འཕགས་པ་ལང་ཀར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཞེས་བྱ་བ
Sanskrit title (Tibetan script, as in the text) ཨཱརྱ་ལངྐ་ཨ་བ་ཏཱ་ར་ནཱ་མ་མཧཱ་ཡཱ་ན་སཱུ་ཏྲ་བྲྀཏྟི་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ལངྐ་ར་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 122 · folio 167a
ལྷག་མ་ལུས་པས་དེ་ནས་ཚེ་འཕོས་ནས་འདོད་ཁམས་ཀྱི་ལྷ་དང་མིའི་ནང་དུ་སྐྱེ་བ་ལན་རེ་ལེན་པའོ། །དེ་ལྟ་ན་ཡང་གང་རུང་ཅིག་ཏུ་ལན་ཅིག་ལས་མི་སྐྱེ་བས་ལན་ཅིག་ཕྱིར་འོང་བ་ཞེས་བྱའོ། །དེ་ལྟར་སྐྱེ་བ་གཉིས་ཀྱི་ཐ་མ་ལ་གཉེན་པོ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་
བའོ། །ཡང་གལ་ཏེ་དེ་ཉིད་སྤང་བྱའི་ལྷག་མ་མ་སྤངས་པར་ཚེ་མི་འཕོས་ཏེ། དེ་ནས་དགུ་པ་སྤོང་བའི་ལམ་ལ་ཞུགས་པ་ནས་ལན་ཇི་སྲིད་པའི་རྩེ་མོའི་ཉོན་མོངས་པ་བརྒྱད་པ་སྤང་བའི་བར་ནི་ལན་ཅིག་ཕྱིར་མི་འོང་བ་ཞེས་བྱ་སྟེ། འདོད་པའི་ཁམས་ཀྱི་ཀུན་དུ་སྦྱོར་བ་སྤངས་པས་དེར་སྐྱེ་བ་མི་
ལེན་པའོ། །དེ་ཉིད་ཀྱི་རྟེན་ལ་གཉེན་པོ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བ་ཡང་ཡོད་ལ། ཡང་དེ་ལ་སྤང་བྱའི་ལྷག་མ་སྲིད་པའི་རྩེ་མོའི་ཉོན་མོངས་པ་དགུ་པ་ལས་པར་གྱུར་པ་ན་ཚེ་འཕོས་ཤིང་དེ་ཉིད་ནས་དེའི་གཉེན་པོ་བསྒོམས་པས་དེ་ཡང་སྤངས་པར་གྱུར་པ་ན་དགྲ་བཅོམ་པ་ཞེས་
བྱའོ། །ཡང་གལ་ཏེ། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་རྣམས། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པར་འདོད། །ཞེས་གསུངས་པ་དང་མཐུན་པར་ཁམས་གསུམ་གྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཅིག་ཆར་སྤོང་བ་སྟེ། ཁམས་
གསུམ་དུ་གཏོགས་པའི་བདེན་པ་བཞིའི་ཆོས་བསྒོམས་པས་ཆོས་ཉིད་ལ་ལོག་པར་ཞུགས་པའི་ཁམས་གསུམ་གྱི་ཉོན་མོངས་པ་རྣམས་སྔ་མ་ལྟར་རྣམ་པར་ཕྱེ་ནས་རིམ་གྱིས་སྤོང་བ་ནི་མ་ཡིན་ཏེ། དེ་རྣམས་གཅིག་ཏུ་བསྡོམས་ཤིང་དེ་ཡང་ཆེན་པོ་དང་འབྲིང་དང་ཆུང་ངུ་རྣམ་པ་གསུམ་དུ་འགྱུར་ལ།
དེ་རྣམས་རེ་རེ་ཡང་ཆེན་པོའི་ཆེན་པོ་དང་། ཆེན་པོའི་འབྲིང་ལ་སོགས་པ་གསུམ་གསུམ་དུ་ཕྱེ་བས་དགུར་འགྱུར་བའོ། །དེ་ནས་དང་པོ་ཆེན་པོའི་ཆུང་ངུའམ། འབྲིང་གི་ཆེན་པོའི་བར་རྣམ་པ་བཞི་སྐྱེ་བ་བདུན་གྱི་བར་ལ་ཅི་རིགས་པར་སྤངས་ནས་སྔ་མ་ལྟར་མྱ་ངན་ལས་འདའ་བའམ། གསུམ་དང་ལྔའི་བར་ལ་
དེ་རྣམས་སྤངས་ནས། ཚེའི་ཐ་མ་དེ་ཉིད་ལ་གཉེན་པོ་མངོན་དུ་བྱས་ཏེ་མྱ་ངན་ལས་འདའ་བ་འམ། དང་པོའི་ཚེ་གཅིག་པོ་དེ་ཉིད་ལ་གཉེན་པོ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བའོ། །ཡང་ཚེ་དེའམ་ཚེའི་ཐ་མ་དེ་རྣམས་ལ་གཉེན་པོ་མ་རྫོགས་ཤིང་། དེ་ཉིད་ཀྱིས་སྤང་བར་བྱ་བའི་ཉོན་མོངས་
Vol. 122 · folio 167b
པ་འབྲིང་གི་འབྲིང་པོ་ལ་སོགས་པ་ལས་པར་གྱུར་པ་ན་དེ་ཉིད་ཚེ་འཕོས་ཏེ། ཆུང་ངུའི་འབྲིང་གི་བར་སྤངས་པར་གྱུར་པ་ནི་ལན་ཅིག་ཕྱིར་འོང་བ་ཞེས་བྱ་སྟེ། སྔ་མ་བཞིན་ནོ། །ཡང་དེ་ཉིད་ལ་སྤང་བྱའི་ལྷག་མ་མ་སྤངས་པར་ཚེ་འཕོས་ནས་འཕོས་པའི་རྟེན་དེ་ལ་དགུ་པ་སྤོང་བའི་ལམ་ལ་ཞུགས་ཤིང་དེ་སྤངས་
པར་གྱུར་པ་ན་ཁམས་གསུམ་གྱི་ཉོན་མོངས་པ་ཅིག་ཆར་སྤངས་པས་གསུམ་ཆར་ཕྱིར་མི་འོང་བའོ། །དེ་ཉིད་ནི་དགྲ་བཅོམ་པ་ཡང་ཡིན་མོད་ཀྱི། རེ་ཞིག་ཕུང་པོའི་ལྷག་མ་ཡོད་པ་དེ་སྲིད་དུ་ཕྱིར་མི་འོང་བ་ཞེས་བྱ་ལ། དེ་ཉིད་སྤངས་པར་གྱུར་པ་ལྷག་མ་མེད་པ་ནི་དགྲ་བཅོམ་པ་ཞེས་བྱའོ། །དེ་ལ་
བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ནི་རྣམ་པ་བཅུ་དྲུག་སྟེ། དེའི་རྒྱུ་མཚན་ཡང་བསྒོམ་པའི་ལམ་ནི་བདེན་པ་རྣམ་པར་མ་ཕྱེ་བ་དེ་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ལ་དམིགས་པ་ཡིན་པས་དེ་སྤང་བར་བྱ་བ་ཡང་ཆོས་ཅན་བདེན་པ་ལ་ལོག་པར་ཞུགས་པ་མ་ཡིན་གྱི་འོན་ཀྱང་ཆོས་ཉིད་ལ་ལོག་
པར་ཞུགས་པའོ། །དེའི་ཕྱིར་དེ་ལ་ནི་སྔ་མ་ལྟར་བདེན་པ་ལ་བརྟེན་པའི་དབྱེ་བ་མི་འཐད་དོ། །གཞན་ཡང་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་རྣམ་པ་བཞི་ནི་མཐོང་བས་སྤང་བར་བྱ་བ་ཉིད་ཡིན་
ཏེ། །དེ་རྣམས་ནི་ཉོན་མོངས་པ་ཀུན་དུ་བརྟགས་པ་འབའ་ཞིག་ཡིན་པའི་ཕྱིར་རོ། །དེ་རྣམས་ལས་མ་གཏོགས་པའི་འདོད་པའི་ཁམས་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དྲུག་དང་། ཁམས་གོང་མ་གཉིས་ན་ཁོང་ཁྲོ་བ་མ་གཏོགས་པ་རྣམ་པ་ལྔ་ལྔར་འགྱུར་ལ། དེ་ལྟར་ན་ཐམས་ཅད་
བསྡོམས་པས་བཅུ་དྲུག་ཉིད་དུ་འགྱུར་བའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་རྣམས་ཀྱི་སྤང་བར་བྱ་བའི་གཙོ་བོ་གསུངས་པ་སྟེ། ཀུན་ནས་སྦྱོར་ཞེས་པ་ནི་སྲིད་པ་དང་སྐྱེས་བུར་ཀུན་དུ་སྦྱོར་བ་འམ། ཡང་སྡུག་བསྔལ་དང་ཀུན་ནས་སྦྱོར་བ་ཞེས་ཀྱང་བཤད་དོ། །ཆེན་པོ་དང་བར་མ་
དང་ཆུང་ངུ་ནི་སྔར་བསྟན་པའི་གང་ཟག་ཐ་མ་ནི་དབང་པོ་རྟུལ་ཞིང་འབྲས་བུ་མ་ཐོབ་པའི་དུས་ན་ཉོན་མོངས་དེ་རྣམས་ཤས་ཆེ་བའོ། །འབྲིང་ནི་དབང་པོ་དང་ཉོན་མོངས་པ་འབྲིང་དུ་གྱུར་པའོ། །མཆོག་ནི་དབང་པོ་རྣོ་ཞིང་ཉོན་མོངས་པ་ཆུང་བའོ། །སྙེམས་པ་ནི་བདག་ཉིད་མཆོག་ཏུ་གྱུར་པ་དེ་རྣམས་
Vol. 122 · folio 168a
ལ་གནས་པས་སེམས་ཁེངས་པའོ། །བྱེ་བྲག་གིས་གོང་ནས་གོང་དུ་ཞེས་པ་ལ་སོགས་པའི་དོན་ནི་སྔ་མ་ལྟར་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་བྱེ་བྲག་གིས་གོང་ནས་གོང་དུ་ལན་ཅིག་ཕྱིར་འོང་བ་ནས་དགྲ་བཅོམ་པའི་བར་དུ་འགྱུར་བའོ། །དེ་ལ་ཞེས་པ་ལ་སོགས་
པས་འཇིག་ཚོགས་ལ་ལྟ་བ་ནི་མཐོང་བ་དང་བསྒོམ་པས་སྤང་བའི་བྱེ་བྲག་གིས་རྣམ་པ་གཉིས་སུ་གསུངས་ཏེ། དེ་ལ་ཡོངས་སུ་བརྟགས་པ་ནི་ཐོག་མ་མེད་པ་ནས་ཕྱིན་ཅི་ལོག་གི་ས་བོན་བསགས་པ་དང་འཕྲལ་དུ་མི་དགེ་བའི་གྲོགས་པོ་དང་འགྲོགས་ཤིང་། ཕྱིན་ཅི་ལོག་གི་བསྟན་བཅོས་མཉན་པ་ལ་སོགས་
པའི་རྐྱེན་གྱིས་བྱུང་བ་དག་རིག་པའི་བདག་ཉིད་དང་། རྟག་པ་དང་གཅིག་པུ་ལ་སོགས་པའི་ཁྱད་པར་དུ་སྒྲོ་འདོགས་ཤིང་། བདག་གི་བ་ཡང་དེ་ཉིད་ཀྱིས་ལོངས་སྤྱད་པར་བྱ་བ་ལ་སོགས་པའི་ཁྱད་པར་དུ་སྒྲོ་འདོགས་པའོ། །ལྷན་ཅིག་སྐྱེས་པ་ནི་དེ་འདྲ་བའི་ཁྱད་པར་སྒྲོ་འདོགས་པ་མེད་པ་ཕྱིན་ཅི་ལོག་གི་ས་བོན་
བསགས་པ་ཙམ་ལས་བྱུང་བ་གྲུབ་པའི་མཐའི་མ་བསྒྱུར་བའི་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་ཡོད་པའོ། །དེ་ལས་དང་པོའི་དབང་དུ་བྱས་ཏེ། དཔེ་ཉེ་བར་འགོད་པ་ནི་གཞན་གྱི་དབང་གི་ཞེས་པ་ལ་སོགས་པའོ། །དེ་ཉིད་རྒྱས་པར་འཆད་པ་ནི། འདི་ལྟ་སྟེ་ཞེས་པ་ལ་སོགས་པའོ། །དེ་རྣམས་ཀྱི་
དོན་ནི་ཇི་ལྟར་སྣང་བ་རིག་པ་སྒྱུ་མ་ལྟ་བུའི་གཞན་གྱི་དབང་ཡིན་པ་ལས་བྱིས་པ་རྣམས་ཀྱིས་ཕྱི་རོལ་གྱི་དོན་རྡུལ་ཕྲ་རབ་འདུས་པའི་དངོས་པོའམ། རྫས་གཅིག་གི་བདག་ཉིད་དམ། སེམས་ཀྱི་ངོ་བོ་དོན་དམ་པ་ལ་སོགས་པར་ཀུན་བརྟགས་པའི་རང་བཞིན་ལ་མངོན་པར་ཞེན་ཅིང་རྟོག་པ་ལྟར་ཕུང་པོ་ལྔ་རུ་སྣང་བ་
སེམས་ཉིད་སྒྱུ་མ་ལྟ་བུ་ལ་ཡང་སྔར་བསྟན་པ་ལྟར་བདག་དང་བདག་གི་དངོས་པོར་རྟོག་པའོ། །དེ་ལ་ཡོད་པ་ཡང་མ་ཡིན་ཞེས་པ་ལ་སོགས་པའི་དོན་དེ་རྣམས་ཀྱི་མཚན་མར་བརྟགས་པ་མེད་པའམ། ཡང་ན་རྟོག་མཁན་གྱི་བློའི་ངོ་ན་མེད་པ་ཡང་མ་ཡིན་ཞེས་པའོ། །དེ་ནི་རྒྱུན་དུ་ཞུགས་པའི་ཀུན་བརྟགས་
པའི་འཇིག་ཚོགས་ལ་ལྟ་བ་ཞེས་པ་ནི་དེས་ཐོབ་པ་མཐོང་བའི་ལམ་གྱིས་སྤང་བར་བྱ་བའོ། །དེ་ཉིད་གསལ་བར་བསྟན་པ་ནི། དེ་ཡང་ཞེས་པ་ལ་སོགས་པ་སྟེ། གང་ཟག་ལ་བདག་མེད་པ་བདེན་པ་བཞི་ཆོས་བཅུ་དྲུག་གི་རྣམ་པར་རྟོག་པས་བདག་ཏུ་འཛིན་པ་མེད་པའི་ཡེ་ཤེས་ཀྱིས་སྤངས་པའོ། །ལྷན་ཅིག་
Vol. 122 · folio 168b
སྐྱེས་པ་ནི་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བ་སྟེ། དེ་ཡང་འདིར་གཉེན་པོའི་སྒོ་ནས་མཚོན་ཏེ་བསྟན་པའོ། །དེ་ལ་བདག་དང་གཞན་གྱི་ལུས་མཉམ་པ་ཉིད་ཅེས་པ་ལ་སོགས་པས་ནི་འཇིག་ཚོགས་ལ་ལྟ་བའི་རྟེན་བདག་དང་གཞན་གྱི་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་རྣམས་སེམས་ཙམ་དུ་མཉམ་ཞིང་། སེམས་
ཀྱང་དོན་དམ་པར་སྟོང་པ་ཉིད་དུ་མཉམ་པ་དང་། གཞན་ཡང་དེ་ཉིད་ཀྱི་རྒྱུ་མཚན་མིང་བཞིའི་ཕུང་པོ་དང་། གཟུགས་སུ་སྣང་བ་ཙམ་གྱི་གཟུགས་ཏེ་ཕུང་པོ་ལྔའི་རྒྱུན་རྒྱུད་སྐྱེ་བ་རྒྱུན་ཆགས་སུ་འབྱུང་བ་དང་། ཁྱད་པར་དུ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་རྣམས་ཕན་ཚུན་དུ་རྒྱུའི་མཚན་ཉིད་ཀྱི་
ཕྱིར་ཞེས་པ་སྤྱིར་མིང་དང་གཟུགས་ཀྱང་ཕན་ཚུན་རྟེན་དང་བརྟེན་པར་གྱུར་པ་དང་། གཟུགས་དང་རོ་ལ་སོགས་པའམ། འབྱུང་བ་རྣམས་ཀྱང་ཕན་ཚུན་རྒྱུ་དང་འབྲས་བུར་གྱུར་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་ཕྱིར་དོན་དམ་པར་འབྱུང་བ་མེད་པའི་སྟོང་པ་ཉིད་ཅེས་བྱའོ། །དེའི་དོན་ཡང་རྟེན་ཅིང་འབྲེལ་
པར་འབྱུང་བར་སྣང་བ་ནི་དེ་ལྟར་སྣང་བ་ལས་གཞན་མ་སྐྱེས་པ་རྟག་པའི་དངོས་པོར་ཡོད་པ་ནི་མི་འཐད་ལ་སྣང་བ་དང་མཐུན་པར་རྒྱུ་ལས་སྐྱེ་བའི་དངོས་པོ་ཡང་དག་པར་མི་འཐད་དེ། སྔར་བསྟན་པ་ལྟར་འབྲས་བུ་ཡོད་པ་དང་མེད་པ་ལ་སོགས་པ་སྐྱེ་བ་མི་འཐད་པའི་ཕྱིར་རོ། །དེས་ན་འདིར་རྟེན་ཅིང་
འབྲེལ་པར་འབྱུང་བའི་གཏན་ཚིགས་ཀྱིས་ནི་དངོས་པོའི་ཕྱོགས་རྟག་པའི་བདག་ཉིད་དུ་ཡོད་པ་བཀག་ལ། དེ་ལས་གཞན་མི་རྟག་པའི་བདག་ཉིད་དུ་ཡོད་པ་ནི་ཡོད་མེད་སྐྱེ་འགག་ལ་སོགས་པའི་གཏན་ཚིགས་རྣམས་ཀྱིས་བཀག་པས་གཏན་ཚིགས་དེ་རྣམས་ནི་དངོས་པོའི་མཐའ་གཞན་བཀག་པས་
མཐར་ཐུག་པའི་དོན་ལ་སྟོང་པ་ཉིད་སྒྱུ་མ་ལྟ་བུར་གཏན་ལ་འབེབས་པའོ། །དེ་སྐད་དུ་ཡང་། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །ཅེས་པ་ལ་སོགས་པ་མདོ་སྡེ་གཞན་དག་ལས་ཀྱང་གསུངས་སོ། །ཕུང་པོ་རྣམས་ཀྱི་རང་བཞིན་དེ་ལྟར་ཡིན་པ་ལ་ཉན་
ཐོས་རྒྱུན་དུ་ཞུགས་པས་ཡོད་པ་དང་མེད་པའི་ཕྱོགས་སུ་ལྟ་བ་མཐོང་བ་སྟེ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་རྟག་པ་དུ་མའི་བདག་ཉིད་དུ་ཡོད་ལ། བདག་དང་བདག་གི་བའི་རང་བཞིན་དུ་མེད་དོ་ཞེས་དེ་འདྲ་བའི་ཕྱོགས་སུ་རྟོགས་ཤིང་གོམས་པའི་སྟོབས་ཀྱིས་སྒོམ་པ་ཡོངས་སུ་རྫོགས་པ་ན། དེ་འདྲ་བ་
Vol. 122 · folio 169a
སྤངས་ཤིང་དེ་ཉིད་ཀྱིས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་གཞན་རྣམས་ཀྱང་སྤངས་པས་དགྲ་བཅོམ་པ་ཉིད་དུ་འགྱུར་བའོ། །ཡང་རྣམ་པ་གཅིག་ཏུ་ན་ཉན་ཐོས་དབང་པོ་རྣོན་པོ་རྣམས་ཀྱིས་ཆོས་ཀྱི་བདག་མེད་པ་རྟོགས་པར་སློབ་དཔོན་བྷ་བྱས་བཤད་དེ། དེའི་རྗེས་སུ་
འབྲངས་ན་སྔར་གྱི་དོན་ཕྱིན་ཅི་མ་ལོག་པ་དེ་ཉིད་རྒྱུན་དུ་ཞུགས་པ་དབང་(པ་‚པོ་)རྣོན་པོ་རྣམས་ཀྱིས་རིག་པ་སྒྱུ་མ་ལྟ་བུའི་བདག་ཉིད་དུ་ཡོད་ཅིང་དོན་དམ་པའི་དངོས་པོར་མེད་དོ་ཞེས་ཟུང་འཇུག་སྒྱུ་མ་ལྟ་བུའི་ཕྱོགས་སུ་ལྟ་ཞིང་། མཐོང་ངོ་ཞེས་པ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ལྟར་བཤད་པ་འདི་ནི་མི་འཐད་པ་མ་
ཡིན་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབས་ཤིང་། རྒྱུན་ཏུ་ཞུགས་པ་རྣམས་ཀྱང་བྱུང་ངོ་། །འབྱུང་ངོ་། །འབྱུང་བར་འགྱུར་རོ་ཞེས་པ་ནས་དགྲ་བཅོམ་པ་རྣམས་བྱུང་ངོ་། །འབྱུང་ངོ་འབྱུང་བར་འགྱུར་ཞེས་པ་ལ་སོགས་པ་
གསུངས་པ་དང་། གཞན་ཡང་། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པ་རྣམས་ཀྱིས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་མཉན་པར་བྱ། གཟུང་བར་བྱ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུར་གྱི་ཉན་ཐོས་སུ་མི་འཐད་
དོ་ཞེ་ན། མ་ཡིན་ཏེ། བྱམས་པ་དང་སྙིང་རྗེ་ཤས་ཆུང་བས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་མེད་དེ། དམན་པ་ཉིད་དུ་སེམས་བསྐྱེད་པའི་ཕྱིར་རོ། །འདིའི་དོན་ཞིབ་དུ་ནི་དབུ་མ་སྣང་བའི་རྣམ་པར་བཤད་པ་དེ་ཁོ་ན་ཉིད་ཀྱི་སྒྲོན་མ་ལས་ཤེས་པར་བྱའོ། །དེ་བས་ན་ཞེས་པ་ལ་སོགས་པས་ལྟ་བ་དེ་ནི་ལྟ་
བ་དང་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་དེ་སྤངས་པར་གྱུར་ན། དེ་རྣམས་ཐམས་ཅད་མི་འབྱུང་བའོ། །ཁོང་དུ་ཆུད་པ་ཐོབ་པ་དེ་ནི་བདེན་པ་བཞིའི་དོན་ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་རྟོགས་པའོ། །ཤིན་ཏུ་མཐོང་བ་ནི་གོམས་པས་མངོན་དུ་གྱུར་པའོ། །ལྟ་བ་གཉིས་ནི་བདག་དང་
བདག་གི་བ་གཉིས་སུ་རྟོགས་པ་སྟེ། དེ་རྣམས་སྤངས་པས་བདེན་པ་བཞིས་བསྡུས་པའི་ཆོས་རྣམས་ལ་ཐེ་ཙོམ་མེད་པར་འགྱུར་ཏེ། དེའི་ཕྱིར་སེང་གེ་དང་འཕྲོག་བྱེད་དང་དབྱིག་གི་སྙིང་པོ་ལ་སོགས་པ་སྟོན་པ་གཞན་རྣམས་ལ་འདི་རྣམས་ནི་ཕྱིན་ཅི་ལོག་གི་དྲི་མ་དག་པའམ་མ་དག་པ་ཞེས་
Vol. 122 · folio 169b
རྟོགས་པའི་སྒོ་ནས་དེ་རྣམས་ལ་བརྟེན་པར་བྱ་བའི་འདུ་ཤེས་མི་འབྱུང་བའོ། །དེ་སྐད་དུ་ཡང་། དགེ་སྦྱོང་དག་དང་བྲམ་ཟེ་གཞན་ལ་བརྟེན་མི་བྱེད། །ཞེས་པའམ། རང་གི་ས་ལ་དོགས་མེད་རྟག་ཏུ་རི་རབ་འདྲ། །ཞེས་གསུངས་སོ། །རྒྱལ་བའི་ཡུམ་བར་མ་དང་རྒྱས་པ་ལས་ཀྱང་། རྒྱུན་དུ་ཞུགས་
པ་རྒྱུན་དུ་ཞུགས་པའི་ས་ལ་གནས་པ་ནི་རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཙོམ་མི་ཟའོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ལྟར་ན་ཐེ་ཙོམ་ཡང་གཉེན་པོའི་སྒོ་ནས་མཚོན་ཏེ་བསྟན་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མི་སྙེམས་པའི་རྒྱུ་མཚན་ནི་ཕྱི་རོལ་པ་རྣམས་ཀྱི་ཚུལ་ཁྲིམས་
དང་དཀའ་ཐུབ་མེ་ལྔ་བསྟེན་པ་དང་མདུང་རྩེ་ལ་མཆོང་བ་དང་། ཆུ་བོ་འདུས་པའི་མཚམས་སུ་ལུས་འདོར་བ་ལ་སོགས་པ་དང་། ལོག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཁྱི་དང་རྨ་བྱའི་བརྟུལ་ཞུགས་ལ་སོགས་པ་དང་། སྲོག་གི་མཆོད་སྦྱིན་ལ་སོགས་པ་ནི་སྐྱེ་བ་འདི་དང་གཞན་དུ་སྡུག་བསྔལ་འབྱུང་བའི་
གནས་ཉིད་དུ་རབ་ཏུ་མཐོང་བ་དང་། དེ་ལས་གཞན་པ་ཡང་དག་པའི་ཚུལ་ཁྲིམས་ཀྱིས་ཀྱང་མི་སྙེམས་པ་སྟེ་བདག་མེད་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །མི་འགྱུར་བ་དག་གིས་ཞེས་པ་ནི་ལས་སོགས་པར་བྱེད་པའི་བདག་རྟག་པ་ཉིད་ཀྱི་ཕྱིར། ལས་ཀྱི་འབྲས་བུ་སོ་སོའི་སྐྱེ་བོའི་ལོངས་སྤྱོད་དང་བསམ་གཏན་
ལ་སོགས་པའི་བདེ་བ་འདོད་པ་རྣམས་བདེ་བ་དེ་རྣམས་དང་ལྡན་པའི་ལྷ་དང་མིར་སྐྱེ་བ་དོན་དུ་གཉེར་ཏེ། དེ་དག་ཐོབ་པར་བྱེད་པའི་ཚུལ་ཁྲིམས་ལ་སོགས་པ་དང་བདག་ཅག་ལྡན་ནོ་ཞེས་སྙེམས་ཤིང་ང་རྒྱལ་བའོ། །དེས་མི་སྙེམས་སོ་ཞེས་པ་ནི་འཕགས་པ་རྣམས་དེ་ལྟར་མི་སྙེམས་པའོ། །གཞན་
དུ་བདག་གིས་ཞེས་པ་ལ་སོགས་པའི་དོན་ནི་སྲིད་པའི་ལོངས་སྤྱོད་པ་ལ་སོགས་པ་ལས་གཞན་དུ་སོ་སོ་རང་གིས་རིག་པའི་ཁྱད་པར་ཆོས་ཀྱི་སྐུའི་ཡེ་ཤེས་ཐོབ་པར་བྱ་བའི་དོན་དུ་སྡོད་ཅིང་དོན་དམ་པར་དེ་རྣམས་སུ་མངོན་པར་ཞེན་པ་མེད་པའོ། །ཚུལ་ཁྲིམས་ཀྱི་ཡན་ལག་གིས་ཞེས་པ་ལ་སོགས་པ་ནི་སྔ་མ་
དེ་ཉིད་བཤད་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དེ་རྣམས་སྤངས་པའི་ཕན་ཡོན་གསུངས་སོ། །བློ་གྲོས་ཆེན་པོས་གསོལ་པ་ཞེས་པ་ལ་སོགས་པས་ནི་རྒྱུན་དུ་ཞུགས་པ་ཉིད་ཀྱི་གནས་སྐབས་ན་འདོད་ཆགས་གང་སྤངས་པ་ཉིད་སྟོན་ཏེ། ཡུལ་ལ་ལུས་ཀྱི་དབང་པོའི་འདོད་ཆགས་
Vol. 122 · folio 170a
ཞེས་པ་ནི་གཟུགས་དང་རེག་བྱ་ལ་སོགས་པའི་ཡུལ་ལ་དེ་ཉིད་དང་ལུས་ཀྱི་དབང་པོ་ལ་སོགས་པ་ལས་ཡུལ་དེར་སྣང་བ་བྱུང་ཞིང་དེའི་རྗེས་སུ་སྐྱེས་པའི་བདེ་བ་ལ་མངོན་པར་ཞེན་པའོ། །ད་ལྟར་བདེ་ལ་མ་འོངས་པ་ན་སྡུག་བསྔལ་སྐྱེ་བའི་རྒྱུར་གྱུར་པ་ནི་ཇི་སྐད་དུ་འཕགས་པ་ཏིང་ངེ་
འཛིན་གྱི་རྒྱལ་པོ་ལས། བུད་མེད་ལས་འབྱུང་འདོད་ཆགས་གང་། །འདོད་ཆགས་ནང་ན་འདི་ཆེ་སྟེ། །བུད་མེད་ཆགས་པས་ཡིད་བཅིངས་པ། །ཕྱི་ནས་མེ་ཡིས་སྲེག་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །ཁུ་ཚུར་དང་ཐལ་མོ་ནི་རྗེས་སུ་ཆགས་པས་རྩེད་མོའི་དོན་དུའོ། །ཏིང་ངེ་འཛིན་གྱི་བདེ་
བ་ལ་གནས་པ་ཐོབ་པས་སྤངས་ཞེས་པ་ནི་ཕུལ་དུ་བྱུང་བས་འདོད་ཆགས་དང་བྲལ་བའོ། །ཡང་ཉེས་དམིགས་མཐོང་བ་ལ་སོགས་པ་གཉེན་པོ་གཞན་ཡང་ངོ་། །དེ་ལས་གཞན་མྱ་ངན་ལས་འདས་པ་རྟོགས་པར་འདོད་པའམ། ཏིང་ངེ་འཛིན་གྱི་བདེ་བ་འདོད་པ་ལ་སོགས་པ་ནི་མ་སྤངས་པའོ། །
ལན་ཅིག་ཕྱིར་འོང་བ་ཡང་རྣམ་པ་གསུམ་དུ་འགྱུར་ཏེ། འདོད་ཁམས་ཀྱི་ཉོན་མོངས་པ་ལྔ་པ་མན་ཆོད་སྤངས་པ་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་དང་། དྲུག་པ་སྤངས་པས་འབྲས་བུ་ཁྱད་པར་ཅན་མ་ཡིན་པ་དང་། བདུན་པ་དང་བརྒྱད་པའི་བར་སྤངས་པ་འབྲས་བུ་ཁྱད་པར་ཅན་བར་
ཆད་གཅིག་པའོ། །དེའི་དོན་ཡང་འཕགས་པ་ཕྱིར་མི་འོང་བ་དང་ཉོན་མོངས་པ་གཅིག་ལས་བར་ན་མེད་དོ། །ཚིག་གི་དོན་བཤད་པ་ནི། འདི་ལྟ་སྟེ་སྤྱི་དང་བྱེ་བྲག་གི་མཚན་མར་ལྟ་བའི་དོན་གཟུགས་ལ་སོགས་པ་མཚན་གྱི་གཞི་དང་། དེ་རྣམས་ཀྱི་མཚན་ཉིད་མེད་པ་ཞེས་པ་ནི་མཚན་
གཞི་དང་མཚན་ཉིད་མེད་པའི་ཕྱིར་ཞེས་པ་སྟེ། དེས་བསྒྲུབ་པར་བྱ་བའི་དོན་ནི་དེ་དག་མེད་བཞིན་དུ་གཟུགས་ལ་སོགས་པའི་མཚན་ཉིད་དུ་སྣང་ཞིང་ཞེན་པ་ནི་རྣམ་པར་རྟོག་པ་ཉིད་ཡིན་ཞེས་པའོ། །དེ་འདྲ་བའི་རྟོག་པ་ལན་ཅིག་འབྱུང་ཞིང་དེ་ཉིད་ཀྱི་ཕྱིར་འདོད་པའི་འདོད་ཆགས་མ་སྤངས་
པས་ཚེ་བརྗེས་ནས་ཀྱང་འདོད་པའི་ཁམས་ཀྱི་འཇིག་རྟེན་འདིར་ལན་ཅིག་འོངས་ནས་ཞེས་པ་སྟེ། མི་དང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་ལན་རེ་རེ་བླངས་ནས་བསམ་གཏན་གྱི་ཡུལ་གྱི་མཚན་ཉིད་མངོན་དུ་མཐོང་བ་སྟེ། དབང་པོ་རྟུལ་པོའི་དབང་དུ་བྱས་ན། སྔར་བསྟན་པ་བྱིས་པ་ཉེར་
Vol. 122 · folio 170b
སྤྱོད་ཀྱི་བསམ་གཏན་གྱི་ཡུལ་གང་ཟག་ལ་བདག་མེད་པ་ཙམ་མཐོང་བས་རང་ཉིད་ཀྱི་སྡུག་བསྔལ་མཐར་དབྱུང་བའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བའོ། །དབང་པོ་རྣོན་པོའི་དབང་དུ་བྱས་ན་མཚན་གཞི་དང་མཚན་ཉིད་མེད་པ་ལ་དེ་ལྟར་རྟོགས་པས་མཚན་ཉིད་ལ་སོགས་པར་སྣང་བའི་རྣམ་པར་རྟོག་
པ་ལན་ཅིག་བྱུང་ཞིང་། འདོད་པའི་འདོད་ཆགས་མ་སྤངས་པས་སྔ་མ་ལྟར་འཇིག་རྟེན་འདིར་ལན་ཅིག་འོངས་ནས་བསམ་གཏན་གྱི་ཡུལ་གྱི་མཚན་ཉིད་ཆོས་ལ་བདག་མེད་པའི་དེ་ཁོ་ན་ཉིད་རབ་ཏུ་མཐོང་བས་རང་གི་སྡུག་བསྔལ་མཐར་འབྱིན་པའོ། །ཡང་འཕགས་པ་ཕྱིར་མི་འོང་བ་ནི་འདོད་པའི་
ཁམས་ཀྱི་ཉོན་མོངས་པ་དགུ་པ་སྤངས་པས་དེ་ནས་ཚེ་བརྗེས་ཀྱང་འདོད་པའི་ཁམས་སུ་སྐྱེ་བ་མི་ལེན་པའོ། །དེ་ཡང་འཕགས་པ་མྱ་ངན་ལས་འདས་པའི་མདོ་ལས། རྒྱས་པར་ཕྱེ་ན་རྣམ་པ་བདུན་དུ་གསུངས་ཏེ། དེ་ལྟར་འདོད་པའི་ཁམས་ཀྱི་རྟེན་ལ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ནས་བརྩོན་
འགྲུས་ནན་ཏན་དུ་བྱས་པས་ཁམས་གསུམ་གྱི་ཉོན་མོངས་པ་སྤངས་ཏེ་མྱ་ངན་ལས་འདས་པ་སྟེ། དེ་ཡང་བསྟན་བཅོས་དག་ལས། མཐོང་བའི་ཆོས་ལ་ཞི་བ་ཞེས་བསྟན་པའོ། །ཡང་གཟུགས་ཀྱི་རྟེན་ལ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ནས་སྔ་མ་ལྟར་མྱ་ངན་ལས་འདའ་བ་དང་། བར་མ་
དོར་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་མྱ་ངན་ལས་འདའ་བ་དང་། སྤྱོད་པ་དང་བཅས་པས་མྱ་ངན་ལས་འདའ་བ་དང་། སྤྱོད་པ་མེད་པས་མྱ་ངན་ལས་འདའ་བ་དང་། རྒྱུན་རབ་ཀྱིས་མྱ་ངན་ལས་འདའ་བའོ། །དེ་ལ་སྤྱོད་པས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་ཡང་རྣམ་པ་
གཉིས་ཏེ། གཟུགས་ཀྱི་ཁམས་སུ་སྐྱེ་བ་གཉིས་བླངས་ནས་མྱ་ངན་ལས་འདའ་བ་དང་སྐྱེ་བ་བཞི་ལེན་པའོ། །དེ་ལ་སྔ་མ་ནི་དབང་པོ་རྣོན་པོའོ། །གཉིས་པ་ནི་དབང་པོ་རྟུལ་བ་ཞེས་བྱའོ། །དེ་ལ་སོགས་པའི་དབྱེ་བའི་ཚུལ་གཞན་ཡང་བསྟན་ཏོ། །སྤྱོད་པ་དང་སྤྱོད་པ་མེད་པ་དེ་དག་ནི་
མངོན་པར་འདུ་བྱེད་པ་དང་བཅས་པ་དང་། འདུ་བྱེད་པ་མེད་པ་ཞེས་ཀྱང་བྱའོ། །དེ་ལ་བར་མ་དོར་མྱ་ངན་ལས་འདའ་བ་ནི་བྱེད་པའི་ལས་དང་། སྐྱེ་བ་ལེན་པའི་ལས་གཉིས་ལས། སྐྱེ་བ་ལེན་པའི་ལས་ནི་སྤངས་ཤིང་བྱེད་པའི་ལས་འབའ་ཞིག་ལ་བརྟེན་ནས་འདོད་པའི་ཁམས་ཀྱི་
Vol. 122 · folio 171a
ཕུང་པོ་སྤངས་ནས་གཟུགས་ཁམས་སུ་སྐྱེ་བའི་བར་དུ་གཉེན་པོ་མངོན་དུ་བྱས་ནས་མྱ་ངན་ལས་འདའ་བ་སྟེ། དེ་ཡང་དབང་པོ་རྣོ་བར་གྱུར་པའོ། །དེ་སྐད་དུ་ཡང་། རིགས་ཀྱི་བུ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ཀྱི་སེམས་ཅན་རྣམས་ལ་ལས་རྣམ་པ་གཉིས་
ཡོད་དེ། བྱེད་པའི་ལས་དང་། སྐྱེ་བ་ལེན་པའི་ལས་སོ། །བར་དུ་མྱ་ངན་ལས་འདའ་བ་ནི་བྱེད་པའི་ལས་འབའ་ཞིག་ཡོད་དེ། སྐྱེ་བ་ལེན་པའི་ལས་མེད་དོ། །དེ་བས་ན་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་བྱ་སྟེ། འདོད་པའི་ཁམས་ཀྱི་ཕུང་པོ་ནི་བོར་དབང་པོ་རྣོ་བའི་ཕྱིར་གཟུགས་ཀྱི་ཁམས་སུ་
མ་ཕྱིན་པར་མྱ་ངན་ལས་འདའ་བར་འགྱུར་ཏེ། དེ་ནི་བར་དུ་མྱ་ངན་ལས་འདའ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལས་དེ་དག་ཉིད་ལ་མངོན་པར་འགྲུབ་པའི་ཀུན་དུ་སྦྱོར་བ་དང་། སྐྱེ་བའི་ཀུན་དུ་སྦྱོར་བ་ཞེས་ཀྱང་བསྟན་བཅོས་དག་ལས་བཤད་དོ། །ཕུང་པོ་བླངས་ནས་མྱ་ངན་ལས་འདའ་བ་ནི་
ལས་དེ་དག་གཉིས་ཀ་མ་སྤངས་པས་དེས་འདོད་ཁམས་ཀྱི་ཕུང་པོ་བོར་ནས་གཟུགས་ཀྱི་ཕུང་པོ་ལེན་ཏེ། དེར་ལམ་ལ་བརྩོན་འགྲུས་ནན་ཏན་དུ་བྱས་པས་མྱ་ངན་ལས་འདའ་བའོ། །སྤྱོད་པས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྔར་བསྟན་པ་ལྟར་གཟུགས་ཁམས་ཀྱི་སྐྱེ་བ་གཉིས་སམ་
བཞི་པོ་དེ་རྣམས་ཀྱི་བར་ལ་རྟག་ཏུ་ལམ་ལ་ནན་ཏན་བྱེད་དེ། འདུས་བྱས་ཀྱི་ཏིང་ངེ་འཛིན་གྱི་ཤུགས་ཀྱིས་ཉོན་མོངས་པ་ཡོངས་སུ་བཅད་ནས་མྱ་ངན་ལས་འདའ་བའོ། །སྤྱོད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་གང་ཟག་དེས་ངེས་པར་མྱ་ངན་ལས་འདའ་བར་ཤེས་ནས་དེའི་ཕྱིར་ལེ་ལོ་བྱེད་དོ། །
དེས་ཀྱང་འདུས་བྱས་ཀྱི་ཏིང་ངེ་འཛིན་གྱི་ཤུགས་ཀྱིས་ཉོན་མོངས་པ་སྤངས་ཤིང་ཚེའི་དུས་བྱས་ནས་མྱ་ངན་ལས་འདའ་བར་འགྱུར་བའོ། །རྒྱུན་རབ་ཀྱིས་མྱ་ངན་ལས་འདའ་བ་ནི་གང་ཞིག་བསམ་གཏན་བཞི་ཐོབ་ནས་རྐྱེན་འགའ་ཞིག་གིས་བསམ་གཏན་དེ་རྣམས་ལས་ཉམས་ཏེ། ཡང་
བསམ་གཏན་དང་པོ་ལ་དགའ་བའི་སེམས་སྐྱེས་ཏེ། དེ་ལྟར་ནན་ཏན་དུ་བྱས་པས་བསམ་གཏན་དང་པོ་ཐོབ་ཅིང་། དེ་ནས་ཚེ་འཕོས་ནས་བསམ་གཏན་དང་པོའི་ལྷར་སྐྱེ་བ་དང་། དེ་ལ་བསམ་གཏན་གཉིས་པ་ཐོབ་ཅིང་། དེ་འདྲ་བའི་ལམ་གྱི་རྒྱུན་གྱིས་བསམ་གཏན་གཉིས་པ་ནས་བཞི་
Vol. 122 · folio 171b
པའི་བར་དུ་སྐྱེ་བར་འགྱུར་རོ། །བསམ་གཏན་བཞི་པ་དེ་ལ་ཡང་རྣམ་པ་གཉིས་ཏེ། གཟུགས་མེད་པའི་ཁམས་སུ་འགྲོ་བ་དང་། གནས་གཙང་མའི་རིས་ལྔར་འགྲོ་བའོ། །དེའི་རྒྱུ་མཚན་ཡང་ཏིང་ངེ་འཛིན་ལ་དགའ་བ་ནི་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་ལ་སོགས་པ་མངོན་དུ་བྱས་
ནས་དེ་ནས་ཚེ་འཕོས་ཤིང་སྲིད་པའི་རྩེ་མོའི་བར་གྱི་གནས་གཞན་བཞི་པོ་དེ་རྣམས་སུ་སྐྱེ་བར་འགྱུར་ཞིང་། དེའི་རྗེས་ལ་མྱ་ངན་ལས་འདའ་བའོ། །དེ་ཉིད་བསྟན་བཅོས་དག་ལས་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ཞེས་བཤད་དོ། །གཉིས་པ་ནི་ཤེས་རབ་ལ་མངོན་པར་དགའ་བ་
སྟེ། ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་ཟག་པ་མེད་པའི་བསམ་གཏན་གཙོ་བོར་བསྒོམས་པས་འཕགས་པའི་གནས་དེ་རྣམས་སུ་སྐྱེ་བར་འགྱུར་བའོ། །དེ་ཡང་བསམ་གཏན་བཞིའི་ཁྱད་པར་སྔར་བསྒོམ་པ་སྟེ། ཐ་མ་དང་། འབྲིང་དང་། རབ་དང་། རབ་ཀྱི་འབྲིང་དང་། རབ་
ཀྱི་ཡང་རབ་བོ། །དེ་རྣམས་ཀྱིས་ཀྱང་གོ་རིམས་བཞིན་དུ་མི་ཆེ་བ་ལ་སོགས་པ་རྣམ་པ་ལྔ་རུ་སྐྱེ་བར་འགྱུར་བའོ། །དེ་ཡང་བསྟན་ཆོས་དག་ལས། བསམ་གཏན་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་སྤེལ་མར་བསྒོམ་པ་སྟེ། ཇི་སྐད་དུ། གསུམ་དུ་སྤེལ་བ་དང་། དྲུག་ཏུ་སྤེལ་བ་དང་། དགུ་
དང་བཅུ་གཉིས་དང་བཅོ་ལྔའི་བར་དུ་སྟེ། ཟག་པ་དང་བཅས་པ་ནི་སུམ་ཆར་བསྒོམ་ཞིང་། ཟག་མེད་སུམ་གཉིས་སུ་བྱ་སྟེ་སྤེལ་མར་བསྒོམ་པའོ་ཞེས་བཤད་དོ། །དེ་ལྟར་དེ་གཉིས་ཀྱང་གཅིག་ནི་སྨྲ་བ་ལ་དགའ་བ་དང་། གཅིག་ནི་ཞི་བ་ལ་དགའ་བའོ། །དེ་ལ་ཞི་བ་ལ་དགའ་བ་ནི་
གཟུགས་མེད་པའི་ཁམས་སུ་འགྲོ་བའོ། །སྨྲ་བ་ལ་དགའ་བ་ནི་གནས་གཙང་མའི་རིས་ལྔར་འགྲོའོ། །དེའི་དོན་ནི་རང་ཉིད་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དང་ལྡན་ཞིང་། གཞན་ལ་ཡང་དེ་འདྲ་བའི་ལམ་སྨྲ་བ་ལ་དགའ་བའོ། །ཡང་གཟུགས་མེད་པའི་ཁམས་སུ་འགྲོ་བ་ནི་
བསམ་གཏན་བཞི་དང་ཁྱད་པར་ལྔ་བསྒོམ་མི་ནུས་སོ། །དེ་ལྟར་བསྒོམ་པར་ནུས་པ་ནི་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་སྟེ། དེ་ཡང་བསྟན་བཅོས་དག་ལས། འཕར་བ་དང་། ཕྱེད་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་བ་དང་རྣམ་པ་གསུམ་དུ་གསུངས་པ་ལས་
Vol. 122 · folio 172a
འདི་ནི་ཐ་མའི་དབང་དུ་བྱས་པའོ། །གཉིས་པོ་ཡང་དོན་གྱིས་བལྟ་བར་བྱའོ། །དེ་ལ་བསམ་གཏན་གྱི་གནས་གཞན་བཅུ་གཉིས་ལས། ཚངས་པ་ཆེན་པོ་ནི་གཙོ་བོ་གཅིག་ཏུ་ངེས་པའི་ས་དང་། ལྟ་བ་ངན་པའི་གནས་ཡིན་པས་འཕགས་པ་རྣམས་དེར་སྐྱེ་བ་མི་ལེན་ལ། དེ་
ལས་གཞན་པའི་བཅུ་གཅིག་དང་། གནས་ལྔར་བརྒྱུད་ནས་མྱ་ངན་ལས་འདའ་བའོ། །གལ་ཏེ་འདིར་བར་མ་དོར་མྱ་ངན་ལས་འདའ་བ་དབང་པོ་རྣོན་པོ་ཡིན་ན། ཅིའི་སླད་དུ་ད་ལྟར་གྱི་དུས་འདོད་པའི་ཁམས་ཀྱི་རྟེན་འདི་ཉིད་ལ་མྱ་ངན་ལས་མི་འདའ་ཞེས་པ་དང་། གཞན་ཡང་། འདོད་པའི་ཁམས་ནས་
གཟུགས་ཀྱི་ཁམས་སུ་འཕོ་བ་ལ་བར་དུ་མྱ་ངན་ལས་འདའ་བ་མཆིས་ལ། གཟུགས་ཀྱི་ཁམས་ནས་གཞན་དུ་འཕོ་བ་ལ་བར་དུ་མྱ་ངན་ལས་འདའ་བ་མ་མཆིས་པ་ཅིའི་སླད་དུ་ལགས་ཞེས་བྱང་ཆུབ་སེམས་དཔའ་འོད་སྲུངས་ཀྱིས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་
ཀྱི་བུ་དེ་ནི་ད་ལྟར་གྱི་དུས་ན་ཆེན་པོ་བཞི་ཞན་པས་ལམ་བསྒོམ་མི་ནུས་ཏེ། དགེ་སློང་དག་ཆེན་པོ་བཞི་པོ་དེ་ཡང་གནས་ཁང་དང་། བསོད་སྙོམས་དང་། གོས་དང་མལ་ཆ་དང་། ནད་ཀྱི་རྐྱེན་སྨན་ལ་སོགས་པའི་ཡོ་བྱད་རྣམས་སོ། །དེ་དང་མི་ལྡན་ན་ད་ལྟར་གྱི་དུས་སུ་མྱ་ངན་ལས་འདའ་བར་མི་
འགྱུར་རོ་ཞེས་སྔོན་གྱི་གླེང་གཞི་དང་བཅས་ཏེ་རྒྱས་པར་གསུངས་སོ། །གཞན་ཡང་། ད་ལྟར་འདོད་པའི་ཁམས་ཀྱི་རྟེན་ལ་སེམས་ཅན་དེ་དག་གི་ཕན་པའི་དོན་མང་པོ་བྱེད་པ་ལ་དགའ་བས་བྲེལ་ཏེ། ཏིང་ངེ་འཛིན་ཐོབ་པར་མ་གྱུར་པས་ད་ལྟར་མྱ་ངན་ལས་འདས་པར་མ་གྱུར་ཏོ་ཞེས་པ་དང་།
ཡང་བརྩད་པ་གཉིས་པའི་ལན་དུ་འདོད་པའི་ཁམས་པའི་སེམས་ཅན་རྣམས་ལ་སྲེད་པ་རྣམ་པ་གཉིས་ཏེ། འདོད་པ་ལ་སྲད་པ་དང་། གཟུགས་ལ་སྲད་པའོ། །དེ་ལ་སྲེད་པ་དེ་གཉིས་ཀྱི་ཉེས་སྐྱོན་ལ་སོགས་པ་རྟོགས་ནས་སེམས་རྩེ་གཅིག་ཏུ་དེ་དག་ལ་སྨོད་པར་འགྱུར་ཏེ། དེ་ལྟར་
སྨད་ནས་དེའི་བར་དུ་མྱ་ངན་ལས་འདའ་བར་འགྱུར་བའོ། །གཞན་ཡང་། འདོད་པའི་ཁམས་ན་ཉོན་མོངས་པ་སྦོམ་པོ་སྨད་པའི་གནས་སུ་གྱུར་པ་འདོད་ཆགས་དང་ཞེ་སྡང་དང་ཁྲེལ་བ་མེད་པ་དང་འཛེམ་པ་མེད་པ་སྟེ། དེ་རྣམས་ལ་སྨོད་ཅིང་ཡིད་བྱུང་བས་དེ་ནས་འཕོ་བའི་བར་དུ་མྱ་ངན་
Vol. 122 · folio 172b
ལས་འདས་པ་ཐོབ་པར་འགྱུར་བའོ། །གཟུགས་ཀྱི་ཁམས་ན་ནི་དེ་ལྟ་བུའི་ཉོན་མོངས་པ་སྦོམ་པོ་དང་། འདོད་པ་ལ་སྲེད་པ་ལ་སོགས་པའི་ཉེས་དམིགས་རྟོགས་པར་འགྱུར་བའི་རྐྱེན་དེ་དག་མེད་དེ། བསམ་གཏན་གྱི་བདེ་བ་ལ་གནས་པ་དེ་དག་གི་གཉེན་པོ་བསྒོམ་པ་མེད་པའི་ཕྱིར་དེ་ནས་
གཞན་དུ་འཕོ་བའི་བར་དུ་མྱ་ངན་ལས་འདའ་བ་མི་འཐད་ཅེས་པ་ལ་སོགས་པ་གསུངས་སོ། །ཡང་བར་དུ་མྱ་ངན་ལས་འདའ་བ་ལ་དབྱེ་ན་རྣམ་པ་གསུམ་སྟེ། རབ་དང་། འབྲིང་དང་། ཐ་མའོ། །དེ་ལ་རབ་ནི་ཕུང་པོ་སྤངས་ནས་འདོད་པའི་ཁམས་དང་མ་བྲལ་བར་ཡོངས་སུ་མྱ་ངན་
ལས་འདའ་བའོ། །འབྲིང་ནི་འདོད་པའི་ཁམས་དང་བྲལ་མ་ཐག་ལ་གཟུགས་ཀྱི་ཁམས་སུ་མ་ཕྱིན་པར་ཡོངས་སུ་མྱ་ངན་ལས་འདའ་བའོ། །ཐ་མ་ནི་འདོད་པའི་ཁམས་དང་བྲལ་ནས་གཟུགས་ཀྱི་ཁམས་ལ་བསྙེན་ཏེ་མྱ་ངན་ལས་འདས་པའོ་ཞེས་གསུངས་སོ། །ཡང་འཕགས་པ་སྟུག་པོ་
བཀོད་པའི་རྒྱན་ལས། ཤེས་པ་རྣམས་དང་སློབ་པ་བཅུ། །བརྒྱད་པ་མང་ན་ལན་བདུན་དང་། །རིགས་ནས་རིགས་དང་ལན་ཅིག་འོང་། །བར་ཆད་གཅིག་པའི་གང་ཟག་དང་། །བར་མར་མྱ་ངན་འདའ་བ་དང་། །གཞན་སྐྱེས་མྱ་ངན་ལས་འདའ་བ། །མངོན་པར་འདུ་བྱེད་མ་བྱས་པ། །
སྟེང་མའི་རྒྱུད་ཀྱང་དེ་བཞིན་ཏེ། །ཞེས་གསུངས་ཏེ། དེ་ལ་ཤེས་པ་རྣམས་ཟད་པ་དང་། མི་སྐྱེ་བ་ཤེས་པའི་ཡེ་ཤེས་ཐོབ་པའི་དགྲ་བཅོམ་པ་དང་། རང་སངས་རྒྱས་མི་སློབ་པ་རྣམས་ཡིན་ལ། སློབ་པ་བཅུ་ལས་བརྒྱད་པ་ནི་སྔར་བསྟན་པ་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་
ཞུགས་པ་ཡིན་ལ། རིགས་ནས་རིགས་ནི་སྔ་མ་ལྟར་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བ་གསུམ་མམ། ལྔ་བླངས་ནས་མྱ་ངན་ལས་འདའ་བའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་འདིར་མ་གསུངས་པ་ནི་ཉོན་མོངས་པ་ལྔ་པ་སྤངས་པ་ཡང་ལན་ཅིག་ཕྱིར་འོང་བ་ཉིད་དུ་
འདུས་པར་དགོངས་པའོ། །བརྒྱད་པ་ནི་དེ་ལྟར་མ་ཡིན་ཏེ། འབྲས་བུ་མངོན་དུ་མ་བྱས་པས་དེར་མ་འདུས་པའོ། །གཞན་ཡང་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་ཉོན་མོངས་པ་བརྒྱད་པ་མན་ཆད་སྤངས་པ་ཡིན་ནོ་ཞེས་ཆོས་མངོན་པ་ཀུན་ལས་བསྡུས་པ་ལས་བཤད་པ་ནི་
Vol. 122 · folio 173a
འདིར་བར་ཆད་གཅིག་པའི་གང་ཟག་ཏུ་འདུས་པས་མདོ་སྡེ་དག་ལས་ལོགས་སུ་བཤད་པ་མེད་དོ། །ཡང་མཛོད་ཀྱི་བསྟན་བཅོས་ལས་ནི། དགུ་པ་སྤང་བའི་དོན་དུ་ལམ་ལ་བརྩོན་འགྲུས་ནན་ཏན་དུ་བྱེད་པ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པའོ་ཞེས་བཤད་དེ།
དེ་ལྟ་ན་བར་ཆད་གཅིག་པ་དང་མི་འདྲ་བས་ཐ་དད་དུ་བསྟན་ཀྱང་འགལ་བ་མེད་དོ། །སྟེང་མའི་རྒྱུད་ཀྱང་ཞེས་པའི་སྔར་བསྟན་པའི་རྒྱུན་རབ་ཀྱིས་མྱ་ངན་ལས་འདའ་བ་ཉིད་དོ། །གལ་ཏེ་འདིར་འདོད་པའི་ཁམས་ཀྱི་ཉོན་མོངས་པ་མཐའ་དག་སྤངས་པ་འཕགས་པ་ཕྱིར་མི་འོང་བ་ཉིད་དུ་འགྱུར་བ་
ཡིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། ཐ་མའི་ཆ་ཅན་གྱི་ཀུན་དུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མི་འོང་བའོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེ་ནི་སྔར་བསྟན་པ་ལྟར་གཙོ་བོ་ཉེ་བར་བསྡུ་བའི་དོན་དུ་སྟེ། ཅིའི་ཕྱིར་དེ་རྣམས་གཙོ་བོ་ཉིད་དུ་འགྱུར་ཞེ་ན། འགྲོ་
བ་ཐ་མ་དང་ཁམས་ཐ་མའི་རྒྱུར་གྱུར་པའི་ཕྱིར་རོ། །དེ་ལ་དང་པོ་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཙོམ་གྱིས་ནི་འགྲོ་བ་ཐ་མ་ངན་སོང་གསུམ་ལས་མི་འདའ་བས་དེའི་རྒྱུ་ཉིད་དོ། །འདོད་པ་ལ་འདུན་པ་དང་། གནོད་སེམས་
གཉིས་ཀྱིས་ནི་ཁམས་ཐ་མ་འདོད་པའི་ཁམས་ལས་མི་འདའ་བས། དེའི་རྒྱུ་ཉིད་ཡིན་པའི་ཕྱིར་ཞེས། ཆོས་མངོན་པའི་བསྟན་ཆོས་དག་ལས་བཤད་དོ། །འཕགས་པ་དགྲ་བཅོམ་པ་ནི་ཁམས་གསུམ་གྱི་ཉོན་མོངས་པ་སྤངས་པ་སྟེ། དེ་ལ་ཅིག་ཅར་སྤོང་བའི་དབང་དུ་བྱས་ནི་ལན་ཅིག་
ཕྱིར་མི་འོང་བ་དང་མི་འདྲ་བའི་ཁྱད་པར་ནི་སྔར་བསྟན་པ་ལྟར་རམ། ཡང་ན་ཁམས་གསུམ་གྱི་ཉོན་མོངས་པ་དགུ་སྤོང་བའི་ལམ་ལ་ཞུགས་པ་སྟེ། དེའི་དོན་དུ་བརྩོན་པར་བྱེད་པ་ནི་འཕགས་པ་ཕྱིར་མི་འོང་བ་ཞེས་བྱ་སྟེ། དེ་ཡང་བསྟན་བཅོས་དག་ལས་དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་
པ་ཞེས་ཀྱང་བསྟན་ཏོ། །དེ་སྤངས་པའི་རྣམ་པར་གྲོལ་བ་ཐོབ་པ་ནི་དགྲ་བཅོམ་པའོ། །གཞན་འདིར་བསམ་གཏན་དུ་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་མེད་པས་དགྲ་བཅོམ་པ་ཞེས་པའི་དོན་ནི་དབང་པོ་རྟུལ་པོའི་དབང་དུ་བྱས་ན་དེ་དག་གི་མཚན་མར་རྟོག་པ་ལ་ཉེས་དམིགས་
Vol. 122 · folio 173b
སུ་ལྟ་བའི་སྒོ་ནས། དེ་ལྟར་རྟོག་པ་མེད་པའི་ཏིང་ངེ་འཛིན་ཟག་པ་མེད་པའི་དབྱིངས་ན་གནས་པའོ། །དབང་པོ་རྣོན་པོའི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའ་རྣམས་དང་མཐུན་པར་བརྟག་བྱའི་ཡུལ་སྟོང་པ་ཉིད་དུ་རྟོགས་པས་རྣམ་པར་རྟོག་པ་མེད་པའོ། །བསམ་གཏན་དུ་བྱ་བ་ནི་དེའི་
དམིགས་པའི་ཡུལ་ལོ། །ཉོན་མོངས་པ་དང་སྡུག་བསྔལ་ལ་རྟོག་པ་མེད་པ་ནི་དེ་དག་ཉེ་བར་སྤངས་པའི་སྒོ་ནས་སོ། །གལ་ཏེ་འདིར་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤངས་པས་དགྲ་བཅོམ་པ་ཉིད་དུ་འགྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས། གོང་མའི་ཆ་ཅན་
གྱི་ཀུན་དུ་སྦྱོར་བ་ལྔ་སྤངས་པ་དགྲ་བཅོམ་པའོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དོ། །སྔར་བསྟན་པ་ལྟར་གཙོ་བོ་ཉེ་བར་བསྡུ་བའི་དོན་དུའོ། །དེ་རྣམས་གཙོ་བོར་འགྱུར་བ་ཡང་ཁམས་གོང་མ་ཉེ་བར་ལེན་པ་དང་། བླངས་པ་མི་གཏོང་བའི་ཕྱིར་རོ། །དེ་ལ་གོང་མ་ཉེ་
བར་ལེན་པ་ནི་གཟུགས་དང་གཟུགས་མེད་པའི་འདོད་ཆགས་ཏེ། དེ་དག་གིས་ཁམས་དེ་དག་ཏུ་སྐྱེད་པའོ། །བླངས་པ་མི་གཏོང་བ་ནི་རྒོད་པ་དང་། ང་རྒྱལ་དང་། མ་རིག་པ་སྟེ་དེ་རྣམས་ཀྱིས་སྲེད་པ་དང་། ང་རྒྱལ་དང་། ཐེ་ཙོམ་ཤས་ཆེ་བའི་བསམ་གཏན་ལ་གནས་ཤིང་། དེས་
ཁམས་དེ་དག་པ་ཀུན་ནས་ཉོན་མོངས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་འདིར་གསུང་རབ་དག་ལས་དགྲ་བཅོམ་པ་རྣམ་པ་གསུམ་དུ་བཀའ་སྩལ་ན། སྐབས་འདིར་བསྟན་པ་ནི་དེ་རྣམས་ཀྱི་ནང་ནས་གང་ཞིག་ལགས་ཞེས་ཞུས་པ་ལ། དེ་རྣམས་ཀྱི་དོན་ཡང་ཞི་བ་ཕྱོགས་གཅིག་གི་ལམ་རབ་ཏུ་
ཐོབ་པ་ནི་ཉོན་མོངས་པའི་སྒྲིབ་པ་འབའ་ཞིག་ཉེ་བར་ཞི་བའོ། །ལམ་ཞེས་པ་ནི་དེ་གནས་སྐབས་ཀྱི་འབྲས་བུ་ཙམ་ཡིན་གྱི་མཐར་ཐུག་པ་མ་ཡིན་པས་སོ། །བྱང་ཆུབ་ཏུ་སྨོན་ལམ་གོམས་པར་དགེ་བའི་རྩ་བ་ལ་རྨོངས་པ་ནི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་ཅིང་སྨོན་ལམ་བཏབ་ཀྱང་། དེ་
ཐོབ་པར་བྱེད་པའི་དགེ་བའི་རྩ་བ་འཁོར་གསུམ་སྒྱུ་མ་ལྟ་བུར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་མི་ལྡན་ཞིང་། གང་ཟག་ལ་བདག་མེད་པ་ཙམ་རྟོགས་པས་རེ་ཞིག་དགྲ་བཅོམ་པའི་འབྲས་བུ་མངོན་པར་འདུ་བྱས་པའོ། །འཕྲུལ་པས་སྤྲུལ་པ་ནི་བྱང་ཆུབ་
Vol. 122 · folio 174a
སེམས་དཔའ་ཉིད་སེམས་ཅན་གྱི་དོན་དུ་ཉན་ཐོས་སུ་སྤྲུལ་པ་སྟེ། གནས་བརྟན་ཤཱ་རིའི་བུ་ལ་སོགས་པ་ལྟ་བུའོ། །ལན་གྱི་དོན་ནི་འདིར་ཞི་བ་ཕྱོགས་གཅིག་པ་ཉིད་ཡིན་ཏེ། དེ་ནི་དུས་ཡུན་རིང་དུ་ཟག་པ་མེད་པའི་དབྱིངས་ན་གནས་ཤིང་། སྲིད་པར་ཉིང་
མཚམས་འབྲེལ་བར་བྱེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ཏིང་ངེ་འཛིན་གྱི་མྱོས་པས་མྱོས་པ་བསྐལ་པའི་བར་དུ་མི་སད་དོ་ཞེས་པ་ལ་སོགས་པ་འོག་ནས་ཀྱང་སྟོན་པར་འགྱུར་རོ། །དེ་ལས་གཞན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་སྨྲ་བ་ནི་སྔར་བསྟན་པའི་སྨོན་ལམ་གོམས་པ་སྟེ། སྨོན་
ལམ་སྔོན་དུ་འགྲོ་ཞེས་པ་དང་སྦྱར་བར་བྱའོ། །འཕྲུལ་པས་སྤྲུལ་པ་ནི་བདེན་པ་གཉིས་ཀྱི་ཐབས་ལ་མཁས་པའོ། །དེ་དག་ནི་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་མཛེས་པར་བྱ་བ་སྟེ། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་སྤང་བའོ། །གཞན་ཡང་ཞིང་དེ་དག་ལ་
གནས་པའི་གདུལ་བྱའི་ཁྱད་པར་རྣམས་རྗེས་སུ་གཟུང་བའི་དོན་དུ་ཉན་ཐོས་ལ་སོགས་པའི་གཟུགས་སུ་སྐྱེ་ཞིང་ཉིང་མཚམས་འབྲེལ་པ་ལྟ་བུར་སྟོན་པའོ། །སྤྱོད་པ་སྤྱད་པར་སྨྲ་ཞེས་པ་ནི་ཡང་དག་པའི་ཤེས་རབ་ཀྱིས་ཟིན་པ་མེད་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་དངོས་ནི་མ་ཡིན་ཞེས་པའོ། །
སངས་རྒྱས་ཀྱི་འཕྲུལ་པས་སྤྲུལ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་དེ་རྣམས་བདག་ཉིད་ཀྱི་མཐུ་ཡང་ཡིན་མོད་ཀྱི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཀྱང་མཐུ་དང་སྤོབས་པ་ལ་སོགས་པ་ཁྱད་པར་ཅན་དུ་གྱུར་པའི་ཉན་ཐོས་ཀྱི་གཟུགས་སུ་བསྟན་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་
སོགས་པ་ནི་འཕགས་པ་ཉན་ཐོས་དེ་རྣམས་ཀྱིས་ཀྱང་ཆོས་ཀྱི་བདག་མེད་པ་མ་རྟོགས་ཤིང་། གཟུང་བ་དང་འཛིན་པ་ལ་སོགས་པའི་དངོས་པོར་ཞེན་པས་ན་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པ་མི་འཐད་པས་དེ་དག་ཏུ་ཞེན་པ་ལས་ལྡོག་པར་བྱའོ་ཞེས་གསུངས་པས་ཏེ། དེ་ལ་
འབྲས་བུ་ཐོབ་པར་བྱ་བ་ནི་འཇིག་རྟེན་པ་རྣམས་ཀྱི་སྐྱེ་བའི་བསམ་གཏན་དང་པོ་ལ་སོགས་པ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པའོ། །བསམ་གཏན་པ་ནི་དེ་ལ་སྙོམས་པར་འཇུག་པའི་གང་ཟག་གོ། །དེ་ལྟར་འཁོར་གསུམ་དུ་སྣང་བ་ནི་བདེན་པའི་དངོས་པོར་མེད་ཅིང་རང་གི་
Vol. 122 · folio 174b
སེམས་སྣང་བ་ཙམ་དུ་རྟོགས་ཤིང་ཁས་ལེན་པས་འབྲས་བུ་ཐོབ་པའི་མཚན་ཉིད་འདི་བསྟན་ཏོ་ཞེས་པ་སྟེ། མྱ་ངན་ལས་འདས་པའི་འབྲས་བུ་དེས་ཐོབ་པར་ནུས་ཀྱི་གཞན་དུ་མ་ཡིན་ཞེས་པའོ། །དེ་ཉིད་གསལ་བར་བསྟན་པ་ནི། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། གཉིས་སུ་འགྱུར་ཞེས་
པ་ནི་སྤང་བྱ་དང་སྤང་བྱས་དབེན་པའི་གང་ཟག་གཉིས་སུ་རྟོགས་པས་དེ་ཉིད་དེའི་བདག་ཏུ་ལྟ་བ་ལ་སོགས་པར་ལྟུང་བར་འགྱུར་ཏེ། སྔར་བསྟན་པ་བཞིན་ནོ། །རྒྱུན་དུ་ཞུགས་པ་ལ་སྦྱར་བ་ཇི་ལྟ་བ་བཞིན་དུ་དགྲ་བཅོམ་པར་ཁས་ལེན་པ་རྣམས་ཀྱི་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའི་
ཡེ་ཤེས་ཀྱང་ཕྱིན་ཅི་ལོག་ཉིད་དུ་འགྱུར་བའོ། །གལ་ཏེ་དེ་ལྟ་ན་སེམས་སྣང་བ་ཙམ་གྱི་བདག་ཉིད་དོན་དམ་པའི་དངོས་པོར་གྲུབ་ཅིང་། དེར་འཛིན་པ་ཕྱིན་ཅི་མ་ལོག་པའི་ལམ་མ་ཡིན་པ་སྙམ་དུ་སེམས་ན། གཞན་ཡང་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་ཡང་ཕྱིན་ཅི་ལོག་ཡིན་པས་
སེམས་ཁམས་གསུམ་ལས་འདའ་བར་འདོད་པ་རྣམས་དེ་ལས་འདའ་བར་བྱ་བའི་ཕྱིར། རང་གི་སེམས་སྣང་བའི་མཚན་ཉིད་དོན་དམ་པའི་དངོས་པོར་འཛིན་པ་ལས་ཀྱང་ལྡོག་པར་བྱ་སྟེ། དེའི་ཕྱིར་སྙོམས་པར་འཇུག་པའི་ཁྱད་པར་རྣམས་དང་། བསམ་གཏན་དང་ཏིང་ངེ་འཛིན་ལ་
སོགས་པ་ཐམས་ཅད་ཀྱང་སེམས་ཀྱི་ངོ་བོར་གྱུར་པའི་ཆོས་ཡིན་པས་དེ་རྣམས་དེ་ཁོ་ན་ཉིད་དུ་གྲུབ་པ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །སེམས་ཙམ་ལ་ནི་ཡོད་པ་མིན། །ཞེས་པ་ནི་དེ་རྣམས་ཀུན་རྫོབ་ཏུ་སེམས་ཉིད་ཡིན་མོད་ཀྱི། དེ་ཁོ་ན་ཉིད་དུ་མྱོང་རིག་ཙམ་གྱི་སེམས་ཀུན་རྫོབ་
པ་འདི་ལ་ཡོད་པ་མ་ཡིན་ཏེ། རང་གི་རང་བཞིན་དོན་དམ་པར་སྟོང་པའོ། །སྤོང་དང་བདེན་པ་མཐོང་བ་དང་། །ཞེས་པ་ནི་སྔ་མ་ལྟར་བདེན་པ་བཞིའི་ཆོས་བཅུ་དྲུག་གི་རྣམ་པར་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤོང་བའོ། །འདི་རྣམས་ཀྱང་། རང་རྒྱལ་རྒྱལ་སྲས་
ཉན་ཐོས་ཀྱི། །ཅི་སླད་འགྱུར་བ་བརྒྱ་པོ་དང་། །སྣང་བ་མེད་པ་བརྒྱ་པོ་ཡང་། །ཅི་སླད་འགྱུར་བ་བདག་ལ་གསུངས། །ཞེས་དྲིས་པའི་ལན་དུ་ཡང་དོན་གྱིས་སྦྱར་བར་བྱ་སྟེ། བརྒྱ་ཉིད་དུ་འགྱུར་བའི་ཚུལ་ནི་འདྲི་བའི་ཚིག་གི་སྐབས་སུ་བསྟན་ཏོ། །གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་
Vol. 122 · folio 175a
ལ་སོགས་པས་ཤེས་བྱ་ཇི་ལྟར་རྣམ་པར་དག་ཅེས་དྲིས་པའི་ལན་དུ་ཤེས་བྱའི་གནས་ཐམས་ཅད་ནི་རེ་ཞིག་བདེན་པ་གཉིས་སུ་འདུས་ལ། དེ་དག་གི་རང་བཞིན་ཇི་ལྟ་བ་བཞིན་དུ་ཤེས་ཤིང་གོམས་པས་དེ་དག་ཉིད་ཀྱི་དྲི་མ་སྤོང་བའོ། །དེ་ལ་རྣམ་པར་རྟོག་པའི་མཚན་
ཉིད་འཛིན་པ་ལ་ཞེས་པ་ནི་གཞན་གྱི་དབང་གི་རྣམ་པར་རྟོག་པ་དོན་དུ་སྣང་ཞིང་འཛིན་པ་ལ། མངོན་པར་ཆགས་པས་རབ་ཏུ་འཇོག་པའི་བློ་ཞེས་པ་སྟེ། ཀུན་རྫོབ་ཏུ་དོན་དང་རྗེས་སུ་མཐུན་པའི་བློ་འགའ་ཞིག་གིས་ཀུན་རྫོབ་ཀྱི་ཚུལ་རྣམ་པར་འཇོག་པའོ། །བློ་གང་གིས་ཞེས་པ་ནི་དེ་ཁོ་ན་ཉིད་རྣམ་
པར་འབྱེད་པའི་ཤེས་རབ་གང་གིས་ཞེས་པའོ། །མཐའ་བཞི་དང་བྲལ་བ་མི་དམིགས་ཞེས་པ་ནི་མཐའ་བཞིར་འཛིན་པ་དང་བྲལ་བ་ལ་མི་དམིགས་པའོ། །མཐའ་བཞི་པོ་འདིས་ཆོས་ཐམས་ཅད་ཡོངས་སུ་བརྟག་པ་ལ་རབ་ཏུ་སྦྱར་བར་བྱའོ་ཞེས་པ་ནི་མཐའ་བཞིར་རྣམ་པར་བརྟགས་
ལ་དེ་རྣམས་མི་དམིགས་པའི་སྒོ་ནས་དོན་དམ་པར་སྟོང་པ་ཉིད་དུ་བརྟག་ཅིང་སྦྱར་བར་བྱའོ། །རྣམ་པ་གཅིག་ཏུ་ན་རྣམ་པར་རྟོག་པའི་ཞེས་པ་ནི་དོན་དང་མཐུན་པའི་རྣམ་པར་རྟོག་པའི་བློ་སྟེ། དེ་ཉིད་ཀྱིས་ཀུན་རྫོབ་ཏུ་ཚ་ཞིང་གཤེར་བ་ལ་སོགས་པ་རང་རང་གི་མཚན་ཉིད་འཛིན་པའི་
དངོས་པོ་རྣམས་ལ་དེ་དང་མཐུན་པར་མངོན་པར་ཆགས་པའི་བློ་གང་གིས་ཞེས་སྦྱར་བར་བྱའོ། །ཡོངས་སུ་རྟོགས་པའི་མཚན་ཉིད་ཅེས་པ་ནི་དེ་རྣམས་རྟོགས་པའི་བློ་ལས་གཞན་མ་ཡིན་པའོ། །རྒྱུ་ནི་དེ་རྣམས་བློའི་བདག་ཉིད་དུ་གྲུབ་པའི་གཏན་ཚིགས་ཏེ། ལྷན་ཅིག་དམིགས་པ་ངེས་
པ་ལ་སོགས་པའོ། །མཚན་ཉིད་ནི་དེ་ལྟར་སྣང་བའི་བློའི་མཚན་ཉིད་དང་ལྡན་པའོ། །དཔེ་ཡང་སྔར་བསྟན་པ་ལྟར་ཆོས་གཉིས་དང་ལྡན་པའི་དཔེའོ། །དེ་དག་ལ་མངོན་པར་ཆགས་པས་སེམས་ཀྱི་ངོ་བོ་ཉིད་ཡང་དག་པའི་དངོས་པོར་སྒྲོ་འདོགས་པའི་ཚུལ་གྱིས་སྒྲོ་འདོགས་པ་སྟེ།
ཆོས་ཐམས་ཅད་སེམས་ཙམ་ཉིད་དུ་རྣམ་པར་འཇོག་པའོ། །དེ་ལྟར་ཀུན་རྫོབ་ཏུ་སེམས་ཉིད་ཡིན་པ་དང་། དོན་དམ་པར་སེམས་ཉིད་སྒྱུ་མ་ལྟ་བུར་འཇོག་པའི་བློ་གཉིས་ཀྱི་མཚན་ཉིད་གང་དང་ལྡན་པས་ཞེས་པ་ལ་སོགས་པ་སྟེ་དོན་གོ་བར་ཟད་དོ། །སྣང་བ་མེད་པ་ནི་མཉམ་
Vol. 122 · folio 175b
པར་གཞག་པའི་ཡེ་ཤེས་སོ་སོ་རང་རིག་པའོ། །སྤྱོད་པའི་ས་ནི་སྣང་བ་དང་བཅས་པའི་གནས་སྐབས་སོ། །བསྐལ་པ་བརྒྱར་ཐོག་མའི་མཐའ་དང་ཐ་མའི་མཐར་འཇུག་པ་ཞེས་པ་ནི་དུས་དེ་སྙེད་ཀྱི་བར་དུ་རང་དང་གཞན་གྱི་ཚེ་རབས་སྔ་མ་དང་ཕྱི་མ་ཤེས་པའོ། །སངས་རྒྱས་ཀྱི་ཞིང་
བརྒྱ་ཡང་འོད་ཀྱིས་སྣང་བར་བྱེད་པ་དང་། སྤྲུལ་པ་བརྒྱ་འགྱེད་པར་ནུས་པ་ལ་སོགས་པ་འཕགས་པ་ས་བཅུ་པ་ལས་རྒྱས་པར་གསུངས་པ་བཞིན་དུ་བལྟའོ། །སའི་མཚན་ཉིད་ཀྱི་ཆོ་ག་ནི་གོ་རིམས་སོམོ། །སྨོན་ལམ་གྱི་བྱེ་བྲག་གིས་ཞེས་པ་ནི་ས་དང་པོ་ལ་སྨོན་ལམ་ཆེན་པོ་བཅུ་
གྲུབ་ཅིང་དེ་ཉིད་ཀྱང་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བའོ། །མཐར་ཐུག་པའི་གནས་བཅུ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པའོ། །སྐབས་ཀྱི་དོན་འདི་དང་འདིའི་རང་བཞིན་ཅན་སྔར་བསྟན་པ་ཐམས་ཅད་ཀྱང་ཇི་ལྟར་ས་ལ་འཇུག་པར་འགྱུར། གང་གིས་སའི་
རིམ་པར་འགྱུར་ཞེས་དྲིས་པའི་ལན་དུ་ཡང་སྦྱར་བར་བྱའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་སྔར་བསྟན་པའི་ཚ་བ་དང་གཤེར་བ་ལ་སོགས་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་ནི་ཀུན་རྫོབ་ཏུ་སེམས་ཉིད་ཡིན་ཞིང་། དོན་དམ་པར་སེམས་ཀྱི་ངོ་བོ་གྲུབ་པ་མེད་པར་རྒྱས་
པར་འཆད་དེ། མིང་དང་རྣམ་པར་རྟོག་པ་ཙམ་ཞེས་པ་དེ་ཉིད་གསལ་བར་བསྟན་པ་ནི། མིང་དང་རང་གི་སེམས་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་མིང་དང་རྣམ་པར་རྟོག་པ་ཉིད་ཀྱང་མཐའ་བཞི་དང་བྲལ་བས་སྟོང་པ་ཉིད་ཅེས་པའོ། །རང་གི་མཚན་ཉིད་ཀྱི་གནས་ཡང་དག་པ་ཇི་
ལྟ་བ་ནི་རིག་པ་དང་སྟོང་པ་ཟུང་དུ་འཇུག་པའི་གནས་ལུགས་དོན་དམ་པའི་དངོས་པོར་མ་སྐྱེས་པའོ། །རབ་ཏུ་མཐོང་ངོ་ཞེས་པ་ནི་ཇི་ལྟར་ན་མཁས་པ་ཡིན་ཞེས་དྲིས་པའི་ལན་དུ་སྦྱར་ཏེ། ཚུལ་ལུགས་དེ་ལྟར་མཐོང་ཞེས་མཁས་པ་ཡིན་ཞེས་པའོ། །དེ་ལ་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་
ནི་དེ་རྣམས་ངོ་བོ་ཉིད་མེད་པ་ཡིན་ན། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་དེ་བཞིན་གཤེགས་པས་གསུངས་ཤིང་། རབ་ཏུ་གྲགས་པ་འདི་ཉིད་མི་འཐད་དོ་སྙམ་ན། སྐྱོན་མེད་དེ། དེ་ལྟར་སྣང་ཞིང་གྲགས་པ་ནི་རྟོག་པའི་ས་བོན་ཡོངས་སུ་སྨིན་པ་ལས་བྱུང་བ་བློ་ཉིད་ཀྱི་རང་བཞིན་
Vol. 122 · folio 176a
དུ་གྱུར་པའོ་ཞེས་གསུངས་པ་སྟེ། གཤེར་བར་རྣམ་པར་རྟོག་པ་ཉིད་འབྱུང་བ་ཆེན་པོ་ནི་ཞེས་པ་དེ་ལྟར་རྣམ་པར་རྟོག་པ་ཉིད་འབྱུང་བ་ཆེན་པོ་ཡིན་གྱི། རྟོག་པ་ལས་ཐ་དད་པ་ཕྱི་རོལ་གྱི་ངོ་བོར་གྱུར་པ་ནི་མེད་ཅེས་པའོ། །དེ་འདྲ་བའི་རྟོག་པའི་ས་བོན་ཡོངས་སུ་སྨིན་པ་
ལས་ཕྱི་དང་ནང་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཆུའི་ཁམས་སུ་སྣང་བ་སྒྲུབ་པའོ། །གཟུགས་ཀྱི་བྱེ་བྲག་འབྱེད་པ་རྣམ་པར་རྟོག་པ་འབྱུང་བ་ཆེན་པོ་ནི་ཇི་ལྟར་རི་དང་ཁང་བཟངས་དང་ཤིང་ལ་སོགས་པ་ནམ་མཁའ་སྟོང་པས་བར་དུ་ཆོད་པས་དེ་རྣམས་ཐ་དད་པ་ཉིད་དུ་བྱེ་བྲག་འབྱེད་པ་རྣམ་
པར་རྟོག་པའི་འབྱུང་བ་ཆེན་པོ་ཞེས་པ་སྟེ་སྔ་མ་བཞིན་ནོ། །ལོག་པ་ལ་བདེན་པ་ཞེས་པ་ལ་སོགས་པས་ནི་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལྔ་དང་། འབྱུང་བ་ལས་གྱུར་པ་གཟུགས་དང་རེག་པ་རྣམ་པ་ཇི་ལྟར་བྱུང་བའི་ཚུལ་བསྟན་པ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་
ཞེས་པ་ལ་སོགས་པ་སྔར་གསུངས་པ་དང་མཚུངས་སོ། །དེ་ཉིད་གསལ་བར་བསྟན་པ་ནི། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པའོ། །མངོན་པར་ཆགས་ཤིང་འདོད་པ་ནི་སྲེད་པ་དང་ལེན་པ་སྟེ། འདུ་བྱེད་མཐུ་དང་ལྡན་པར་བྱེད་པའོ། །སའི་འབྱུང་བ་ཞེས་པ་ལ་སོགས་པས་དེ་རྣམས་སུ་སྣང་བ་
ལ་ཕྱི་རོལ་ཐ་དད་པ་འགོག་པའི་རྒྱུ་མཚན་ཉིད་སྟོན་ཏེ། སའི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཉིད་དུ་སྣང་བ་རྣམས་ལ་ནི་རྒྱུ་འབྱུང་བ་ཆེན་པོ་སྟེ། སྔར་གསུངས་པ་ལྟར་གཤེར་བ་དང་ཚ་བར་རྣམ་པར་རྟོག་པའི་བདག་ཉིད་དུ་གྱུར་པའི་འབྱུང་བ་ཆེན་པོ་རྣམས་རྒྱུ་ཉིད་དུ་ཡོད་ཀྱི་ཕྱི་རོལ་གྱི་ངོ་བོར་གྱུར་
པའི་འབྱུང་བ་ཆེན་པོ་རྣམས་ནི་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་དང་མཚན་མ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། རྡུལ་ཕྲ་རབ་བམ་རགས་པའི་དངོས་པོ་དང་། དེ་རྣམས་མཚོན་པར་བྱེད་པའི་མཚན་མ་གློ་བུར་བ་སྟེ། ཇི་ལྟར་བྱ་རོག་ཆགས་པ་ནི་ལྷ་སྦྱིན་གྱི་ཁང་པའོ་ཞེས་པ་ལྟ་
བུ་དང་། རང་གི་རང་བཞིན་དུ་གྱུར་པའི་ཆོས་ཐུན་མོང་མ་ཡིན་པའི་མཚན་ཉིད་གཤེར་བ་དང་ཚ་བ་ལ་སོགས་པ་དང་། གྲུ་བཞི་ལ་སོགས་པའི་དབྱིབས་དང་། སྨིན་པ་དང་སྡུད་པ་ལ་སོགས་པའི་བྱ་བའི་བདག་ཉིད་དེ། དེ་རྣམས་ཚོགས་པ་འམ་རྡུལ་ཕྲ་རབ་རྣམས་སྦྱོར་ཞིང་འཕྲོད་
Vol. 122 · folio 176b
པ་དང་འདུ་བ་མེད་པའི་ཕྱིར་རོ། །དེའི་དོན་ཡང་རྡུལ་ཕྲ་རབ་རྣམས་ཕྱོགས་གཅིག་དང་མཐའ་དག་གིས་སྦྱོར་བ་མི་འཐད་པ་ཉིད་དུ་རྒྱས་པར་བསྟན་ཏོ། །ཡང་བྱེ་བྲག་པ་རྣམས་ནི་རྡུལ་ཕྲ་མོ་རྟག་པའི་རྫས་རྣམས་ལས་རགས་པ་ཡན་ལག་ཅན་གྱི་རྫས་རྩོམ་པ་ན་ཐོག་མར་བྱ་བ་དང་འབྲེལ་
ཏེ་རྩོམ་པ་ལས་འདིས་བྱ་བའི་བདག་ཉིད་དང་སྦྱོར་བ་མེད་པས་ཞེས་པ་དེ་དང་འབྲེལ་པ་མེད་པས་རྩོམ་པ་མི་འཐད་ཅེས་པའོ། །དངོས་པོ་དང་ཞེས་པ་ལ་སོགས་པས་ནི་དེ་ཉིད་རྗེས་སུ་འགྲོ་བའི་སྒོ་ནས་སྟོན་ཏོ། །བྱ་བ་འདུས་པ་ལས་སྐྱེ་ཞེས་པ་ནི་ལས་སུ་བྱ་བ་སྟེ། འབྲས་བུ་ཉིད་ལ་
སྦྱར་རོ། །མཚན་མ་དང་མི་ལྡན་ཞེས་པ་ནི་དངོས་པོ་དང་མཚན་མ་ལ་སོགས་པ་ཚོགས་ཤིང་སྦྱོར་བ་མེད་པར་འབྱུང་བ་ཆེན་པོ་རྣམས་མི་སྐྱེ་བ་སྟེ། ལྡོག་པའི་སྒོ་ནས་བསྟན་པའོ། །གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་ཀུན་རྫོབ་ཙམ་དུ་ཕུང་པོ་ལ་སོགས་པའི་རྣམ་པར་
གཞག་པ་ཇི་ལྟར་ཡིན་པ་གསུངས་སོ། །དེ་རང་བཞིན་ནི་ཀུན་རྫོབ་ཙམ་དུ་མཚན་གཞི་གཟུགས་ལ་སོགས་པའི་དངོས་པོའོ། །ཡང་རྣམ་པ་གཅིག་ཏུ་ན་དེ་རྣམས་ཀྱི་རང་བཞིན་དེ་ཁོ་ན་ཉིད་སྐྱེ་བ་མེད་པ་དང་། མཚན་ཉིད་མེད་པ་དང་། མཚན་ཉིད་ཀྱང་དོན་དམ་པར་མཚན་ཉིད་མེད་པའི་
མཚན་ཉིད་དེ། ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། གཟུགས་ནི་གཞིག་ཅིང་གཞོམ་དུ་རུང་བའི་མཚན་ཉིད་དེ། དེ་ནི་མཚན་ཉིད་མེད་པར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་པ་ནས། དེ་བཞིན་དུ་ཚོར་བ་ནི་ཉམས་སུ་མྱོང་བའི་མཚན་
ཉིད་དང་། འདུ་ཤེས་ནི་མཚན་མར་འཛིན་པའི་མཚན་ཉིད་དང་། འདུ་བྱེད་ནི་སེམས་མངོན་པར་འདུ་བྱེད་པའི་མཚན་ཉིད་དང་། རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པར་རིག་པའི་མཚན་ཉིད་དེ། དེ་ནི་མཚན་ཉིད་མེད་པར་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་
སོ་ཞེས་པའི་བར་དུ་གསུངས་པ་ལྟ་བུའོ། །དེ་ལ་ཕུང་པོ་བཞི་ནི་མིང་བཞིའི་ཕུང་པོའོ། །འབྱུང་བ་བཞི་ལས་གྱུར་པ་ནི་ཕྱི་དང་ནང་གི་སྐྱེ་མཆེད་གཟུགས་ཅན་ཉིད་དུ་གྲགས་པ་རྣམ་པ་བཅུའོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་ཧ་ཅང་ཡང་འཁྲུལ་པར་གྱུར་པའི་སྡེ་པ་རྣམས་ཀྱིས་
Vol. 122 · folio 177a
བརྟགས་པས་ཏེ། འདིར་སྨོས་པར་བྱ་བ་མ་ཡིན་ནོ། །ཕན་ཚུན་དུ་མཚན་ཉིད་མི་མཐུན་པ་ནི་གཤེར་བ་དང་སྲེག་པ་ལ་སོགས་པའོ། །གཟུགས་མེད་པ་ལ་བཞིར་བགྲང་བ་མེད་ཅེས་པའི་དོན་ནི་ཇི་ལྟར་གཟུགས་རགས་པར་འཇུག་པ་རྟོགས་པར་སླ་བ་ཉིད་ཀྱིས་
འདི་དང་དེའོ་ཞེས་བགྲང་བར་ནུས་པ་ལྟར་གཟུགས་མེད་པ་རྣམས་ནི་མ་ཡིན་ཞེས་པའོ། །ཡང་དོན་དམ་པར་ནི་ཕུང་པོ་ལྔ་པོ་ཐམས་ཅད་ནམ་མཁའ་དང་འདྲ་ཞིང་སྤྲོས་པ་དང་བྲལ་བས་གཅིག་དང་གཉིས་ལ་སོགས་པའི་གྲངས་དང་། བགྲང་བྱའི་དངོས་པོ་ལས་འདས་པའོ། །དེ་
ལྟར་ཡིན་ཀྱང་བྱིས་པ་རྣམས་ཀྱིས་ཐོགས་པར་བྱེད་པའི་དངོས་པོ་དང་བྲལ་བ་གཅིག་ནི་ནམ་མཁའོ་ཞེས་རྣམ་པར་རྟོག་པ་དེ་བཞིན་དུ་འདི་ནི་ཚོར་བ་དང་ཞེས་པ་ལ་སོགས་པར་གྲངས་དང་བགྲང་བྱའི་དངོས་པོར་བརྗོད་པའོ། །གནས་གཞན་དུ་མ་ཡིན་ཞེས་པ་ནི་རྨི་ལམ་དང་གཟུགས་
བརྙན་གྱི་སྐྱེས་བུ་ལྟར་དོན་དམ་པར་ཕུང་པོ་འདུས་པའི་སེམས་ཅན་གྱི་སྐྱེ་གནས་གཞན་ཐ་དད་པ་མ་ཡིན་ཀྱང་། འཕགས་པའི་ཡེ་ཤེས་མ་ཐོབ་པའི་བྱིས་པ་རྣམས་ལ། དེ་འདྲ་བའི་ཕུང་པོའི་རྣམ་པར་རྟོག་པའི་བློ་ཉིད་རྣམ་པར་རྟོག་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་
དེ་འདྲ་བའི་རྣམ་པར་རྟོག་པ་སྤངས་ལ། རང་དང་གཞན་གྱི་དོན་ལ་སྦྱར་བར་བྱའོ་ཞེས་གདམས་པའོ། །རབ་ཏུ་དབེན་པའི་ཆོས་བསྟན་པ་བྱས་པས་ནི་ཆོས་ལ་བདག་མེད་པ་མཐོང་བ་རྣམ་པར་དག་པར་འགྱུར་ཞེས་པ་ནི་དེ་ལྟར་གོམས་ཤིང་ཚོགས་བསགས་པས་ས་དང་པོ་ལ་བདེན་
པ་བཞིའི་ཆོས་ཉིད་མཐོང་བ་གོང་ནས་གོང་དུ་རྣམ་པར་དག་པར་འགྱུར་ཞིང་། ས་བདུན་པ་རིང་དུ་སོང་བའི་ས་ལ་ཡང་རབ་ཏུ་འཇུག་པར་འགྱུར་བའོ། །དེ་ས་དེ་ལ་རབ་ཏུ་ཞུགས་པས་ཏིང་ངེ་འཛིན་དུ་མ་ལ་དབང་བསྒྱུར་ཞིང་ཡིད་ཀྱི་ལུས་རབ་ཏུ་ཐོབ་པས་ས་བརྒྱད་པ་ལ་སྒྱུ་མ་ལྟ་བུའི་
ཏིང་ངེ་འཛིན་རབ་ཏུ་ཐོབ་པོ། །གཞན་ཡང་ས་དེ་ཉིད་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མངོན་པར་ཤེས་པ་དྲུག་དང་། དབང་བཅུ་པོ་རྣམས་རྟོགས་པར་ཁོང་དུ་ཆུད་པ་སྟེ། དེ་རྣམས་སོ་སོ་རང་རིག་པའི་ཚུལ་གྱིས་རྟོགས་པའོ། །དེ་ལ་དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་
Vol. 122 · folio 177b
པ་ལ་སོགས་པའི་ཡོན་ཏན་གྱི་རིགས་རྣམས་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་ཐོབ་ཀྱང་། དེ་རྣམས་རྣམ་པར་དག་ཅིང་ཡོངས་སུ་རྫོགས་པ་ནི་མ་ཡིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཉིད་ཀྱི་སྟོབས་བཅུ་ལ་སོགས་པ་ཡང་འཕགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོས་
ཞུས་པ་ལས་བསྟན་ཏེ་སྔར་བཤད་པ་བཞིན་ནོ། །མངོན་པར་ཤེས་པ་རྣམས་ཀྱི་ཡུལ་དང་མཚན་ཉིད་ལ་སོགས་པ་ཡང་ཆོས་མངོན་པའི་བསྟན་བཅོས་དང་། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཤེས་པར་བྱའོ། །དེ་རྣམས་ཐོབ་པའི་རྒྱུ་ནི་འཕྲལ་གྱི་མངོན་པར་འདུ་བྱེད་པ་
དང་། སྔོན་གྱི་ལས་ཏེ་དེ་ལ་དང་པོ་ནི་བསམ་གཏན་བཞི་པས་ཐམས་ཅད་ཀྱིས་རུང་བར་བྱས་པ་འཕེལ་བ་རབ་ཀྱི་མཐར་ཐུག་པ་སྟེ། ཇི་ལྟར་བསམ་གཏན་དང་པོ་ནས་སྲིད་པའི་རྩེ་མོའི་བར་བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་ལ་གོ་རིམས་བཞིན་དུ་ལུགས་དང་མཐུན་པར་
སྙོམས་པར་འཇུག་ཅིང་། ཡང་སྲིད་པའི་རྩེ་མོ་ནས་བསམ་གཏན་དང་པོའི་བར་དུ་གོ་རིམས་བཞིན་དུ་ལུགས་ལས་ལྡོག་པའི་ཚུལ་གྱིས་སྙོམས་པར་ཞུགས་ཏེ། དེ་ནས་བསམ་གཏན་བཞི་པའི་བར་དུ་གོ་རིམས་བཞིན་སྙོམས་པར་ཞུགས་ཤིང་། བསམ་གཏན་བཞི་པ་དེ་ལ་བརྟེན་
ནས་རྫུ་འཕྲུལ་ཐོབ་པར་འདོད་པ་ན། རང་གི་ལུས་ཤིང་བལ་ལྟ་བུར་ཡང་བ་ཉིད་དུ་ཡིད་ལ་བྱེད་པ་དང་། མིག་དང་རྣ་བའི་མངོན་པར་ཤེས་པ་ལ་སོགས་པ་ཐོབ་པར་འདོད་པ་ན། གཟུགས་དང་སྒྲ་ལ་སོགས་པའི་ཡུལ་རྣམས་དབང་པོའི་ཉེ་འཁོར་ན་གནས་པར་ཡིད་ལ་བྱེད་ཅིང་།
དེའི་རྗེས་སུ་དེ་རྣམས་ཀྱི་ངོ་བོར་མི་རྟོག་པའི་ཡེ་ཤེས་ལ་གནས་ནས་དེ་ལས་ལངས་པའི་རྗེས་ཀྱི་ཤེས་པ་ལ་དེ་རྣམས་ཇི་ལྟ་བ་བཞིན་དུ་ཤེས་པའི་མངོན་པར་ཤེས་པ་འབྱུང་བའོ། །དེ་སྐད་དུ་ཡང་། བསམ་གཏན་བཞི་པ་ཤིན་དུ་དག་ཐོབ་ནས། །མི་རྟོག་ཡེ་ཤེས་ཡོངས་སུ་བཟུང་བ་དང་། །ཇི་ལྟར་རྣམ་གནས་ཡིད་
ལ་བྱེད་པ་ལས། །མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པས་སོ། །གཞན་ཡང་འདི་རྣམས་སྔོན་གྱི་ལས་ཀྱི་དབང་གིས་ཀྱང་འབྱུང་བར་གསུངས་ཏེ། དེ་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ལས། ཇི་ལྟར་ལྷ་ཡི་མིག་ཐོབ་འགྱུར། །ལྷ་ཡི་རྣ་བ་ཇི་
Vol. 122 · folio 178a
ལྟར་ཐོབ། །སེམས་ཅན་འཆི་འཕོ་སྐྱེ་བ་དག །འདྲེན་པ་གང་གིས་འཚལ་བར་འགྱུར། །ཞེས་དྲིས་པའི་ལན་དུ་འདྲེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། མར་མེ་བྱིན་པས་མིག་ཐོབ་འགྱུར། །རོལ་མོ་སྒྲ་ཡིས་རྣ་བ་དག །འཆི་འཕོ་སྐྱེ་བ་ཡེ་ཤེས་
ཀྱིས། །དེ་དག་དེ་ལྟར་འགྲུབ་པར་འགྱུར། །ཞེས་གསུངས་ནས་ཡང་། འདྲེན་པ་བྱང་ཆུབ་སེམས་དཔའ་ཡི། །ཟག་པ་གང་གིས་བས་པར་འགྱུར། །ཚེ་རབས་སྔ་དྲན་ཅིས་འགྱུར་ལགས། །རྫུ་འཕྲུལ་ཅི་ཡིས་ཐོབ་པར་འགྱུར། །ཞེས་དྲིས་པའི་ལན་དུ། བཞོན་པ་བྱིན་པས་རྫུ་འཕྲུལ་
འཐོབ། །དྲན་པ་བསྒོམས་པས་རྗེས་སུ་དྲན། །མཐའ་གཉིས་རབ་ཏུ་སྤངས་བྱས་ནས། །ཟག་པ་ཟད་པ་རེག་པར་འགྱུར། །ཞེས་རྒྱ་ཆེར་གསུངས་སོ། །འདི་རྣམས་ཀྱང་། འཇིག་རྟེན་མངོན་ཤེས་ཇི་ལྟར་འབྱུང་། །འཇིག་རྟེན་འདས་ཀྱིའང་ཇི་ལྟ་བུ། །ཞེས་དྲིས་པའི་ལན་དུ་སྦྱར་བར་
བྱ་སྟེ། དེ་ལ་མངོན་པར་ཤེས་པ་ལྔ་ནི་འཇིག་རྟེན་པ་རྣམས་དང་ཐུན་མོང་པའོ། །ཟག་པ་ཟད་པ་ནི་འཕགས་པ་ཉན་ཐོས་ལ་སོགས་པ་སློབ་པའི་ས་ལས་འདས་པའམ། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ཡན་ཆོད་ཀྱི་གནས་སྐབས་ཀྱིས་བསྡུས་པའོ། །དེ་ལ་དབང་རྣམ་པ་བཅུ་ནི་
འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཇི་སྐད་དུ། ཚེ་ལ་དབང་བ་དང་། སེམས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་། ལས་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་
དང་། ཆོས་ལ་དབང་བ་སྟེ་དེ་དག་ནི་དབང་བཅུའོ། །དེ་ལ་བདུད་རྩི་ཐོབ་པའི་ཕྱིར་ཚེ་ལ་དབང་བའོ། །སེམས་ཙམ་དུ་ཡོངས་སུ་ཤེས་པའི་ཕྱིར་སེམས་ལ་དབང་བའོ། །ལག་ན་རིན་པོ་ཆེ་དང་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་རབ་ཏུ་རྙེད་པའི་ཕྱིར་ཡོ་བྱད་ལ་དབང་བའོ། །བག་
ཆགས་དང་བཅས་པའི་ལས་ཀྱི་ལམ་ཀུན་ཆད་པའི་ཕྱིར་ལས་ལ་དབང་བའོ། །ཏིང་ངེ་འཛིན་རྣམས་བཟློག་པའི་བསམ་གཏན་རྙེད་པའི་ཕྱིར་སྐྱེ་བ་ལ་དབང་བའོ། །ལྷུན་གྱིས་གྲུབ་པར་བྱ་བ་ལ་འཇུག་པ་ཐོབ་པའི་ཕྱིར་རྫུ་འཕྲུལ་ལ་དབང་བའོ། །ཟད་པར་གྱི་སྐྱེ་མཆེད་ཐོབ་པར་བྱ་བའི་
Vol. 122 · folio 178b
ཕྱིར་མོས་པ་ལ་དབང་བའོ། །བསམ་པ་ཙམ་གྱིས་དོན་ཐོབ་པར་འགྱུར་བའི་ཕྱིར་སྨོན་ལམ་ལ་དབང་བའོ། །ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཐོབ་པའི་ཕྱིར་ཡེ་ཤེས་ལ་དབང་བའོ། །དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་དང་ཡང་དག་པའི་མཐའ་མཉམ་པའི་ཡེ་
ཤེས་དྲི་མ་མེད་པའི་ཕྱིར་ཆོས་ལ་དབང་བའོ། །གཞན་ཡང་རིགས་ཀྱི་བུ་འཇིག་རྟེན་ནི་འཆི་བས་འཇིགས་སྐྲག་སྟེ། དེའི་གཉེན་པོར་ཚེ་ལ་དབང་བའོ། །འཇིག་རྟེན་ནི་སེམས་ཀུན་ནས་ཉོན་མོངས་པས་འཇིགས་སྐྲག་སྟེ། དེའི་གཉེན་པོར་སེམས་ལ་དབང་བའོ། །འཇིག་རྟེན་ནི་ཡོ་
བྱད་ཀྱིས་འཇིགས་སྐྲག་སྟེ། དེའི་གཉེན་པོར་ཡོ་བྱད་ལ་དབང་བའོ། །འཇིག་རྟེན་ནི་ཉེས་པར་སྤྱོད་པས་འཇིགས་སྐྲག་སྟེ། དེའི་གཉེན་པོར་ལས་ལ་དབང་བའོ། །འཇིག་རྟེན་ནི་ངན་འགྲོས་འཇིགས་སྐྲག་སྟེ། དེའི་གཉེན་པོར་སྐྱེ་བ་ལ་དབང་བའོ། །འཇིག་རྟེན་ནི་
ཀུན་ནས་ཚོལ་བའི་རྩོལ་བས་འཇིགས་སྐྲག་སྟེ། དེའི་གཉེན་པོར་རྫུ་འཕྲུལ་ལ་དབང་བའོ། །འཇིག་རྟེན་ནི་དམ་པའི་ཆོས་ཀྱིས་འཕོངས་པར་འགྱུར་བའི་ལས་ཀྱིས་འཇིགས་སྐྲག་སྟེ། དེའི་གཉེན་པོར་མོས་པ་ལ་དབང་བའོ། །འཇིག་རྟེན་ནི་འདོད་པའི་འཆིང་བས་འཇིགས་སྐྲག་
སྟེ། དེའི་གཉེན་པོར་སྨོན་ལམ་ལ་དབང་བའོ། །འཇིག་རྟེན་ནི་ཐེ་ཙོམ་གྱི་ཟུག་རྔུས་འཇིགས་སྐྲག་སྟེ། དེའི་གཉེན་པོར་ཡེ་ཤེས་ལ་དབང་བའོ། །འཇིག་རྟེན་ནི་འཁོར་གྱི་ནང་ན་བག་ཚ་བས་འཇིགས་སྐྲག་སྟེ། དེའི་གཉེན་པོར་ཆོས་ལ་དབང་བའོ། །གཞན་ཡང་རིགས་ཀྱི་བུ་སྲོག་
གཅོད་པ་སྤངས་ཤིང་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པ་ནི་ཚེ་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །བདེ་བ་རྣམས་ལ་སྒྲིབ་པ་མེད་པའི་བྱམས་པ་ཆེན་པོ་དང་། སྡུག་བསྔལ་བ་རྣམས་ལ་སྒྲིབ་པ་མེད་པའི་སྙིང་རྗེ་ཆེན་པོ་ནི་སེམས་ལ་དབང་བ་ཐོབ་པའི་རྒྱུའོ། །སེམས་
སྙོམས་ཤིང་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་བྱང་ཆུབ་ཏུ་བསྔོ་བ་ནི་ཡོ་བྱད་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །ལས་དང་བྱ་བ་ལ་ཞུགས་ནས་ལུས་དང་ངག་དང་ཡིད་ཡོངས་སུ་དག་པའི་ལས་ཀྱིས་ལས་ཀྱི་བྱ་བ། ལས་བདག་གིར་བྱ་བ་ལ་འཇུག་པར་སྟོན་པ་ནི་ལས་
Vol. 122 · folio 179a
ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །བྱང་ཆུབ་ཀྱི་སེམས་ཀྱིས་ཡང་དག་པར་བསྡུས་པའི་དགེ་བ་བཅུའི་ལས་ཀྱི་ལམ་ནི་སྐྱེ་བ་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ཐམས་ཅད་སྦྱིན་པ་དང་། བཞོན་པ་སྦྱིན་པ་ནི་རྫུ་འཕྲུལ་
ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །སེམས་ཅན་ཐམས་ཅད་དཀོན་མཆོག་གསུམ་ལ་བཀོད་ཅིང་འཛུད་དེ་མོས་པར་བྱེད་པ་ནི་མོས་པ་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་། ཡིད་ཡོངས་སུ་དག་པ་སྒྲུབ་པ་ནི་སྨོན་ལམ་ལ་དབང་ཐོབ་པར་བྱ་
བའི་རྒྱུའོ། །ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན་པ་ནི་ཡེ་ཤེས་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །སེམས་ཅན་ཐམས་ཅད་ལ་ཆོས་མཉན་པ་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་། ཆོས་མཚུངས་པར་སྟོན་པ་དང་། དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ་ཟང་ཟིང་གི་སྐུ་མ་ཡིན་ནོ་ཞེས་
ཡོངས་སུ་འབྱེད་པ་ནི་ཆོས་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །རིགས་ཀྱི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་བཅུའོ་ཞེས་གསུངས་ཏེ། དེ་རྣམས་སྤང་བྱ་གང་གི་གཉེན་པོ་ཡིན་པ་དང་། རྒྱུ་གང་ལས་མངོན་པར་གྲུབ་པ་སྟེ། དེ་ཡང་སྔོན་གྱི་ལས་དང་འཕྲལ་གྱི་འདུ་བྱ་བ་གཉིས་
སུ་ཤེས་པར་བྱ་སྟེ། མངོན་པར་ཤེས་པའི་སྐབས་སུ་ཇི་ལྟར་བསྟན་པ་བཞིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་འཚོ་བར་གྱུར་པ་ནི་སངས་རྒྱས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པའི་རྗེས་སུ་མཐུན་པར་འགྱུར་བ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའི་
ས་བརྒྱད་པ་ནས་ཐོབ་པར་འགྱུར་ཏེ། ཇི་སྐད་དུ། ས་བརྒྱད་པ་ལ་མི་གནས་མྱ་ངན་ལས་འདས་པ་དང་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེ་ལྟར་ན་རང་དང་གཞན་གྱི་སྡེ་པ་རྣམས་ཀྱིས་འདོད་པའི་མྱ་ངན་ལས་འདས་པའི་རྣམ་པར་དབྱེ་བ་དང་། དེའི་རང་བཞིན་ཕྱིན་ཅི་མ་ལོག་
པ་གང་ཡིན་སྙམ་དུ་དོགས་པ་བསལ་བའི་དོན་དུ་དེ་ཉིད་སྟོན་པ་ནི། གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པའོ། །དེ་ལ་དངོས་པོའི་རང་བཞིན་མེད་པའི་མྱ་ངན་ལས་འདས་པ་ནི་གང་གི་ཚེ་ན་རྣལ་འབྱོར་ཅན་རྣམས་ཀྱིས་ཞི་བ་རོ་གཅིག་པའི་ཏིང་ངེ་འཛིན་ཐོབ་པ་དེའི་ཚེ། བདག་
Vol. 122 · folio 179b
དང་བདག་གི་མཚན་མར་བརྟགས་པའི་དངོས་པོའི་རང་བཞིན་མེད་པ་སྟེ། དེ་ལྟར་བརྟགས་པ་དང་རྟོག་པའི་མཚན་མ་ཞི་བ། བདག་རྟག་པ་གཅིག་པུའི་རང་བཞིན་མངོན་དུ་བྱས་པ་སྟེ། དེ་འདྲ་བའི་དངོས་པོ་ནི་ཁས་ལེན་པའོ་ཞེས་སློབ་དཔོན་ཡེ་ཤེས་དཔལ་གྱིས་གསུངས་སོ། །མཚན་ཉིད་
སྣ་ཚོགས་ཀྱི་དངོས་པོ་མེད་པའི་མྱ་ངན་ལས་འདས་པ་ནི་ཚངས་པ་སྨྲ་བ་རྣམས་ཀྱིས་དོན་དམ་པའི་ཚངས་པ་སྨྲ་བ་རྣམ་རིག་གཉིས་སུ་མེད་པ་རྟག་པ་གཅིག་པུའི་རང་བཞིན་མངོན་དུ་བྱས་པ་ན་དེ་ལས་གཞན་མཚན་ཉིད་སྣ་ཚོགས་ཀྱི་དངོས་པོ་མེད་པ་སྟེ། ཇི་སྐད་དུ། བུ་ཞིག་ཚངས་པ་མཆོག་
ཏུ་བདེན། །རིག་པའི་དབང་ཕྱུག་མུན་མཐའ་ཡས། །འགའ་ཞིག་ཡོད་པ་ཉིད་སྨྲ་བ། །དེ་ཡང་ཞགས་པར་རབ་ཏུ་བརྗོད། །ཅེས་བསྟན་པ་དང་། གཞན་ཡང་། རྣམ་རིག་ཙམ་ནི་རྟག་ཏུ་རྣམ་པར་དག །ཅེས་པ་ལ་སོགས་པ་སྔར་བསྟན་པ་ལྟ་བུའོ། །རང་གི་མཚན་ཉིད་ཀྱི་དངོས་པོ་
མེད་པར་རྟོགས་པ་ནི་གྲངས་ཅན་པ་རྣམས་ཀྱིས་ཇི་ལྟར་སྐྱེས་བུ་ཤེས་པ་རིག་པས་ཡོན་ཏན་གསུམ་ཆ་མཉམ་པ་གཙོ་བོའི་རང་བཞིན་ཡུལ་དུ་བྱས་པ་ན། མི་མཉམ་པའི་རང་གི་མཚན་ཉིད་ཀྱི་དངོས་པོ་སྣ་ཚོགས་མེད་པར་རྟོགས་པའོ། །ཡང་རང་གི་སྡེ་པ་རྣམས་ཀྱི་དབང་དུ་བྱས་ན།
དངོས་པོའི་རང་བཞིན་མེད་པ་ནི་ཉན་ཐོས་སྡེ་པ་རྣམས་ཀྱིས་འདུ་བྱེད་ཀྱི་འཇུག་པ་ཐམས་ཅད་རྒྱུན་ཆད་ནས་མེད་པ་ནི་མྱ་ངན་ལས་འདས་པ་སྟེ། ཇི་སྐད་དུ། མ་ཞུམ་པ་ཡི་སེམས་ཀྱིས་ནི། །ཚོར་བ་དང་དུ་བླང་མི་བྱ། །མར་མེ་ཤི་བར་གྱུར་པ་བཞིན། །དེ་ཡི་སེམས་ནི་རྣམ་པར་
ཞི། །ཞེས་བསྟན་པ་ལྟ་བུའོ། །གཞན་ཡང་སངས་རྒྱས་ཀྱི་ཡེ་ཤེས་རྒྱུན་ཆད་པར་འདོད་པ་རྣམས་ཀྱང་འདི་ཉིད་དང་རྗེས་སུ་མཐུན་པའོ། །གཉིས་པའི་དོན་ནི་སེམས་ཙམ་རྣམ་པ་བརྫུན་པར་སྨྲ་བ་གང་དག །ད་ལྟར་སོ་སོ་སྐྱེ་བོའི་དུས་ན་གཟུང་འཛིན་གྱི་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་
བརྫུན་པ་ཉིད་དེ། ཇི་སྐད་དུ། རིག་བྱ་རིག་བྱེད་རྣམ་པ་མེད། །སྐྲ་སོགས་ཤེས་པའི་ཐ་དད་བཞིན། །གང་ཚེ་གཟུང་འཛིན་རྣམ་ཕྱེ་བའི། །མཚན་ཉིད་རྣམ་པར་བསླད་པ་ཅན། །ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་དེ་ལྟར་སྣང་བ་ནི་ཐོག་མ་མེད་པའི་འཁྲུལ་པའི་བག་ཆགས་
Vol. 122 · folio 180a
ཀྱི་དབང་གིས་ཏེ། དེས་ན་བག་ཆགས་ཐམས་ཅད་སྤངས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་མཚན་ཉིད་སྣ་ཚོགས་སུ་སྣང་བའི་རྣམ་པས་དབེན་པ་གཉིས་སུ་མེད་པའི་རང་རིག་པ་འབའ་ཞིག་སྟེ། དེ་འདྲ་བ་ནི་སངས་རྒྱས་ཀྱི་མྱ་ངན་ལས་འདས་
པ་ཞེས་ཁས་ལེན་པའོ། །དེ་ཡང་སེམས་ཙམ་གྱི་གནས་སྐབས་ནི་ཤེས་པ་གཉིས་མེད་ཀྱི་ངོ་བོ་ཡུལ་གྱི་རྣམ་པས་ཁ་མ་བསྒྱུར་བ་དོན་དམ་པའི་དངོས་པོར་འདོད་དེ། དེ་ཡང་སྐད་ཅིག་གི་བདག་ཉིད་པས་ན་ཕྱི་རོལ་པ་རྣམས་དང་མི་མཚུངས་པའོ། །འདི་ནི་མི་འཐད་དེ། ཤེལ་སྒོང་དག་པ་
འདྲ་བ་ཡི། །ཤེས་པ་རབ་ཏུ་ཚོར་བ་མེད། །ཅེས་གསུངས་པ་དེ་འདྲ་བ་ལ་སྒྲུབ་བྱེད་མེད་པ་དང་། སྐད་ཅིག་གི་དངོས་པོ་ནི་རྒྱུ་མེད་པ་མི་འཐད་ལ། རྒྱུ་ལས་སྐྱེ་བའི་ཕྱོགས་ཀྱང་སྔར་བཀག་ཟིན་པའི་ཕྱིར་རོ། །རང་གི་མཚན་ཉིད་ཀྱི་དངོས་པོ་མེད་པར་རྟོགས་པ་ནི་རྣམ་པར་རིག་པ་
ཙམ་དུ་སྨྲ་བ་རྣམས་ཀྱིས་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ངོ་བོར་གྱུར་པའི་རང་གི་མཚན་ཉིད་ཀྱི་དངོས་པོ་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དོན་དམ་པ་དངོས་པོར་གྱུར་པ་སྤངས་པ་དང་། རྟོག་པ་རབ་ཀྱི་མཐར་ཐུག་པས་ཕྱེ་བ་ནི་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཉིད་དུ་
འདོད་པའོ། །ཕུང་པོ་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་རྒྱུད་ཀྱི་རྒྱུན་ཆད་པ་ནི་ཉན་ཐོས་སྡེ་པ་རྣམས་ཀྱིས་ཟག་པ་དང་བཅས་པའི་ཕུང་པོའི་རྒྱུ་རྒྱུན་ཆད་པ་ཟག་པ་མེད་པའི་དབྱིངས་ན་ཏིང་ངེ་འཛིན་གྱི་ལུས་ཙམ་དུ་གནས་པ་ནི་མྱ་ངན་ལས་འདས་པའོ་ཞེས་ཁས་ལེན་པའོ། །དེ་དག་ནི་བློ་
གྲོས་ཆེན་པོ་མུ་སྟེགས་བྱེད་རྣམས་ཀྱིས་འདོད་པའི་མྱ་ངན་ལས་འདས་པ་ཡིན་ཏེ། ངའི་གསུང་རབ་ལ་ནི་མ་ཡིན་ནོ་ཞེས་པ་ལ་འདིར་མུ་སྟེགས་བྱེད་ནི་གྲུབ་པའི་མཐའ་ཕྱིན་ཅི་ལོག་པ་ཐམས་ཅད་དོ་ཞེས་འོག་ནས་སྟོན་པར་འགྱུར་རོ། །དེ་རྣམས་མྱ་ངན་ལས་འདས་པ་མ་ཡིན་པའི་རྒྱུ་
མཚན་ཡང་། དངོས་པོར་མངོན་ཞེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་མི་བཟད་འབྱུང་། །ཞེས་པ་ལ་སོགས་པ་སྔར་རྒྱས་པར་བསྟན་ནོ། །ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་ལྡོག་པར་འགྱུར་ལ་ཞེས་པའི་དོན་ནི་ཇི་ལྟར་བྱིས་པའི་སྐྱེ་བོའི་རྣམ་པར་ཤེས་པའི་ཚོགས་བརྒྱད་ལོག་ཅིང་གནས་
Vol. 122 · folio 180b
པར་གྱུར་པ་མྱ་ངན་ལས་འདས་པའོ་ཞེས་མི་གསུང་པར། རྟོག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་ལོག་པར་མྱ་ངན་ལས་འདས་པའོ་ཞེས་དམིགས་ཀྱིས་བསལ་བ་དང་བཅས་ཏེ་གསུངས་པ་དང་མི་འཐད་ཅེས་རྒོལ་བའོ། །ལམ་གྱི་དོན་ནི་འདིར་ཉོན་མོངས་པ་ཅན་གྱི་
ཡིད་དང་ལྷན་ཅིག་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཀུན་གཞི་ལས་བྱུང་ཞིང་ཀུན་གཞི་ལ་དམིགས་པ། སྒོ་ལྔའི་རྣམ་པར་ཤེས་པ་དང་། དེ་དག་གི་ཡུལ་ལ་བྱེ་བྲག་འབྱེད་ཅིང་། དངོས་པོའི་རང་བཞིན་དུ་རྣམ་པར་རྟོག་པ་ནི་ཀུན་གཞི་ལ་རྣམ་པར་ཤེས་པ་ཐམས་ཅད་ཀྱི་བག་ཆགས་
འཇོག་ཅིང་རྒྱས་པར་བྱེད་པས་དེ་ལ་བརྟེན་ནས་འཇུག་པའི་རྣམ་པར་ཤེས་པ་ཐམས་ཅད་འབྱུང་ཞིང་། དེ་ཉིད་བཟློག་པ་རྣམ་པར་ཤེས་པ་བདུན་པོ་ཐམས་ཅད་ཀྱང་ལྡོག་པར་འགྱུར་བས་དེ་ཉིད་ལོག་པ་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་དམིགས་ཀྱིས་བསྟན་པ་སྟེ། ཕྱིན་ཅི་ལོག་གི་རྣམ་པར་
ཤེས་པ་དེ་འདྲ་བ་ལོག་ཅིང་ཡང་དག་པའི་ཤེས་རབ་ཀྱིས་རྣམ་པར་ཤེས་པ་དེ་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དུ་རྟོགས་ན་བག་ཆགས་ལ་སོགས་པར་མི་བྱེད་པས་ཕྱིན་ཅི་ལོག་གི་རྣམ་པར་ཤེས་པ་ཐམས་ཅད་ལྡོག་པའོ། །འདིར་ཚིག་གི་དོན་བཤད་པ་ལ་དེའི་རྒྱུ་དང་དམིགས་པའི་
ཕྱིར་ཞེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་དེའི་རྒྱུ་དང་དམིགས་པ་ནི་ཀུན་གཞི་ཡིན་པའི་ཕྱིར་དེའི་ཕྱིར་དེ་ལ་བརྟེན་ནས་བདུན་པོ་རྣམས་འབྱུང་བའོ། །ཚུལ་ཇི་ལྟར་འབྱུང་ཞེ་ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། སྔར་བསྟན་པ་ལྟར་ཡིད་ཀྱི་རྣམ་པར་ཤེས་པས་དེ་རྣམས་
དངོས་པོའི་རང་བཞིན་དུ་བརྟགས་པས་ཀུན་གཞི་ལ་བག་ཆགས་རྒྱས་པར་བྱས་པའི་ཚུལ་གྱིས་འབྱུང་བའོ། །དེ་ཉིད་གསལ་བར་བསྟན་པ་ནི་ཡིད་དང་ཞེས་པ་ལ་སོགས་པ་སྟེ། ཉོན་མོངས་པ་ཅན་གྱི་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་ལྷན་ཅིག་ཏུ་ཀུན་གཞི་ལ་བདག་དང་བདག་གིར་མངོན་
པར་ཆགས་པས་ངར་སེམས་པ་སྟེ། ཉོན་མོངས་པ་ཅན་གྱི་ཡིད་དང་མཐུན་པར་རྗེས་སུ་འཇུག་པའོ། །དེ་ལྟར་འཇུག་པའི་དབང་གིས་ཀུན་གཞི་ལ་བག་ཆགས་རྒྱས་པར་བྱས་པས་ཀུན་གཞི་རྣམ་པར་ཤེས་པ་དེ་ཉིད་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྒྱུ་དང་དམིགས་པར་གྱུར་པའོ། །
Vol. 122 · folio 181a
ལུས་ཐ་དད་པ་མ་ཡིན་ཞེས་པ་ནི་སྔར་བསྟན་པ་ལྟར་རྒྱ་མཚོ་དང་རླབས་བཞིན་དུ་གནས་པའོ། །གཅིག་གི་རྒྱུར་གཅིག་གྱུར་པ་ནི་བག་ཆགས་དང་བཅས་པའི་ཀུན་གཞི་ཡང་འཇུག་པའི་རྣམ་པར་ཤེས་པས་སྐྱེད་ལ། དེ་ལས་ཀྱང་འཇུག་པའི་རྣམ་པར་
ཤེས་པ་འབྱུང་བ་དང་། འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱང་ཕན་ཚུན་གཅིག་གི་རྒྱུར་གཅིག་འགྱུར་བ་སྟེ། དོན་ཞིབ་ཏུ་ནི་སྔར་བསྟན་ནོ། །བྱ་བ་དང་ནི་མཚན་ཉིད་དང་། །དངོས་པོར་མྱ་ངན་ང་མི་འདའ། །ཞེས་པའི་དོན་ནི་ཇི་ལྟར་སྤྲུལ་པའི་སྐུ་མྱ་ངན་ལས་འདའ་བ་ཡང་སེམས་
ཅན་གྱི་དོན་བྱེད་པའི་བྱ་བ་ཕྲིན་ལས་ཉིད་ཡིན་ལ་གཞན་ཡང་ཚེའི་དུས་བྱེད་པ་ལྟ་བུར་སྟོན་པའི་མཚན་ཉིད་དང་། དེ་ལ་སོགས་པ་པུར་ཞུགས་ལ་བཞེན་པ་དང་། སྐུ་གདུང་ལ་སོགས་པའི་དངོས་པོར་སྟོན་པ་ནི་གདུལ་བྱའི་སྣང་བ་ཉིད་ཡིན་གྱི། སངས་རྒྱས་ཀྱི་རང་བཞིན་ལ་དེ་འདྲ་
བ་མེད་ཅེས་པའོ། །དེ་རྒྱུ་དེ་ལ་དམིགས་ཞེས་པ་ལ་སོགས་པས་ནི་ཀུན་གཞི་དེ་ཉིད་རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྒྱུ་དང་དམིགས་པ་སྟེ། དེ་ཉིད་ཀྱི་ཕྱིར་དེ་ལ་བརྟེན་ནས་ཉོན་མོངས་པ་ཅན་དང་། ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུད་ཀྱང་རྒྱུན་ཆགས་སུ་གནས་པའོ། །སེམས་ཀྱི་རྒྱུ་
རྣམས་དེ་འབྱིན་ཞེས་པ་ནི་ས་བོན་དང་བཅས་པའི་ཀུན་གཞིས་འཇུག་པའི་རྣམ་པར་ཤེས་པ་རྣམས་འབྱིན་པ་སྟེ། དེས་ན་རྣམ་པར་ཤེས་པའི་རྒྱུན་ཀྱང་རབ་ཏུ་གནས་ཤིང་འབྱུང་བའོ། །རྣམ་པ་སྣ་ཚོགས་ཀྱང་འགགས་པ་ཞེས་པ་ནི་ས་བོན་སྣ་ཚོགས་སོ། །དེ་ལྟར་ན་རྟོག་པ་
དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པས་ཀུན་བརྟགས་པའི་རང་བཞིན་རབ་ཏུ་དབྱེ་བའི་ཚུལ་ཇི་ལྟར་འགྱུར་ཞེ་ན། གཞན་ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། ཀུན་བརྟགས་པའི་རང་བཞིན་སྔར་བསྟན་པ་དེ་ཉིད་རབ་ཏུ་དབྱེ་བའི་སྒོ་ནས་རྒྱས་པར་སྟོན་ཏོ། །དེ་ལྟར་
བསྟན་པས་ཀྱང་ཀུན་བརྟགས་པའི་རང་བཞིན་ཇི་ལྟ་བ་བཞིན་རྟོགས་པས་དེ་ལྟར་རྟོག་པའི་བློ་ཉིད་ལྡོག་པར་འགྱུར་བའོ། །གང་ལ་གནས་ཏེ་བརྗོད་པར་འཇུག་པར་འགྱུར་ཞེས་པ་ནི་ཤེས་བྱ་གང་ལ་དམིགས་ཏེ་བརྗོད་པ་འཇུག་པར་འགྱུར་བའི་བརྗོད་བྱ་ཡོད་དོ་ཞེས་པའོ། །རྒྱུའི་
Vol. 122 · folio 181b
མཚན་ཉིད་ལ་སྐྱེ་བ་ཡོད་པ་དང་མེད་པ་སྣང་བར་བྱེད་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ཉིད་དུ་དམིགས་པའོ། །ཡང་ན་སྔར་ནས་ཡོད་པའི་དངོས་པོ་རྒྱུ་དང་རྐྱེན་གྱིས་གསལ་བར་བྱེད་པའམ། སྔར་མེད་པ་ཉིད་རྒྱུ་དང་རྐྱེན་གྱིས་སྣང་བར་བྱེད་པ་སྟེ། གྲངས་ཅན་དང་བྱེ་བྲག་པ་ལ་སོགས་པས་
འདོད་པ་བཞིན་ནོ། །རིག་པ་ལ་རྣམ་པར་རྟོག་པ་ནི་ཇི་ལྟར་བདག་རྟག་པའི་ངོ་བོ་འགའ་ཞིག་མེད་ན། ལས་དང་འབྲས་བུའི་འབྲེལ་པ་མི་འཐད་པར་འགྱུར་བ་ལས་དེ་ཉིད་ཡོད་པའི་ཕྱིར་གང་ཟག་གི་བདག་ཡོད་ཅིང་། དེ་ལ་ལྟོས་ནས་བཞག་པ་བདག་གི་བའི་མཚན་ཉིད་ཀྱང་ཡོད་དེ།
དེ་ལྟར་འཇོག་པ་ནི་རིགས་པ་དམ་པ་ཡིན་ནོ་ཞེས་རྣམ་པར་རྟོག་པའོ། །སྐྱེ་བ་ལ་རྟོག་པ་ནི་འབྲས་བུའི་ཕྱོགས་ནས་སོ། །མི་སྐྱེ་བ་ལ་རྣམ་པར་རྟོག་པ་ནི་རྒྱང་འཕེན་པ་རྣམས་ཀྱིས་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་དངོས་པོ་ཐམས་ཅད་སྔོན་གྱི་ལས་དང་ཉོན་མོངས་པའི་རྒྱུས་སྐྱེད་པ་ནི་མ་
ཡིན་གྱི། འོན་ཀྱང་སྔར་མེད་པ་ལས་ས་ལ་སོགས་པའི་འབྱུང་བ་འདུས་པའི་རྐྱེན་གྱིས་སྤང་ལས་ཤ་མོ་རྡོལ་བའི་ཚུལ་དུ་གློ་བུར་དུ་བྱུང་བའོ་ཞེས་རྟོག་པའོ། །དེ་ལྟར་ན་རྒྱུ་ལ་རྣམ་པར་རྟོག་པ་དང་། སྐྱེ་བ་ལ་རྣམ་པར་རྟོག་པ་དང་། མི་སྐྱེ་བ་ལ་རྣམ་པར་རྟོག་པ་གསུམ་ནི་ལྡོག་པ་མི་
འདྲ་བའི་སྒོ་ནས་སོ་སོར་བསྟན་ཀྱང་རྒྱུ་འབྲས་ལ་རྣམ་པར་རྟོག་པ་གཅིག་ཉིད་དུ་འདུས་པའོ། །འབྲེལ་པ་ནི་བདག་ཉིད་གཅིག་པ་དང་དེ་ལས་བྱུང་བའམ། ཡང་ཕྱི་རོལ་པ་རྣམས་ཀྱིས་བརྟགས་པའི་སྦྱོར་བ་དང་། འདུ་བའི་འབྲེལ་བ་ལ་སོགས་པའོ། །བཅིངས་པ་དང་མ་བཅིངས་
པ་ལ་རྣམ་པར་རྟོག་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པའམ། དེ་ལས་གཞན་འཇིག་རྟེན་གྱི་ཐ་སྙད་དུ་བྱ་བའི་བཅིངས་པ་དང་མ་བཅིངས་པའོ། །བློ་གྲོས་ཆེན་པོ་དེ་དག་ནི་ཞེས་པ་རྣམ་པར་རྟོག་པ་དེ་རྣམས་ཀྱིས་བརྟགས་པའོ། །འདིར་ཀུན་བརྟགས་པའི་རང་བཞིན་
གྱི་རྣམ་པར་དབྱེ་བ་འདི་རྣམས་ལས་མང་བའམ་ཉུང་བ་ཉིད་དུ་མི་སྟོན་པར་འདི་རྣམས་འབའ་ཞིག་ཙམ་བསྟན་པ་ནི་གདུལ་བྱ་ཉེ་བའི་བསམ་པ་ལ་དགོངས་པ་སྟེ། འདི་དག་ཙམ་བསྟན་པས་གདུལ་བ་ཉིད་དུ་གཟིགས་པའོ། །དེ་ལས་གཞན་པའི་གྲངས་ངེས་པའི་རྒྱུ་མཚན་ནི་མ་
Vol. 122 · folio 182a
མཐོང་ངོ་། །གལ་ཏེ་ཀུན་བརྟགས་པའི་རང་བཞིན་ནི་རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་ནམ། དེའི་ཕྱིར་བྱིས་པའི་སྐྱེ་བོ་མངོན་པར་ཆགས་པའི་ཡུལ་དུ་མི་འཐད་དོ་ཞེ་ན། བློ་གྲོས་ཆེན་པོ་གཞན་གྱི་དབང་གི་མཚན་ཉིད་ལ་ཞེས་པ་ལ་སོགས་པ་སྨོས་ཏེ། སྔར་
བཤད་པ་ལྟར་རྣམ་གྲངས་ཀྱི་ཀུན་དུ་བརྟགས་པ་བློའི་སྣང་བ་དེ་ཉིད་བློའི་བདག་ཉིད་དུ་གྱུར་པའི་གཞན་གྱི་དབང་ཡང་དེ་ཡིན་ཏེ། དེ་ཉིད་ལ་མངོན་པར་ཆགས་ཤིང་རྟོག་པའོ། །དེ་ཡང་ཇི་ལྟར་སྒྱུ་མས་སྤྲུལ་པའི་གནས་སྣ་ཚོགས་སུ་སྣང་བ་ལ་ཕྱི་རོལ་གྱི་རྟ་དང་གླང་པོ་ལ་སོགས་པར་མཐོང་བ་བཞིན་དུ་
བྱིས་པ་རྣམས་ཀྱིས་སེམས་ཉིད་རིག་པའི་སྒྱུ་མ་ལ་གཟུང་འཛིན་གྱི་རྣམ་པ་སྣ་ཚོགས་སུ་མཐོང་ཞིང་ཞེན་པའི་བློས་རྣམ་པར་རྟོག་སྟེ། བློ་གྲོས་ཆེན་པོ་དེ་ལ་རྣམ་པ་སྣ་ཚོགས་སུ་སྣང་བ་དང་། སེམས་ཉིད་རིག་པའི་སྒྱུ་མ་ནི་གཅིག་པ་མ་ཡིན་ཏེ། སྔར་རྣམ་པ་བདེན་པའི་ཕྱོགས་དགག་པ་རྒྱས་
པར་བསྟན་ནོ། །ཡང་རྣམ་པ་སྣ་ཚོགས་སེམས་ལས་ཐ་དད་པའི་ཕྱི་རོལ་གྱི་ངོ་བོར་གྱུར་པ་ཡང་མ་ཡིན་ཏེ། རྣམ་པ་སྣ་ཚོགས་སུ་སྣང་བ་སེམས་ཀྱི་རྒྱུ་ལས་བྱུང་བ་མ་ཡིན་པར་འགྱུར་ཏེ། ཁྱབ་པའི་དོན་ནི་སྔར་བསྟན་ནོ། །དེ་སྟེ་སྣ་ཚོགས་དང་སྒྱུ་མ་ཐ་མི་དད་པ་དེ་གཅིག་ཉིད་ཡིན་ན་ནི། དེ་
དག་བྱེ་བྲག་མེད་པར་འགྱུར་ཏེ། ཇི་སྐད་དུ། གང་ཕྱིར་སྣ་ཚོགས་ངོ་བོ་རུ། །སྣང་བ་ཅན་གྱི་དངོས་པོར་གཅིག །རྣམ་པ་རྣམས་བདེན་ཇི་ལྟར་འགྱུར། །གཅིག་པ་ཉིད་དེ་ཉམས་ཕྱིར་རོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེའི་དོན་ཡང་ཕ་རོལ་པོ་སྣ་ཚོགས་གཉིས་
སུ་མེད་པར་སྨྲ་བ་རྣམས་ཀྱིས་རྣམ་པ་སྣ་ཚོགས་སུ་སྣང་བ་ནི་ཤེས་པ་གཅིག་གི་བདག་ཉིད་དུ་བདེན་པར་འདོད་པ་ལ་དེ་ལྟ་ན་ཤེས་པ་གཅིག་པོ་ཉིད་དུ་མར་འགྱུར་ཏེ་དུ་མ་དང་ཐ་མི་དད་པའི་ཕྱིར། དཔེར་ན་སྐར་མའི་དཀར་པོ་བཞིན་ནོ། །དེ་བཞིན་དུ་རྣམ་པ་རྣམས་ཀྱང་གཅིག་ཉིད་དུ་
འགྱུར་ཏེ་གཅིག་དང་ཐ་མི་དད་པའི་ཕྱིར་རོ། །གལ་ཏེ་རྣམ་པ་རྣམས་གཅིག་ཏུ་འགྱུར་བ་ནི་འདོད་པ་ཉིད་ཡིན་ལ། ཤེས་པ་དུ་མ་ཉིད་དུ་འགྱུར་བ་ལ་དུ་མ་དངོས་དང་ཐ་མི་དད་པའི་ཕྱིར་ཞེས་གཏན་ཚིགས་སུ་སྦྱོར་ན་ནི་གཏན་ཚིགས་འདི་མ་གྲུབ་པར་འགྱུར་ལ། དུ་མར་སྣང་བ་དང་ཐ་
Vol. 122 · folio 182b
མི་དད་པའི་ཕྱིར་ཞེས་གཏན་ཚིགས་སུ་སྦྱོར་ན་ནི་ཁྱབ་པ་མ་གྲུབ་སྟེ་དུ་མར་སྣང་བ་ནི་དུ་མར་བདེན་པ་མ་ཡིན་ཞིང་རང་བཞིན་གཅིག་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དུ་མར་སྣང་བ་དངོས་པོའི་བདག་ཉིད་དུ་བདེན་པ་དང་། སྐྱེ་འགག་གི་རྣམ་པར་འགལ་བ་སྟེ། ཇི་ལྟར་དཀར་པོའི་
རྣམ་པར་སྣང་བ་འགགས་ཀྱང་དམར་པོའི་རྣམ་པར་སྣང་བ་མི་འགག་ཅིང་། དེ་བཞིན་དུ་དེ་འགགས་ཀྱང་ཅིག་ཤོས་མི་འགག་ལ་གཅིག་སྐྱེས་ཀྱང་གཞན་མི་སྐྱེ་བས་དེ་རྣམས་སུ་སྣང་བ་ནི་དུ་མ་ཉིད་ཡིན་ཞིང་། དེ་དང་ཐ་མི་དད་པས་དུ་མ་ཉིད་དུ་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར་སྣ་ཚོགས་སུ་
སྣང་བ་གཅིག་ཉིད་དུ་འདོད་པ་ལ་ཡང་མངོན་སུམ་ལ་སོགས་པའི་བསམ་པ་འཇུག་པས། དེ་ལྟར་རིགས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྒྱུ་མ་དང་སྣ་ཚོགས་ཀྱི་བྱེ་བྲག་མཐོང་བས་ན་གཅིག་པ་ཡང་མ་ཡིན་ལ་སྔ་མ་ལྟར་རྒྱུ་འབྲས་ཉིད་དུ་མི་འཐད་པས་ཐ་དད་པ་ཡང་མ་ཡིན་ནོ། །སེམས་
ནི་ཡུལ་དང་ཀུན་དུ་འབྲེལ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་ནི་རྣམ་པར་ཤེས་པ་འཇུག་པའི་ཚུལ་སྟོན་ཏེ། དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ནི་ལུས་དང་ལོངས་སྤྱོད་ལ་སོགས་པར་སྣང་ཡུལ་དང་འབྲེལ་ཞིང་། དེ་ལས་གཞན་པའི་རྣམ་པར་ཤེས་པ་རྣམས་
ཀྱང་རྟོག་པས་བརྟགས་པའི་དོན་ལ་འཛིན་པའོ། །སྣང་བ་མེད་དང་བྱེ་བྲག་ལ། །ཤེས་རབ་ཡང་དག་རབ་ཏུ་འཇུག །ཅེས་པ་ནི། སྣང་བ་མེད་པའི་དེ་བཞིན་ཉིད་ལ་ནི་དོན་དམ་པ་ཤེས་པའི་ཤེས་རབ་འཇུག་པར་འགྱུར་ལ། གཞན་གྱི་དབང་གིས་བསྡུས་པ་ཀུན་རྫོབ་པའི་བྱེ་
བྲག་ལ་ནི་ཀུན་རྫོབ་ཤེས་པའི་ཤེས་རབ་འཇུག་པའོ། །ཀུན་བརྟགས་པའི་རང་བཞིན་ཞེས་པ་ལ་སོགས་པས་ནི། གཞན་དབང་དོན་དམ་པ་ཉིད་འགོག་པ་སྟེ། དེ་ལ་སྔར་བསྟན་པ་ལྟར་རྣམ་གྲངས་ཀྱི་ཀུན་བརྟགས་རྟོག་པའི་གཟུང་བ་ནི་ཀུན་རྫོབ་ཏུ་རྟོག་པའི་བློ་ཉིད་དུ་ཡོད་ཅིང་བློའི་
ངོ་བོར་གྱུར་པའི་གཞན་དབང་ནི་དེ་ཁོ་ན་ཉིད་དུ་མེད་པ་སྟེ། དེ་ལྟ་ན་བློའི་ངོ་བོ་དོན་དམ་པ་ཉིད་དུ་མྱོང་བ་མི་འཐད་དོ་ཞེ་ན། ནོར་པ་དག་གིས་བརྟགས་པ་སྣང་། །ཞེས་པ་སྟེ། དེ་ལྟར་སྣང་བ་ནི་ཕྱིན་ཅི་ལོག་གི་བློས་བརྟགས་པ་ཉིད་རྟོག་པའི་བློའི་ངོ་ན་སྣང་བ་སྟེ། ཕྱིན་ཅི་ལོག་ཡིན་པའི་
Vol. 122 · folio 183a
ཕྱིར་དེ་ལ་དེ་ལྟར་མི་བརྟག་ཅེས་ཉེ་བར་གདམས་པའོ། །དེ་ཡང་ཇི་ལྟར་སྔགས་དང་སྨན་ལ་སོགས་པའི་ཡན་ལག་མང་པོས་གྲུབ་པའི་སྒྱུ་མའི་གླང་པོ་ལ་སོགས་པར་སྣང་བ་དབང་པོ་མ་བསླད་པ་རྣམས་ཀྱི་བློའི་ངོ་ན་མ་གྲུབ་པ་དེ་བཞིན་དུ་གཞན་གྱི་དབང་གི་མཚན་མ་སྣ་
ཚོགས་ཀྱང་། ཡང་དག་པའི་རིགས་པས་བརྟགས་ན་མི་འགྲུབ་པའོ། །དེ་ཉིད་གཞན་གྱི་དབང་དུ་ཇི་ལྟར་འགྱུར་ཞེ་ན། མཚན་མ་གནས་ངན་ལེན་གྱི་དངོས་ཞེས་པ་ལ་སོགས་པ་གསུངས་ཏེ། རྣམ་པར་རྟོག་པའི་མཚན་མ་དང་། དེས་བསྒོས་པའི་བག་ཆགས་ཀྱིས་བྱིས་པའི་སྐྱེ་བོ་
འཆིང་བར་བྱེད་པ་ནི། སེམས་ཉིད་སྔ་མ་རྣམས་ལས་བྱུང་བས་ཀུན་རྫོབ་ཏུ་གཞན་གྱི་དབང་ཉིད་ཡིན་ལ། དེ་ཉིད་མི་ཤེས་པ་རྣམས་ཀྱིས་དོན་དམ་པའི་དངོས་པོར་གཞག་པ་ནི་ཀུན་བརྟགས་པ་སྟེ། གཞན་གྱི་དབང་དོན་དམ་པ་ཉིད་དུ་རྣམ་པར་རྟོག་པས་བརྟགས་པའི་ཕྱིར་རོ། །གལ་
ཏེ་ཀུན་དུ་བརྟགས་པ་བློའི་ངོ་བོར་ཡོད་ན། དེ་ཉིད་རྒྱུ་མེད་པ་མི་འཐད་པས་གཞན་གྱི་དབང་དུ་འགྱུར་རོ་ཞེ་ན། རྣམ་གྲངས་ཀྱིས་ན་འགྱུར་བའོ་ཞེས་སྟོན་པ་ནི་གང་འདི་ཞེས་པ་ལ་སོགས་པ་སྟེ། ཚིགས་སུ་བཅད་པ་ཕྱེད་སྔ་མ་ནི་ཕྱེད་ཕྱི་མས་བཤད་པའོ། །ཀུན་རྫོབ་དང་ནི་ཞེས་པ་ལ་
སོགས་པས་ནི་ངོ་བོ་ཉིད་གསུམ་ཀ་ཡང་དོན་དམ་པའི་དངོས་པོར་མ་གྲུབ་པ་ཉིད་དུ་གསུངས་ཏེ། དེ་ལ་དོན་དམ་པ་ནི་དེ་བཅད་འཕགས་པའི་སྤྱོད་ཡུལ་ཞེས་པ་གཞན་གྱི་དབང་ལ་ཀུན་བརྟགས་པའི་རང་བཞིན་གྱིས་སྟོང་པ། འཕགས་པ་སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་དོན་དམ་པ་
ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། །རྒྱུ་ལས་སྐྱེ་བ་ནི་གཞན་གྱི་དབང་ངོ་། །རྣལ་འབྱོར་ཅན་གྱིས་ཞེས་པ་ལ་སོགས་པས་ཀུན་དུ་བརྟགས་པ་དངོས་པོ་མེད་པ་ཉིད་དུ་སྟོན་ཏེ། དེ་ལ་རྣལ་འབྱོར་ཅན་གྱི་དངོས་པོ་ནི་གཉིས་སུ་མེད་པའི་རང་གི་རིག་པའི་དོན་དམ་ལ་སེམས་རྩེ་གཅིག་ཏུ་གནས་པ་
སྟེ། དེ་ལྟར་གནས་པ་ན་སྣ་ཚོགས་སུ་སྣང་བ་ཤེས་པའི་རང་བཞིན་གཅིག་ཉིད་དུ་རྣམ་པར་མཛེས་ཀྱང་ཞེས་པ་སྟེ། རང་བཞིན་གཅིག་ཉིད་ལ་སྣ་ཚོགས་སུ་སྣང་བའི་རྣམ་པས་སྤྲས་ཤིང་སྣང་བའོ། །དེ་ལྟར་སྣང་ཡང་ཤེས་པའི་རང་བཞིན་ལ་སྣ་ཚོགས་ཡོད་པ་མ་ཡིན་པ་དེ་བཞིན་
Vol. 122 · folio 183b
དུ་བརྟགས་པའི་མཚན་ཉིད་ཀྱང་མེད་པའོ། །ཇི་ལྟར་ཞེས་པ་ལ་སོགས་པས་གཞན་གྱི་དབང་ངོ་བོ་ཉིད་མེད་པར་སྟོན་ཏེ། ཇི་ལྟར་རབ་རིབ་ཀྱིས་དབང་པོ་ཉམས་པ་རྣམས་ལ་སྐྲ་ཤད་ལ་སོགས་པར་སྣང་བའི་གཟུགས་ལ། དེ་ལྟར་བདེན་པའི་གཟུགས་སྣ་ཚོགས་སུ་བརྟགས་པ་ན་རྟོག་པའི་
གཟུང་བ་དེ་དག་བདེན་པའི་གཟུགས་མ་ཡིན་ཞིང་དེ་ལྟར་སྣང་བ་ཤེས་པའི་ངོ་བོར་ཡོད་པས་རྣམ་པ་ཐམས་ཅད་དུ་མེད་པ་ཡང་མ་ཡིན་པ་དེ་བཞིན་དུ། མཁས་པ་རྣམས་ཀྱིས་གཞན་གྱི་དབང་ཟུང་འཇུག་སྒྱུ་མ་ལྟ་བུར་རྟོགས་པར་བྱའོ། །ཇི་ལྟར་ཞེས་པ་ལ་སོགས་པས་ཡོངས་
གྲུབ་དངོས་པོར་མི་འཐད་པ་ཉིད་སྟོན་ཏེ། གསེར་ལ་སོགས་པ་གློ་བུར་གྱི་དྲི་མ་སྤངས་པ་བཞིན་དུ་སེམས་ཉིད་རིག་པའི་དེ་བཞིན་ཉིད་གློ་བུར་གྱི་དྲི་མ་དོན་དམ་པའི་དངོས་པོར་གྱུར་པ་སྔར་ནས་གནས་པ་དང་བྲལ་བའི་ངོ་བོ་ཉིད་དུ་བརྟགས་པ་ནི་དེ་ལྟར་མི་བདེན་ཞེས་པའོ། །བརྟགས་པ་
ལ་ནི་ཞེས་པ་ལ་སོགས་པས་ངོ་བོ་ཉིད་གཉིས་ཀྱི་རང་བཞིན་ཇི་ལྟ་བ་ཉིད་སྟོན་ཏེ། ཡོངས་སུ་གྲུབ་པ་ལ་དེ་ལྟར་བརྟགས་པའམ། གཞན་ཡང་རུང་སྟེ་ཀུན་བརྟགས་པ་ནི། ཇི་ལྟར་བརྟགས་པ་བཞིན་དངོས་པོར་མེད་ལ་གཞན་གྱི་དབང་ནི་སྒྱུ་མ་ལྟ་བུར་ཡོད་པ་སྟེ། དེ་དག་ལས་བཟློག་
སྟེ་སྒྲོ་འདོགས་པ་དང་སྐུར་བ་འདེབས་པ་ནི་སྐྱེ་བ་གཞན་དུ་བདེ་འགྲོ་དང་ཐར་པ་ཐོབ་པ་ལས་ཉམས་པར་བྱེད་པའོ། །འདིར་གཞུང་ཉིད་ཀྱང་སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐར་རྟོག་པ་ནི་རླག་པར་འགྱུར་ཞེས་འདོན་པར་བྱེད་དོ། །ཡང་གཞུང་འདི་ལྟར་ན་མཐའ་གཉིས་
སུ་བརྟགས་པའི་དོན་རིགས་པས་རྣམ་པར་བརྟགས་ན་འཇིག་པར་འགྱུར་ཞེས་པའོ། །གལ་ཏེ་ཞེས་པ་ལ་སོགས་པས་བརྟགས་པ་རྣམ་པ་ཐམས་ཅད་དུ་མེད་ཅིང་། གཞན་དབང་དོན་དམ་པ་པ་དགག་པ་ཉིད་དུ་ཚུལ་གཞན་གྱི་སྒོ་ནས་སྟོན་ཏེ། དེའི་དོན་ཡང་རྣམ་གྲངས་ཀྱི་
ཀུན་ཏུ་བརྟགས་པ་དང་། གཞན་གྱི་དབང་ནི་ངོ་བོ་གཅིག་པ་དང་། ཡང་སྔ་ཕྱིར་གྱུར་པ་རྣམས་ཕན་ཚུན་རྒྱུ་དང་འབྲས་བུ་ཉིད་དུ་ཡང་སྔར་གསུངས་ཏེ། དེས་ན་དེ་དག་གཅིག་པས་བརྟགས་པ་དངོས་པོ་མེད་པར་གཞན་གྱི་དབང་གི་དངོས་པོ་ཉིད་འགྱུར་བའམ། དེ་བཞིན་དུ་དངོས་པོ་
Vol. 122 · folio 184a
ཉིད་དུ་ཡང་དངོས་པོ་མེད་པར་འགྱུར་བ་སྟེ། འགལ་བ་བདག་ཉིད་གཅིག་ཏུ་འགྱུར། །ཞེས་པའོ། །གཞན་ཡང་དེ་དག་རྒྱུ་འབྲས་ཉིད་ཡིན་པའི་ཕྱིར་དངོས་པོ་མེད་པ་ལས་དངོས་པོ་སྐྱེ་བར་འགྱུར་བའམ། མིང་དང་མཚན་མས་འབྲེལ་པའི་གཞན་གྱི་དབང་
གི་དངོས་པོ་ལས་ཀུན་བརྟགས་པའི་དངོས་པོ་མེད་པ་སྐྱེ་བར་འགྱུར་བའོ། །ཀུན་བརྟགས་པ་ལ་གནས་ནས་ནི། །གཞན་གྱི་དབང་ནི་ཉེ་བར་དམིགས། །ཞེས་པ་ནི་རྒྱུ་འབྲས་ཀྱི་དོན་ཉིད་གསལ་བར་བསྟན་པ་སྟེ། སྔར་བཤད་པ་བཞིན་ནོ། །མིང་དང་མཚན་མ་འབྲེལ་ཞེས་པ་
ནི་བརྗོད་པ་དང་འདྲེས་པར་སྣང་བ་རྟོག་པའི་གཟུང་བ་སྟེ། རྟོག་པ་ཉིད་ཀྱི་བདག་ཉིད་དུ་གྱུར་པའི་གཞན་གྱི་དབང་ངོ་། །བརྟགས་པ་ཤིན་དུ་མ་གྲུབ་སྟེ། གཞན་ལས་འབྱུང་བ་ནི་མ་ཡིན་ནོ་ཞེས་པ་ནི་ཐལ་བ་ལས་བཟློག་པའི་དོན་ཏེ། ནམ་མཁའི་པདྨ་ལྟར་ཤིན་དུ་མ་གྲུབ་པ་ནི་གཞན་ལས་
འབྱུང་བའི་འབྲས་བུར་མི་འཐད་ཅེས་པའོ། །དེའི་ཕྱིར་རྣམ་གྲངས་ཀྱི་ཀུན་དུ་བརྟགས་པ་ནི་ཀུན་རྫོབ་ཏུ་བློའི་བདག་ཉིད་དུ་ཡོད་ལ། བློའི་ངོ་བོར་གྱུར་པའི་གཞན་དབང་ཡང་དོན་དམ་པའི་དངོས་པོར་མི་འཐད་དེ། སྔར་བསྟན་པ་བཞིན་ནོ། །ཡང་འདི་དག་གི་ཁྱད་པར་ནི་མཚན་
ཉིད་ཡོངས་སུ་ཆད་པའི་ཀུན་དུ་བརྟགས་པ་ནི་ཀུན་རྫོབ་ཙམ་དུ་ཡང་མེད་ལ། གཞན་གྱི་དབང་ནི་ཡོད་པ་སྟེ་སྔར་བསྟན་པ་དང་འགལ་བ་མེད་པ་ནི་རྟོགས་པར་སླའོ། །ཐལ་བ་ལས་བཟློག་པའི་གཏན་ཚིགས་གཞན་ཡང་དངོས་པོ་དངོས་པོ་མེད་པར་འགྱུར་བ་མེད་པ་ཡིན་པ་དང་།
དངོས་པོ་མེད་པ་ལས་དངོས་པོ་སྐྱེ་བ་མི་འཐད་པའི་ཕྱིར་ཡང་རྣམ་གྲངས་ཀྱི་ཀུན་བརྟགས་ཀུན་རྫོབ་ཏུ་ཡང་མེད་ལ། གཞན་དབང་བདེན་པར་ཡོད་པ་མི་འཐད་ཅེས་པའོ། །དེ་ཚེ་དོན་དམ་རང་བཞིན་ནི། །ཞེས་པ་ལ་སོགས་པས་དོན་དེ་ལྟར་རྟོགས་པའི་ཕན་ཡོན་འཆད་དོ། །དེ་ནས་ཚིག་
རྐང་གཉིས་ཀྱིས་དེ་དག་གི་དབྱེ་བ་སྟོན་ཏོ། །སྔར་བསྟན་པ་ལྟར་ཀུན་དུ་བརྟགས་པ་གསུམ་ནི་རྒྱུ་འབྲས་སུ་བརྟགས་པ་གཅིག་ཉིད་དུ་འདུས་པས་བཅུ་གཉིས་སུ་གསུངས་པ་དང་མི་འགལ་ལོ། །གལ་ཏེ་ཐེག་པ་ཆེན་པོའི་ཚུལ་ལ་རྣམ་པར་ཤེས་པའི་ཚོགས་བརྒྱད་ཉིད་དུ་ཁས་ལེན་
Vol. 122 · folio 184b
པས་གཞན་གྱི་དབང་དྲུག་ཏུ་མི་འཐད་དོ་ཞེ་ན། དེ་ལྟར་བདེན་མོད་ཀྱི་ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་ཡིད་ནི་རྒྱུ་བ་ཆ་ཕྲ་བ་རྣམ་པ་གསལ་བ་མེད་པས་འདིར་མ་སྨོས་པ་ཙམ་དུ་ཟད་དོ། །སོ་སོ་རང་གིས་ཞེས་པ་ལ་སོགས་པས་སོ་སོ་རང་གིས་རིག་པའི་དེ་བཞིན་ཉིད་ལ་དེ་འདྲ་བའི་བྱེ་
བྲག་ཏུ་དབྱེ་བ་མི་འཐད་པ་ཉིད་དུ་སྟོན་ཏེ། སྣ་ཚོགས་སུ་རྣམ་པར་གཞག་པ་ནི་དེ་བཞིན་ཉིད་ཀྱི་ངོ་བོར་རོ་གཅིག་ཅིང་། དེ་ཉིད་རྣལ་འབྱོར་ཅན་རྣམས་ཀྱིས་རྟོགས་ཤིང་། གོམས་ན་དེ་བཞིན་ཉིད་མངོན་དུ་གྱུར་པ་ཆོས་སྐུའི་རང་བཞིན་ཐོབ་པ་ལས་མི་འདའ་བའོ། །གལ་ཏེ་བརྗོད་
པ་དང་འདྲེས་པར་སྣང་བ་གཞན་གྱི་དབང་ཉིད་དུ་འགྱུར་ན། མིང་དང་མཚན་མ་དག་མཚུངས་པ་ཡིན་ནམ་སྙམ་དུ་སེམས་ན་ནི་མཚན་མ་དག་ནི་ཞེས་པ་ལ་སོགས་པ་སྟེ། འདིའི་དོན་ནི་སྔར་བསྟན་ནོ། །ཀུན་བརྟགས་པ་ཞེས་པ་ལ་སོགས་པས་ནི་སྔར་བསྟན་པ་ལྟར་རྣམ་གྲངས་
ཀྱི་ཀུན་དུ་བརྟགས་པ་དང་། མཚན་མ་ནི་གཞན་གྱི་དབང་སྔ་མ་རྣམས་ལས་འབྱུང་བའོ། །བློས་ཞེས་པ་ལ་སོགས་པས་ནི་ངོ་བོ་ཉིད་གསུམ་དངོས་ལ་མེད་པ་ཉིད་དུ་བསྡུས་ཏེ་བསྟན་པའོ། །ཅི་ཞིག་རྣམ་པར་བརྟག་ཅེས་པ་ནི་ཁྱད་པར་གྱི་ཆོས་ཅི་དང་ཅི་འདྲ་བར་རྣམ་པར་བརྟག་
སྟེ། བརྟག་བྱའི་དོན་དེ་འདྲ་བ་གྲུབ་པ་མེད་ཅེས་པའོ། །གལ་ཏེ་འདིར་ཡོད་པ་དང་མེད་པའི་མཐའ་གཉིས་སྤངས་པའི་གྲུབ་པའི་དངོས་པོ་རྣམ་པར་རིག་པ་ཙམ་གྱིས་དབུ་མ་དོན་དམ་པའི་དངོས་པོར་ཡོད་དོ་ཞེ་ན། དེ་འདྲ་བ་འགལ་ཏེ་ཡོད་པ་དང་མེད་པ་ནི་རྣམ་གཅོད་དང་ཡོངས་གཅོད་
ཀྱི་འགལ་བ་ཡིན་པས་གཅིག་བཀག་པས་གཞན་གྲུབ་པ་ལ་ལྟོས་པའི་ཕྱིར། དེ་དག་གཉིས་ལས་གྲོལ་བ་ནི་ཕྱིར་ཞིང་གཉིས་ཀའི་བདག་ཉིད་དུ་འགྱུར་ན་དེ་འདྲ་བ་ནི་མི་སྲིད་པའོ། །དེ་ལྟ་ན་དེ་འདྲ་བའི་འགལ་བ་གང་ལ་སྲིད་ཅེ་ན། ཀུན་བརྟགས་པ་ཡི་རང་བཞིན་ལ། །རང་བཞིན་
གཉིས་ནི་རབ་གནས་ཏེ། །ཞེས་པ་དེ་ལྟར་རྟོག་པའི་བློ་ཕྱིན་ཅི་ལོག་གི་ངོ་ན་ཡོད་པའོ། །དེ་ལྟར་འགལ་བ་སྣ་ཚོགས་སུ་སྣང་བ་ནི་བརྟགས་པ་ཡིན་ལ། དེ་འདྲ་བའི་ཕྱིན་ཅི་ལོག་རྣམ་པར་དག་པ་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡོངས་སུ་གྲུབ་པའོ། །
Vol. 122 · folio 185a
བརྟགས་པ་སྣ་ཚོགས་སུ་སྣང་བའི་བློ་ནི་གཞན་གྱི་དབང་སྒྱུ་མ་ལྟ་བུ་སྟེ། དེ་ལྟར་ན་ཀུན་རྫོབ་ཏུ་ངོ་བོ་ཉིད་གསུམ་གྱི་ཚུལ་མ་འདྲེས་པར་རྣམ་པར་གཞག་པའོ། །རྣམ་པ་གཞན་དུ་ཞེས་པ་ལ་སོགས་པ་ནི་གཞན་གྱི་དབང་སྒྱུ་མ་ལས་གཞན་དོན་དམ་པའི་དངོས་པོར་བརྟགས་
ན་ནི་ཕྱིན་ཅི་ལོག་ཉིད་དུ་འགྱུར་བའོ། །དེའི་ཕྱིར་དེ་ལྟར་རྟོགས་པས་གཞག་པ་ནི་བརྟགས་པ་སྟེ། ཇི་ལྟར་བརྟགས་པ་བཞིན་དུ་མ་གྲུབ་ལ། རྟོག་པའི་བློ་ནི་མཐོང་ཞིང་མྱོང་བའི་ཕྱིར་ཀུན་རྫོབ་ཏུ་རྒྱུ་ལས་བྱུང་བའི་གཞན་དབང་ངོ་། །རྣམ་རྟོག་གཉིས་ལས་གྲོལ་བ་སྟེ། མཐའ་གཉིས་སུ་རྟོག་པ་
སྤངས་པའི་རིགས་པ་སྒྱུ་མ་ལྟ་བུ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྦྱོང་བར་བྱེད་པའི་ལམ་དང་། འབྲས་བུའི་བདག་ཉིད་ཀྱི་ཐེག་པ་གཅིག་ཉིད་རྒྱས་པར་སྟོན་པ་སྟེ། དེ་ལ་འཕགས་པ་སོ་སོ་རང་གི་ཡེ་ཤེས་ནི་
ལམ་གྱིས་རྟོགས་པར་བྱ་བའམ་ཐོབ་པར་བྱ་བའི་འབྲས་བུའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་ལ་མི་འཇོག་ཅེས་པ་ནི་ཐེག་པ་ཆེན་པོའི་ཚུལ་ལུགས་རྟོགས་པ་ཉིད་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྟོགས་པ་སྟེ། སྔར་གསུངས་པ་ལྟར་ཐམས་ཅད་ཀྱང་དེ་ཉིད་རྟོགས་
པའི་ཡན་ལག་ཏུ་གསུངས་པའི་ཕྱིར་རོ། །འདིར་ལན་གྱི་དོན་ལ་དང་པོ་འཕགས་པ་སོ་སོ་རང་གི་ཡེ་ཤེས་རྟོགས་པ་ནི་རྗེས་སུ་དཔག་པ་ལ་སོགས་པའི་ཚད་མ་དང་། ཡིད་ཆེས་པའི་ལུང་གིས་དེ་བཞིན་ཉིད་ཀྱི་དོན་སྤྱིའི་ཚུལ་དུ་གཏན་ལ་ཕབ་ནས། ཞི་གནས་ཀྱི་རྒྱུ་མཚན་ནམ་ཡན་ལག་
ཏུ་གཅིག་པུ་དབེན་པར་སོང་སྟེ་སྔར་བསྟན་པ་ལྟར་དྲན་པ་དང་ཤེས་རབ་ཀྱི་ཆར་གཏོགས་པ་ཆོས་ཟབ་མོ་ལ་བཟོད་པའི་རྒྱུར་གྱུར་པའི་གཟུངས་ཐོབ་པར་འགྱུར་བའི་ཐབས་འགའ་ཞིག་ལ་བརྟེན་ནས་དེ་བཞིན་ཉིད་ཀྱི་སྤྱིའི་རྣམ་པར་སྒྲོ་འདོགས་པའི་རྣམ་པར་རྟོག་པའི་དྲི་མ་ཞི་བར་བྱ་སྟེ། རྣམ་པར་
རྟོག་པ་མེད་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་ཡུལ་དུ་བྱས་ནས་སྒོམ་པར་བྱེད་པ་སྟེ། དེ་ལྟར་བསྒོམས་པའི་སྟོབས་ཡོངས་སུ་རྫོགས་པ་ན་ཐོབ་པར་འགྱུར་བའི་ཡེ་ཤེས་སོ། །ཐེག་པ་གཅིག་པོ་རྟོགས་པའི་མཚན་ཉིད་ནི་ཐེག་པ་ཆེན་པོ་གཅིག་གི་ལམ་རིག་ཅིང་ཁོང་དུ་ཆུད་པས་
Vol. 122 · folio 185b
ཐེག་པ་གཅིག་པོ་རྟོགས་པ་ཞེས་བྱའོ། །དེ་ཉིད་རིག་ཅིང་ཁོང་དུ་ཆུད་པ་གང་ཞེ་ན། འདི་ལྟ་སྟེ་ཞེས་པ་ལ་སོགས་པ་གསུངས་ཏེ། གཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་སྣང་ཞིང་རྟོགས་པའི་བློ་ལས་མ་གཏོགས་པ་ཆོས་གཞན་ནི་སྔར་བསྟན་པ་ལྟར་ཀུན་རྫོབ་ཙམ་དུ་ཡང་མི་སྲིད་
ལ། །བློ་དེ་ཉིད་ཀྱིས་དེ་བཞིན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པས། སྣ་ཚོགས་ཀྱི་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར། ཐེག་པ་གཅིག་པོ་ཁོང་དུ་ཆུད་པར་བྱས་པ་ཡིན་ནོ། །དེའི་དོན་ཡང་དེ་ལྟར་རྟོགས་པར་བྱ་བའི་དོན་ནི་རྟོགས་པ་སྣ་ཚོགས་ཀྱིས་དབེན་པའི་ཆོས་ཀྱི་དབྱིངས་
དབྱེར་མེད་པ་ཡིན་ལ། དེ་ལ་དེ་བཞིན་ཉིད་དུ་རྟོགས་པས་རྣམ་པར་རྟོག་པ་མི་འབྱུང་ཞིང་། དེ་ཡང་དབྱེར་མེད་པའི་རང་བཞིན་མཐར་ཐུག་པའི་དོན་གཅིག་ཉིད་ཡིན་པས་དེ་ལྟར་རྟོགས་པའི་ལམ་གྱི་བདག་ཉིད་ཀྱི་ཐེག་པ་ཡང་མཐར་ཐུག་པ་གཅིག་ཡིན་ཞེས་ཁོང་དུ་ཆུད་པར་བྱས་པའོ། །ཇི་
ལྟ་བ་བཞིན་དུ་གནས་པ་ནི་རྟོགས་པའི་དོན་ནོ། །ཁོང་དུ་ཆུད་པ་འདི་ནི་ཞེས་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་མཐར་ཐུག་པའོ། །དེས་ན་དེའི་ཕྱིར་ཞེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པས་ཐོབ་པའི་རྟོགས་པ་ལ་བརྟེན་ནས་འབྲས་བུ་མཐར་ཐུག་པར་འབྱིན་མ་ནུས་པས།
དེ་དག་གི་རྟོགས་པ་ནི་མཐར་ཐུག་པའི་ལམ་མ་ཡིན་ཞིང་ཐེག་པ་ཆེན་པོའི་ལམ་གྱི་ཡན་ལག་ཉིད་དུ་འགྱུར་གྱི་གཞན་དུ་མ་ཡིན་པས་ཐེག་པ་གཅིག་ཅེས་པ་སྟེ། འདིའི་དོན་ཞིབ་ཏུ་ནི་སྔར་བསྟན་ནོ། །བློ་གྲོས་ཆེན་པོས་གསོལ་པ་ཞེས་པ་ལ་སོགས་པས་དེ་ཉིད་ལ་རྩོད་པ་
སྤངས་པ་གསུངས་ཏེ། འདི་དག་གི་དོན་ནི་ཉན་ཐོས་པ་ལ་སོགས་པ་ཐེག་པ་གསུམ་དུ་བསྟན་པས་འདུལ་བར་འགྱུར་གྱི་གཞན་དུ་མ་ཡིན་པ་སྟེ། རྒྱས་པར་སྔར་གཏན་ལ་ཕབ་པོ། །དེ་བཞིན་གཤེགས་པའི་འདུལ་བ་དང་ཞེས་པ་ལ་སོགས་པའི་དོན་ནི་གདུལ་བྱའི་བསམ་
པ་ལ་ལྟོས་ནས་ཆོས་འདུལ་བ་སྣ་ཚོགས་ཐབས་ཀྱི་བྱེ་བྲག་བསྟན་པ་དང་། འདུ་འཛི་ལ་སོགས་པས་དབེན་པའི་རྣལ་འབྱོར་གྱི་ལུང་གིས་གྲོལ་བ་སྟེ། ཁྱད་པར་དུ་རང་སངས་རྒྱས་རྣམས་ཀྱི་དབང་དུ་བྱས་པའོ། །རང་གིས་མ་ཡིན་ཞེས་པ་དེ་བཞིན་གཤེགས་པའི་
Vol. 122 · folio 186a
བསྟན་པ་ལ་མ་ལྟོས་པར། རང་གི་ཤེས་རབ་ཀྱིས་གྲོལ་ཞིང་མྱ་ངན་ལས་འདའ་བ་མ་ཡིན་པའོ། །ལས་ཀྱི་བག་ཆགས་མ་སྤངས་ཞེས་པ་ནི་ཇི་སྐད་དུ། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ཉེས་པ་མཐོང་བ་བཞིན། །ཞེས་གསུངས་པ་ལྟ་བུ་དང་། གཞན་ཡང་
ཉོན་མོངས་པའི་བག་ལ་ཉལ་ཡང་མ་སྤངས་པའོ། །བསམ་གྱིས་མི་ཁྱབ་པར་ཡོངས་སུ་བསྒྱུར་བའི་ཤི་འཕོ་མ་ཐོབ་ཅེས་པ་ལ། དེ་ཉིད་ཐོབ་པ་དང་མ་ཐོབ་པའི་བྱེ་བྲག་ནི་སྔར་བསྟན་པ་ལྟར་ཤེས་པར་བྱའོ། །ཡང་འཇིག་རྟེན་གྱི་དང་ཞེས་པ་ལ་སོགས་པའི་དོན་ནི་དག་པ་འཇིག་རྟེན་པ་
རྗེས་ཀྱིས་ཤེས་པས་སྦྱིན་པ་ལ་སོགས་པའི་ཚོགས་རྫོགས་པར་བྱེད་པའོ། །འཇིག་རྟེན་ལས་འདས་པ་ཟག་པ་མེད་པ་ནི་མཉམ་པར་གཞག་པའི་ཡེ་ཤེས་སོ། །དེ་ལ། ལྷ་དང་ཚངས་པའི་ཐེག་པ་ནི། །སྙན་པར་སྨྲ་ཞིང་ཁྲོ་མི་བྱ། །སློང་ན་ཆུང་ཡང་སྦྱིན་པར་བྱ། །རྣམ་པ་འདི་
གསུམ་གནས་པས་ནི། །ལྷར་སྐྱེ་བ་ཡི་རྒྱུ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའམ། གཞན་ཡང་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་བསྒོམས་པ་དང་། དེ་དག་གི་འབྲས་བུའོ། །ཚངས་པའི་ཐེག་པ་ནི་ཁྱད་པར་དུ་ཡང་ཏིང་ངེ་འཛིན་གྱིས་ཡོངས་སུ་གཟུང་བའི་ཚད་
མེད་པ་རྣམས་སོ། །ཇི་སྲིད་སེམས་རྣམས་འཇུག་གི་བར། །ཞེས་པ་ནི་ཕྱིན་ཅི་ལོག་གི་ས་བོན་དང་བཅས་པའི་ཀུན་གཞི་འཇུག་པའི་བར་ལ་དེ་ལས་བྱུང་བའི་གནས་སྐབས་ཀྱི་ལམ་དང་། འབྲས་བུའི་གནས་ཐུག་པ་མེད་པའོ། །དེ་འདྲ་བ་གནས་གྱུར་ཅིང་སྣང་བ་མེད་པའི་ཡེ་ཤེས་མངོན་
དུ་བྱས་པའི་སྤྱོད་ཡུལ་ལ་ནི་ཐེག་པ་མེད་ཅིང་། དེ་ལ་བརྟེན་ནས་གྲོལ་བའི་གང་ཟག་ལ་སོགས་པའི་སྤྲོས་པ་ཉེ་བར་ཞི་བའོ། །དེ་ལྟར་ན་སྣ་ཚོགས་སུ་གསུངས་པ་ཅི་ཞེ་ན། ཐེག་པ་རྣམ་པར་གཞག་ཅེས་པ་ལ་སོགས་པ་གསུངས་སོ། །དེ་ལ་རྣམ་པར་གྲོལ་བ་གསུམ་ནི་ཉོན་མོངས་པ་
སྤངས་པ་ཉིད་དུ་མཚུངས་པའི་བྱང་ཆུབ་རྣམ་པ་གསུམ་མོ། །ཆོས་ལ་བདག་མེད་དེ་ཉིད་དང་། །ཞེས་པ་ལ་སོགས་པས་ནི་དོན་དམ་པའི་དེ་བཞིན་ཉིད་དང་། དེ་རྟོགས་པའི་ཡེ་ཤེས་ཉོན་མོངས་པ་ལས་གྲོལ་ཞིང་ཤེས་བྱའི་སྒྲིབ་པ་ཡང་སྤངས་པས་ཏེ། འབྲས་བུའི་བདག་ཉིད་ཀྱི་ཐེག་པ་
Vol. 122 · folio 186b
ཆེན་པོའོ། །ཉན་ཐོས་རྣམས་ཀྱིས་དེ་དག་སྤངས་པས་མ་ཡིན་པ་ཉིད་དུ་གསུངས་པ་ནི། ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། དེ་ལ་མཚན་ཉིད་རྣམས་ཀྱིས་རབ་ཏུ་གཡེངས་ཞེས་པ་ནི་ཕུང་པོ་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་སྣ་ཚོགས་སུ་རྟོགས་པས་གཡེངས་པ་སྟེ། ཤེས་བྱའི་སྒྲིབ་
པ་མ་སྤངས་པའོ། །དེ་བཞིན་ཉིད་དུ་ཉོན་མོངས་པའི་སྒྲིབ་པ་མངོན་དུ་རྒྱུ་བ་སྤངས་མོད་ཀྱི། བག་ལ་ཉལ་བ་མ་སྤངས་པའོ། །དེ་རྣམས་ཀྱང་ཚོར་བ་དང་། འདུ་ཤེས་ལ་སྐྱོན་དུ་ལྟ་བའི་སྒོ་ནས་དེ་དག་ཉེ་བར་ཞི་བའི་ཐབས་འགའ་ཞིག་ལ་བརྟེན་ཏེ། དེ་ཁོ་ན་ཉིད་རྟོགས་པའི་ཤེས་
རབ་དང་བྲལ་བའི་ཏིང་ངེ་འཛིན་གྱི་མྱོས་པས་མྱོས་ཤིང་། ཉོན་མོངས་པ་མངོན་རྒྱུ་སྤངས་པས། ཟག་པ་མེད་པའི་དབྱིངས་ན་འཁོད་པའོ། །དེ་ཉིད་རང་གི་འབྲས་བུ་མཐར་ཐུག་པ་ཡིན་ནམ་ཞེ་ན། མཐར་མར་ཕྱིན་པ་དེ་ལས་མེད་ཅེས་པའོ། །དེ་ལྟ་ན་ཕྱིར་ཞིང་འཁོར་བར་ལྡོག་གམ་
སྙམ་ན། ཕྱིར་ཀྱང་དེ་ལས་མི་ལྡོག་སྟེ། གང་ཟག་གི་བདག་མེད་པ་འདུ་བྱེད་པ་སྐད་ཅིག་མ་ཉིད་དུ་རྟོགས་པ་དང་། བདག་ཉིད་བྱ་བ་བྱས་པ་ཉིད་དུ་ཤེས་པས་འཁོར་བར་སྐྱེ་བའི་ལས་སོག་པ་མེད་པ་དང་། སྲེད་པ་དང་ལེན་པ་མངོན་དུ་རྒྱུ་བའི་རྐྱེན་ཉིད་མ་ཚང་བའི་ཕྱིར་ཏེ། ཇི་ལྟར་
རྒྱ་མཚོར་བསྐྱུར་བའི་ཤིང་གཏིང་དུ་མི་ནུབ་པ་དང་། ཡུལ་གཅིག་ན་གནས་ཤིང་ངེས་པ་མ་ཡིན་པ་བཞིན་ནོ། །ཟག་པ་མེད་པའི་དབྱིངས་ན་དུས་ཇི་སྲིད་ཀྱི་བར་དུ་འཁོད་ཅིང་གནས་སྙམ་ན། ཏིང་ངེ་འཛིན་གྱི་ཞེས་པ་ལ་སོགས་པ་གསུངས་སོ། །དེ་ན་དེ་དག་ང་ཡི་ཡང་། །ཞེས་པ་
ལ་སོགས་པ་ནི་སྔར་བསྟན་པ་ལྟར་དེ་དག་ཉིད་ཀྱི་དགེ་བའི་རྩ་བའི་ས་བོན་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ནམ་ཞིག་ན་ཟག་པ་མེད་པའི་དབྱིངས་ནས་སད་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། ཚོགས་གཉིས་སུ་ཁ་བསྐངས་ནས། ཆོས་ཀྱི་སྐུ་ཐོབ་པར་འགྱུར་
བའོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཆོས་ཐམས་ཅད་བསྡུས་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་པའི་བཤད་པ་རྫོགས་སོ།། །།དེ་ལ་ལེའུ་ལྷག་མ་འདི་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་བསྡུས་པའི་དོན་ཤེས་པར་བྱ་བའི་གནས་དང་། དེ་རྣམས་ཀྱི་དེ་ཁོ་ན་ཉིད་དེ་
Vol. 122 · folio 187a
བཞིན་གཤེགས་པའི་སྙིང་པོར་འགྱུར་བ་དང་། དེ་སྦྱོང་བར་བྱེད་པའི་ལམ་དང་། ལམ་གྱིས་ཐོབ་པར་བྱ་བའི་འབྲས་བུ་སྟེ། བཞི་པོ་དེ་རྣམས་ཉིད་རྩོད་པ་སྤངས་པ་ལ་སོགས་པའི་སྒོ་ནས་རྒྱས་པར་སྟོན་ཏེ། དེས་ན་མདོ་སྡེ་འདིའི་དོན་ནི་རྣམ་པ་བཞི་པོ་དེ་རྣམས་སུ་འདུས་
ཤིང་དེ་རྣམས་ཀྱང་ཀུན་རྫོབ་ཏུ་སེམས་ཀྱི་རྣམ་པར་འཕྲུལ་པ་ཡིན་པ་ལ། དོན་དམ་པར་སྟོང་པ་ཉིད་དེ། དེ་ལྟར་ན་རིག་པ་དང་སྟོང་པ་ཟུང་དུ་འཇུག་པ་རྣམ་པར་རིག་པ་ཙམ་གྱིས་དབུ་མ་ཉིད་འདིའི་བརྗོད་པར་བྱ་བ་ཡིན་ནོ་ཞེས་སྔར་བསྟན་ནོ། །དེ་ལ་ལེའུ་གསུམ་པ་འདི་ནི་དོན་རྣམ་པ་བཅུ་བཞིས་སྟོན་པ་
ལས། དང་པོ་སྔར་བསྟན་པའི་ཡིད་ཀྱི་ལུས་ཉིད་རྒྱས་པར་སྟོན་པ་ནི། དེ་ནས་ཡང་ཞེས་པ་ལ་སོགས་པའོ། །དེ་ཡང་དོན་རྣམ་པ་དྲུག་གི་སྒོ་ནས་ཤེས་པར་བྱ་སྟེ། དེ་ལ་དང་པོ་ཡིད་ཀྱི་ལུས་ཐོབ་པར་བྱེད་པའི་རྒྱུ་ནི་ཏིང་ངེ་འཛིན་ཁྱད་པར་ཅན་ཏེ། དེ་ཡང་ས་གསུམ་པ་ལ་བྱང་ཆུབ་སེམས་དཔའ་
རྣམས་ཏིང་ངེ་འཛིན་དང་ཐོས་པའི་གཟུངས་ཁྱད་པར་དུ་འཕགས་པ་ཐོབ་པར་གསུངས་པས་ཡིད་ཀྱི་ལུས་ཀྱང་དང་པོར་ཐོབ་པའི་ས་མཚམས་ནི་གནས་སྐབས་དེ་ཉིད་ནས་ཡིན་པར་ཤེས་པར་བྱའོ། །འདིའི་རང་གི་ངོ་བོ་ཡང་རྡུལ་ཕྲ་རབ་འདུས་པ་མ་ཡིན་པ་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་ངོ་
བོར་གྱུར་པའོ། །རྣམ་པ་ནི་མཚན་གྱི་མེ་ཏོག་གིས་བརྒྱན་པར་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ལྟ་བུར་ཁ་དོག་དང་དབྱིབས་ཀྱི་རྣམ་པར་སྣང་བའོ། །ངེས་པའི་ཚིག་གམ་སྒྲ་བཤད་པའི་རྒྱུ་མཚན་ནི་སྔར་བཤད་པ་ལྟར་ཡིད་ལྟར་མགྱོགས་ཤིང་ཐོགས་པ་མེད་པ་དང་། ཆ་ཤས་འདུས་
པས་ཡིད་ཀྱི་ལུས་ཞེས་པའོ། །རྣམ་པར་དབྱེ་བ་ནི་གསུམ་དུ་འགྱུར་བ་ལས། དང་པོ་ཏིང་ངེ་འཛིན་གྱི་བདེ་བ་ལ་སྙོམས་པར་འཇུག་པའི་ཡིད་ཀྱི་ལུས་ནི་ས་གསུམ་པ་ནས་བདུན་པའི་བར་ལ་རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་མ་གྱུར་པ་རྣམ་པ་མང་པོར་སྣང་བ། རང་རང་གི་ངོ་བོས་
དབེན་པར་རྟོགས་ཤིང་བསྒོམས་པ་ཀུན་གཞིའི་རྒྱ་མཚོ་ལ་འཇུག་པའི་རྣམ་པར་ཤེས་པའི་རླབས་ཀྱི་མཚན་ཉིད་ཟག་པ་དང་བཅས་པའི་བདེ་བ་ལ་སྙོམས་པར་འཇུག་པའི་ཡིད་མི་འབྱུང་སྟེ། སྲིད་པ་ཤས་ཆེ་བ་ལ་སོགས་པའི་བསམ་གཏན་ཉོན་མོངས་པ་ཅན་སྤང་བའོ། །དེས་ན་ཟག་པ་
Vol. 122 · folio 187b
མེད་པའི་ཏིང་ངེ་འཛིན་གྱི་བདེ་བ་ལ་རེག་པར་གནས་པ་སྟེ། རང་གི་སེམས་སྣང་བའི་སྤྱོད་ཡུལ་ཀུན་རྫོབ་སེམས་ཀྱི་དངོས་པོར་ཡོད་པ་དང་། དོན་དམ་པའི་དངོས་པོར་མེད་པ་སྟེ། ཟུང་འཇུག་གི་དོན་ཤེས་པའི་ཤེས་རབ་དང་ཏིང་ངེ་འཛིན་གྱི་ཆོས་སུ་གྱུར་པས་ཡིད་ཀྱི་ལུས་ཞེས་བྱའོ། །གླེགས་
བམ་འགའ་ཞིག་ལས། བདེ་བ་ལ་སྙོམས་པར་འཇུག་པའི་ཡིད་ཀྱི་ལུས་འབྱུང་སྟེ་ཞེས་སྟོན་པའི་སྐབས་སུ་ནི། གནས་སྐབས་དེར་རྣམ་པར་ཤེས་པའི་གནས་མ་གྱུར་པ་དང་། དབེན་པར་རྟོགས་པའི་ཤེས་རབ་དང་ཏིང་ངེ་འཛིན་ཐོབ་པས་དེ་འདྲ་བའི་བདེ་བ་ལ་སྙོམས་པར་འཇུག་པའི་ཡིད་ཀྱི་
ལུས་ཐོབ་ཅེས་པའོ། །གཞན་ཡང་འདིར་ས་གསུམ་དང་ཞེས་པ་ནི། དང་པོ་ནས་གསུམ་པའི་བར་ཏེ། ས་དང་པོ་ལ་ཡང་ནམ་མཁའ་མཛོད་གྱི་ཏིང་ངེ་འཛིན་ལ་སོགས་པ་ཐོབ་པར་གསུངས་པས་གནས་སྐབས་དེ་ཉིད་ནས་ཡིད་ཀྱི་ལུས་ཐོབ་པར་འགྱུར་བ་ལ་ཡང་འགལ་བ་མེད་དེ། ཇི་སྐད་དུ།
འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། མཐོང་བའི་ལམ་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་ནི། མིག་གི་ནད་ལ་སོགས་པ་འབྱུང་བར་མི་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ཆོས་ཀྱི་ངོ་བོ་ཉིད་རྟོགས་པའི་ཡིད་ཀྱི་ལུས་ནི། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་ས་བརྒྱད་
པ་ལ་སྣང་བ་མེད་པའི་ཏིང་ངེ་འཛིན་ཐོབ་ནས། དེ་ལྟར་ཞི་བའི་བསམ་གཏན་ལ་སྙོམས་པར་ཞུགས་པ་ན། སངས་རྒྱས་རྣམས་ཀྱིས་དེའི་ཚོགས་གཉིས་རྫོགས་པར་བྱ་བའི་དོན་དུ། ཏིང་ངེ་འཛིན་ལས་ལངས་ནས་རྗེས་ཀྱི་ཤེས་པ་ལ་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པ་དང་འདྲ་བར་
རྟོགས་པ་དང་། སྟོབས་དང་། མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རིགས་ཐོབ་ཅིང་། དེ་རྣམས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་རྟོགས་པ་དང་། དེ་འདྲ་བའི་ལུས་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སོང་ཞིང་། དེ་རྣམས་ལས་ཐེ་ཚོམ་གྱི་གནས་
ཐམས་ཅད་བཅད་པས་ཆོས་ཀྱི་ངོ་བོ་ཉིད་ཇི་ལྟ་བ་བཞིན་རྟོགས་པའོ། །དེ་སྐད་དུ་ཡང་། ས་བདུན་དག་ནི་སེམས་ཡིན་ཏེ། །སྣང་བ་མེད་པས་བརྒྱད་པའོ། །ཞེས་གསུངས་པའི་ཕྱིར་རོ། །འདིར་སྒྱུ་མ་ལ་སོགས་པའི་ཆོས་ལ་སྣང་བ་མེད་པའི་རབ་ཏུ་རྣམ་པར་འབྱེད་ཞེས་པ་ནི་
Vol. 122 · folio 188a
སྔ་མ་ལྟར་སྣང་བ་མེད་པ་ལས་ལངས་ནས་རྗེས་ཀྱི་གནས་སྐབས་ན་སྒྱུ་མ་ལ་སོགས་པའི་ཆོས་ལ་རབ་ཏུ་རྣམ་པར་འབྱེད་པའོ། །སེམས་ཀྱི་གནས་ནི་རྣམ་པར་ཤེས་པ་རྣམས་ཀྱི་མ་དག་པའི་སྣང་བ་གནས་གྱུར་པའོ། །ཏིང་ངེ་འཛིན་གྱི་སྒོ་གཞན་ནི་ཐོད་རྒལ་གྱི་ཏིང་
ངེ་འཛིན་ལ་སོགས་པའོ། །གཞན་ཡང་མཚན་སུམ་ཅུ་རྩ་གཉིས་དང་། དབང་བཅུ་ལ་སོགས་པའི་མེ་ཏོག་གི་རྒྱན་གྱིས་རྒྱས་པར་བྱའོ། །དེ་ལ་རིས་སུ་ལྷན་ཅིག་སྐྱེས་པའི་འདུ་བྱེད་ཀྱི་བྱ་བའི་ཡིད་ཀྱི་ལུས་ནི་ས་བརྒྱད་པ་དེ་ཉིད་ལ་བྱང་ཆུབ་སེམས་དཔའ་ཐེག་པ་གཞན་དང་མ་འདྲེས་པ་སངས་
རྒྱས་ཉིད་ཀྱི་རིས་སུ་ལྷན་ཅིག་སྐྱེས་པ། མཚན་མ་དང་རྩོལ་བ་མེད་ཅིང་ལྷུན་གྱིས་གྲུབ་པར་སེམས་ཅན་གྱི་བྱ་བ་ལ་སོགས་པ་བྱེད་པའི་ཏིང་ངེ་འཛིན་གྱི་ཚོགས་སུ་གྱུར་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་རང་གིས་རིག་པ་ནི་སྔར་བསྟན་པ་ལྟར་སངས་རྒྱས་ཀྱི་སྟོབས་ལ་སོགས་པའི་ཡོན་
ཏན་གྱི་རིགས་རྣམས་ཐོབ་པའོ། །འདིར་ས་བརྒྱད་པ་ནས་ཐེག་པ་གཞན་དང་མ་འདྲེས་པ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་ལས་ས་བརྒྱད་པ་ཡན་ཆོད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ལམ་ཉིད་དུ་གསུངས་པའི་ཕྱིར་རོ། །ཚིགས་སུ་བཅད་
པའི་དོན་ནི་བདེན་པ་གཉིས་ལ་ལྟོས་ཏེ་ཤེས་པར་བྱའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས་སྔར་བསྟན་པའི་དགོངས་པ་ཅན་གྱི་མདོའི་དོན་གསལ་བར་འཆད་དེ། དེ་ཡང་རྣམ་པ་བཞིར་འགྱུར་བ་ལས་དང་པོ་དོན་གཞན་ལ་དགོངས་པ་ནི་གང་དུ་བཅོམ་ལྡན་འདས་ཀྱིས་
མཚམས་མེད་པ་ལྔའི་ལས་བྱས་ན་རྣམ་པར་ཤེས་པར་གསུངས་པ་ལྟ་བུ་འམ། གཞན་ཡང་མཚམས་མེད་པ་ལྔའི་ལས་བྱས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱིས་ཐར་པ་ལ་མི་སྒྲིབ་པ་ཉིད་དུ་གསུངས་པ་ལྟ་བུའོ། །དེ་ལ་ངག་དང་པོའི་དགོངས་གཞི་ནི་སྲེད་པ་དང་
མ་རིག་པ་ལ་སོགས་པ་མ་དང་ཕ་ལ་སོགས་པ་དང་ཅུང་ཟད་ཆོས་མཐུན་པ་སྟོང་པ་ཉིད་དུ་རྟོགས་པའི་ཤེས་རབ་ཀྱིས་བཅད་ཅིང་བསད་པར་གྱུར་པའོ། །དགོངས་པ་ནི་གང་ལ་ལ་དག་གིས་མི་དགེ་བ་རུ་གཏོགས་པའི་ཕྱི་རོལ་གྱི་མཚམས་མེད་པའི་ལས་བྱས་ཤིང་། འགྱོད་པ་ཆེན་པོས་
Vol. 122 · folio 188b
ཡིད་ཟིལ་གྱིས་མནན་ཏེ། གཉེན་པོ་བསྒོམ་པ་ལ་བརྩོན་པར་མི་བྱེད་པར་གནས་པ་ནས་དེ་དག་ལ་མཚམས་མེད་པའི་ལས་བྱས་ནས་ཕྱིར་ཞིང་གྲོལ་བར་འགྱུར་རོ་ཞེས་བསྟན་པས་ཐོག་མ་ཉིད་དུ་དབུགས་འབྱིན་པ་སྟེ་མྱ་ངན་གྱི་གདུང་བ་སེལ་བའོ། །ཡང་དེ་དག་གིས་དགོངས་དོན་ཐོས་
པར་གྱུར་པ་ན། ཕྱིར་ཞིང་སྐྲག་པར་འགྱུར་བའམ། དེ་ལས་གཞན་ཡང་རུང་སྟེ། སྤྲུལ་པའི་ཉན་ཐོས་འགའ་ཞིག་གི་མཐུས། ཕྱི་རོལ་གྱི་མཚམས་མེད་པ་བྱས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱིས་དེ་དག་གིས་སྒྲིབ་པར་མི་འགྱུར་ཞིང་། ཕྱིར་ཞིང་མངོན་
པར་རྟོགས་པ་ཐོབ་པར་འགྱུར་རོ་ཞེས་སྟོན་པ་ལ་སོགས་པ་སྟེ། དེ་ཡང་ཇི་ལྟར་རྒྱལ་པོ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་ལས། ཇི་ལྟར་རྒྱལ་པོ་དེས་བཅོམ་ལྡན་འདས་ལ་ཕ་བསད་པའི་འགྱོད་པ་བསལ་བའི་ཐབས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་འགྱོད་པ་ལ་སོགས་པ་
དེ་དག་འཕགས་པ་འཇམ་དཔལ་གྱིས་ལྷག་མ་མ་ལུས་པར་སེལ་ནུས་པ་ཉིད་དུ་དགོངས་ནས། སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུས། རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་སང་བཤོས་ལ་སྤྱན་དྲངས་
ཤིག་དང་། དེས་ཁྱོད་ཀྱི་ཐེ་ཚོམ་ངན་པ་དེ་ཡང་བསལ་བར་འགྱུར་རོ་ཞེས་པ་ལ་སོགས་པ་དང་། རྒྱལ་པོ་དེས་ཀྱང་ཤཱ་རིའི་བུས་ཇི་ལྟར་བསྒོས་པ་བཞིན་དུ་སྤྱན་དྲངས་ཤིང་བཤོས་དྲངས་ནས་འཕགས་པ་འཇམ་དཔལ་བདག་གི་འགྱོད་པ་དེ་བསལ་དུ་གསོལ་ཞེས་བྱས་པ་དང་།
འཇམ་དཔལ་གྱིས་སྨྲས་པ། ཁྱོད་ཀྱི་འགྱོད་པ་དེ་ནི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཀྱང་བསལ་བར་མི་ནུས་སོ་ཞེས་གསུངས་སོ། །དེ་ནས་རྒྱལ་པོ་དེ་ཤིང་བཅད་པ་བཞིན་དུ་ས་ཆེན་པོ་འདི་ལ་འགྱེལ་བར་གྱུར་ཏོ། །དེ་ནས་གནས་བརྟན་འོད་སྲུངས་ཆེན་པོས་རྒྱལ་
པོ་ལ་འདི་སྐད་ཅེས་སྨྲས་ཏེ། རྒྱལ་པོ་ཆེན་པོ་མ་འཇིགས་མ་སྐྲག་ཅིག །འཇམ་དཔལ་གཞོན་ནུར་གྱུར་པ་ནི་དགོངས་པའི་བཤད་པ་ལ་མཁས་པ་ཡིན་གྱིས་འདི་ཅི་ལ་དགོངས་ཏེ་དེ་སྐད་དུ་སྟོན་ཅེས་ཞུས་ཤིག །དེ་ནས་རྒྱལ་པོ་དེས་སའི་སྟེང་ནས་སླར་ལངས་ཏེ། དེ་བཞིན་དུ་
Vol. 122 · folio 189a
ཞུས་པ་དང་འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། ཆོས་གང་ཆོས་གང་གིས་ཀྱང་སྐྱེད་པར་མི་འགྱུར་བའི་ཆོས་དེས་ཆོས་གང་ཡང་བསལ་བར་ནུས་སམ། གསོལ་པ། འཇམ་དཔལ་དེ་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ།
ངས་དེ་ལ་དགོངས་ཏེ་སངས་རྒྱས་དེ་སྙེད་ཀྱིས་ཁྱོད་ཀྱི་འགྱོད་པ་དེ་བསལ་བར་མི་ནུས་སོ་ཞེས་དེ་སྐད་སྨྲའོ་ཞེས་པ་ལ་སོགས་པའི་བར་རྒྱས་པར་གསུངས་ཏེ། དོན་དམ་པའི་དེ་བཞིན་ཉིད་ལ་བསལ་བར་བྱ་རྒྱུ་ལ་སོགས་པ་མེད་པས་བསལ་མི་ནུས་སོ་ཞེས་ཟབ་མོ་བསྟན་པས་དེས་སྣང་བ་མེད་པའི་
ཏིང་ངེ་འཛིན་ཐོབ་ཅིང་། གཞན་ཡང་བསྟན་པ་འདི་བསྟན་པའི་ཚེ་རྒྱལ་པོ་མ་སྐྱེས་དགྲས་མཐུན་པའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ་ཞེས་པ་ལ་སོགས་པ་རྒྱས་པར་གསུངས་ཏེ། དེ་དག་གི་འགྱོད་པ་ལ་སོགས་པ་བསལ་ཏེ་མཐར་གྱིས་བསྐལ་པ་མཐོང་ན་དགའ་ཞེས་བྱ་བ་ལ། འཇིག་རྟེན་
གྱི་ཁམས་འདམ་གྱི་རྙོག་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡུལ་རྣམ་པར་དག་པ་ཞེས་བྱ་བར་འགྱུར་ཏེ་ཞེས་པ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཤཱ་རིའི་བུ་ལ་སོགས་པ་ཡང་སྤྲུལ་པའི་ཉན་ཐོས་སུ་སྔར་བསྟན་ནོ། །དེ་ལ་འདིར་ཚིག་གི་དོན་
བཤད་པ་ལ། དགའ་བའི་འདོད་ཆགས་དང་ལྡན་པ་ནི་དགའ་བ་ལ་མངོན་པར་ཞེན་པའམ། དེ་དང་ལྷན་ཅིག་པའི་འདོད་ཆགས་ཏེ། དེ་དང་འབྲེལ་བའི་སེམས་རྒྱུད་ཡང་སྲིད་པ་མངོན་པར་འགྲུབ་པའི་རྒྱུར་གྱུར་པའི་སྲེད་པ་སྟེ། འདོད་ཆགས་ཉིད་དང་སྦྱར་བར་བྱའོ། །དེ་ཡང་བུ་ལ་རྗེས་སུ་
ཆགས་པར་གྱུར་པའི་མ་དང་ཆོས་མཐུན་པས་མ་ཞེས་བྱའོ། །ཇི་ལྟར་ཕ་ནི་བུ་རྣམས་ལ་ཁ་ཟས་དང་གྲོང་ཁྱེར་སྐྱེད་ཅིང་གཏོད་པར་བྱེད་པ་ལྟར་མ་རིག་པས་ཀྱང་ཟག་པ་དང་བཅས་པའི་ལས་མངོན་པར་འདུ་བྱས་པའི་སྒོ་ནས་སྐྱེ་མཆེད་ཀྱི་གྲོང་སྐྱེད་ཅིང་གཏོད་པར་བྱེད་པས་ཕ་ཞེས་པའོ། །དེ་
གཉིས་ཤིན་ཏུ་རྩ་བ་ནས་བཅད་པ་ནི་སྟོང་པ་ཉིད་དུ་རྟོགས་པའི་ཤེས་རབ་ཀྱི་རལ་གྲིས་སོ། །སྒྲིབ་པ་གཉིས་ཀྱི་བག་ལ་ཉལ་བ་ནི་སྐབས་སུ་བབ་པ་ན་སྡུག་བསྔལ་སྐྱེད་པར་བྱེད་པས་དགྲ་དང་མཚུངས་པ་སྟེ། དཔེ་གཞན་ཡང་སྐྱེས་བུའི་ལུས་ལ་བྱི་བའི་དུག་ཞུགས་པ་ན། དེ་མ་ཐག་ཏུ་སྡུག་
Vol. 122 · folio 189b
བསྔལ་སྐྱེད་པར་བྱེད་པ་མ་ཡིན་ཀྱང་། དུས་ཕྱིས་འབྱུང་བ་ཆེན་པོའི་རྐྱེན་གཞན་དང་ཚོགས་པ་ན་སྡུག་བསྔལ་སྐྱེད་པར་བྱེད་པ་བཞིན་དུ་ལས་དང་ཉོན་མོངས་པའི་བག་ཆགས་རྣམས་ཀྱང་སྟེ། ཇི་སྐད་དུ། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཞེས་པ་ལ་
སོགས་པ་གསུངས་པ་ལྟ་བུའོ། །དེ་དག་བཅོམ་པ་ནི་སྔ་མ་ལྟར་རོ། །དགེ་འདུན་གྱི་དབྱེན་ནི་ཕུང་པོ་ཕན་ཚུན་མཚན་ཉིད་མི་མཐུན་པའི་ལས་དང་སྲིད་པའི་སྲད་བུས་བསྡུས་ཤིང་ཚོགས་ཉིད་དུ་བྱས་པ་སྟེ། ཇི་ལྟར་ཚོགས་སུ་གྱུར་པའི་མཆོག་དགེ་འདུན་ནོ་ཞེས་བསྟན་པ་ལྟ་བུའོ། །དེ་རྣམ་པར་
ཕྱེ་ཞིང་དེངས་པར་བྱས་པ་ནི་ཡང་དག་པའི་ཤེས་རབ་ཀྱིས་སོ། །དེ་བཞིན་གཤེགས་པ་ནི་ཕུང་པོ་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་ཤེས་པའམ། དེ་རྣམས་རང་གི་སེམས་སྣང་བ་ཙམ་དུ་ཤེས་པར་བྱེད་པ་དང་ཐ་མལ་པའི་ཤེས་པ་གཟུགས་ལ་སོགས་པའི་ངོ་བོ་ཙམ་འཛིན་པ། རྣམ་པར་
ཤེས་པ་བརྒྱད་ཀྱི་ཚོགས་ཏེ། ཤེས་བྱའི་ཡུལ་རིགས་པས་དེ་བཞིན་གཤེགས་པ་དང་རྗེས་སུ་མཐུན་པའོ། །དེ་རྣམས་རྣམ་པར་ཐར་པའི་སྒོ་གསུམ་རྟོགས་པ། ཟག་པ་མེད་པའི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་གནོད་སེམས་ཀྱིས་བཅོམ་ཞིང་ཁྲག་ཕྱུང་བའོ། །མངོན་པར་རྟོགས་པའི་
ཆོས་ཅན་ནི་བདེན་པ་མངོན་པར་རྟོགས་པ་སྟེ་རྣམ་པར་གྲོལ་བའོ། །དེ་ལྟར་ཆོས་མཐུན་པ་ལ་དགོངས་ཏེ་ཚིག་དེ་སྐད་དུ་གསུངས་པའི་དགོས་པ་ནི་སྔར་བསྟན་པ་ལྟར་རོ། །དེ་ལྟར་དགོངས་དོན་ཐོས་པ་ཉིད་ཀྱིས་ལ་ལ་དག་ཕྱིར་ཞིང་སྐྲག་པར་འགྱུར་བ་ལ་སོགས་པ་དང་། མི་དགེ་བར་གཏོགས་
པ་ཕྱི་རོལ་གྱི་ངོ་བོར་གྱུར་པའི་མཚམས་མེད་པ་གང་ཡིན་ཞེས་ཐེ་ཚོམ་ལ་སོགས་པས་རྨོངས་པར་གྱུར་པ་ན་དེ་ཉིད་བསལ་བའི་ཕྱིར་གཞན་ཡང་ཞེས་པ་ལ་སོགས་པ་གསུངས་སོ། །སྤྲུལ་པའི་བྱིན་གྱི་རླབས་ཀྱིས་མངོན་པར་རྟོགས་པ་ནི་མ་རྟོགས་སོ་ཞེས་པ་ལ། དོན་ནི་སྤྲུལ་པའི་ཉན་
ཐོས་ཀྱི་བྱིན་གྱི་རླབས་ཀྱིས་གང་ལ་ལས་ཀྱིས་ཕྱི་རོལ་གྱི་མཚམས་མེད་པ་རྣམས་བྱས་ཀྱང་མངོན་པར་རྟོགས་པར་འགྱུར་བའོ། །དེ་ཉིད་གསལ་བར་བསྟན་པ་ནི། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་སྟེ། དེའི་བྱིན་གྱི་རླབས་ཀྱིས་ཚུལ་ཇི་ལྟར་མངོན་པར་རྟོགས་པར་འགྱུར་སྙམ་ན།
Vol. 122 · folio 190a
ཉན་ཐོས་དེ་ཉིད་གང་ཟག་གང་ལ་ལ་མཚམས་མེད་པ་བྱས་པ་འགྱོད་པས་ཡིད་ཟིལ་གྱིས་ནོན་པ་རྣམས་ཀྱི་ཐད་དུ་སོང་སྟེ། དེའི་འགྱོད་པ་བསལ་ཞིང་སླར་རབ་ཏུ་སྤྲོ་བར་བྱེད་པར་འགྱུར་སྙམ་ནས། དེ་ལ་འདི་སྐད་དུ། བྱང་ཆུབ་སེམས་དཔའི་བྱིན་རླབས་སམ། དེ་བཞིན་
གཤེགས་པའི་བྱིན་གྱི་རླབས་ཀྱིས་ཁྱོད་ཀྱི་སྡིག་པ་འདི་དག་ལས་གྲོལ་ཞིང་མྱུར་དུ་ཐར་པར་འགྱུར་བས་དེ་དག་གི་ཐད་དུ་སོང་ཞིང་ཚོགས་སོག་ལ་ཐབས་ཞུས་ཤིག་ཅེས་རབ་ཏུ་བསྟན་པས་སོ། །བློ་གྲོས་ཆེན་པོ་མཚམས་མེད་པ་ཞེས་པ་ལ་སོགས་པས་དེ་འདྲ་བའི་ཚིག་ཀྱང་དེ་ལྟར་བདེན་པའི་དོན་
ཅན་མ་ཡིན་ཏེ། འགའ་ཞིག་དེ་ལྟར་འགྱུར་བ་སྲིད་པ་ཙམ་ལ་དགོངས་པའོ། །གལ་ཏེ་བརྒྱ་ལམ་ན་ཞེས་པ་ནི་སྤྲུལ་པའི་ཉན་ཐོས་ཀྱིས་བསྟན་པའམ། དེ་ལས་གཞན་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་དགེ་བའི་བཤེས་གཉེན་དང་ཕྲད་པ་ལས་ཆོས་ཐམས་ཅད་
དབེན་པར་རྟོགས་པ་ན་ཉེས་པ་ལས་གྲོལ་བར་འགྱུར་རོ། །མཚམས་མེད་པར་ནི་མཚམས་བཅད་པས་ཞེས་པ་ནི་འཇམ་དཔལ་མཚམས་མེད་པ་ཞེས་བགྱི་བ་ནི་ཆོས་ཀྱི་དབྱིངས་སུ་མཚམས་མ་མཆིས་པའི་ཚིག་བླ་དགས་སོ་ཞེས་པ་ལ་སོགས་པ་གསུངས་སོ། །གཞན་ཡང་གཉེན་
པོ་ཡེ་ཤེས་ཀྱི་རྒྱུན་རྒྱུད་ལ་ཕྱིན་ཅི་ལོག་གི་བར་མཚམས་མེད་པ། དེ་འདྲ་བའི་བར་མཚམས་བཅད་པས་དེ་ནི་མཚམས་མེད་པའི་ལས་ཞེས་བྱ་སྟེ། ཐུན་མོང་གི་ངེས་པའི་ཚིག་གོ། །ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་སྔར་བཤད་པ་ལྟར་ཐེག་པ་གཅིག་པ་འབའ་ཞིག་ཏུ་
བསྟན་པ་ནི་དགོངས་པ་ཅན་ཉིད་དུ་སྟོན་ཏེ། དེའི་དགོངས་གཞི་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱང་མཐར་གྱིས་ཆོས་དང་གང་ཟག་ལ་བདག་མེད་པར་རྟོགས་པ་ལ་སོགས་པའི་ཡོན་ཏན་ཐོབ་པ་ན་སངས་རྒྱས་ཉིད་དུ་འགྱུར་བས་མཐར་ཐུག་གི་ཐེག་པ་ཆེན་པོ་གཅིག་ཉིད་དུ་འགྱུར་བའོ། །
སངས་རྒྱས་པ་ཉིད་ཅེས་པ་ནི་སངས་རྒྱས་པའི་ཚུལ་ལུགས་སོ། །ཤི་འཕོ་གཉིས་ནི་རྣམ་པར་ཆད་པ་ལས་གྱིས་འཆི་འཕོ་བ་དང་། བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྒྱུར་བའི་འཆི་འཕོ་བའོ། །དེ་ལ་དང་པོ་ཉིད་སངས་རྒྱས་ཉིད་ཐོབ་པའི་ཡན་ལག་ཏུ་ཇི་ལྟར་འགྱུར་ཞེ་ན། ཇི་ལྟར་
Vol. 122 · folio 190b
འཕགས་པ་བྱང་ཆུབ་སེམས་དཔའ་རྣམས་ལས་ཀྱི་ལྷག་མ་འགའ་ཞིག་གིས་འཆི་འཕོ་བ་ན། གང་སེམས་ཅན་གྱི་དོན་དུ་འགྱུར་བའི་གནས་དེ་ཉིད་དུ་སྐྱེ་བར་སྨོན་ལམ་བཏབ་ནས། སེམས་ཅན་གྱི་དོན་བྱས་པས་ཚོགས་རྫོགས་པར་བྱས་ཏེ་སངས་རྒྱས་ཐོབ་པར་འགྱུར་བ་ལྟར། ཉན་ཐོས་དང་རང་
སངས་རྒྱས་རྣམས་ཀྱང་ངོ་། །བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྒྱུར་བ་ནི་སྐྱེ་བ་དང་འཆི་བ་ལ་དབང་ཐོབ་པའི་སྒོ་ནས་སྔ་མ་ལྟར་སེམས་ཅན་གྱི་དོན་བྱེད་པའོ། །ཉོན་མོངས་པ་གཉིས་ནི་བག་ལ་ཉལ་དང་ཀུན་ནས་ལྡང་བའོ། །ཆོས་དེ་དག་ཉིད་ཁོང་དུ་ཆུད་པས་ཞེས་པ་ལ་སོགས་པའི་
དོན་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་རིམ་གྱིས་ཆོས་དེ་དག་ཁོང་དུ་ཆུད་པ་དང་། ཐོབ་པ་དང་། སྤངས་པའི་ཕྱིར་སངས་རྒྱས་པ་ཉིད་དེ། དེ་སྐད་དུ་དཔལ་ཕྲེང་སེང་གེའི་ང་རོའི་མདོ་ལས། ཉན་ཐོས་སུ་འགྱུར་ཞིང་རང་སངས་རྒྱས་སུ་ཡང་འགྱུར་ལ། ཕྱིས་ནི་ཡང་
དག་པར་རྫོགས་པའི་སངས་རྒྱས་སུ་ཡང་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །འདིའི་དོན་ཞིབ་ཏུ་ནི་སྔར་བསྟན་ནོ། །དེ་ལྟར་དོན་གཞན་ལ་དགོངས་པ་ཉིད་བསྟན་ནས་མཉམ་པ་ཉིད་ལ་དགོངས་པ་ནི། དེ་ནས་ཡང་ཞེས་པ་ལ་སོགས་པ་གསུངས་ཏེ། སྔར་དྲིས་པའི་སྐབས་སུ།
འོད་སྲུངས་ལོག་པར་དད་སེལ་དང་། །ཞེས་པ་ལ་སོགས་པ་བསྟན་པ་དང་སྦྱར་བར་བྱའོ། །གསུང་གི་རྣམ་པར་རྟོག་པ་ནི་གདུལ་བྱ་རྣམས་ལ་དེ་ལྟར་སྣང་ཞིང་བརྟགས་པ་ནི་རྟོགས་པའི་བློ་ཉིད་ཀྱི་བདག་ཉིད་དུ་གྱུར་པའོ། །རྣམ་པ་དྲུག་ཅུ་རྩ་བཞི་ནི། གསང་བའི་བདག་པོས་
བསྟན་པ་ལས་གསུངས་ཏེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་གསུང་ནི་རྣམ་པ་དྲུག་ཅུ་རྩ་བཞི་དང་ལྡན་པ་འབྱུང་སྟེ། རྣམ་པ་དྲུག་ཅུ་རྩ་བཞི་གང་ཞེ་ན། འདི་ལྟ་སྟེ། མཉེན་པའི་གསུང་འབྱུང་བ་དང་། འཇམ་པ་དང་། ཡིད་དུ་འོང་བ་དང་། ཡིད་དུ་འཐད་པ་དང་།
དག་པ་དང་། དྲི་མ་མེད་པ་དང་། འོད་གསལ་བ་དང་། སྙན་ཅིང་འཇེབས་པ་དང་། མཉན་པར་འོས་པ་དང་། མི་ཚུགས་པ་དང་། སྙན་པ་དང་། དུལ་བ་དང་། མི་རྩུབ་པ་དང་། མི་བརླང་བ་དང་། རབ་ཏུ་དུལ་བ་དང་། རྣར་སྙན་པ་དང་། ལུས་སིམ་པར་བྱེད་པ་དང་། སེམས་
Vol. 122 · folio 191a
ཚིམ་པར་བྱེད་པ་དང་། སྙིང་དགའ་བར་བྱེད་པ་དང་། དགའ་བདེ་སྐྱེད་པ་དང་། ཡོངས་སུ་གདུང་བ་མེད་པ་དང་། ཀུན་ཤེས་པར་བྱ་བ་དང་། རྣམ་པར་རིག་པར་བྱ་བ་དང་། རྣམ་པར་གསལ་བ་དང་། དགའ་བར་བྱེད་པ་དང་། མངོན་པར་དགའ་བར་བྱེད་པ་དང་། ཀུན་ཤེས་
པར་བྱེད་པ་དང་། རྣམ་པར་རིག་པར་བྱེད་པ་དང་། རིགས་པ་དང་འབྲེལ་པ་དང་། ཟློས་པའི་སྐྱོན་མེད་པ་དང་། སེང་གེའི་སྒྲའི་ཤུགས་ཅན་དང་། གླང་པོ་ཆེའི་སྒྲ་སྐད་དང་། འབྲུག་གི་སྒྲ་དབྱངས་དང་། ཀླུའི་དབང་པོའི་སྒྲ་དང་། དྲི་ཟའི་གླུ་དབྱངས་དང་། བྱ་ཀ་ལ་པིང་ཀའི་སྒྲ་
དབྱངས་དང་། ཚངས་པའི་སྒྲ་དབྱངས་བསྒྲགས་པ་དང་། ཤང་ཤང་ཏེའུའི་སྒྲ་དབྱངས་སུ་བསྒྲགས་པ་དང་། ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ་དང་། རྔའི་སྒྲ་དང་། མ་ཁེངས་པ་དང་། མི་དམའ་བ་དང་། སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་དང་། ཚིག་ཟུར་ཆགས་པ་མེད་པ་
དང་། །མ་ཚང་བ་མེད་པ་དང་། མ་ཞུམ་པ་དང་། མི་ཞན་པ་དང་། རབ་ཏུ་དགའ་བ་དང་། ཁྱབ་པ་དང་། ཆུབ་པ་དང་། རྒྱུན་ཆགས་པ་དང་། འབྲེལ་པ་དང་། སྒྲ་ཐམས་ཅད་རྫོགས་པར་བྱེད་པ་དང་། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང་། མ་སྨད་པ་དང་། མི་འགྱུར་བ་དང་། མ་
བརྟགས་པ་དང་། འཁོར་ཀུན་དུ་གྲག་པ་དང་། འདོད་ཆགས་ཞི་བར་བྱེད་པ་དང་། ཞེ་སྡང་འདུལ་བ་དང་། གཏི་མུག་སེལ་བ་དང་། བདུད་ཚར་གཅོད་པ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་འབྱུང་བ་སྟེ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་གསུང་ནི་ཡན་ལག་དྲུག་
ཅུ་རྩ་བཞི་པོ་དེ་དག་དང་ལྡན་པར་འབྱུང་ངོ་ཞེས་གསུངས་པ་དང་སྦྱར་རོ། །ཀ་ལ་པིང་ཀ་ནི་རྒྱ་མཚོ་ཆེན་པོའི་གླིང་ལ་གནས་པའི་བྱའི་ཁྱད་པར་རོ། །འདིར་གསུང་མཚུངས་པ་ཡང་འདུལ་བའི་དབང་གིས་དེ་བཞིན་གཤེགས་པ་རྣམས་གསུང་སྣ་ཚོགས་སུ་སྟོན་པ་ནི་མ་གཏོགས་སོ་ཞེས་འདིར་ཡང་
སྦྱར་ཏེ། འོན་ཀྱང་འདུལ་བའི་དབང་གིས་སྐུ་དང་གསུང་སྣ་ཚོགས་སུ་སྟོན་པ་ཡང་སངས་རྒྱས་གཅིག་གིས་སྟོན་པ་བཞིན་དུ་གཞན་གྱིས་ཀྱང་སྟོན་པར་སྤྱོད་པས་མཚུངས་པ་ཉིད་ཅེས་བྱའོ། །འདིར་དེ་ལྟར་བསྟན་པའི་དགོས་པ་ནི་དབང་པོ་དམན་པ་གང་དག་སངས་རྒྱས་ཤཱཀྱ་ཐུབ་པ་ནི་
Vol. 122 · folio 191b
སྙིགས་མ་ལྔའི་དུས་སུ་འཁྲུངས་པ། སངས་རྒྱས་གཞན་རྣམས་ལས་སྐུ་ཚེ་ཐུང་ཞིང་བསོད་ནམས་དམན་པའོ་སྙམ་དུ་དོགས་པ་སེལ་བའོ། །ཡང་བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པས་དོན་གཞན་ལ་དགོངས་པ་སྟེ། ཡི་གེ་མེད་པར་ཇི་ལྟར་གསུངས་ཞེས་པའི་ལན་དུ་ཡང་སྦྱར་བར་བྱའོ། །
འདིའི་དོན་ནི་གསུང་རབ་ཀྱི་ཕྱོགས་འགའ་ཞིག་ལས། དེ་བཞིན་གཤེགས་པས་ཚིག་དང་གང་གི་རྣམ་པར་རིག་བྱེད་ཀྱི་སྒོ་ནས་ཞལ་དང་ལྗགས་ཀྱི་དབང་པོས་ཆོས་བསྟན་པ་མེད་པ་སྟེ། དེ་འདྲ་བ་ནི་ངག་ཀུན་ནས་སློང་བའི་རྣམ་པར་རྟོག་པ་ལ་ལྟོས་ཤིང་། དེ་བཞིན་གཤེགས་པ་
ལ་ནི་རྣམ་པར་རྟོག་པ་མི་མངའ་བའི་ཕྱིར་རོ་ཞེས་པ་ལ་སོགས་པ་གསུངས་པས་འདིར་ཡན་ལག་དྲུག་ཅུ་རྩ་བཞི་པར་གསུངས་པ་དང་འགལ་བར་མི་འགྱུར་རམ། དེའི་ཕྱིར་དེ་རྣམས་གང་ལ་དགོངས་ཏེ་གསུངས་པ་ཡིན་ཞེས་དྲིས་པའི་ལན་དུ་རྣམ་པ་གཉིས་ལ་དགོངས་ཏེ་གསུངས་
པའོ། །དེ་ལ་དང་པོའི་དོན་ནི་དེ་བཞིན་གཤེགས་པ་དེ་དག་གིས་ཐུགས་སུ་ཆུད་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཆ་ནི། སྔར་བསྟན་པ་ལྟར་སྒྲ་དང་རྣམ་པར་རྟོག་པའི་ཡུལ་མ་ཡིན་པས། དེ་ལ་དགོངས་ཏེ་སྒྲའི་སྒོ་ནས་ཆོས་བསྟན་པ་མེད་ཅེས་པའོ། །གཉིས་པའི་དོན་ནི་ཡང་
སངས་རྒྱས་རྣམས་ཀྱིས་ཐུགས་སུ་ཆུད་པའི་ཆོས་རྣམས་ཀྱི་སྔོན་གྱི་ལུགས་ཀྱི་ཆོས་ཉིད་ནི། སྟོང་པ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་ཤིན་ཏུ་ཡང་སྒྲའི་ཡུལ་མ་ཡིན་པའི་ཕྱིར། སྒྲའི་སྒོ་ནས་བསྟན་པ་མེད་ཅེས་པའོ། །འདིར་ངེས་པའི་དོན་ནི་སྤྲུལ་པའི་སྐུའི་སངས་རྒྱས་མཚན་
དང་དཔེ་བྱད་ཀྱི་རྣམ་པར་སྣང་བ་དང་། གསུང་ཆོས་འཆད་པར་སྣང་བ་ནི་གདུལ་བྱ་འབའ་ཞིག་གི་སྣང་བ་ཡིན་གྱི་སངས་རྒྱས་ཀྱི་རང་བཞིན་ལ་མེད་པས། དེ་འདྲ་བའི་ཆོས་སྟོན་པའི་སྒྲར་སྣང་བ་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ལ། ཆོས་ཀྱི་སྐུ་ཡང་དེ་འདྲ་བའི་
སྤྲོས་པ་དང་བྲལ་བས་སྒྲའི་སྒོ་ནས་ཆོས་སྟོན་པ་མེད་དོ། །འོན་ཀྱང་འདིར་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱི་རྣམ་པར་སྣང་བ་དང་། གསུང་ཆོས་སྟོན་པར་སྣང་བ་ནི་སངས་རྒྱས་ཉིད་ཀྱི་ཡེ་ཤེས་ལ་ཡོད་ཅིང་། དེ་ཡང་ཡེ་ཤེས་དེ་ཉིད་ཀྱི་བདག་ཉིད་ཡིན་
Vol. 122 · folio 192a
པས་གསུང་དབྱངས་ཡན་ལག་དྲུག་ཅུ་པ་ལ་སོགས་པས་བསྟན་པ་ནི་ཀུན་རྫོབ་ཏུ་ཡོད་དེ། དེའི་ཕྱིར་མེད་པར་བསྟན་པས་ནི་སྔ་མ་ལྟར་དགོངས་པ་ཅན་ཡིན་ཞེས་པའོ། །གཞན་ཡང་ཆོས་ཀྱི་སྐུ་དང་སྤྲུལ་པའི་སྐུ་ལ་སྔར་བསྟན་པ་ལྟར་བཤད་པ་མི་འཐད་པས་དེ་
ལ་དགོངས་ནས་ཀྱང་ཡི་གེ་གཅིག་ཀྱང་མ་བཤད་ཅེས་པ་ལ་སོགས་པ་གསུངས་སོ། །དེ་ལྟར་བསྟན་པའི་དགོངས་པ་ཡང་བྱིས་པའི་སྐྱེ་བོ་གང་དག་སངས་རྒྱས་རྣམས་ཀྱི་གསུང་ཕན་ཚུན་འགལ་བའམ། གཅིག་ལ་ཟབ་མོ་བསྟན་པ་ནི་ངེད་ཅག་ལ་མ་བསྟན་པས་ཐུགས་རྗེ་ཆེན་པོ་
ཉི་ཚེ་བར་འགྱུར་རམ་སྙམ་པ་ལ་སོགས་པའི་དོགས་པ་སེལ་བའོ། །དེ་གཉིས་ཡུལ་ལས་རྣམ་པར་གྲོལ་བ་ནི་རང་གི་མཚན་ཉིད་བརྗོད་བྱ་རྗོད་བྱེད་ཀྱི་ཡུལ་ལས་འདས་པའོ། །ལྷག་ཆད་མེད་པར་ཁོང་དུ་ཆུད་ཅེས་པ་ནི་སངས་རྒྱས་སྔ་མ་རྣམས་ཀྱིས་རྟོགས་པ་བཞིན་དུ་སྟེ། དེ་
འདྲ་བ་ནི་སྒྲའི་ཡུལ་མ་ཡིན་ནོ། །སྔོན་གྱི་ལུགས་ཀྱི་ཆོས་ཉིད་མི་འགྱུར་ཞིང་དེ་རྟོགས་ཤིང་གོམས་པ་ལས། ཡོན་ཏན་ཐམས་ཅད་འབྱུང་བ་ནི་རིན་པོ་ཆེའི་འབྱུང་ཁུངས་སམ། གྲོང་ཁྱེར་སྙིང་པོའི་ལམ་དང་མཚུངས་པའོ། །དེའི་ཆོས་ཉིད་དང་ཆོས་ཀྱི་གནས་ཉིད་ནི་ཆོས་རྣམས་ཀྱི་
སྟོང་པ་ཉིད་དང་། དེ་ཉིད་རྟོགས་ཤིང་གོམས་པས་ཡོན་ཏན་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པའོ། །གང་ལ་ཡོངས་སུ་མྱ་ངན་ལས་འདས་ཞེས་པ་ནི་སྤྲུལ་པའི་སྐུ་ཚེའི་དུས་བྱས་ནས་མྱ་ངན་ལས་འདའ་བར་བསྟན་པའོ། །སངས་རྒྱས་ཀྱི་རང་བཞིན་ལ་ནི་དེ་འདྲ་བ་ཡོད་པ་
མ་ཡིན་ཏེ། ཇི་སྐད་དུ། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །སོ་སོ་རང་རིག་ཆོས་ལུགས་རྣམས། །ཞེས་བྱ་བ་ནི་སོ་སོ་རང་གི་རིག་པ་དང་། སྔོན་གྱི་ཆོས་ཉིད་ཀྱི་ཆོས་ལུགས་སོ། །ཅུང་ཟད་བྱེ་བྲག་བྱས་པ་མེད། །ཅེས་
པ་ནི་ཆོས་ཉིད་ལ་ཁྱད་པར་ཐ་དད་པ་བྱས་པ་མེད་པའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པས་ནི་མཐའ་གཉིས་རྣམ་པར་བཀག་པ་ཉིད་ཚུལ་གཞན་གྱི་སྒོ་ནས་རྒྱས་པར་སྟོན་པའོ། །ཡོད་པ་དང་མེད་པ་ལ་གནས་ཞེས་པ་ནི་དེ་དག་གི་མཚན་མར་
Vol. 122 · folio 192b
འཛིན་ཅིང་བློའི་མདུན་དུ་བྱེད་པའོ། །སྐྱེ་བ་དང་མི་སྐྱེ་བ་ལ་མོས་པ་ཡང་དེ་དག་ཉིད་དང་གོ་རིམས་བཞིན་དུ་སྦྱར་རོ། །ཡོད་པ་སྐྱེ་བ་སྐྱེ་སྟེ་མེད་པ་མ་ཡིན་ནོ་ཞེས་པ་ནི་གྲངས་ཅན་པ་རྣམས་ཀྱི་འདོད་པ་ལྟར་ཐོག་མ་ནས་ཡོད་པའམ། ཡང་འགའ་ཞིག་གི་ལུགས་ཀྱིས་ཕྱིས་འབྲས་བུའི་དུས་
ན་ཡོད་པ་ཐོག་མ་ཉིད་དུ་སྐྱེ་ཞིང་དེ་ཉིད་ཀྱི་རིགས་མཐུན་པ་རྒྱུན་ཆགས་སུ་འཇུག་པས་སྐྱེ་བ་སྐྱེ་ཞེས་ཚིག་གཉིས་སྨོས་པའོ། །བློ་གྲོས་ཆེན་པོ་དེ་དེ་སྐད་དུ་རྒྱུ་དང་འབྲས་བུའི་དངོས་པོ་དག་དོན་དམ་པར་ཡོད་པར་སྨྲ་ན། ཕྱིར་ཞིང་རྒྱུ་དང་འབྲས་བུའི་དངོས་པོ་བཀག་པ་ཡིན་ཏེ། དོན་དམ་པའི་
དངོས་པོར་ཡོད་པ་ལ་སྔར་བསྟན་པའི་ཚད་མའི་གནོད་པ་འཇུག་པ་དང་། སྐྱེ་བ་སྒྱུ་མ་ལྟ་བུ་ཁས་མི་ལེན་པའི་ཕྱིར་རོ། །དེ་ནས་རྒྱུ་དང་རྐྱེན་རྣམས་ཀྱང་མེད་ཅིང་རབ་ཏུ་གྲགས་པའི་འཇིག་རྟེན་གྱི་ངོ་བོ་ཡང་རྒྱུ་མེད་པ་ལས་ཡོད་པར་སྨྲ་བ་ཉིད་དུ་འགྱུར་ཏེ། དེ་འདྲ་བ་ནི་མི་འཐད་དོ། །
མེད་པ་ལ་གནས་པ་ནི་ཉན་ཐོས་དང་རང་སངས་རྒྱས་གང་དག་སྔར་གཉེན་པོ་མ་སྐྱེས་པའི་དུས་ན། འདོད་ཆགས་ལ་སོགས་པའི་སྤང་བྱ་དོན་དམ་པའི་དངོས་པོར་ཡོད་པ་ཉིད་དུ་ཁས་བླངས་ནས། ཕྱིས་གཉེན་པོ་སྐྱེ་བའི་དུས་ན་དེ་རྣམས་མེད་པ་ཉིད་དུ་རྣམ་པར་རྟོག་པ་སྟེ། འདི་ཡང་མི་
འཐད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པ་གསུངས་ཏེ། དབུ་མ་པ་གང་དག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དངོས་པོ་རྣམས། དངོས་པོར་སྣང་བ་ཉིད་ཀྱི་དུས་ན་རང་རང་གི་མཚན་ཉིད་དོན་དམ་པ་པས་སྟོང་པས་དོན་དམ་པའི་དངོས་པོ་ཡོད་
པར་ཁས་མི་ལེན་པ་དང་། སྔར་བདེན་པའི་དངོས་པོར་ཡོད་པ་ཕྱིས་གཉེན་པོས་དེ་རྣམས་སྤངས་ནས་དབེན་པའི་ཕྱིར་དེ་དག་ཡོད་པར་ཁས་མི་ལེན་ཏེ། དེ་ལྟ་ན་སྔར་ནི་ཡོད་པ་ལ་ཕྱིས་ནི་མེད་ཅེས་སྨྲས་པ་དང་། སྔར་བསྟན་པ་ལྟར་དབུ་མ་པ་རང་བཞིན་གྱིས་དབེན་པར་སྨྲ་བ་འདི་
གཉིས་ལས། དངོས་པོ་འཇིག་པར་བྱེད་པའི་ལྟ་བ་གང་ཡིན་ཞེས་བརྟག་པར་བྱའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་སོགས་པའི་དོན་ནི་གོ་བར་བཤད་དོ། །མེད་པ་འབའ་ཞིག་རྣམ་པར་འཇིག་པར་བྱེད་པ་མ་ཡིན་ཞེས་པ་ནི་སྔར་གྱི་སྤང་བྱའི་དངོས་པོ་ཕྱིས་མེད་ཅེས་པའི་དགག་བྱའི་
Vol. 122 · folio 193a
དོན་སྔར་ཡོད་པ་འབའ་ཞིག་རྣམ་པར་འཇིག་པར་བྱེད་པ་མ་ཡིན་ཏེ། འོན་ཀྱང་བྱང་ཆུབ་རྣམ་པ་གསུམ་ཡང་འཇིག་པར་བྱེད་པ་སྟེ། ཕྱིན་ཅི་ལོག་གི་ལྟ་བར་གྱུར་པའི་ཕྱིར་རོ། །དེའི་དོན་ཡང་ཉོན་མོངས་པ་རྣམས་དོན་དམ་པར་གཅིག་དང་དུ་མ་དང་བྲལ་ཞིང་།
ལུས་ཀྱི་ནང་དང་ཕྱི་རོལ་དུ་བཙལ་ན་མ་རྙེད་པའི་ཕྱིར་དོན་དམ་པའི་དངོས་པོར་མེད་ཅིང་། དེ་ཉིད་ཀྱི་ཕྱིར་དེ་སྔོན་དུ་སོང་བའི་དངོས་པོ་མེད་པ་ཡང་མི་བདེན་པས་དེ་ལྟར་འཛིན་པ་ནི་ལོག་པར་ལྟ་བའོ། །དེ་སྐད་དུ་ཡང་། ཉོན་མོངས་པ་རྣམས་ནི་སེམས་ཀྱི་ཆོས་ཡིན་ལ་དེ་ཡང་། ཡང་དག་དུ་ན་
རྣམ་པར་ཤེས། །ལུས་ཀྱི་ནང་ནའང་ཡོད་མ་ཡིན། །ཞེས་པ་ལ་སོགས་པ་སྔར་བསྟན་ནོ། །གཞན་ཡང་འདོད་ཆགས་ལ་སོགས་པ་རྣམ་པ་དང་བཅས་པའི་ལུས་རིས་སུ་ཡོངས་སུ་བཅད་པ་མེད་པའི་ཕྱིར་ནང་དང་ཕྱི་རོལ་ཏུ་མི་དམིགས་པའོ། །བློ་གྲོས་ཆེན་པོ་ཞེས་པ་ལ་
སོགས་པས་སྐབས་ཀྱི་དོན་བསྡུ་བའོ། །བཅིང་བར་བྱ་བ་དང་ཞེས་པ་ལ་སོགས་པས་དེ་ཉིད་རྣམ་གྲངས་གཞན་གྱི་སྒོ་ནས་སྟོན་པ་སྟེ། དོན་དམ་པར་དེ་འདྲ་བའི་ཉོན་མོངས་པས་བཅིང་བར་བྱ་བའི་སེམས་ཅན་གྱི་རྒྱུ་དང་། བཅིང་བའི་རྒྱུ་མེད་པའི་ཕྱིར་བཅིངས་པ་མེད་པས་དེ་སྔོན་དུ་
སོང་བའི་ཕྱིར་གྲོལ་བ་ཡང་མེད་དེ། དེས་ན་རང་བཞིན་གྱིས་རྣམ་པར་གྲོལ་ཞིང་མྱ་ངན་ལས་འདས་པའོ། །དེའི་ཕྱིར་བཅིངས་པ་དང་གྲོལ་བའི་དངོས་པོར་སྨྲ་བ་ཡང་བྱང་ཆུབ་གསུམ་འཇིག་པར་བྱེད་པའོ། །དེ་ལྟར་ན་ཡོད་པ་དང་མེད་པའི་ཕྱོགས་ལ་གནས་པ་གཉིས་ཀ་ཡང་
ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བས་བསྡུས་པའི་བདེན་པ་རྣམ་པར་འཇིག་པར་བྱེད་པ་ཡིན་ཏེ། དོན་འདི་ཉིད་སྔར་ཡང་བསྟན་པ་ཡིན་ནོ། །བློ་གྲོས་ཆེན་པོ་ངས་དེ་ལ་དགོངས་ནས་ཞེས་པ་ལ་སོགས་པའི་དོན་ནི་འཕགས་པ་དཀོན་མཆོག་བརྩེགས་པ་ལས། གང་ཟག་ཏུ་
ལྟ་བ་རི་རབ་ཙམ་ཡང་བླའི་ཡོད་པ་དང་མེད་པ་ཉིད་དུ་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་མ་ཡིན་ནོ་ཞེས་བཤད་པ་སྟེ། ཇི་ལྟར་གང་ཟག་གི་བདག་ཏུ་ལྟ་བ་ཆེན་པོ་ནི་དེའི་ཡུལ་རགས་པ་རྟོགས་པར་སླ་བ་ཉིད་ཀྱིས་མྱུར་དུ་དེ་ལས་བཟློག་པར་ནུས་པས་ཐར་པའི་
Vol. 122 · folio 193b
གེགས་ཆེན་པོ་མ་ཡིན་ལ། འདི་འདྲ་བའི་སྟོང་པ་ཉིད་དུ་འཛིན་པ་ནི་ཕྱིན་ཅི་ལོག་ཡིན་ཞིང་དེ་ཡང་ལྡོག་པར་དཀའ་བ་ཉིད་ཀྱིས་ཐར་པའི་གེགས་ཆེན་པོར་འགྱུར་བའོ། །མངོན་པའི་ང་རྒྱལ་ཅན་ནི་ཡང་དག་པའི་ལྟ་བ་ཐོབ་པར་བྱ་རྒྱུ་མ་ཐོབ་བཞིན་དུ་ཐོབ་པར་འཛིན་པའི་སྒོ་ནས་སེམས་
ཁེངས་པའོ། །ཡང་ཞེས་པ་ནི་ཕན་ཚུན་བསྡུ་བའི་དོན་ཏོ། །གལ་ཏེ་དེ་ལྟར་ན་འཕགས་པ་རྣམས་ཀྱིས་ཉོན་མོངས་པ་ལ་སོགས་པ་སྤོང་བའི་ཚུལ་ཇི་ལྟ་ཞེ་ན། སྤྱོད་ཡུལ་རྣམ་པར་སྤངས་ནས་ནི། །སེམས་ཀྱང་ཡང་དག་འགག་པར་འགྱུར། །ཞེས་པ་ལ་སོགས་པ་གསུངས་
ཏེ། །ཀུན་རྫོབ་ཙམ་དུ་མཐའ་གཉིས་སུ་རྟོགས་པའི་ཡུལ་སྤངས་ན་ཀུན་ནས་ཉོན་མོངས་པའི་ས་བོན་དང་བཅས་པའི་སེམས་འགག་པར་འགྱུར་ཞིང་། དེ་ཉིད་ཀྱིས་ཡུལ་ལ་འཛིན་པའི་ཕྱིན་ཅི་ལོག་ལ་སོགས་པ་འགོག་པ་མེད་པ་མ་ཡིན་ཏེ། ཀུན་རྫོབ་ཏུ་ནི་ཐམས་ཅད་
ཡོད། །ཅེས་སྟོན་པར་འགྱུར་རོ། །དེས་ན་མཐའ་གཉིས་སྤངས་པ་དེ་བཞིན་ཉིད་ཀྱི་གནས་འཕགས་པའི་སྤྱོད་ཡུལ་ནི་དེ་བཞིན་དུ་བདེན་པའོ། །དེ་ལས་གཞན་དུ་དོན་དམ་པར་རྐྱེན་གྱིས་ཡོད་པ་སྟེ། སྔར་མ་བྱུང་བ་ལས་རྐྱེན་གྱི་རྗེས་ཐོགས་སུ་གང་ཞིག་སྐྱེ་ཞིང་། ཡང་རྐྱེན་གྱིས་
མེད་པ་སྟེ་བྱུང་ནས་འགལ་རྐྱེན་གྱིས་འཇིག་པར་འགྱུར་བ་ཉིད་དུ་ཁས་ལེན་པ་ནི་ངའི་བསྟན་པའི་དེ་ཁོ་ན་ཉིད་ལ་བློ་གྲོས་མི་གནས་པ་སྟེ། དེ་ཁོ་ན་ཉིད་མ་རྟོགས་པའོ། །འདིར་གླེགས་བམ་འགའ་ཞིག་ལས། མ་བྱུང་བ་ལས་གང་བྱུང་ཞིང་། །བྱུང་ནས་ཀྱང་ནི་རྣམ་འཇིག་པ། །
རྐྱེན་ལས་ཡོད་དང་མེད་དེ་དག །ང་ཡི་བསྟན་ལ་དེ་མི་གནས། །ཞེས་འབྱུང་བ་དེར་ནི་ཚིག་གི་དོན་ཤིན་ཏུ་ཡང་འགྲིག་པར་འགྱུར་བའོ། །རྐྱེན་གྱིས་ཡོད་པར་མ་བསྒྲུབས་ཅེས་པ་ནི་དོན་དམ་པར་ཡོད་པ་ཉིད་དུ་བསྒྲུབ་པའི་མཐུ་མེད་པས་སོ། །དེ་ཉིད་ཀྱིས་ན་ཡོད་པ་སྔོན་དུ་
སོང་བའི་མེད་པ་ཡང་མི་འཐད་ཅེས་པ་ལ་སོགས་པ་སྟེ། དོན་གོ་བར་ཟད་དོ། །དེ་ལྟར་སྟོང་པ་ཉིད་དུ་ལྟ་བ་བཀག་པ་ནི་དགོངས་པ་ཅན་ཉིད་དུ་གསུངས་པས་སྔར་བསྟན་པ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ནི་ངེས་པའི་དོན་ཕྱིན་ཅི་མ་ལོག་པའོ། །འདིར་དགོངས་པ་དང་ལྡེམ་
Vol. 122 · folio 194a
པོར་དགོངས་པའི་རྣམ་པར་དབྱེ་བ་ཞིབ་ཏུ་ནི་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ལ་སོགས་པ་ལས་གསུངས་པས་དེ་དག་གི་རྣམ་པར་བཤད་པའི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཞེས་པ་ལ་སོགས་པ་སྔར་བསྟན་པའི་
གྲུབ་པའི་མཐའ་དང་། བཤད་པའི་ཚུལ་རྣམ་པ་གཞན་གྱི་སྒོ་ནས་སྟོན་ཏེ། དེ་ཡང་། ཁྱོད་ཀྱི་གྲུབ་མཐའ་རྣམ་པ་དུ། །ལྟ་བ་དག་ཀྱང་རྣམ་པ་དུ། །ཞེས་དྲིས་པའི་ལན་དུ་སྦྱར་བར་བྱ་སྟེ། ཞིབ་ཏུ་ནི་འོག་ནས་སྟོན་པར་འགྱུར་རོ། །འདིར་བསྒྲུབ་པའི་མཐའི་བྱེ་བྲག་ཇི་ལྟ་བ་བཞིན་དུ་
རྟོགས་པས་སངས་རྒྱས་པ་རྣམས་ཀྱི་རྟོག་གེ་པ་དང་། མུ་སྟེགས་བྱེད་ལ་སོགས་པ་གཞན་གྱིས་བསྟན་པ་ལ་རག་མ་ལས་པ་སྟེ། སྟོན་པ་གཞན་ལ་མི་རྟེན་པའོ། །སོ་སོ་རང་གིས་རིག་པའི་བྱེ་བྲག་གི་མཚན་ཉིད་དེ་ཞེས་པ་ལ་སོགས་པའི་དོན་ནི་ཆོས་ཀྱི་དབྱིངས་ཀྱི་ཕྱོགས་འགའ་ཞིག་
གང་ཟག་ལ་བདག་མེད་པ་དང་། གཟུང་བ་ངོ་བོ་ཉིད་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སོ་སོ་རང་གིས་རིག་པར་བྱ་བའི་དོན་སྒྲ་དང་རྣམ་པར་རྟོག་པའི་ཡུལ་ལས་འདས་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་བསྒྲུབ་པའི་མཐའི་ཚུལ་ཡིན་ལ། སེམས་ཀྱི་ཆོས་ཉིད་ཇི་ལྟ་
བ་བཞིན་དུ་བདག་ཉིད་ཐམས་ཅད་ནས་རྟོགས་པའི་ཡེ་ཤེས་མཐར་ཐུག་པའི་དོན་ནི་སངས་རྒྱས་རྣམས་ཀྱིའོ། །ཟག་པ་མེད་པའི་དབྱིངས་རྟོགས་པ་ཐོབ་པར་བྱེད་པ་ནི་སོ་སོ་རང་རང་གིས་མི་སློབ་པའི་འབྲས་བུ་ཐོབ་པར་བྱེད་པའོ། །མུ་སྟེགས་ཅན་དང་བདུད་ཐམས་ཅད་སྤངས་པ་ནི་
དེ་རྣམས་བཅོམ་པ་སྟེ། གང་ཟག་ཏུ་ལྟ་བ་སྤངས་པ་དང་མཐར་གྱིས་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་གྱི། འཁོར་བར་ལྡོག་པ་མེད་པ་སྟེ། །ཕྱིར་ལྡོག་པ་ཡང་ཡོད་མ་ཡིན། །ཞེས་པ་ལ་སོགས་པ་སྔར་བསྟན་པའོ། །གཞན་ཡང་སོ་སོའི་སྐྱེ་བོའི་གནས་
སྐབས་ན་རྟོག་པ་དང་བཅས་པའི་ཚད་མས་གང་ཟག་གི་བདག་མེད་པ་ལ་སོགས་པ་སྤྱིའི་ཚུལ་དུ་གཏན་ལ་འབེབས་པ་ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་བསྡུས་པ་ཡང་རྗེས་སུ་མཐུན་པའི་གྲུབ་པའི་མཐའ་སྟེ་རང་རང་གི་འདོད་པའི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་མ་ཡིན་ནོ། །དེ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words