་རྒྱུར་སྨྲ་བ་ལ་སོགས་པ་སྟེ། དེ་འདྲ་བ་སྟོན་པར་བྱེད་པ་མ་ཡིན་ཞེས་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་ཆོས་བསྟན་པ་འཇུག་པའི་རིམ་པ་ཉིད་ཚུལ་གཞན་
གྱི་སྒོ་ནས་རྒྱས་པར་སྟོན་ཏེ། སྒྲིབ་པ་གཉིས་ཀྱི་གཉེན་པོར་རིམ་གྱིས་ཆོས་སྟོན་པ་ནི་ཇི་ལྟར་དེད་དཔོན་འགའ་ཞིག་འཇིམ་པའི་རི་དགས་ཀྱིས་བུ་རྣམས་འདྲིད་པ་སྟེ། སྔར་བསྟན་པ་བཞིན་ནོ། །དེ་བཞིན་དུ་ཉོན་མོངས་པའི་སྒྲིབ་པས་བསྡུས་པར་འགྱུར་བ་བརྒྱའི་གཉེན་པོར་སྔར་བཤད་པ་ལྟར།
Vol. 122 · folio 149b
སྣང་བ་མེད་པ་བརྒྱ་པོ་ཉིད་ཐོག་མར་བསྟན་ལ། དེའི་རྗེས་སུ་ཤེས་བྱའི་སྒྲིབ་པས་བསྡུས་པ་གཟུང་འཛིན་གྱི་རྣམ་པར་རྟོག་པ་བརྒྱད་དེ། ཇི་སྐད་དུ། །མཐོང་དང་བསྒོམ་པའི་ལམ་དག་ལ། །གཟུང་དང་འཛིན་པའི་རྣམ་རྟོག་རྣམས། །ཉེ་བར་ཞི་བར་བྱ་བའི་ཕྱིར། །གཉེན་པོ་རྣམ་པ་
བརྒྱད་ཅེས་བྱ། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་གཟུང་འཛིན་གྱི་རྣམ་པར་རྟོག་པ་རགས་པ་རྣམ་པ་བཞི་ནི་མཐོང་བའི་ལམ་གྱིས་སྤང་བར་བྱ་བ་སྟེ། གཟུང་བའི་རྣམ་པར་རྟོག་པ་དང་ཀུན་ནས་ཉོན་མོངས་པའི་གཞིའི་རྟེན་ཅན་དང་། གཉིས་པ་གཉེན་པོའི་རྟེན་ཅན་གྱི་རྟོག་པའོ། །དེ་ལྟར་
ཡང་། གཞི་དང་དེ་ཡི་གཉེན་པོ་ཡིས། །གཟུང་བའི་རྟོག་པ་རྣམ་པ་གཉིས། །ཞེས་གསུངས་སོ། །འཛིན་པའི་རྣམ་པར་རྟོག་པ་ཡང་གཉིས་ཏེ། གང་ཟག་རྫས་ལ་བརྟེན་པ་དང་། །སྐྱེས་བུ་བཏགས་པ་ལ་བརྟེན་པའོ། །དེ་སྐད་དུ་ཡང་། རྫས་དང་བཏགས་པའི་རྟེན་ཅན་གྱིས། འཛིན་པ་
རྣམ་པ་གཉིས་སུ་འདོད། །ཅེས་གསུངས་སོ། །དེ་ལྟར་རགས་པ་བཞི་ནི་བྱང་ཆུབ་སེམས་དཔའི་སྣང་བ་མེད་པའི་ཡེ་ཤེས་མཐོང་བའི་ལམ་གྱིས་སྤང་བར་བྱ་བ་ཡིན་ལ། ཕྲ་བ་རྣམ་པ་བཞི་ནི་དེའི་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བའོ། །དེ་ལྟ་ན་ལམ་གཉིས་ཀྱིས་བསྡུས་པ་སྤང་བྱ་ལ་ལྟོས་
ཏེ། རྣམ་པར་ཕྱེ་བ་བརྒྱ་རྩ་བརྒྱད་དང་། ལམ་དང་འབྲས་བུས་བསྡུས་པའི་ཐེག་པ་དང་། དེ་རྣམས་ཀྱི་བདག་ཉིད་དུ་རྟོགས་པའི་ཡེ་ཤེས་ཡོན་ཏན་བསྐྱེད་པའི་གཞིར་གྱུར་པས་ས་ཞེས་པ་སྟེ། ཐོག་མར་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་བསྟན་པའི་རིམ་གྱིས་རབ་ཏུ་འཇུག་གོ། །བློ་གྲོས་ཆེན་པོ་
གཞན་ཡང་ཞེས་པ་ལ་སོགས་པས་སྣང་བ་མེད་པའི་ཏིང་ངེ་འཛིན་དེ་རྣམས་ཚུལ་ལུགས་རྣམ་པ་བཞིར་བསྡུས་པའི་སྒོ་ནས་གསལ་བར་སྟོན་ཏེ། བསམ་གཏན་པ་ཡི་ཡུལ་དེ་གང་། །རྣལ་འབྱོར་རྣམ་པ་དུ་རུ་བརྗོད། ཅེས་དྲིས་པའི་ལན་དུ་ཡང་སྦྱར་བར་བྱའོ། །དང་པོ་ནས་གང་ནས་གང་དུ་ཞེས་པ་ནི་དེ་
ལྟར་དམིགས་པ་དང་བཅས་པའི་སེམས་ཀྱིས་འཁོར་བ་ལ་ཡིད་འབྱུང་བ་སྔོན་དུ་བཏང་ནས་རིམ་གྱིས་འདུ་ཤེས་དང་ཚོར་བ་འགོག་པ་སྟེ། སྣང་བ་མེད་པའི་ཏིང་ངེ་འཛིན་ཞེས་བྱ་བའོ། །དེ་ལ་བྱིས་པ་ཉེ་བར་སྤྱོད་པ་ཞེས་པ་ནི་དེ་ཁོ་ན་ཉིད་རྟོགས་པའི་ལྷག་མཐོང་དང་བྲལ་བས་འཇིག་རྟེན་པའི་བསམ་
Vol. 122 · folio 150a
གཏན་དང་མཚུངས་ཞེས་པའོ། །དོན་རབ་ཏུ་འབྱེད་པའི་བསམ་གཏན་ནི་གང་ཟག་ལ་བདག་མེད་པའི་མཚན་མ་ལ་སོགས་པ་དང་། བདག་དང་གཞན་གྱི་མཚན་མར་གཟུང་བ་ཐམས་ཅད་ཤེས་རབ་ཀྱིས་རྣམ་པར་གཞིགས་ནས་བློའི་ངོ་ན་མེད་པར་བྱས་ཏེ། ཆོས་ལ་བདག་མེད་
པར་རྟོགས་པའི་སའི་མཚན་ཉིད་ཀྱིས་དོན་རབ་ཏུ་འབྱེད་པའི་གོ་རིམས་ཅན་ཏེ། བྱང་ཆུབ་སེམས་དཔའི་ས་དང་པོ་དང་གཉིས་པ་ལ་སོགས་པས་བསྡུས་པའི་མཉམ་པར་གཞག་པའི་ཡེ་ཤེས་སྣང་བ་མེད་པའི་ཏིང་ངེ་འཛིན་ནོ། །དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་ནི་བདག་
མེད་པ་གཉིས་ཀྱི་མཚན་མར་སྒྲོ་བཏགས་པ་ཡང་། ཀུན་དུ་བརྟགས་པ་ཉིད་ཡིན་པས། དེ་འདྲ་བའི་རྣམ་པར་ཡང་མི་རྟོག་པ་སེམས་ཀྱི་ཆོས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་སྣང་བ་མེད་པའི་ཏིང་ངེ་འཛིན་གྱིས་བསྡུས་པའོ། །དེ་བཞིན་གཤེགས་པའི་བསམ་གཏན་ནི་
དེ་བཞིན་གཤེགས་པའི་སའི་རྣམ་པར་འཇུག་པ་སྟེ། ཆོས་ཀྱི་སྐུའི་ཡེ་ཤེས་སྔོན་དུ་བྱེད་པའི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པའམ། ཡང་ན་ཆོས་ཀྱི་སྐུའི་ཡེ་ཤེས་ལ་རྒྱུན་གྱིས་འཇུག་པ་སྟེ། ཆོས་ཀྱི་སྐུ་ཉིད་ཀྱིས་བསྡུས་པའོ། །མཚན་ཉིད་གསུམ་གྱིས་བདེ་
བ་ནི་ཟབ་པ་མེད་པའི་བདེ་བ་དང་། སྤྲོས་པ་དང་བྲལ་བ་དང་། མི་འགྱུར་བའི་བདེ་བ་སྟེ། དང་པོ་གཉིས་ཀྱིས་ནི་རིམ་པ་བཞིན་དུ་སྒྲིབ་པ་གཉིས་བག་ཆགས་དང་བཅས་ཏེ་སྤང་བར་བསྟན་ལ། མི་འགྱུར་བས་ནི་མཐར་ཐུག་པ་དང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས་ཉམས་
པ་མེད་པའོ། །དེ་འདྲ་བའི་བསམ་གཏན་ཐོབ་པར་བྱ་བའི་དོན་དུ། རྣལ་འབྱོར་ཅུང་ཟད་ཐོབ་པ་རྣམས་ཀྱིས་ཡང་ནས་ཡང་དུ་བརྩོན་པར་བྱས་ན་བསམ་གཏན་གྱི་མཚན་མ། ཉི་མ་ཟླ་བའི་དབྱིབས་འདྲ་དང་། །འོད་དང་པད་མ་ལྟ་བུ་དང་། །རི་མོ་ནམ་མཁའི་མེ་འདྲ་མཐོང་། །ཞེས་པ་སྟེ།
ཤྲཱི་ཀཱ་ལ་ཙཀྲའི་འགྲེལ་པར་ཉིན་མོའི་རྣལ་འབྱོར་གྱི་རྟགས་བསྟན་པ་སྟེ། ནམ་མཁའ་ལ་ཉི་མ་དང་ཟླ་བའི་དབྱིབས་དང་ཁ་དོག་རྣམ་པ་ལྟ་བུར་མཐོང་བ་དང་། པད་མོའི་དབྱིབས་དང་འོད་ལྟ་བུར་སྣང་བ་དང་། སྤྲིན་མེད་པའི་ནམ་མཁའི་མེ་འབར་བའི་རྣམ་པར་མཐོང་བ་དང་། གཞན་ཡང་རི་མོའི་
Vol. 122 · folio 150b
རྣམ་པར་སྣང་བ་སྟེ། རྣམ་པར་སྣང་མཛད་འོད་ཆེན་པོ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །ཞེས་གསུངས་པ་དང་སྦྱར་ཏེ་བསྟན་པ་ལྟ་བུའོ། །གཞན་ཡང་འཕགས་པ་རྣམ་པར་གྲོལ་བའི་སྡེས་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའི་འགྲེལ་པར་ཟད་པར་གྱི་སྐྱེ་མཆེད་ཀྱི་མཚན་མ་བཤད་པ་དང་ཡང་སྦྱར་བར་བྱའོ། །དེ་ལ་མཚན་མ་དེ་དག་མཐོང་བའི་ཚེ་ཡང་དག་པ་ཉིད་དུ་འཛིན་ཅིང་བདག་ཏུ་ང་རྒྱལ་བ་དང་བཅས་པར་གྱུར་ན། མུ་སྟེགས་ཅན་གྱི་ལམ་དུ་ཁྲིད་པར་བྱེད་པ་སྟེ། ཐར་པ་ལས་རིང་དུ་འགྱུར་བའོ། །
གཞན་ཡང་ཡང་དག་པའི་མཚན་མར་འཛིན་ཅིང་གང་ཟག་གི་བདག་ཏུ་རློམ་པ་མེད་པ་དེ་ལྟར་ན་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་ལྷུང་བར་བྱེད་པ་སྟེ། དམིགས་པ་དང་བཅས་པའི་ལམ་དང་དེ་འདྲ་བའི་འབྲས་བུ་ལ་སྤྱོད་པར་བྱེད་པའོ། །དེའི་ཕྱིར་དེ་ལྟ་བུའི་མཚན་མར་ཞེན་
པ་ལས་ལོག་སྟེ། དེ་ལྟར་སྣང་བ་ཡང་རྫས་སུ་མ་གྲུབ་པའི་སྣང་བ་སེམས་ཙམ་ཉིད་དུ་ཤེས་ཤིང་། དེ་དང་འདྲ་བར་ཆོས་ཐམས་ཅད་ཀྱང་རྟོགས་པར་གྱུར་པ་ན། རིམ་གྱིས་སྣང་བ་ཙམ་ཡང་གནས་གྱུར་ཏེ། །སྣང་བ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་དེའི་ཚེ་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་
རློབ་པ་སྟེ། འོག་ནས་སྟོན་པར་འགྱུར་རོ། །ཡང་དག་པའི་རྗེས་སུ་འགྲོ་བ་ནི་དེ་ལ་བློ་གྲོས་འཇུག་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཞེས་པ་ལ་སོགས་པས་ནི་ལམ་གྱི་བྱེ་བྲག་དེ་རྣམས་ཀྱི་དེ་བཞིན་གཤེགས་པའི་སྙིང་པོ་རྣམ་པར་སྦྱང་བས་ཐོབ་པར་འགྱུར་བའི་འབྲས་བུ་མྱ་ངན་ལས་འདས་པ་ཉིད་
དུ་རྒྱས་པར་སྟོན་པའོ། །དེ་ཡང་རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་འདོད་པའི་ཕུང་པོ་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པ་དང་། སངས་རྒྱས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ལས་འདིར་ནི་རེ་ཞིག་མི་གནས་པའི་མྱ་ངན་
ལས་འདས་པ་སྟོན་ཏེ། དེ་ཡང་རྣམ་པར་ཤེས་པའི་བདག་ཉིད་ཐམས་ཅད་ཀྱི་བག་ཆགས་ཀུན་གཞི་དང་ཞེས་པ། བག་ཆགས་ཉིད་ཀུན་གཞི་སྟེ། ནུས་པ་དང་ནུས་པ་ཅན་ཐ་དད་པ་མེད་པའི་ཕྱིར་རོ། །ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་ལྟ་བའི་བག་ཆགས་ཞེས་པ་ནི་འཇིག་ཚོགས་ལ་
Vol. 122 · folio 151a
ལྟ་བ་ལ་སོགས་པའི་བག་ཆགས་ཏེ། ས་བོན་གཞན་དུ་གྱུར་ཅེས་པ་ལ་སོགས་པ་སྔར་བསྟན་ནོ། །མྱ་ངན་ལས་འདས་པའི་ཚུལ་ཞེས་པ་ལ་སོགས་པས་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་ལུགས་ཕྱིན་ཅི་མ་ལོག་པ། རང་བཞིན་གྱིས་སྟོང་
པ་སྟེ་དབྱིངས་ཡེ་ཤེས་དབྱེར་མེད་པའི་ཆོས་ཀྱི་སྐུ་ལས་དབྱིངས་ཀྱི་ཆ་གཙོ་བོར་བསྟན་པའོ། །སངས་རྒྱས་རྣམས་དང་ང་ཡིས་བརྗོད། །ཅེས་པ་མདོ་སྡེ་འདི་དང་འཕགས་པ་དཀོན་མཆོག་སྤྲིན་ལ་སོགས་པར་གསུངས་པ་སྟེ། ཇི་སྐད་དུ། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་
ཞེས་བགྱི་བ་ནི་ཡང་དག་པ་མ་ལགས་པའི་ཡོངས་སུ་རྟོག་པ་རབ་ཏུ་ཞི་བའི་ཚིག་བླ་དགས་ལགས་སོ་ཞེས་པ་ལ་སོགས་པ་གསུངས་སོ། །གཞན་ཡང་ཞེས་པ་ལ་སོགས་པས་ནི་ཡེ་ཤེས་ཀྱི་ཆ་གཙོ་བོར་སྟོན་པའོ། །རང་དང་སྤྱིའི་མཚན་ཉིད་དུ་རྣམ་པར་རྟོག་པ་སྤངས་པས་
དེའི་ཕྱིར་རྟག་པ་མ་ཡིན་ཞེས་པ་ནི་དེ་དག་གི་དངོས་པོ་ཡོད་པར་རྟོག་ན། དེ་ནི་རྟག་ཏུ་དེ་ཉིད་ཀྱི་རང་བཞིན་ལ་བརྟེན་ཅིང་གནས་པ་སྟེ། མེད་པ་ཉིད་དུ་མི་འགྱུར་བས་རྟག་པར་འཛིན་པའི་མཐར་འགྱུར་བ་ལས། །འདིར་ནི་དེ་ལྟར་མ་ཡིན་ཞེས་པའོ། །ཆད་པ་མ་ཡིན་པ་ནི་འདི་ལྟ་
སྟེ། འདས་པ་དང་ཞེས་པ་ལ་སོགས་པ་གསུངས་པ་ལ། དེ་ལ་འདས་པ་ནི་སྔར་ཉིད་དུ་ཆོས་ཀྱི་སྐུའི་ཡེ་ཤེས་མངོན་དུ་བྱས་ཤིང་། དེ་ལས་གཟུགས་སྐུ་གཉིས་སུ་སྣང་བས་སེམས་ཅན་གྱི་དོན་བྱས་ནས་སྤྲུལ་པའི་སྐུ་ཡུལ་ལམ་དུས་ཀྱི་ཁྱད་པར་འགའ་ཞིག་ཏུ། མྱ་ངན་ལས་
འདས་པའི་ཚུལ་བསྟན་པ་སྟེ། མྱ་ངན་ལས་འདས་པ་དེ་ཡང་རྣམ་པར་ཆད་པའི་འཆི་འཕོ་བ་ལྟ་བུའོ། །ད་ལྟར་བྱུང་བ་ནི་ད་ལྟར་ཆོས་ཀྱི་སྐུའི་ཡེ་ཤེས་མངོན་དུ་བྱས་ཤིང་། དེ་ལས་བྱུང་བའི་གཟུགས་ཀྱི་སྐུ་ཡང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པར་སྣང་བའོ། །མ་འོངས་
པ་ནི་དོན་གོ་བར་ཟད་དོ། །སོ་སོ་རང་གིས་རྟོགས་པར་བྱེད། །ཅེས་པ་དེ་རྣམས་ཀྱི་ཡེ་ཤེས་རྒྱུན་མི་འཆད་པར་གདུལ་བྱ་རྣམས་ཀྱི་ཐེ་ཚོམ་སེལ་བ་ལ་སོགས་པའི་བྱ་བ་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་བློ་གྲོས་ཕྱིན་ཅི་ལོག་ཏུ་གྱུར་པ་གང་དག་འཕགས་པ་རྣམས་ཀྱི་ཡེ་ཤེས་ནི་སངས་རྒྱས་པའི་
Vol. 122 · folio 151b
གནས་སྐབས་སམ། ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ལྡོག་པར་འགྱུར་བ་སྟེ། དེའི་རྒྱུ་མཚན་ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཡོད་པ་དང་མེད་པ་ལ་སོགས་པའི་མཚན་མའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་ཤེས་པར་བྱ་བའི་ཡུལ་ཡང་དག་པའི་ཀུན་རྫོབ་
ཏུ་ཡང་མེད་པའི་ཕྱིར་དེ་ཤེས་པའི་ཡེ་ཤེས་མི་འཐད་ཅེས་པའོ། །དེ་སྐད་དུ་ཡང་། འགྲོ་བའི་ཆོས་ཀུན་རྣམ་ཤེས་ཀྱི། །མེ་ཡི་བུད་ཤིང་ཡིན་པར་འདོད། །དེ་དག་ཇི་བཞིན་རྣམ་འབྱེད་པའི། །མེ་ཡིས་བསྲེགས་ནས་ཉེར་ཞིར་འདོད། །ཅེས་གསུངས་པའི་ཕྱིར་རོ། །དེ་ཡང་དཔེར་ན་
ཤིང་གཉིས་དྲུད་པ་ལས་མེ་བྱུང་ནས་ཤིང་དེ་ཉིད་སྲེག་པ་ལྟར། གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་རེ་ཞིག་ཆོས་ཀྱི་སྐུའི་ཡེ་ཤེས་ཀྱི་མེ་བྱུང་ནས་དེས་མཚན་མའི་ཆོས་ཐམས་ཅད་བསྲེགས་ཤིང་མི་དམིགས་པས་དེ་ལ་དམིགས་པའི་ཡེ་ཤེས་དེ་ཉིད་ཀྱང་རྒྱུན་ལྡོག་པའོ། །རྣམ་པ་
གཅིག་ཏུ་ན་རྡོ་རྗེ་ལྟ་བུའི་སྔོན་རོལ་གྱི་གཉེན་པོ་ལ་བརྟེན་ནས་རྡོ་རྗེ་ལྟ་བུས་བསྡུས་པའི་ཡེ་ཤེས་ཀྱི་མེས་མཚན་མའི་བུད་ཤིང་བསྲེགས་ནས་དེའི་རྗེས་སུ་ཡེ་ཤེས་ཀྱི་རྒྱུན་གཞན་འབྱུང་བ་མེད་པའོ། །བསྟན་བཅོས་དག་ལས་ཀྱང་། །གང་ཚེ་དངོས་དང་དངོས་མེད་དག །བློ་ཡིས་མདུན་
ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་སོ། །གཞན་ཡང་སངས་རྒྱས་ཀྱི་ཡེ་ཤེས་རྒྱུན་དང་ལྡན་པར་ཡོད་ན་དེ་ཉིད་འཁྲུལ་པ་དང་བཅས་པ་ཉིད་དུ་འགྱུར་ཏེ། འདི་ལྟར་དེས་རང་ངམ་གཞན་གང་ཡང་མ་རིག་
པའི་ཤེས་པ་ནི་མི་འཐད་ལ། །དེ་དག་རིག་པར་ཁས་ལེན་ཏེ། རྗེས་ཐོབ་ཀྱི་ཡེ་ཤེས་གཟུགས་ཀྱི་སྐུ་དང་། ཞིང་ཁམས་ཀྱི་རྣམ་པར་སྣང་བ་ཉིད་དུ་ཁས་ལེན་ན་སྣང་བའི་ཡུལ་དེ་རྣམས་ཕྱི་རོལ་གྱི་དངོས་པོར་མེད་བཞིན་དུ་སྣང་བའི་ཕྱིར་བློ་འཁྲུལ་པ་ཉིད་དུ་ཅིའི་ཕྱིར་མི་འགྱུར། གལ་ཏེ་
ཉེས་པ་དེར་འགྱུར་དུའོ་ཞེས་ཏེ། རྗེས་ཐོབ་ཀྱི་ཡེ་ཤེས་ནི་ཁས་མི་ལེན་ལ། མཉམ་པར་གཞག་པའི་ཡེ་ཤེས་རང་རིག་པ་འབའ་ཞིག་གོ་ཞེ་ན། དེ་ལྟ་ན་ཡང་རིག་པར་བྱ་བ་རང་གི་རང་བཞིན་དོན་དམ་པར་མེད་བཞིན་དུ་རིག་ཅིང་སྣང་བས་ཅིའི་ཕྱིར་འཁྲུལ་པར་མི་འགྱུར་ཏེ། བརྟགས་པ་སྔ་
Vol. 122 · folio 152a
མ་ཉིད་མཚུངས་སོ། །དེའི་ཕྱིར་སངས་རྒྱས་ཀྱི་ཡེ་ཤེས་མི་འཐད་དོ་ཞེ་ན། འདི་ནི་རིགས་པ་མ་ཡིན་ཏེ། དེ་ལྟ་ན་མཐོང་བའི་ལམ་གྱིས་བསྡུས་པའི་མཉམ་པར་གཞག་པའི་ཡེ་ཤེས་ཀྱིས་ཀྱང་ཡོད་མེད་ལ་སོགས་པའི་ཆོས་ཀྱི་མཚན་མ་ཐམས་ཅད་སྟོང་པ་
ཉིད་དུ་རྟོགས་པས་ཡེ་ཤེས་དེའི་དོན་དམིགས་བྱའི་ཆོས་ཀྱི་མཚན་མ་ཀུན་རྫོབ་ཏུ་ཡང་མེད་པའི་ཕྱིར། དེ་དག་ལ་དམིགས་པའི་ཡེ་ཤེས་གནས་སྐབས་དེ་ཉིད་ནས་རྒྱུན་ཆད་པར་འགྱུར་རོ། །གལ་ཏེ་མཚན་མའི་ཆོས་དེ་རྣམས་མེད་མོད་ཀྱི། མཚན་མ་མེད་པ་སོ་སོ་རང་གིས་རིག་པར་
བྱ་བ། རིག་པ་དང་སྟོང་པ་ཟུང་དུ་འཇུག་པའི་དོན་ཀུན་རྫོབ་ཏུ་གནས་པས་དེ་ཉིད་རིག་པའི་ཡེ་ཤེས་རྒྱུན་ཆད་པ་མི་འཐད་དོ་ཞེ་ན། དེ་ནི་ཕྱིས་ཀྱི་གནས་སྐབས་ཅིག་ཤོས་ལ་ཡང་མཚུངས་པའི་ཕྱིར་རོ། །གཞན་ཡང་རྗེས་ཐོབ་ཀྱི་ཡེ་ཤེས་ལ་སྣང་བ་གཟུགས་ཀྱི་སྐུ་ལ་སོགས་པའི་ཕྱི་རོལ་
དངོས་པོར་མེད་བཞིན་དུ་ཕྱི་རོལ་གྱི་དངོས་པོར་སྣང་བའི་ཕྱིར་ཞེས་གཏན་ཚིགས་སུ་སྦྱོར་བ་ན་ནི་གཏན་ཚིགས་འདི་མ་གྲུབ་པ་ཉིད་དུ་འགྱུར་རོ། །འོ་ན་ཇི་ལྟར་སྣང་ཞེ་ན། ཕྱི་རོལ་གྱི་དངོས་པོ་མེད་ཅིང་སེམས་ཉིད་དེ་ལྟར་སྣང་བ་སྟེ། དེ་ཡང་བདེན་པའི་དངོས་པོའི་སྟོང་པ་ཉིད་དུ་སྣང་ཞིང་རྟོགས་
པས་ཤེས་བྱ་ཇི་ལྟར་ཡིན་ལུགས་བཞིན་དུ་སྣང་བའི་ཇི་ལྟར་འཁྲུལ་པར་འགྱུར་ཞེས་བསམ་པའོ། །འདིར་གལ་ཏེ་གཟུགས་ལ་སོགས་པར་སྣང་བའི་ཕྱིར་ཞེས་དེ་དག་ཙམ་གཏན་ཚིགས་སུ་འགོད་ན་ཡང་ཁྱབ་པ་མ་གྲུབ་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་ཡེ་ཤེས་རང་གི་བདག་ཉིད་དོན་དམ་
པར་མེད་པ་ལ། དེ་ལས་བཟློག་སྟེ་ཡོད་པར་སྣང་བའི་ཕྱིར་ཞེས་གཏན་ཚིགས་སུ་སྦྱོར་ན་མ་གྲུབ་པ་ཉིད་དུ་འགྱུར་ལ། དོན་དམ་པ་མེད་པར་ཤེས་ཤིང་མྱོང་བ་ཙམ་མ་འགགས་པ་རིག་པ་དང་སྟོང་པ་ཟུང་དུ་འཇུག་པའི་རང་བཞིན་ཉིད་དུ་སྣང་ཞིང་ཤེས་པའི་ཕྱིར་ཞེས་གཏན་ཚིགས་སུ་འགོད་ན་
ནི་གཏན་ཚིགས་འདི་འགལ་བ་ཉིད་དུ་འགྱུར་ཏེ། ཤེས་བྱ་ཇི་ལྟར་ཡིན་ལུགས་བཞིན་དུ་སྣང་བ་ལ། འཁྲུལ་པ་ལས་བཟློག་པའི་ཆོས་ཀྱིས་ཁྱབ་པའི་ཕྱིར་རོ། །སྤྱིར་དེ་ལྟར་སྣང་ཞིང་རིག་པ་ཙམ་དུ་གཏན་ཚིགས་སུ་གཏོང་ན་ཡང་ཁྱབ་པ་མ་གྲུབ་པའོ། །གཞན་ཡང་འདི་སྐད་སྨྲ་བ་ནི་མདོ་སྡེ་
Vol. 122 · folio 152b
དང་རྒྱུད་སྡེ་ཐམས་ཅད་དང་འགལ་བར་སྣང་ངོ་། །དེ་དག་ཇི་བཞིན་རྣམ་འབྱེད་པའི། །མེ་ཡིས་བསྲེགས་ནས་ཉེར་ཞིར་འདོད། །ཅེས་པའི་དོན་ཡང་ཕྱིན་ཅི་ལོག་གི་མཚན་མ་ཉེ་བར་ཞི་བའི་དོན་ལ་བཞེད་པར་གསལ་བ་ཉིད་པས་ཁུངས་ཉིད་དུ་མི་རུང་ངོ་། །ཡང་ཆོས་ཀྱི་སྐུ་ཡེ་ཤེས་ཀྱི་རང་བཞིན་
མེད་པ་དེ་ལྟ་ན་གཟུགས་ཀྱི་སྐུ་རྣམ་པ་གཉིས་ནི་གདུལ་བྱའི་སྣང་བ་ཙམ་ཡིན་གྱི། སངས་རྒྱས་ཀྱི་རང་བཞིན་མ་ཡིན་པར་གསེར་འོད་དམ་པ་ལ་སོགས་པའི་མདོ་སྡེ་དུ་མ་ལས་གསུངས་པས། སངས་རྒྱས་ལ་སྐུར་པ་འདེབས་པ། དགེ་བའི་ལོ་ཏོག་གི་སེར་བ། ལེགས་འདོད་རྣམས་
ཀྱིས་རྒྱང་བསྲངས་ཏེ་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །གལ་ཏེ་སྔར་བསྟན་པ་ལྟར་རྒྱུན་དང་མི་ལྡན་ཡང་ཡེ་ཤེས་ཀྱི་སྐད་ཅིག་པ་ཙམ་ཁས་ལེན་ཅིང་། དེ་ཉིད་ཀྱི་བདག་པོ་ལ་བརྟེན་ནས་གཟུགས་ཀྱི་སྐུ་གཉིས་སུ་སྣང་བས་སེམས་ཅན་གྱི་དོན་བྱེད་པས་ཉེས་པའི་གོ་སྐབས་འདི་ལྟ་བུར་མི་
འགྱུར་ཞེ་ན། དེ་ལྟར་སྐད་ཅིག་པོ་དེ་ཉིད་ཀྱང་སྔར་བསྟན་པ་ལྟར་འཁྲུལ་པས་སངས་རྒྱས་འཁྲུལ་པ་དང་བཅས་པ་ཉིད་དུ་འགྱུར་རོ། །གཞན་ཡང་རྒྱུ་མཚན་མཚུངས་པའི་ཕྱིར། །རྡོ་རྗེ་ལྟ་བུའི་གནས་སྐབས་སམ། །མཐོང་བའི་ལམ་གྱི་གནས་སྐབས་ཉིད་ན་ཡང་དམིགས་པར་བྱ་བ་
མཚན་མའི་བུད་ཤིང་བསྲེགས་པས་དེའི་རྗེས་སུ་དེ་དག་ལ་དམིགས་པའི་ཡེ་ཤེས་འབྱུང་བ་མི་འཐད་པའི་ཕྱིར་རོ། ཡང་དེ་ལྟར་ན་ཉན་ཐོས་ཀྱི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་དང་ཁྱད་པར་མེད་པར་ཡང་འགྱུར་རོ། །གལ་ཏེ་དེ་ནི་སེམས་ཅན་གྱི་དོན་གྱི་སྦྱོར་བ་རྒྱུན་ཆད་པ་མ་ཡིན་
ལ། ཅིག་ཤོས་ནི་སངས་རྒྱས་པའི་གནས་སྐབས་ན་ཡེ་ཤེས་མེད་ཀྱང་། སྔར་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་ཡེ་ཤེས་དང་སྨོན་ལམ་ལ་བརྟེན་ནས་གཟུགས་སྐུ་གཉིས་སུ་སྣང་ཞིང་སེམས་ཅན་གྱི་དོན་འབྱུང་བས་དེ་དག་མཚུངས་པ་མ་ཡིན་ནོ། །དེ་སྐད་དུ། དཔེར་ན་ནམ་
མཁའ་ལྡིང་གི་ནི། །མཆོད་སྡོང་བསྒྲུབས་ནས་འདས་གྱུར་པ། །དེ་འདས་ཡུན་རིང་ལོན་ཡང་དེ། །དུག་ལ་སོགས་པ་ཞི་བྱེད་ལྟར། །བྱང་ཆུབ་སྤྱོད་དང་རྗེས་མཐུན་པར། །རྒྱལ་བའི་མཆོད་སྡོང་བསྒྲུབས་པ་ཡང་། །བྱང་ཆུབ་སེམས་དཔའ་མྱ་ངན་ལས། །འདས་ཀྱང་དོན་རྣམས་
Vol. 122 · folio 153a
ཐམས་ཅད་བྱེད། །ཅེས་གསུངས་པ་ལྟ་བུའོ་ཞེ་ན། དེ་ཅི་འོ་ཐུག་མངར་བའི་རོ་དང་འབྲེལ་ཞེས་ཀྱི། དེ་ཙམ་གྱིས་ཆུ་ཡང་དེ་ལྟར་འགྱུར་རམ། འདིར་བྱང་ཆུབ་སེམས་དཔའི་ཡེ་ཤེས་ལ་སོགས་པ་ཡོད་ཅིང་། དེ་ལ་བརྟེན་ནས་སེམས་ཅན་གྱི་དོན་བྱས་
ཀྱང་། དེ་ནི་བྱང་ཆུབ་སེམས་དཔའ་ཉིད་ཀྱི་དགྲ་བཅོམ་པ་དང་མི་འདྲ་བའི་ཁྱད་པར་དུ་འགྱུར་གྱི་སངས་རྒྱས་ཀུན་རྫོབ་ཏུ་ཡང་མེད་པའི་ཡོན་ཏན་གྱི་ཁྱད་པར་དུ་འགྱུར་བ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་ཞེས་པའི་ལུང་གི་དོན་ཡང་སྔ་མ་ལྟར་ཡང་དག་
པ་མ་ཡིན་པའི་རྟོག་པ་ཞི་བ་དེ་ཉིད་ཡིན་གྱི། ཡེ་ཤེས་རྒྱུན་ཆད་པ་ནི་མ་ཡིན་ནོ། །གཞན་ཡང་ཡེ་ཤེས་རྒྱུན་ཆད་པ་མ་ཡིན་པའི་སྒྲུབ་པར་བྱེད་པའི་ཚད་མ་དག་ཀྱང་ཡོད་དེ། ཡེ་ཤེས་གང་གི་རྒྱུན་གྱི་ཐ་མར་འདོད་པ་དེ་ཉིད་ནི། རིགས་མཐུན་པའི་ཡེ་ཤེས་གཞན་གྱི་ཉིང་མཚམས་སྦྱོར་བར་
བྱེད་པ་ཡིན་ཏེ། འགལ་རྐྱེན་མེད་ལ་མཐུན་རྐྱེན་ཚང་བའི་ཕྱིར་ཞེས་བྱའོ། །དེ་ལ་མཐུན་རྐྱེན་ཚང་བ་ཉིད་ནི། དེ་ལྟར་སེམས་ཅན་སོ་སོའི་རྒྱུད་ལ་ཉམས་སུ་མྱོང་བའི་ཤེས་པ་འདི་ཉིད་གཟུགས་སུ་སྣང་བ་དང་སྒྲ་རུ་སྣང་བ་ལ་སོགས་པ་དང་། བདེ་སྡུག་ལ་སོགས་པའི་ཁྱད་པར་དུ་
སྐྱེ་བ་ནི་སྔ་མའི་མྱོང་རིག་ལས་མ་གཏོགས་པའི་རྒྱུའི་ཁྱད་པར་འགའ་ཞིག་ལ་ལྟོས་ཀྱང་། ཤེས་པ་ཕྱི་མ་མྱོང་རིག་ཙམ་དུ་སྐྱེད་པ་ལ་ལྟོས་ཏེ། སྔ་མའི་མྱོང་རིག་དེ་ཉིད་རྒྱུ་མ་ཚང་བ་མེད་པ་ཉིད་དུ་གྲུབ་ལ། དེ་བཞིན་དུ་ཡེ་ཤེས་གང་གི་རྒྱུན་གྱི་ཐ་མར་འདོད་པ་ཡང་མྱོང་རིག་ཙམ་གྱི་
རང་བཞིན་དུ་གྱུར་པའི་ཡེ་ཤེས་ཡིན་པས་རང་གི་རྒྱུད་དུ་གཏོགས་པའི་འབྲས་བུ་སྐྱེད་པར་ནུས་པའོ། །འདིར་འགལ་བའི་རྐྱེན་མེད་པ་ནི། གལ་ཏེ་ཡེ་ཤེས་ཀྱི་འགལ་རྐྱེན་གཅིག་སྲིད་ན་དེ་ནི་ཕྱིན་ཅི་ལོག་ཉིད་ཡིན་ཏེ། དེ་ཡང་མི་བདེན་པའི་དོན་ཅན་གློ་བུར་བ་ཉིད་ཡིན་པས་དེ་ཁོ་ན་ཉིད་
ཀྱི་ཡུལ་ཅན་སེམས་ཀྱི་རང་བཞིན་དུ་གྱུར་པའི་ཡེ་ཤེས་དེ་ནི་དེས་བཟློག་པར་མི་ནུས་སོ། །གཞན་ཡང་ཕྱིན་ཅི་ལོག་ས་བོན་དང་བཅས་ཏེ་སྤངས་པས་ཡེ་ཤེས་དང་ལྡན་པའི་རྒྱུད་ལ་ཡང་འབྱུང་བར་རིགས་པ་མ་ཡིན་ནོ། །ད་ལྟར་གྱི་གནས་སྐབས་བརྒྱལ་བ་དང་གཉིད་མཐུག་པོ་ལ་སོགས་
Vol. 122 · folio 153b
པའི་དུས་སུ་རྣམ་པར་ཤེས་པའི་ཚོགས་དྲུག་གི་ངོ་བོ་ལྡོག་པ་ནི་མིག་ལ་སོགས་པའི་མཐུན་རྐྱེན་མ་ཚང་བའམ། གཉིད་ཀྱིས་བསླད་པ་དང་། གནད་མི་བཟད་པའི་གནས་སུ་བསྣུན་པ་ལ་སོགས་པའི་འགལ་བའི་རྐྱེན་གྱིས་ལྡོག་པའོ། །གཞན་ཡང་བུམ་པའི་སྐད་ཅིག་མ་གང་
ཞིག་རང་གི་རིགས་ཕྱི་མ་བསྐྱེད་པ་ལ་རྒྱུ་མ་ཚང་བ་མེད་པར་གནས་ཀྱང་ལྡོག་པར་འགྱུར་བ་ནི་ཐོབ་པ་ལ་སོགས་པ་འགལ་བའི་རྐྱེན་གྱིས་ཡིན་ལ། འདིར་ནི་དེ་འདྲ་བའི་འགལ་རྐྱེན་མེད་ཅེས་པའོ། །གཞན་ཡང་དེ་འདྲ་བའི་ཡེ་ཤེས་འཁྲུལ་པ་ཡིན་ནམ་འཁྲུལ་པའི་བློ་མི་སྲིད་པས་
ལམ་དང་འབྲས་བུ་ཐམས་ཅད་གཏན་མི་སྲིད་པར་ཡང་འགྱུར་རོ། །དེ་ལྟར་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པས་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་དུ་གྱུར་པའི་ཡེ་ཤེས་དེ་ནི་རྒྱུན་ཆད་པ་མ་ཡིན་ཞེས་པའོ། །འཆི་བ་ནི་རྣམ་པར་ཆད་པའི་འཕོ་བའོ། །(ད་‚དེ་)འདྲ་བ་དང་
ལྡན་ན་དེ་ཉིད་ད་རུང་སྐྱེ་བའི་རྒྱུད་དུ་ཡང་འགྱུར་ལ། དེ་ནི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཡིན་པས། ཇི་ལྟར་མྱ་ངན་ལས་འདས་ཞེས་པའོ། །དེས་ན་རྣལ་འབྱོར་རབ་ཏུ་གྱུར་པ་རྣམས་ཤི་འཕོ་བ་དང་བྲལ་བ་འགྲོ་བ་རྣམས་ཀྱི་སྐྱབས་ཀྱི་གནས་མངོན་དུ་བྱེད་པའོ། །དེ་ལྟར་ན་དེ་ཁོ་
ན་ཉིད་དུ་སྤངས་པ་དང་ཐོབ་པའི་ཡོན་ཏན་དང་ལྡན་པ་ཅིག་ཡིན་ནམ་ཞེ་ན། མ་ཡིན་ཏེ་ཐོབ་བྱ་དང་སྤང་བྱའི་ཆོས་གྲུབ་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྤྲོས་པ་ཐམས་ཅད་དང་བྲལ་བས་གཅིག་དང་ཐ་དད་པ་ལས་གྲོལ་བའོ། །གལ་ཏེ་དེ་ལྟ་ན་ཡང་དག་པ་མ་ཡིན་པའི་ཡོངས་སུ་རྟོག་
པ་ཉེ་བར་ཞི་བ་མེད་པས། ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པས་ནི་མྱ་ངན་ལས་འདས་པ་མ་ཡིན་པར་འགྱུར་རོ་ཞེ་ན། དེ་ལྟར་འདོད་པ་ཉིད་ཀྱི་ཕྱིར་སྐྱོན་མེད་དོ། །ཡུལ་ལ་ཕྱིན་ཅི་ལོག་པ་ནི་རྟག་པ་དང་གཙང་བ་ལ་སོགས་པར་འཛིན་པའི་ཕྱིན་ཅི་ལོག་བཞིའོ། །གཞན་ཡང་དགྲ་
བཅོམ་པའི་སེམས་ཀྱི་ཐ་མ་ཡང་སྔར་བསྟན་པ་ལྟར། མྱོང་བའི་རང་བཞིན་གྱི་སེམས་ཉིད་ཡིན་པའི་ཕྱིར་སེམས་གཞན་གྱི་ཉིང་མཚམས་འབྲེལ་བར་བྱེད་པ་ཡིན་ཏེ། དེའི་ཕྱིར་ལྷག་མ་མེད་པ་ཉིད་ནི་དགོངས་པ་ཅན་ཡིན་ནོ་ཞེས་གསུངས་སོ། །ཚད་མ་རྣམ་འགྲེལ་ལས་ཀྱང་། ཐ་མའི་
Vol. 122 · folio 154a
སེམས་ནི་སེམས་གཞན་དང་། མཚམས་སྦྱོར་བ་ལ་འགལ་ཅི་ཡོད། །ཅེས་གསུངས་སོ། །ཡང་ཉན་ཐོས་ལ་སོགས་པ་དེ་དག་ལ་རང་བཞིན་གཉིས་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པའི་ཕྱིན་ཅི་ལོག་ཡོད་པས་མྱ་ངན་ལས་འདས་པ་མཚན་ཉིད་ལ་མ་ཡིན་ནོ། །
བློ་གྲོས་ཆེན་པོ་གཞན་ཡང་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པའི་སྙིང་པོ་རྣམ་པར་སྦྱངས་པས་ཐེག་པ་ཆེན་པོའི་རིགས་འབའ་ཞིག་ཏུ་ངེས་ཤིང་བྱང་ཆུབ་དམན་པར་མི་ལྟུང་བའི་ས་མཚམས་དང་། དེ་ལྟ་བུའི་རྒྱུ་ཉིད་སྟོན་ཏེ། དེ་ཡང་ཚོགས་དང་མོས་པས་སྤྱོད་པའི་ས་
ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཚོགས་གཉིས་ཁྱད་པར་དུ་བསགས་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པའོ། །སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་ནས་ཞེས་པ་ནི་ཏིང་ངེ་འཛིན་ནམ་འོད་ཟེར་གྱིས་སོ། །དེའི་དབང་གིས་བྱང་ཆུབ་སེམས་དཔའ་
རྣམས་ཀྱང་ཐེག་པ་ཆེན་པོའི་དོན་རབ་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ། །རྡོ་རྗེ་སྙིང་པོ་ལ་བྱིན་གྱིས་རློབ་པ་ནི། ཇི་ལྟར་ས་བཅུ་པ་ལས་བྱང་ཆུབ་སེམས་དཔའ་དེའི་ལུས་ལ་སངས་རྒྱས་རྣམས་ཀྱིས་འོད་ཟེར་རབ་ཏུ་བསྟིམས་པས་རྟོགས་པ་ཁྱད་པར་ཅན་སྐྱེས་པ་སྟེ།
ཇི་སྐད་དུ། ཕྲ་ཤིང་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ། །རྟག་མེད་རྟོག་བྲལ་ཤིན་ཏུ་རེག་པར་དཀའ། །དེ་ནི་ཚིག་གིས་ཤིན་ཏུ་བརྗོད་དཀའ་ཡང་། །བདེ་བར་གཤེགས་མཐུ་དཔག་མེད་གང་ཡིན་པ། །འོད་ཟེར་ལུས་ཅན་དེ་ནི་བདག་ལ་ཡང་དག་ཞུགས། དེ་ཡིས་མཐུས་ན་བདག་
གིས་ཤེས་པར་ནུས། །ཞེས་གསུངས་པ་ལྟ་བུའོ། །འདིར་སངས་རྒྱས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་ཞལ་དུ་ལྟ་ཞིང་ཐེ་ཚོམ་གྱི་གནས་ཐམས་ཅད་འདྲི་བའོ། །རྫུ་འཕྲུལ་དང་བསྟན་པའི་རྣམ་པ་གང་ཅི་སྤོབས་ཀྱང་ཞེས་པ་ནི་སྔར་མ་རྟོགས་པའི་ཆོས་རྣམས་ཀྱང་འཕྲལ་དུ་རྟོགས་པར་
འགྱུར་ཞིང་། དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཐེ་ཚོམ་སེལ་བར་བྱེད་པའི་ཆོས་སྟོན་པར་ནུས་པ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་དང་། རྫུ་འཕྲུལ་ལ་སོགས་པའི་མཐུ་རྣམས་སོ། །དེ་ལྟར་རང་རང་གིས་ཚོགས་བསགས་ཤིང་སངས་རྒྱས་ཀྱི་བྱིན་གྱི་རླབས་མེད་པར་ཡང་། དེ་འདྲ་
Vol. 122 · folio 154b
བའི་སྤོངས་པ་ལ་སོགས་པ་འབྱུང་ན་ནི། བྱིས་པའི་སྐྱེ་བོ་ཐམས་ཅད་ལ་ཡང་འབྱུང་བར་འགྱུར་ཏེ། རྒྱུ་མེད་པ་ཉིད་དུ་མཚུངས་པའི་ཕྱིར་རོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་བྱིན་གྱིས་རློབ་པར་ནུས་པའི་རྒྱུ་མཚན་སྟོན་ཏོ། །སྒྲ་འབྱིན་ཞེས་པ་ནི་ཆོས་སྟོན་པའི་སྒྲ་སྟེ། མིའམ་
ཅིའི་རྒྱལ་པོ་ལྗོན་པས་ཞུས་པ་ལས་གསུངས་པ་ལྟ་བུའོ། །གལ་ཏེ་དེ་ལྟ་ན་སེམས་ཅན་ཐམས་ཅད་ལ་ཅིའི་ཕྱིར་དེ་ལྟར་བྱིན་གྱིས་མི་རློབ་སྟེ། ཐུགས་རྗེ་ཆེན་པོ་ཉི་ཚེ་བ་མི་མངའ་བའི་ཕྱིར་རོ་ཞེ་ན། །ཚོགས་མ་བསགས་པའི་སེམས་ཅན་རྣམས་ལ་བྱིན་གྱི་རླབས་མི་འཇུག་སྟེ། ཇི་
སྐད་དུ། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུང་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་གསུངས་པ་ལྟ་བུའོ། །ཤིང་ལ་སོགས་པ་ལས་ཆོས་ཀྱི་སྒྲ་འབྱུང་བར་སྣང་བ་ཡང་སེམས་ཅན་ཚོགས་བསགས་པ་
རྣམས་ལ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་དེ་ལྟར་སྣང་བ་ཙམ་དུ་ཟད་ཀྱི། ཕྱི་རོལ་དེ་ལྟ་བུའི་ངོ་བོར་གྱུར་པ་ནི་མེད་དོ། །ཏིང་ངེ་འཛིན་ལ་གནས་པའི་དུས་ནི་ས་དང་པོ་ལ་སོགས་པས་བསྡུས་པ་ཡིན་ལ། ཁྱད་པར་གྱི་ས་ནི་བཅུ་པའོ། །དེ་ལས་དངོས་པོ་ལ་སོགས་
པའི་གནས་སྐབས་སུ་བྱིན་གྱིས་རློབ་པའི་རྒྱུ་མཚན་ནི་བྱང་ཆུབ་སེམས་དཔའ་རྣམས་ས་བདུན་གྱི་བར་ལ་ཉོན་མོངས་པ་ཅན་གྱི་ཡིད་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ཤིང་། བདག་ཏུ་ང་རྒྱལ་བ་ལ་སོགས་པ་དང་མཚུངས་པར་ལྡན་པ་གནས་མ་གྱུར་པས་སེམས་ཀྱི་ངོ་བོ་དེ་འདྲ་
བའི་ཉོན་མོངས་པས་ཅུང་ཟད་དཀྲུགས་ཤིང་། དེ་ཉིད་ཀྱིས་ད་ལྟར་དང་མ་འོངས་པའི་དོན་ལས་ཅུང་ཟད་ཉམས་པར་བྱེད་པའི་བདུད་ཀྱི་ལས་སྲིད་པ་དང་། དེའི་ཕྱིར་རེ་ཞིག་སེམས་ཅན་གྱི་དོན་བཏང་སྙོམས་སུ་འཇོག་ཅིང་རང་ཉིད་ཏིང་ངེ་འཛིན་གྱི་བདེ་བ་ལ་གནས་པ། ཉན་ཐོས་ཀྱི་བསམ་
གཏན་ལ་སོགས་པ་དང་མཐུན་པར་ལྷུང་བ་སྲིད་དེ། རྨི་ལམ་ལུང་བསྟན་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ས་བདུན་པ་མན་ཆོད་དུ། བདུད་དམ་བདུད་ཀྱི་ལས་ཀྱང་རིག་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཡང་འདིར་དམན་པའི་ལམ་སྔོན་དུ་སོང་བའི་
Vol. 122 · folio 155a
བྱང་ཆུབ་སེམས་དཔའ་འགའ་ཞིག་ས་བརྒྱད་པ་ལ་སོགས་པའི་གནས་སྐབས་ན་ཡང་། ཉན་ཐོས་ལ་སོགས་པ་དང་མཐུན་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅིང་། དེ་ཉིད་ལ་མྱ་ངན་ལས་འདས་པའི་འདུ་ཤེས་ཅན་དུ་འགྱུར་བར་འདི་ཉིད་ཀྱི་འོག་ནས་སྟོན་ཏོ། །དེ་བཞིན་
གཤེགས་པ་ཞེས་པ་ལ་སོགས་པས་ནི་ས་དང་པོ་ལ་སོགས་པ་ལ་གནས་པ་དང་། བཅུ་པ་ལ་གནས་པའི་ཐུན་མོང་བའི་དགོས་པའོ། །དེ་ལ་ཐོབ་པ་ནི་ཡོན་ཏན་གྱི་ཁྱད་པར་ཏེ། ས་དང་པོ་ལ་སྤྲུལ་པ་བརྒྱ་འགྱེད་པར་ནུས་ཞེས་པ་ལ་སོགས་པ་དང་། ས་བཅུའི་བར་དུ་ཡོན་གྱི་ཁྱད་པར་རྒྱས་
པར་གསུངས་པ་རྣམས་སོ། །ཁོང་དུ་ཆུད་པ་ནི་རྟོགས་པའི་ཆོས་སོ། །དེ་ལྟར་བྱིན་གྱིས་མ་བརླབས་པ་ནི་ཡང་དག་པའི་ས་ལ་ཞུགས་པ་འམ། གཞན་ཡང་རུང་སྟེ། ཚོགས་དང་མོས་པ་དམན་ཞིང་དབང་པོ་རྟུལ་བ་རྣམས། ད་ལྟར་དང་མ་འོངས་པའི་དོན་ལས་འབྱེད་པར་བྱེད་པའི་བདུད་ཀྱི་
དབང་དུ་འགྱུར་ཞིང་། དེ་ཉིད་ཀྱིས་མུ་སྟེགས་ཅན་གྱི་བསམ་པ་སྟེ། ལྷ་དང་ཚངས་པ་ལ་སོགས་པ་ཐོབ་པར་བྱ་བའི་དོན་དུ། བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་བསྒོམ་ཞིང་། དེ་དག་གི་རོ་ལ་ཆགས་པར་འགྱུར་བའོ། །ཉན་ཐོས་ཀྱི་བསམ་པ་ཡང་སྔར་བསྟན་པ་ལྟར་
རམ་གཞན་ཡང་བདུད་སངས་རྒྱས་ཀྱི་ཆ་བྱད་ལ་སོགས་པར་བྱས་ནས། ཁྱོད་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་སོགས་པས་ཅི་ཞིག་བྱ་སྟེ། དེ་ནི་བསྐལ་པ་དཔག་ཏུ་མེད་པར་སྡུག་བསྔལ་མང་པོ་མྱོང་བར་འགྱུར་བས་འདི་ཉིད་དུ་རང་གི་སྲིད་པའི་སྡུག་བསྔལ་
མཐར་ཕྱུང་ཤིག་ཅེས་པ་ལ་སོགས་པ་བསྟན་པས་སེམས་བསྐྱེད་པ་ལས་ལྡོག་པ་སྟེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གཙུག་ཏོར་ཆེན་པོ་བདུད་ཀྱི་ལེའུ་ལས་ཇི་ལྟར་གསུངས་པ་བཞིན་ནོ། །འདི་ཡང་ཡང་དག་པའི་ས་ལ་ཞུགས་པ་རྣམས་ལ་ནི་མི་སྲིད་དེ།
ཆོས་ཉིད་ཀྱིས་ཐོབ་པའི་སེམས་སྐྱེས་པའི་ཕྱིར་དང་། ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བ་ལ་སོགས་པའི་དོན་དུ་རྟོགས་པའི་ཕྱིར་རོ། །འདི་རྣམས་ཀྱང་། གང་གིས་ས་ཡི་རིམ་པར་འགྱུར། །ཞེས་དྲིས་པ་ལ་སོགས་པའི་ལན་དུ་སྦྱར་བར་བྱའོ། །དེ་ནས་ཡང་ཞེས་པ་ལ་སོགས་པས་
Vol. 122 · folio 155b
སྔར་རྟེན་འབྲེལ་གྱི་དོན་བསྟན་པ་ལ་བརྩད་པ་སྤངས་པ་སྟེ། དྲི་བའི་དོན་ནི་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པས་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་པར་བསྟན་གྱི། ཆོས་ཐམས་ཅད་སྐྱེ་བ་མེད་པ་དེ་བཞིན་གཤེགས་པ་ཉིད་ཀྱི་ཚུལ་ལུགས་ཟབ་མོ་བསྟན་པའི་སྒོ་ནས་
དམིགས་པ་ཅན་ཀྱི་སྐྱེ་བོ་ཕྱིན་ཅི་ལོག་ལས་བཟློག་ནས། །རང་གི་ཚུལ་ལུགས་ཟབ་མོ་གཟུང་བའི་གཏམ་མ་གསུངས་ཏེ། དེས་ན་ཕྱི་རོལ་བ་རྣམས་དང་ཁྱད་པར་མེད་པས་འགའ་ཞིག་ནི། སྒྲོ་འདོགས་པའི་མཐར་ལྟུང་བ་ལ། གང་ཡང་བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་
པ་འགའ་ཞིག་སྐུར་པ་འདེབས་པའི་མཐར་ལྟུང་སྟེ། རྒྱུ་དང་འབྲས་བུ་དོན་དམ་པའི་དངོས་པོར་གསུངས་ཀྱི། སྒྱུ་མ་ལྟ་བུར་བསྟན་པ་མེད་ལ། དོན་དམ་པའི་དངོས་པོ་ཡང་སྔར་བསྟན་པའི་ཚད་མས་གནོད་པས་མི་འཐད་ཅིང་། སྒྱུ་མ་ལྟ་བུའི་ཚུལ་དུ་མ་ཡང་མ་གསུངས་པས་རྒྱུ་དང་
འབྲས་བུ་མེད་པའི་ཕྱོགས་ཉིད་བསྟན་པར་འགྱུར་རོ་སྙམ་དུ་དོགས་པའོ། །གཞན་ཡང་འདི་ཡོད་ན་འདི་ཡོད་ཅེས་པའི་རྟེན་འབྲེལ་གྱི་ཚིག་གི་དོན་ཡང་མངོན་སུམ་བརྗོད་པར་བྱེད་པ་ཉིད་ཡིན་པས་གདུགས་དང་གྲིབ་མ་ལྟར་དུས་མཉམ་པ་ལ་འཐད་ཀྱི། རིམ་གྱིས་འབྱུང་བ་ལ་མི་
འཐད་དེ། རྒྱུ་འདི་ཡོད་ན་འབྲས་བུ་མ་སྐྱེས་པས་འདི་ཞེས་པ་མི་འཐད་ལ། འབྲས་བུ་སྐྱེས་པ་ན་རྒྱུ་འགགས་པས་འདི་ཞེས་པ་མི་འཐད་དོ། །དེས་ན་མུ་སྟེགས་བྱེད་ཀྱིས་རྣམ་པར་བརྗོད་པ་ཉིད་བཟང་གི་ཞེས་པ་ནི་གྲངས་ཅན་པ་རྣམས་ཀྱིས་འབྲས་བུ་སྔར་ནས་ཡོད་པ་རྒྱུའི་བདག་ཉིད་དུ་
གྱུར་པ་ཉིད་སྐྱེ་བར་འདོད་པ་ལ། འདི་ཡོད་ན་འདི་ཡོད་ཅེས་པ་འཐད་ཀྱི་ཁྱོད་ཕྱོགས་ལ་མི་འཐད་ཅེས་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་མ་ལགས་པའི་རྒྱུས་འབྲས་བུ་མངོན་པར་སྒྲུབ་ཅེས་པ་ནི་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་དེ་རྣམས་ཉིད་རྒྱུ་ལས་མ་སྐྱེས་ཏེ་རྟག་ཏུ་གནས་པ་ཡིན་
ལ། དེ་ལས་འབྲས་བུ་འབྱུང་བར་འདོད་པ་དང་། གཞན་ཡང་འབྲས་བུ་རྒྱུའི་བདག་ཉིད་དུ་གྱུར་པ་སྔར་ནས་གནས་པ་ཉིད་མི་གསལ་བ་ལ་གསལ་བར་གྱུར་པ་ཙམ་མོ་ཞེས་ཁས་ལེན་པའོ། །གཞན་ཡང་ཐ་དད་དུས་མཉམ་པ་ལ་ཡང་རྒྱུ་འབྲས་འཚོལ་བ་ཉིད་དུ་འགྱུར་བས། རྒྱུ་དང་འབྲས་
Vol. 122 · folio 156a
བུའི་དབྱེ་བ་ངེས་པ་ཉིད་དུ་མི་འཐད་དོ། །ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུད་པ་དུ་མར་ཁས་ལེན་པ་ནི། སྔར་བསྟན་པ་ལྟར་ཕན་ཚུན་ལྟོས་པས། རྒྱུ་དང་རྐྱེན་ཡང་འདྲེས་ཞེས་པ་ནི། འབྲས་བུ་དང་འདྲེས་པ་སྟེ་དེ་དག་ཉིད་ཀྱང་འབྲས་བུར་འགྱུར་བའོ། །དེ་
བཞིན་དུ་འབྲས་བུ་ཡང་འབྲས་བུ་གཞན་གྱི་རྒྱུར་འགྱུར་ལ། དེ་ལ་རྒྱུའི་ཐ་སྙད་རྣམ་པར་འཇོག་པ་ནི་དེ་ཉིད་ཀྱི་འབྲས་བུ་ལ་ལྟོས་ལ། དེ་འབྲས་བུར་གྲུབ་པ་ཡང་རྒྱུ་ལ་ལྟོས་ཤིང་། འབྲས་བུ་དེ་ཡང་གཞན་གྱི་རྒྱུར་ཁས་ལེན་དགོས་ལ། དེ་ལ་རྒྱུར་ཐ་སྙད་འཇོག་པ་ཡང་དེ་ཉིད་ཀྱི་
འབྲས་བུ་གྲུབ་པ་ལ་ལྟོས་ཤིང་། དེ་གྲུབ་པ་ཡང་རྒྱུ་དྲུག་པ་ལ་ལྟོས་པས་ཕན་ཚུན་བརྟེན་པ་ཐུག་པ་མ་མཆིས་པར་འགྱུར་བའོ། །དེའི་ཕྱིར་འདི་ཡོད་ན་འདི་ཡོད་ཅེས་རྟེན་འབྲེལ་དངོས་པོའི་ངོ་བོར་བརྗོད་པ་ནི་ཕྱིར་ཞིང་དེ་ཉིད་དགག་པ་བྱས་པ་ཉིད་དུ་འགྱུར་རོ། །ལན་གྱི་དོན་ནི་ཁོ་བོ་ཅག་
གི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་ཀུན་རྫོབ་ཏུ་རང་གི་སེམས་སྣང་བ་ཙམ་ཡིན་ཞིང་དོན་དམ་པར་སེམས་ཀྱི་ངོ་བོར་གྲུབ་པ་ཡང་མ་ཡིན་ཏེ། རྐྱེན་ཉིད་འདི་པ་ཙམ་སྒྱུ་མ་ལྟ་བུ་ཉིད་དུ་འདོད་པས། འདི་ཡོད་པས་འདི་ཡོད་ཅེས་བརྗོད་ཀྱང་རྒྱུ་དང་བྱེད་པ་དོན་དམ་པའི་དངོས་པོར་སྨྲ་བ། ཕྱི་
རོལ་པ་ལ་སོགས་པ་དང་མཚུངས་པ་མ་ཡིན་ལ། ཀུན་རྫོབ་ཏུ་གང་གི་མཇུག་ཐོགས་སུ་གང་ཞིག་ངེས་པར་འབྱུང་བའི་རྒྱུ་དང་འབྲས་བུ་མ་འདྲེས་པ་ཉིད་དུ་སྣང་བས་རྒྱུ་རྐྱེན་འབྲས་བུ་དང་འདྲེས་པ་སྟེ། ཕན་ཚུན་འཆོལ་པ་ཉིད་དུ་འགྱུར་བའི་སྐྱོན་ཡང་མེད་དེ། དེའི་ཕྱིར་སྐུར་པའི་མཐར་ཡང་མི་ལྟུང་
ངོ་། །དོན་དམ་པར་དཔྱད་ན་དེ་འདྲ་བའི་ཉེས་པ་ལ་སོགས་པ་དང་འབྲེལ་བས་རྒྱུ་འབྲས་ཡང་དག་པའི་དངོས་པོར་ཁས་མི་ལེན་པའོ། །དེ་ལྟར་མཐའ་གཉིས་སུ་འགྱུར་བ་ནི། ཕྱིའི་དོན་དངོས་པོར་ཁས་ལེན་པ་འམ། སེམས་ཉིད་ཡང་དག་པའི་དངོས་པོར་ཁས་ལེན་པ་ལ་རིགས་ཀྱི། ངའི་
ལུགས་ལ་ནི་རིགས་པ་མ་ཡིན་ནོ། །བློ་གྲོས་ཆེན་པོས་ཡང་གསོལ་པ་ཞེས་པ་ལ་སོགས་པས་ནི་ངོ་བོ་ཉིད་མེད་པའི་དོན་ལ་བརྩད་པ་སྤང་བ་སྟེ། ཕྱི་རོལ་པ་གང་དག་སྒྲ་དངོས་པོའི་སྟོབས་ཀྱིས་འཇུག་པས་དེ་ལྟ་བུའི་བརྗོད་པར་ཡོད་པས་བརྗོད་པར་བྱ་བའི་དོན་ཀྱང་ཡོད་དོ། །གལ་ཏེ་དེ་
Vol. 122 · folio 156b
ལྟ་ན་ཆུ་ཀླུང་གི་འགྲམ་ན་བུ་རམ་གྱི་ཤིང་རྟ་བརྡལ་བ་དག་ཡོད་དོ་ཞེས་པ་དོན་གྱིས་སྟོང་པའི་སྒྲ་དག་དམིགས་སོ་ཞེ་ན། བདེན་ཏེ། དེ་འདྲ་བའི་ངག་གི་སྒྲ་ཡུལ་དང་དུས་དང་བཅས་པ་བརྗོད་པ་ནི་རང་གི་བརྗོད་པར་བྱ་བ་ལ་འཁྲུལ་མོད་ཀྱི། ཚིག་གི་རང་བཞིན་གྱི་སྒྲ་ཡུལ་དང་དུས་ཀྱི་ཁྱད་པར་དུ་
མ་བྱས་པ་བུམ་པ་ཞེས་བརྗོད་བྱའི་དོན་ལ་མི་འཁྲུལ་བ་སྟེ། དེ་འདྲ་བའི་ཚིག་གི་དོན་ཡུལ་ལམ་དུས་གང་ཡང་རུང་བ་ན་མེད་པ་མི་སྲིད་པའི་ཕྱིར་རོ་ཞེས་འདོད་པ་དགག་པའི་དོན་དུ་ཞུ་བ་པོས་གླེང་བསླང་བའོ། །བརྗོད་པ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གྲགས་པ་ཡང་མ་ཡིན་
ཞེས་པ་ནི་ལུས་དང་ངག་གི་རིག་བྱེད་འགའ་ཞིག་སངས་རྒྱས་ཀྱི་ཞིང་འགའ་ཞིག་ཏུ་དོན་འགའ་ཞིག་ལ་བརྡར་གྲགས་པ་དེ་ཉིད་ཞིང་ཐམས་ཅད་དུ་མཐུན་པར་བརྡར་གྲགས་པ་མ་ཡིན་ཏེ། བརྡ་ནི་སྐྱེས་བུའི་འདོད་པ་ལ་ལྟོས་ནས་ཇི་ལྟར་བརྡ་བྱས་པ་དེ་བཞིན་དུ་དེ་དག་གི་དོན་གོ་བར་ནུས་
པའི་ཕྱིར་རོ། །དེ་ལ་སྣོལ་ཞེས་པ་ནི་ལུས་ངག་གི་སྣོལ་ལམ་ཟུར་ཙམ་བསྟན་པའོ། །ཞིང་དྲན་པ་ནི་སེམས་ཀྱི་རྒྱུ་བ་རགས་པ་སྟེ། གཞན་གྱི་སེམས་ཤེས་པ་རྣམས་ལ་དེས་མཚོན་ནས་ཟབ་མོའི་དོན་གཞན་སྟོན་པའོ། །མིག་མི་འཛུམས་པར་བལྟས་པས་མི་སྐྱེ་བའི་ཆོས་ལ་བཟོད་
པ་ལ་སོགས་པ་ཐོབ་པས་དེ་ཉིད་དེ་ཐོབ་པའི་བརྡར་འགྱུར་བའོ། །དོན་སྟོན་བྱེད་ཀྱི་བརྡ་ངེས་པ་མེད་པ་དེ་ནི། འཇིག་རྟེན་འདི་ཉིད་ན་ཡང་སྣང་སྟེ། སྲིན་བུ་དང་སྦྲང་མ་ལ་སོགས་པ་རྣམས་མི་རྣམས་ལ་བརྡར་གྲགས་པའི་བརྗོད་པ་མེད་པར་ལུས་ཀྱི་རིག་བྱེད་ལ་སོགས་པ་གཞན་གྱིས་ཕན་ཚུན་འདུ་
བ་ལ་སོགས་པར་རང་རང་གི་དོན་སྟོན་པའི་བྱ་བ་བྱེད་པའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པའི་སྙིང་པོ་དེ་ཉིད་རྣམ་གྲངས་གཞན་གྱི་སྒོ་ནས་རྒྱས་པར་སྟོན་ཏེ། དྲི་བའི་དོན་མདོ་སྡེ་འདི་དང་། མྱ་ངན་ལས་འདས་པ་ལ་སོགས་པ་ལས་དེ་བཞིན་
གཤེགས་པའི་སྙིང་པོ་རྟག་པ་དང་བདག་ལ་སོགས་པའི་རང་བཞིན་དུ་གྱུར་པ་སེམས་ཅན་ཐམས་ཅད་ལ་ཡོད་པར་གསུངས་པ་རྟག་པ་ཞེས་པ་ལ་སོགས་པའི་སྒྲའི་དོན་གང་ཡིན་ཞེས་པའོ། །ལན་གྱི་དོན་ནི་བྱིས་པའི་སྐྱེ་བོའི་སེམས་ཕྱིན་ཅི་ལོག་གི་གཟུང་ཡུལ་ནི་དེ་ལྟར་སྣང་བ་ཕྱིན་ཅི་ལོག་གི་བློ་
Vol. 122 · folio 157a
ཉིད་ཀྱི་བདག་ཉིད་ཡིན་ལ། དེའི་དེ་ཁོ་ན་ཉིད་ཀྱང་འཕགས་པ་རྣམས་ལ་སྣང་བ་སྟེ། དེ་རྣམས་ལ་སྣང་བ་ཡང་ཀུན་རྫོབ་ཏུ་བློ་ཉིད་ཀྱི་བདག་ཉིད་ཡིན་ཞིང་། བློ་ཡང་དོན་དམ་པའི་དངོས་པོས་སྟོང་ལ། དེ་ལྟར་སྣང་ཞིང་མྱོང་བ་མ་འགགས་པ་སྟེ། རིག་པ་དང་སྟོང་པ་ཟུང་དུ་
འཇུག་པའི་དེ་བཞིན་ཉིད་དོ། །དེ་ནི་དེ་ལས་གཞན་དུ་མི་འགྱུར་བས་རྟག་པ་ཞེས་ཀྱང་བྱ་ལ། བྱིས་པའི་སྐྱེ་བོ་ལ་སོགས་པ་རྣམས་ལ་དེ་ལས་གཞན་དུ་སྣང་བས། དེ་དག་གི་བློ་ནོར་པ་ཕྱིན་ཅི་ལོག་ཅེས་ཀྱང་བྱའོ། །དེ་ལྟར་ན་ཕྱིན་ཅི་ལོག་གི་དེ་བཞིན་ཉིད་རྟག་པ་དང་། དེ་ཡང་མ་རྟོགས་ན་འཁོར་བའི་
རྒྱུར་འགྱུར་ཞིང་། ཕྱོགས་འགའ་རྟོགས་པའམ་ཇི་ལྟ་བ་བཞིན་བདག་ཉིད་ཐམས་ཅད་ནས་རྟོགས་ན། ཅི་རིགས་པར་བྱང་ཆུབ་གསུམ་གྱི་རྒྱུར་འགྱུར་བས་མྱ་ངན་ལས་འདས་པའི་རིགས་ཞེས་ཀྱང་བྱའོ། །དེ་ཡང་གསུམ་གྱི་རྒྱུར་འགྱུར་བ་ནི་གནས་སྐབས་ལ་དགོངས་ཏེ། གསུངས་པ་
ཡིན་ནོ་ཞེས་པ་ལ་སོགས་པ་རྒྱས་པར་བསྟན་ཏོ། །འདི་ལྟ་སྟེ་ཞེས་པ་ལ་སོགས་པས་དོན་དེ་ཉིད་རྒྱས་པར་འཆད་དེ། དེ་ལ་དཔེའི་དོན་ནི། མི་མཁས་པ་དག་གིས་སྨིག་རྒྱུ་ལ་སོགས་པ་ལ་ཆུ་ལ་སོགས་པའི་དངོས་པོར་ཡང་དག་པ་པར་འཛིན་པས་ནོར་པ་ཕྱིན་ཅི་ལོག་ཅེས་ཀྱང་བྱ་ལ།
ཡང་དེ་ལྟར་སྣང་བ་དེ་ཉིད་ཆུ་ལ་སོགས་པ་ཡང་དག་པའི་དངོས་པོས་སྟོང་ལ། དེ་ལྟར་སྣང་བ་མ་འགགས་པ་ཟུང་དུ་འཇུག་པ་སྒྱུ་མ་ཙམ་དུ་རྟོགས་ཏེ། དེ་ལྟར་རྟོགས་པ་ནི་སྣང་བ་དེའི་དེ་བཞིན་ཉིད་གཞན་དུ་མི་འགྱུར་བའི་ཆོས་ཉིད་མི་འགྱུར་བ་བཞིན་དུ་ཞེས་པའོ། །མིག་གི་སྐྱེ་བུ་ནི་མིག་
ཡོར་གྱི་ཁྱད་པར་སྐྱེས་བུར་སྣང་བའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དཔེས་མཚོན་པའི་དོན་བྱིས་པའི་སྐྱེ་བོ་ལ་སོགས་པའི་བློ་ནོར་པ་དང་རྟག་པ་ཉིད་དུ་བསྒྲུབས་པ་སྟེ། དེ་ལ་ནོར་པ་ནི་འཕགས་པ་རྣམས་དང་མི་མཐུན་པར་དོན་གཅིག་ལ་འགལ་བའི་རྣམ་པ་དུ་མར་སྣང་བས་
སོ། །དེའི་དེ་བཞིན་ཉིད་རྟག་པ་ནི། དངོས་པོ་དང་དངོས་པོ་མེད་པ་རྣམ་པར་སྤངས་པའི་ཕྱིར་ཞེས་པ་སྟེ། ནོར་པ་ཕྱིན་ཅི་ལོག་གི་བློ་དེ་ཉིད་དོན་དམ་པའི་དངོས་པོར་མ་གྲུབ་ཅིང་། དེ་ལྟར་སྣང་བ་ཙམ་མ་འགགས་པས་སྔར་བསྟན་པ་ལྟར་ཟུང་དུ་འཇུག་པའི་སྒྱུ་མ་ལྟ་བུའི་ཆོས་ཉིད་ཡིན་
Vol. 122 · folio 157b
ལ། དེ་ནི་དེ་ལས་གཞན་དུ་མི་འགྱུར་བས་རྟག་ཅེས་པའོ། །དེ་ལྟ་ན་རྟག་པའོ་ཞེས་མི་སྟོན་པར་མི་རྟག་པར་མི་བྱེད་ཅེས་སྟོན་པ་ཅིའི་ཕྱིར་ཞེ་ན་འདིར་རྟག་པ་ཐེར་ཟུག་པའི་དངོས་པོར་གྲུབ་པ་མ་ཡིན་གྱི། མི་རྟག་པའི་དངོས་པོ་བཀག་པ་སྒྱུ་མ་ལྟ་བུའི་ཆོས་ཉིད་མི་འགྱུར་བ་ཙམ་བསྟན་
པའི་དོན་དུ་ཡིན་ནོ། །ཇི་ལྟར་ན་ཞེས་པ་ལ་སོགས་པས་ནི་སྔར་གྱི་གཏན་ཚིགས་མ་གྲུབ་པར་བརྩད་པ་སྤངས་པ་སྟེ། ཇི་ལྟར་རྒྱ་མཚོའི་རླབས་དང་གང་གཱའི་ཆུ་ལ་ཡི་དགས་རྣམས་ཀྱིས་རྣག་ཁྲག་ཏུ་མཐོང་ཞིང་ཆུར་མི་མཐོང་བ་དང་། མི་ལ་སོགས་པ་རྣམས་ཀྱིས་ཆུར་མཐོང་
ཞིང་རྣག་ཁྲག་ཏུ་མི་མཐོང་བའི་ཕྱིར། དེ་ལྟར་སྣང་བ་ནི་བདེན་པའི་དངོས་པོ་སྤངས་པ་སྟེ། དོན་གཅིག་ལ་འགལ་བ་དུ་མ་མི་སྲིད་པའི་ཕྱིར་རོ། །ཡང་རང་རང་གི་ཤེས་པའི་ངོ་ན་སྣང་ཞིང་དོན་བྱེད་པས། དངོས་པོ་མེད་པ་རྣམ་པར་སྤངས་པའོ། །དེང་དེ་བཞིན་དུ་བྱིས་པ་ཐམས་
ཅད་སྤྱོད་ཡུལ་སྣ་ཚོགས་ཀྱི་ཕྱིར་རོ་ཞེས་པ་སྟེ། བློ་དང་བློའི་ཡུལ་ཇི་ལྟར་སྣང་ཞིང་མྱོང་བ་འདི་ཉིད་ལ་ཁ་ཅིག་གིས་ནི་ཕྱི་རོལ་རྡུལ་ཕྲ་རབ་འདུས་པའི་བདག་ཉིད་དུ་འཛིན་ལ་ཁ་ཅིག་གིས་ནི་རགས་པ་ཡན་ལག་ཅན་གྱི་རྫས་གཅིག་ཏུ་འཛིན་ཅིང་། འགའ་ཞིག་གིས་ཤེས་པའི་དངོས་
པོའི་དོན་དམ་པར་འཛིན་ལ། གཞན་དག་གིས་དངོས་པོ་མེད་པའི་སྣང་བ་ཙམ་དུ་རྟོགས་པས་འགལ་བ་འདུ་བ་མི་སྲིད་པའི་ཕྱིར། ནོར་པ་ནི་དངོས་པོ་མ་ཡིན་ལ་རང་རང་གི་བློའི་ངོ་ན་དེ་ལྟར་སྣང་ཞིང་མྱོང་ལ། དེ་ཡང་ཀུན་རྫོབ་ཏུ་གྲུབ་པས་དངོས་པོ་མེད་པ་ཡང་མ་ཡིན་ཞེས་
པའོ། །འདི་ལྟར་ཆུ་དེ་བཞིན་དུ་སྣང་བས་ན་ཞེས་པ་ནི། འདི་ལྟ་སྟེ་ཡི་དགས་རྣམས་ཀྱིས་མཐོང་བ་དང་མི་མཐོང་བའི་ཕྱིར་ཞེས་པ་དང་སྦྱར་ཏེ་དོན་ནི་སྔར་བསྟན་ཏོ། །དེ་ལྟར་ནོར་པ་ནི་ཞེས་པ་ལ་སོགས་པས་ནི་སྐབས་ཀྱི་དོན་བསྡུས་པ་སྟེ། ཕྱིན་ཅི་ལོག་རྣམ་པར་སྤངས་པ་ནི་བྱིས་པ་
ལྟར་དངོས་པོ་སྣ་ཚོགས་སུ་འཛིན་པ་སྤངས་པའོ། །ཕྱིན་ཅི་ལོག་མ་ཡིན་པ་རྣམ་པར་སྤངས་པ་ནི་སྣང་ཞིང་མྱོང་བ་ཙམ་མ་འགགས་པའི་ཕྱིར་རོ། །དེས་ན་ཡེ་ཤེས་དེའི་ངོ་ན་དངོས་པོ་དང་དངོས་པོ་མེད་པ་རྣམ་པར་སྤངས་པའོ། །དེ་ལྟར་གཏན་ཚིགས་ཉིད་བསྒྲུབས་ནས་སྐབས་ཀྱི་བསྒྲུབ་
Vol. 122 · folio 158a
བྱ་ལ་སྦྱོར་བ་ནི། དེ་ལྟར་ཡང་ཞེས་པ་ལ་སོགས་པ་སྟེ། ནོར་པའི་དེ་བཞིན་ཉིད་དངོས་པོ་དང་དངོས་པོ་མེད་པའི་མཐའ་གཉིས་སྤངས་པ་ཟུང་དུ་འཇུག་པའི་མཚན་ཉིད་ཡིན་པས། མཚན་མའི་མཚན་ཉིད་ཐ་དད་པ་མ་ཡིན་ཞེས་པ། ནོར་པའི་ཆོས་ཉིད་ཡུལ་དང་
དུས་ལ་སོགས་པ་ཐ་དད་པ་མ་ཡིན་པས་རྟག་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དོན་དེ་ཉིད་རྒྱས་པར་འཆད་པའོ། །བློ་གྲོས་ཆེན་པོ་ཇི་ལྟར་ན་ཞེས་པ་ལ་སོགས་པས་ནོར་པ་དེ་ཁོ་ན་ཉིད་དུ་སྒྲུབ་པ་སྟེ། སྔ་མ་ལྟར་ནོར་པ་འཕགས་པ་རྣམས་ཀྱི་ཡུལ་དུ་བྱས་པ་ལྟར།
དེའི་ཆོས་ཉིད་དེ་བཞིན་ཉིད་ཡིན་ཏེ། དེས་ན་དེའི་ཆོས་ཉིད་གཞན་དུ་མི་འགྱུར་བའི་དེ་ཁོ་ན་ཉིད་ཡིན་ཞེས་པའོ། །དེ་ཡང་ཇི་ལྟར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཟུགས་ནི་དེ་བཞིན་ཉིད་ཀྱི་ཕྱིར་ཟབ་པོ་ཞེས་པའམ། གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་
གཟུགས་ཟབ་པོ་ཞེས་པ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལ་ཕྱིན་ཅི་ལོག་གི་བློ་ཡང་མི་འཇུག་ཅེས་པ་ནི་བྱིས་པའི་སྐྱེ་བོ་ལྟར་དངོས་པོ་སྣ་ཚོགས་སུ་མིན་ཞེས་པའོ། །དེ་བཞིན་དུ་སྣང་ཞིང་མྱོང་བ་ཙམ་ལ་སྐུར་པ་མི་འདེབས་པས་ཕྱིན་ཅི་མ་ལོག་པའི་བློར་ཡང་མི་འགྱུར་ཏེ།
དེས་ན་འཕགས་པ་རྣམས་ནི་ནོར་པ་ལ་རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་གྱི་ནའམ་སྒྱུ་མ་ལྟ་བུར་རྟོགས་པའོ། །འདིར་གྱི་ན་ཞེས་བློའི་མདུན་དུ་བྱས་པའི་མཚན་མ་དེ་ཉིད་བདེན་ནམ་ཞེ་ན། མ་ཡིན་ཏེ། དེ་ནི་བྱིས་པ་རྣམས་ཀྱིས་བརྗོད་པའི་རྗེས་སུ་འབྲངས་ནས་བཏགས་པ་
ཙམ་དུ་ཟད་དེ། འདིའི་དོན་ཞིབ་དུ་ནི་སྔར་བསྟན་ཟིན་ཏོ། །བློ་གྲོས་ཆེན་པོ་ནོར་པ་དེ་ཡང་ཞེས་པ་ལ་སོགས་པས་དེ་ཉིད་འཁོར་བ་དང་མྱ་ངན་ལས་འདས་པའི་རྒྱུའམ་རིགས་ཉིད་དུ་སྟོན་ཏེ། བྱིས་པའི་སྐྱེ་བོའི་སེམས་ཕྱིན་ཅི་ལོག་དེ་ཉིད་བྱིས་པ་རྣམས་ཀྱིས་ཕྱིན་ཅི་ལོག་སྣ་ཚོགས་སུ་
བརྟགས་པས་འཁོར་བ་ཉིད་མངོན་པར་འགྲུབ་པར་བྱེད་པ་དང་། ཕྱིན་ཅི་མ་ལོག་པ་སྟེ་བདག་ཉིད་ཐམས་ཅད་ཕྱོགས་འགའ་ཞིག་ནས་ཇི་ལྟ་བ་བཞིན་རྟོགས་ན་འཕགས་པའི་རིགས་ཉིད་དུ་འགྱུར་ཞིང་། བྱང་ཆུབ་རྣམ་པ་གསུམ་ཐོབ་པར་བྱེད་པའོ། །རང་དང་སྤྱིའི་མཚན་ཉིད་ལ་
Vol. 122 · folio 158b
མངོན་པར་ཞེན་པ་ནི་ཕྱིན་ཅི་ལོག་དེ་ཉིད་ཀྱི་རང་དང་སྤྱིའི་མཚན་ཉིད་གང་ཟག་གི་བདག་མེད་པ་མི་རྟག་པ་དུ་མའི་དངོས་པོར་ཞེན་ཅིང་། གཞན་གྱི་སྒྲ་ལ་བརྟེན་ནས་རང་ཉིད་འབའ་ཞིག་གྲོལ་བ་དོན་དུ་གཉེར་བས་ནི། ཉན་ཐོས་ཀྱི་རིགས་སུ་འགྱུར་བའོ། །རང་གི་སེམས་སྣང་བ་ཙམ་དུ་ཁོང་
དུ་ཆུད་ཅེས་པ་ནི་ཕྱིན་ཅི་ལོག་དང་དེའི་སྣང་བ་ཐམས་ཅད་སེམས་ཙམ་ཉིད་དུ་རྟོགས་ཤིང་། སེམས་ཀྱང་དོན་དམ་པའི་དངོས་པོ་མེད་པ་ཉིད་དུ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་རྟོགས་པ་སྟེ། ཇི་ལྟ་བ་བཞིན་བདག་ཉིད་ཐམས་ཅད་ནས་རྟོགས་པའོ། །འཁོར་བའི་ཐེག་པའི་
རིགས་ཐོབ་པར་བྱེད་པ་ཡང་། དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པས་ཕྱིན་ཅི་ལོག་པ་གང་ཟག་གི་བདག་རྟག་པ་ཐེར་ཟུག་པའི་དངོས་པོར་བརྟགས་ཤིང་། ལས་དང་འབྲས་བུའི་འབྲེལ་བ་ལ་ནི་ཕྱིན་ཅི་མ་ལོག་པ་སྟེ། ལྷ་དང་ཚངས་པ་ལ་སོགས་པའི་དོན་དུ་སྦྱིན་པ་དང་སྙན་པར་
སྨྲ་བ་ལ་སོགས་པ་དང་། བསམ་གཏན་དང་ཚད་མེད་པ་ལ་སོགས་པ་བསྒོམས་པས་དེ་དག་ཉིད་ཐོབ་པར་འགྱུར་ཏེ། ལྷའི་ཐེག་དང་ཚངས་པའི་ཐེག་པ་ཞེས་པ་ལ་སོགས་པ་སྟོན་པར་འགྱུར་རོ། །འགའ་ཞིག་གིས་ནི་ལས་དང་འབྲས་བུའི་འབྲེལ་པ་ཡང་ཕྱིན་ཅི་ལོག་སྣ་ཚོགས་
སུ་བརྟགས་པས་ངན་སོང་གི་འགྲོ་བ་རྣམས་སུ་འགྱུར་བའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དོན་བསྡུས་པ་སྟེ། རྣམ་པར་བརྟགས་པ་ནི་དེའི་རང་བཞིན་ཇི་ལྟ་བ་བཞིན་དུའོ། །གནས་ངན་ལེན་གྱི་བག་ཆགས་གཞན་དུ་གྱུར་པས་ནི་ཆོས་ཀྱི་སྐུའི་ཡེ་ཤེས་ཐོབ་པར་འགྱུར་
ལ་དེས་ན་དེ་ནི་མཐར་ཐུག་པ་ལ་དེ་བཞིན་གཤེགས་པའི་རིགས་ཡིན་ཞིང་། དེ་རྣམས་ཀྱིས་ཀྱང་དེ་ཉིད་ཇི་ལྟ་བུ་བཞིན་དུ་རྟོགས་ཏེ། རྟོགས་པའི་དོན་དེ་ཉིད་ནོར་པའི་དེ་བཞིན་ཉིད་ཅེས་བྱའོ། །ཚིག་འདི་ཉིད་ཅེས་པའི་ཚིག་གི་དོན་ཏོ། །རྟོག་པ་རྣམས་ཀྱིས་ཀྱང་རྣམ་པར་སྤངས་
པ་ནི་ཕྱིན་ཅི་ལོག་གི་ཆོས་ཉིད་བརྟག་བྱའི་ཡུལ་ལས་འདས་པའོ། །སྨྲས་པ་ཡིན་ནོ་ཞེས་པ་ནི་རྟོག་དང་བརྟག་པ་སྤངས་ཞེས་པ་ལ་སོགས་པ་མདོ་སྡེ་འདི་ཉིད་དང་། ཕྱོགས་གཞན་ཡང་ངོ་། མཚན་ཉིད་ལ་མངོན་པར་ཞེན་པ་ནི་དངོས་པོར་སྒྲོ་བཏགས་པ་སྟེ། དེ་དང་མཐུན་པར་ཡོད་
Vol. 122 · folio 159a
པ་མ་ཡིན་པའོ། །དེ་བཞིན་དུ་འགྱུར་ཞེས་པ་ནི་དེ་དག་གིས་སྐྱེ་བ་དོན་དམ་པ་ཉིད་དུ་བརྟགས་པ་དང་མཐུན་པར་འགྱུར་བའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི། ནོར་པ་སྒྱུ་མ་ལྟ་བུ་ཡིན་ན་སྒྱུ་མ་ནི་རྐྱེན་ལས་སྐྱེས་པ་དོན་བྱེད་པའི་རང་བཞིན་ཡིན་པ་དང་
འདྲ་བར། འདི་ཡང་ནོར་པ་གཞན་དང་གཞན་གྱི་རྒྱུར་འགྱུར་བས་ཐར་པ་ཉིད་འཐད་པར་མི་འགྱུར་ཞེས་པའོ། །ལན་གྱི་དོན་ནི་སྒྱུ་མ་ཉིད་དུ་རྟོགས་ཤིང་། དངོས་པོའི་བདག་ཉིད་དུ་རྣམ་པར་མ་བརྟགས་ན། གནས་ངན་ལེན་གྱི་ཉེས་པ་ཐོབ་པར་མི་བྱེད་དེ། ཉོན་མོངས་པའམ་དེའི་བག་
ཆགས་ཀུན་ནས་སློང་པར་མི་བྱེད་པའོ། །དེ་སྐད་དུ་ཡང་། དཔེར་ན་སྒྱུ་མའི་མཁན་པོ་འགའ། །སྤྲུལ་པ་ཐར་པར་བྱ་ཕྱིར་བརྩོན། །གང་ཕྱིར་འདི་དེ་མངོན་ཤེས་པས། །དེ་ནི་སྤྲུལ་ལ་ཆགས་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །བློ་གྲོས་ཆེན་པོ་སྒྱུ་མ་ནི་ཞེས་པ་ལ་སོགས་པས་དཔེའི་
སྒྱུ་མ་ནི་སེམས་དང་མི་ལྡན་པས་དེ་ཉིད་ཀྱང་། གནས་ངན་ལེན་གྱི་བག་ཆགས་ཀྱི་མཐུ་ལས་བྱུང་བ་མ་ཡིན་ཞིང་། དེ་འདྲ་བ་གཞན་ཡང་ཐོབ་པར་མི་བྱེད་པས་རྟག་ཏུ་འཁོར་བར་སྐྱེ་བ་མ་ཡིན་པ་བཞིན་དུ། འདིར་ཡང་འགྱུར་བའོ། །དེ་ནི་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནོར་པ་
གཞན་གྱི་རྒྱུར་འགྱུར་བ་ནི། གང་ཅི་ཡང་རུང་མངོན་པར་ཆགས་པ་མ་ཡིན་ནོ། །ཞེས་སྟོན་ཏོ། །ནོར་པ་མི་མཐོང་བ་ཞེས་པ་ནི་བྱིས་པས་མཐོང་བ་དང་མཐུན་པར་མི་མཐོང་ཞིང་། ཡང་དག་པའི་དངོས་པོར་ཡང་འཕགས་པའི་གནས་སྐབས་དེར་མཐོང་བ་མིན་ནོ། །གལ་ཏེ་མཚན་
མར་སྐྱེར་ཟིན་ན་ཞེས་པ་ནི་སྔར་བསྟན་པ་ལྟར་སྒྱུ་མའམ་གྱི་ན་ཞེས་པའི་མཚན་མར་སྒྲོ་འདོགས་པའོ། །གཞན་ཡང་ཞེས་པ་ལ་སོགས་པས་ཐམས་ཅད་སྒྱུ་མ་ལྟ་བུའི་དོན་ཉིད་གསལ་བར་སྟོན་ཏེ། སྒྱུ་མའི་གླང་པོ་ལ་སོགས་པ་སྒྱུ་མར་མེད་པ་མ་ཡིན་ཞིང་། ཡང་དག་པའི་དངོས་པོར་
ཡོད་པ་མ་ཡིན་པ་དང་ཆོས་མཐུན་པར་མཐོང་བའོ། །སྒྱུ་མ་སྣ་ཚོགས་ལ་མངོན་པར་ཆགས་པའི་མཚན་ཉིད་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལགས་སམ། དེས་ཏེ་ལོག་པ་ལ་མངོན་པར་ཆགས་པའི་མཚན་ཉིད་ཀྱིས་ལགས་ཞེས་པ་ལ་སོགས་པའི་དོན་ནི། སྒྱུ་མ་སྣ་ཚོགས་ལ་དངོས་པོའི་
Vol. 122 · folio 159b
བདག་ཉིད་ཡང་དག་པ་པ་ལ་སོགས་པར་སྒྲོ་བཏགས་པ་བཞིན་དུ། དེ་ལྟར་ཀུན་བརྟགས་པའི་རང་བཞིན་དེ་ཉིད་ནས་སྒྱུ་མ་ལྟ་བུ་ཡིན་ནམ། འོན་ཏེ་དེ་ལྟར་སྒྲོ་འདོགས་པ་ཕྱིན་ཅི་ལོག་གི་བློ་ལ་དེ་ལྟར་སྣང་ཞིང་མྱོང་བ་གཞན་གྱི་དབང་གི་མཚན་ཉིད་ལས། །སྒྱུ་མ་ལྟ་བུ་ལགས་ཞེས་རྟོགས་
པའོ། །དེ་ལ་ཕྱོགས་དང་པོ་ནི་མི་འཐད་དེ། སྒྱུ་མ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ལ། གཟུགས་ལ་སོགས་པ་ཡང་དག་པའི་དངོས་པོའི་མཚན་ཉིད་སྣ་ཚོགས་པའི་ཀུན་བརྟགས་ནི་རྒྱུ་མེད་པར་ཚད་མས་མཐོང་བའི་ཕྱིར་རོ། །གལ་ཏེ་འདིར་རྒྱུ་ཡོད་ན་དེ་ཡང་གཞན་གྱི་དབང་ཉིད་
དུ་འགྱུར་རོ། །དེ་ལ་ལོག་པ་ལ་མངོན་པར་ཆགས་ཞེས་པ་ནི་དེ་ལྟར་སྣང་ཞིང་མྱོང་བ་ཙམ་ཡིན་གྱི་དོན་དམ་པའི་དངོས་པོ་ལ་སོགས་པར་མངོན་པར་བརྟགས་པ་ནི་མ་ཡིན་ནོ། །མཚན་ཉིད་ཀྱིས་ཞེས་པའི་ཚིག་འདི་རྣམས་ཀྱི་དོན་ཏོ། །ཆགས་པ་དང་རྗེས་སུ་མཐུན་པར་དེ་ལྟར་སྣང་ཞིང་
བརྟགས་པ་ལ་སོགས་པའི་ལྡོག་པ་དེ་ཉིད་ནས་ཞེས་པའོ། །སྒྱུ་མ་ལྟ་བུ་ལགས་ན་ནི་ཞེས་པ་ནི་དེ་ལྟར་བཞེད་ན་ཞེས་པའི་དོན་ཏོ། །བཅོམ་ལྡན་འདས་གང་གིས་ཞེས་པ་ལ་སོགས་པས་དོན་སྔ་མ་ཉིད་རྒྱས་པར་འཆད་པའོ། །ཕྱོགས་གཉིས་པ་ལ་ནི་དངོས་སུ་ཉེས་པ་མ་བརྗོད་
ཀྱི། སེམས་ཙམ་པ་དག་དེ་ནི་དངོས་པོའི་ངོ་བོ་དོན་དམ་པ་མ་ཡིན་པས་སྒྱུ་མར་མི་འཐད་ཅེས་དོན་གྱིས་རྒོལ་བའོ། །ལན་གྱི་དོན་ནི་ཕྱོགས་དང་པོ་ནི་ཁས་མི་ལེན་ལ། གཉིས་པའི་དབང་དུ་བྱས་ཏེ་ཕྱིན་ཅི་ལོག་ནི་ཀུན་རྫོབ་ཏུ་མྱུར་བའི་གློག་དང་འདྲ་བར་སྐད་ཅིག་མའི་བདག་ཉིད་སྔ་མ་
སྔ་མ་རྣམས་ཀྱི་དབང་གིས་འབྱུང་བ་ཡིན་ལ། དོན་དམ་པར་དེ་འདྲ་བའི་ངོ་བོའི་མི་འཐད་པས་ཚུལ་དེ་ཉིད་ནས་སྒྱུ་མ་(ལ་‚ལྟ་)བུ་ཞེས་པའོ། །གློག་འགྱུ་བ་སྐད་ཅིག་དུ་འཇིག་པ་དེ་བཞིན་དུ། འདུ་བྱེད་རྣམས་ཀྱང་ཞིག་པར་ལྟ་བའི་རྣལ་འབྱོར་པ་རྣམས་ཀྱིས་མཐོང་བ་ནི། བྱིས་པ་རྣམས་ལ་
མི་སྣང་སྟེ། འདྲ་བ་གཞན་འབྱུང་དང་ཡོད་པ་དམིགས་པ་ལ་སོགས་པའི་འཁྲུལ་པའི་རྒྱུ་མཚན་གྱིས་བསྒྲིབས་པའི་ཕྱིར་རོ། །དེ་བཞིན་དུ་དངོས་པོར་སྣང་བ་ཐམས་ཅད་རང་གི་རྣམ་པར་རྟོག་པའི་གཟུང་བ་སྤྱིའི་མཚན་ཉིད་ཡིན་ལ། དེ་ལ་དེ་བཞིན་དུ་རྣམ་པར་འབྱེད་པ་སྟེ། ཀུན་
Vol. 122 · folio 160a
(ཀུན་རྫོབ་‚རྫོབ་)ཏུ་རྣམ་པར་རྟོག་པའི་བདག་ཉིད་ཡིན་ཞིང་། དོན་དམ་པར་སྟོང་པ་ཉིད་དུ་རྟོགས་པ་མེད་པ་དང་། གཟུགས་ལ་སོགས་པའི་མཚན་ཉིད་ལ་མངོན་པར་ཞེན་པའི་དབང་གིས་དེ་ལྟར་སྣང་བ་སྟེ། དོན་དམ་པའི་དངོས་པོར་མ་གྲུབ་ཅིང་ཀུན་རྫོབ་ཏུ་སེམས་ཉིད་ཡིན་
པས་རྣམ་པར་རིག་པ་སྒྱུ་མ་ལྟ་བུའི་བདག་ཉིད་དོ། །ཡང་བློ་གྲོས་ཆེན་པོས་གསོལ་བ་ཞེས་པ་ལ་སོགས་པས་དེ་ཉིད་ལ་བརྩད་པ་སྤངས་པ་སྟོན་ཏེ། སྒྱུ་མ་ནི་རྟེན་འབྲེལ་ཡིན་པས་མ་སྐྱེས་པར་གསུངས་པ་དང་འགལ་ལ། གཞན་ཡང་དངོས་པོ་ནི་རྒྱུ་མེད་པར་མི་འཐད་ཀྱང་མ་སྐྱེས་པར་
གསུངས་པ་དང་འགལ་ཞེས་པའོ། །ལན་གྱི་དོན་ནི་ཀུན་ཏུ་སྐྱེ་བ་དང་སྐྱེ་བ་མེད་པར་སྣང་བ་སེམས་ཙམ་དུ་རྟོགས་ཤིང་དེ་ལ་ཕྱི་རོལ་གྱི་དངོས་པོ་མེད་པར་སྔར་བསྟན་པ་ལྟར་རྒྱུ་ཡོད་པ་དང་མེད་པ་ལས་མི་སྐྱེ་བར་མཐོང་བས་ཕྱི་རོལ་གྱི་ངོ་བོར་མ་སྐྱེས་པ་ཡང་ཡིན་ལ། རིག་པ་སྒྱུ་མ་ལྟ་
བུ་ཡིན་པས་འགལ་བ་མེད་ཅིང་། དོན་དམ་པར་སེམས་ཉིད་རིག་པའི་སྐྱེ་བ་ཡང་མི་འཐད་ལ། །ཀུན་རྫོབ་ཏུ་སྐྱེ་བར་གྲུབ་པས་མ་སྐྱེས་པ་དང་སྒྱུ་མ་ལྟ་བུ་ལ་འགལ་བ་མེད་པའོ། །མུ་སྟེགས་བྱེད་ཀྱིས་འདོད་པའི་རྒྱུ་དང་འབྲས་བུ་ནི་དོན་དམ་པ་པའོ། །ཡང་དངོས་པོར་བསྟན་པ་ནི་ཀུན་
རྫོབ་པའི་དངོས་པོ་ཀུན་རྫོབ་ཏུ་རྒྱུ་ལས་སྐྱེ་བ་ཡིན་པས་དོན་དམ་པར་མ་སྐྱེས་པ་དང་འགལ་བ་མེད་པ་ཉིད་དུ་གསལ་ལོ། །དེ་ལྟར་བསྟན་པའི་དགོས་པ་ལ་འཁོར་བ་ཡོངས་སུ་བཟུང་བ་ནི། ངའི་སློབ་མ་རྣམས་ཞེས་པ་ལ་སོགས་པས་སྟོན་ཏེ། སེམས་ཉིད་རིག་པ་ཙམ་གྱི་རྒྱུན་དངོས་
པོར་ཡོད་ཅིང་ལས་དང་འབྲས་བུའི་བྱེ་བྲག་ལ་ལ་སོགས་པ་བསྟན་པས། འགའ་ཞིག་ནི་སྐྱེ་བ་གཞན་དུ་རང་གི་སེམས་རྒྱུད་སྡུག་བསྔལ་དང་འབྲེལ་པས་འཇིགས་ནས་དེ་ལས་ལྡོག་པའི་དོན་དུ་ཟག་པ་དང་བཅས་པའི་ལས་དགེ་བའམ། མི་གཡོ་བའི་ལས་སྣ་ཚོགས་གྱིས་ལྷ་ལ་སོགས་
པ་སྐྱེ་བའི་གནས་ཡོངས་སུ་འཛིན་ལ། འགའ་ཞིག་ནི་གཞན་སྡུག་བསྔལ་ལས་ཐར་པའི་དོན་དུ། ལས་དང་སྨོན་ལམ་ལ་སོགས་པས་འཁོར་བར་སྐྱེ་བ་ཡོངས་སུ་འཛིན་པ་སྟེ། དེའི་དོན་དུ་དངོས་པོའི་སྒྲ་ལ་སྨོས་པའོ། །ཡང་དག་པའི་གནས་ཇི་ལྟ་བ་ནི་ཡང་དག་པའི་གནས་ལུགས་ཇི་ལྟ་བ་
Vol. 122 · folio 160b
སྟེ། དེ་དང་མི་མཐུན་པར་མཐོང་བའོ། །བཟློག་པ་ནི་དོན་དམ་པའི་དངོས་པོའི་རང་བཞིན་ལ་སོགས་པར་འཛིན་པའོ། །གླན་པ་ནི་ཕྱིན་ཅི་ལོག་ལས་བཟློག་ནས་ཡང་དག་པའི་ལྟ་བ་ལ་འགོད་པའོ། །གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པའི་སྙིང་པོ་སྦྱོང་བར་
བྱེད་པའི་ལམ་ཞི་གནས་དང་ལྷག་མཐོང་གི་རྒྱུ་མཚན་གསུངས་པ་སྟེ། དེ་ལ་རབ་ཏུ་རྟོགས་པ་ནི་དེ་རྣམས་ལ་བརྟེན་ནས་དྲན་པ་དང་ཤེས་རབ་ཀྱི་ཆ་རུ་གཏོགས་པ་ཆོས་ཟབ་མོ་ལ་བཟོད་པའི་རྒྱུར་གྱུར་པའི་གཟུངས་ཐོབ་པ་སྟེ། དེ་ཉིད་ཀྱང་ཞི་གནས་དང་ལྷག་མཐོང་གི་དམིགས་པ་དང་།
དངོས་པོ་མཐའི་དམིགས་པ་དང་གསུམ་ཐོབ་པར་གྱུར་པའོ། །རྗེས་སུ་མི་འབྲང་བ་ནི་དེ་རྣམས་ལ་བརྟེན་ནས་མཚན་མ་སྣ་ཚོགས་སུ་མི་རྟོག་པའོ། །དེ་ལས་ཞེས་པ་ལ་སོགས་པས་རྣམ་པར་གཞག་པ་ཙམ་དུ་དེ་རྣམས་ཀྱི་བྱེ་བྲག་མ་འདྲེས་པར་སྟོན་ཏེ། དེ་ལ་མིང་གི་ཚོགས་ནི་བུམ་པ་
ལ་སོགས་པའི་དངོས་པོ་འགའ་ཞིག་མདུན་དུ་བྱས་ཏེ། དེ་ཉིད་ཐ་སྙད་ཀྱི་དུས་སུ་གོ་བར་བྱ་བའི་ཕྱིར་འདི་ནི་བུམ་པ་ཞེས་མིང་དུ་བཏགས་པ་དང་། དེ་འདྲ་བའི་རིགས་ཅན་རྣམས་སོ། །དངོས་པོ་ཞེས་པ་ནི་དངོས་པོ་ཙམ་མོ། །ཚིག་གི་ཚོགས་ནི་ཚིག་གི་དོན་མང་པོ་སྟེ། མིང་ལ་སོགས་
པ་དུ་མ་འདུས་པ་དོན་དུ་གཉེར་བའི་སྐྱེས་བུའི་འཇུག་ལྡོག་གི་ཡུལ་སྟོན་པ་ཕྱོགས་ཆེ་གེ་མོ་ཞིག་ན་བུམ་པ་ཡོད་ཅེས་པ་ལ་སོགས་པ་ལྟ་བུའོ། །དོན་མང་པོ་བདེན་པ་ནི་ཀུན་རྫོབ་ཏུའོ། །གདོན་མི་ཟ་བ་ནི་ཚིག་གི་དོན་དེ་ལྟར་ཡིན་གྱི་གཞན་དུ་མ་ཡིན་ཞེས་ཐེ་ཙོམ་གྱི་གནས་སྤངས་པའོ། །
ཐུག་པ་ནི་དོན་དེ་དག་ཙམ་དུ་ཟད་པའོ། །དམིགས་པ་ཞེས་པ་ནི་ཚིག་དང་འདྲེས་པར་སྣང་བའོ། །འདིར་ཚིག་གི་དོན་ལ་ཚིག་གི་ཚོགས་ཞེས་སྟོན་པ་ནི་ཚིག་ལས་ཐ་དད་པའི་དོན་གྲུབ་པ་མེད་ཅེས་རྟོགས་པར་བྱ་བའི་དོན་དུ་སྟེ། ཇི་ལྟར་སྔར་བསྟན་པ་བཞིན་ནོ། །ཡི་གེའི་ཚོགས་ནི་
ཡི་གེ་གོ་རིམས་སུ་བཀོད་པའི་ཁྱད་པར་གང་གིས་མིང་དང་ཚིག་རྣམས་འགྲུབ་པར་བྱེད་ཅིང་སྣང་བར་བྱེད་པ་སྟེ། ཡི་གེ་དང་མཚན་རྟགས་དང་། དོན་ངེས་པར་སྟོན་པའི་མཚན་མ་དང་། དོན་དང་འབྲེལ་བར་དམིགས་པ་དང་། རང་གི་དོན་ལ་འདིའོ་ཞེས་འདོགས་པ་སྟེ་རྣམ་གྲངས་
Vol. 122 · folio 161a
སུ་གཏོགས་པའོ། །གཞན་ཡང་ཞེས་པ་ལ་སོགས་པས་དེ་རྣམས་ཉིད་ཚུལ་གཞན་གྱི་སྒོ་ནས་འཆད་པ་སྟེ། །དེ་ལ་ཚིག་ཐུག་པ་ནི་ཡི་གེ་དཔག་ཏུ་མེད་པ་དུ་མ་འབྲེལ་བ་གནས་ཐུག་པ་མེད་པ་ཉིད་མ་ཡིན་ཏེ། ཅུང་ཟད་ཙམ་དུ་རྒྱ་ཆད་པའོ། །ཨ་དང་ཧའི་བར་
ནི་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་གཞན་རྣམས་སོ། །ཡི་གེའི་མཇུག་ནི་དབྱངས་ཀྱི་ཐ་མ། ཨཿ དྲག་པོ་འམ་ཨ་ཉིད་དམ་ཡི་གེ་ཀྵ་ཞེས་པའོ། །གཞན་ཡང་གླང་པོ་དང་རྟ་ལ་སོགས་པ་ཕུང་པོ་གཟུགས་ཅན་དང་འབྲེལ་བ་རྣམས་ཏེ། དེ་བཞིན་གཤེགས་པའི་བརྡར་གྱུར་པའོ། །
ས་ལ་འགྲོ་བ་རྣམས་ཞེས་པ་ནི་རེས་འགའ་མཁའ་ལ་རྒྱུ་བ་བྱའི་སྐྱེ་གནས་རྣམས་ཀྱང་སྟེ། དེ་རྣམས་ཀྱང་ཕལ་ཆེར་ས་ལ་འགྲོ་བས་སོ། །ཡང་མིང་བཞིའི་ཕུང་པོ་ནི་མིང་གིས་བརྗོད་པ་འམ། མིང་ལྟར་ཐོགས་པ་མེད་པའི་ཕྱིར་མིང་ངོ་། །ཡི་གེའི་རང་གི་མཚན་ཉིད་ཀྱིས་སྣང་བ་བྱེད་
ཅེས་པ་ནི་དེ་ལས་ཡི་གེ་སྤྱིའི་རྣམ་པར་སྣང་བ་འབྱུང་ཞིང་དེ་ལས་དོན་གོ་བར་བྱེད་པ་ཡིན་གྱི། དངོས་སུ་ཡི་གེ་རང་གི་མཚན་ཉིད་ནི་དོན་རྗོད་པར་བྱེད་པ་མ་ཡིན་ཏེ། སྐབས་གཞན་དུ་ཤེས་པར་ཟད་དོ། །དེ་ལྟ་ན་ཕུང་པོ་གཟུགས་ཅན་དང་འབྲེལ་བ་རྣམས་ཀྱང་མིང་གིས་བརྗོད་པར་བྱ་ཞིང་
ཡི་གེའི་རང་གི་མཚན་ཉིད་ཀྱིས་སྣང་བར་བྱེད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་བདེན་མོད་ཀྱི་དེ་ནི་རྒྱུ་བ་རགས་པ་ཉིད་ཀྱི་ཕྱིར། མིང་ལ་སོགས་པས་མ་མཚོན་ཀྱང་བླུན་པོ་རྣམས་ཀྱིས་རྟོགས་པར་འགྱུར་བས་དེ་དག་ཙམ་ལ་དགོངས་ཏེ་དེ་ལྟར་མ་གསུངས་པའོ། །དེ་ལ་ཁྱོད་ཀྱིས་འདྲིས་པར་
བྱ་ཞེས་པའི་དོན་ནི་ཐོག་མར་ཞི་གནས་ཀྱི་རྒྱུ་མཚན་ཉིད་དུ་ཨ་ལ་སོགས་པའི་ཡི་གེ་རེ་རེའམ། དུ་མ་འདུས་པ་སྟེ་མིང་དང་ཚིག་གི་བདག་ཉིད་ཨ་པ་ར་ཙ་ན་ཞེས་པ་ལ་སོགས་པ་དབྱིབས་སུ་བྲིས་པའི་ཡི་གེ་ལ་སེམས་འདྲིས་པར་བྱ་བ་སྟེ། དེ་ཡང་། དམིགས་པ་ལ་ནི་སེམས་གཏད་
ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་ཤེས་བྱས་ནས། །དེ་ལ་སླར་ཡང་གླན་པར་བྱ། །ཞེས་པ་ལ་སོགས་པའི་ཚུལ་དུའོ། །དེ་ལྟར་དམིགས་པ་བརྟན་པར་གྱུར་པ་དང་སྤྲོ་བ་དང་བསྡུ་བ་ལ་བསླབ་པར་བྱ་ཞིང་། བརྗོད་པའི་ཡི་གེ་ལ་ཡང་བསླབ་པར་བྱའོ། །དེ་རྣམས་
Vol. 122 · folio 161b
ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ཐོབ་པ་ནི་རྣམ་པར་མི་རྟོག་པའི་གཟུགས་བརྙན་ཞི་གནས་ཀྱི་དམིགས་པ་རྙེད་པའོ། །དེ་ནས་ཨ་ལ་སོགས་པའི་དོན་སྐྱེ་བ་མེད་པ་ལ་བསླབ་པར་བྱ་སྟེ། དེ་དག་ཉིད་སྔར་ཐོས་པ་དང་བསམས་པའི་ཤེས་རབ་ཀྱིས་སྤྱིའི་ཚུལ་དུ་རྟོགས་པའི་དོན་དང་ཡང་སྦྱར་བར་བྱའོ། །དེ་ལྟར་སྐྱེ་བ་མེད་པའི་
དོན་ལ་རྩེ་གཅིག་ཏུ་གྱུར་པ་ནི་དངོས་པོའི་མཐའི་དམིགས་པ་ཡང་ཐོབ་པར་འགྱུར་བའོ། །དེའི་སྔོན་རོལ་དུ་དོན་དེ་ཉིད་སྤྱིའི་ཚུལ་དུ་རྟོགས་པ་ནི་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལྷག་མཐོང་གི་དམིགས་པ་རྙེད་པའོ། །དེ་ལྟར་དམིགས་པ་གསུམ་ཐོབ་པ་ཉིད་གོང་ནས་གོང་དུ་བསྒོམས་པས་དེ་བཞིན་གཤེགས་
པའི་སྙིང་པོ་སྦྱངས་པར་གྱུར་པ་ན་དགོས་པ་ཡོངས་སུ་འགྲུབ་པའི་དམིགས་པ་ཐོབ་ཅིང་། ཆོས་ཀྱི་སྐུའི་ཡེ་ཤེས་མངོན་དུ་བྱེད་པའོ། །དེ་ལྟར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུངས་ཀྱི་ཚོགས་བསྟན་པ་ལས། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བའི་ཕྱིར་
ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པ་ལ་སོགས་པ་གསུངས་སོ། །གཞན་དག་ལས་ཀྱང་། ཨ་ནི་ཡི་གེ་ཀུན་གྱི་མཆོག །ཅེས་པ་ལ་སོགས་པ་དང་། ཡི་གེ་དྲུག་པོ་རྡོ་རྗེའི་སྒྲ། །འཇམ་དབྱངས་ཆེན་པོ་སྒྲ་ཆེན་པོ། །ཞེས་པ་ལ་སོགས་པ་གསུངས་ཏེ། འདིའི་དོན་ཞིབ་ཏུ་ནི་བླ་མའི་ཁ་ལས་ཤེས་པར་བྱའོ། །དེ་སྐད་དུ་ཡང་།
བྱང་ཆུབ་སེམས་དཔའ་དང་པོའི་ལས་ཀྱི་སར་གནས་གང་། །ལྷག་པའི་བསམ་པས་སངས་རྒྱས་བྱང་ཆུབ་མཆོག་ཞུགས་པ། །སློབ་མ་བཟང་པོ་བླ་མ་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བརྟེན་པར་བྱ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །འདི་རྣམས་ཀྱང་། ཡི་གེ་མེད་པར་ཇི་ལྟར་གསུངས། །
ཅི་ཡིས་རྣམ་པར་མི་རྟོག་འགྱུར། །ཞེས་དྲིས་པའི་ལན་དུ་སྦྱར་བར་བྱའོ། །གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་མི་མཁས་པ་གང་དག་སྔར་ཡོད་པ་དང་། མེད་པ་ལ་སོགས་པའི་མཚན་མར་རྣམ་པར་རྟོག་པའི་བློས་སྒྲོ་བཏགས་པ་ནི་གཡང་སའི་གནས་ཀྱི་མཐའ་ཉིད་དུ་གསུངས་པ་ལ་བརྟེན་ནས། གཞན་དུ་ཁྱད་
པར་གྱི་གཞི་འགའ་ཞིག་ཁས་བླངས་ནས་དེ་ཉིད་ཡོད་པ་དང་མེད་པ་ལ་སོགས་པའི་ཆོས་གང་གིས་བསྡུས་པ་ཁྱད་པར་དེ་རྣམས་གང་ཡིན་ཞེས་དྲིས་པའི་དུས་སུ། དེ་དག་ནི་ལུང་བསྟན་པར་འོས་པ་མ་ཡིན་ཏེ། མཐའ་ཉིད་དུ་འགྱུར་བའོ་ཞེས་ཟེར་ཏེ། དེ་ཡང་བདག་ཉིད་རིགས་པ་མི་ཤེས་པས་གང་ཡང་རུང་བ་ཅིག་ཏུ་ལུང་བསྟན་
Vol. 122 · folio 162a
པ་ན་ཕ་རོལ་མཁས་པས་སྐྱོན་བརྗོད་ཀྱིས་དོགས་པའོ། །དེ་འདྲ་བ་དགག་པར་བྱ་བའི་དོན་དུ་ལུང་བསྟན་པར་བྱ་བའི་དབྱེ་བ་ཉིད་དུ་གསུངས་པའོ། །དེ་ལ་ལྟ་བའི་མཚན་ཉིད་ནི་དེ་རྣམས་ཀྱི་མཚན་མར་སྒྲོ་འདོགས་པའོ། །མཐའ་གཉིས་ཀྱི་ཚུལ་ནི་སྔ་མ་ལྟར་ཁྱད་པར་གང་ཡང་རུང་བ་
ཅིག་ཏུ་ལུང་བསྟན་པར་འོས་པས་འགའ་ཞིག་ནི་མཐར་མི་འགྱུར་ལ། མི་བདེན་པའི་དོན་སྒྲོ་འདོགས་པ་འགའ་ཞིག་ནི་མཐར་འགྱུར་བའི་ཚུལ་ལུགས་ཕྱིན་ཅི་མ་ལོག་པའོ། །དེ་ཉིད་དྲིས་པ་ན་མངོན་སུམ་ལ་སོགས་པའི་རིགས་པ་དང་དཔེ་དང་གཏན་ཚིགས་ལ་སོགས་པ་ཤེས་བྱེད་ཀྱི་རྒྱུ་དང་། སྤྱིར་དོན་ཇི་ལྟ་བ་བཞིན་འབྱེད་
པའི་བློ་མེད་པས་ཕ་རོལ་གྱིས་ཉེས་པ་བརྗོད་པས་འཇིགས་པས་དོན་འདི་ནི་དྲི་བར་མི་འོས་ཤིང་། དེ་ཉིད་ཀྱིས་ལན་གྱི་བྱེ་བྲག་འགའ་ཞིག་ཀྱང་ལུང་བསྟན་པར་འོས་པ་མ་ཡིན་ནོ་ཞེས་ཟེར་རོ། །འདི་ལྟ་སྟེ་ཞེས་པ་ལ་སོགས་པས་ནི་གཟུགས་ལ་སོགས་པར་སྣང་བའི་གཞི་འགའ་ཞིག་ཁས་བླངས་ནས། དེ་དག་ཉིད་མི་རྟག་པ་
དང་གཅིག་པ་འམ་ཐ་དད་པ་གང་རུང་གིས་བསྡུས་པས། དེ་དག་གང་ཡིན་ཞེས་དྲིས་པ་དང་གང་ཡང་རུང་བ་ཅིག་ཏུ་ལུང་བསྟན་པར་འོས་པ་ལས་དེ་ལྟར་མི་སྟོན་ཅིང་བསྟན་པར་འོས་པ་མ་ཡིན་ཞེས་དེ་འདྲ་བའི་གྲུབ་མཐའ་རྣམ་པར་འཇོག་པའོ། །འདུ་བྱེད་ནི་འཁོར་བའོ། །མཚན་ལས་ཞེས་པ་ནི་མཚན་ཉིད་དོ། །ཡོན་ཏན་ནི་འོ་
ཐུག་གི་མངར་བ་དང་། དུང་གི་དཀར་པོ་ལ་སོགས་པའོ། །མཐོང་བ་ནི་མཐོང་བའི་ཡུལ་ལོ། །རྣལ་འབྱོར་ཅན་ནི་ཞི་གནས་སམ་དེ་དང་ལྡན་པའི་གང་ཟག་གོ། །ལུང་བསྟན་པ་རྣམས་ཞེས་པ་ནི་སྔ་མ་ལྟར་བསྟན་པར་འོས་པའོ། །ལུང་མ་བསྟན་པའོ་ཞེས་པ་ནི་དེ་ལྟར་མ་བསྟན་ཅིང་། བསྟན་པར་བྱ་བ་མ་ཡིན་པ་ཉིད་དུ་
བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་མི་མཁས་པ་དག་ཟེར་བའོ། །སྐྱེས་བུ་ཞེས་པ་ལ་སོགས་པས་དེ་ཉིད་སུན་འབྱིན་པ་སྟེ། དེའི་དོན་ཡང་ཇི་ལྟར་ཉན་པ་པོའི་སེམས་ཅན་རྣམས་བློ་དང་མི་ལྡན་པས་ཁྱད་པར་འགའ་ཞིག་ལུང་བསྟན་པ་ན་སྐྲག་པར་འགྱུར་བས་སྐྲག་པའི་གནས་དེ་ཉིད་སྤངས་པའི་ཕྱིར། གང་ཟག་
གི་ཁྱད་པར་དེ་ལ་ལུང་དུ་མི་བསྟན་པར་འོས་པ་རྣམས་ལུང་དུ་མི་སྟོན་ཏོ་ཞེས་དེ་བཞིན་གཤེགས་པས་གསུངས་པ་ལ། སྐྱེས་བུ་གཏི་མུག་དེ་དག་ནི་རྣམ་པ་ཐམས་ཅད་དུ་ལུང་མ་བསྟན་ཅིང་བསྟན་པར་མི་འོས་པ་ཉིད་དུ་དེ་བཞིན་གཤེགས་པས་གསུངས་སོ་ཞེས་ལོག་པར་རྟོག་པའོ། །དེ་བཞིན་གཤེགས་པས་ནི་མུ་སྟེགས་
Vol. 122 · folio 162b
བྱེད་དེ་ལྟར་འདོད་པའི་ལྟ་བ་ངན་པ་གཞིག་པའི་ཕྱིར། དེ་དག་ལུང་བསྟན་པར་བྱ་བ་ཉིད་དུ་གསུངས་ཀྱི། མི་བྱ་བ་ཉིད་དུ་ནི་མ་བཤད་དོ། །འདི་རྣམས་ཀྱི་གཞུང་གི་དོན་ནི་ཅུང་ཟད་དཀྲུགས་ཏེ་ཤེས་པར་བྱའོ། །མུ་སྟེགས་བྱེད་ཀྱི་ལྟ་བ་ངན་པ་གང་ཞེ་ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་གསུངས་ཏེ། གཅེར་
བུ་པ་རྣམས། འདུ་བ་དང་ནི་རྒྱས་པ་དང་། །སྲོག་ནི་ལུས་ཀྱི་ཚད་ཅན་ཏེ། །ཞེས་པ་ལ་སོགས་པ་སྨྲ་སྟེ། དེའི་དོན་ནི་སྲོག་ནི་རྟག་པ་གཅིག་པུ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ལུས་ཀྱི་ཚད་དང་མཉམ་པ་ལུས་ལ་གནས་སོ་ཞེས་འདོད་ལ། དེ་ལྟ་ན་ལུས་དང་སྲོག་གཅིག་གམ་ཐ་དད་ཅེས་དྲིས་པ་ན། གལ་ཏེ་གཅིག་པར་ཁས་
བླངས་ན་ལུས་མི་རྟག་པ་བཞིན་དུ་སྲོག་ཀྱང་མི་རྟག་པར་འགྱུར་ཞེས་པའི་ཉེས་པ་དང་། ཐ་དད་ན་ཡང་དེ་ལྟར་དམིགས་པར་འགྱུར་རོ་ཞེས་པ་ལ་སོགས་པའི་ཉེས་པས་འཇིགས་ནས་དེ་དག་གང་དུ་ཡང་ལུང་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་དེ་འདྲ་བའི་དོན་ཁས་ལེན་པའོ། །དེ་ལ་སོགས་པ་གཞན་ཡང་གྲངས་ཅན་པ་རྣམས་
རང་བཞིན་དང་གནས་སྐབས་གཅིག་པ་དང་ཐ་དད་པ་གང་དུ་ཡང་ལུང་བསྟན་པར་མི་འོས་པའི་དོན་ཁས་ལེན་པ་དང་། བྱེ་བྲག་པ་རྣམས་རྡུལ་ཕྲ་རབ་དང་དེས་བརྩམས་པའི་རགས་པ་ཡན་ལག་ཅན་གྱི་རྫས་གཅིག་པ་དང་ཐ་དད་པར་ལུང་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་པ་ལ་སོགས་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་
སོགས་པས་དེ་དག་ལས་བཟློག་པས། དེ་བཞིན་གཤེགས་པ་ཉིད་ཀྱིས་ཕྱོགས་གསལ་བར་གསུངས་པའོ། །དེའི་དོན་ཡང་མུ་སྟེགས་པ་རྣམས་རྒྱུ་དང་རིགས་པ་ལ་ཀུན་ཏུ་རྨོངས་པས་འགལ་བའི་དོན་ཁས་བླངས་པ་ན་ཁྱད་པར་དེ་དག་ཏུ་ལུང་བསྟན་པ་ལ། རིགས་པའི་གནོད་པ་འཇུག་པས་དེས་འཇིགས་ནས་
ལུང་མི་སྟོན་པ་ཡིན་ལ། ངའི་གསུང་རབ་ཀྱི་ངེས་པའི་དོན་གཉིས་སུ་མེད་པའི་རང་རིག་པའི་དོན་དམ་པའི་དངོས་པོ་ལ་སོགས་པའི་སྤྲོས་པ་དང་བྲལ་བ་ལ་ནི་རྣམ་པར་རྟོག་པ་ཡང་མི་འཇུག་སྟེ། བརྟག་བྱའི་ཡུལ་ལས་འདས་པའི་ཕྱིར་རོ། །དེ་འདྲ་བ་དེ་དག་ལ་གཞག་པར་བྱ་བ་ཉིད་དུ་སྒྲོ་བཏགས་པའི་དོན་
ལྟ་ག་ལ་ཡོད་ཅེས་པའོ། །གཞན་ཡང་དངོས་པོའི་ཕྱོགས་ཁས་ལེན་པ་རྣམས་ལ་ནི་གཅིག་ཏུ་ཡོད་དམ་དུ་མར་ཡོད་ཅེས་པ་ལ་སོགས་པ་ཁྱད་པར་གང་དག་གིས་བསྡུས་པའི་ཁྱད་པར་གྱི་ཆོས་གང་ཡིན་ཞེས་དྲིས་པ་ན། གང་དུ་ལུང་བསྟན་ཀྱང་ཉེས་པ་དང་འབྲེལ་པས་དེ་ལྟར་བསྟན་པར་བྱ་བ་མ་ཡིན་ཏེ།
Vol. 122 · folio 163a
འདི་ནི་གཞག་པར་བྱའོ་ཞེས་དོན་ཕྱིན་ཅི་ལོག་དུ་བརྟགས་པ་ཡོད་ཅེས་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་སྔར་གྱི་དོན་ཉིད་རྒྱས་པར་འཆད་པའོ། །ངས་དུས་གཞན་དུ་བསྟན་པར་བྱ་ཞེས་པ་ནི་གདུལ་བྱའི་ཁྱད་པར་གང་ལས་སྔར་བསྟན་པར་བྱ་བ་མ་ཡིན་པ་དེ་ཉིད་ཀྱང་གདུལ་
བྱ་དེ་ཉིད་ཕྱིས་དབང་པོ་ཡོངས་སུ་སྨིན་པ་ན་བསྟན་པར་བྱ་ཞིང་། གཞན་ཡང་གདུལ་བྱའི་ཁྱད་པར་གཞན་རྣམས་ལ་ནི་དུས་དེ་ཉིད་ཀྱི་ཚེ་ཡང་བསྟན་པར་བྱ་བའོ། །དེ་ཉིད་ཀྱི་ཕྱིར་ཇི་ལྟར་སྣང་ཞིང་མྱོང་བའི་ཆོས་ཀུན་རྫོབ་དུ་ཁས་བླངས་པ་འདི་རྣམས་ནི་དེ་ཁོ་ན་ཉིད་དུ་སྐྱེས་པ་དང་མ་སྐྱེས་པ་དང་ཡོད་པ་དང་མེད་
པ་ལ་སོགས་པའི་ཁྱད་པར་དེ་དག་ཙམ་གྱིས་བསྡུས་ཤིང་། ཕུང་པོ་གཞན་མི་འཐད་པས་དེ་འདྲ་བའི་ཁྱད་པར་དྲིས་པའམ། མ་དྲིས་ཀྱང་རུང་སྟེ་གདུལ་བྱའི་ཐེ་ཚོམ་བཅད་པའི་དོན་དུ་འདི་རྣམས་ནི་དོན་དམ་པར་མ་སྐྱེས་ཤིང་ངོ་བོ་ཉིད་མེད་པའོ་ཞེས་རང་བཞིན་སྟོང་པ་ཉིད་དུ་ལུང་བསྟན་པར་འོས་ཤིང་དེ་ལྟར་བསྟན་པ་ཉིད་
ཀྱང་ཡིན་ཏེ། ཆོས་དེ་རྣམས་ཁྱད་པར་དེ་དག་གིས་བསྡུས་པ་དང་། སྐྱེ་བ་དང་དངོས་པོ་ལ་སོགས་པའི་ཕྱོགས་ལ་གནོད་བྱེད་ཀྱི་ཚད་མ་ཡོད་པའི་ཕྱིར་རོ། །གཞན་དུ་ན། དགག་པ་བཀག་པ་བསྒྲུབ་པ་ཡིན། །ཞེས་པ་ལ་སོགས་པའི་ཉེས་པ་སྔར་རྒྱས་པར་བསྟན་ཟིན་ནོ། །བྱ་བ་དང་བྱེད་པ་ནི་རྒྱུ་དང་འབྲས་བུའོ། །དེ་ལྟར་
ན་སྔར་མཐའ་གཉིས་དགག་པ་གསུངས་པ་དང་འགལ་ལོ་ཞེ་ན། མ་ཡིན་ཏེ། དེ་ནི་ཡོད་པ་དང་མེད་པ་ལ་སོགས་པའི་ཆོས་སུ་རྣམ་པར་རྟོག་པས་སྒྲོ་བཏགས་པའི་མཐའ་ཉིད་བཀག་པ་ཡིན་ལ། འདིར་ནི་རང་བཞིན་གྱིས་མ་སྐྱེས་པ་ལ་སོགས་པ་ཆོས་རྣམས་ཀྱི་ཆོས་ཉིད་ཇི་ལྟ་བ་བཞིན་བསྟན་པས་འགལ་བ་མེད་དེ་རྒྱས་པར་
སྔར་བསྟན་པ་བཞིན་ནོ། །དེས་ན་རབ་ཏུ་མི་གནས་པར་སྨྲ་བའི་མིང་ལ་མངོན་པར་ཞེན་པ་རྣམས་ཀྱིས་ཇི་ལྟར་བསྟན་པ་ནི་ཕྱིན་ཅི་ལོག་ཉིད་དུ་ཤེས་པར་བྱའོ། །ཆོས་ཐམས་ཅད་མི་རྟག་ཅེས་པ་ནི་ཀུན་རྫོབ་པའི་དོན་ལུང་བསྟན་པའོ། །མཚན་ཉིད་སྐྱེ་བ་མི་སྐྱེ་བ། །ཞེས་པ་ནི་སྐྱེ་བར་སྣང་བ་ཀུན་རྫོབ་པ་འདི་ཉིད་དོན་
དམ་པར་མི་སྐྱེ་བ་སྟེ། མི་སྐྱེ་བའི་ཆོས་ཉིད་དེ་ཉིད་འགྱུར་བ་མེད་པས་རྟག་ཅེས་པའོ། །ཚིག་གི་དོན་གཞན་ནི་ཤེས་པར་ཟད་དོ། །དེ་ལ་མགོ་གཅིག་ཏུ་ལན་གདབ་པ་ནི་ཕ་རོལ་པོའི་དྲི་བ་མང་པོ་ལ་ཚིག་གཅིག་གིས་ལན་འདེབས་པ་སྟེ། ཁ་ཅིག་འདི་སྐད་དུ། སྐྱེ་བ་ཐམས་ཅད་གདོན་མི་ཟ་བར་འགག་པར་འགྱུར་བ་ཡིན་ནམ་
Vol. 122 · folio 163b
དཀོན་མཆོག་གསུམ་བསོད་ནམས་ཀྱི་ཞིང་གཤིན་པ་ཡིན་ནམ་ཞེས་པ་ལ་སོགས་པ་དྲིས་པ་ལ། དེ་ལྟར་ཡིན་ནོ་ཞེས་ལུང་བསྟན་པ་ལྟ་བུའོ། །རྣམ་པར་ཕྱེ་ནས་ལུང་བསྟན་པ་ནི་ཁ་ཅིག་འདི་སྐད་དུ། ཅི་འགགས་པ་ཐམས་ཅད་ཡང་སྐྱེ་བར་འགྱུར་རམ། དཀོན་མཆོག་གསུམ་གཅིག་ཁོ་ནར་ཟད་དམ་ཞེས་དྲིས་པ་ལ་
སོགས་པ་ལ། དོན་འདི་ནི་དེ་ལྟར་མ་ངེས་ཏེ། འགགས་པ་རྣམས་ཀྱི་རྒྱུན་སླར་སྐྱེ་བ་ཡང་ཡོད་དེ། བྱིས་པ་རྣམས་ཀྱི་ཉེ་བར་ལེན་པའི་ཕུང་པོ་བཞིན་ནོ། །མི་སྐྱེ་བ་ཡང་ཡོད་དེ་དགྲ་བཅོམ་པའི་ཕུང་པོ་ཐ་མ་འགགས་པ་བཞིན་ནོ། །དཀོན་མཆོག་གསུམ་གཅིག་པ་ཡང་ཡོད་དེ། འགོག་པའི་ཆོས་མཐར་ཐུག་པ་
དང་། སངས་རྒྱས་དཀོན་མཆོག་གམ་ལམ་གྱི་ཆོས་དང་དགེ་འདུན་དཀོན་མཆོག་ལྟ་བུའོ། །ཐ་དད་པ་ཡང་ཡོད་དེ་སངས་རྒྱས་དང་དགེ་འདུན་ལ་སོགས་པ་བཞིན་ནོ་ཞེས་སྟོན་པ་ལྟ་བུའོ། །དྲིས་ནས་ལུང་སྟོན་པ་ནི་ཇི་ལྟར་ཁ་ཅིག་འདི་སྐད་དུ། བྱང་ཆུབ་སེམས་དཔའི་ས་བཅུ་མཆོག་ཡིན་ནམ། འོན་ཏེ་མ་ཡིན་ཞེས་པ་
ལ་སོགས་པ་དྲིས་པ་ལ་ཁྱོད་གང་ལ་ལྟོས་ཏེ་འདྲི་ཞེས་སླར་ཕར་ལ་དྲིས་ནས་ཅི་རིགས་པར་ལུང་སྟོན་པ་ལྟ་བུའོ། །ཅང་མི་སྨྲ་བར་བཞག་པས་ལུང་བསྟན་པ་ནི་ཇི་སྐད་དུ་ཁ་ཅིག་བདག་ཅེས་བྱ་བའི་དངོས་པོ་ཅི་དགེ་བ་ཞིག་གམ་འོན་ཏེ་མི་དགེ་བ་ཞིག་ཅེས་འདྲི་བ་དང་། མོ་གཤམ་གྱི་བུ་མདོག་དཀར་བ་ཞིག་གམ་འོན་
ཏེ་གནག་པ་ཞིག་ཅེས་འདྲི་བ་ལ་སོགས་པ་ལ་ཅང་མི་སྨྲ་བར་བཞག་པས་ལུང་བསྟན་པ་སྟེ། ཇི་ལྟར་འཕགས་པ་སངས་རྒྱས་ཀྱི་སའི་འགྲེལ་པ་ལས་གསུངས་པ་ལྟ་བུའོ། །གཞན་ཡང་རྒྱ་ཆེར་ནི་བསྟན་བཅོས་རྣལ་འབྱོར་སྤྱོད་པའི་ས་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་འགྲེལ་པ་ལ་སོགས་པ་
ལས་ཤེས་པར་བྱའོ། །གལ་ཏེ་ཅི་ཡང་མི་སྨྲ་བར་བཞག་པས་ལུང་བསྟན་པ་ཉིད་དུ་ཇི་ལྟར་འགྱུར་ཞིང་། གཞན་ཡང་དེ་ལྟ་ན་སྔར་རྣམ་པ་ཐམས་ཅད་དུ་གཞག་པར་བྱ་བ་ནི་མི་འཐད་དེ། གང་ཟག་གི་ཁྱད་པར་འགའ་ཞིག་ལ་རེ་ཞིག་ལ་བཞག་པ་ཙམ་དུ་ཟད་དོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་
མེད་དེ། དེ་འདྲ་བའི་དྲི་བ་ལ་མི་སྨྲ་བར་བཞག་པ་ཉིད་ཀྱིས་གཞི་མ་གྲུབ་པ་ལ་ཁྱད་པར་གྱི་དཔྱད་པ་མི་འཇུག་ཅེས་དེ་འདྲ་བའི་ཆོས་ཅན་མ་གྲུབ་པ་ཉིད་དུ་རྟོགས་པར་འགྱུར་བས་ཅང་མི་སྨྲ་བ་ཉིད་ལུང་སྟོན་པར་འགྱུར་བ་སྟེ། ཇི་སྐད་དུ། འཕགས་པ་ལི་ཙྪ་བཱི་དྲི་མ་མེད་པར་གྲགས་པ་ལ་འཕགས་པ་འཇམ་
Vol. 122 · folio 164a
དཔལ་གྱིས་རིགས་ཀྱི་བུ་བདག་ཅག་གིས་ནི་རང་རང་གི་རྟོགས་པ་བརྗོད་ཟིན་གྱིས། ཁྱེད་ཀྱང་གཉིས་སུ་མེད་པའི་ཆོས་ཀྱི་སྒོ་བསྟན་པ་ལ་སྤོབས་པར་མཛོད་ཅིག་ཅེས་དྲིས་པ་དང་། དགེ་བསྙེན་ཆེན་པོས་དེ་ཁོ་ན་ཉིད་ཀྱི་དོན་སྒྲའི་བརྗོད་དུ་མེད་པ་ཉིད་དུ་རྟོགས་ཤིང་། གཞན་ལ་ཡང་
བསྟན་པར་བྱ་བའི་དོན་དུ་ཅང་མི་སྨྲ་བར་བཞུགས་པ་དང་། འཇམ་དཔལ་གྱིས་ཀྱང་དེ་བཞིན་དུ་རྟོགས་ནས་རིགས་ཀྱི་བུ་ལེགས་སོ་ལེགས་སོ་ཞེས་པ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལྟར་བཞག་པ་ཉིད་ཀྱིས་དོན་སྟོན་པར་འགྱུར་བས་རྣམ་པ་ཐམས་ཅད་དུ་བསྟན་པར་བྱ་བ་མ་ཡིན་ཞིང་བཞག་པ་མེད་
དོ་ཞེས་གསུངས་པ་དང་འགལ་བ་མེད་པའོ། །གཞན་ཡང་གང་དག་རྣམ་པར་བརྩད་པའི་ཚུལ་གྱིས་དྲི་བ་ལ། དེ་ལྟ་ན་རང་གི་གྲུབ་པའི་མཐའ་ལ་ཡང་དེ་ལྟར་འགྱུར་རོ་ཞེས་ལན་འདེབས་པ་ཡང་མགོ་གཅིག་ཏུ་ལུང་བསྟན་པའོ། །འདིར་མུ་སྟེགས་བྱེད་ཀྱི་སྨྲ་བ་གང་ཞེ་ན། ཡོད་དང་མེད་ལས་ཞེས་པ་
ལ་སོགས་པ་སྟེ། བློ་ཡིས་རྣམ་པར་གཞིགས་ན་ཡང་། །ཞེས་པ་ལ་སོགས་པས་གཞན་གྱིས་འདོད་པ་དངོས་པོའི་ཕྱོགས་ཐམས་ཅད་འགོག་པ་སྟེ། ཇི་ལྟ་བ་བཞིན་རྣམ་པར་འབྱེད་པ་བློས་གཞིགས་ན་དངོས་པོར་གྲུབ་པའི་རང་བཞིན་བདེན་པ་མེད་ཅིང་། ངོ་བོ་ཉིད་ཀྱང་མེད་ཅེས་པས་ཏེ། མེད་པ་ལ་སོགས་
པའི་ཆོས་སུ་སྒྲོ་བཏགས་པའི་མཚན་མའི་ངོ་བོ་ཡང་མེད་ཅེས་པའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྦྱོང་བར་བྱེད་པའི་ལམ་དང་། གནས་སྐབས་ཀྱི་འབྲས་བུ་ལ་གནས་པའི་གང་ཟག་གི་ཁྱད་པར་རྒྱས་པར་སྟོན་ཏེ། འདི་ཡང་། བཅིངས་པ་སུ་
ལགས་གང་གིས་དགྲོལ། །ཞེས་པ་ལ་སོགས་པ་དང་། སྲིད་གསུམ་ཆོམས་གནས་པ་དེ་སུ། །ཞེས་པ་ལ་སོགས་པ་དྲིས་པའི་ལན་དུ་སྦྱར་བར་བྱའོ། །འགྲོ་བ་ནི་གང་ཟག་གི་ཁྱད་པར་རོ། །རྒྱུན་ཏུ་ཞུགས་པ་ནི་དེའི་འབྲས་བུ་ལ་གནས་པའོ། །ཐབས་ཀྱི་མཚན་ཉིད་ནི་དེ་རྣམས་ཉིད་ཐོབ་པར་འགྱུར་བའམ། ཡང་
དེ་ལ་བརྟེན་ནས་ཐེག་པ་ཆེན་པོ་མངོན་པར་རྟོགས་པར་འགྱུར་བའི་ཐབས་ཀྱི་མཚན་ཉིད་དོ། །དེ་མངོན་པར་རྟོགས་པས་ཀྱང་རང་དང་གཞན་གྱི་སྒྲིབ་པ་གཉིས་རྣམ་པར་སྦྱོང་བ་ལ་སོགས་པའོ། །འགྲོ་བ་ལ་འདོད་པ་བཞིན་དུ་ལོངས་སྤྱོད་པ་ནི་སེམས་ཅན་རྣམས་ལ་དབང་བསྒྱུར་བའོ། །དེ་ལ་རྒྱུན་དུ་ཞུགས་པའི་འབྲས་
Vol. 122 · folio 164b
བུ་ལ་གནས་པ་ནི་འཕགས་པ་ཉན་ཐོས་རྣམས་ཀྱི་དབང་དུ་བྱས་ནས་མཐོང་བའི་ལམ་གྱིས་བསྡུས་པའི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་རྒྱུན་ཆགས་སུ་འབྱུང་བ་ལས་ཐམས་ཅད་ཡོངས་སུ་རྫོགས་པའི་གནས་སྐབས་ཡིན་ལ། སྐད་ཅིག་བཅོ་ལྔ་པ་མན་ཆོད་ནི་འབྲས་བུ་དེ་ལ་ཞུགས་པའོ། །ཡེ་ཤེས་སྐད་ཅིག་མ་
བཅུ་དྲུག་ཀྱང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པ་སྟེ། སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ཉིད་དུ་མངོན་
སུམ་དུ་རྟོགས་པ་སྟེ། རྣམ་པ་བཞི་དང་གོ་རིམས་བཞིན་དུ་སྦྱར་བར་བྱའོ། །དེ་བཞིན་དུ་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་རྣམ་པ་བཞི་སྟེ། ཀུན་འབྱུང་གི་བདེན་པ་ལ་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་གྱིས་རྣམ་པར་རྟོག་པ་རྣམ་པ་བཞི་དང་། རིམ་པ་བཞིན་དུ་སྦྱར་བར་
བྱའོ། །དེ་བཞིན་དུ་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་བཞི་ནི་འགོག་པའི་བདེན་པ་ལ་འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བ་ཉིད་དུ་རྟོགས་པ་བཞི་དང་སྦྱར་རོ། །ཡང་ལམ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་བཞི་ནི་ལམ་གྱི་བདེན་པ་ལ་ལམ་ཉིད་དང་། རིགས་
པ་དང་། བསྒྲུབས་པ་དང་། ངེས་པར་འབྱིན་པ་ཉིད་དུ་རྟོགས་པ་སྟེ། རྣམ་པ་བཞི་དང་རིམ་པ་བཞིན་དུ་སྦྱར་བར་བྱའོ། །རྣམ་པ་གཅིག་ཏུ་ན་འདོད་པའི་ཁམས་སུ་གཏོགས་པའི་སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་ལ་སོགས་པ་རྣམ་པ་བཞིའི་ཚུལ་དུ་རྟོགས་པས་ཁམས་དེར་གཏོགས་པའི་སྡུག་བསྔལ་
མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིན་ལ། དེ་སྤངས་པའི་རྣམ་གྲོལ་གྱི་ལམ་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ། །ཁམས་གོང་མ་གཉིས་ཀྱིས་བསྡུས་པའི་སྡུག་བསྔལ་གྱི་བདེན་པ་ལ་སྔ་མ་ལྟར་རྟོགས་པས་
དེ་དག་གིས་བསྡུས་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཡིན་ལ། དེ་རྣམས་སྤངས་པའི་རྣམ་གྲོལ་གྱི་ལམ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །དེ་བཞིན་དུ་ཀུན་འབྱུང་ལ་ཆོས་
Vol. 122 · folio 165a
ཤེས་པའི་བཟོད་པ་ལ་སོགས་པ་ལྷག་མ་རྣམས་ལ་ཡང་སྦྱར་བར་བྱའོ་ཞེས་བསྟན་པའོ། །སྐད་ཅིག་གིས་ནི་རྣམ་པར་དབྱེ་བ་ཡང་འཕགས་པ་སྟུག་པོ་བཀོད་པའི་རྒྱན་ལས་ཇི་སྐད་དུ། སྡུག་བསྔལ་ཆོས་ཉིད་ཤེས་པ་དང་། སྡུག་བསྔལ་གྱིས་སུ་སོ་སོར་རྟོགས། །སྡུག་བསྔལ་
ཉིད་ཀྱི་རྗེས་སུ་ཤེས། །འདུས་པ་རྣམས་ཀྱིས་ཆོས་ཤེས་དང་། །འདུས་པ་ལ་ནི་ཀུན་རྟོག་དང་། །འདུས་ལ་རྗེས་སུ་འགྲོ་ཤེས་དང་། །འགོག་པ་དག་ལས་ཆོས་ཤེས་དང་། །འགོག་པ་དག་ལ་རྟོགས་པ་དང་། །འགོག་ལ་རྗེས་སུ་འགྲོ་ཤེས་དང་། །ལམ་ལ་ཆོས་ཀྱི་ཤེས་པ་དང་། །ལམ་ལ་སོ་སོར་རྟོག་
པ་དང་། །ལམ་ལ་རྗེས་སུ་འགྲོ་བ་ཤེས། །ཞེས་གསུངས་པ་ལྟ་བུའོ། །འདིར་མཐོང་བའི་ལམ་གྱི་ཡེ་ཤེས་སྐད་ཅིག་མ་རྣམས་ཀྱང་བདེན་པ་སོ་སོའི་ཡུལ་ཅན་ཉིད་དུ་གསུངས་པས་དེས་སྤང་བར་བྱ་བའི་ཉོན་མོངས་པ་ཡང་བདེན་པ་སོ་སོ་ལ་སོགས་པར་ཞུགས་པ་ཡིན་པས་བདེན་པ་ལ་བརྟེན་ནས་རྣམ་
པར་དབྱེ་སྟེ། དེ་ལ་འདོད་པའི་ཁམས་ན་སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་དང་། སྡུག་བསྔལ་བ་ལ་སོགས་པའི་བདག་ཉིད་དུ་མ་རྟོགས་པའི་མ་རིག་པ་དང་མི་རྟག་པ་ལ་སོགས་པར་ཐེ་ཚོམ་ཟ་བ་དང་། ཉེར་ལེན་གྱི་ཕུང་པོ་ལྔ་འབྲས་བུར་གྱུར་པ་རྣམས་ལ་བདག་དང་བདག་གིར་འཛིན་
པ་འཇིག་ཚོགས་ལ་ལྟ་བ་དང་། བདག་དེ་ཉིད་རྟག་པ་དང་ཆད་པའི་མཐའ་གཉིས་སུ་འཛིན་པ་དང་། སྡུག་བསྔལ་གྱི་བདེན་པ་མེད་དོ་ཞེས་ལོག་པར་ལྟ་བས་ཏེ། དེ་ལྟར་རྣམ་པ་ལྔ་ནི་སྡུག་བསྔལ་གྱི་བདེན་པ་ལ་དངོས་སུ་ལོག་པར་ཞུགས་པ་ཡིན་ལ། ལྟ་བ་དེ་དག་ལ་རྗེས་སུ་ཆགས་པའི་འདོད་ཆགས་
དང་། དེས་སེམས་ཁེངས་པའི་ང་རྒྱལ་དང་། དེ་དག་ལ་མཆོག་དང་གཙོ་བོ་ལ་སོགས་པར་འཛིན་པ་སྟེ། ལྟ་བ་མཆོག་ཏུ་འཛིན་པ་དང་། ལྟ་བ་དམན་པ་དེས་ཡོངས་སུ་ཟིན་པའི་ལོག་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་མཆོག་དང་གཙོ་བོ་ལ་སོགས་པར་འཛིན་པ་སྟེ། དེ་ལྟར་རྣམ་པ་
བཞི་ནི་ལོག་པར་ཞུགས་པ་ལ་ལོག་པར་ཞུགས་པའོ། །དེ་ལྟར་ཆགས་ཤིང་མཆོག་ཏུ་བཟུང་བའི་ཡུལ་ལ་གཞན་གྱི་ཉེས་པ་བརྗོད་པ་ན་དེ་ལ་ཀུན་ནས་མནར་སེམས་པའི་ཁོང་ཁྲོ་ནི་ལོག་པར་ཞུགས་པའི་དབང་གིས་ལོག་པར་ཞུགས་པའོ། །དེ་བཞིན་དུ་ཀུན་འབྱུང་གི་བདེན་པ་རྒྱུར་གྱུར་པའི་
Vol. 122 · folio 165b
ཕུང་པོ་ལྔ་ལ་རྒྱུ་དང་ཀུན་འབྱུང་བ་ལ་སོགས་པར་མ་རྟོགས་པ་དང་། ཐེ་ཚོམ་ཟ་བ་དང་། དེ་ལ་བདག་དང་བདག་གིར་འཛིན་པ་དང་། བདག་དེ་ཉིད་རྟག་པ་དང་ཆད་པའི་མཐར་འཛིན་པ་དང་། ཀུན་འབྱུང་གི་བདེན་པ་དེ་འདྲ་བ་མེད་ཅེས་དངོས་སུ་ལོག་པར་ཞུགས་པ་ལྔ་དང་། ལྟ་བ་དེ་དག་ལ་རྗེས་སུ་
ཆགས་པ་དང་། དེ་དག་གིས་སེམས་ཁེངས་པའི་ང་རྒྱལ་དང་། སྔ་མ་ལྟར་མཆོག་ཏུ་འཛིན་པ་རྣམ་པ་གཉིས་ཏེ། དེ་ལྟར་བཞི་ནི་ལོག་པར་ཞུགས་པ་ལ་ལོག་པར་ཞུགས་པའོ། །ལོག་པར་ཞུགས་པའི་དབང་གིས་ལོག་པར་ཞུགས་པ་ཡང་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་དུ་འགོག་པ་
དང་ལམ་གྱི་བདེན་པ་ལ་ཡང་སྦྱར་བར་བྱའོ། །གལ་ཏེ་འཇིག་ཚོགས་ལ་ལྟ་བ་ནི་ཕུང་པོ་ལྔ་ལ་བདག་དང་བདག་གིར་འཛིན་པ་ཡིན་པ་ལ། འགོག་པའི་བདེན་པ་ནི་ཕུང་པོ་ཉེ་བར་ཞི་བ་ཙམ་ཡིན་པས་དེ་ལ་ལོག་པར་ཞུགས་པ་ཉིད་དུ་མི་འཐད་ཅིང་དེ་ཉིད་ཀྱིས་མཐར་འཛིན་པ་ཡང་མི་འཐད་དོ་ཞེ་ན། དེ་ལྟར་བདེན་
མོད་ཀྱི་འདིར་འགོག་པ་ནི་ཕུང་པོ་ཉེ་བར་ཞི་བ་ཙམ་གྱི་མེད་པར་དགག་པ་ཉིད་དུ་མི་འཐད་དེ། འོན་ཀྱང་དྲི་མ་དང་བྲལ་བའི་སེམས་ཀྱི་གནས་སྐབས་ཡིན་པས་དེ་ལ་བདག་དང་བདག་གིར་འཛིན་པ་དང་། བདག་དེ་ཉིད་རྟག་པ་དང་ཆད་པའི་མཐར་འཛིན་པ་འཐད་དོ། །ཡང་ཉན་ཐོས་སྡེ་པ་འགའ་ཞིག་
གིས་མེད་པར་དགག་པ་ཙམ་ལ་འགོག་པར་འདོད་པའི་དབང་དུ་བྱས་ཏེ། བསྡུ་བ་རྣམ་པར་གཏན་ལ་དབབ་པ་ལས་ལྟ་བ་གཉིས་པོ་དེ་དག་འགོག་པ་ལ་ལོག་པར་ཞུགས་པ་ཉིད་དུ་མ་གསུངས་སོ། །གཞན་ཡང་དེ་ཉིད་ལས་ལྟ་བ་གཉིས་པོ་དེ་དག་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ལ། ལོག་
པར་ཞུགས་པ་ཉིད་དུ་མ་གསུངས་པ་ཡང་། དེར་སྡུག་བསྔལ་གྱི་བདེན་པ་ནི་སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཡིན་ལ། ཀུན་འབྱུང་ནི་ལས་དང་ཉོན་མོངས་པ་ཉིད་དུ་རྣམ་པར་བཞག་པས་དེ་ལ་བདག་དང་བདག་གིར་འཛིན་པ་ལ་སོགས་པ་མི་འཐད་པའི་ཕྱིར་རོ་ཞེས་བླ་མ་དག་འཆད་དོ། །སྔ་མ་
ལྟར་བསྟན་པ་ནི་ཆོས་མངོན་པ་ཀུན་ལས་བསྡུས་པ་ལས། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་ཕུང་པོའི་རྒྱུན་ལ་བཞག་པའི་དུས་སུ་དེ་ལྟར་འཐད་པས་སོ། །དེ་ལྟར་འདོད་པའི་ཁམས་ན་བཅུ་ཚན་བཞིར་འགྱུར་ལ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་བ་མེད་པས་བདེན་པ་རེ་རེ་ལ་རྣམ་
Vol. 122 · folio 166a
པ་དགུ་དགུར་ཤེས་པར་བྱའོ། །དེ་ལྟར་ན་སུམ་ཅུ་རྩ་དྲུག་པ་ཕྲག་གཉིས་ཏེ། ཐམས་ཅད་བསྡོམས་པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱ་དང་བཅུ་གཉིས་སུ་འགྱུར་བའོ། །གལ་ཏེ་དེ་ལྟར་ན་དེ་རྣམས་མཐའ་དག་སྤངས་པས་རྒྱུན་དུ་ཞུགས་པ་ཉིད་འགྱུར་
བ་མ་ཡིན་ནམ། མདོ་སྡེ་འདི་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀུན་དུ་སྦྱོར་བ་གསུམ་སྤངས་པའི་ཕྱིར་རྒྱུན་དུ་ཞུགས་པའོ་ཞེས་ཅིའི་ཕྱིར་གསུངས་ཤེ་ན། འདི་མཐོང་བས་སྤང་བར་བྱ་བའི་ཀུན་དུ་སྦྱོར་བའི་གཙོ་བོས་བསྡུས་པ་ནི་གསུམ་པོ་འདི་རྣམས་ཡིན་ནོ་ཞེས་ཤེས་པར་བྱ་བའི་དོན་དུའོ། །
ཇི་ལྟར་ན་གཙོ་བོ་ཉིད་དུ་འགྱུར་ཞེ་ན། འཇིག་ཚོགས་ལ་ལྟ་བས་ཕུང་པོ་ལྔ་སྡུག་བསྔལ་གྱི་གནས་ལ་མངོན་པར་དགའ་བས་སྡུག་བསྔལ་ལས་མི་འཕགས་པ་དང་། གཞན་ཡང་དེ་ནི་ལྟ་བ་དང་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བར་གྱུར་པས་སོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་
པས་ནི་སྡུག་བསྔལ་ལས་ཅུང་ཟད་འཕགས་ཀྱང་ལོག་པའི་ལམ་གྱིས་ངེས་པར་འབྱུང་བའི་རྒྱུར་འགྱུར་བ་སྟེ། ཡང་དག་པ་མ་ཡིན་པའི་ལྟ་བས་ཟིན་པའི་ལོག་པའི་བརྟུལ་ཞུགས་པ་ལ་སོགས་པ་ལ་མཆོག་ཏུ་འཛིན་ཅིང་ནན་ཏན་དུ་བསྒྲུབས་པའི་ཕྱིར་རོ། །ཐེ་ཚོམ་གྱིས་ནི་ཡང་དག་པའི་ལམ་
ལ་ཐེ་ཚོམ་ཟ་བས་ལམ་དེས་ངེས་པར་མི་འབྱུང་བའི་རྒྱུར་འགྱུར་བས་སོ། །གཞན་ཡང་འཇིག་ཚོགས་ལ་ལྟ་བ་ནི། ཤེས་བྱའི་ཡུལ་ཕུང་པོ་ལྔ་ལ་ཕྱིན་ཅི་ལོག་པར་སྒྲོ་འདོགས་པའི་རྒྱུ་ཡིན་ལ། གཉིས་པ་ནི་ལྟ་བ་གསུམ་ཡང་དག་པ་མ་ཡིན་པ་ལ་ཡང་དག་པ་ཉིད་དུ་སྒྲོ་འདོགས་པའི་རྒྱུ་ཡིན་པ་
དང་། ཐེ་ཚོམ་ནི་གཉེན་པོ་ལ་ལོག་པར་སྒྲོ་འདོགས་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་ཆོས་མངོན་པའི་བསྟན་བཅོས་དག་ལས་གསུངས་སོ། །དེ་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་རྣམ་པར་དབྱེ་བ་ལ་ཁྱད་པར་ཅན་མ་ཡིན་པ་ནི་སྔ་མ་དེ་ཉིད་ཙམ་སྟེ། མྱ་ངན་ལས་འདས་པའི་ལམ་གྱི་རྒྱུན་ལ་ཞུགས་
པས་རྒྱུན་དུ་ཞུགས་པ་ཞེས་པའོ། །འབྲས་བུ་ཁྱད་པར་ཅན་ནི་འདིར་རྣམ་པ་གསུམ་སྟེ། དབང་པོ་ཐ་མར་གྱུར་པ་ནི་དེ་ལྟར་ཐོགས་ན་འདོད་པའི་ཁམས་ཀྱི་ལྷ་དང་མི་རྣམས་ཀྱི་ནང་དུ་ཚེའི་སྲིད་པ་ལན་བདུན་བླངས་ནས་མྱ་ངན་ལས་འདའ་བ་སྟེ་རང་གི་སྡུག་བསྔལ་མཐར་བྱེད་པའོ། །དེའི་དོན་
Vol. 122 · folio 166b
ཡང་དང་པོར་མིའི་རྟེན་ལྟ་བུ་གཅིག་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་ནས། དེ་ནས་འདོད་པའི་ཁམས་ཀྱི་ལྷའི་རིས་དྲུག་དུ་ཚེའི་སྲིད་པ་ལན་དྲུག་བླངས་ནས། ཡང་དང་པོའི་རྟེན་མིའི་སྲིད་པ་དེ་ཉིད་དུ་སྐྱེ་བ་བླངས་ཏེ། རྟེན་དེ་ཉིད་ལ་ཁམས་གསུམ་གྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་
ཐམས་ཅད་སྤངས་ནས་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་པའོ། །དེ་བཞིན་དུ་ལྷའི་རིས་དྲུག་པོ་གང་ཡང་རུང་བའི་རྟེན་ལ་དང་པོར་རྒྱུན་དུ་ཞུགས་པ་ཐོབ་ནས། དེ་ནས་དེ་ལས་གནས་གཞན་དྲུག་ཏུ་སྐྱེ་བ་བླངས་ཏེ། ཡང་དང་པོ་དེ་ཉིད་དུ་སྐྱེ་བ་ནས་གཉེན་པོ་རྡོ་རྗེ་ལྟ་བུ་མངོན་དུ་བྱ་སྟེ། ཁམས་གསུམ་
གྱི་བསྒོམ་པས་སྤང་བར་བྱ་བ་ཐམས་ཅད་སྤོང་བའོ། །དེ་ལྟ་ན་སྐྱེ་བ་བདུན་ཕྲག་དུ་མ་ཉིད་དུ་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དེ་ནི་གང་ཟག་དུ་མའི་དབང་དུ་བྱས་པ་ཡིན་ལ། གང་ཟག་གཅིག་གི་དབང་དུ་བྱས་ན་སྐྱེ་བ་ལན་བདུན་ལས་མི་ལེན་པའི་ཕྱིར་རོ། །དེ་ལ་འདིར་ཁམས་གསུམ་གྱི་བསྒོམ་པས་སྤང་བར་
བྱ་བའི་ཉོན་མོངས་པ་རིམ་གྱིས་སྤོང་བའི་དབང་དུ་བྱས་ནས་དང་པོར་འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཆེན་པོའི་ཆེན་པོ་ནས་འབྲིང་གི་ཆེན་པོའི་བར་དུ་སྤངས་པ་ནི་མི་དང་ལྷའི་རིགས་ནས་རིགས་སུ་སྐྱེ་བའོ་ཞེས་ཆོས་མངོན་པའི་བསྟན་བཅོས་དག་ལས་བཤད་དེ། དེ་ལྟ་ན་
ཡང་འདིར་སྐྱེ་བ་ལན་བདུན་གྱི་བར་ལ་ཅི་རིགས་པར་དེ་རྣམས་སྤངས་ནས་བདུན་གྱི་ཐ་མར་གྱུར་པ་ལ་སྔ་མ་ལྟར་གཉེན་པོ་མངོན་དུ་བྱས་ཏེ་མྱ་ངན་ལས་འདའ་བའོ། །བར་མ་དང་མཆོག་ཀྱང་ཚུལ་དེ་ཉིད་ཀྱི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །གལ་ཏེ་དེ་ལྟར་ན་གང་ཟག་དེ་ཉིད་ལ་ལན་ཅིག་ཕྱིར་འོང་བ་ལ་
སོགས་པའི་སྤངས་པ་དང་ཐོབ་པའི་ཡོན་ཏན་རྫོགས་པའི་རྒྱུན་དུ་ཞུགས་པའི་དབྱེ་བར་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། དང་པོར་རྒྱུན་དུ་ཞུགས་པར་རྟོགས་པའི་ཚེ་དེ་ཉིད་ལས་མ་འཕོས་པས་དེ་རྣམས་རྒྱུན་དུ་ཞུགས་པའི་དབྱེ་བར་བསྟན་པའོ། །ཡང་གལ་ཏེ་ཚེའི་སྲིད་པ་བདུན་པའམ། ལྔ་པ་ལ་
སོགས་པའི་བར་ལ་སྔ་མ་ལྟར་ཉོན་མོངས་པ་གསུམ་པའམ་བཞི་པའི་བར་དུ་སྤངས་ནས་དེ་ནས་སྤང་བྱའི་ཉོན་མོངས་པ་གཞན་མ་སྤངས་པར་ཚེ་འཕོས་པར་གྱུར་ནས་ཉོན་མོངས་པ་ལྔ་པ་སྤོང་བ་ལ་ཞུགས་ནས་བརྒྱད་པ་མན་ཆད་སྤངས་པ་དེ་དག་ནི་འཕགས་པ་ལན་ཅིག་ཕྱིར་འོང་བ་སྟེ། སྤང་བྱའི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words