མདོ་སྡེའི་རྒྱན་གྱི་བཤད་པ
Sanskrit title (Tibetan script, as in the text) སཱུ་ཏྲ་ཨ་ལཾ་ཀཱ་ར་བྱཱ་ཁྱཱཾ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 123 · folio 184a
ན་གོ་བ་རྣམས་ལའོ། །སངས་རྒྱས་རྣམས་ཀྱི་སྟོན་པ་འདི། །འཁོར་གསུམ་གྱིས་ནི་དག་པ་སྟེ། །འདི་ནི་ཉེས་པ་བརྒྱད་དག་དང་། །བྲལ་བ་ཉིད་དུ་ཤེས་པར་བྱ། །འཁོར་གསུམ་གྱིས་དག་པ་ཞེས་བྱ་བ་ནི་གང་གི་སྟོན་པ་སྟེ། ངག་དང་ཚིག་
དག་དང་། ཇི་ལྟར་སྟོན་པ་སྟེ། བསྟན་པ་ལ་སོགས་པའི་རྣམ་པ་དང་། གང་དག་ལ་སྟོན་པ་སྟེ། མགོ་སྨོས་པ་དང་རྣམ་པར་སྤྲོས་ན་གོ་བ་རྣམས་ཀྱིས་སོ། །ཡང་སྟོན་པ་འདི་ཉིད་གོ་རིམས་བཞིན་དུ་ཉེས་པ་བརྒྱད་དང་བྲལ་བར་རིག་པར་བྱ་སྟེ། ལེ་ལོ་དང་ནི་མི་
འགོ་བ། །སྐབས་མི་འབྱེད་དང་མ་ངེས་དང་། །ཐེ་ཚོམ་དག་ནི་མི་གཅོད་དང་། །དེ་དང་བྲལ་བ་བརྟན་མི་བྱེད། །ཉེས་པ་བརྒྱད་པོ་དེ་དག་ཀྱང་ལེ་ལོ་དང་། མི་འགོ་བ་དང་། གོ་སྐབས་མི་འབྱེད་པ་དང་། དོན་ངེས་པ་མ་ཡིན་པ་ཉིད་དང་། ཐེ་ཚོམ་མི་གཅོད་པ་ཉིད་
དང་། །དེ་དང་བྲལ་བ་བརྟན་པོར་མི་བྱེད་པ་སྟེ། ངེས་པར་ཞེས་བྱ་བའི་ཐ་ཚིག་གོ། །སྐྱོ་བ་དང་ནི་སེར་སྣ་ཉིད། །འདི་དག་གཏམ་གྱི་ཉེས་པར་འདོད། །དེ་དག་མེད་ཕྱིར་སངས་རྒྱས་ཀྱི། །བཤད་པ་བླ་ན་མེད་པར་འགྱུར། །སྐྱོ་བ་དང་ནི་གང་གིས་ཡང་དང་ཡང་དུ་སྟོན་པར་
མི་བྱེད་པའོ། །སེར་སྣ་ཉིད་ནི་ཟད་པར་ཡང་དག་པར་རབ་ཏུ་སྟོན་པར་མི་བྱེད་པའི་ཕྱིར་རོ། །དོན་ཕུན་སུམ་ཚོགས་པའི་ཚིགས་སུ་བཅད་པ་གཉིས་ཏེ། དད་དང་དགའ་དང་བློ་རྣམས་ཀྱི། །རྒྱུ་ཕྱིར་ཆོས་འདི་དགེ་བ་ཡིན། །དོན་རྣམ་གཉིས་ལྡན་གཟུང་སླ་དང་། །ཡོན་ཏན་བཞི་ལྡན་
ཚངས་སྤྱོད་སྟོན། །གཞན་དང་ཐུན་མོང་མ་ཡིན་ལྡན་པ་དང་། །ཁམས་གསུམ་ཉོན་མོངས་རྣམ་སྤོང་རྫོགས་བྱེད་དང་། །ངོ་བོ་ཉིད་དག་དྲི་མ་དག་པ་སྟེ། །ཚངས་སྤྱོད་ཡོན་ཏན་བཞི་ལྡན་ཡིན་པར་འདོད། །ཡོན་ཏན་བཞི་ལྡན་གྱི་ཚངས་པར་སྤྱོད་པ་ཡང་དག་པར་རབ་ཏུ་སྟོན་པའི་
ཆོས་ནི་གོ་རིམས་བཞིན་དུ་ཐོས་པ་དང་། བསམས་པ་དང་། བསྒོམས་པ་དག་གིས་དད་པ་དང་དགའ་བ་དང་། བློའི་རྒྱུ་ཡིན་པའི་ཕྱིར་ཐོག་མ་དང་། བར་དང་ཐ་མར་དགེ་བ་ཡིན་ནོ། །དེ་ལ་དད་པ་ནི་མོས་པ་དང་ཡིད་ཆེས་པའོ། །དགའ་བ་ནི་རིགས་པས་ངེས་པར་བརྟགས་པའི་
Vol. 123 · folio 184b
སྒོ་ནས་ཐོབ་པ་ཉིད་དུ་ནུས་པར་རིག་ནས་རབ་ཏུ་དགའ་བའོ། །བློ་ནི་སེམས་མཉམ་པར་གཞག་པའི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །དོན་རྣམ་པ་གཉིས་དང་ལྡན་པས་དེའི་ཕྱིར་དོན་བཟང་པོ་ཡིན་ཏེ། ཀུན་རྫོབ་དང་དོན་དམ་པའི་བདེན་པ་དང་ལྡན་པའི་ཕྱིར་རོ། །གཟུང་
སླ་བས་དེའི་ཕྱིར་ཚིག་འབྲུ་བཟང་པོ་ཡིན་ཏེ། ཚིག་དང་ཡི་གེ་གྲགས་པའི་ཕྱིར་རོ། །ཡོན་ཏན་བཞི་ལྡན་གྱི་ཚངས་པར་སྤྱོད་པ་ལ་མ་འདྲེས་པ་ནི་གཞན་དག་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །ཡོངས་སུ་རྫོགས་པ་ནི་ཁམས་གསུམ་པའི་ཉོན་མོངས་པ་སྤོང་བ་ཡོངས་སུ་
རྫོགས་པའི་ཕྱིར་རོ། །ཡོངས་སུ་དག་པ་ནི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་སྒོ་ནས་ཟག་པ་མེད་པའི་ཕྱིར་རོ། །ཡོངས་སུ་བྱང་བ་ནི་དྲི་མ་རྣམ་པར་དག་པའི་སྒོ་ནས་ཟག་པ་ཟད་པ་རྣམས་ཀྱི་རྒྱུད་རྣམ་པར་དག་པའི་ཕྱིར་རོ། །ལྡེམ་པོར་དགོངས་པ་རྣམ་པར་དབྱེ་བའི་ཚིགས་
སུ་བཅད་པ་གཉིས་ཏེ། གཞུག་པ་ལྡེམ་པོར་དགོངས་པ་དང་། །མཚན་ཉིད་ལྡེམ་པོར་དགོངས་པ་གཞན། །གཉེན་པོ་ལྡེམ་པོར་དགོངས་པ་དང་། །བསྒྱུར་ལ་ལྡེམ་པོར་དགོངས་པ་སྟེ། །ཉན་ཐོས་དང་ནི་ངོ་བོ་ཉིད། །དེ་བཞིན་ཉེས་པ་གདུལ་བ་དང་། །བརྗོད་པ་ཟབ་པ་ཉིད་ལ་
ནི། །ལྡེམ་པོར་དགོངས་པ་རྣམ་པ་བཞི། །སངས་རྒྱས་ཀྱི་བཤད་པ་ལ་ལྡེམ་པོར་དགོངས་པ་རྣམ་པ་བཞིར་རིག་པར་བྱ་སྟེ། གཞུག་པ་ལ་ལྡེམ་པོར་དགོངས་པ་དང་། མཚན་ཉིད་ལ་ལྡེམ་པོར་དགོངས་པ་དང་། གཉེན་པོ་ལ་ལྡེམ་པོར་དགོངས་པ་དང་། །བསྒྱུར་བ་ལ་
ལྡེམ་པོར་དགོངས་པའོ། །དེ་ལ་གཞུག་པ་ལ་ལྡེམ་པོར་དགོངས་པ་ནི་ཉན་ཐོས་རྣམས་ལ་བལྟ་བར་བྱ་སྟེ། བསྟན་པ་ལ་འཇུག་པར་བྱ་བའི་དོན་དུ་མི་སྐྲག་པར་བྱ་བའི་ཕྱིར་གཟུགས་ལ་སོགས་པ་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་རོ། །མཚན་ཉིད་ལ་ལྡེམ་པོར་དགོངས་པ་
ནི་ཀུན་བརྟགས་པ་ལ་སོགས་པའི་ངོ་བོ་ཉིད་གསུམ་ལ་བལྟ་བར་བྱ་སྟེ། །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། མ་སྐྱེས་པ་ལ་སོགས་པར་བསྟན་པའི་ཕྱིར་རོ། །གཉེན་པོ་ལ་ལྡེམ་པོར་དགོངས་པ་ནི་ཉེས་པ་རྣམས་གདུལ་བར་བྱ་བ་ལ་བལྟ་བར་བྱ་སྟེ། ཇི་སྐད་
Vol. 123 · folio 185a
དུ། སྒྲིབ་པ་བརྒྱད་ཀྱི་གཉེན་པོར་ཐེག་པ་མཆོག་ཕན་ཡོན་དང་བཅས་པ་བཤད་པའི་ཞར་ལ་ཚིགས་སུ་བཅད་པ་གཉིས་འཆད་པར་འགྱུར་བ་ལྟ་བུའོ། །བསྒྱུར་བ་ལ་ལྡེམ་པོར་དགོངས་པ་ནི་བརྗོད་པ་ཟབ་མོ་ལ་བལྟ་བར་བྱ་སྟེ། ཇི་སྐད་དུ།
སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་ལེགས་པར་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་འཐོབ་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་དགོངས་པ་ནི་འདི་ཡིན་ཏེ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཞེས་
བྱ་བ་ནི་གང་དག་གིས་བློ་རྣམ་པར་གཡེང་བ་མེད་པ་ལ་སྙིང་པོར་འཛིན་པ་སྟེ། གཙོ་བོར་སེམས་པ་ཞེས་བྱ་བའི་ཐ་ཚིག་གོ །སྙིང་པོ་ནི་སེམས་ཀྱི་རྣམ་པར་གཡེང་བའོ། །ཕྱིན་ཅི་ལོག་ལ་ལེག་པར་གནས། །ཞེས་བྱ་བ་ནི། རྟག་པ་དང་། བདེ་བ་དང་། གཙང་བ་
དང་། བདག་ཏུ་འཛིན་པ་ལས་བཟློག་སྟེ། ཕྱིན་ཅི་ལོག་མི་རྟག་པ་ལ་སོགས་པ་ལ་ཡོངས་སུ་མི་ཉམས་པའི་སྒོ་ནས་ལེགས་པར་གནས་པ་ཡིན་ནོ། །ཉོན་མོངས་པས་ནི་རབ་ཉོན་མོངས། །ཞེས་བྱ་བ་ནི། ཡུན་རིང་པོར་དཀའ་བ་སྤྱོད་པའི་ངལ་བས་ཤིན་
ཏུ་ཉོན་མོངས་པ་ཡིན་ནོ། །དགོངས་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། མཉམ་པ་ཉིད་དང་དོན་གཞན་དང་། །དེ་བཞིན་དུ་ནི་དུས་གཞན་དང་། །གང་ཟག་གི་ནི་བསམ་པ་ལ། །དགོངས་པ་རྣམ་པ་བཞིར་ཤེས་བྱ། །དགོངས་པ་རྣམ་པ་བཞི་ལ་མཉམ་
པ་ཉིད་ལ་དགོངས་པ་ནི། འདི་ལྟར་ང་ཉིད་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་ལྟ་བུ་སྟེ། ཆོས་ཀྱི་སྐུ་ལ་ཁྱད་པར་མེད་པའི་ཕྱིར་རོ། །དོན་གཞན་ལ་དགོངས་པ་ནི་འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་
མེད་པ་མ་སྐྱེས་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་སྟེ། དོན་ལ་སྒྲ་ཇི་བཞིན་མ་ཡིན་པའི་ཕྱིར་རོ། །དུས་གཞན་ལ་དགོངས་པ་ནི། འདི་ལྟར་གང་དག་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུ་སྟེ། དུས་
Vol. 123 · folio 185b
གཞན་ན་སྙམ་དུ་དགོངས་པ་ཡིན་ནོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི། འདི་ལྟར་དགེ་བའི་རྩ་བ་དེ་ཉིད་ཁ་ཅིག་ལ་ནི་བསྔགས་ལ་ཆུང་ངུས་ཆོག་ཤེས་པ་ཁ་ཅིག་ལ་ནི་སྨད་པ་ལྟ་བུའོ། །ཐེག་པ་ཆེན་པོའི་མདོ་ཤིན་ཏུ་རྒྱས་པ་བསྡུས་པ་ལས་ཚིགས་སུ་བཅད་པ་གཉིས་པོ་
ཕན་ཡོན་དང་བཅས་པ་བླངས་ཏེ། སྨྲས་པ། སངས་རྒྱས་ཆོས་ལ་བརྙས་པ་དང་། །ལེ་ལོ་ཅུང་ཟད་ཆོག་འཛིན་དང་། །ང་རྒྱལ་འདོད་ཆགས་སྤྱོད་པ་དང་། །འགྱོད་དང་མ་ངེས་ལྡོག་པ་ནི། །སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། །དེ་ཡི་གཉེན་པོར་ཐེག་མཆོག་
གསུངས། །དེས་དེའི་བར་དུ་གཅོད་པ་ཡི། །ཉེས་པ་ཐམས་ཅད་སྤོངས་པར་འགྱུར། །གང་ཞིག་ཚིག་གམ་དོན་སྒོ་ནས། །ཚིགས་བཅད་གཉིས་འཛིན་རབ་སྦྱོར་བ། །སེམས་ཅན་བློ་ལྡན་མཆོག་དེ་ཡིས། །ཡོན་ཏན་རྣམ་བཅུ་ཐོབ་འགྱུར་ཏེ། །ཁམས་ནི་ཟད་པར་
བརྟས་པ་དང་། །འཆི་བའི་ཚེ་ན་རབ་དགའ་མཆོག །ཇི་ལྟར་འདོད་པར་སྐྱེ་བ་དང་། །ཀུན་ཏུ་ཚེ་རབས་དྲན་པ་དང་། །སངས་རྒྱས་རྣམས་དང་ཕྲད་པ་དང་། །དེ་ལས་ཐེག་མཆོག་ཐོས་པ་དང་། །མོས་པ་བློ་དང་བཅས་པ་དང་། །སྒོ་གཉིས་བྱང་ཆུབ་མྱུར་འཐོབ་
པའོ། །སངས་རྒྱས་ཆོས་ལ་བརྙས་པ་དང་། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ལྔ་སྟེ། དེ་ལ་མ་ངེས་པ་ལྡོག་པ་ནི། བྱང་ཆུབ་སེམས་དཔའ་མ་ངེས་པ་རྣམས་ཐེག་པ་ཆེན་པོ་ལས་ལྡོག་པའོ། །ཐེག་པ་མཆོག་གསུངས་པ་ནི་ཐེག་པ་ཆེན་པོ་བསྟན་པ་
ཡིན་ནོ། །སངས་རྒྱས་ལ་བརྙས་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི་འདི་ལྟར་ང་ཉིད་དེའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་ལྟ་བུའོ། །ཆོས་ལ་བརྙས་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། གངྒཱའི་
ཀླུང་གི་བྱེ་མ་འདི་སྙེད་དང་མཉམ་པའི་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱས་ན་གཟོད་ཐེག་པ་ཆེན་པོའི་རྟོགས་པ་སྐྱེའོ་ཞེས་བྱ་བ་ལྟ་བུའོ། །ལེ་ལོའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། གང་དག་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དེ་དག་དེར་སྐྱེ་བར་འགྱུར་རོ་ཞེས་
Vol. 123 · folio 186a
བྱ་བ་དང་། དེ་བཞིན་གཤེགས་པ་ཟླ་འོད་དྲི་མེད་ཀྱི་མཚན་སྨོས་པ་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི།
གང་དུ་བཅོམ་ལྡན་འདས་ཀྱིས་ལ་ལར་སྦྱིན་པ་ལ་སོགས་པ་སྨད་ལ། གཞན་དུ་ནི་བསྔགས་པ་ལྟ་བུའོ། །འདོད་ཆགས་སྤྱོད་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། གང་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་གི་འབྱོར་པ་བསྔགས་པ་ལྟ་བུའོ། །
ང་རྒྱལ་སྤྱོད་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། གང་དུ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ལ་ལའི་ཕུན་སུམ་ཚོགས་པ་ལྷག་པར་བསྔགས་པ་ལྟ་བུའོ། །འགྱོད་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། གང་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
རྣམས་ལ་གནོད་པ་བྱེད་པ་དེ་དག་ཐམས་ཅད་ནི་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་བྱ་བ་ལྟ་བུའོ། །མ་ངེས་པ་ལྡོག་པའི་སྒྲིབ་པའི་གཉེན་པོར་གསུངས་པ་ནི། ཉན་ཐོས་ཆེན་པོ་རྣམས་སངས་རྒྱས་ཉིད་དུ་ལུང་བསྟན་པ་བཤད་པ་དང་། ཐེག་པ་གཅིག་ཏུ་བཤད་པ་ལྟ་
བུའོ། །ཁམས་ཟད་པར་བརྟས་པ་ནི། ཐེག་པ་ཆེན་པོའི་རྟེན་ཅན་གྱི་ཁམས་ཐམས་ཅད་བརྟས་པ་གང་ཡིན་པ་སྟེ། དེའི་སྒྲིབ་པ་དང་བྲལ་བའི་སྒོ་ནས་ཐེག་པ་ཆེན་པོ་ཐམས་ཅད་ལ་མོས་པ་འཐོབ་པའི་ཕྱིར་རོ། །སྒོ་གཉིས་ནི་ཏིང་ངེ་འཛིན་གྱི་སྒོ་དང་། གཟུངས་
ཀྱི་སྒོའོ། །མཐོང་བའི་ཆོས་ལ་ནི་ཕན་ཡོན་རྣམ་པ་གཉིས་སོ། །ཚེ་ཕྱི་མ་ལ་ནི་རྣམ་པ་བརྒྱད་དེ། རིམ་གྱིས་གོང་ནས་གོང་དུ་ཁྱད་པར་འཐོབ་པའི་སྒོ་ནས་རིག་པར་བྱའོ། །སྟོན་པའི་ཕན་ཡོན་གྱི་ཚིགས་སུ་བཅད་པ། དེ་ལྟར་བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན། །
སྙན་པར་རབ་གྲགས་ཆོ་ག་བཟང་ཤེས་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་ལེགས་པར་སྨྲ་བ་ཡིན་པ་སྟེ། །བཤད་པས་སྐྱེ་བོའི་ནང་ན་ཉི་མ་བཞིན་དུ་ལྷམ། །རྒྱུ་ལྔས་ལེགས་པར་སྨྲ་བ་ཉིད་དང་། ཉི་མ་བཞིན་དུ་ལྷམ་པའི་ཕན་ཡོན་ཡིན་ཏེ། འཇིག་རྟེན་འདུན་
Vol. 123 · folio 186b
པར་བྱེད་པའི་སྒོ་ནས་ཡ་མཚན་དུ་གྱུར་པའི་ཕྱིར་རོ། །རྒྱུ་ལྔ་ནི། གང་གིས་ཕྱིན་ཅི་མ་ལོག་པ་དང་། ཡང་དང་ཡང་དུ་དང་། ཟང་ཟིང་མེད་པའི་སེམས་དང་། ཚིག་གཟུང་བར་འོས་པ་དང་། གདུལ་བ་དང་འཚམ་པར་འཆད་པ་ཡིན་ནོ། །བཤད་པའི་སྐབས་
རྫོགས་སོ།། །།སྒྲུབ་པ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་དྲུག་སྟེ། བློ་ལྡན་གཉིས་ལ་ལོག་ཉིད་དང་། །ཡང་དག་ཉིད་རྣམས་སྤངས་གསུམ་གྱིས། །གང་ཟག་དང་ནི་ཆོས་དག་ལ། །བདག་མེད་རྣམ་གཉིས་ཀུན་ཤེས་ནས། །ཇི་སྐད་དུ། དོན་ཀུན་ཤེས་
ཤིང་ཆོས་ཀུན་ཤེས་ནས་ཆོས་དང་མཐུན་པའི་ཆོས་ལ་ཞུགས་པ་ཡིན། མཐུན་པར་ཞུགས་པ་ཡིན། མཐུན་པའི་ཆོས་ལ་སྤྱོད་པ་ཡིན་ཞེས་འབྱུང་བ་དེ་སྟོན་པར་བྱེད་དེ། དེ་ལ་གང་ཟག་དང་ཆོས་ལ་བདག་མེད་པ་ཤེས་པ་རྣམ་པ་གཉིས་ནི་གཟུང་བ་དང་འཛིན་པ་མེད་པའི་
ཕྱིར་རོ། །གཉིས་ལ་ལོག་པ་ཉིད་དང་ཡང་དག་པ་ཉིད། སྤངས་པ་གསུམ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དག་ཡོད་པ་ལ་སྨོན་པ་མེད་པ་དང་། མཚན་མ་མེད་པ་དག་གོ། །
འཇིག་རྟེན་པའི་ཏིང་ངེ་འཛིན་གསུམ་པོ་འདི་དག་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་འདྲེན་པའི་ཕྱིར་ལོག་པ་ཉིད་ཀྱང་མ་ཡིན་ལ། འཇིག་རྟེན་ལས་འདས་པ་མ་ཡིན་པའི་ཕྱིར་ཡང་དག་པ་ཉིད་ཀྱང་མ་ཡིན་ནོ། །དོན་ཤེས་པས་ནི་ཆོས་རྣམས་ཀུན། །གཟིངས་དང་
འདྲ་བ་ཉིད་དུ་རིག །ཐོས་པས་ཆོག་པར་འཛིན་སྤོང་བ། །དེས་ན་ཆོས་ཤེས་པ་ཞེས་བརྗོད། །དེ་ལྟར་དོན་ཤེས་པ་ནི་མདོ་ལ་སོགས་པའི་ཆོས་ཐམས་ཅད་གཟིངས་ལྟ་བུ་ཉིད་དུ་ཤེས་ཤིང་ཐོས་པ་ཙམ་གྱིས་ཆོག་པར་འཛིན་པ་སྤོང་བར་བྱེད་དེ། དེས་ན་ཆོས་ཤེས་པ་ཡིན་
ནོ། །སོ་སོའི་སྐྱེ་བོའི་ཤེས་པ་ཡིས། །དེ་བཞིན་དུ་ནི་གཉིས་རྟོགས་ནས། །ཤེས་པ་དེ་ཡོངས་རྫོགས་བྱའི་ཕྱིར། །མཐུན་པའི་ཆོས་ནི་རབ་ཏུ་སྒྲུབ། །སོ་སོའི་སྐྱེ་བོའི་དོན་དང་ཆོས་ཤེས་པ་རྣམ་པ་གཉིས་པོ་དེས་དེ་བཞིན་དུ་ཇི་སྐད་བཤད་པའི་བདག་མེད་པ་གཉིས་
Vol. 123 · folio 187a
རྟོགས་ནས། ཤེས་པ་དེ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་དེ། དེ་ལྟར་ན་མཐུན་པའི་ཆོས་ལ་འཇུག་པ་ཡིན་ནོ། །དེ་ནས་དེས་ནི་ས་དང་པོར། །བྱང་ཆུབ་སེམས་དཔའ་དེའི་བདག་ཉིད། །ཀུན་དང་མཉམ་པར་འཇིག་རྟེན་ལས། །
འདས་པའི་ཡེ་ཤེས་བླ་མེད་འཐོབ། །དེ་ནས་དེས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་བླ་ན་མེད་པ་འཐོབ་བོ་ཞེས་བྱ་བ་ནི། ཐེག་པ་ཆེས་ཁྱད་པར་དུ་འཕགས་པ་གཞན་མེད་པའི་ཕྱིར་རོ། །ས་དང་པོ་ས་རབ་ཏུ་དགའ་བ་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མཉམ་པར་རོ། །
དེའི་བདག་ཉིད་ཅེས་བྱ་བ་ནི་དེའི་ས་པ་རྣམས་དང་ངོ་། །དེ་ལྟར་ན་མཐུན་པར་ཞུགས་པ་ཡིན་ཏེ། དེའི་ས་པའི་བྱང་ཆུབ་སེམས་དཔའ་དང་མཉམ་པ་ཉིད་ཀྱི་ཕྱིར་རོ། །མཐོང་བས་སྤང་བྱའི་ཉོན་མོངས་རྣམས། །ཐམས་ཅད་ཡང་དག་ཟད་བྱས་ནས། །ཤེས་བྱའི་སྒྲིབ་པ་སྤང་བྱའི་
ཕྱིར། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཚིགས་སུ་བཅད་པ་འདིའི་དོན་གོ་བར་ཟད་དོ། །རྣམ་འཇོག་རྣམ་པར་མི་རྟོག་པའི། །ཡེ་ཤེས་ལྷན་ཅིག་སྤྱོད་པ་ཡིས། །དེ་བཞིན་ས་ནི་ལྷག་མ་ལ། །མཐུན་པ་ཡི་ནི་ཆོས་སྤྱོད་དོ། །ལྷག་མས་ནི་མཐུན་པའི་ཆོས་སྤྱོད་པ་ཉིད་སྟོན་ཏེ། རྣམ་པར་
འཇོག་པ་དང་། རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་ས་རྣམ་པར་འཇོག་པའི་ཡེ་ཤེས་དང་། རྣམ་པར་མི་རྟོག་པའོ། །ལྷན་ཅིག་སྤྱོད་པ་ཡིས་ཞེས་བྱ་བ་ནི་རྗེས་སུ་འབྲེལ་བར་སྤྱོད་པ་སྟེ། ཕན་ཚུན་བར་ཆད་མེད་པས་སོ། །སྒྲུབ་པ་ལ་བག་ཡོད་པར་བྱ་བའི་ཚིགས་སུ་བཅད་
པ་བཞི་སྟེ། བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་བ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ཡོན་ཏན་ལྡན། །མཐུན་པའི་ཡུལ་དུ་གནས་པ་ལ་སོགས་པ་འཁོར་ལོ་བཞིས་བག་ཡོད་པར་བྱ་བ་སྟོན་ཏེ། དེ་ལ་ཚིགས་
སུ་བཅད་པ་འདིས་ནི་མཐུན་པའི་ཡུལ་དུ་གནས་པ་སྟོན་ཏོ། །ལེགས་པར་རྙེད་པ་ནི་ཆོས་གོས་དང་། བསོད་སྙོམས་ལ་སོགས་པའི་འཚོ་བའི་ཡོ་བྱད་རྣམས་ཚེགས་ཆུང་ངུས་རྙེད་པའི་ཕྱིར་རོ། །གནས་བཟང་བ་ནི་རྐུན་པོ་ལ་སོགས་པ་སྐྱེ་བོ་ངན་པ་དག་མི་གནས་པའི་ཕྱིར་རོ། །ས་
Vol. 123 · folio 187b
བཟང་བ་ནི་ནད་མེད་པའི་ས་ཡིན་པའི་ཕྱིར་རོ། །གྲོགས་བཟང་པོ་ནི་གྲོགས་ཚུལ་ཁྲིམས་དང་ལྟ་བ་མཐུན་པའི་ཕྱིར་རོ། །རྣལ་འབྱོར་བདེ་བ་ནི་ཉིན་པར་འདུ་འཛི་ཉུང་ཞིང་ལྗན་ལྗིན་ཉུང་བའི་ཕྱིར་དང་། མཚན་མོ་སྒྲ་ཆུང་བ་ལ་སོགས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཐོས་མང་
དང་། །བདེན་མཐོང་སྨྲ་མཁས་བརྩེ་བ་ཅན། །སྐྱོ་མེད་སྐྱེས་བུ་དམ་པ་ནི། །ཆེན་པོ་ཡིན་པར་ཤེས་པར་བྱ། །གཉིས་པ་འདིས་ནི་སྐྱེས་བུ་དམ་པ་ཉིད་སྟོན་ཏེ། ལུང་དང་རྟོགས་པ་དང་། ཚིག་ཏུ་སྨྲ་བ་དང་། ཟང་ཟིང་མེད་པའི་སེམས་དང་། སྙོམ་ལས་མེད་
པ་ཉིད་ཀྱི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །དམིགས་པ་བཟང་དང་སྟོན་པ་བཟང་། །ཐབས་བཟང་བ་དང་ངེས་འབྱུང་དང་། །སྦྱོར་བ་བཟང་པོའི་བདག་ཉིད་ཀྱི། །ཡང་དག་སྨོན་ལམ་ཡིན་པར་བཤད། །གསུམ་པ་འདིས་ནི་བདག་ཉིད་ཀྱི་ཡང་དག་པའི་སྨོན་ལམ་ཚུལ་
བཞིན་ཡིད་ལ་བྱེད་པས་བསྡུས་པ་སྟོན་ཏེ། དམ་པའི་ཆོས་ལ་དམིགས་པ་དང་། ཚོགས་བསགས་པ་དང་། ཞི་གནས་ལ་སོགས་པའི་རྒྱུ་མཚན་དུས་སུ་སྒོམ་པ་དང་། གོང་དུ་བྱ་བ་ཡོད་པས་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པ་དང་། རྟག་ཏུ་དང་གུས་པར་
བྱས་ཏེ་སྦྱོར་བའི་ཕྱིར་རོ། །དགའ་དང་དལ་བར་སྐྱེ་བ་དང་། །ནད་མེད་པ་དང་ཏིང་འཛིན་དང་། །རྣམ་པར་འབྱེད་པ་བྱེད་རྒྱུ་ནི། །སྔོན་ཆད་བསོད་ནམས་བྱས་པ་ཉིད། །བཞི་པ་འདིས་ནི་རྒྱུ་རྣམ་པ་ལྔས་སྔོན་བསོད་ནམས་བྱས་པ་ཉིད་སྟོན་ཏེ། དགའ་བའི་རྒྱུ་
ཉིད་ནི་གང་གིས་ན་མི་མཐུན་པའི་ཡུལ་དུ་གནས་ན་ཡང་དགའ་བ་མ་ཡིན་ནོ། །དལ་བར་སྐྱེ་བའི་རྒྱུ་ཉིད་ནི། གང་གིས་ན་སྐྱེས་བུ་དམ་པ་ལ་བརྟེན་པ་འཐོབ་པ་ཡིན་ནོ། །ནད་མེད་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་རྒྱུ་ཉིད་ནི། གང་གིས་ན་བདག་
ཉིད་ཀྱི་ཡང་དག་པའི་སྨོན་ལམ་འགྲུབ་པ་ཡིན་ནོ། །ཉོན་མོངས་པ་ཁོ་ནས་ཉོན་མོངས་པ་ལས་ངེས་པར་འབྱུང་བའི་ཚིགས་སུ་བཅད་པ་གསུམ་སྟེ། ཆོས་ཀྱི་དབྱིངས་ནི་མ་གཏོགས་པ། །གང་ཕྱིར་ཆོས་མེད་དེ་ཡི་ཕྱིར། །སངས་རྒྱས་རྣམས་
Vol. 123 · folio 188a
ཀྱིས་དེ་དག་ལས། །ངེས་འབྱུང་ཆགས་སོགས་ཡིན་པར་དགོངས། །བཅོམ་ལྡན་འདས་ཀྱིས་འདོད་ཆགས་ལས་མ་གཏོགས་པར་འདོད་ཆགས་ལས་ངེས་པར་འབྱུང་བར་ང་མི་སྨྲ་སྟེ། ཞེ་སྡང་དང་། གཏི་མུག་དག་
ཀྱང་དེ་དང་འདྲའོ་ཞེས་གང་གསུངས་པ་དེའི་དགོངས་པ་སྟོན་ཏེ། གང་གི་ཕྱིར་ཆོས་ཉིད་ལས་མ་གཏོགས་པའི་ཆོས་མེད་པས་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་མེད་པ་དེའི་ཕྱིར་འདོད་ཆགས་ལ་སོགས་པའི་ཆོས་ཉིད་ཀྱང་འདོད་ཆགས་ལ་སོགས་པའི་མིང་འཐོབ་
ལ། དེ་ཡང་འདོད་ཆགས་ལ་སོགས་པ་ལས་ངེས་པར་འབྱུང་བ་ཡིན་པས་དེ་ལ་དགོངས་པ་ནི་དེ་ཡིན་པར་རིག་པར་བྱའོ། །ཆོས་ཀྱི་དབྱིངས་ནི་མ་གཏོགས་པར། །གང་ཕྱིར་ཆོས་མེད་དེ་ཡི་ཕྱིར། །ཀུན་ནས་ཉོན་མོངས་བསྟན་པ་ལ། །བློ་ལྡན་དགོངས་པ་དེ་ཡིན་འདོད། །
མ་རིག་པ་དང་། བྱང་ཆུབ་ནི་གཅིག་གོ་ཞེས་ཀུན་ནས་ཉོན་མོངས་པ་བསྟན་པ་དེར་ཡང་དགོངས་པ་ནི་དེ་ཁོ་ན་ཡིན་ཏེ། མ་རིག་པ་དང་བྱང་ཆུབ་ཀྱི་ཆོས་ཉིད་ལ་དེ་དག་ཉེ་བར་བཏགས་པའི་ཕྱིར་རོ། །གང་ཕྱིར་ཆགས་སོགས་དེ་ཉིད་ལ། །ཚུལ་བཞིན་འཇུག་པ་དེ་ཡི་ཕྱིར། །
དེ་ལས་རྣམ་གྲོལ་འགྱུར་དེས་ན། །དེ་ཡིས་དེ་དག་ལས་ངེས་འབྱུང་། །འདོད་ཆགས་ལ་སོགས་པ་དེ་དག་ཁོ་ན་ལ་ཚུལ་བཞིན་དུ་འཇུག་ན་དེ་དག་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལྟ་བས་ན་དེ་དག་ཡོངས་སུ་ཤེས་པ་ཉིད་དེ་དག་གི་ངེས་པར་འབྱུང་བ་ཡིན་པས་འདི་ལ་
དགོངས་པ་ནི་དེ་ཡིན་ནོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ཡོངས་སུ་སྤང་བའི་ཚིགས་སུ་བཅད་པ་གཉིས་ཏེ། སེམས་ཅན་ཆེད་དུ་དམྱལ་བའི་སྲིད་པར་གནས་པ་ཡིས། །སྡུག་བསྔལ་མི་བཟད་ཅིས་ཀྱང་རྒྱལ་སྲས་གནོད་བྱེད་མིན། །ཇི་སྲིད་ཡོན་ཏན་
སྐྱོན་གྱིས་ཐེག་པ་དམན་ཞུགས་པའི། །རྣམ་རྟོག་དགེ་བ་སྣ་ཚོགས་བློ་ལྡན་གནོད་བྱེད་ཡིན། །བློ་དང་ལྡན་པ་དམྱལ་བར་གནས་པ་དུས་ཀུན་ཏུ། །བྱང་ཆུབ་དྲི་མེད་ཡངས་པའི་བར་དུ་གཅོད་བྱེད་མིན། །ཐེག་པ་གཞན་ལ་རབ་བསིལ་རྣམ་རྟོག་བདག་ཕན་པ། རབ་
Vol. 123 · folio 188b
ཏུ་བདེ་བར་གནས་ཀྱང་བར་དུ་གཅོད་པར་བྱེད། །ཚིགས་སུ་བཅད་པ་འདི་གཉིས་ལ་གཅིག་གིས་སྒྲུབ་པར་བྱེད་པ་ནི་གཉིས་པ་ཡིན་ཏེ། གཉི་གའི་དོན་གོ་བར་ཟད་དོ། །ངོ་བོ་ཉིད་མེད་པ་དང་། རང་བཞིན་གྱིས་རྣམ་པར་དག་པ་ལ་སྐྲག་པ་དགག་པའི་ཚིགས་སུ་བཅད་པ་
བཞི་སྟེ། ཆོས་མེད་པ་དང་དམིགས་པ་དང་། །ཀུན་ནས་ཉོན་མོངས་མེད་རྣམ་དག །སྒྱུ་མ་ལ་སོགས་འདྲ་བ་དང་། །དེ་བཞིན་ནམ་མཁའ་འདྲར་ཤེས་བྱ། །ཇི་ལྟར་ཚུལ་བཞིན་བྲིས་པའི་རི་མོ་ལ། །མཐོན་དམན་མེད་ཀྱང་སྣང་བ་དེ་བཞིན་དུ། །ཡང་དག་མ་ཡིན་
རྟོག་ལ་རྣམ་ཀུན་ཏུ། །གཉིས་པོ་རྟག་ཏུ་མེད་ཀྱང་སྣང་བར་འགྱུར། །ཇི་ལྟར་ཆུ་རྙོག་པ་ལས་དངས་པ་ན། །དངས་པ་ཉིད་དེ་དེ་ལས་སྐྱེ་མིན་གྱི། །དེ་ནི་དེ་ལ་དྲི་མ་བྲལ་བར་ཟད། །དེ་བཞིན་རང་སེམས་དག་ལ་ཚུལ་དེ་ཉིད། །སེམས་ནི་རྟག་ཏུ་རང་བཞིན་འོད་གསལ་
འདོད། །དེ་ནི་གློ་བུར་ཉེས་པས་མ་རུང་བྱས། །ཆོས་ཉིད་སེམས་ལས་གཞན་པ་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཆོས་མེད་པ་ཡང་ཡིན་ལ་ཆོས་དམིགས་ཀྱང་དམིགས་སོ་ཞེས་བྱ་བ་ནི། བྱིས་པ་རྣམས་སྐྲག་པའི་གནས་ཡིན་ལ། ཆོས་
ཀྱི་དབྱིངས་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཡང་མེད་ལ། ཕྱིས་རྣམ་པར་དག་གོ་ཞེས་བྱ་བ་ཡང་སྐྲག་པའི་གནས་ཡིན་ཏེ། དེ་དག་གོ་རིམས་བཞིན་དུ་སྒྱུ་མ་ལ་སོགས་པ་དང་འདྲ་བ་དང་། ནམ་མཁའ་དང་འདྲ་བར་རབ་ཏུ་བསྒྲུབས་པས་དེས་མི་སྐྲག་པ་
འགོག་པར་བྱེད་དོ། །དེ་བཞིན་དུ་རི་མོའི་མཐོན་དམན་དང་འདྲ་བ་དང་། ཆུ་རྙོག་པ་ལས་དངས་པ་དང་འདྲ་བར་ཡང་གོ་རིམས་བཞིན་ནོ། །ཚིགས་སུ་བཅད་པ་གསུམ་པས་ནི། སེམས་ཆུ་དང་འདྲ་བར་བསྒྲུབ་སྟེ། ཇི་ལྟར་ཆུ་རང་བཞིན་གྱིས་
དངས་པ་ལས་གློ་བུར་གྱི་རྙོག་པས་རྙོགས་པ་ཡིན་པ་དེ་བཞིན་དུ། སེམས་རང་བཞིན་གྱིས་འོད་གསལ་བར་འདོད་པ་ལས་གློ་བུར་གྱི་ཉེས་པས་མ་རུང་བར་བྱས་སོ། །ཆོས་ཉིད་ཀྱི་སེམས་ལས་མ་གཏོགས་པ་སེམས་གཞན་ཏེ། གཞན་གྱི་དབང་གི་མཚན་ཉིད་
Vol. 123 · folio 189a
ནི། །རང་བཞིན་གྱིས་འོད་གསལ་བ་ཉིད་དུ་མི་བརྗོད་དོ། །དེ་ལྟ་བས་ན་སེམས་ནི་འདིར་ཆོས་ཉིད་ཀྱི་སེམས་ཁོ་ན་ཡིན་པར་རིག་པར་བྱའོ། །འདོད་ཆགས་ལས་སྐྱེས་པའི་ལྟུང་བ་དགག་པའི་ཚིགས་སུ་བཅད་པ་བཞི་སྟེ། བྱང་ཆུབ་སེམས་དཔའ་
སེམས་ཅན་ལ། །བུ་གཅིག་པ་ལ་བྱ་བ་བཞིན། །རྐང་གི་ཁོང་ནས་བྱམས་པ་ཆེ། །དེ་ལྟས་རྟག་ཕན་བྱེད་པར་འདོད། །སེམས་ཅན་རྣམས་ལ་ཕན་བྱེད་ཕྱིར། །དེ་ལ་ཆགས་སྐྱེས་ལྟུང་མི་འགྱུར། །འདི་ཡི་ཞེ་སྡང་རྣམ་ཀུན་དུ། །སེམས་ཅན་ཀུན་དང་འགལ་བར་
འགྱུར། །ཇི་ལྟར་ཕུག་རོན་རང་གི་བུ་མཆོག་བྱམས། །རང་གི་བུ་དེ་ཉེ་བར་འཁྱུད་ནས་འདུག །དེ་འདྲ་བ་ལ་ཁོང་ཁྲོ་འགལ་བ་ལྟར། །བརྩེར་བཅས་ལུས་ཅན་བུ་ལའང་དེ་དང་འདྲ། །གང་ཕྱིར་བྱམས་པ་དེ་ཕྱིར་ཁོང་ཁྲོ་འགལ། །གང་ཕྱིར་ཞི་བ་དེ་ཕྱིར་གནོད་སེམས་
འགལ། །གང་ཕྱིར་དོན་བྱེད་དེ་ཕྱིར་སྒྱུ་སེམས་འགལ། །གང་ཕྱིར་སིམ་བྱེད་དེ་ཕྱིར་འཇིགས་བྱེད་འགལ། །བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་བྱམས་པ་གང་ཡིན་པ་དེ་ནི་འདོད་ཆགས་སུ་དགོངས་ཏེ། སེམས་ཅན་ལ་ཕན་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར།
དེ་དག་ལ་དེས་བྱས་པའི་ལྟུང་བ་འགོག་པར་བྱེད་དོ། །ཕུག་རོན་དཔེར་བརྗོད་པ་ནི། དེ་འདོད་ཆགས་མང་བའི་ཕྱིར་བུ་ལ་བྱམས་པ་ཡང་ཤིན་ཏུ་ཆེ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་བརྩེ་བ་དང་བཅས་པ་ནི། སེམས་ཅན་རྣམས་ལ་ཁོང་ཁྲོ་བ་འགལ་ལོ། །
བྱང་ཆུབ་སེམས་དཔའ་རྣམས་ནི་གང་གི་ཕྱིར་བྱམས་པ་ལ་སོགས་པ་དང་ལྡན་པས་སེམས་ཅན་རྣམས་ལ་བྱམས་པ་དང་། གནོད་པ་ཞི་བ་དང་། དོན་སྒྲུབ་པ་དང་། དགའ་བ་སྐྱེད་པས་སིམ་པར་བྱེད་པ་ཡིན་པ་དེའི་ཕྱིར་ཡང་ཁོང་ཁྲོ་བ་ཡང་འགལ་ལ། དེའི་སྔོན་
དུ་འགྲོ་བ་ཅན་གྱི་གནོད་པའི་སེམས་ལ་སོགས་པ་ཡང་འགལ་ལོ། །སྒྲུབ་པ་རབ་ཏུ་དབྱེ་བའི་ཚིགས་སུ་བཅད་པ་ལྔ་སྟེ། སྨན་བཟང་པོ་ལ་ནད་པ་བཞིན། །འཁོར་བ་ལ་ནི་འཇུག་པར་བྱེད། །ནད་པ་ལ་ནི་སྨན་པ་བཞིན། །སེམས་ཅན་རྣམས་ལ་སྒྲུབ་པར་བྱེད། །བྲན་མ་གྲུབ་པ་ཇི་
Vol. 123 · folio 189b
བཞིན་དུ། །བདག་ཉིད་ལ་ནི་སྒྲུབ་པར་བྱེད། །ཟོང་ལ་ཚོང་པ་ཇི་བཞིན་དུ། །འདོད་པ་དག་ལ་སྒྲུབ་པར་བྱེད། །གོས་ལ་བཙོ་བླག་མཁན་བཞིན་དུ། །ལས་ལ་རབ་ཏུ་སྒྲུབ་པར་བྱེད། །བུ་གཞོན་པ་ལ་ཕ་བཞིན་དུ། །སེམས་ཅན་མི་འཚེ་སྒྲུབ་པར་བྱེད། །མེ་དོན་གཉེར་བ་
གཙུབ་ཤིང་ལྟར། །རྟག་པར་རབ་ཏུ་སྒྲུབ་པར་བྱེད། །ཡིད་བརྟན་བཞིན་དུ་ལྷག་པའི་སེམས། །མ་རྫོགས་པ་ལ་སྒྲུབ་པར་བྱེད། །སྒྱུ་མ་མཁན་ལྟར་ཤེས་བྱ་ལ། །ཤེས་རབ་ཀྱིས་ནི་སྒྲུབ་པར་བྱེད། །དེ་ནི་བྱང་ཆུབ་སེམས་དཔའ་ཡི། །ཇི་ལྟར་གང་དུ་སྒྲུབ་པར་འདོད། །ཇི་
ལྟར་གང་དང་གང་དུ་སྒྲུབ་པ་དེ་སྟོན་པར་བྱེད་དེ། ཇི་ལྟར་ཞེས་བྱ་བ་ནི་སྨན་བཟང་པོ་ལ་སོགས་པ་ལ་ནད་པ་ལ་སོགས་པ་ལྟར་རོ། །གང་དུ་ཞེས་བྱ་བ་ནི་འཁོར་བ་ལ་སོགས་པར་ཏེ། སོ་སོར་བརྟགས་ནས་འཁོར་བ་བརྟེན་པའི་ཕྱིར་དང་། སྙིང་རྗེས་སེམས་ཅན་ཉོན་མོངས་པའི་
ནད་ཀྱིས་ཐེབས་པ་ཡོངས་སུ་མི་གཏོང་བའི་ཕྱིར་དང་། རང་གི་སེམས་ལེགས་པར་འཆོས་པའི་ཕྱིར་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པས་གོ་རིམས་བཞིན་དུ་ལོངས་སྤྱོད་འཕེལ་བར་བྱེད་པའི་ཕྱིར་དང་། ལུས་ལ་སོགས་པའི་ལས་ཡོངས་སུ་སྦྱོང་བའི་ཕྱིར་དང་།
སེམས་ཅན་གནོད་པར་བྱེད་པ་དག་གིས་མི་འཁྲུགས་པའི་ཕྱིར་དང་། དགེ་བའི་ཆོས་སྒོམ་པ་ལ་བར་ཆད་མེད་པར་བརྩོན་པའི་ཕྱིར་དང་། ཏིང་ངེ་འཛིན་གྱི་རོ་མྱོང་བར་མི་བྱེད་པའི་ཕྱིར་དང་། ཤེས་བྱ་ལ་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །སྒྲུབ་པའི་འཁོར་
གསུམ་ཡོངས་སུ་དག་པའི་ཚིགས་སུ་བཅད་པ། དེ་ལྟར་རྟག་ཏུ་བརྩོན་འགྲུས་རྒྱ་ཆེན་ལྡན། །གཉིས་ཡོངས་སྨིན་པར་བྱ་ལ་རབ་བརྩོན་དེ། །རིམ་གྱིས་དྲི་མེད་མི་རྟོག་བློ་མཆོག་གིས། །སྒྲུབ་པ་བླ་ན་མེད་པར་རབ་ཏུ་འགྲོ། །ཆོས་ལ་བདག་མེད་པའི་ཡེ་ཤེས་རྣམ་པར་མི་
རྟོག་པས་སྒྲུབ་པ་པོ་དང་། བསྒྲུབ་པར་བྱ་བ་དང་། སྒྲུབ་པ་ལ་མི་རྟོག་པའི་ཕྱིར་འཁོར་གསུམ་ཡོངས་སུ་དག་པར་རིག་པར་བྱའོ། །གཉིས་ཡོངས་སྨིན་པར་བྱ་ལ་རབ་བརྩོན་དེ། །ཞེས་བྱ་བ་ནི་སེམས་ཅན་རྣམས་དང་བདག་ཉིད་དོ། །སྒྲུབ་པའི་སྐབས་རྫོགས་སོ།། །།
Vol. 123 · folio 190a
གདམས་ངག་རྗེས་སུ་བསྟན་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ལྔ་བཅུ་རྩ་གཅིག་སྟེ། བསྐལ་པ་གྲངས་མེད་ངེས་འབྱུང་ཞིང་། །མོས་པ་རྣམ་པར་འཕེལ་བྱེད་པ། །ཇི་ལྟར་ཆུ་ཡིས་རྒྱ་མཚོ་བཞིན། །དགེ་ཆོས་རྣམས་ཀྱིས་ཡང་དག་རྫོགས། །
མོས་པ་རྣམ་པར་འཕེལ་བྱེད་པ། །ཞེས་བྱ་བ་ནི་ཆེན་པོའི་གནས་སྐབས་སུ་ཕྱིན་པའི་ཕྱིར་རོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །དེ་བཞིན་དུ་ནི་ཚོགས་བསགས་པའི། །རྒྱལ་སྲས་གཟོད་ནས་དག་པ་པོ། །ལེགས་པར་ཤེས་ཤིང་སེམས་དགེ་བ། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །
གཟོད་མ་ནས་དག་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཡོངས་སུ་སྦྱངས་པའི་ཕྱིར་དང་། དོན་ཕྱིན་ཅི་མ་ལོག་པར་འཛིན་པའི་སྒོ་ནས་ཐེག་པ་ཆེན་པོ་ལ་ལྟ་བ་དྲང་པོར་བྱས་པའི་ཕྱིར་རོ། །ལེགས་པར་ཤེས་པ་ནི་ཐོས་པ་མང་བའི་ཕྱིར་རོ། །སེམས་དགེ་བ་ནི་སྒྲིབ་པ་དང་བྲལ་
བའི་ཕྱིར་རོ། །དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི། །སངས་རྒྱས་རྣམས་ལས་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། །ཚིགས་སུ་བཅད་པ་འདིའི་དོན་གོ་བར་ཟད་དོ། །དེ་ནས་དང་པོར་སྡོམ་བརྩོན་དེ། །མདོ་ཡི་སྡེ་ལ་སོགས་པའི་
ཆོས། །མི་གཉིས་དོན་ནི་རྣམ་འབྱེད་པ། །མདོ་སོགས་མིང་ལ་སེམས་འཇོག་གོ། །དེ་ནས་དེ་ནི་རིམ་བཞིན་དུ། །ཚིག་རབ་དབྱེ་ལ་དཔྱོད་བྱེད་ཅིང་། །སོ་སོའི་ནང་ན་ཚུལ་བཞིན་དུ། །དེ་ཡི་དོན་ཡང་རྣམ་པར་དཔྱོད། །དོན་དེ་དག་ནི་ངེས་གཟུང་ནས། །ཆོས་ལ་ཀུན་ནས་སྡོམ་
པར་བྱེད། །དེ་ཡི་དོན་ནི་ཐོབ་བྱའི་ཕྱིར། །དེ་ནས་དེ་ནི་སྨོན་པར་བྱེད། །དང་པོར་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པའི་ཆོས་ལ་མདོ་ལ་སོགས་པའི་མིང་ས་བཅུ་པ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུ་གང་ཡིན་པ་དེ་ལ་སེམས་འཇོག་པར་བྱེད་དོ། །ཚིགས་སུ་བཅད་པ་
གསུམ་པོ་འདིས་ནི་སེམས་དྲུག་བསྟན་ཏེ། རྩ་བའི་སེམས་དང་། རྗེས་སུ་དཔྱོད་པའི་སེམས་དང་། རྣམ་པར་དཔྱོད་པའི་སེམས་དང་། ངེས་པར་འཛིན་པའི་སེམས་དང་། སྡོམ་པའི་སེམས་དང་། སྨོན་པའི་སེམས་སོ། །དེ་ལ་རྩ་བའི་སེམས་ནི་མདོའི་སྡེ་ལ་སོགས་
Vol. 123 · folio 190b
པའི་ཆོས་རྣམས་ཀྱི་མིང་ལ་དམིགས་པ་གང་ཡིན་པའོ། །རྗེས་སུ་དཔྱོད་པའི་སེམས་ནི། གང་གིས་མདོའི་སྡེ་ལ་སོགས་པའི་མིང་གི་སྒོ་ནས་དམིགས་པ་རྣམས་ཀྱི་ཚིག་རབ་ཏུ་དབྱེ་བའི་རྗེས་སུ་འགྲོ་བའོ། །རྣམ་པར་དཔྱོད་པའི་སེམས་ནི། གང་གིས་དོན་དང་ཡི་གེ་དཔྱོད་པར་
བྱེད་པའོ། །དེ་ལ་དོན་ནི་རྣམ་པ་བཞིས་དཔྱོད་པར་བྱེད་དེ། བགྲང་བ་དང་། འཇལ་བ་དང་། རྟོག་པ་དང་། སོ་སོར་རྟོག་པས་སོ། །དེ་ལ་བགྲང་བ་ནི་གྲངས་འཛིན་པ་སྟེ། དཔེར་ན་གཟུགས་ནི་སྐྱེ་མཆེད་བཅུ་དང་། གཅིག་གི་ཕྱོགས་སོ། །ཚོར་བ་ནི་ཚོར་བ་དྲུག་གི་
ཚོགས་སོ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །འཇལ་བ་ནི་གྲངས་དང་ལྡན་པའི་ཆོས་ཀྱི་མཚན་ཉིད་ལ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པ་མེད་པར་འཚམ་པར་འཛིན་པའོ། །རྟོག་པ་ནི་ཚད་མས་རྟོག་པའོ། །སོ་སོར་རྟོག་པ་ནི་བགྲང་བ་དང་། གཞལ་བ་
དང་། བརྟགས་པའི་དོན་ལ་ལྟ་བའོ། །ཡི་གེ་རྣམ་པ་གཉིས་ཀྱིས་སྤྱོད་པར་བྱེད་དེ། ཡི་གེ་ཚོགས་པ་རྣམས་དོན་དང་བཅས་པ་ཉིད་དང་། སིལ་བུ་རྣམས་དོན་མེད་པ་ཉིད་ཀྱིས་སོ། །ངེས་པར་འཛིན་པའི་སེམས་ནི་གང་གིས་ཇི་ལྟར་རྗེས་སུ་དཔྱད་པ་འམ། རྣམ་པར་
དཔྱད་པ་དེའི་རྒྱུ་མཚན་ངེས་པར་འཛིན་པའོ། །སྡོམ་པའི་སེམས་ནི་ཇི་ལྟར་རྣམ་པར་དཔྱད་པའི་དོན་རྩ་བའི་སེམས་ལ་བསྡུས་ཏེ། ཀུན་ནས་སྡོམ་པའི་རྣམ་པར་འབྱུང་བའོ། །སྨོན་པའི་སེམས་ནི་ཏིང་ངེ་འཛིན་གྱི་དོན་ཏམ། དེ་ཡོངས་སུ་རྫོགས་པར་བྱ་བའི་དོན་ཏམ། དགེ་
སྦྱོང་གི་ཚུལ་གྱི་འབྲས་བུའི་དོན་ཏམ། ས་ལ་འཇུག་པའི་དོན་ཏམ། ཁྱད་པར་དུ་འགྲོ་བའི་དོན་ཀྱང་རུང་། གང་གི་དོན་དུ་རབ་ཏུ་བརྩོན་པ་དེ་ལ་འདུན་པ་དང་ལྷན་ཅིག་འབྱུང་བའོ། །འདི་སེམས་ཁོ་ན་དམིགས་པར་སྣང་བ་འབྱུང་གི །སེམས་ལས་མ་གཏོགས་པའི་དམིགས་
པ་ནི་མེད་དོ་ཞེས་སེམས་ཙམ་དུ་ཤེས་ཀྱང་རུང་། མ་ཤེས་ཀྱང་རུང་སྟེ། དམིགས་པ་ནི་སེམས་ཡིན་ཏེ། གཞན་མ་ཡིན་པས་སེམས་རྣམ་པ་དྲུག་པོ་དམིགས་པར་རྣམ་པར་གཞག་གོ། །ཡིད་ཀྱི་བརྗོད་པས་རྒྱུན་ཆགས་སུ། །བཙལ་བྱ་སོ་སོར་བརྟག་པར་བྱ། །ཡིད་
Vol. 123 · folio 191a
ལ་བྱེད་པ་བརྗོད་མེད་པ། རོ་གཅིག་པས་ཀྱང་དཔྱད་པར་བྱ། །ཆོས་ཀྱི་མིང་ནི་བསྡོམས་པའང་འདི། །ཞི་གནས་ལམ་དུ་ཤེས་པར་བྱ། །ལྷག་མཐོང་ལམ་ནི་དེ་དོན་རྣམས། །རྣམ་པར་དཔྱོད་པར་ཤེས་པར་བྱ། །ཟུང་དུ་འབྲེལ་བའི་ལམ་ནི་དེ། །བསྡོམས་
པ་ཡིན་པར་རྣམ་ཤེས་བྱ། །ཞུམ་པའི་སེམས་ནི་རབ་གཟུང་སྟེ། །རྒོད་པ་ཡང་ནི་ཞི་བར་བྱ། །དེ་ནས་དམིགས་པ་དེ་ལ་ནི། །མཉམ་པར་གྱུར་ན་བཏང་སྙོམས་གཞག །དེ་ལ་རྟག་ཏུ་བྱ་བ་དང་། །གུས་པར་བྱས་ཏེ་སྦྱར་བར་བྱ། །ཚིགས་སུ་བཅད་པ་བཞི་པོ་འདིས་ནི་ཡིད་ལ་བྱེད་པ་བཅུ་
གཅིག་བསྟན་ཏེ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དང་། རྟོག་པ་མེད་ལ་དཔྱོད་པ་ཙམ་དང་། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་དང་། ཞི་གནས་ཡིད་ལ་བྱེད་པ་དང་། ལྷག་མཐོང་ཡིད་ལ་བྱེད་པ་དང་། ཟུང་དུ་འབྲེལ་པ་ཡིད་ལ་བྱེད་པ་དང་། རབ་ཏུ་
འཛིན་པའི་རྒྱུ་མཚན་ཡིད་ལ་བྱེད་པ་དང་། ཞི་གནས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པ་དང་། བཏང་སྙོམས་ཀྱི་རྒྱུ་མཚན་ཡིད་ལ་བྱེད་པ་དང་། རྟག་ཏུ་སྦྱོར་བ་ཡིད་ལ་བྱེད་པ་དང་། གུས་པར་བྱ་བ་ཡིད་ལ་བྱེད་པའོ། །དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་
མི་བྱ། རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལ་སླར་ནི་གླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ཡང་། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་གདུལ་ལོ། །རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་
ཞི་བར་བྱ། །བརྣབ་སེམས་ཡིད་མི་བདེ་བ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་འཐོབ། །དེ་གོམས་པ་ལས་འདུ་མི་བྱེད། །ཚིགས་སུ་བཅད་པ་བཞི་པོ་འདིས་ནི་སེམས་
གནས་པ་རྣམ་པ་དགུས་གནས་པའི་ཐབས་བསྟན་ཏེ། རྣམ་པ་དགུ་ནི། སེམས་འཇོག་པར་བྱེད། ཀུན་ཏུ་འཇོག་པར་བྱེད། ངེས་པར་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། འདུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད། མཉམ་
Vol. 123 · folio 191b
པར་འཇོག་པར་བྱེད་ཅེས་བྱ་བ་ཡིན་ནོ། །དེ་ནས་དེ་ཡི་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཤེས་བྱ། །དེ་ཡིས་དེ་ནི་འཕེལ་བྱས་ནས། །འཕེལ་བ་རིང་དུ་འགྲོ་བ་ཡིས། །དངོས་གཞིའི་གནས་པ་དེས་འཐོབ་པོ། །མངོན་ཤེས་དོན་
དུ་གཉེར་བས་ཏེ། །སྦྱངས་ན་ལས་སུ་རུང་བའི་མཆོག །བསམ་གཏན་ལས་འཐོབ་མངོན་པར་ཤེས། །མངོན་པར་བསྒྲུབས་པའི་སྒོ་ནས་དེ། །སངས་རྒྱས་དཔག་ཏུ་མེད་པ་ལ། །མཆོད་པའི་ཕྱིར་དང་མཉན་པའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །འདིས་ནི་སངས་
རྒྱས་དཔག་མེད་ལ། །བསྐལ་དཔག་མེད་པར་བསྙེན་བཀུར་བྱས། །དེ་ལ་བསྙེན་བཀུར་བྱས་པའི་ཕྱིར། །སེམས་ནི་ལས་རུང་མཆོག་ཏུ་འགྱུར། །བསམ་གཏན་ལས་སུ་རུང་བ་མཆོག་ཏུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །བསྐལ་པ་དཔག་ཏུ་མེད་པར་གྱུར་པ་ཞེས་བྱ་བ་ནི་གྲངས་
མེད་དཔག་ཏུ་མེད་པར་གྱུར་པར་རོ། །ཚིགས་སུ་བཅད་པ་འདི་རྣམས་ཀྱི་ལྷག་མའི་དོན་གོ་བར་ཟད་དོ། །དེ་ནས་དེ་དག་སྔོན་རོལ་དུ། །ཕན་ཡོན་ལྔ་ནི་འཐོབ་འགྱུར་ཏེ། །དེས་ན་རྣམ་པར་དག་པའི་སྣོད། །བླ་ན་མེད་པ་ཉིད་འགྱུར་འདིའི། །ལུས་ལས་གནས་ངན་
ལེན་པ་ཀུན། །སྐད་ཅིག་རེ་རེ་ལ་ཟད་འགྱུར། །ལུས་དང་སེམས་ནི་ཀུན་ཏུ་ཡང་། །ཤིན་ཏུ་སྦྱངས་པས་གང་བར་འགྱུར། །ཆོས་རྣམས་སྣང་བ་ཐམས་ཅད་དུ། །ཡོངས་སུ་ཆད་པ་མེད་རྟོགས་འགྱུར། །ཡང་དག་པ་ཡི་རྒྱུ་མཚན་ནི། །མ་བརྟགས་པ་དག་རབ་ཏུ་
མཐོང་། །དེ་བཞིན་ཆོས་སྐུ་རབ་རྫོགས་དང་། །རྣམ་པར་དག་པར་བྱ་བའི་ཕྱིར། །བློ་དང་ལྡན་པས་རྣམ་ཀུན་དུ། །རྟག་ཏུ་རྒྱུ་ཡོངས་འཛིན་པར་བྱེད། །དེ་ནས་དག་པའི་སྔོན་རོལ་དུ་ཕན་ཡོན་ལྔ་འཐོབ་པར་འགྱུར་ཏེ། དག་པ་ཞེས་བྱ་བ་ནི་ལྷག་པའི་བསམ་པ་དག་པའི་
སའོ། །དེ་དག་ཐོབ་པས་ན་རྣམ་པར་དག་པའི་སྣོད་ཉིད་འཐོབ་སྟེ། བླ་ན་མེད་པ་ནི་ཐེག་པ་བླ་ན་མེད་པའི་ཕྱིར་རོ། །དེ་བཞིན་ཆོས་སྐུ་རབ་རྫོགས་དང་། །རྣམ་པར་དག་པར་བྱ་བའི་ཕྱིར། །ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་ནི་ཡོངས་སུ་རྫོགས་པའོ། །
Vol. 123 · folio 192a
སངས་རྒྱས་ཀྱི་ས་ལ་ནི་རྣམ་པར་དག་པའོ། །ཕན་ཡོན་ལྔ་པོ་འདི་དག་ལས། གསུམ་ནི་ཞི་གནས་ཀྱི་ཕྱོགས་དང་མཐུན་པ་ཡིན་ལ། གཉིས་ནི་ལྷག་མཐོང་གི་ཕྱོགས་དང་མཐུན་པ་ཡིན་པར་རིག་པར་བྱ་སྟེ། འདིའི་བར་དུ་ནི་འཇིག་རྟེན་པའི་ལམ་ཡང་དག་
དག་པར་འགྲུབ་པ་ཡིན་ནོ། །དེ་ནས་དེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པར། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བརྟན་པོ་ཀུན་ཏུ་རྩོམ། །ཆོས་ཀྱི་སྣང་བ་
འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །དེ་ནས་དོན་ཀུན་སྣང་བ་ནི། །སེམས་སུ་རབ་ཏུ་སྣང་བར་འགྱུར། །དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤངས་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། །དེ་ཚེ་བར་
ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །དེའི་འོག་ཏུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཏེ། ནམ་ཞིག་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་སེམས་མཉམ་པར་གཞག་པས་ཡིད་ཀྱི་བརྗོད་པ་ལས་མ་གཏོགས་པ་དོན་ཐམས་ཅད་མ་མཐོང་གི །འདིའི་ཡིད་
ཀྱི་བརྗོད་པ་ཁོ་ན་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དུ་སྣང་བར་མཐོང་བ་ན། དེ་ནི་འདིའི་དྲོ་བར་གྱུར་པའི་གནས་སྐབས་ཡིན་ཏེ། གང་གི་དབང་དུ་མཛད་ནས་ཆུ་བོ་ཚ་སྒོ་ཅན་གྱི་མདོ་ལས། སྣང་བ་ཞེས་བྱ་བ་འདི་ནི་ཆོས་ལ་ངེས་པར་རྟོགས་པའི་བཟོད་པའི་ཚིག་བླ་
དགས་སོ་ཞེས་གསུངས་པ་ནི་སྣང་བ་འདི་ཡིན་ནོ། །དེ་ཆོས་ཀྱི་སྣང་བ་དེ་ཉིད་སྤེལ་བའི་ཕྱིར་མི་གནས་པའི་བྱེད་པས་བརྩོན་འགྲུས་བརྟན་པོ་རྩོམ་པར་བྱེད་པ་དེ་ནི་འདིའི་རྩེ་མོའི་གནས་སྐབས་ཡིན་ནོ། །དེ་ཆོས་ཀྱི་སྣང་བ་འཕེལ་ནས་སེམས་ཙམ་ལ་གནས་ཏེ། འདི་ནི་སེམས་ཁོ་ནར་ཟད་དོ་
ཞེས་བྱ་བར་རྟོགས་པའི་ཕྱིར་རོ། །དེ་ནས་དོན་དུ་སྣང་བ་ཐམས་ཅད་ནི་སེམས་ཁོ་ནར་ཟད་ཀྱི། དོན་སེམས་ལས་གཞན་པ་ནི་མ་ཡིན་ནོ་ཞེས་བྱ་བར་མཐོང་སྟེ། དེའི་ཚེ་ནི་འདིའི་གཟུང་བའི་རྣམ་པར་གཡེང་བ་སྤངས་ལ། འཛིན་པའི་རྣམ་པར་གཡེང་བ་འབའ་ཞིག་ལུས་
Vol. 123 · folio 192b
སོ། །དེ་ནི་འདིའི་བཟོད་པའི་གནས་སྐབས་ཡིན་ནོ། །དེའི་ཚེ་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་ཡང་མྱུར་དུ་རེག་པར་འགྱུར་ཏེ། དེ་ནི་འདིའི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སྐབས་ཡིན་ནོ། །ཅིའི་ཕྱིར་དེ་འདིའི་བར་ཆད་མེད་པ་ཞེས་བྱ་ཞེ་ན། འདི་ལྟར་དེ་ཡི་མཇུག་
ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤང་། །འདི་དག་གོ་རིམས་བཞིན་དུ་ནི། །དྲོ་བར་གྱུར་པ་ཡིན་ཞེས་བྱ། །དེ་ལྟར་ན་འདི་དག་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པར་དྲོ་བར་གྱུར་པ་ལ་སོགས་པ་ཡིན་ནོ། །དེ་ནས་དེས་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་
པས། །རྣམ་པར་མི་རྟོག་དྲི་མ་མེད། །འཛིན་པ་གཉིས་དང་བྲལ་བ་འཐོབ། །དེ་ཡན་ཆད་ནི་མཐོང་བའི་ལམ་གྱི་གནས་སྐབས་ཡིན་ཏེ། བླ་ན་མེད་པ་ནི་ཡེ་ཤེས་བླ་ན་མེད་པས་སོ། །རྣམ་པར་མི་རྟོག་པ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་རོ། །དྲི་མ་
མེད་པ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་ཕྱིར་ཏེ། འདིས་ནི་རྡུལ་དང་བྲལ་བ་དང་། དྲི་མ་དང་བྲལ་བ་ཞེས་བཤད་པ་ཡིན་ནོ། །འཛིན་པ་གཉིས་དང་བྲལ་བ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་ཕྱིར་རོ། །དེ་འདིའི་གནས་ཡོངས་གྱུར་པ་སྟེ། །ས་ནི་དང་པོ་
ཡིན་པར་འདོད། །འདིའི་དེ་བསྐལ་པ་དཔག་མེད་ཀྱིས། །ཤིན་ཏུ་རྣམ་པར་དག་པར་འགྱུར། །ཚིགས་སུ་བཅད་པ་འདིའི་དོན་ནི་གོ་བར་ཟད་དོ། །ཆོས་ཀྱི་དབྱིངས་ནི་མཉམ་པ་ཉིད། །རབ་ཏུ་རྟོགས་ནས་དེ་ཡི་ཚེ། །རྟག་ཏུ་སེམས་ཅན་ཐམས་ཅད་ལ། །བདག་དང་མཚུངས་
པའི་སེམས་འཐོབ་སྟེ། །སེམས་ཅན་རྣམས་ལ་བདག་མེད་དང་། །སྡུག་བསྔལ་དང་ནི་དོན་བྱ་དང་། །ལན་མི་རེ་ལ་འདི་སེམས་སྙོམས། །རྒྱལ་སྲས་གཞན་དང་འདྲ་བ་ཡིན། །ཆོས་ལ་བདག་མེད་པས་ཆོས་མཉམ་པ་ཉིད་རྟོགས་ནས་མཚུངས་པ་ཉིད་རྣམ་པ་ལྔས་རྟག་ཏུ་སེམས་
ཅན་ཐམས་ཅད་ལ་བདག་དང་མཚུངས་པའི་སེམས་ཉིད་འཐོབ་སྟེ། བདག་མེད་པའི་མཚུངས་པ་ཉིད་དང་། སྡུག་བསྔལ་མཚུངས་པ་ཉིད་ཀྱིས་ནི་རང་དང་གཞན་གྱི་རྒྱུད་དག་ལ་བདག་མེད་པ་དང་། སྡུག་བསྔལ་དག་ཁྱད་པར་མེད་པའི་ཕྱིར་རོ། །བྱ་བ་མཚུངས་པ་ཉིད་ཀྱིས་
Vol. 123 · folio 193a
ནི་རང་དང་གཞན་གྱི་སྡུག་བསྔལ་སྤང་བར་བྱ་དགོས་པར་མཚུངས་པའི་ཕྱིར་རོ། །ལན་མི་རེ་བ་མཚུངས་པ་ཉིད་ཀྱིས་ནི་བདག་ཉིད་ལས་བཞིན་དུ་གཞན་ལས་ལན་མངོན་པར་མི་འདོད་པའི་ཕྱིར་རོ། །དེ་ལས་གཞན་པའི་བྱང་ཆུབ་སེམས་དཔའ་དང་མཚུངས་པ་ཉིད་
ཀྱིས་ནི། ཇི་ལྟར་དེ་དག་གི་མངོན་པར་རྟོགས་པ་དེ་བཞིན་དུ་མངོན་པར་རྟོགས་པའི་ཕྱིར་རོ། །དེས་ནི་ཁམས་གསུམ་འདུས་བྱས་རྣམས། །ཡང་དག་མ་ཡིན་ཀུན་རྟོག་པར། །ཡེ་ཤེས་ཤིན་ཏུ་རྣམ་དག་པ། །གཉིས་སུ་མེད་པའི་དོན་གྱིས་མཐོང་། །དེས་ནི་ཁམས་གསུམ་པའི་
འདུས་བྱས་རྣམས་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཙམ་དུ་མཐོང་སྟེ། ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་རོ། །གཉིས་སུ་མེད་པའི་དོན་གྱིས་ཞེས་བྱ་བ་ནི་གཟུང་བ་མེད་པ་དང་། འཛིན་པ་མེད་པའི་དོན་གྱིས་སོ། །དེ་དག་མེད་པའི་ངོ་བོ་ནི། །
མཐོང་བའི་སྤང་བྱ་རྣམས་ལས་གྲོལ། །དེ་ནས་དེ་ཚེ་མཐོང་བའི་ལམ། །ཐོབ་པ་ཞེས་ནི་ངེས་པར་བརྗོད། །གཟུང་བ་དང་འཛིན་པ་མེད་པ་དེའི་ངོ་བོ་ཆོས་ཀྱི་དབྱིངས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ལས་རྣམ་པར་གྲོལ་བར་མཐོང་ངོ་། །མེད་པའི་སྟོང་པ་ཉིད་ཤེས་
ཤིང་། །དེ་བཞིན་ཡོད་པའི་སྟོང་ཉིད་དང་། །རང་བཞིན་སྟོང་པ་ཉིད་ཤེས་པས། །སྟོང་པ་ཤེས་པ་ཞེས་བརྗོད་དོ། །བྱང་ཆུབ་སེམས་དཔའ་དེ་ནི་སྟོང་པ་ཉིད་རྣམ་པ་གསུམ་ཤེས་པའི་ཕྱིར་སྟོང་པ་ཤེས་པ་ཞེས་བྱའོ། །མེད་པའི་སྟོང་པ་ཉིད་ནི་ཀུན་བརྟགས་པའི་ངོ་བོ་ཉིད་
དེ། རང་གི་མཚན་ཉིད་ཀྱིས་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཡོད་པའི་སྟོང་པ་ཉིད་ནི་གཞན་གྱི་དབང་སྟེ། དེ་ནི་ཇི་ལྟར་བརྟགས་པ་དེ་ལྟར་མེད་ཀྱི། རང་གི་མཚན་ཉིད་ཀྱིས་ནི་ཡོད་དོ། །རང་བཞིན་གྱིས་སྟོང་པ་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་
ཡིན་པའི་ཕྱིར་རོ། །མཚན་མེད་གཞི་ནི་རྣམ་རྟོག་རྣམས། །ཡང་དག་ཟད་པ་ཡིན་ཞེས་བྱ། །སྨོན་པ་མེད་པར་གྱུར་པ་སྟེ། །ཡང་དག་མ་ཡིན་ཀུན་རྟོག་གོ། །མཚན་མ་མེད་པའི་གཞི་ནི་རྣམ་པར་རྟོག་པ་རྣམས་ཡང་དག་པར་ཟད་པ་ཡིན་ལ། སྨོན་པ་མེད་པའི་གཞི་དམིགས་པ་དེ་ནི་
Vol. 123 · folio 193b
ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དམིགས་པ་ཡིན་པར་ཤེས་པར་བྱའོ། །རྒྱལ་སྲས་བྱང་ཆུབ་ཕྱོགས་མཐུན་པར། རྣམ་པ་སྣ་ཚོགས་ཐམས་ཅད་ནི། །རྟག་ཏུ་མཐོང་བའི་ལམ་དེ་དང་། ལྷན་ཅིག་ཏུ་ནི་ཐོབ་པར་འདོད། །བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་
པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམ་པ་སྣ་ཚོགས་ཐམས་ཅད་མཐོང་བའི་ལམ་དེ་དང་ལྷན་ཅིག་འཐོབ་པར་རིག་པར་བྱའོ། །གང་ཞིག་བློ་ཡིས་འགྲོ་བ་འདུས་བྱས་ཙམ། །བདག་མེད་སྡུག་བསྔལ་རྒྱས་པ་ཙམ་ཤེས་ཏེ། །དོན་མེད་རང་བཞིན་བདག་ལྟ་རྣམས་སྤངས་
ནས། །བདག་ཉིད་ཆེ་ལྟ་དོན་ཆེན་རྙེད་པ་གང་། །འདི་ན་བདག་ལྟ་མེད་པར་བདག་ཏུ་བལྟ། །སྡུག་བསྔལ་མེད་པར་ཤིན་ཏུ་སྡུག་བསྔལ་གྱུར། །རང་ལ་ཕན་བྱས་བདག་ལ་ཇི་ལྟ་བར། །དོན་ཀུན་བྱེད་ལ་ལན་ཀྱང་རེ་བ་མེད། །གང་ཞིག་གྲོལ་བ་མཆོག་གིས་སེམས་གྲོལ་ལ། །
འཆིང་བ་མི་བཟད་ཡུན་ཡང་རིང་པོར་བཅིངས། །སྡུག་བསྔལ་མཐར་ཐུག་པ་ནི་མ་མཐོང་ཡང་། །རབ་ཏུ་སྦྱོར་བ་ཉིད་དང་བྱེད་པ་ཉིད། །འདི་ན་འཇིག་རྟེན་ཚེ་གཅིག་རང་སྡུག་བཀུར་མི་ནུས། །འཇིག་རྟེན་གནས་པ་སྲིད་དུ་གཞན་སྡུག་བསྔལ། །བསྡོམས་པ་སྨོས་ཅི་དགོས་ཏེ་བསམ་དུ་མེད། །
བྱང་ཆུབ་སེམས་དཔའ་དེ་ལས་བཟློག་པ་ཡིན། །རྒྱལ་སྲས་སེམས་ཅན་རྣམས་ལ་དགའ་བ་དང་། །བྱམས་པ་གང་ཡིན་སྦྱོར་དང་མི་སྐྱོ་གང་། །དེ་ནི་སྲིད་པ་དག་ན་ངོ་མཚར་ཆེ། །སེམས་ཅན་བདག་དང་མཚུངས་ཕྱིར་དེ་ལྟའང་མིན། །ཚིགས་སུ་བཅད་པ་ལྔ་པོ་འདི་དག་གིས་ནི་
བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ཐོབ་པའི་ཆེ་བའི་བདག་ཉིད་བརྗོད་དེ། དོན་མེད་པའི་རང་བཞིན་གྱིས་བདག་ཏུ་ལྟ་བ་ནི། འཇིག་ཚོགས་ལ་ལྟ་བ་ཉོན་མོངས་པ་ཅན་གང་ཡིན་པའོ། །བདག་ཉིད་ཆེན་པོའི་ལྟ་བ་དོན་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་བདག་དང་མཉམ་པའི་སེམས་
རྙེད་པའི་ཕྱིར། བདག་ཏུ་ལྟ་བ་གང་ཡིན་པ་སྟེ། དེ་ནི་དོན་ཐམས་ཅད་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དོན་ཆེན་པོ་ཡིན་ནོ། །དོན་མེད་པའི་རང་བཞིན་གྱིས་བདག་ཏུ་ལྟ་བ་མེད་པར་བདག་ཏུ་ལྟ་བ་ནི་དོན་ཆེན་པོ་གང་ཡིན་པའོ། །རང་གི་རྒྱུད་ལས་སྐྱེས་པའི་སྡུག་བསྔལ་མེད་པར་ཡང་སེམས་
Vol. 123 · folio 194a
ཅན་ཐམས་ཅད་ཀྱི་རྒྱུད་ལས་སྐྱེས་པས་ཤིན་ཏུ་སྡུག་བསྔལ་བར་གྱུར་པའོ། །གྲོལ་བ་མཆོག་ནི་ཐེག་པ་བླ་ན་མེད་པས་སེམས་ཅན་མཐོང་བའི་ལམ་གྱིས་སྤང་བར་བྱ་བ་རྣམས་ལས་གྲོལ་ལ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལས་བྱུང་བའི་འཆིང་བ་མི་ཟད་
པ་ཡུན་རིང་པོས་ཀྱང་བཅིངས་པའོ། །སེམས་ཅན་གྱི་ཁམས་ནམ་མཁའ་བཞིན་དུ་མཐའ་ཡས་པའི་ཕྱིར། སྡུག་བསྔལ་གྱི་མཐར་ཐུག་པ་མ་མཐོང་ཡང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་མཐར་བྱ་བའི་ཕྱིར་རབ་ཏུ་ཡང་སྦྱོར་ལ། སེམས་ཅན་ཚད་མེད་པའི་དོན་བྱེད་པ་ཉིད་
དོ། །བྱང་ཆུབ་སེམས་དཔའ་དེ་ལས་བཟློག་པ་ཡིན་ནོ། །དེ་ནི་འཇིག་རྟེན་གནས་པ་ཇི་སྲིད་པར་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསྡོམས་པ་བཀུར་བར་ནུས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་དགའ་བ་གང་ཡིན་པ་དང་། །ཕན་པ་དང་བདེ་བར་འདོད་པ་
གང་ཡིན་པ་དང་། དེའི་དོན་དུ་སྦྱོར་བ་གང་ཡིན་པ་དང་། དེར་སྦྱོར་བ་ལ་མི་སྐྱོ་བ་གང་ཡིན་པ་དེ་ཐམས་ཅད་ནི་འཇིག་རྟེན་ན་ཤིན་ཏུ་ངོ་མཚར་ཡང་ཆེ་ལ། སེམས་ཅན་ཐམས་ཅད་བདག་དང་མཚུངས་པའི་ཕྱིར་ངོ་མཚར་ཡང་མི་ཆེའོ། །དེ་ནས་འདི་ནི་ལྷག་མ་ཡི། །ས་རྣམས་
སྒོམ་པའི་ལམ་འདི་ལ། །ཡེ་ཤེས་རྣམ་པ་གཉིས་པོ་དག །བསྒོམ་ཕྱིར་རབ་ཏུ་སྦྱོར་བར་བྱེད། །རྣམ་པར་མི་རྟོག་ཡེ་ཤེས་དེ། །སངས་རྒྱས་ཆོས་ནི་སྦྱོང་བར་བྱེད། །གཞན་ནི་ཇི་བཞིན་རྣམ་འཇོག་པ། །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །གྲངས་མེད་གཉིས་
ནི་རྫོགས་པ་ཡིས། །སྒོམ་པ་ཡི་ནི་ཚར་ཕྱིན་ཏེ། །སྒོམ་པ་ཐ་མ་ཐོབ་ནས་ནི། །བྱང་ཆུབ་སེམས་དཔའ་དབང་བསྐུར་བ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །རྟོགས་པས་མི་ཤིགས་ཐོབ་ནས་ནི། །གནས་གཞན་གྱུར་པ་མཐར་ཐུག་པ། །སྒྲིབ་པ་ཀུན་གྱི་དྲི་མེད་དང་། །གང་
ལ་གནས་ནས་སེམས་ཅན་ཀུན། །ཕན་ཕྱིར་རབ་ཏུ་སྒྲུབ་བྱེད་པ། །རྣམ་པ་ཐམས་ཅད་མཁྱེན་པ་ཡི། །གོ་འཕང་བླ་ན་མེད་པ་འཐོབ། །འདི་དག་གིས་ནི་སྒོམ་པའི་ལམ་བསྟན་ཏེ། ཡེ་ཤེས་རྣམ་པ་གཉིས་ལ་རྣམ་པར་མི་རྟོག་པ་ནི་གང་གིས་ན་བདག་ཉིད་ཀྱིས་སངས་རྒྱས་ཀྱི་
Vol. 123 · folio 194b
ཆོས་རྣམ་པར་སྦྱོང་བར་བྱེད་པ་ཡིན་ནོ། །ཇི་ལྟ་བ་བཞིན་དུ་རྣམ་པར་འཇོག་པ་ནི་འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པ་འཇིག་རྟེན་པ་སྟེ། གང་གིས་ན་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡིན་ནོ། །གྲངས་མེད་པ་གཉིས་ཀྱིས་སྒོམ་པའི་ཐ་མ་མཇུག་ཏུ་ཕྱིན་པ་ཐོབ་ནས་དབང་
བསྐུར་བའི་བྱང་ཆུབ་སེམས་དཔའ་ནི་རྣམ་པར་རྟོག་པའི་བག་ལ་ཉལ་གྱིས་མི་ཤིགས་པའི་དོན་གྱིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་འཐོབ་པོ། །དེའི་འོག་ཏུ་གནས་གཞན་དུ་གྱུར་པའི་མཐར་ཕྱིན་པ་དང་། གང་ལ་གནས་ནས་འཁོར་བ་ཇི་སྲིད་པར་མངོན་པར་རྫོགས་པར་བྱང་ཆུབ་པ་དང་།
ཡོངས་སུ་མྱ་ངན་ལས་འདས་པ་ཡང་དག་པར་སྟོན་པ་ལ་སོགས་པས་སེམས་ཅན་རྣམས་ལ་ཕན་པ་རབ་ཏུ་སྒྲུབ་པར་བྱེད་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གོ་འཕང་བླ་ན་མེད་པ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་མེད་པ་འཐོབ་པོ། །དེ་ལྟར་མཐོང་དཀའི་
ཐུབ་པ་རྟག་མཐོང་བ། །ཐོས་པ་མཉམ་མེད་ལས་བྱུང་རབ་དང་བའི། །ཤུགས་ཀྱིས་རྟག་པར་ཤིན་ཏུ་སེམས་ཚིམ་པ། །ཇི་ལྟ་བུར་ན་དོན་ཆེན་འགྱུར་མ་ཡིན། །ཆོས་ཀྱི་སྒོ་ལ་རྣམ་པར་གནས་པ་ལ། །དེ་བཞིན་གཤེགས་རྟག་མངོན་སུམ་འདོམས་མཛད་ཅིང་། །
ཅོ་ནས་འདྲེན་བཞིན་ཉེས་པའི་ཚང་ཚིང་ནས། །ཚན་གྱིས་དྲངས་ཏེ་བྱང་ཆུབ་ལ་འགོད་དོ། །སངས་རྒྱས་རྣམས་ནི་རྟག་ཏུ་རང་དོན་ཡང་དག་སྦྱོར་ལ་ལེགས་པར་བསྔགས་པ་དང་། །ལོག་པར་སྦྱོར་ལ་སྨོད་མཛད་གནས་དང་རྣམ་འབྱེད་ལྷུར་ལེན་མཆོག་གི་སེམས་ཅན་ལ། །གང་
ཞིག་སྤངས་དང་བསྟེན་པས་བདེ་གཤེགས་བསྟན་པ་འདི་ལ་རྣལ་འབྱོར་ཡོངས་འགྱུར་བ། །བར་ཆད་མཐུན་པའི་ཆོས་ནི་རྣམ་པ་ཐམས་ཅད་རྒྱལ་རྣམས་ཚུལ་བཞིན་འདི་ན་སྟོན། །ཚིགས་སུ་བཅད་པ་གསུམ་པོ་འདི་དག་གིས་ནི་གདམས་ངག་གི་ཆེ་བ་ཉིད་སྟོན་ཏེ། གང་གིས་ཆོས་
ཀྱི་སྒོའི་རྒྱུན་ལ་གདམས་ངག་འཐོབ་པ་དེས་ནི་རྟག་ཏུ་སངས་རྒྱས་མཐོང་བར་འགྱུར་རོ། །དེས་ན་གང་གིས་ན་ཤིན་ཏུ་དང་བའི་ཤུགས་ཀྱིས་སེམས་ཚིམ་པར་བྱས་པ་འདི་སངས་རྒྱས་རྣམས་རྟག་ཏུ་མཐོང་བ་དེ་དོན་ཆེན་པོར་འགྱུར་བ་མཚུངས་པ་མེད་པའི་ཆོས་ཐོས་སོ། །ལྷག་མ་ནི་དོན་
Vol. 123 · folio 195a
གོ་བར་ཟད་དོ། །རྗེས་སུ་བསྟན་པ་རྣམ་པ་བཞི་ནི་ཚིགས་སུ་བཅད་པ་གཅིག་གིས་སྟོན་ཏེ། ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་མཛད་ནས། བྱང་ཆུབ་སེམས་དཔའ་རང་གི་དོན་ལ་ཡང་དག་པར་སྦྱོར་བ་ལ་བསྔགས་པ་མཛད་པ་དང་། ལོག་པར་སྦྱོར་བ་ལ་
སྣོད་པ་མཛད་པ་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ཀྱི་དབང་དུ་མཛད་ནས་གནས་པ་དང་། རྣམ་པར་འབྱེད་པ་ལྷུར་ལེན་པ་ལ་དེ་དག་གི་བར་དུ་གཅོད་པ་དང་། དེ་དག་དང་མཐུན་པའི་ཆོས་རྣམ་པ་ཐམས་ཅད་སྟོན་པའོ། །གང་ཞིག་སྤངས་པ་དང་བསྟེན་པས་
ཞེས་བྱ་བ་ནི་བར་དུ་གཅོད་པ་དང་མཐུན་པ་སྟེ་གོ་རིམས་བཞིན་ནོ། །རྣལ་འབྱོར་ཞེས་བྱ་བ་ནི་ཞི་གནས་དང་། ལྷག་མཐོང་སྒོམ་པའོ། །དེ་ནི་མཐོང་བར་རབ་དག་མི་རྟོག་བྱང་ཆུབ་ཀྱིས། །འཇིག་རྟེན་ཐམས་ཅད་ཟིལ་མནན་མུན་པ་ཆེན་པོ་ཡང་། །རྣམ་པ་ཀུན་ཏུ་བསལ་ནས་ཉི་མ་
ཆེན་པོ་དག །ཤར་བ་བཞིན་དུ་འགྲོ་བ་རྣམས་ལ་ལྷམ་མེའོ། །དེ་ལྟར་རྟག་ཏུ་དགེ་བ་བསགས་པས་རབ་གང་ཞིང་། །ཐུབ་པ་ལས་ནི་རྟག་ཏུ་གདམས་ངག་ཆེ་ཐོབ་པའི། །སེམས་དཔའ་མཆོག་ནི་སེམས་ཀྱི་ཏིང་འཛིན་རབ་ཡངས་པ། །ཐོབ་ནས་ཡོན་ཏན་རྒྱ་མཚོའི་ཕ་རོལ་
འགྲོ་བར་འགྱུར། །ཚིགས་སུ་བཅད་པ་འདི་དག་གི་དོན་ནི་གོ་བར་ཟད་དོ། །གདམས་ངག་རྗེས་སུ་བསྟན་པའི་སྐབས་རྫོགས་སོ། །སྡོམ་ནི། མོས་པ་མང་བ་ཉིད་དང་ནི། །ཆོས་ཚོལ་བ་དང་བཤད་པ་དང་། །དེ་བཞིན་སྒྲུབ་དང་ཡང་དག་པའི། །གདམས་ངག་རྗེས་སུ་བསྟན་པ་ཡིན། །མཇུག་
སྡུད་པའི་ཚིགས་སུ་བཅད་པ་སྟེ། །དོན་གོ་བར་ཟད་དོ།། །།ཐབས་དང་ལྡན་པའི་ལས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཞི་སྟེ། ཇི་ལྟར་ནགས་ཚལ་དང་ནི་ལུས་ཅན་རི་བོ་དང་། །ཆུ་བོ་རྣམས་ཀྱི་རྟེན་ནི་ཀུན་ནས་ས་ཡིན་པ། །དེ་བཞིན་མཁས་པ་རྣམས་ཀྱི་ལས་
རྣམས་གསུམ་པོ་ཡང་། །ཀུན་ནས་སྦྱིན་པ་ལ་སོགས་དགེ་བ་ཡིན་པར་བརྗོད། །ཚིགས་སུ་བཅད་པ་འདིས་ནི་ཀུན་ནས་སློང་བའི་ཐབས་བསྟན་ཏེ། སྦྱིན་པ་ལ་སོགས་པའི་དགེ་བ་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པ་རྣམ་པ་ཐམས་ཅད་ནི་ལས་
Vol. 123 · folio 195b
གསུམ་གྱིས་ཀུན་ནས་བསླང་བའི་ཕྱིར་རོ། །མཁས་པ་རྣམས་ཀྱི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ནགས་ཚལ་ལ་སོགས་པ་སྨོས་པ་ནི་ཉེ་བར་སྤྱད་པར་བྱ་བ་དང་། ཉེ་བར་སྤྱོད་པ་པོ་དང་། བརྟན་པ་དང་། མི་བརྟན་པའི་དངོས་པོ་ངེས་པར་བསྟན་པའི་ཕྱིར་རོ། ཤིན་ཏུ་དཀའ་
བའི་ལས་ནི་ངོ་བོ་སྣ་ཚོགས་པ། །བསྐལ་པ་མང་པོས་ཚར་ཕྱིན་མངོན་བརྩོན་བདག་ཉིད་ཅན། །རྒྱལ་སྲས་རྣམས་ནི་ལུས་དང་ངག་སེམས་རང་བཞིན་གྱི། །ལས་རྣམས་དག་གིས་འདི་ན་ཡིད་འབྱུང་འགྱུར་བ་མེད། །ཇི་ལྟར་བདག་ལ་ཕན་འདོད་དུག་དང་མཚོན་དང་ནི། །གནམ་ལྕགས་ལྕེ་དང་
དགྲ་ལས་རང་གི་ལུས་ཟློག་པ། །དེ་བཞིན་རྒྱལ་སྲས་ཐེག་པ་དམན་པ་རྣམ་གཉིས་ལས། །ལས་རྣམས་གསུམ་གྱིས་བདག་ཉིད་ཟློག་པར་བྱེད་པ་ཡིན། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་ལྡང་བའི་ཐབས་སྟོན་ཏེ། ཐེག་པ་ཆེན་པོ་ལ་སྐྱོ་བ་དང་། ཐེག་པ་གཞན་དུ་ལྷུང་བ་
ལས་སློང་བའི་ཕྱིར་གོ་རིམས་བཞིན་ནོ། །ཡིད་འབྱུང་བ་ནི་སྐྱོ་བ་ཞེས་བྱ་བའི་ཐ་ཚིག་གོ། །ཐེག་པ་དམན་པ་དང་ལྡན་པའི་ལས་ནི་ཐེག་པ་དམན་པར་སེམས་ཡོངས་སུ་བསྔོ་བའི་ཕྱིར་དང་། ཐེག་པ་ཆེན་པོ་ལ་དགེ་བའི་རྩ་བ་གཅོད་པའི་ཕྱིར་དང་། དགེ་བ་མ་སྐྱེས་པ་མི་སྐྱེད་ཅིང་དགེ་
བའི་ལོ་ཏོག་སྐྱེས་པ་འཇོམས་པའི་ཕྱིར་དང་། སངས་རྒྱས་ཉིད་ཕུན་སུམ་ཚོགས་པ་ཐོབ་པའི་གེགས་སུ་གྱུར་པའི་ཕྱིར་དུག་ལ་སོགས་པ་དང་ཆོས་མཐུན་པ་ཡིན་ནོ། །རྟག་ཏུ་རྣམ་པར་མི་རྟོག་ལས་ཅན་ལས་མིན་ཞིང་། །ལས་ཀྱི་བྱ་བ་རྣམ་པ་གསུམ་ལ་མི་ལྟ་སྟེ། །དེས་ན་འདིས་ནི་
དེའི་ཐབས་ཡང་དག་བཟུང་བའི་ཕྱིར། །ལས་རྣམས་དག་པ་མཐའ་ཡས་དེ་ཡི་ཕ་རོལ་འགྲོ། །ཚིགས་སུ་བཅད་པ་བཞི་པ་འདིས་ནི་འཁོར་གསུམ་ཡོངས་སུ་དག་པའི་སྒོ་ནས་ལས་རྣམ་པར་དག་པའི་ཐབས་སྟོན་ཏེ། བྱེད་པ་པོ་དང་། ལས་དང་བྱ་བ་རྣམས་མི་དམིགས་པའི་ཕྱིར་རོ། །མཐའ་
ཡས་པ་ཞེས་བྱ་བ་ནི་མི་ཟད་པའི་ཕྱིར་རོ། །ཐབས་དང་ལྡན་པའི་ལས་ཀྱི་སྐབས་རྫོགས་སོ།། །།ཕ་རོལ་ཏུ་ཕྱིན་པ་རབ་ཏུ་དབྱེ་བའི་བསྡུ་བའི་སྡོམ་ནི། །གྲངས་དང་དེ་ཡི་མཚན་ཉིད་གོ་རིམས་དང་། །ངེས་པའི་ཚིག་དང་གོམས་བྱ་ཡོན་ཏན་དང་། །དེ་དག་རབ་དབྱེ་བསྡུ་དང་མི་
Vol. 123 · folio 196a
མཐུན་ཕྱོགས། །ཡོན་ཏན་ཕན་ཚུན་རྣམ་ངེས་ཡིན་ཞེས་བྱ། །གྲངས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་དྲུག་སྟེ། རེ་ཞིག །ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང་། །འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང་། །རྟག་ཏུ་ཉོན་མོངས་དབང་ཉིད་མི་
འགྲོ་དང་། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་བྱ་བ་ནི་དང་པོའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་བཞིས་ནི་མངོན་པར་མཐོ་བ་རྣམ་པ་བཞི་སྟེ། སྦྱིན་པས་ནི་ལོངས་སྤྱོད་ཕུན་སུམ་ཚོགས་པའོ། །ཚུལ་ཁྲིམས་ཀྱིས་ནི་ལུས་ཕུན་སུམ་ཚོགས་པའོ། །བཟོད་པས་ནི་འཁོར་ཕུན་སུམ་ཚོགས་
པ་སྟེ། འདི་ལྟར་དེ་བསྟན་པས་ཚེ་ཕྱི་མ་ལ་སྐྱེ་བོ་མང་པོ་དགའ་བར་འགྱུར་རོ། །བརྩོན་འགྲུས་ཀྱིས་ནི་རྩོམ་པ་ཕུན་སུམ་ཚོགས་པ་སྟེ། ལས་ཀྱི་མཐའ་ཐམས་ཅད་འགྲུབ་པའི་ཕྱིར་རོ། །ལྔ་པས་ནི་ཉོན་མོངས་པའི་དབང་དུ་མི་འགྲོ་བ་ཉིད་དེ། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམ་པར་
གནོན་པའི་ཕྱིར་རོ། །དྲུག་པས་ནི་བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པ་སྟེ། བྱ་བ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་ཕྱིར་རོ། །དེ་ལྟར་ན་མངོན་པར་མཐོ་བ་དང་། དེ་ལ་ཡང་ཀུན་ནས་ཉོན་མོངས་པ་མེད་པ་དང་། བྱ་བ་ལ་ཕྱིན་ཅི་མ་ལོག་པ་དང་། རྩོམ་པའི་དབང་དུ་བྱས་
ནས་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་གཞག་གོ། །སེམས་ཅན་དོན་ལ་རབ་བརྩོན་པ། །གཏོང་དང་མི་གནོད་བཟོད་པས་བྱེད། །གནས་དང་གྲོལ་བ་གཞིར་བཅས་པས། །རང་དོན་རྣམ་པ་ཐམས་ཅད་སྤྱོད། །ཅེས་བྱ་བ་ནི་གཉིས་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་
རྣམས་ལ་ཡང་དག་པར་རབ་ཏུ་བརྩོན་པ་ནི་ཕ་རོལ་ཏུ་ཕྱིན་པ་གསུམ་པོ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དག་གིས་གོ་རིམས་བཞིན་དུ་གཏོང་བ་དང་། མི་གནོད་པ་དང་། གནོད་པ་བྱེད་པ་བཟོད་པས་སེམས་ཅན་གྱི་དོན་བྱེད་དོ། །གསུམ་གྱིས་ནི་སེམས་གནས་པ་དང་། རྣམ་
པར་གྲོལ་བ་གཞི་དང་བཅས་པས་རང་གི་དོན་རྣམ་པ་ཐམས་ཅད་སྤྱོད་དེ། བརྩོན་འགྲུས་ལ་བརྟེན་ནས་གོ་རིམས་བཞིན་དུ་བསམ་གཏན་དང་། ཤེས་རབ་དག་གིས་སེམས་མཉམ་པར་མ་བཞག་པ་མཉམ་པར་འཇོག་པའི་ཕྱིར་དང་། མཉམ་པར་བཞག་པ་རྣམ་པར་གྲོལ་བའི་ཕྱིར་རོ། །དེ་
Vol. 123 · folio 196b
ལྟར་ན་གཞན་གྱི་དོན་དང་རང་གི་དོན་ལས་བརྩམས་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །མི་ཕོངས་པ་དང་རྣམ་པར་མི་འཚེ་དང་། །རྣམ་འཚེ་བཟོད་དང་བྱ་བས་མི་སྐྱོ་དང་། །དགའ་བྱེད་ལེགས་པར་བརྗོད་པ་དེ་ཡི་ཕྱིར། །གཞན་གྱི་དོན་ནི་རང་གི་དོན་ཡིན་ནོ། །ཞེས་བྱ་བ་ནི་གསུམ་པ་ཡིན་ཏེ། བྱང་
ཆུབ་སེམས་དཔའི་གཞན་གྱི་དོན་མཐའ་དག་ནི་སྦྱིན་པ་ལ་སོགས་པས་གོ་རིམས་བཞིན་དུ་གཞན་དག་ལ་ཡོ་བྱད་ཀྱིས་མི་ཕོངས་པ་དང་། རྣམ་པར་མི་འཚེ་བ་དང་། རྣམ་པར་འཚེ་བ་བཟོད་པ་དང་། གྲོགས་བྱ་བ་ལ་སྐྱོ་བ་མེད་པ་དང་། རྫུ་འཕྲུལ་ལ་སོགས་པའི་མཐུས་དགའ་བར་བྱེད་པ་དང་།
ཐེ་ཚོམ་གཅོད་པའི་སྒོ་ནས་ལེགས་པར་བརྗོད་པ་དག་གིས་འགྱུར་རོ། །དེའི་ཕྱིར་ན་གཞན་གྱི་དོན་ནི་བྱང་ཆུབ་སེམས་དཔའ་རང་གི་དོན་དུ་འགྱུར་ཏེ། གཞན་གྱི་དོན་ནི་རང་གི་དོན་ཡིན་པའི་ཕྱིར་དང་། བྱང་ཆུབ་ཆེན་པོ་འཐོབ་པའི་ཕྱིར་རོ། །དེ་ལྟར་ན་རང་དང་གཞན་གྱི་དོན་མཐའ་དག་གི་
སྐབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །ལོངས་སྤྱོད་མངོན་པར་མི་དགའ་དང་། །རབ་གུས་གཉིས་ལ་མི་སྐྱོ་དང་། །རྣལ་འབྱོར་རྣམ་པར་མི་རྟོག་པ། །ཐེག་ཆེན་མཐའ་དག་འདིར་ཟད་དོ། །ཞེས་བྱ་བ་ནི་བཞི་པ་སྟེ། །སྦྱིན་པས་ནི་བྱང་ཆུབ་སེམས་དཔའ་ལོངས་སྤྱོད་རྣམས་ལ་མི་ལྟ་བའི་
ཕྱིར་མངོན་པར་མི་དགའོ། །ཚུལ་ཁྲིམས་ཡང་དག་པར་བླངས་པས་ནི་བྱང་ཆུབ་སེམས་དཔའ་བསླབ་པ་དག་ལ་ཤིན་ཏུ་གུས་པ་ཉིད་དོ། །བཟོད་པ་དང་བརྩོན་འགྲུས་ཀྱིས་ནི་གོ་རིམས་བཞིན་དུ་སེམས་ཅན་དང་སེམས་ཅན་མ་ཡིན་པས་བྱས་པའི་སྡུག་བསྔལ་དང་། དགེ་བ་ལ་རབ་ཏུ་སྦྱོར་བ་དང་
གཉིས་ལ་སྐྱོ་བ་མེད་དོ། །བསམ་གཏན་དང་ཤེས་རབ་དག་གིས་ནི་ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་རྣལ་འབྱོར་རྣམ་པར་མི་རྟོག་པ་སྟེ། ཐེག་པ་ཆེན་པོ་མཐའ་དག་ནི་འདི་ཙམ་དུ་ཟད་དོ། །དེའི་ཕྱིར་ཐེག་པ་ཆེན་པོ་ཀུན་བསྡུས་པའི་དབང་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །
ཡུལ་རྣམས་ལ་ནི་མ་ཆགས་ལམ། །དེ་ཐོབ་རྣམ་གཡེང་སྡོམ་པའི་ལམ། །སེམས་ཅན་མི་གཏོང་འཕེལ་བ་དང་། །སྒྲིབ་པ་རྣམ་པར་སྦྱོང་བའི་གཞན། །ཞེས་བྱ་བ་ནི་ལྔ་པའོ། །དེ་ལ་སྦྱིན་པ་ནི་ཡུལ་རྣམས་ལ་མ་ཆགས་པའི་ལམ་ཡིན་ཏེ། གཏོང་བ་ལ་གོམས་པས་དེ་ལ་ཆགས་
Vol. 123 · folio 197a
པ་དང་བྲལ་བའི་ཕྱིར་རོ། །ཚུལ་ཁྲིམས་ནི་དེ་ཐོབ་པའི་རྣམ་པར་གཡེང་བ་ཡང་དག་པར་སྡོམ་པ་རྣམས་ཀྱི་ལམ་ཡིན་ཏེ། དགེ་སློང་གི་སྡོམ་པ་ལ་གནས་པ་ལ་ཡུལ་ཐོབ་པར་བྱ་བའི་ཕྱིར། ལས་ཀྱི་མཐའི་རྣམ་པར་གཡེང་བ་ཐམས་ཅད་མི་འབྱུང་བའི་ཕྱིར་རོ། །
བཟོད་པ་ནི་སེམས་ཅན་མི་གཏོང་བའི་ལམ་སྟེ། གནོད་པ་བྱེད་པ་ཐམས་ཅད་ཀྱི་སྡུག་བསྔལ་གྱིས་ཡིད་མི་འབྱུང་བའི་ཕྱིར་རོ། །བརྩོན་འགྲུས་ནི་དགེ་བ་འཕེལ་བའི་ལམ་སྟེ། བརྩོན་འགྲུས་བརྩམས་པ་ལ་དེ་འཕེལ་བར་འགྱུར་བའི་ཕྱིར་རོ། །བསམ་གཏན་དང་ཤེས་རབ་ནི་
སྒྲིབ་པ་རྣམ་པར་སྦྱོང་བ་དག་གི་ལམ་ཡིན་ཏེ། དེ་གཉིས་ཀྱིས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་རྣམ་པར་སྦྱོང་བའི་ཕྱིར་རོ། །ལམ་ཞེས་བྱ་བ་ནི་ཐབས་ཏེ། དེ་ལྟར་ན་ལམ་གྱི་རྣམ་པ་ཐམས་ཅད་ཀྱི་དབང་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །བསླབ་གསུམ་དབང་དུ་མཛད་ནས་
ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཅར་ལ་ཡང་གཏོགས། །ཞེས་བྱ་བ་ནི་དྲུག་པའོ། །དེ་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་པོ་གསུམ་སྟེ། ཚོགས་དང་
བཅས་པ་དང་འཁོར་དང་བཅས་པ་གཟུང་བའི་ཕྱིར་རོ། །སྦྱིན་པས་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ཡང་དག་པར་ལེན་ཏོ། །ཡང་དག་པར་བླངས་པ་ནི་བཟོད་པས་གཤེ་བ་ལ་སླར་མི་གཤེ་བ་ལ་སོགས་པས་སྲུང་ངོ་། །རྣམ་པ་གཉིས་ཞེས་བྱ་བ་ནི། ལྷག་པའི་སེམས་དང་། ལྷག་པའི་
ཤེས་རབ་ཀྱི་བསླབ་པའོ། །དེ་ནི་ཐ་མ་གཉིས་ཀྱིས་བསྡུས་ཏེ། བསམ་གཏན་དང་། ཤེས་རབ་དང་གོ་རིམས་བཞིན་ནོ། །གཅིག་པུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསླབ་པ་གསུམ་ཅར་དུ་ཡང་གཏོགས་ཏེ། བརྩོན་འགྲུས་ནི་ཐམས་ཅད་ཀྱི་གྲོགས་སུ་གྱུར་པའི་ཕྱིར་རོ། །མཚན་ཉིད་
རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་དྲུག་སྟེ། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་མཚན་ཉིད་ནི་རྣམ་པ་བཞི་སྟེ། སེར་སྣ་
Vol. 123 · folio 197b
སྤངས་པའི་ཕྱིར་མི་མཐུན་པའི་ཕྱོགས་ཉམས་པ་དང་། ཆོས་བདག་མེད་པ་རྟོགས་པ་དང་ལྡན་པའི་ཕྱིར། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་དང་། གང་ཅི་འདོད་པ་དེ་ལ་དེ་སྦྱིན་པའི་ཕྱིར། །འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། སྦྱིན་པས་བསྡུས་ནས་ཐེག་པ་གསུམ་
ལ་སྐལ་བ་ཇི་ལྟ་བ་བཞིན་དུ་སྦྱོར་བའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྣམ་པ་གསུམ་མོ། །ཚུལ་ཁྲིམས་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །བཟོད་པ་མི་མཐུན་
ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །བརྩོན་འགྲུས་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་
རྣམ་སྨིན་བྱེད་རྣམ་གསུམ། །བསམ་གཏན་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ཤེས་རབ་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་
པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །སྦྱིན་པའི་མཚན་ཉིད་རྣམ་པ་བཞི་ཇི་ལྟ་བར་ཚུལ་ཁྲིམས་ལ་སོགས་པ་འདི་དག་གིས་ཡང་དེ་དང་འདྲ་བར་རིག་པར་བྱའོ། །འདི་དག་གི་མི་མཐུན་པའི་ཕྱོགས་ནི་འཆལ་པའི་ཚུལ་ཁྲིམས་དང་། ཁྲོ་བ་དང་། ལེ་
ལོ་དང་། རྣམ་པར་གཡེང་བ་དང་། འཆལ་བའི་ཤེས་རབ་སྟེ་གོ་རིམས་བཞིན་ནོ། །འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ནི་ཚུལ་ཁྲིམས་ལ་སོགས་པས་གཞན་དག་ལ་ལུས་དང་། ངག་ཐམས་ཅད་ཡང་དག་པར་སྡོམ་པ་དང་། གནོད་པར་བྱེད་པ་ལ་བཟོད་པ་དང་།
གྲོགས་དང་། ཡིད་ལ་འཐད་པ་དང་། ཐེ་ཚོམ་གཅོད་པས་འདོད་པ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཉིད་ནི། ཚུལ་ཁྲིམས་ལ་སོགས་པས་མགུ་བར་བྱས་ཏེ། ཐེག་པ་གསུམ་ལ་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །གོ་རིམས་རྣམ་པར་
Vol. 123 · folio 198a
དབྱེ་བའི་ཚིགས་སུ་བཅད་པ། །སྔ་མ་ལ་བརྟེན་ཕྱི་མ་སྟེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །རྒྱུ་གསུམ་གྱིས་སྦྱིན་པ་ལ་སོགས་པ་དེ་དག་རིམ་པར་བསྟན་ཏེ། སྔ་མ་ལ་བརྟེན་ནས་ཕྱི་མ་སྐྱེ་བའི་
ཕྱིར་ནི་ལོངས་སྤྱོད་ལ་མི་ལྟ་བའི་ཚུལ་ཁྲིམས་ཡང་དག་པར་ལེན་ཏོ། །ཚུལ་ཁྲིམས་དང་ལྡན་ན་བཟོད་པར་འགྱུར་རོ། །བཟོད་པ་དང་ལྡན་ན་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་བརྩམས་ན་ཏིང་ངེ་འཛིན་སྐྱེད་པར་བྱེད་དོ། །སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་
སོ། །སྔ་མ་དམན་ལ་ཕྱི་མ་མཆོག་ཏུ་གནས་པའི་ཕྱིར་ནི་སྦྱིན་པ་ནི་དམན་ལ། ཚུལ་ཁྲིམས་ནི་མཆོག་ཡིན་པ་ནས། དེ་བཞིན་དུ་བསམ་གཏན་ནི་དམན་ལ། ཤེས་རབ་ནི་མཆོག་ཡིན་པའི་བར་དུ་ཡིན་ནོ། །སྔ་མ་ནི་རགས་ལ་ཕྱི་མ་ནི་ཕྲ་བའི་ཕྱིར་ནི་སྦྱིན་པ་ནི་འཇུག་སླ་བའི་ཕྱིར་དང་། བྱ་སླ་
བའི་ཕྱིར་རགས་ལ། ཚུལ་ཁྲིམས་ནི་དེ་བས་ཆེས་འཇུག་དཀའ་བའི་ཕྱིར་དང་། ཆེས་བྱ་དཀའ་བའི་ཕྱིར་ཕྲ་བ་ནས། དེ་བཞིན་དུ་བསམ་གཏན་ནི་རགས་ལ། ཤེས་རབ་ནི་ཕྲ་བའི་བར་དུ་ཡིན་ནོ། །ངེས་པའི་ཚིག་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། དབུལ་བ་འདོར་བར་བྱེད་
པ་དང་། །བསིལ་བ་འཐོབ་དང་ཁྲོ་བཟོད་དང་། །མཆོག་སྦྱོར་བ་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །དབུལ་བ་འདོར་བར་བྱེད་པས་ན་སྦྱིན་པའོ། །བསིལ་བ་འཐོབ་པར་བྱེད་པས་ན་ཚུལ་ཁྲིམས་ཏེ། དེ་དང་ལྡན་པ་ལ་ཡུལ་གྱི་མཚན་མའི་ཉོན་མོངས་པའི་
ཡོངས་སུ་གདུང་བ་མེད་པའི་ཕྱིར་རོ། །ཁྲོ་བ་བཟོད་པ་ཞེས་བྱ་བ་ནི་བཟོད་པ་སྟེ། དེས་ཁྲོ་བ་བཟོད་པའི་ཕྱིར་རོ། །མཆོག་དང་སྦྱོར་བར་བྱེད་པས་ན་བརྩོན་འགྲུས་ཏེ། དགེ་བའི་ཆོས་ལ་སྦྱོར་བའི་ཕྱིར་རོ། །ཡིད་ནང་དུ་འཛིན་པར་བྱེད་པས་ན་བསམ་གཏན་ནོ། །འདིས་ནི་དོན་དམ་པ་ཤེས་
པས་ན་ཤེས་རབ་བོ། །སྒོམ་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། ཐམས་ཅད་སྒོམ་པ་དངོས་པོ་དང་། །དེ་བཞིན་ཡིད་ལ་བྱེད་པ་དང་། །བསམ་པ་དང་ནི་ཐབས་དག་དང་། །དབང་འབྱོར་ཉིད་ལ་བརྟེན་པར་བརྗོད། །ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ནི་དངོས་པོ་ལ་བརྟེན་པ་ནས་དབང་
Vol. 123 · folio 198b
འབྱོར་བ་ཉིད་ལ་བརྟེན་པའི་བར་རྣམ་པ་ལྔ་ཡིན་ནོ། །དེ་ལ་དངོས་པོ་ལ་བརྟེན་པ་ཡང་རྣམ་པ་བཞི་སྟེ། རྒྱུ་ལ་བརྟེན་པ་ནི་རིགས་ཀྱི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲུབ་པ་གོམས་པ་གང་ཡིན་པའོ། །རྣམ་པར་སྨིན་པ་ལ་བརྟེན་པ་ནི་ལུས་ཕུན་སུམ་ཚོགས་པའི་སྟོབས་ཀྱིས་གང་ཡིན་པའོ། །
སྨོན་ལམ་ལ་བརྟེན་པ་ནི་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་གང་ཡིན་པའོ། །སོ་སོར་རྟོག་པའི་སྟོབས་ལ་བརྟེན་པ་ནི། ཤེས་རབ་ཀྱི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྒྲུབ་པ་གོམས་པ་གང་ཡིན་པའོ། །ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཡིད་ལ་བྱེད་པ་ལ་བརྟེན་པ་ཡང་རྣམ་པ་བཞི་སྟེ། མོས་
པ་ཡིད་ལ་བྱེད་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་མདོ་སྡེ་ཐམས་ཅད་ལ་མོས་པ་ཡིན་ནོ། །རོ་མྱང་བ་ཡིད་ལ་བྱེད་པ་ནི། ཕ་རོལ་ཏུ་ཕྱིན་པ་ཐོབ་པ་དག་ལ་ཡོན་ཏན་དུ་ལྟ་བའི་ཚུལ་གྱིས་རོ་མྱོང་བར་བྱེད་པ་ཡིན་ནོ། །རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སེམས་
ཅན་ཐམས་ཅད་ཀྱི་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་བ་ཡིན་ནོ། །མངོན་པར་དགའ་བ་ཡིད་ལ་བྱེད་པ་ནི། བདག་ཉིད་དང་སེམས་ཅན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར་མ་འོངས་པ་ལ་མངོན་པར་དགའ་བ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་སྒོམ་པ་བསམ་པ་ལ་བརྟེན་པ་ནི་རྣམ་པ་དྲུག་
སྟེ། ངོམས་མི་ཤེས་པའི་བསམ་པ་དང་། རྒྱ་ཆེན་པོའི་བསམ་པ་དང་། དགའ་བའི་བསམ་པ་དང་། ཕན་པའི་བསམ་པ་དང་། མ་གོས་པའི་བསམ་པ་དང་། དགེ་བའི་བསམ་པའོ། །དེ་ལ་བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་ངོམས་མི་ཤེས་པའི་བསམ་པ་ནི། བྱང་ཆུབ་སེམས་
དཔའ་སེམས་ཅན་གཅིག་ལ་ཡང་སྐད་ཅིག་མ་གཅིག་ལ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་བཀང་བ་དང་། ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྦྱིན་པར་བྱེད་ཅིང་། དེ་བཞིན་དུ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྐད་ཅིག་མ་རེ་རེ་ལ་སྦྱིན་པར་བྱེད་ལ།
སེམས་ཅན་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱ་བའི་སེམས་ཅན་གྱི་ཁམས་ཇི་སྙེད་པ་དེ་དག་ལ་རྣམ་གྲངས་འདིས་སྦྱིན་པར་བྱེད་ཀྱང་བྱང་ཆུབ་སེམས་དཔའ་སྦྱིན་པའི་བསམ་པ་ལ་ངོམས་པ་མེད་པ་ཉིད་གང་ཡིན་པ་སྟེ། བསམ་
Vol. 123 · folio 199a
པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་ངོམས་མི་ཤེས་པའི་བསམ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྦྱིན་པ་བརྒྱུད་པ་དེ་ལྟ་བུ་ཡང་སྐད་ཅིག་ཙམ་ཡང་ཉམས་པར་མི་བྱེད་ཅིང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་རྒྱུན་གཅོད་པར་མི་བྱེད་དེ། བསམ་
པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་རྒྱ་ཆེན་པོའི་བསམ་པ་ཡིན་ནོ། །སེམས་ཅན་དེ་དག་དེ་ལྟར་སྦྱིན་པས་རྗེས་སུ་འཛིན་པ་ནི། བྱང་ཆུབ་སེམས་དཔའ་ཆེས་དགའ་བར་འགྱུར་གྱི། སྦྱིན་པ་དེས་རྗེས་སུ་བཟུང་བའི་སེམས་ཅན་དེ་དག་ནི་དེ་ལྟ་མ་ཡིན་ཏེ། བསམ་
པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་དགའ་བའི་བསམ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གང་དག་ལ་དེ་ལྟར་སྦྱིན་པས་ཕན་འདོགས་པའི་སེམས་ཅན་དེ་དག་བདག་ཉིད་ལ་ཆེས་ཕན་འདོགས་པ་ཡིན་པར་ཡང་དག་པར་རྗེས་སུ་ལྟ་བ་ལྟར་བདག་ཉིད་ནི་མ་ཡིན་ཏེ།
དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཉེ་བར་སྟོན་པའི་ཕྱིར་རོ། །བསམ་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་ལ་ཕན་པའི་བསམ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལས་དེ་ལྟར་སྦྱིན་པ་ལས་བྱུང་པའི་བསོད་ནམས་རྒྱ་ཆེན་
པོ་མངོན་པར་འདུས་བྱས་ཀྱང་ལན་དང་རྣམ་པར་སྨིན་པ་དོན་དུ་གཉེར་བ་ཡང་མ་ཡིན་ཏེ། བསམ་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་མ་གོས་པའི་བསམ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕུང་པོ་དེ་ལྟར་རྒྱ་ཆེ་བའི་རྣམ་པར་སྨིན་
པ་གང་ཡིན་པ་དེ་ཡང་སེམས་ཅན་རྣམས་ཁོ་ན་ལ་འདོར་གྱི། བདག་ཉིད་ལ་ནི་མ་ཡིན་ཞིང་། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་ཡོངས་སུ་སྔོ་བར་བྱེད་དེ། །བསམ་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་
དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་དགེ་བའི་བསམ་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་ལ་ངོམས་མི་ཤེས་པའི་བསམ་པ་ནི་བྱང་ཆུབ་སེམས་དཔའ་ལུས་གང་གཱའི་ཀླུང་གི་བྱེ་
Vol. 123 · folio 199b
མ་སྙེད་ཀྱིས་ཚེའི་ཚད་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་རྟག་པར་ཡོ་བྱད་ཐམས་ཅད་ཀྱིས་ཕོངས་བཞིན་དུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེ་མར་མུར་གྱིས་རབ་ཏུ་གང་བར་སྤྱོད་ལམ་རྣམ་པ་བཞི་བྱེད་ཅིང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐད་ཅིག་མ་གཅིག་
ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐད་ཅིག་མ་གཅིག་གི་བར་སྒོམ་པར་བྱེད་ཅིང་། རྣམ་གྲངས་དེས་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཇི་སྙེད་པ་ནས་ཤེས་རབ་ཀྱི་ཕུང་པོ་ཇི་སྙེད་པའི་བར་གྱི་
ཚུལ་ཁྲིམས་ཀྱི་ཕུང་པོ་ནས་ཤེས་རབ་ཀྱི་ཕུང་པོའི་བར་དེ་སྒོམ་པར་བྱེད་ཀྱང་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བསམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བསམ་པའི་བར་ལ་ངོམས་པ་མེད་པ་ཉིད་གང་ཡིན་པ་སྟེ། བསམ་པ་དེ་ལྟ་བུ་གང་ཡིན་
པ་དེ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ལ་ངོམས་མི་ཤེས་པའི་བསམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལ་ངོམས་མི་ཤེས་པའི་བསམ་པའི་བར་ཡིན་ནོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་བརྒྱུད་པ་
ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་བརྒྱུད་པའི་བར་དེ་མི་གཏོང་ཞིང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་རྒྱུད་གཅོད་པར་མི་བྱེད་དོ། །བསམ་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་
པའི་བར་ལ་རྒྱ་ཆེན་པོའི་བསམ་པ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་དེས་སེམས་ཅན་རྣམས་རྗེས་སུ་འཛིན་པ་ན། བྱང་ཆུབ་སེམས་དཔའ་ཆེས་དགའ་བར་འགྱུར་གྱི། རྗེས་སུ་བཟུང་བའི་སེམས་ཅན་དེ་དག་ནི་
དེ་ལྟ་མ་ཡིན་ཏེ། བསམ་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་དག་ལ་དགའ་བའི་བསམ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་ཅན་གང་དག་ལ་དེ་ལྟར་ཚུལ་ཁྲིམས་
Vol. 123 · folio 200a
ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་གྱིས་ཕན་འདོགས་པའི་སེམས་ཅན་དེ་དག་བདག་ཉིད་ལ་ཆེས་ཕན་འདོགས་པ་ཡིན་པར་ཡང་དག་པར་རྗེས་སུ་ལྟ་བ་ལྟར་བདག་ཉིད་ལ་ནི་མ་ཡིན་ཏོ། དེ་དག་ནི་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཉེ་བར་རྟོན་པའི་ཕྱིར་རོ། །བསམ་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་གྱིས་ཕན་པའི་བསམ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ཚུལ་
ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བའི་བར་གྱི་བསོད་ནམས་རྒྱ་ཆེན་པོ་མངོན་པར་འདུས་བྱས་ཀྱང་ལན་དང་རྣམ་པར་སྨིན་པ་དོན་དུ་གཉེར་བ་ཡང་མ་ཡིན་ཏེ། །བསམ་པ་དེ་ལྟ་བུ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་
ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་ལ་མ་གོས་པའི་བསམ་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ལས་བྱུང་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་ལས་བྱུང་བའི་བར་གྱི་བསོད་ནམས་ཀྱི་ཕུང་པོ་
དེ་ལྟ་བུའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ཡང་སེམས་ཅན་རྣམས་ཁོ་ན་ལ་འདར་གྱི། བདག་ཉིད་ལ་ནི་མ་ཡིན་ཞིང་། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་ཡོངས་སུ་སྔོ་བར་བྱེད་དེ། བསམ་པ་དེ་ལྟ་བུ་གང་ཡིན་པ་དེ་
ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་བར་ལ་དགེ་བའི་བསམ་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཐབས་ལ་བརྟེན་པ་ནི་རྣམ་པ་གསུམ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས། འཁོར་གསུམ་ཡོངས་
སུ་དག་པར་སོ་སོར་རྟོག་པའི་ཕྱིར་ཏེ། འདི་ལྟར་ཐབས་དེ་ནི་ཡིད་ལ་བྱེད་པ་ཐམས་ཅད་མངོན་པར་འགྲུབ་པར་བྱེད་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དབང་འབྱོར་པ་ཉིད་ལ་བརྟེན་པ་ནི་རྣམ་པ་གསུམ་སྟེ། སྐུ་ལ་དབང་འབྱོར་པ་ཉིད་དང་། སྤྱོད་པ་ལ་དབང་འབྱོར་པ་ཉིད་དང་། སྟོན་པ་ལ་དབང་
Vol. 123 · folio 200b
འབྱོར་པ་ཉིད་དོ། །དེ་ལ་སྐུ་ལ་དབང་འབྱོར་པ་ཉིད་ནི་དེ་བཞིན་གཤེགས་པའི་སྐུ་གཉིས་པོ་ངོ་བོ་ཉིད་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པར་བལྟ་བར་བྱའོ། །དེ་ལ་སྤྱོད་པ་ལ་དབང་འབྱོར་པ་ཉིད་ནི། སྤྲུལ་པའི་སྐུ་ཡིན་པར་བལྟ་བར་བྱ་སྟེ། དེས་ནི་སེམས་ཅན་ཐམས་ཅད་ལ་
ཆོས་དང་མཐུན་པའི་སྤྱོད་པ་རྣམ་པ་ཐམས་ཅད་སྟོན་པར་བྱེད་དོ། །སྟོན་པ་ལ་དབང་འབྱོར་པ་ཉིད་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམ་པ་ཐམས་ཅད་སྟོན་པ་ལ་ཐོགས་པ་མེད་པ་ཡིན་ནོ། །རབ་ཏུ་དབྱེ་བ་བསྡུ་བའི་ཚིགས་སུ་བཅད་པ་བཅུ་གཉིས་ཏེ། སྦྱིན་པ་ལ་སོགས་པ་སོ་སོར་དོན་དྲུག་ཏུ་རབ་ཏུ་
དབྱེ་བའི་ཕྱིར་རོ། །དོན་དྲུག་ནི་ངོ་བོ་ཉིད་དང་། རྒྱུ་དང་། འབྲས་བུ་དང་། ལས་དང་། ལྡན་པ་དང་། འཇུག་པའི་དོན་རྣམས་སོ། །དེ་ལ་སྦྱིན་པའི་རབ་ཏུ་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། དོན་རྣམས་གཏོང་བར་བྱེད་པ་དང་། །རྩ་བ་སེམས་པ་ལ་བརྟེན་དང་། །ལུས་
དང་ལོངས་སྤྱོད་ཕུན་ཚོགས་དང་། །གཉིས་རྗེས་འཛིན་དང་རྫོགས་བྱེད་དང་། །དེ་ཡང་སེར་སྣ་མེད་ལྡན་དང་། །ཆོས་དང་ཟང་ཟིང་མི་འཇིགས་གཏོང་། །སྦྱིན་པ་དེ་འདྲར་ཡོངས་ཤེས་ནས། །མཁས་པ་ཡང་དག་སྒྲུབ་པར་བྱེད། །སྦྱིན་པའི་ངོ་བོ་ཉིད་ནི་ལེན་པ་པོ་རྣམས་ལ་དོན་གཏོང་བའོ། །
རྒྱུ་ནི་མ་ཆགས་པ་ལ་སོགས་པ་དང་ལྷན་ཅིག་སྐྱེས་པའི་སེམས་པའོ། །འབྲས་བུ་ནི། ལུས་ཕུན་སུམ་ཚོགས་པ་ཚེ་ལ་སོགས་པས་བསྡུས་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་སྟེ། གནས་ལྔའི་མདོ་ལས་འབྱུང་བ་བཞིན་ནོ། །ལས་ནི། རང་དང་གཞན་རྗེས་སུ་འཛིན་པ་དང་། བྱང་ཆུབ་
ཆེན་པོའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའོ། །ལྡན་པ་ནི། །སེར་སྣ་མེད་པ་དང་སྟེ། སེར་སྣ་མེད་པ་དག་ལ་ཡོད་དོ། །འཇུག་པ་ནི་ཆོས་དང་ཟང་ཟིང་དང་མི་འཇིགས་པ་སྦྱིན་པའི་རབ་ཏུ་དབྱེ་བས་སོ། །ཚུལ་ཁྲིམས་ཀྱི་རབ་ཏུ་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། ཡན་ལག་
དྲུག་ཞི་བསམ་པས་ཟིན། །བདེ་འགྲོ་གནས་པ་སྦྱིན་བྱེད་དང་། །རྟེན་དང་ཞི་དང་འཇིགས་པ་མེད། །བསོད་ནམས་ཚོགས་དང་ལྡན་པ་དང་། །བརྡར་བཏགས་ཆོས་ཉིད་ཐོབ་པ་སྟེ། །སྡོམ་པ་གནས་པ་རྣམས་ལ་ཡོད། །ཚུལ་ཁྲིམས་དེ་འདྲར་ཡོངས་ཤེས་ནས། །མཁས་པ་
Vol. 123 · folio 201a
ཡང་དག་སྒྲུབ་པར་བྱེད། །ཡན་ལག་དྲུག་ཅེས་བྱ་བ་ནི་ངོ་བོ་ཉིད་དོ། །ཡན་ལག་དྲུག་ནི་ཚུལ་ཁྲིམས་དང་ལྡན་པར་གནས་པ་ནས་བསླབ་པའི་གཞི་རྣམས་ལ་ཡང་དག་པར་བླངས་ཏེ། སློབ་པ་ཞེས་བྱ་བའི་བར་ཡིན་ནོ། ཞི་བའི་བསམ་པས་ཟིན་པ་ཞེས་བྱ་བ་ནི་རྒྱུ་
སྟེ། མྱ་ངན་ལས་འདས་པའི་བསམ་པས་ཡང་དག་པར་ལེན་པའི་ཕྱིར་རོ། །བདེ་འགྲོ་གནས་པ་སྦྱིན་བྱེད་དང་། །ཞེས་བྱ་བ་ནི་འབྲས་བུ་སྟེ། ཚུལ་ཁྲིམས་ཀྱིས་བདེ་འགྲོར་འགྲོ་བའི་ཕྱིར་དང་། འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་སེམས་གནས་པ་ཐོབ་པའི་ཕྱིར་རོ། །རྟེན་དང་ཞི་དང་
འཇིགས་པ་མེད། །ཅེས་བྱ་བ་ནི་ལས་ཏེ། ཚུལ་ཁྲིམས་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་ནོ། །ཉོན་མོངས་པའི་ཡོངས་སུ་གདུང་བ་ཞི་བས་ཞི་བའོ། །སྲོག་གཅོད་པ་ལ་སོགས་པའི་རྐྱེན་ཅན་གྱི་རྟེན་འཇིགས་པ་དང་། ཁ་ན་མ་ཐོ་བ་དང་། ཁོན་རྣམས་མི་འབྱུང་བའི་ཕྱིར་འཇིགས་པ་མེད་
པའོ། །བསོད་ནམས་ཚོགས་དང་ལྡན་པ་དང་། །ཞེས་བྱ་བ་ནི་ལྡན་པ་སྟེ། དུས་ཐམས་ཅད་དུ་ལུས་དང་ངག་དང་ཡིད་ཀྱི་ལས་ཡང་དག་པར་ཀུན་ཏུ་སྤྱོད་པའི་ཕྱིར་རོ། །བརྡར་བཏགས་ཆོས་ཉིད་ཐོབ་པ་སྟེ། །སྡོམ་ལ་གནས་པ་རྣམས་ལ་ཡོད། །ཅེས་བྱ་བ་ནི་འཇུག་པ་སྟེ། དེ་ལ་བརྡར་
བཏགས་པས་ཐོབ་པ་ནི་སོ་སོར་ཐར་པའི་སྡོམ་པས་བསྡུས་པའོ། །ཆོས་ཉིད་ཀྱིས་ཐོབ་པ་ནི་བསམ་གཏན་དང་། ཟག་པ་མེད་པའི་སྡོམ་པས་བསྡུས་པའོ། །དེ་ནི་འདིའི་རབ་ཏུ་དབྱེ་བས་འཇུག་པ་སྟེ། རབ་ཏུ་དབྱེ་བ་རྣམ་པ་གསུམ་གྱིས་འཇུག་པའི་ཕྱིར་རོ། །སྡོམ་ལ་གནས་པ་རྣམས་ལ་
ཡོད། །ཅེས་བྱ་བ་ནི་རྟེན་གྱིས་འཇུག་པའོ། །བཟོད་པ་རབ་ཏུ་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། མི་མཇེད་ཇི་མི་སྙམ་ཤེས་དང་། །སྙིང་རྗེས་ཆོས་ལ་བརྟེན་པའི་ཕྱིར། །ཕན་ཡོན་ལྔར་ནི་ཡང་དག་བཤད། །དེ་ནི་གཉིས་ཀྱི་དོན་བྱེད་དེ། །དཀའ་ཐུབ་གཙོ་དང་ཀུན་ཏུ་ལྡན། །
དེ་ལ་དེ་ནི་རྣམ་གསུམ་འདོད། །བཟོད་པ་དེ་འདྲར་ཡོངས་ཤེས་ནས། །མཁས་པ་ཡང་དག་སྒྲུབ་པར་བྱེད། །མི་མཇེད་ཇི་མི་སྙམ་ཤེས་དང་། །ཞེས་བྱ་བ་ནི་བཟོད་པ་རྣམ་པ་གསུམ་གྱི་ངོ་བོ་ཉིད་ཡིན་ནོ། །གནོད་པ་བྱེད་པ་ལ་མི་མཇེད་པའི་བཟོད་པ་ནི་མི་མཇེད་པའི་བཟོད་པ་སྟེ། མི་
Vol. 123 · folio 201b
འཐིང་བའི་ཕྱིར་རོ། །སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང་། ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ཡང་གོ་རིམས་བཞིན་ནོ། །སྙིང་རྗེས་ཆོས་ལ་བརྟེན་པའི་ཕྱིར། །ཞེས་བྱ་བ་ནི་རྒྱུ་སྟེ། ཆོས་ལ་བརྟེན་པ་ནི་ཚུལ་ཁྲིམས་ཡང་དག་པར་ལེན་པ་དང་། ཐོས་པ་ཆུབ་པའོ། །
ཕན་ཡོན་ལྔར་ནི་ཡང་དག་བཤད། །ཅེས་བྱ་བ་ནི་འབྲས་བུ་སྟེ། ཇི་སྐད་དུ། མདོ་ལས་བཟོད་པ་ལ་ཕན་ཡོན་རྣམ་པ་ལྔ་སྟེ། ཁོན་མི་མང་བ་ཡིན། དབྱེན་མི་མང་བ་ཡིན། བདེ་བ་དང་ཡིད་བདེ་བ་མང་བ་ཡིན། འགྱོད་པ་མེད་པར་འཆི་བའི་དུས་བྱེད་པ་ཡིན། ལུས་ཞིག་
ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དག་ཏུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །དེ་ནི་གཉིས་ཀྱི་དོན་བྱེད་དེ། །ཞེས་བྱ་བ་ནི་མི་མཇེད་པ་དང་། ཇི་མི་སྙམ་པ་དང་། ཤེས་པ་ཞེས་བྱ་བའི་དབང་དུ་བྱས་པའོ། །འདི་ནི་ལས་ཡིན་ཏེ། ཇི་སྐད་དུ། གང་ཞིག་ཕ་རོལ་
འཁྲུགས་ཤེས་ནས། །བདག་ཉིད་དེ་ལ་ཉེར་ཞི་བ། །དེ་ནི་བདག་དང་ཕ་རོལ་དང་། །གཉིས་པོ་དག་གི་དོན་བྱེད་དོ། །ཞེས་བཤད་པ་ལྟ་བུའོ། །དཀའ་ཐུབ་གཙོ་དང་ཀུན་ཏུ་ལྡན། །ཞེས་བྱ་བ་ནི་ལྡན་པ་སྟེ། ཇི་སྐད་དུ། བཟོད་པ་ནི་དཀའ་ཐུབ་ཀྱི་མཆོག་གོ་ཞེས་བཤད་
པ་ལྟ་བུའོ། །དེ་ལ་དེ་ནི་ཞེས་བྱ་བ་ནི་རྟེན་གྱིས་འཇུག་པའོ། །རྣམ་གསུམ་འདོད་ཅེས་བྱ་བ་ནི། །རབ་ཏུ་དབྱེ་བས་འཇུག་པ་སྟེ། །བཟོད་པ་རྣམ་པ་གསུམ་གྱི་རབ་ཏུ་དབྱེ་བས་ཇི་སྐད་དུ་སྔར་བཤད་པ་ལྟ་བུའོ། །བརྩོན་འགྲུས་ཀྱི་རབ་ཏུ་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། དགེ་
ལ་ཡང་དག་སྤྲོ་བ་དང་། །དད་དང་འདུན་ལ་བརྟེན་པ་དང་། །དྲན་སོགས་ཡོན་ཏན་འཕེལ་བྱེད་དང་། །ཀུན་ནས་ཉོན་མོངས་གཉེན་པོ་དང་། །མ་ཆགས་ལ་སོགས་ཡོན་ཏན་ལྡན། །དེ་དག་ལ་ནི་དེ་རྣམ་བདུན། །བརྩོན་འགྲུས་དེ་འདྲར་ཡོངས་ཤེས་ནས། །མཁས་པ་ཡང་དག་སྒྲུབ་
པར་བྱེད། །དགེ་ལ་ཡང་དག་སྤྲོ་བ་དང་། །ཞེས་བྱ་བ་ནི་ངོ་བོ་ཉིད་དེ། དགེ་ལ་ཞེས་བྱ་བ་ནི་དེ་ལས་གཞན་པའི་བྱ་བ་ལ་སྤྲོ་བ་བསལ་བའི་ཕྱིར་རོ། །ཡང་དག་སྤྲོ་བ་ཞེས་བྱ་བ་ནི། གཞན་མུ་སྟེགས་ཅན་གྱི་ཐར་པའི་དོན་དུ་སྤྲོ་བ་བསལ་བའི་ཕྱིར་རོ། །དད་དང་འདུན་ལ་བརྟེན་པ་དང་། ཞེས་
Vol. 123 · folio 202a
བྱ་བ་ནི་རྒྱུ་སྟེ། དད་པ་དང་དོན་དུ་གཉེར་བ་ནི་བརྩོན་འགྲུས་རྩོམ་པར་བྱེད་དོ། །དྲན་སོགས་ཡོན་ཏན་འཕེལ་བྱེད་དང་། །ཞེས་བྱ་བ་ནི་འབྲས་བུ་སྟེ། བརྩོན་འགྲུས་བརྩམས་པ་ལ་དྲན་པ་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་འབྱུང་བའི་ཕྱིར་རོ། །ཀུན་ནས་ཉོན་མོངས་
གཉེན་པོ་དང་། །ཞེས་བྱ་བ་ནི་ལས་ཏེ། ཇི་སྐད་དུ། བརྩོན་འགྲུས་བརྩམས་པ་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་དང་མ་འདྲེས་པར་བདེ་བར་གནས་སོ་ཞེས་གསུངས་པ་ལྟ་བུའོ། །མ་ཆགས་ལ་སོགས་ཡོན་ཏན་ལྡན། །ཞེས་བྱ་བ་ནི་ལྡན་པའོ། །དེ་དག་ལ་ཞེས་བྱ་བ་ནི་བརྩོན་འགྲུས་
བརྩམས་པ་དག་ལ་སྟེ། དེ་ནི་རྟེན་གྱིས་འཇུག་པའོ། །དེ་རྣམ་བདུན་ཞེས་བྱ་བ་ནི་རབ་ཏུ་དབྱེ་བས་འཇུག་པ་སྟེ། དེ་ཡང་ལྷག་པའི་ཚུལ་ཁྲིམས་ལ་སོགས་པའི་བསླབ་པ་གསུམ་ལ་ལུས་དང་སེམས་ཀྱི་བརྩོན་འགྲུས་རྟག་ཏུ་བྱེད་པ་དང་། གུས་པར་བྱེད་པ་གང་ཡིན་པའོ། །བསམ་གཏན་
གྱི་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། སེམས་ནི་ནང་དུ་གནས་པ་དང་། །དྲན་དང་བརྩོན་འགྲུས་ལ་བརྟེན་པ། །བདེ་བ་སྐྱེད་པར་བྱེད་པ་དང་། །མངོན་ཤེས་གནས་ལ་དབང་བསྒྱུར་བ། །ཆོས་རྣམས་ཀྱི་ནི་གཙོ་བོ་སྟེ། །དེ་དག་ལ་ཡོད་དེ་རྣམ་གསུམ། །བསམ་གཏན་དེ་འདྲར་
ཡོངས་ཤེས་ནས། །མཁས་པ་ཡང་དག་སྒྲུབ་པར་བྱེད། །སེམས་ནི་ནང་དུ་གནས་པ་དང་། །ཞེས་བྱ་བ་ནི་ངོ་བོ་ཉིད་དོ། །དྲན་དང་བརྩོན་འགྲུས་ལ་བརྟེན་པ། ཞེས་བྱ་བ་ནི་རྒྱུ་སྟེ། དམིགས་པ་མ་བརྗེད་ན་བརྩོན་འགྲུས་ལ་བརྟེན་ནས་བསམ་གཏན་མངོན་པར་སྒྲུབ་པའི་ཕྱིར་རོ། །བདེ་
བ་སྐྱེད་པར་བྱེད་པ་དང་། །ཞེས་བྱ་བ་ནི་འབྲས་བུ་སྟེ། བསམ་གཏན་གྱི་འབྲས་བུ་ནི་གནོད་པ་མེད་པར་སྐྱེ་བ་ཡིན་པའི་ཕྱིར་རོ། །མངོན་ཤེས་གནས་ལ་དབང་བསྒྱུར་བ། །ཞེས་བྱ་བ་ནི་ལས་ཏེ། བསམ་གཏན་གྱིས་མངོན་པར་ཤེས་པ་ལ་དབང་བསྒྱུར་བའི་ཕྱིར་དང་། འཕགས་
པ་དང་། ལྷ་དང་། ཚངས་པའི་གནས་ལ་དབང་བསྒྱུར་བའི་ཕྱིར་རོ། །ཆོས་རྣམས་ཀྱི་ནི་གཙོ་བོ་སྟེ། །ཞེས་བྱ་བ་ནི་གཙོ་བོ་དང་ལྡན་པ་ཡིན་ཏེ། ཇི་སྐད་དུ། ཆོས་ཐམས་ཅད་ཀྱི་གཙོ་བོ་ནི་ཏིང་ངེ་འཛིན་ཏོ་ཞེས་གསུངས་པ་ལྟ་བུའོ། །དེ་དག་ལ་ཡོད་ཅེས་བྱ་བ་ནི་བསམ་གཏན་པ་དག་ལ་
Vol. 123 · folio 202b
སྟེ། འདི་ནི་རྟེན་གྱིས་འཇུག་པའོ། །དེ་རྣམ་གསུམ་ཞེས་བྱ་བ་ནི་རྟོག་པ་དང་བཅས་ཤིང་། དཔྱོད་པ་དང་བཅས་པ་དང་། རྟོག་པ་མེད་ལ་དཔྱོད་པ་ཙམ་དང་། རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པའོ། །ཡང་དགའ་བ་དང་ལྡན་པ་དང་། སིམ་པ་དང་ལྡན་པ་དང་། བཏང་སྙོམས་དང་
ལྡན་པ་སྟེ། འདི་ནི་རབ་ཏུ་དབྱེ་བས་འཇུག་པའོ། །ཤེས་རབ་ཀྱི་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ། ཤེས་བྱ་ཡང་དག་རབ་རྣམ་འབྱེད། །ཏིང་ངེ་འཛིན་ལ་བརྟེན་པ་དང་། །ཀུན་ནས་ཉོན་མོངས་ཤིན་ཏུ་གྲོལ། །ཤེས་རབ་འཚོ་བ་ལེགས་བཤད་དང་། །ཆོས་རྣམས་ཀྱི་ནི་མཆོག་
ཡིན་ཏེ། །དེ་དག་ལ་ཡོད་དེ་རྣམ་གསུམ། །ཤེས་རབ་དེ་འདྲར་ཡོངས་ཤེས་ནས། །མཁས་པ་ཡང་དག་སྒྲུབ་པར་བྱེད། །ཤེས་བྱ་ཡང་དག་རབ་རྣམ་འབྱེད། །ཅེས་བྱ་བ་ནི་ངོ་བོ་ཉིད་དེ། །ཤེས་བྱ་ཞེས་བྱ་བ་ནི་འཇིག་རྟེན་པའི་བྱ་བ་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པ་བསལ་བའི་ཕྱིར་རོ། །ཡང་དག་
པ་ཞེས་བྱ་བ་ནི་ལོག་པ་མ་ཡིན་པའོ། །ཏིང་ངེ་འཛིན་ལ་བརྟེན་པ་དང་། །ཞེས་བྱ་བ་ནི་རྒྱུ་སྟེ། འདི་ལྟར་སེམས་མཉམ་པར་གཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀུན་ནས་ཉོན་མོངས་ཤིན་ཏུ་གྲོལ། །ཞེས་བྱ་བ་ནི་འབྲས་བུ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་
ལས་འདས་པ་དམན་པ་དང་། འཇིག་རྟེན་ལས་འདས་པ་ཆེན་པོའི་རབ་ཏུ་རྣམ་པར་འབྱེད་པ་དེས་ནི་ཀུན་ནས་ཉོན་མོངས་པ་ལས་ཤིན་ཏུ་རྣམ་པར་གྲོལ་བར་འགྱུར་རོ། །ཤེས་རབ་འཚོ་བ་ལེགས་བཤད་དང་། །ཞེས་བྱ་བ་ནི་ཤེས་རབ་ཀྱིས་འཚོ་བ་དང་། ལེགས་པར་བཤད་པ་ནི་འདིའི་ལས་ཡིན་ཏེ།
དེས་ནི་ཤེས་རབ་ཀྱིས་འཚོ་བ་རྣམས་ཀྱི་ནང་ན་བླ་ན་མེད་པར་འཚོ་བ་དང་། ཆོས་ཡང་དག་པར་འཆད་པར་ཡང་བྱེད་དོ། །ཆོས་རྣམས་ཀྱི་ནི་མཆོག་ཡིན་ཏེ། །ཞེས་བྱ་བ་ནི་མཆོག་ཉིད་དང་ལྡན་པ་སྟེ། ཇི་སྐད་དུ། ཤེས་རབ་ནི་ཆོས་ཐམས་ཅད་ཀྱི་མཆོག་གོ་ཞེས་གསུངས་པ་ལྟ་བུའོ། །དེ་
དག་ལ་ཡོད་དེ་རྣམ་གསུམ། ཞེས་བྱ་བ་ནི་འཇུག་པ་སྟེ། ཤེས་རབ་ཅན་དག་ལ་ཡོད་པའི་ཕྱིར་རོ། །རབ་ཏུ་དབྱེ་བ་རྣམ་པ་གསུམ་གྱིས་འཇུག་པ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དམན་པ་དང་། འཇིག་རྟེན་ལས་འདས་པ་ཆེན་པོའོ། །སྦྱིན་པ་ལ་སོགས་པ་སོ་སོའི་
Vol. 123 · folio 203a
དོན་དྲུག་ཏུ་རབ་ཏུ་ཕྱེ་བས་རབ་ཏུ་དབྱེ་བ་བཤད་ཟིན་ཏོ།། །།བསྡུ་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། དཀར་པོའི་ཆོས་ཀུན་རྣམ་པར་གཡེངས་པ་དང་། །མཉམ་པར་གཞག་དང་གཉིས་ཀར་ཤེས་པར་བྱ། །ཕ་རོལ་ཕྱིན་པ་གཉིས་དང་ནི། །
གཉིས་དང་གཉིས་ཀྱིས་ཡོངས་སུ་བསྡུས། །དཀར་པོའི་ཆོས་ཀུན་ནི་སྦྱིན་པ་ལ་སོགས་པའོ། །དེ་ལ་རྣམ་པར་གཡེངས་པ་ནི་ཕ་རོལ་ཏུ་ཕྱིན་པ་དང་པོ་གཉིས་ཀྱིས་བསྡུས་ཏེ། སྦྱིན་པ་དང་ཡང་དག་པར་བླངས་པའི་ཚུལ་ཁྲིམས་དག་ནི་མཉམ་པར་གཞག་པ་མ་ཡིན་པའི་ཕྱིར་རོ། །མཉམ་
པར་བཞག་པ་ནི་ཕྱི་མ་གཉིས་ཀྱིས་ཏེ། བསམ་གཏན་དང་། ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཤེས་རབ་དག་ནི་མཉམ་པར་གཞག་པ་ཡིན་པའི་ཕྱིར་རོ། །གཉིས་ཀ་སྟེ་མཉམ་པར་གཞག་པ་དང་། མཉམ་པར་མ་གཞག་པ་ནི་ཕ་རོལ་ཏུ་ཕྱིན་པ་གཉིས་ཀྱིས་བསྡུས་ཏེ། བཟོད་པ་
དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་ནི་མཉམ་པར་གཞག་པ་དང་། མཉམ་པར་མ་གཞག་པ་ཡིན་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་དྲུག་སྟེ། བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །
ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་རྣམ་པ་བདུན་ནི། སྦྱིན་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། ལོངས་སྤྱོད་ལ་ཆགས་པ་དང་། བཤོལ་བ་ལ་ཆགས་པ་དང་། དེ་ཙམ་གྱིས་ཆོག་པར་འཛིན་པ་ལ་ཆགས་པ་དང་། ལེན་ལ་རེ་
པ་ལ་ཆགས་པ་དང་། རྣམ་པར་སྨིན་པ་ལ་ཆགས་པ་དང་། དེའི་མི་མཐུན་པའི་ཕྱོགས་ལ་ཆགས་པའི་བག་ལ་ཉལ་ཡང་དག་པར་མ་བཅོམ་པའི་ཕྱིར་མི་མཐུན་པའི་ཕྱོགས་ལ་ཆགས་པ་དང་། རྣམ་པར་གཡེང་བ་ལ་ཆགས་པའོ། །རྣམ་པར་གཡེང་བ་དེ་ཡང་རྣམ་པ་གཉིས་ཏེ།
ཡིད་ལ་བྱེད་པའི་རྣམ་པར་གཡེང་བ་ནི་ཐེག་པ་དམན་པ་ལ་དགའ་བའི་ཕྱིར་རོ། །རྣམ་པར་རྟོག་པའི་རྣམ་པར་གཡེང་བ་ནི་སྦྱིན་པ་པོ་དང་། ལེན་པ་པོ་དང་། སྦྱིན་པར་རྣམ་པར་རྟོག་པའི་ཕྱིར་རོ། །དེ་བས་ན་ཆགས་པ་རྣམ་པ་བདུན་ལས་གྲོལ་བའི་ཕྱིར་སྦྱིན་པའི་མ་ཆགས་པ་ཉིད་ལན་
Vol. 123 · folio 203b
བདུན་བཤད་དོ། །བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །བྱང་ཆུབ་སེམས་དཔའི་བཟོད་པ་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་
ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །བྱང་ཆུབ་སེམས་དཔའི་བསམ་གཏན་ནི། །མ་ཆགས་མི་ཆགས་ཆགས་པ་
མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །བྱང་ཆུབ་སེམས་དཔའི་ཤེས་རབ་ནི། །མ་ཆགས་མི་ཆགས་ཆགས་པ་མེད། །ཆགས་པ་ཉིད་ཀྱང་མ་ཡིན་ཏེ། །མ་ཆགས་མི་ཆགས་ཆགས་པ་མེད། །ཇི་ལྟར་སྦྱིན་པ་ལ་མ་ཆགས་པ་བཤད་པ་ལྟར་ཚུལ་
ཁྲིམས་ནས་ཤེས་རབ་ཀྱི་བར་ལ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ཁྱད་པར་ནི་འདི་ཡོད་དེ། ལོངས་སྤྱོད་ལ་ཆགས་པའི་སྐྱིན་པར་འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་ལ་ཆགས་པ་བརྗོད་པར་བྱའོ། །མི་མཐུན་པའི་ཕྱོགས་ལ་ཆགས་པ་ནི་དེའི་མི་མཐུན་པའི་ཕྱོགས་ཀྱི་བག་ལ་ཉལ་
ཡང་དག་པར་མ་བཅོམ་པའི་ཕྱིར་རོ། །རྣམ་པར་རྟོག་པའི་རྣམ་པར་གཡེང་བ་ནི་ཅི་རིགས་པར་འཁོར་གསུམ་དུ་རྣམ་པར་རྟོག་པའི་ཕྱིར་རོ། །ཡོན་ཏན་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་གསུམ་སྟེ། །སངས་རྒྱས་སྲས་རྣམས་སློང་དང་ཕྲད་ན་རང་གི་སྲོག་ཀྱང་རྟག་ཏུ་གཏོང་། །
སྙིང་རྗེས་གཞན་ལས་ལན་ཀྱང་མི་རེ་འདོད་པའི་འབྲས་བུ་དོན་མི་གཉེར། །སྦྱིན་པ་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །སྦྱིན་པ་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་གཞག །ཅེས་བྱ་བའི་ཚིག་གི་དོན་ནི་གོ་བར་སླའོ། །རྒྱལ་བའི་སྲས་
རྣམས་སྡོམ་དང་བརྩོན་པའི་རང་བཞིན་ཚུལ་ཁྲིམས་གསུམ་རྟག་བླངས། །མཐོ་རིས་མངོན་པར་མི་འདོད་ཡང་དག་ཐོབ་ཀྱང་དེ་ལ་ཆགས་མི་བསྐྱེད། །ཚུལ་ཁྲིམས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །ཚུལ་ཁྲིམས་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་
Vol. 123 · folio 204a
རྟེན་དག་ན་མི་ཟད་གཞག །ཅེས་བྱ་བ་ལ་ཚུལ་ཁྲིམས་རྣམ་པ་གསུམ་ནི་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་ཏེ། འདི་རྣམས་ལས་གཅིག་ནི་སྡོམ་པའི་རང་བཞིན་ཡིན་ནོ། །
གཉིས་ནི་བརྩོན་པའི་རང་བཞིན་ཡིན་ནོ། །སངས་རྒྱས་སྲས་རྣམས་ཤིན་ཏུ་བྱ་དཀའ་དེ་བཞིན་མི་ཡི་གནོད་ཀུན་བཟོད། །མཐོ་རིས་གཉེར་དང་མི་ནུས་པས་མིན་འཇིགས་པས་མ་ཡིན་ཕན་ལྟས་མིན། །བཟོད་པ་བླ་ན་མེད་པས་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །བཟོད་པ་ཡེ་ཤེས་
ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་གཞག །ཅེས་བྱ་བ་ནི་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་དང་། གནོད་པ་བྱེད་པ་ལ་མི་མཇེད་པའི་བཟོད་པ་དང་གོ་རིམས་བཞིན་ནོ། །རྒྱལ་བའི་སྲས་རྣམས་གོ་ཆ་སྦྱོར་བའི་བདག་ཉིད་བརྩོན་འགྲུས་དཔེ་མེད་བྱས། །རང་དང་གཞན་གྱི་ཉོན་
མོངས་ཚོགས་གཞོམ་བྱང་ཆུབ་དམ་པ་འཐོབ་པར་བྱེད། །བརྩོན་འགྲུས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །བརྩོན་འགྲུས་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་གཞག །ཅེས་བྱ་བ་ནི་གོ་ཆའི་བརྩོན་འགྲུས་དང་སྦྱོར་བའི་བརྩོན་འགྲུས་ཡིན་ནོ། །
རྒྱལ་བའི་སྲས་རྣམས་ཏིང་འཛིན་མང་ལྡན་བསམ་གཏན་རྣམ་པ་ཐམས་ཅད་བསྒྲུབས། །བསམ་གཏན་བདེ་བ་ཕུལ་གྱིས་གནས་ཤིང་སྙིང་རྗེས་སྐྱེ་བ་དམན་ལ་བརྟེན། །བསམ་གཏན་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །བསམ་གཏན་ཡེ་ཤེས་ཀྱིས་ཡོངས་ཟིན་པས་
འཇིག་རྟེན་དག་ན་མི་ཟད་གཞག །ཅེས་བྱ་བ་ལ། ཏིང་ངེ་འཛིན་མང་པོ་དང་ལྡན་པ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་མཐའ་ཡས་པས་བསྡུས་པའོ། །རྒྱལ་བའི་སྲས་རྣམས་དེ་ཉིད་ཤེས་བྱ་གང་ཡིན་མཐའ་དག་རྣམ་ཀུན་ཤེས། །མྱ་ངན་འདས་པའང་བློ་ཡིས་
ཆགས་རབ་མ་བསྐྱེད་འཁོར་བར་སྨོས་ཅི་དགོས། །ཡེ་ཤེས་དེ་ཉིད་ཀྱིས་ཀྱང་སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་བཀོད། །ཡེ་ཤེས་སེམས་ཅན་ཡོངས་སུ་བཟུང་བས་འཇིག་རྟེན་དག་ན་མི་ཟད་གཞག །ཅེས་བྱ་བ་ལ་དེ་ཉིད་ཅེས་བྱ་བ་ནི་དོན་དམ་པས་བསྡུས་པའི་སྤྱིའི་མཚན་ཉིད་གང་ཟག་དང་། ཆོས་ལ་
Vol. 123 · folio 204b
བདག་མེད་པའོ། །ཤེས་བྱ་གང་ཡིན་པ་མཐའ་དག་རྣམ་པ་ཀུན་ཏུ་ཞེས་བྱ་བ་ནི་རང་གི་བརྡ་ལ་སོགས་པའི་མཚན་ཉིད་ཀྱི་དབྱེ་བ་མཐའ་ཡས་པས་ཐ་དད་པའི་ཤེས་བྱ་གཞན་གང་ཡིན་པ་དེ་ཡིན་ནོ། །སྦྱིན་པ་ལ་སོགས་པ་རྣམས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པས་མི་ཟད་པ་ཉིད་
དེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་དེ་མི་ཟད་པའི་ཕྱིར་རོ། །ཡེ་ཤེས་ནི་སེམས་ཅན་ཡོངས་སུ་བཟུང་བས་མི་ཟད་པ་ཉིད་དེ། སྙིང་རྗེས་སེམས་ཅན་རྣམས་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཚིགས་སུ་བཅད་པ་དྲུག་པོ་འདི་རྣམས་ཀྱི་བསྡུས་པའི་དོན་ནི་ཚིགས་སུ་
བཅད་པ་བདུན་པ། །རྒྱ་ཆེ་བ་དང་ཟང་ཟིང་མེད། །དོན་ཆེ་བ་དང་མི་ཟད་པ། །སྦྱིན་ལ་སོགས་པ་ཐམས་ཅད་ཀྱི། །ཡོན་ཏན་གཞིར་ནི་ཤེས་པར་བྱ། །ཞེས་བྱ་བས་བསྟན་ཏེ། དེ་ལ་རྩ་བ་དང་པོས་ནི་སྦྱིན་པ་ལ་སོགས་པའི་རྒྱ་ཆེ་བ་ཉིད་ཡོངས་སུ་བསྟན་ཏོ། །གཉིས་པས་ནི་ཟང་ཟིང་
མེད་པ་ཉིད་དོ། །གསུམ་པས་ནི་དོན་ཆེན་པོ་ཉིད་དེ། །སེམས་ཅན་གྱི་དོན་ཆེན་པོ་སྒྲུབ་པའི་ཕྱིར་རོ། །བཞི་པས་ནི་མི་ཟད་པ་ཉིད་དེ། དེ་ལྟར་ན་ཚིགས་སུ་བཅད་པ་དེ་དག་གིས་དེ་རྣམས་ཀྱི་ཡོན་ཏན་བཞིར་རིག་པར་བྱའོ། །སློང་བ་མཐོང་རྫོགས་དགའ་བ་དང་། །མི་དགའ་བ་དང་སྨོན་
པ་ཡང་། །སྦྱིན་པ་པོ་ནི་བརྩེར་ལྡན་པས། །ལྷག་པར་ལྡན་པས་རྟག་ཟིལ་གནོན། །སློང་བ་པོའི་སྐྱེ་བོ་ལ་སྦྱིན་པ་པོ་མཐོང་བ་དང་། དེ་ལས་ཅི་འདོད་པ་ཐོབ་པས་ཡིད་ལ་རེ་བ་ཡོངས་སུ་རྫོགས་པས་དགའ་བ་གང་ཡིན་པ་དང་། མ་མཐོང་བ་དང་། ཡོངས་སུ་མ་རྫོགས་པས་
མི་དགའ་བ་དང་། དེ་མཐོང་བ་དང་། ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་སྨོན་པ་སྐྱེ་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ལ་དུས་ཐམས་ཅད་དུ་སློང་བ་པོ་མཐོང་བ་དང་། དེའི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པ་དང་། མ་མཐོང་བ་དང་། ཡོངས་སུ་མ་རྫོགས་པས་ལྷག་པར་སྐྱེ་
སྟེ། དེའི་ཕྱིར་སྦྱིན་པ་པོ་བརྩེ་བ་དང་ལྡན་པས་ལྷག་པར་ལྡན་པའི་སྒོ་ནས་དེ་དག་ཐམས་ཅད་ཟིལ་གྱིས་གནོན་ཏོ། །བརྩེ་བས་སེམས་ཅན་རྣམས་ལ་ནི། །སྲོག་དང་ལོངས་སྤྱོད་ཆུང་མ་དག །རྟག་གཏོང་ཤིན་ཏུ་དགའ་བྱེད་པ། །དེ་སྤང་ཇི་ལྟར་སྲུང་མི་འགྱུར། །དེ་དག་སྤོང་བ་
Vol. 123 · folio 205a
ནི་དེ་སྤང་བ་སྟེ། །གཞན་གྱི་སྲོག་དང་ལོངས་སྤྱོད་དང་ཆུང་མ་དག་གོ། །འདིས་ནི་ལུས་ཀྱི་ཉེས་པར་སྤྱོད་པ་རྣམ་པ་གསུམ་ལས་ལྡོག་པའི་ཚུལ་ཁྲིམས་ཀྱི་ཡོན་ཏན་སྟོན་ཏོ། །འཕགས་པ་མི་ལྟ་སེམས་སྙོམས་ཤིང་། །མི་འཇིགས་བརྩེ་ཕྱིར་ཀུན་སྟེར་བ། །གཞན་
ལ་གནོད་པར་བྱེད་པ་ཡི། །ལོག་པའི་ཚིག་ནི་ཇི་ལྟར་སྨྲ། །འདིས་ནི་བརྫུན་དུ་སྨྲ་བ་ལས་ལོག་པའི་ཡོན་ཏན་སྟོན་ཏེ། བརྫུན་དུ་སྨྲ་བ་ནི་བདག་ཉིད་ཀྱི་ཕྱིར་ཏེ། ལུས་དང་སྲོག་ལ་ལྟ་བས་སམ། སྐྱེ་བོ་གཞན་གྱི་ཕྱིར་ཏེ། སྐྱེ་བོ་མཛའ་བ་ལ་བྱམས་པས་སམ། འཇིགས་པས་ཏེ། རྒྱལ་
པོ་ལ་སོགས་པས་སྐྲག་པས་སམ། །ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་ཏེ། རྙེད་པའི་དོན་དུ་སྨྲ་བར་འགྱུར་གྲང་ན། །བྱང་ཆུབ་སེམས་དཔའ་ནི་རང་གི་ལུས་དང་སྲོག་ལ་མི་ལྟ་བ་དང་། བདག་ཉིད་དང་སྙོམས་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། འཇིགས་པ་ལྔ་ལས་ཡང་
དག་པར་འདས་པའི་ཕྱིར་མི་འཇིགས་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་ཕྱིར། སློང་བ་པོ་རྣམ་པ་ཐམས་ཅད་སྟེར་བ་ཡིན་ན་དེ་རྒྱུ་གང་གིས་བརྫུན་དུ་སྨྲ་བར་འགྱུར། སྙོམས་པར་ཕན་པར་འདོད་པ་བརྩེ་བ་ཅན། །གཞན་གྱི་སྡུག་བསྔལ་སྐྱེ་བས་ཤིན་ཏུ་འཇིགས། །སེམས་
ཅན་གདུལ་བ་ལ་ནི་ལེགས་བརྩོན་པ། །ངག་གི་ཉེས་རྣམ་གསུམ་ལས་ཤིན་ཏུ་རིང་། །བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་སྙོམས་པར་ཕན་པར་འདོད་པ་ཡིན་ན། དེ་ཇི་ལྟར་གཞན་དག་ལ་བཤེས་པ་དབྱེ་བའི་ཕྱིར་ཕྲ་མ་བྱེད་པར་འགྱུར། གཞན་གྱི་སྡུག་བསྔལ་
བསལ་བའི་བསམ་པ་ཅན་ཡིན་པའི་ཕྱིར་བརྩེ་བ་ཅན་གཞན་གྱི་སྡུག་བསྔལ་སྐྱེ་བས་ཤིན་ཏུ་འཇིགས་པ་ཡང་ཡིན་ན། དེ་ཇི་ལྟར་གཞན་དག་ལ་སྡུག་བསྔལ་བསྐྱེད་པའི་ཕྱིར། ཚིག་རྩུབ་མོས་སྨྲ་བར་འགྱུར། སེམས་ཅན་རྣམས་གདུལ་བ་ལ་ཡང་དག་པར་རབ་ཏུ་བརྩོན་པ་ཡང་ཡིན་ན།
དེ་ཇི་ལྟར་ཚིག་ཀྱལ་པ་སྨྲ་བར་འགྱུར་ཏེ། དེ་ལྟ་བས་ན་འདི་ནི་ངག་གི་ཉེས་པ་རྣམ་པ་གསུམ་པོ་ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་ལས་ཤིན་ཏུ་རིང་བ་ཡིན་ནོ། །ཐམས་ཅད་གཏོང་བ་སྙིང་རྗེ་ཅན། །རྟེན་འབྱུང་ཆོས་ལ་རབ་མཁས་པ། །དེ་ནི་ཡིད་ཀྱི་ཉོན་མོངས་ཀུན། །ཇི་ལྟ་བུར་
Vol. 123 · folio 205b
ན་དང་དུ་ལེན། །བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྟེ་གོ་རིམས་བཞིན་ནོ། །འདི་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་གཉེན་པོའི་ཆོས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་རྣམ་པར་དག་པའི་ཡོན་ཏན་ཡིན་པར་རིག་པར་བྱའོ། །བརྩེ་
ལྡན་གང་ཚེ་གནོད་པ་བྱེད་པ་དང་། །གཞན་ལ་ཕན་པའི་སྡུག་བསྔལ་ལ་རྟག་ཏུ། །ཕན་པའི་འདུ་ཤེས་དགའ་བ་རྙེད་གྱུར་པ། །དེ་ཡིས་གང་ལ་ཅི་ཞིག་བཟོད་པར་བྱ། །གནོད་པ་བྱེད་པ་ལ་བཟོད་པ་བྱ་དགོས་པ་ཡིན་ན། བྱང་ཆུབ་སེམས་དཔའ་ནི་དེ་ལ་ཕན་པའི་འདུ་ཤེས་འཐོབ་སྟེ།
བཟོད་པའི་ཚོགས་ཀྱི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །སྡུག་བསྔལ་ལ་ཡང་བཟོད་པ་བྱ་དགོས་པ་ཡིན་ན། བྱང་ཆུབ་སེམས་དཔའ་ནི་གཞན་ལ་ཕན་པའི་རྒྱུར་གྱུར་པའི་སྡུག་བསྔལ་དེ་ལ་ཡང་རྟག་ཏུ་དགའ་བ་འཐོབ་པ་ན་གང་ལ་གནོད་པ་བྱེད་པའི་འདུ་ཤེས་ཀྱང་མི་འབྱུང་། སྡུག་བསྔལ་གྱི་
འདུ་ཤེས་ཀྱང་མི་འབྱུང་བ་དེས་གང་ལ་ཅི་ཞིག་བཟོད་པར་བྱ། །གཞན་ལ་གཞན་གྱི་འདུ་ཤེས་བྲལ་བ་དང་། །བདག་པས་ཆེས་ལྷག་གཞན་ལ་རྟག་བྱམས་དང་། །དཀའ་བ་སྤྱོད་ཕྱིར་བརྩེ་བ་དང་བཅས་ལ། །བརྩོན་འགྲུས་དཀའ་བ་མིན་ལ་ཤིན་ཏུ་དཀའ། །བརྩེ་བ་དང་བཅས་པ་ནི།
བྱང་ཆུབ་སེམས་དཔའ་སྟེ། བརྩེ་བ་དང་བཅས་པ་དེ་ལ་ནི་གཞན་གྱི་དོན་དུ་དཀའ་བ་སྤྱོད་པའི་བརྩོན་འགྲུས་གང་ཡིན་པ་དེ་དཀའ་བ་ཡང་མ་ཡིན་ལ། ཤིན་ཏུ་དཀའ་བ་ཡང་ཡིན་ནོ། །ཇི་ལྟར་དཀའ་བ་མ་ཡིན་ཞེ་ན། གཞན་ལ་གཞན་གྱི་འདུ་ཤེས་དང་བྲལ་བའི་ཕྱིར་དང་། རྟག་ཏུ་
བདག་པས་ཆེས་ལྷག་པར་གཞན་དག་ལ་བྱམས་པའི་ཕྱིར་རོ། །ཇི་ལྟར་ཤིན་ཏུ་དཀའ་བ་ཡིན་ཞེ་ན། དེ་ལྟར་གཞན་གྱི་འདུ་ཤེས་དང་བྲལ་བ་དང་། བདག་པས་ཆེས་ལྷག་པར་བྱམས་པའི་བརྩོན་འགྲུས་གང་ཡིན་པ་དེའོ། །གསུམ་གྱི་བསམ་གཏན་བདེ་བ་ཆུང་། །བདག་བདེ་ཞེན་པ་
ཡོངས་ཉམས་འགྱུར། །ཟད་འགྱུར་རྨོངས་དང་བཅས་པར་འདོད། །བྱང་ཆུབ་སེམས་དཔའི་བཟློག་པའོ། །འཇིག་རྟེན་པ་རྣམས་ཀྱི་བསམ་གཏན་ནི་བདེ་བ་ཆུང་བའོ། །ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ནི་བདག་ཉིད་བདེ་བའོ། །འཇིག་རྟེན་པ་རྣམས་ཀྱི་ནི་འཇིག་ཚོགས་
Vol. 123 · folio 206a
ལ་ཞེན་པའོ། །ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ནི་མྱ་ངན་ལས་འདས་པ་ལ་ཞེན་པའོ། །འཇིག་རྟེན་པ་རྣམས་ཀྱི་ནི་ཡོངས་སུ་ཉམས་པར་འགྱུར་བའོ། །ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ནི་ཟད་པར་འགྱུར་བ་སྟེ། ཕུང་པོའི་ལྷག་མ་མེད་
པའི་མྱ་ངན་ལས་འདས་པར་དེ་ཟད་པར་འགྱུར་བའི་ཕྱིར་རོ། །ཐམས་ཅད་ཀྱི་ཡང་ཅི་རིགས་པར་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་རྨོངས་པས་རྨོངས་པ་དང་བཅས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་ནི་བདེ་བ་མང་བ་དང་། བདག་དང་གཞན་བདེ་བ་
དང་། མ་ཞེན་པ་དང་། ཡོངས་སུ་མི་ཉམས་པ་དང་། མི་ཟད་པ་དང་། རྨོངས་པ་མེད་པ་ཡིན་ནོ། །ཇི་ལྟར་མཚན་མོ་ལག་ནོམ་དང་། །ཁེབས་སྒྲོན་དེ་བཞིན་ཤེས་པ་གསུམ། །སྙིང་རྗེ་ཅན་གྱི་ཤེས་པ་ནི། །ཉི་མའི་ཟེར་བཞིན་མཚུངས་པ་མེད། །ཇི་ལྟར་མུན་ཁུང་ན་ལག་ནོམ་དག་གི་
ཤེས་པ་ཡུལ་ཆུང་བ་དང་། མངོན་སུམ་མ་ཡིན་པ་དང་། མི་གསལ་བ་ལྟར་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡང་དེ་དང་འདྲའོ། །ཇི་ལྟར་ཕུག་ཏུ་སྒྲོན་མས་ཤེས་པ་ཉི་ཚེ་བའི་མངོན་སུམ་དང་། ཤིན་ཏུ་དྲི་མ་མེད་པ་མ་ཡིན་པ་ལྟར་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཡང་དེ་དང་འདྲའོ། །
ཇི་ལྟར་ཉི་མའི་འོད་ཟེར་དག་གིས་ཤེས་པ་ཀུན་ནས་མངོན་སུམ་དང་། ཤིན་ཏུ་དྲི་མ་མེད་པ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དེ་དང་འདྲ་སྟེ། དེ་ཉིད་ཀྱི་ཕྱིར་དེ་ནི་མཚུངས་པ་མེད་པ་ཡིན་ནོ། །སྦྱིན་པ་རྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང་། །རྒྱུ་དང་ཡེ་
ཤེས་ཞིང་དག་དང་། །གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །དེ་ལ་རྟེན་ནི་བྱང་ཆུབ་སེམས་དཔའོ། །གཞི་མཆོག་ནི་ཟང་ཟིང་སྦྱིན་པའི་ནི་ནང་གི་དངོས་པོའོ། །མི་འཇིགས་པ་སྦྱིན་པའི་ནི་ངན་སོང་དང་འཁོར་བས་འཇིགས་པ་དག་ལ་དེ་དག་གིས་མི་འཇིགས་པའོ། །ཆོས་སྦྱིན་པའི་
ནི་ཐེག་པ་ཆེན་པོའོ། །རྒྱུ་མཚན་ནི་སྙིང་རྗེའོ། །ཡོངས་སུ་བསྔོ་བ་ནི་གང་གིས་འབྲས་བུ་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བའོ། །རྒྱུ་ནི་སྔོན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པའི་བག་ཆགས་སོ། །ཡེ་ཤེས་ནི་གང་གིས་འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་སྦྱིན་པ་སྟེ། སྦྱིན་པ་
Vol. 123 · folio 206b
པོ་དང་སྦྱིན་པར་བྱ་བ་དང་། ལེན་པ་པོ་རྣམས་སུ་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཞིང་ནི་རྣམ་པ་ལྔ་སྟེ། སློང་བ་དང་། སྡུག་བསྔལ་བ་དང་། རྟེན་མེད་པ་དང་། ཉེས་པར་སྤྱད་པ་སྤྱོད་པ་དང་། ཡོན་ཏན་དང་ལྡན་པའོ། །གཞི་ནི་ཕྱི་མ་ཕྱི་མ་ཞིང་དམ་པ་ཡིན་ནོ། །དེ་དག་
མེད་ན་ལྔ་པའོ། །གང་ལ་གནས་ནས་སྦྱིན་པའི་གནས་ནི་རྣམ་པ་གསུམ་སྟེ། མོས་པ་དང་། ཡིད་ལ་བྱེད་པ་དང་། ཏིང་ངེ་འཛིན་ཏོ། །མོས་པ་ནི། ཇི་སྐད་དུ། སྒོམ་པ་རྣམ་པར་དབྱེ་བ་ལས་མོས་པ་ཡིད་ལ་བྱེད་པ་བཤད་པ་ལྟ་བུའོ། །ཡིད་ལ་བྱེད་པ་ནི་ཇི་སྐད་དུ། དེ་ཉིད་
ལས་རོ་མྱང་བ་དང་། རྗེས་སུ་ཡི་རང་བ་དང་། མངོན་པར་དགའ་བ་ཡིད་ལ་བྱེད་པ་བཤད་པ་ལྟ་བུའོ། །ཏིང་ངེ་འཛིན་ནི་ནམ་མཁའ་མཛོད་ལ་སོགས་པ་སྟེ། ཇི་སྐད་དུ་དེ་ཉིད་ལས་དབང་འབྱོར་པ་བཤད་པ་ལྟ་བུའོ། །དེ་ལྟར་ན་རྟེན་ལ་སོགས་པ་མཆོག་གིས་སྦྱིན་པ་མཆོག་ཡིན་ནོ། །འདིར་
ནི་གང་ཞེས་བསྟན་པ་ཡིན་པར་རིག་པར་བྱ་སྟེ། གང་དང་། གང་ཞིག་དང་། གང་གིས་དང་། གང་གི་ཕྱིར་དང་། གང་ལས་དང་། གང་གིས་ཡོངས་སུ་ཟིན་པ་དང་། གང་ལ་དང་རྣམ་པ་ཇི་སྙེད་སྦྱིན་པ་དེ་ནི་སྦྱིན་པ་ཡིན་ནོ། །ཚུལ་ཁྲིམས་རྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་
ཡོངས་བསྔོ་དང་། །རྒྱུ་དང་ཡེ་ཤེས་ཞིང་དག་དང་། །གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །བཟོད་པ་རྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང་། །རྒྱུ་དང་ཡེ་ཤེས་ཞིང་དག་དང་། །གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །བརྩོན་འགྲུས་རྟེན་དང་གཞི་དང་ནི། །རྒྱུ་
མཚན་དང་ནི་ཡོངས་བསྔོ་དང་། །རྒྱུ་དང་ཡེ་ཤེས་ཞིང་དག་དང་། །གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །བསམ་གཏན་རྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང་། །རྒྱུ་དང་ཡེ་ཤེས་ཞིང་དག་དང་། །གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །ཤེས་རབ་རྟེན་དང་གཞི་
དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང་། །རྒྱུ་དང་ཡེ་ཤེས་ཞིང་དག་དང་། །གནས་ཀྱི་སྒོ་ནས་མཆོག་ཏུ་འདོད། །ཚུལ་ཁྲིམས་ཀྱི་གཞི་མཆོག་ནི། བྱང་ཆུབ་སེམས་དཔའི་སྡོམ་པའོ། བཟོད་པའི་ནི་ངན་པ་སྟོབས་ཆུང་ངུས་གསོད་པ་དག་གོ། །བརྩོན་འགྲུས་ཀྱི་ནི་ཕ་རོལ་ཏུ་
Vol. 123 · folio 207a
ཕྱིན་པ་སྒོམ་པ་དང་། དེའི་མི་མཐུན་པའི་ཕྱོགས་སྤང་བའོ། །བསམ་གཏན་གྱི་ནི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་རྣམས་སོ། །ཤེས་རབ་ཀྱི་ནི་དེ་བཞིན་ཉིད་དོ། །ཚུལ་ཁྲིམས་ལ་སོགས་པ་ཐམས་ཅད་ཀྱི་ཞིང་ནི་ཐེག་པ་ཆེན་པོའོ། །ལྷག་མ་ནི་སྔ་མ་
བཞིན་དུ་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་སྦྱིན་པ་ནི། །སེམས་ཅན་གཅིག་བདེ་བསྐལ་མང་དུ། །གནོད་པ་བྱེད་ཀྱང་དགའ་འགྱུར་ན། །དེ་ལས་བཟློག་པ་སྨོས་ཅི་དགོས། །གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ནི་སེམས་ཅན་གཅིག་ཁོ་ན་བདེ་བར་འགྱུར་ལ། བདག་
ལ་ནི་བསྐལ་པ་མང་པོར་གནོད་པ་བྱེད་དུ་ཟིན་ཀྱང་། འོན་ཀྱང་སྙིང་རྗེའི་ཁྱད་པར་གྱིས་དེ་དག་དེ་ལ་དགའ་བར་འགྱུར་ན། སེམས་ཅན་ཡང་དུ་མ་ཞིག་ལ་བདེ་བར་འགྱུར་ལ། བདག་ཉིད་ལ་ཡང་བསྐལ་པ་མང་པོར་ཕན་པ་བྱེད་པ་གང་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས། །ལུས་ཅན་རྣམས་
ནི་གང་ཕྱིར་ནོར་འདོད་པ། །བརྟན་རྣམས་དེ་ཉིད་ལུས་ཅན་རྣམས་ལ་གཏོང་། །སྐྱེ་བོ་རྣམས་ནི་ལུས་ཕྱིར་ནོར་འདོད་དེ། །དེ་ཉིད་བརྟན་རྣམས་བརྒྱ་ཕྲག་རྣམས་སུ་གཏོང་། །དེ་ལ་ཕྱེད་སྔ་མ་ཕྱེད་ཕྱི་མས་བཤད་དོ། །གང་ཚེ་ལུས་ཉིད་གཏོང་ཡང་ཡིད་སྡུག་མི་བསྔལ་བ། །དེ་ཚེ་རྫས་ངན་ལྟ་
ལ་སྨོས་ཀྱང་ཅི་ཞིག་དགོས། །དེ་འདིའི་འཇིག་རྟེན་འདས་པ་དེ་དེས་དགའ་འགྱུར་བ། །གང་ཡིན་དེ་ནི་དེ་ཡི་ཡང་ནི་བླ་མ་ཡིན། །འདི་ལ་གང་གི་ཚེ་ལུས་ཉིད་གཏོང་བ་ན་ཡིད་སྡུག་བསྔལ་བར་མི་འགྱུར་བ་དེ་ནི་འདིའི་འཇིག་རྟེན་ལས་འདས་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་སྡུག་བསྔལ་དེས་བདེ་
བར་འགྱུར་བ་གང་ཡིན་པ་དེ་ནི་དེའི་ཡང་བླ་མ་ཡིན་པས་འཇིག་རྟེན་ལས་འདས་པ་དེ་བས་ཀྱང་བླ་མ་ཡིན་ནོ། །ཇི་ལྟར་བློ་ལྡན་འདི་ན་ཀུན་གཏོང་བས། །དོན་གཉེར་སྐྱེ་བོ་དགའ་བས་དགའ་བ་ལྟར། །དེ་ལྟར་སློང་མོ་པ་དག་བླང་བྱ་བ། །འདོད་དགུ་ཐོབ་པ་དག་གིས་དགའ་མི་འགྱུར། །
ཀུན་གཏོང་བ་ཞེས་བྱ་བ་ནི་རང་གི་སྲོག་མན་ཆད་གཏོང་བས་སོ། འདོད་དགུ་ཐོབ་པ་དག་གིས་ཞེས་བྱ་བ་ནི་ཅི་འདོད་པ་ཐོབ་པ་དག་གིས་སོ། །བློ་ཅན་བདོག་དགུ་བཏང་བས་ནོར་མེད་པ། །བདག་ཉིད་ནོར་ལྡན་སེམས་པ་ཇི་ལྟ་བར། །སློང་བ་ལོངས་སྤྱོད་ཀུན་རྫོགས་བདག་ཉིད་ནི། །
Vol. 123 · folio 207b
དེ་ལྟར་ནོར་དང་ལྡན་པར་མི་སེམས་སོ། །ཇི་ལྟར་བློ་ལྡན་འདི་ནི་སྦྱིན་པ་བཟང་པོས་ཚུལ་བཞིན་དུ། །དོན་གཉེར་ཚིམ་བྱས་དེ་ལ་ཕན་ཆེན་འདོགས་པར་སེམས་པ་ལྟར། དེ་བཞིན་སློང་མོ་བ་དག་ཤིན་ཏུ་ནོར་མང་ཐོབ་ནས་ནི། །སྦྱིན་པ་པོ་ལ་རྙེད་པའི་རྒྱུ་ཡིས་དྲིན་དུ་མི་རྩིའོ། །ཚིགས་སུ་
བཅད་པ་གཉིས་ཀྱི་དོན་ནི་གོ་བར་ཟད་དོ། །ལམ་ཀའི་འབྲས་མཆོག་ལྡན་པའི་ཤིང་ལས་ལོངས་སྤྱོད་ཇི་ལྟ་བར། །ལུས་ཅན་རྣམས་ཀྱིས་གང་གི་ནོར་རྫས་རྒྱ་ཆེར་བླངས་ནས་ནི། །བདག་ཉིད་དོགས་དང་བྲལ་བར་རང་ཉམས་སྤྱོད་པར་བྱེད་པ་ལ། །བཏང་དགའ་ལོངས་སྤྱོད་ཅན་དེ་
བྱང་ཆུབ་སེམས་དཔའ་ལས་གཞན་མིན། །འདི་ལ་བཏང་པ་ལ་དགའ་བའི་ལོངས་སྤྱོད་ཡོད་པས་ན་བཏང་དགའ་ལོངས་སྤྱོད་ཅན་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ལས་གཞན་མ་ཡིན་པར་རིག་པར་བྱའོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །གཙོ་དང་འདི་རྒྱུ་ལས་ཀྱི་དབྱེ་བ་དང་། །
རྣམ་པའི་དབྱེ་བ་རྟེན་གྱི་དབྱེ་བ་དང་། །བར་ཆད་རྣམ་བཞིའི་གཉེན་པོའི་དབྱེ་བ་ཡིས། །བརྩོན་འགྲུས་ཡོངས་ཤེས་བྱ་ཞེས་རབ་ཏུ་བསྟན། །རབ་ཏུ་དབྱེ་བ་རྣམ་པ་དྲུག་པོ་གཙོ་བོའི་དབྱེ་བ་དང་། དེའི་རྒྱུའི་དབྱེ་བ་དང་། ལས་ཀྱི་དབྱེ་བ་དང་། རྣམ་པའི་དབྱེ་བ་དང་། རྟེན་
གྱི་དབྱེ་བ་དང་། བར་ཆད་རྣམ་པ་བཞིའི་གཉེན་པོའི་དབྱེ་བས་བརྩོན་འགྲུས་ཡོངས་སུ་ཤེས་པར་བྱ་སྟེ། བསྟན་པ་འདི་ནི་ཚིགས་སུ་བཅད་པ་ཕྱི་མ་རྣམས་ཀྱིས་བཤད་དོ། །དགེ་བའི་ཚོགས་ཀྱི་ནང་ན་བརྩོན་འགྲུས་མཆོག །འདི་ལྟར་དེ་ལ་བརྟེན་ནས་དེ་རྗེས་འཐོབ། །བརྩོན་
འགྲུས་ཀྱིས་ནི་མོད་ལ་བདེ་གནས་མཆོག །དངོས་གྲུབ་འཇིག་རྟེན་འདས་དང་འཇིག་རྟེན་གཏོགས། །དགེ་བའི་ཚོགས་ཀྱི་ནང་ན་བརྩོན་འགྲུས་མཆོག །ཅེས་བྱ་བ་ནི་བརྩོན་འགྲུས་དགེ་བའི་ཆོས་ཐམས་ཅད་ཀྱི་གཙོ་བོ་ཡིན་པར་བསྟན་ཏོ། །འདི་ལྟར་དེ་ལ་བརྟེན་ནས་དེ་རྗེས་འཐོབ། །ཅེས་
བྱ་བ་ནི་གཙོ་བོའི་རྒྱུ་བསྟན་པ་སྟེ། འདི་ལྟར་བརྩོན་འགྲུས་ལ་བརྟེན་ནས་དགེ་བའི་ཆོས་ཐམས་ཅད་འཐོབ་བོ། །བརྩོན་འགྲུས་ཀྱིས་ནི་མོད་ལ་བདེ་གནས་མཆོག །དངོས་གྲུབ་འཇིག་རྟེན་འདས་དང་འཇིག་རྟེན་གཏོགས། །ཞེས་བྱ་བ་ནི་ལས་བསྟན་པ་སྟེ། བརྩོན་འགྲུས་
Vol. 123 · folio 208a
ཀྱིས་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་དང་། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པ་ཐམས་ཅད་ཀྱང་འགྲུབ་པར་བྱེད་དོ། །བརྩོན་འགྲུས་ཀྱིས་ནི་སྲིད་གཅོད་འདོད་པ་འཐོབ། །བརྩོན་འགྲུས་ཀྱིས་ནི་དག་པ་རབ་
འགྱུར་ལྡན། །བརྩོན་འགྲུས་ཀྱིས་ནི་འཇིག་ཚོགས་འདས་ནས་གྲོལ། །བརྩོན་འགྲུས་ཀྱིས་ནི་བྱང་ཆུབ་མཆོག་སངས་རྒྱས། །འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་བྱེ་བྲག་གི་སྒོ་ནས་རྣམ་གྲངས་གཞན་གྱིས་བརྩོན་འགྲུས་ཀྱི་ལས་ཁོ་
ན་བསྟན་ཏེ། དེ་ལ་རབ་ཏུ་འགྱུར་བ་ནི་འཇིག་རྟེན་པའི་དངོས་གྲུབ་གཏན་དུ་བ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་ཉམས་དང་འཕེལ་བའི་བརྩོན་འགྲུས་དང་། །ཐར་པའི་དབང་དང་མི་མཐུན་ཕྱོགས་སྤངས་གཞན། །དེ་ཉིད་རབ་ཞུགས་ཡོངས་སུ་སྒྲུབ་བྱེད་
དང་། །བརྩོན་འགྲུས་དོན་ཆེན་ངེས་ཚིག་གཞན་དུ་འདོད། །ཐོག་མར་གོ་ཆའི་བརྩོན་འགྲུས་དེ་ནས་ནི། །ཚུལ་བཞིན་རབ་ཞུགས་སྦྱོར་བའི་བརྩོན་འགྲུས་ཏེ། །མ་ཞུམ་མི་འཁྲུགས་ཆོག་མི་ཤེས་བརྩོན་འགྲུས། །རྣམ་པ་ཐམས་ཅད་སངས་རྒྱས་རྣམས་རབ་
གསུངས། །འདི་ནི་རྣམ་པའི་དབྱེ་བ་སྟེ། དེ་ལ་ཉམས་པ་དང་། འཕེལ་བའི་བརྩོན་འགྲུས་ནི་ཡང་དག་པར་སྤོང་བ་རྣམས་ལ་སྟེ། གཉིས་ལ་མི་དགེ་བའི་ཆོས་ཉམས་པར་བྱེད་པ་དང་། གཉིས་ལ་དགེ་བའི་ཆོས་འཕེལ་བར་བྱེད་པ་ཡིན་ནོ། །ཐར་
པའི་དབང་གི་བརྩོན་འགྲུས་ནི་དབང་པོ་རྣམས་ལ་སྟེ། །འདི་ལྟར་ཐར་པ་ལ་དབང་བྱེད་པའི་དོན་གྱིས་དབང་པོ་རྣམས་ཡིན་པས་སོ། །མི་མཐུན་པའི་ཕྱོགས་སྤངས་པ་ནི། སྟོབས་རྣམས་ལ་སྟེ། འདི་ལྟར་མི་མཐུན་པའི་ཕྱོགས་ཀྱིས་མི་བརྫི་བའི་དོན་གྱིས་སྟོབས་
རྣམས་ཡིན་པས་སོ། །དེ་ཁོ་ན་ཉིད་ལ་རབ་ཏུ་ཞུགས་པ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྟེ། མཐོང་བའི་ལམ་ལ་དེ་རྣམ་པར་གཞག་པའི་ཕྱིར་རོ། །དེ་ཡོངས་སུ་སྒྱུར་བར་བྱེད་པ་ནི། ལམ་གྱི་ཡན་ལག་རྣམས་ལ་སྟེ། འདི་ནི་བསྒོམ་པའི་ལམ་ལ་
Vol. 123 · folio 208b
གནས་ཡོངས་སུ་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རོ། །དོན་ཆེན་པོའི་བརྩོན་འགྲུས་ནི། ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དེ། རང་དང་གཞན་གྱི་དོན་མངོན་པར་སྒྲུབ་པའི་ཕྱིར་རོ། །གོ་ཆའི་བརྩོན་འགྲུས་ནི་སྦྱོར་བའི་ཕྱིར་གོ་བགོས་པ་ཡིན་ནོ། །སྦྱོར་བའི་
བརྩོན་འགྲུས་ནི། དེ་བཞིན་དུ་སྦྱོར་བའི་ཕྱིར་རོ། །མ་ཞུམ་པའི་བརྩོན་འགྲུས་ནི། རྟོགས་པར་བྱ་བ་རྒྱ་ཆེན་པོ་ལ་ཡང་ཞུམ་པ་མེད་པའི་ཕྱིར་རོ། །མི་འཁྲུགས་པའི་བརྩོན་འགྲུས་ནི། གྲང་བ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་གྱིས་མི་
འཁྲུགས་པའི་ཕྱིར་རོ། །ཆོག་མི་ཤེས་པའི་བརྩོན་འགྲུས་ནི། རྟོགས་པ་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་པའི་ཕྱིར་རོ། །གོ་ཆའི་བརྩོན་འགྲུས་ལ་སོགས་པ་འདི་དག་ཉིད། མདོ་ལས། མཐུ་དང་ལྡན་པ་དང་། བརྩོན་འགྲུས་དང་ལྡན་པ་དང་།
སྤྲོ་བ་ཅན་དང་། །ཕ་རོལ་གནོན་པ་བརྟན་པ་དང་། དགེ་བའི་ཆོས་རྣམས་ལ་བརྩོན་པ་མ་བཏང་བ་ཞེས་འབྱུང་བ་དང་གོ་རིམས་བཞིན་ནོ། །ཐེག་པ་གསུམ་བརྩོན་སྐྱེ་བོ་ལ་བརྟེན་ནས། །བསམ་བློ་ཞན་དང་རྒྱ་རབ་ཆེ་ལྡན་ཕྱིར། །བརྩོན་འགྲུས་ཐ་མ་
འབྲིང་དང་མཆོག་གཞན་ཏེ། །དེ་ནི་དོན་ཆུང་བ་དང་དོན་ཆེན་འདོད། །འདིས་ནི་རྟེན་གྱི་བྱེ་བྲག་གིས་བརྩོན་འགྲུས་ཀྱི་དབྱེ་བ་བསྟན་ཏེ། །ཐེག་པ་གསུམ་ལ་རབ་ཏུ་བརྩོན་པའི་སྐྱེ་བོ་གང་ཡིན་པ་དེ་ལ་བརྟེན་ནས་གོ་རིམས་བཞིན་དུ་བརྩོན་འགྲུས་
ཐ་མ་དང་། །འབྲིང་དང་མཆོག་ཏུ་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན། །བསམ་པ་དང་བློ་ཞན་པ་དང་། རྒྱ་རབ་ཏུ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །བསམ་པ་དང་བློ་ཞན་པ་ནི་ཐེག་པ་གཉིས་ལ་རབ་ཏུ་བརྩོན་པ་རྣམས་ཀྱི་སྟེ། བདག་འབའ་
ཞིག་གི་ཡུས་སུ་བྱེད་པའི་ཕྱིར་རོ། །རྒྱ་རབ་ཏུ་ཆེན་པོ་ནི་ཐེག་པ་ཆེན་པོ་ལ་རབ་ཏུ་བརྩོན་པ་རྣམས་ཀྱི་སྟེ། །རང་དང་གཞན་གྱི་དོན་གྱི་སྐབས་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བརྩོན་འགྲུས་དེ་ནི་གོ་རིམས་བཞིན་དུ་དོན་ཆུང་བ་དང་། །དོན་ཆེན་པོར་འདོད་
Vol. 123 · folio 209a
དེ། རང་གི་དོན་གྱི་ཡུས་སུ་བྱེད་པའི་ཕྱིར་དང་། རང་དང་གཞན་གྱི་དོན་གྱི་སྐབས་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་ལྡན་པ་ལོངས་སྤྱོད་ཀྱིས་ཕམ་མེད། །བརྩོན་འགྲུས་ལྡན་པ་ཉོན་མོངས་ཀྱིས་ཕམ་མེད། །བརྩོན་
འགྲུས་ལྡན་པ་སྐྱོ་བས་ཕམ་པ་མེད། །བརྩོན་འགྲུས་ལྡན་པ་ཐོབ་པས་ཕམ་པ་མེད། །ཅེས་བྱ་བ་འདི་ནི་བར་དུ་གཅོད་པ་རྣམ་པ་བཞིའི་གཉེན་པོའི་དབྱེ་བ་སྟེ། །གང་གིས་སྦྱིན་པ་ལ་སོགས་པ་ལ་འཇུག་པར་མི་འགྱུར་བ་སྦྱིན་པ་ལ་སོགས་པའི་བར་དུ་
གཅོད་པ་ནི་རྣམ་པ་བཞི་སྟེ། །ལོངས་སྤྱོད་ལ་ཆགས་པ་ནི་དེ་ཀུན་ཏུ་འཛིན་པའི་ཕྱིར་རོ། །ཉོན་མོངས་པ་ནི་དེ་ཡོངས་སུ་གཅོད་པ་ལ་ལྷག་པར་ཞེན་པའི་ཕྱིར་རོ། །སྐྱོ་བ་ནི་སྦྱིན་པ་ལ་སོགས་པ་ལ་སྦྱོར་བར་བརྩོན་པ་ལ་ཡོངས་སུ་སྐྱོ་བའི་ཕྱིར་རོ། །
ཐོབ་པ་ནི་སྦྱིན་པ་ལ་སོགས་པ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་ཕྱིར་རོ། །དེ་དག་གི་གཉེན་པོའི་བྱེ་བྲག་གིས་བརྩོན་འགྲུས་རྣམ་པ་འདི་བཞི་བཤད་དོ། །ཕན་ཚུན་རྣམ་པར་ངེས་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། །ཕན་ཚུན་བསྡུས་
ཕྱིར་རབ་དབྱེའི་ཕྱིར། །ཆོས་ཉིད་ཕྱིར་དང་རྒྱུ་མཚན་ཕྱིར། །ཕ་རོལ་ཕྱིན་དྲུག་རྣམ་ཀུན་ཏུ། །རྣམ་པར་ངེས་པར་ཤེས་པར་བྱ། །ཕན་ཚུན་བསྡུས་པའི་ཕྱིར་རྣམ་པར་ངེས་པ་ནི་མི་འཇིགས་པའི་སྦྱིན་པས་ནི་ཚུལ་ཁྲིམས་དང་བཟོད་པ་
བསྡུས་ཏེ། འདི་ལྟར་དེ་གཉིས་ཀྱིས་མི་འཇིགས་པ་སྦྱིན་པར་བྱེད་དོ། །ཆོས་ཀྱི་སྦྱིན་པས་ནི་བསམ་གཏན་དང་ཤེས་རབ་དག་སྟེ། འདི་ལྟར་དེ་གཉིས་ཀྱི་ས་ཆོས་སྦྱིན་པར་བྱེད་དོ། །གཉི་གས་ནི་བརྩོན་འགྲུས་ཏེ་འདི་ལྟར་དེས་གཉིས་ཀ་སྦྱིན་པར་
བྱེད་དོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཀྱིས་ནི་སྦྱིན་པ་ལ་སོགས་པ་ཐམས་ཅད་བསྡུས་ཏེ། དེ་བཞིན་དུ་བཟོད་པ་ལ་སོགས་པ་ཐམས་ཅད་བསྡུས་པ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །རབ་ཏུ་དབྱེ་བས་རྣམ་པར་ངེས་པ་ནི། གཞན་
Vol. 123 · folio 209b
གྱི་རྒྱུད་ལ་ཚུལ་ཁྲིམས་ལ་སོགས་པ་འཇོག་པའི་ཕྱིར་སྦྱིན་པ་ནི་རྣམ་པ་དྲུག་སྟེ། སྦྱིན་པའི་སྦྱིན་པ་དང་། ཚུལ་ཁྲིམས་ཀྱི་སྦྱིན་པ་ནས་ཤེས་རབ་ཀྱི་སྦྱིན་པའི་བར་ཡིན་ནོ། །ཆོས་ཉིད་ཀྱིས་རྣམ་པར་ངེས་པ་ནི་སྦྱིན་པ་ལ་སོགས་པའི་དོན་གང་དག་ལ་མདོ་
ལ་སོགས་པ་སྣང་བ་གང་དག་ཡིན་པ་དང་། །མདོ་ལ་སོགས་པའི་ཆོས་གང་དག་ལ། སྦྱིན་པ་ལ་སོགས་པ་སྣང་བ་གང་དག་ཡིན་པ་དེ་དག་ནི་ཕན་ཚུན་བསྡུས་པ་ཡིན་པར་རིག་པར་བྱའོ། །རྒྱུ་མཚན་གྱི་ཕྱིར་རྣམ་པར་ངེས་པ་ནི་སྦྱིན་པའི་ཚུལ་
ཁྲིམས་ལ་སོགས་པའི་རྒྱུ་མཚན་ཡིན་ཏེ། །ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ལ་སོགས་པ་ལ་འཇུག་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱང་སྦྱིན་པ་ལ་སོགས་པའི་རྒྱུ་མཚན་ཡིན་ཏེ། དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་ན་ཡོངས་སུ་འཛིན་པ་
ཐམས་ཅད་གཏོང་བའི་ཕྱིར་དང་། །ཚུལ་ཁྲིམས་ལ་གནས་ན་བཟོད་པ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ། །དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་ཡང་དག་པར་བླངས་པ་ནི། སྦྱིན་པ་ལ་སོགས་པ་ཐམས་ཅད་ཀྱི་རྒྱུ་མཚན་ཡིན་ཏེ། དེ་བཞིན་དུ་
བཟོད་པ་ལ་སོགས་པ་ཕན་ཚུན་གྱི་རྒྱུ་མཚན་གྱི་དངོས་པོ་ཡིན་པ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །བསྡུ་བའི་དངོས་པོ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བདུན་སྟེ། བསྡུ་བའི་དངོས་པོ་བཞི་ནི། སྦྱིན་པ་དང་། སྙན་པར་སྨྲ་བ་ཉིད་དང་། དོན་
སྤྱོད་པ་ཉིད་དང་། །དོན་མཐུན་པ་ཉིད་དོ། །དེ་ལ། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང་། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང་། །དོན་མཐུན་ཉིད་དུ་འདོད་པ་ཡིན། །སྦྱིན་པ་ནི་མཚུངས་
པར་འདོད་དེ། ཕ་རོལ་ཏུ་ཕྱིན་པ་དག་གི་སྐབས་ནས་ཇི་སྐད་དུ་བཤད་པ་ལྟ་བུ་ཡིན་ནོ། །སྙན་པར་སྨྲ་བ་ནི་དེ་སྟོན་པ་ཡིན་ནོ། །དོན་སྤྱོད་པ་ནི། དེ་ཡང་དག་པར་ལེན་དུ་འཇུག་པའོ། །དེ་ཞེས་བྱ་བའི་སྒྲས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་བཟུང་
Vol. 123 · folio 210a
སྟེ། ཕ་རོལ་ཏུ་ཕྱིན་པ་སྟོན་པ་དང་། ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་ལེན་དུ་འཇུག་པ་ཞེས་བྱ་བའི་ཐ་ཚིག་གོ། །དོན་མཐུན་པ་ཉིད་ནི་གང་ལ་གཞན་ཡང་དག་པར་ལེན་དུ་འཇུག་པ་དེ་ལ་བདག་ཉིད་རྗེས་སུ་འཇུག་པའོ། །ཡང་ཅིའི་ཕྱིར་བསྡུ་བའི་དངོས་པོ་
བཞིར་འདོད་ཅེ་ན། འདི་ནི་གཞན་དག་ལ། །ཕན་པར་བྱེད་པའི་ཐབས་དང་ནི། །འཛིན་པར་བྱེད་དང་འཇུག་བྱེད་དང་། །དེ་བཞིན་རྗེས་སུ་འཇུག་བྱེད་པ། །བསྡུ་བའི་དངོས་པོ་བཞིར་ཤེས་བྱ། །སྦྱིན་པ་ནི་ཕན་པར་བྱེད་པའི་ཐབས་ཏེ། །ཟང་ཟིང་གི་སྦྱིན་པས་ལུས་ལ་ཕན་པ་བསྐྱེད་
པའི་ཕྱིར་རོ། །སྙན་པར་སྨྲ་བ་ནི་འཛིན་པར་བྱེད་པ་སྟེ། བྱེ་བྲག་ཏུ་མི་ཤེས་པ་དང་། །ཐེ་ཚོམ་ཟ་བར་དོན་འཛིན་དུ་འཇུག་པའི་ཕྱིར་རོ། །དོན་སྤྱོད་པ་ནི་འཇུག་པར་བྱེད་པ་སྟེ། དགེ་བ་ལ་འཇུག་པར་བྱེད་པའི་ཕྱིར་རོ། །དོན་མཐུན་པ་ནི་རྗེས་སུ་འཇུག་པར་བྱེད་པ་སྟེ། ཡང་དག་པར་ལེན་
དུ་འཇུག་པར་བྱེད་པ་པོ་ནི་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན་ནོ་ཞེས་བྱ་བར་རིག་ནས་དེས་དགེ་བ་གང་ལ་གཞན་དག་བཅུག་པ་དེ་ལ་རྗེས་སུ་འཇུག་པ་ཡིན་ནོ། །དང་པོས་སྣོད་འགྱུར་དངོས་པོ་སྟེ། །གཉིས་པ་ཡིས་ནི་མོས་པ་ཡིན། །གསུམ་པ་ཡིས་ནི་སྒྲུབ་པ་སྟེ། །བཞི་པས་རྣམ་པར་
པར་སྦྱོང་བའོ། །ཟང་ཟིང་གི་སྦྱིན་པས་ནི་སྣོད་དུ་རུང་བར་འགྱུར་ཏ། ཆོས་ཉན་དུ་བཏུབ་པར་བྱེད་པའི་ཕྱིར་རོ། །སྙན་པར་སྨྲ་བས་ནི་ཆོས་དེ་ལ་མོས་པར་བྱེད་དེ། །དེའི་དོན་བྱེ་བྲག་ཏུ་ཤེས་པར་བྱེད་པ་དང་། །ཐེ་ཚོམ་གཅོད་པའི་ཕྱིར་རོ། །དོན་སྤྱོད་པས་ནི་ཆོས་བཞིན་དུ་སྒྲུབ་པར་
བྱེད་དོ། །དོན་མཐུན་པས་ཡུན་རིང་པོར་སྒྲུབ་པའི་ཕྱིར་སྒྲུབ་པ་དེ་རྣམ་པར་སྦྱོང་བར་བྱེད་དེ། འདི་ནི་བསྡུ་བའི་དངོས་པོ་རྣམས་ཀྱི་ལས་ཡིན་ནོ། །ཟང་ཟིང་དང་ནི་ཆོས་ཀྱིས་ཏེ། །དམིགས་པའི་ཆོས་ལ་སོགས་པ་ཡིས། །བསྡུ་བ་གཉིས་ཀྱི་སྒོ་ནས་ནི། །བསྡུ་བའི་དངོས་པོ་བཞིར་
འདོད་དོ། །གང་ཡང་བཅོམ་ལྡན་འདས་ཀྱིས་ཟང་ཟིང་གིས་བསྡུ་བ་དང་། ཆོས་ཀྱིས་བསྡུ་བ་དང་། བསྡུ་བ་གཞན་གཉིས་གསུངས་པ་དེ་དག་གིས་བསྡུ་བའི་དངོས་པོ་བཞི་པོ་འདི་དག་ཁོ་ན་བསྡུས་ཏེ། །དང་པོ་ནི་ཟང་ཟིང་གིས་བསྡུ་བས་སོ། །ལྷག་མ་རྣམས་ནི་
Vol. 123 · folio 210b
ཆོས་ཀྱིས་བསྡུ་བས་སོ། །དེ་དག་ཀྱང་ཆོས་རྣམ་པ་གསུམ་པོ་དམིགས་པའི་ཆོས་དང་། སྒྲུབ་པའི་ཆོས་དང་དེ་རྣམ་པར་སྦྱོང་བའི་ཆོས་དང་གོ་རིམས་བཞིན་ནོ། །རྣམ་པའི་དབྱེ་བའི་སྒོ་ནས་ནི། །བསྡུ་བ་དམན་དང་འབྲིང་དང་མཆོག །ཕལ་ཆེར་དོན་མེད་དོན་ཡོད་དང་། །རྣམ་ཀུན་དོན་
ཡོད་ཤེས་པར་བྱ། འདི་ནི་བསྡུ་བའི་རྣམ་པའི་རབ་ཏུ་དབྱེ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་བ་དམན་པ་དང་། འབྲིང་དང་། མཆོག་ནི་ཐེག་པ་གསུམ་ལ་རབ་ཏུ་ཞུགས་པ་དག་ལ་རིག་པར་བྱ་སྟེ་གོ་རིམས་བཞིན་ནོ། །ཕལ་ཆེར་དོན་མེད་པ་ནི་མོས་པས་སྤྱོད་པའི་
ས་ལའོ། །ཕལ་ཆེར་དོན་ཡོད་པ་ནི་ས་ལ་ཞུགས་པ་རྣམས་ཀྱིའོ། །རྣམ་པ་ཐམས་ཅད་དུ་དོན་ཡོད་པ་ནི་ས་བརྒྱད་པ་ལ་སོགས་པ་ལ་སྟེ། སེམས་ཅན་གྱི་དོན་གདོན་མི་ཟ་བར་འགྲུབ་པའི་ཕྱིར་རོ། །འཁོར་སྡུད་པ་དང་ལྡན་པ་རྣམས། །ཚུལ་འདི་ལ་ནི་ཡང་དག་བརྟེན། །ཀུན་གྱི་དོན་ཀུན་
སྒྲུབ་བྱེད་ཅིང་། །ཐབས་བཟང་ཡིན་པར་རབ་ཏུ་བསྔགས། །སུ་དག་འཁོར་སྡུད་པ་ལ་ཞུགས་པ་དེ་དག་ཐམས་ཅད་ཀྱིས་ནི་འདི་ལྟ་སྟེ། བསྡུ་བའི་དངོས་པོ་བཞིའི་ཐབས་ཁོ་ན་ལ་ཡང་དག་པར་བརྟེན་ཏེ། འདི་ལྟར་འདི་ནི་ཐམས་ཅད་ཀྱི་དོན་ཀུན་འགྲུབ་པར་བྱེད་པ་དང་། ཐབས་བཟང་པོ་ཡིན་
པར་སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས་སོ། །བསྡུས་དང་སྡུད་པར་འགྱུར་བ་དང་། །གང་དག་ད་ལྟར་སྡུད་བྱེད་པ། །དེ་ཀུན་དེ་འདྲ་དེ་ལྟ་བས། །འདི་ནི་སེམས་ཅན་སྨིན་བྱེད་ལམ། །འདིས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་བསྡུ་བའི་དངོས་པོ་བཞི་དུས་གསུམ་དུ་ཡང་བགྲོད་པ་གཅིག་
པའི་ལམ་ཉིད་ཡིན་པར་སྟོན་ཏེ། ལམ་གཞན་མེད་པའི་ཕྱིར་རོ། །དེ་ལྟར་རྟག་ཏུ་ལོངས་སྤྱོད་མ་ཆགས་བློ། །ཞི་སྡོམ་བརྩོན་པའི་ཕ་རོལ་ཕྱིན་གནས་བདག །སྲིད་ཡུལ་མཚན་མ་རྣམ་པར་མི་རྟོག་པ། །དེ་ནི་སེམས་ཅན་ཚོགས་སྡུད་བྱེད་པ་ཡིན། འདིས་ནི་ཇི་སྐད་དུ་བཤད་པའི་
ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པའི་བྱང་ཆུབ་སེམས་དཔའི་བསྡུ་བའི་དངོས་པོའི་སྦྱོར་བ་སྟོན་ཏེ། ཕ་རོལ་ཏུ་ཕྱིན་པ་དག་དང་། བསྡུ་བའི་དངོས་པོ་དག་གིས་གོ་རིམས་བཞིན་དུ་རང་དང་གཞན་གྱི་དོན་སྒྲུབ་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པའི་སྐབས་རྫོགས་སོ།། །།སངས་རྒྱས་
Vol. 123 · folio 211a
ལ་མཆོད་པའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྣམ་པ་བདུན་ཏེ། རབ་དང་སེམས་དང་ལྡན་པ་ཡིས། །ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། །སངས་རྒྱས་རྣམས་ལ་གོས་སོགས་ཀྱིས། །མངོན་སུམ་མངོན་སུམ་མིན་པར་མཆོད། །སངས་རྒྱས་
འབྱུང་བ་དོན་ཡོད་པར། །སྨོན་ལམ་དང་ནི་ལྡན་པ་ཡི། །གསུམ་པོ་དམིགས་པར་མི་བྱེད་པ། །སངས་རྒྱས་མཆོད་པ་རྫོགས་པ་ཡིན། །སེམས་ཅན་དག་ནི་ཚད་མེད་པ། །ཡོངས་སུ་སྨིན་པར་བྱེད་པ་གཞན། །རྫས་དང་སེམས་ཀྱི་སྒོ་ནས་གཞན། །མོས་པ་དང་ནི་སྨོན་པ་དང་། །
བརྩེ་དང་བཟོད་པ་དག་དང་ནི། །ཡང་དག་སྤྱོད་པའི་སྒོ་དང་ནི། །གཞི་ལ་གཏོད་དང་རྟོགས་པ་དང་། །གྲོལ་དང་དེ་བཞིན་ཉིད་ཀྱིས་གཞན། །དེ་ལྟར་ན་ཚིགས་སུ་བཅད་པ་འདི་བཞིས་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང་། །རྟེན་དང་དངོས་དང་རྒྱུ་དང་ནི། །ཡེ་ཤེས་དང་ནི་ཞིང་དག་
དང་། །གནས་ཀྱི་མཆོད་པ་རབ་བསྟན་པར། །རིག་པར་བྱ་སྟེ། དེ་ལ་རྒྱུ་མཚན་ནི་རབ་ཏུ་དང་བ་དང་ལྡན་པའི་སེམས་སོ། །ཡོངས་སུ་བསྔོ་བ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའོ། །རྟེན་ནི་མངོན་སུམ་དང་ལྐོག་ཏུ་གྱུར་པའི་སངས་རྒྱས་རྣམས་སོ། །དངོས་
པོ་ནི་གོས་ལ་སོགས་པའོ། །རྒྱུ་ནི་བདག་ལ་སངས་རྒྱས་འབྱུང་བ་དོན་ཡོད་པར་གྱུར་ཅིག་ཅེས་སྔོན་སྨོན་པའོ། །ཡེ་ཤེས་ནི་མཆོད་པར་བྱེད་པ་དང་། མཆོད་པར་བྱ་བ་དང་། མཆོད་པ་མི་དམིགས་པའི་ཕྱིར་རྣམ་པར་མི་རྟོག་པའོ། །ཞིང་ནི་སེམས་ཅན་ཚད་མེད་པ་རྣམས་ཏེ། དེ་ཡོངས་སུ་སྨིན་
པར་བྱ་བའི་ཕྱིར། དེ་དག་གིས་དེ་ལ་རབ་ཏུ་སྦྱོར་བས་དེ་དག་ལ་དེ་བཏབ་པའི་ཕྱིར་རོ། །གནས་ནི་རྫས་དང་སེམས་ཏེ། དེ་ལ་རྫས་ལ་བརྟེན་ནས་མཆོད་པ་ནི་གོས་ལ་སོགས་པའོ། །སེམས་ལ་བརྟེན་ནས་མཆོད་པ་ནི་རོ་མྱང་བ་དང་། རྗེས་སུ་ཡི་རང་བ་དང་། མངོན་པར་དགའ་བའི་ཡིད་ལ་བྱེད་
པ་དག་དང་། མོས་པ་ལ་སོགས་པ་ཇི་སྐད་དུ་བཤད་པ་འདི་ལྟ་སྟེ། ཐེག་པ་ཆེན་པོ་ལ་མོས་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། འདིར་ཚིགས་སུ་བཅད་པ་སྦྱར་བའི་ངོར་སྨོན་ལམ་ཉིད་སྨོན་པར་བཤད་པ་དང་། སེམས་ཅན་ལ་བརྩེ་བ་དང་། དཀའ་བ་སྤྱོད་པའི་སྡུག་བསྔལ་
Vol. 123 · folio 211b
བཟོད་པ་དང་། ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་སྤྱོད་པ་དང་། ཆོས་ལ་ཚུལ་བཞིན་ཡིད་ལ་བྱེད་པའི་སྒོ་ནས་ཏེ། །དེ་ནི་ཕྱིན་ཅི་མ་ལོག་པའི་ཕྱིར་གཞི་ལ་གཏོད་པ་ཡིན་ནོ། །ཡང་དག་པའི་ལྟ་བའི་སྒོ་ནས་ནི་མཐོང་བའི་ལམ་ལ་སྟེ། དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་
གཞི་རྟོགས་པ་ཡིན་ནོ། །རྣམ་པར་གྲོལ་བའི་སྒོ་ནས་ནི་ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་ཕྱིར་ཉན་ཐོས་རྣམས་ཀྱི་ཡིན་ནོ། །དེ་བཞིན་ཉིད་ཀྱི་སྒོ་ནས་བྱང་ཆུབ་ཆེན་པོ་འཐོབ་སྟེ། འདི་ནི་མཆོད་པའི་རྣམ་པའི་དབྱེ་བ་ཡིན་ནོ། །རྒྱུ་དང་འབྲས་བུ་ཉིད་དང་ནི། །བདག་ཉིད་དང་ནི་གཞན་
དག་དང་། །རྙེད་དང་བཀུར་སྟི་ཉིད་དང་ནི། །སྒྲུབ་པའི་སྒོ་ནས་དེ་རྣམ་གཉིས། །མཆོད་པ་ཆུང་དང་ཆེན་པོ་དེ། །ང་རྒྱལ་བཅས་དང་ང་རྒྱལ་མེད། །སྦྱོར་དང་འགྲོ་བ་ཉིད་དང་ནི། །སྨོན་པའི་སྒོ་ནས་དེར་འདོད་དོ། །ཞེས་བྱ་བ་འདི་ནི་དུས་ལ་སོགས་པའི་དབྱེ་བས་རྣམ་པའི་དབྱེ་བ་གཞན་ཡིན་
ཏེ། དེ་ལ་རྒྱུ་ནི་འདས་པའོ། །འབྲས་བུ་ནི་ད་ལྟར་བྱུང་བའོ། །རྒྱུ་ནི་ད་ལྟར་བྱུང་བའོ། །འབྲས་བུ་ནི་མ་འོངས་པའོ། །དེ་ལྟར་ན་རྒྱུ་དང་འབྲས་བུའི་སྒོ་ནས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བར་རིག་པར་བྱའོ། །བདག་ཉིད་ཅེས་བྱ་བ་ནི་ནང་གིའོ། །གཞན་
དག་ཅེས་བྱ་བ་ནི་ཕྱིའིའོ། །རྙེད་པ་དང་བཀུར་སྟི་ནི་རགས་པའོ། །སྒྲུབ་པ་ནི་ཕྲ་བའོ། །ཆུང་ངུ་ནི་དམན་པའོ། །ཆེན་པོ་ནི་གྱ་ནོམ་པའོ། །ཡང་ང་རྒྱལ་དང་བཅས་པ་ནི་དམན་པའོ། །ང་རྒྱལ་མེད་པ་ནི་གྱ་ནོམ་པ་སྟེ། འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཕྱིར་རོ། །དུས་གཞན་
ན་སྦྱར་བར་བྱ་བ་ནི་རིང་བའོ། །དེའི་དུས་ན་སྦྱར་བར་བྱ་བ་ནི་ཉེ་བའོ། །འགྲོ་བ་རྣམ་པར་ཆད་པ་ནི་མི་རིང་བའོ། །དེ་མ་ཐག་པའི་ནི་ཉེ་བའོ། །ཡང་མཆོད་པ་གང་ཞིག་ཚེ་ཕྱི་མ་ལ་སྦྱར་བར་སྨོན་ལམ་འདེབས་པ་དེ་ནི་རིང་བའོ། །གང་ཞིག་བྱ་བར་སྨོན་ལམ་འདེབས་པ་དེ་ནི་ཉེ་བའོ། །
ཡང་སངས་རྒྱས་ལ་མཆོད་པའི་མཆོག་གང་ཡིན་པར་རིག་པར་བྱ་ཞེ་ན། །རང་གི་སེམས་ཀྱིས་སངས་རྒྱས་རྣམས་མཆོད་པ། །ཆོས་ལ་མོས་དང་བསམ་དང་དབང་འབྱོར་དང་། །རྣམ་པར་མི་རྟོག་ཐབས་ཡོངས་བཟུང་བ་དང་། །ཀུན་དང་དོན་གཅིག་ཉིད་ལ་འཇུག་པས་མཆོག །
Vol. 123 · folio 212a
ཅེས་བྱ་བ་སྨོས་ཏེ། རྣམ་པ་ལྔས་རང་གི་སེམས་ཀྱིས་སངས་རྒྱས་རྣམས་ལ་མཆོད་པ་མཆོག་ཏུ་རིག་པར་བྱའོ། །འདི་ལྟ་སྟེ་མཆོད་པ་དང་ལྡན་པའི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་། བསམ་པ་སྟེ། བསམ་པ་དགུ་པོ་རོ་མྱང་བ་དང་། རྗེས་སུ་ཡི་རང་བ་དང་།
མངོན་པར་དགའ་བའི་བསམ་པ་དག་དང་། ངོམས་མི་ཤེས་པ་དང་། རྒྱ་ཆེན་པོ་དང་། དགའ་བ་དང་། ཕན་པ་དང་། མ་གོས་པ་དང་། དགེ་བའི་བསམ་པ་གང་དག་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལས་བསྟན་པ་རྣམས་དང་། དབང་འབྱོར་པ་ཉིད་དེ། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་
འཛིན་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཐབས་ཡོངས་སུ་བཟུང་བ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་དང་། དོན་གཅིག་པ་ཉིད་ལ་འཇུག་པའི་སྒོ་ནས་ཏེ། དོན་ཐམས་ཅད་ནི་འདྲེས་པ་ཉེ་བར་འདྲེས་པ་ཡིན་པའི་ཕྱིར་རོ། །དགེ་བའི་བཤེས་གཉེན་ལ་བརྟེན་པ་རྣམ་པར་དབྱེ་
བའི་ཚིགས་སུ་བཅད་པ་བདུན་ཏེ། དེ་ལ་ཚིགས་སུ་བཅད་པ་ཕྱེད་དང་ལྔས་ནི། །བསྟེན་པ་རྟེན་དང་གཞི་དང་ནི། །རྒྱུ་མཚན་དང་ནི་ཡོངས་བསྔོ་དང་། །རྒྱུ་དང་ཡེ་ཤེས་ཞིང་དག་དང་། །གནས་ཀྱི་སྒོ་ནས་རབ་ཏུ་བསྟན། །བཤེས་གཉེན་དུལ་བ་ཞི་ཞིང་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་
ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །བསྟེན་པའི་རྟེན་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བཤེས་གཉེན་ཡིན་ཏེ། དུལ་བ་ནི་ཚུལ་ཁྲིམས་དང་ལྡན་པའི་ཕྱིར་དབང་པོ་དུལ་བས་སོ། །ཞི་བ་ནི་ཏིང་ངེ་འཛིན་དང་ལྡན་པའི་ཕྱིར་སེམས་
ནང་དུ་ཞི་བར་གནས་པས་སོ། །ཉེ་བར་ཞི་བ་ནི་ཤེས་རབ་དང་ལྡན་པའི་ཕྱིར་ཉོན་མོངས་པ་ཉེ་བར་གནས་པ་ཉེ་བར་ཞི་བས་སོ། །ཡོན་ཏན་ལྷག་པ་ནི་མཉམ་པའམ་ཆུང་བ་མ་ཡིན་པའོ། །བརྩོན་པ་དང་བཅས་པ་ནི། གཞན་གྱི་དོན་ལ་གཡེལ་བ་མ་ཡིན་པའོ། །ལུང་གིས་ཕྱུག་པ་ནི་ཐོས་པ་
ཉུང་ངུ་མ་ཡིན་པའོ། །དེ་ཁོ་ན་ཉིད་རབ་ཏུ་རྟོགས་པ་ནི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་ཕྱིར་རོ། །སྨྲ་མཁས་པ་དང་ལྡན་པ་ནི་སྨྲ་མཁས་པ་དང་ལྡན་པའོ། །བརྩེ་བའི་བདག་ཉིད་ནི་ཟང་ཟིང་གི་སེམས་མེད་པའི་ཕྱིར་རོ། །སྐྱོ་བ་སྤངས་པ་ནི་རྟག་ཏུ་ཆོས་སྟོན་པའི་ཕྱིར་རོ། །བཀུར་སྟི་རྙེད་པ་དག་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words