མདོ་སྡེའི་རྒྱན་གྱི་བཤད་པ
Sanskrit title (Tibetan script, as in the text) སཱུ་ཏྲ་ཨ་ལཾ་ཀཱ་ར་བྱཱ་ཁྱཱཾ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 123 · folio 212b
དང་རིམ་གྲོ་དང་། །སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །ཞེས་བྱ་བ་ནི། རྟེན་བཞི་དེ་བཞིན་བློ་ལྡན་ཆོས་ལ་ནི། །ཤེས་བསམ་དུས་སུ་འདུད་པས་བཤེས་གཉེན་བགྲོད། །ཅེས་བྱ་བ་ནི་རྒྱུ་མཚན་རྣམས་པ་གསུམ་སྟེ། ཀུན་ཤེས་པར་འདོད་པ་ཉིད་དང་། དུས་ཤེས་པ་ཉིད་
དང་། ང་རྒྱལ་མེད་པ་ཉིད་དོ། །དེ་ནི་བསྙེན་བཀུར་རྙེད་ལ་འདོད་པ་མེད། །བསྒྲུབ་པར་བྱ་ཕྱིར་དེ་ཡོངས་སྔོ་བར་བྱེད། །ཅེས་བྱ་བ་ནི་ཡོངས་སུ་བསྔོ་བ་སྟེ། སྒྲུབ་པའི་དོན་དུ་རྟེན་གྱིས་རྙེད་པ་དང་བཀུར་སྟིའི་དོན་དུ་ནི་མ་ཡིན་ནོ། །བསྟན་པ་ཇི་སྐད་བསྟན་པ་སྒྲུབ་པ་དེས། །དེ་ཡི་སེམས་ནི་ཡང་དག་
མགུ་བར་བྱེད། །ཅེས་བྱ་བ་ནི་བསྟན་པའི་རྒྱུ་ནི་ཇི་སྐད་བསྟན་པ་བཞིན་དུ་སྒྲུབ་པ་ཡིན་ཏེ། དེས་དེའི་སེམས་མགུ་བར་འགྱུར་བའི་ཕྱིར་རོ། །ཐེག་པ་གསུམ་ལ་མཁས་པ་བློས་རྟོགས་ནས། །རང་གི་ཐེག་པ་བསྒྲུབ་པར་བྱ་ཕྱིར་འབད། །ཅེས་བྱ་བ་ལ་ཡེ་ཤེས་ནི་ཐེག་པ་གསུམ་ལ་མཁས་པ་ཡིན་ནོ། །
སེམས་ཅན་ཚད་མེད་ཡོངས་སྨིན་བྱ་ཕྱིར་དང་། །ཞིང་དག་པ་ཡང་སྦྱང་བར་བྱ་བའི་ཕྱིར། །ཞེས་བྱ་བ་ནི་དེ་བསྟེན་པའི་ཞིང་རྣམ་པ་གཉིས་ཏེ། སེམས་ཅན་ཚད་མེད་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྟེ། གོང་དུ་གནས་ནས་ཆོས་ཐོས་པ་དེ་དག་ལ་འཇོག་པའི་ཕྱིར་རོ། །དེ་ཆོས་བགོ་སྐལ་
ལ་སྤྱོད་ཡོན་ཏན་ལྡན། །བཤེས་གཉེན་རབ་ཏུ་བརྟེན་བྱ་ཟང་ཟིང་མིན། །ཞེས་བྱ་བ་ནི་བསྟེན་པའི་གནས་ཡིན་ཏེ། ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ་ལ་བརྟེན་ནས་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱའི། ཟང་ཟིང་གི་བགོ་སྐལ་ལ་སྤྱོད་པ་ལ་ནི་མ་ཡིན་ནོ། །འདི་མན་ཆད་ཚིགས་སུ་བཅད་པ་ཕྱེད་
དང་གཉིས་ཀྱིས་ནི་བསྟན་པའི་རྣམ་པའི་དབྱེ་བ་རིག་པར་བྱ་སྟེ། བློ་དང་ལྡན་པ་རྒྱུ་དང་འབྲས་བུ་དང་། །ཆོས་སྒོ་རྗེས་འགྲོ་ཕྱིར་དང་ཐོས་མཉམ་དང་། །སེམས་ཀྱི་རྣལ་འབྱོར་ང་རྒྱལ་བཅས་པ་དང་། ང་རྒྱལ་མེད་ཡིད་ལྡན་པས་བཤེས་གཉེན་བསྟེན། །དེ་ལ་བློ་དང་ལྡན་པ་རྒྱུ་དང་འབྲས་བུ་དང་། །
ཞེས་བྱ་བ་ནི་འདས་པ་ལ་སོགས་པར་དབྱེ་བ་སྟེ་སྔ་མ་བཞིན་ནོ། །ཆོས་སྒོ་རྗེས་འགྲོ་ཕྱིར་དང་ཞེས་བྱ་བ་ནི། ནང་དང་ཕྱིའི་བྱེ་བྲག་གིས་ནི་ཆོས་ཀྱི་སྒོའི་རྗེས་སུ་འགྲོ་བ་ནི་ཆོས་ཀྱི་སྒོའི་རྒྱུན་ནོ། །ཕྱི་ནི་ཕྱི་རོལ་ལོ། །ཐོས་པ་མཉན་པ་དང་། སེམས་ཀྱི་རྣལ་འབྱོར་ཞེས་བྱ་བ་ནི་རགས་པ་དང་ཕྲ་བའི་དབྱེ་
Vol. 123 · folio 213a
བ་སྟེ་མཉན་པ་ནི་རགས་པའོ། །བསམ་པ་དང་སྒོམ་པ་ནི་ཕྲ་བ་སྟེ། དེ་ཉིད་སེམས་ཀྱི་རྣལ་འབྱོར་ཡིན་ནོ། །ང་རྒྱལ་བཅས་པ་དང་། ང་རྒྱལ་མེད་པའི་ཡིད་དང་ལྡན་པས་ཞེས་བྱ་བ་ནི་དམན་པ་དང་། གྱ་ནོམ་པའི་དབྱེ་བའོ། །བློ་ལྡན་འགྲོ་དང་སྦྱར་བ་དང་། །སྨོན་པའི་སྒོ་
ནས་དགེ་བཤེས་བསྟན། །ཞེས་བྱ་བ་ནི་རིང་བ་དང་། ཉེ་བའི་དབྱེ་བ་སྟེ། སྔ་མ་བཞིན་དུ་སྦྱར་བར་བྱའོ། །བསྟན་པའི་མཆོག་གང་ཞེ་ན། ཚིགས་སུ་བཅད་པ་བདུན་པ་སྟེ། །རང་གི་སེམས་ཀྱིས་བཤེས་གཉེན་མཆོག་བསྟེན་པ། །ཆོས་ལ་མོས་དང་བསམ་དང་དབང་འབྱོར་དང་། །
རྣམ་པར་མི་རྟོག་ཐབས་ཡོངས་བཟུང་བ་དང་། །ཀུན་ནས་དོན་གཅིག་ཉིད་ལ་འཇུག་པས་མཆོག །ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །ཚད་མེད་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཅུ་གཉིས་ཏེ། བརྟན་པའི་ཚངས་པའི་མི་མཐུན་སྤངས། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །དམིགས་པ་རྣམ་
པ་གསུམ་ལ་འཇུག །སེམས་ཅན་རྣམས་ནི་ཡོངས་སྨིན་བྱེད། །ཚངས་པའི་གནས་པ་ནི་ཚད་མེད་པ་བཞི་སྟེ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ། །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་མཚན་ཉིད་བཞིར་རིག་པར་བྱ་སྟེ། མི་མཐུན་པའི་ཕྱོགས་སྤངས་པ་
དང་། གཉེན་པོའི་ཁྱད་པ་དང་ལྡན་པ་དང་། དམིགས་པ་རྣམ་པ་གསུམ་ལ་འཇུག་པའི་ཕྱིར་འཇུག་པའི་ཁྱད་པར་ཏེ། འདི་ལྟར་དེ་དག་ནི་སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པའོ། །ལས་ཀྱི་ཁྱད་པར་ནི། སེམས་ཅན་ཡོངས་སུ་སྨིན་པར་
བྱེད་པའི་ཕྱིར་རོ། །སེམས་ཅན་དང་། ཆོས་ལ་དམིགས་པ་དག་ཀྱང་སེམས་ཅན་གྱི་རིས་སམ། ཆོས་གང་ལ་འཇུག །དམིགས་པ་མེད་པ་དག་ཀྱང་དམིགས་པ་གང་ལ་འཇུག་ཅེ་ན། བརྟན་པ་རྣམས་ཀྱི་དེ་དག་བདེ་འདོད་དང་། །སྡུག་བསྔལ་གྱིས་ཉམ་ཐག་དང་བདེ་བ་དང་། །ཉོན་མོངས་
ཅན་དང་དེ་དག་བསྟན་ཆོས་དང་། །དེ་ཡི་དེ་བཞིན་ཉིད་ལ་རབ་ཏུ་འཇུག །སེམས་ཅན་ལ་དམིགས་པ་ནི་བདེ་བར་འདོད་པ་ནས་སེམས་ཅན་གྱི་ཚོགས་ཉོན་མོངས་པ་ཅན་གྱི་བར་ལ་འཇུག་སྟེ། འདི་ལྟར་བྱམས་པ་ནི་སེམས་ཅན་རྣམས་ལ་བདེ་བ་དང་ལྡན་པའི་རྣམ་པ་ཡིན་ནོ། །སྙིང་རྗེ་ནི་སྡུག་བསྔལ་
Vol. 123 · folio 213b
དང་བྲལ་བའི་རྣམ་པ་ཡིན་ནོ། །དགའ་བ་ནི་བདེ་བ་དང་མི་འབྲལ་བའི་རྣམ་པ་ཡིན་ནོ། །བཏང་སྙོམས་ནི་ཚོར་བ་དེ་དག་ལ་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་མེད་པར་སྒྲུབ་པའི་རྣམ་པ་ཡིན་ནོ། །ཆོས་ལ་དམིགས་པ་ནི། །དེ་དག་བསྟན་པའི་ཆོས་ལ་སྟེ། གང་ལ་གནས་པ་དེ་
དག་བསྟན་པའི་ཆོས་ལ་འཇུག་གོ། །དམིགས་པ་མེད་པ་ནི་དེ་བཞིན་ཉིད་ལ་འཇུག་པ་སྟེ། དེ་དག་ཏུ་རྣམ་པར་མི་རྟོག་པའི་ཕྱིར་དམིགས་པ་མེད་པ་དང་འདྲ་བས་ན་དམིགས་པ་མེད་པའོ། །གཞན་ཡང་། དེ་དོན་དེ་བཞིན་ཉིད་ཕྱིར་དང་། །ཞི་བ་ཐོབ་པས་དག་ཕྱིར་དང་། །ལས་གཉིས་
ཉོན་མོངས་ཟད་པའི་ཕྱིར། །བྱམས་པ་དམིགས་པ་མེད་པ་ཡིན། །རྒྱུ་འདི་བཞིས་བྱམས་པ་དམིགས་པ་མེད་པ་ཡིན་པར་རིག་པར་བྱ་སྟེ། དེ་བཞིན་ཉིད་ལ་དམིགས་པ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་སྒོ་ནས་ཁམས་རྒྱས་པས་དེ་རྣམ་པར་དག་པ་དང་། ལས་གཉིས་
ཏེ། ལུས་དང་ངག་གི་ལས་བྱམས་པའི་རྒྱུ་མཐུན་པས་བསྡུས་པ་གང་ཡིན་པ་དང་། ཉོན་མོངས་པ་ཟད་པ་སྟེ། འདི་ལྟར་ཉོན་མོངས་པ་ནི་དམིགས་པར་བཤད་དེ། ཡིད་ཀྱི་རང་བཞིན་གྱི་མདུད་པ་རྣམས་སྤངས་པའི་ཕྱིར་དམིགས་པར་འཆད་དོ་ཞེས་འབྱུང་བའི་ཕྱིར་རོ། །དེ་དག་གཡོ་
དང་མི་གཡོ་དང་། །ཆགས་པས་རོ་མྱངས་མིན་ཤེས་བྱ། །ཚངས་པའི་གནས་པ་དེ་དག་ཀྱང་རྣམ་པ་བཞིར་རིག་པར་བྱ་སྟེ། དེ་ལ་གཡོ་བ་ནི་ཉམས་པའི་སྐལ་བ་ཅན་ཏེ། ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་རོ། །མི་གཡོ་བ་ནི་གནས་པ་དང་ཁྱད་པར་དུ་འགྱུར་བའི་སྐལ་བ་ཅན་ཏེ། ཡོངས་སུ་ཉམས་
པར་མི་འགྱུར་བའི་ཕྱིར་རོ། །ཆགས་པས་རོ་མྱངས་མིན་ཞེས་བྱ་བ་ནི་བདེ་བས་གཡེན་སྤྱོས་པ་སྟེ། སེམས་རྒྱ་ཆུང་བས་སོ། །རོ་མྱངས་པ་ནི་ཉོན་མོངས་པ་ཅན་ནོ། །རོ་མྱངས་པ་མ་ཡིན་པ་ནི་ཉོན་མོངས་པ་ཅན་མ་ཡིན་པ་སྟེ། འདི་ནི་ཚངས་པའི་གནས་པ་རྣམས་ཀྱི་ཉམས་པའི་སྐལ་བ་ཅན་
ལ་སོགས་པའི་རྣམ་པའི་དབྱེ་བ་ཡིན་ནོ། །དེ་དག་ལས། བྱང་ཆུབ་སེམས་དཔའི་མི་གཡོ་བ། །ཆགས་དང་བྲལ་བ་རབ་ཏུ་གནས། །གཡོ་བ་ལ་ཡང་མ་ཡིན་ལ་རོ་མྱངས་པ་དག་ལ་ཡང་མ་ཡིན་ནོ། །མཉམ་གཞག་ངོ་བོ་ཉིད་མིན་ཆུང་། །འབྲིང་དང་དམན་པའི་ས་པ་དང་། །བསམ་པ་དམན་
Vol. 123 · folio 214a
དང་ང་རྒྱལ་བཅས། །གང་ཡིན་དེ་དམན་གཞན་ཉིད་ལྷག །འདི་ནི་ཆུང་ངུ་དང་། ཆེན་པོའི་དབྱེ་བའོ། །དེ་ལ་ཆུང་ངུ་ནི་རྣམ་པ་དྲུག་སྟེ། མཉམ་པར་མ་བཞག་པའི་ངོ་བོ་ཉིད་ཐམས་ཅད་དང་། མཉམ་པར་བཞག་པ་ཡང་ཆུང་ངུ་དང་། །འབྲིང་གང་དག་ཡིན་པ་དང་། །གོང་
མ་གོང་མའི་བྱང་ཆུབ་སེམས་དཔའི་ས་ལ་ལྟོས་ནས་དམན་པའི་ས་པ་གང་དག་ཡིན་པ་དང་། ཉན་ཐོས་རྣམས་ཀྱི་བསམ་པ་དམན་པ་དང་། ང་རྒྱལ་དང་བཅས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དང་བྲལ་བ་གང་དག་ཡིན་པ་དེ་དག་ནི་དམན་པ་སྟེ་ཆུང་ངུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་
ཉིད་ནི་ལྷག་པའོ་ཞེས་བྱ་བ་ནི་ཇི་སྐད་བཤད་པ་ལས་བཟློག་པ་ནི་ཆེན་པོ་ཡིན་པར་རིག་པར་བྱའོ། །ཚངས་པའི་གནས་པས་གནས་པ་ཡི། །བློ་ལྡན་རྟག་ཏུ་འདོད་པར་སྐྱེ། །དེས་ནི་ཚོགས་རྣམས་རྫོགས་བྱེད་ཅིང་། །སེམས་ཅན་དག་ཀྱང་རྣམ་སྨིན་བྱེད། །ཀུན་ཏུ་ཚངས་དང་མི་འབྲལ་ལ། །དེ་
ཡི་མི་མཐུན་ཕྱོགས་དང་བྲལ། །བག་མེད་གྱུར་ཀྱང་དེ་ཡི་རྐྱེན། །མི་བཟད་པས་ཀྱང་མི་འགྱུར་རོ། །རྒྱུ་དང་འབྲས་བུ་དང་རྟགས་ཀྱི་དབྱེ་བ་སྟེ། །དེ་ལ་ཚངས་པའི་གནས་པ་དག་གིས་གནས་པ་ཞེས་བྱ་བ་ནི་རྒྱུའོ། །འདོད་པའི་སེམས་ཅན་རྣམས་ཀྱི་ནང་དུ་སྐྱེའོ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་
འབྲས་བུའོ། །ཚོགས་རྣམས་རྫོགས་པར་བྱེད་དོ་ཞེས་བྱ་བ་ནི་བདག་པོའི་འབྲས་བུའོ། །སེམས་ཅན་དག་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བ་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །ཐམས་ཅད་དུ་ཚངས་པའི་གནས་པ་དག་དང་མི་འབྲལ་བར་འགྱུར་རོ་ཞེས་བྱ་བ་ནི་རྒྱུ་མཐུན་པའི་འབྲས་བུའོ། །དེའི་མི་
མཐུན་པའི་ཕྱོགས་དང་བྲལ་བ་ཞེས་བྱ་བ་ནི་བྲལ་བའི་འབྲས་བུའོ། །བག་མེད་པར་གྱུར་ཀྱང་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་མངོན་དུ་གྱུར་ཀྱང་ངོ་། །རྐྱེན་མི་ཟད་པས་ཀྱང་མི་འགྱུར་རོ་ཞེས་བྱ་བ་ནི་རྟགས་སོ། །ཚིགས་སུ་བཅད་པ་གཞན་བཞིས་ནི་སྐྱོན་དང་ཡོན་ཏན་དབྱེ་བ་སྟེ། བྱང་ཆུབ་
སེམས་དཔའ་གནོད་སེམས་དང་། །རྣམ་འཚེ་མི་དགའ་གནོད་སེམས་དང་། །འདོད་པའི་འདོད་ཆགས་དང་ལྡན་པ། །ཉེས་དམིགས་རྣམ་པ་མང་ལ་རེག །ཅེས་བྱ་བ་ནི་སྐྱོན་ཏེ། ཚངས་པའི་གནས་པ་མེད་ན་དེའི་མི་མཐུན་པའི་ཕྱོགས་དང་ལྡན་པའི་ཕྱིར་རོ། །དེ་ལ་གནོད་སེམས་ལ་
Vol. 123 · folio 214b
སོགས་པའི་ནི་གོ་རིམས་བཞིན་དུ། བྱམས་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཡིན་ཏེ། གནོད་སེམས་དང་འདོད་པའི་འདོད་ཆགས་དག་ནི་བཏང་སྙོམས་ཀྱི་ཡིན་ནོ། །ཇི་ལྟར་ཉེས་དམིགས་རྣམ་པ་མང་པོ་ལ་རེག་ཅེ་ན། བཤད་པ། ཉོན་མོངས་རྣམས་ཀྱིས་བདག་འཇོམས་སེམས་
ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཉམས་བཅས་རྙེད་པས་དམན་ཞིང་སྲུང་དང་དེ་བཞིན་སྟོན་པས་སྨད། །རྩོད་བཅས་མི་སྙན་དེ་ནི་གཞན་དུ་མི་ཁོམ་རྣམས་སུ་སྐྱེ། །ཐོབ་དང་མ་ཐོབ་ཉམས་པས་ཡིད་ལ་སྡུག་བསྔལ་ཆེན་པོ་འཐོབ། །དེ་ལ་ཚིག་དང་པོ་གསུམ་གྱིས་ནི་བདག་ཉིད་ལ་ཡང་
གནོད་པར་བྱེད་ལ། གཞན་ལ་ཡང་གནོད་པར་བྱེད། གཉིས་ཀ་ལ་ཡང་གནོད་པར་བྱེད་པས་ན་དེ་ནི་ཉེས་དམིགས་ཡིན་པར་སྟོན་ཏོ། །ཉམས་པ་དང་བཅས་པ་ལ་སོགས་པ་ཚིག་དྲུག་གིས་ནི་མཐོང་བའི་ཆོས་ཀྱི་ཁ་ན་མ་ཐོ་བ་འཕེལ་ལོ་ཞེས་བྱ་བར་སྟོན་ཏོ། །ཇི་ལྟར་འཕེལ་ཞེ་ན། འདི་ལ་བདག་ཉིད་
དང་། གཞན་དག་དང་། ལྷ་དང་སྟོན་པ་ཡང་སྨོད་ལ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་གཞན་དག་ཀྱང་ཆོས་ཉིད་ཀྱིས་རྣམ་པར་སྨོད་དོ། །ཕྱོགས་དང་ཕྱོགས་མཚམས་སུ་ཡང་འདིའི་སྒྲ་དང་ཚིགས་སུ་བཅད་པ་མི་སྙན་པ་དག་འབྱུང་ཏེ། དེ་ལྟ་བས་ན་འདི་ནི་ཉམས་པ་དང་བཅས་པ་ནས་མི་
སྙན་པ་ཞེས་བྱ་བའི་བར་འདིས་གོ་རིམས་བཞིན་དུ་སྟོན་ཏོ། །ཚིག་ལྷག་མ་གསུམ་གྱིས་ནི་གོ་རིམས་བཞིན་དུ་ཚེ་ཕྱི་མ་དང་། མཐོང་བའི་ཆོས་དང་། ཚེ་ཕྱི་མའི་ཁ་ན་མ་ཐོ་བ་འཕེལ་ཏེ། དེ་ལས་སྐྱེས་པའི་སེམས་ཀྱི་སྡུག་བསྔལ་དང་། ཡིད་མི་བདེ་བ་སོ་སོར་མྱོང་བར་འགྱུར་བས་འདི་ནི་ཉེས་དམིགས་
ཡིན་པར་སྟོན་ཏོ། །ཉེས་པ་འདི་ཀུན་བྱམས་སོགས་ལ། །ལེགས་པར་གནས་ལ་མི་འབྱུང་སྟེ། ཉོན་མོངས་ཅན་མིན་སེམས་ཅན་གྱི། །དོན་དུ་འཁོར་བ་ཡོངས་མི་གཏོང་། ཞེས་བྱ་བ་ནི་ཚངས་པའི་གནས་པ་དང་ལྡན་པའི་ཡོན་ཏན་རྣམ་པ་གཉིས་སྟོན་ཏེ། ཇི་སྐད་བཤད་པའི་
སྐྱོན་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་ཀྱང་སེམས་ཅན་གྱི་ཕྱིར་འཁོར་བ་ཡོངས་སུ་མི་གཏོང་བའོ། །ཇི་ལྟར་རྒྱལ་བའི་སྲས་རྣམས་སེམས་ཅན་ལ། །བྱམས་པ་ལ་སོགས་སེམས་དཔའ་འདི་འབྱུང་བ། །སེམས་ཅན་ཐམས་ཅད་ཡོན་ཏན་ལྡན་པ་ཡི། །བུ་གཅིག་པ་ལའང་
Vol. 123 · folio 215a
དེ་ལྟ་མ་ཡིན་ནོ། །ཞེས་བྱ་བ་འདིས་ནི་བྱང་ཆུབ་སེམས་དཔའི་བྱམས་པ་ལ་སོགས་པ་ཆེ་བ་ཉིད་དུ་སྟོན་ཏོ། །སྙིང་རྗེའི་རྣམ་པར་དབྱེ་བ་ལ། དེའི་དམིགས་པའི་རབ་ཏུ་དབྱེ་བ་ལས་བརྩམས་ནས་ཚིགས་སུ་བཅད་པ་གཉིས་ཏེ། རབ་འབར་དགྲ་ཡི་དབང་དུ་སོང་། །སྡུག་
བསྔལ་གྱིས་ནོན་མུན་པས་བསྒྲིབས། །བགྲོད་དཀའི་ལམ་ལ་ཀུན་ཏུ་ཞུགས། །འཆིང་བ་ཆེ་དང་ཡང་དག་ལྡན། །ཟས་ཆེན་དུག་དང་འདྲེས་ལ་ཞེན། །ལམ་ནི་རབ་ཏུ་སྟོར་གྱུར་པ། །ལམ་གོལ་རབ་ཞུགས་སྟོབས་ཆུང་བའི། །སེམས་ཅན་རྣམས་ལ་སྙིང་རྗེའོ། །དེ་ལ་རབ་ཏུ་འབར་བ་ནི་འདོད་པའི་འདོད་
ཆགས་ཀྱིས་འདོད་པའི་བདེ་བ་ལ་ཆགས་པ་རྣམས་སོ། །དགྲའི་དབང་དུ་སོང་བ་ནི་དགེ་བ་ལ་ཞུགས་པ་ལ་བདུད་ཀྱིས་བར་ཆད་བྱས་པ་རྣམས་སོ། །སྡུག་བསྔལ་གྱིས་ནོན་པ་ནི་སེམས་ཅན་དམྱལ་བ་ལ་སོགས་པར་སྡུག་བསྔལ་གྱི་ཟིལ་གྱིས་ནོན་པ་རྣམས་སོ། །མུན་པས་བསྒྲིབས་པ་ནི། ཤན་པ་ལ་
སོགས་པ་གཅིག་ཏུ་ཉེས་པར་སྤྱོད་པ་རྣམས་ཏེ། ལས་ཀྱི་རྣམ་པར་སྨིན་པ་ལ་ཀུན་ཏུ་རྨོངས་པའི་ཕྱིར་རོ། །བགྲོད་དཀའ་བའི་ལམ་ལ་ཀུན་ཏུ་ཞུགས་པ་ནི། ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་རྣམས་ཏེ། འཁོར་བའི་ལམ་གཏན་རྒྱུན་མི་གཅོད་པའི་ཕྱིར་རོ། །འཆིང་བ་ཆེན་པོ་དང་
ཡང་དག་པར་ལྡན་པ་ནི། །གཞན་མུ་སྟེགས་ཅན་ཐར་པ་ལ་ཀུན་ཏུ་ཞུགས་པ་རྣམས་ཏེ། ལྟ་བ་ངན་པ་སྣ་ཚོགས་ཀྱི་འཆིང་བ་དམ་པོས་བཅིངས་པའི་ཕྱིར་རོ། །ཟས་ཆེན་པོ་དུག་དང་འདྲེས་པ་ལ་ཞེན་པ་ནི། སྙོམས་པར་འཇུག་པའི་བདེ་བ་ལ་ཞེན་པ་རྣམས་ཏེ། དེ་དག་གི་སྙོམས་པར་འཇུག་པའི་
བདེ་བ་ཉོན་མོངས་པ་ཅན་ནི། དཔེར་ན་ཁ་ཟས་ཞིམ་པོ་དུག་དང་འདྲེས་པ་དང་འདྲ་སྟེ། དེ་ལས་རབ་ཏུ་ཉམས་པར་འགྱུར་བའི་ཕྱིར་རོ། །ལམ་རབ་ཏུ་སྟོར་བ་ནི་མངོན་པའི་ང་རྒྱལ་ཅན་རྣམས་ཏེ། ཐར་པའི་ལམ་ནོར་བའི་ཕྱིར་རོ། །ལམ་གོལ་བ་ལ་རབ་ཏུ་ཞུགས་པ་ནི། མ་ངེས་པ་ཐེག་པ་
དམན་པ་ལ་རབ་ཏུ་ཞུགས་པ་རྣམས་སོ། །སྟོབས་ཆུང་བ་ནི་བྱང་ཆུབ་སེམས་དཔའི་ཚོགས་ཡོངས་སུ་མ་རྫོགས་པ་རྣམས་ཏེ། དེ་ལྟར་ན་སེམས་ཅན་རྣམ་པ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་སྙིང་རྗེའི་དམིགས་པ་ཡིན་ནོ། །སྙིང་རྗེའི་འབྲས་བུ་ལྔ་བསྟན་པའི་ཚིགས་སུ་བཅད་
Vol. 123 · folio 215b
པ། འཚེ་སྤོངས་བྱང་ཆུབ་མཆོག་གི་ས་བོན་དང་། །བདེ་བ་སྐྱེད་དང་གདུང་བྱེད་འདོད་པའི་རྒྱུ། །ངོ་བོ་ཉིད་སྦྱིན་ཆོས་ལ་རྟེན་པ་ཡི། །རྒྱལ་བའི་སྲས་ལ་བྱང་ཆུབ་ཐག་མི་རིང་། །དེ་ལ་འཚེ་བ་སྤངས་པ་ཉིད་ཀྱིས་ནི་དེའི་མི་མཐུན་པའི་ཕྱོགས་རྣམ་པར་འཚེ་བ་སྤངས་པའི་ཕྱིར་བྲལ་བའི་འབྲས་བུ་
བསྟན་ཏེ། བྱང་ཆུབ་མཆོག་གི་ས་བོན་ཉིད་ཀྱིས་བདག་པོའི་འབྲས་བུའོ། །གོ་རིམས་བཞིན་དུ་གཞན་དང་བདག་ཉིད་ལ་བདེ་བ་སྐྱེད་པ་དང་། གདུང་བར་བྱེད་པ་ཉིད་ཀྱིས་ནི་སྐྱེས་བུ་བྱེད་པའི་འབྲས་བུའོ། །འདོད་པའི་རྒྱུ་ཉིད་ཀྱིས་ནི་རྣམ་པར་སྨིན་པའི་འབྲས་བུའོ། །ངོ་བོ་ཉིད་སྦྱིན་པ་ཉིད་ཀྱིས་ནི་
རྒྱུ་མཐུན་པའི་འབྲས་བུ་སྟེ། མ་འོངས་པ་ན་འབྲས་བུ་སྙིང་རྗེ་ཁྱད་པར་དུ་འཕགས་པ་སྦྱིན་པའི་ཕྱིར་རོ། །དེ་ལྟར་ན་རྣམ་པ་ལྔ་པོའི་སྙིང་རྗེ་ལ་བརྟེན་ནས་སངས་རྒྱས་ཉིད་ཐག་མི་རིང་བར་རིག་པར་བྱའོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཉིད་ཀྱི་ཚིགས་སུ་བཅད་པ། སྙིང་རྗེ་བློ་
མཆོག་འཁོར་བར་གཏོགས་པ་ཡི། །སྡུག་བསྔལ་བདག་ཉིད་ཀུན་དང་བདག་མེད་པའང་། །རྣམ་པར་ཤེས་ནས་སྐྱོ་བར་མི་འགྱུར་ཞིང་། །ཉེས་པས་རབ་གནོད་པར་ཡང་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་འཁོར་བར་གཏོགས་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་
ནས་སྙིང་རྗེ་དང་ལྡན་པའི་ཕྱིར་སྐྱོ་བར་ཡང་མི་འགྱུར་ལ། །བློ་མཆོག་དང་ལྡན་པའི་ཕྱིར་ཉེས་པ་དག་གིས་གནོད་པར་ཡང་མི་འགྱུར་རོ། །དེ་ལྟར་ན་མྱ་ངན་ལས་འདས་པ་ལ་ཡང་མི་གནས་ལ། འཁོར་བ་ལ་ཡང་གནས་པར་མི་འགྱུར་ཏེ། གོ་རིམས་བཞིན་ནོ། །འཁོར་བ་ཡོངས་སུ་ཤེས་པའི་
ཚིགས་སུ་བཅད་པ། །འཇིག་རྟེན་སྡུག་བསྔལ་བདག་ཉིད་ལྟ་བ་ཡི། །བརྩེ་དང་ལྡན་པའི་སྡུག་བསྔལ་དེ་དང་ནི། །དེ་ཡོངས་སྤང་བའི་ཐབས་ཀྱང་ཇི་བཞིན་རིག །ཉམ་ང་བར་བྱེད་སྐྱོ་བར་ཡང་མི་འགྱུར། །དེ་ཡང་ཇི་བཞིན་དུ་རིག་གོ་ཞེས་བྱ་བ་ནི་སྡུག་བསྔལ་ཡང་དག་པ་ཇི་ལྟ་བ་བཞིན་
དུ་སྟེ། གང་གིས་ན་སྡུག་བསྔལ་དེ་འགག་པར་འགྱུར་བ་སྡུག་བསྔལ་དེ་ཡོངས་སུ་སྤང་བའི་ཐབས་ཀྱང་རིག་གོ། །ཉམ་ང་བར་བྱེད་ཅེས་བྱ་བ་ནི་སྙིང་རྗེ་བར་བྱེད་པའོ། །འདིས་ནི་བྱང་ཆུབ་སེམས་དཔའ་འཁོར་བའི་སྡུག་བསྔལ་དང་དེ་ཡོངས་སུ་སྤང་བའི་ཐབས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་
Vol. 123 · folio 216a
ཀྱང་སྙིང་རྗེའི་ཁྱད་པར་གྱིས་སྐྱོ་བར་མི་འགྱུར་རོ་ཞེས་བྱ་བར་རབ་ཏུ་སྟོན་ཏོ། །སྙིང་རྗེའི་རབ་ཏུ་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། སྙིང་རྗེའི་བདག་ཉིད་ཅན་གྱི་བརྩེ་བ་འདི། །རང་བཞིན་དང་ནི་སོ་སོར་བརྟགས་པ་དང་། །དེ་སྔོན་གོམས་པར་བྱས་དང་ལྡན་པ་དང་། །མི་མཐུན་ཕྱོགས་
ཉམས་རྣམ་དག་ཐོབ་པ་བཞི། །འདི་ནི་གོ་རིམས་བཞིན་དུ་རིགས་ཀྱི་ཁྱད་པར་དང་། ཡོན་ཏན་དང་། སྐྱོན་ཡོངས་སུ་བརྟགས་པ་དང་། ཚེ་རབས་གཞན་ན་ཡོངས་སུ་གོམས་པ་དང་། འདོད་ཆགས་དང་བྲལ་བ་ཐོབ་པའི་སྒོ་ནས་རིག་པར་བྱ་སྟེ། དེའི་མི་མཐུན་པའི་ཕྱོགས་རྣམ་པར་འཚེ་བ་སྤངས་ན་རྣམ་
པར་དག་པ་འཐོབ་པས་དེ་ལྟར་ན་འདོད་ཆགས་དང་བྲལ་བ་ཐོབ་པའི་སྒོ་ནས་ཡིན་ནོ། །མཉམ་དང་རྟག་མིན་ལྷག་པའི་བསམ་པས་མིན། །སྒྲུབ་པའི་སྒོ་ནས་འདོད་ཆགས་བྲལ་བ་དང་། །མི་དམིགས་པས་མིན་གང་དེ་བརྩེ་མིན་ཏེ། །དེ་བཞིན་བརྩེ་མེད་གང་དེ་བྱང་ཆུབ་མིན། །དེ་ལ་མཉམ་པ་ནི་སེམས་
ཅན་བདེ་བ་ལ་སོགས་པ་ལ་སྟེ། གང་ཅུང་ཟད་ཅི་ཚོར་བ་དེ་ནི་འདིར་སྡུག་བསྔལ་བའོ་ཞེས་བྱ་བར་རིག་པས་སོ། །རྟག་པ་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་དེ་མི་ཟད་པའི་ཕྱིར་རོ། །ལྷག་པའི་བསམ་པས་ནི་ས་ལ་ཞུགས་པ་རྣམས་ཀྱི་སྟེ། །བདག་དང་གཞན་མཉམ་པ་ཉིད་
ཀྱི་བསམ་པ་ཐོབ་པའི་ཕྱིར་རོ། །སྒྲུབ་པའི་སྒོ་ནས་ནི་སྡུག་བསྔལ་ལས་ཡོངས་སུ་སྐྱོ་བར་བྱེད་པས་སོ། །འདོད་ཆགས་དང་བྲལ་བས་ནི་དེ་མི་མཐུན་པའི་ཕྱོགས་རྣམ་པར་འཚེ་བ་སྤངས་པའི་ཕྱིར་རོ། །མི་དམིགས་པས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་རོ། །སྙིང་རྗེ་ཤིང་དང་འདྲ་བའི་
ཚིགས་སུ་བཅད་པ་ལྔ་སྟེ། སྙིང་རྗེ་དང་ནི་བཟོད་དང་སེམས་པ་དང་། །སྨོན་ལམ་སྐྱེ་བ་སེམས་ཅན་ཡོངས་སྨིན་བྱེད། །དང་པོ་རྩ་བ་ཐ་མ་འབྲས་མཆོག་ལྡན། །འདི་ནི་སྙིང་རྗེའི་ལྗོན་ཤིང་ཆེན་པོ་ཡིན། །ཞེས་བྱ་བ་ནི་རྩ་བ་དང་། སྡོང་པོ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་།
འབྲས་བུའི་གནས་སྐབས་པའི་སྙིང་རྗེའི་ཤིང་ཡིན་པར་རིག་པར་བྱ་སྟེ། དེའི་རྩ་བ་ནི་སྙིང་རྗེའོ། །སྡོང་པོ་ནི་བཟོད་པའོ། །ཡལ་ག་ནི་སེམས་ཅན་གྱི་དོན་ལ་སེམས་པའོ། །ལོ་མ་ནི་སྐྱེ་བ་བཟང་པོ་དག་ཏུ་སྨོན་པའོ། །མེ་ཏོག་ནི་སྐྱེ་བ་བཟང་པོའོ། །འབྲས་བུ་ནི་སེམས་ཅན་ཡོངས་
Vol. 123 · folio 216b
སུ་སྨིན་པར་བྱེད་པའོ། །རྩ་བ་སྙིང་རྗེ་མེད་གྱུར་ན། །དཀའ་སྤྱོད་བཟོད་པ་ཉིད་མི་འགྱུར། །བློ་ལྡན་སྡུག་བསྔལ་མི་བཟོད་ན། །སེམས་ཅན་དོན་སེམས་ཉིད་མི་འགྱུར། །སེམས་པ་དང་ནི་བྲལ་བའི་བློ། །སྐྱེ་བ་དཀར་པོ་རྣམ་དག་ཏུ། །སྨོན་ལམ་འདེབས་པར་མི་འགྱུར་རོ། །སྐྱེ་བ་
བཟང་པོ་མ་ཐོབ་ན། །སེམས་ཅན་ཡོངས་སྨིན་བྱེད་མི་འགྱུར། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་སྔ་མ་ལས་ཕྱི་མ་སྐྱེ་བ་དང་། ཆོས་མཐུན་པའི་ཕྱིར་སྙིང་རྗེ་ལ་སོགས་པ་རྩ་བ་ལ་སོགས་པའི་དངོས་པོར་སྒྲུབ་པར་བྱེད་དོ། །སྙིང་རྗེའི་ཆུ་བ་བྱམས་པ་སྟེ། །དེ་སྡུག་བསྔལ་ན་བདེ་བ་ཡིས། །
ཡངས་རྒྱས་ཚུལ་བཞིན་ཡིད་བྱེད་པས། །ཡལ་ག་རྒྱ་ཆེན་འཕེལ་བ་དང་། །སྨོན་ལམ་རྒྱུན་ནི་མ་བཅད་པས། །ལོ་མ་འདོར་ལེན་རྐྱེན་རྣམ་གཉིས། །གྲུབ་པ་དེ་ཕྱིར་མེ་ཏོག་དང་། །འབྲས་བུ་དོན་ཡོད་ཤེས་པར་བྱ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་སྙིང་རྗེའི་ཤིང་གི་རྩ་བ་དང་ཆུ་བ་ལ་སོགས་
པ་དང་། ཆོས་མཐུན་པར་སྟོན་པར་བྱེད་དེ། སྙིང་རྗེ་ནི་རྩ་བ་ཡིན་པར་བཤད་དོ། །དེའི་ཆུ་བ་ནི་བྱམས་པ་སྟེ། །དེས་དེ་རྒྱས་པར་བྱེད་པའི་ཕྱིར་རོ། །བྱམས་པའི་སེམས་དང་ལྡན་པ་ནི། །གཞན་སྡུག་བསྔལ་བས་སྡུག་བསྔལ་བར་འགྱུར་ཏེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་
ལ་ཞུགས་པ་ལ་སྙིང་རྗེའི་སྒོ་ནས་སྡུག་བསྔལ་སྐྱེ་བ་གང་ཡིན་པ་དེ་ལས་བདེ་བ་སྐྱེས་པས་ཡངས་པ་རྒྱས་པར་འགྱུར་ཏེ། བཟོད་པ་རྒྱས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་སྡོང་པོར་བཤད་དེ། སྡོང་པོ་ནི་ཡངས་པ་ཡིན་ནོ། །ཐེག་པ་ཆེན་པོ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་རྣམ་པ་མང་པོས་
ཡལ་ག་འཕེལ་བར་འགྱུར་ཏེ། སེམས་པ་ནི་ཡལ་ག་ཞེས་བཤད་དོ། །སྔ་མ་དང་ཕྱི་མ་འགག་པ་དང་སྐྱེ་བའི་རིམ་གྱིས་སྨོན་ལམ་གྱི་རྒྱུན་མ་བཅད་པས་སྨོན་ལམ་རྣམས་ལོ་མ་འདོར་བ་དང་། ལེན་པ་དང་ཆོས་མཐུན་པར་རིག་པར་བྱའོ། །ནང་ནི་རྐྱེན་གྲུབ་པ་སྟེ། རང་གི་རྒྱུད་ཡོངས་སུ་སྨིན་
པ་ལས་མེ་ཏོག་ལྟ་བུའི་སྐྱེ་བ་དོན་ཡོད་པར་རིག་པར་བྱའོ། །ཕྱིའི་རྐྱེན་ཡོངས་སུ་གྲུབ་པ་སྟེ། གཞན་གྱི་རྒྱུད་ཡོངས་སུ་སྨིན་པ་ལས་འབྲས་བུ་ལྟ་བུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དོན་ཡོད་པར་རིག་པར་བྱའོ། །སྙིང་རྗེའི་ཕན་ཡོན་གྱི་ཚིགས་སུ་བཅད་པ། སྙིང་རྗེ་ཆེན་པོ་ཡོན་ཏན་
Vol. 123 · folio 217a
འབྱུང་གནས་ཀྱི། །སེམས་ཅན་རྣམས་ལ་སྙིང་རྗེ་སུ་མི་བྱེད། །འདི་ལྟར་འདི་དག་ལ་ནི་སྡུག་བསྔལ་ཡང་། །བརྩེས་བསྐྱེད་བདེ་བ་གཞལ་དུ་མེད་པ་འབྱུང་། །འདིར་སྙིང་རྗེ་ཆེན་པོའི་ཡོན་ཏན་ནི་ཕྱེད་འོག་མས་བསྟན་ཏེ། ལྷག་མ་ནི་དོན་གོ་བར་ཟད་དོ། །སྙིང་རྗེའི་ཆགས་
པ་མེད་པའི་ཚིགས་སུ་བཅད་པ། སྙིང་རྗེས་ཟིན་པའི་བརྩེར་ལྡན་རྣམས། །ཞི་ལའང་ཡིད་ནི་མི་གནས་ན། །འཇིག་རྟེན་བདེ་དང་རང་སྲོག་ལ། །ཆགས་པར་འགྱུར་བ་སྨོས་ཅི་དགོས། །འཇིག་རྟེན་ཐམས་ཅད་ནི་འཇིག་རྟེན་གྱི་བདེ་བ་དང་། རང་གི་སྲོག་ལ་ཆགས་སོ། །དེ་ལ་ཡང་ཆགས་
པ་མེད་པ་ཉན་ཐོས་དང་། རང་སངས་རྒྱས་རྣམས་ནི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་མྱ་ངན་ལས་འདས་པ་ལ་ཡིད་གནས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེས་ཟིན་པའི་ཕྱིར་མྱ་ངན་ལས་འདས་པ་ལ་ཡང་ཡིད་མི་གནས་ན། དེ་དག་ལ་ཆགས་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་
དགོས། སྙིང་རྗེས་བྱམས་པ་ཁྱད་པར་དུ་འཕགས་པའི་ཚིགས་སུ་བཅད་པ་གསུམ་སྟེ། །ཁ་ན་མ་ཐོ་མེད་པའི་བྱམས་པ་གང་། །དེ་ནི་ཡོད་མིན་འཇིག་རྟེན་པ་ཡང་མིན། །བློ་ལྡན་རྣམས་ཀྱི་བརྩེ་བས་བྱམས་པ་ནི། །ཁ་ན་མ་ཐོ་མེད་ཅིང་འཇིག་རྟེན་འདས། །ཕ་མ་ལ་སོགས་པའི་བྱམས་པ་ནི་སྲེད་
པའི་རང་བཞིན་དང་། ཁ་ན་མ་ཐོ་བ་དང་བཅས་པའོ། །འཇིག་རྟེན་པའི་སྙིང་རྗེས་གནས་པ་རྣམས་ཀྱི་ཁ་ན་མ་ཐོ་བ་མེད་ཀྱང་། །འཇིག་རྟེན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ནི་སྙིང་རྗེའི་རང་བཞིན་དང་། ཁ་ན་མ་ཐོ་བ་མེད་པ་དང་། །འཇིག་རྟེན་ལས་འདས་པ་ཡིན་ནོ། །
ཇི་ལྟར་ཁ་ན་མ་ཐོ་བ་མེད་པ་ཡིན་ཞེ་ན། སྡུག་བསྔལ་དབའ་རྒལ་ཆེ་དང་མི་ཤེས་པའི། །མུན་པ་ཆེ་ལ་རྟེན་པར་གྱུར་པ་ཡི། །འཇིག་རྟེན་འདྲེན་པའི་ཐབས་གང་ཡིན་པ་དེ། །ཇི་ལྟར་ཁ་ན་མ་ཐོ་མེད་མི་འགྱུར། །སྡུག་བསྔལ་གྱི་དབའ་རྒལ་ཆེན་པོ་དང་། མི་ཤེས་པའི་མུན་པ་ཆེན་པོ་ལ་ཞེས་
བྱ་བར་སྦྱར་ཏེ། ལྷག་མ་ནི་དོན་གོ་བར་ཟད་དོ། །ཇི་ལྟར་ན་འཇིག་རྟེན་ལས་འདས་པ་ཡིན་ཞེ་ན། འཇིག་རྟེན་བྱང་ཆུབ་རང་སངས་རྒྱས་པ་ཡི། །དགྲ་བཅོམ་རྣམས་ལ་བྱམས་པ་དེ་མེད་ན། །དེ་ལས་གཞན་ལ་སྨོས་ཀྱང་ཅི་དགོས་པ། །ཇི་ལྟར་འཇིག་རྟེན་འདས་པ་མ་ཡིན་འགྱུར། །བྱང་ཆུབ་
Vol. 123 · folio 217b
སོ་སོར་སངས་རྒྱས་པ་ནི། བྱང་ཆུབ་རང་སངས་རྒྱས་པ་རྣམས་སོ། །ལྷ་མ་ནི་དོན་གོ་བར་ཟད་དོ། །སྐྲག་པ་ལ་མངོན་པར་དགའ་བའི་རྒྱུ་མཚན་གྱི་ཚིགས་སུ་བཅད་པ། བྱང་ཆུབ་སེམས་དཔའ་སྡུག་བསྔལ་མེད། །བརྩེ་བས་སྡུག་བསྔལ་འགྱུར་བ་གང་། །དེ་ལ་དང་པོར་ཀུན་ཏུ་སྐྲག །རེག་ནས་ཤིན་ཏུ་
མངོན་པར་དགའ། །སྡུག་བསྔལ་མེད་ཅེས་བྱ་བ་ནི། སེམས་ཅན་རྣམས་ལ་སྡུག་བསྔལ་མེད་པར་བྱ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྙིང་རྗེ་སྡུག་བསྔལ་སྐྱེ་བ་གང་ཡིན་པ་དེ་ལ་དང་པོར་ནི་ཀུན་ཏུ་སྐྲག་པར་འགྱུར་ཏེ། མོས་པས་སྤྱོད་པའི་ས་ལ་བདག་དང་གཞན་མི་མཉམ་པ་ཉིད་ཀྱིས་སྡུག་
བསྔལ་ལ་ཡང་དག་པ་ཇི་ལྟ་བ་བཞིན་མ་རེག་པའི་ཕྱིར་རོ། །ལྷག་པའི་བསམ་པ་རྣམ་པར་དག་པའི་ས་ལ་རེག་ནས་ནི་ཤིན་ཏུ་མངོན་པར་དགའོ། །སྙིང་རྗེའི་སྡུག་བསྔལ་གྱིས་བདེ་བ་ཟིལ་གྱིས་གནོན་པའི་ཚིགས་སུ་བཅད་པ། བརྩེ་བས་བསྐྱེད་པའི་སྡུག་བསྔལ་འཇིག་རྟེན་གྱི། །བདེ་བ་ཐམས་ཅད་
ཟིལ་གྱིས་གནོན་འགྱུར་ཞིང་། །དོན་བྱས་རྣམས་ཀྱང་དེ་དང་མི་ལྡན་གང་། །དེ་ལས་ངོ་མཚར་ཆེ་བ་ཅི་ཞིག་ཡོད། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེས་བསྐྱེད་པའི་སྡུག་བསྔལ་ཉིད་འདི་ལྟར་འཇིག་རྟེན་པའི་བདེ་བ་གང་ཡིན་པ་ཐམས་ཅད་ཟིལ་གྱིས་གནོན་པ་དེ་ལྟ་བུའི་བདེ་བར་འགྱུར་ཞིང་། དགྲ་
བཅོམ་པ་དོན་བྱས་པ་རྣམས་ཀྱང་བདེ་བ་དེ་དང་མི་ལྡན་ན་གཞན་དག་ལྟ་སྨོས་ཀྱང་ཅི་དགོས་པ་གང་ཡིན་པ་དེ་ལས་ངོ་མཚར་ཆེ་བ་ནི་མེད་དོ། །སྙིང་རྗེས་བྱས་པའི་སྦྱིན་པའི་ཕན་ཡོན་གྱི་ཚིགས་སུ་བཅད་པ། བརྟན་པའི་བརྩེ་དང་ལྡན་པའི་སྦྱིན་པ་ཡིས། །སྦྱིན་པའི་བདེ་བ་བྱེད་པ་གང་ཡིན་པ། །དེ་
ལ་ཁམས་གསུམ་ཉེ་བར་སྤྱད་རྣམས་ཀྱི། །བདེ་བ་དེ་ཡིས་ཆར་ཡང་མི་ཕོད་དོ། །བདེ་བ་དེ་ལ་འཇིག་རྟེན་གསུམ་གྱི་བདེ་བའི་ཉེ་བར་སྤྱད་པ་རྣམས་ཀྱིས་བདེ་བ་བྱས་པ་གང་ཡིན་པ་དེས་ཀྱང་ཆར་ཡང་མི་ཕོད་དོ་ཞེས་བྱ་བ་འདི་ནི་ཕྱེད་འོག་མའི་དོན་ཡིན་ཏེ། ལྷག་མ་ནི་དོན་གོ་བར་ཟད་དོ། །བརྩེ་
བས་སྡུག་བསྔལ་ཁས་ལེན་པའི་ཚིགས་སུ་བཅད་པ། སེམས་ཅན་དོན་ཕྱིར་བརྩེ་བས་སྡུག་བསྔལ་གྱི། །རང་བཞིན་འཁོར་བ་གང་ཡིན་མི་གཏོང་ན། །སྙིང་རྗེ་ཅན་རྣམས་གཞན་ལ་ཕན་པའི་ཕྱིར། །སྡུག་བསྔལ་ཅི་སྟེ་ཁས་ལེན་བྱེད་མི་འགྱུར། །སྡུག་བསྔལ་ཐམས་ཅད་ནི་འཁོར་བའི་
Vol. 123 · folio 218a
སྡུག་བསྔལ་གྱི་ཁོངས་སུ་གཏོགས་ཏེ། དེ་ཁས་བླངས་པས་སྡུག་བསྔལ་ཐམས་ཅད་ཁས་བླངས་པར་འགྱུར་རོ། །གསུམ་དང་དེ་དག་གི་འབྲས་བུ་འཕེལ་བའི་ཚིགས་སུ་བཅད་པ། བརྩེ་དང་ལྡན་པའི་སྙིང་རྗེ་སྦྱིན་པ་དང་། །ལོངས་སྤྱོད་དང་ནི་དེ་
ལས་བྱམས་པ་དང་། །རྗེས་སུ་བཟུང་བས་བསྐྱེད་དང་དེ་ཡི་མཐུས། །བྱམས་པའི་བདེ་བ་རྟག་ཏུ་འཕེལ་བར་འགྱུར། །བྱང་ཆུབ་སེམས་དཔའ་རྣམས་ལ་ཚེ་རབས་ཐམས་ཅད་དུ་གསུམ་འཕེལ་བར་འགྱུར་ཏེ། སྙིང་རྗེ་ལ་གོམས་པས་སྙིང་རྗེ་དང་། སྙིང་རྗེའི་དབང་
གིས་སྦྱིན་པ་དང་། སྦྱིན་པའི་དབང་གིས་ལོངས་སྤྱོད་དག་གོ། །གསུམ་པོ་དེ་དག་ལས་ཀྱང་འབྲས་བུ་བདེ་བ་རྣམ་པ་གསུམ་འབྱུང་སྟེ། སྙིང་རྗེ་ལས་བྱམས་པས་བསྐྱེད་པ་དང་། སྦྱིན་པ་ལས་སེམས་ཅན་རྗེས་སུ་འཛིན་པས་བསྐྱེད་པ་དང་། ལོངས་སྤྱོད་དག་ལས་
དེ་རྗེས་སུ་འཛིན་པར་བྱེད་པའི་མཐུས་བྱས་པའོ། །སྦྱིན་པ་ལ་སྤྲོ་བར་བྱ་བའི་ཚིགས་སུ་བཅད་པ། སྙིང་རྗེ་རྒྱས་པར་བྱ་ཞིང་འཕེལ་བར་བྱ། །སྦྱིན་པས་ཡོངས་སྨིན་བྱ་ཞིང་བདེ་བར་བྱ། །ཀུན་ཏུ་དྲང་བར་བྱ་ཞིང་བཀྲི་བྱ་ཞེས། །ཞེན་པ་རྣམས་ལ་རབ་ཏུ་སྨྲ་དང་འདྲ། །སྦྱིན་པ་ལ་
ཞེན་པ་རྣམས་ལ་ཞེས་བྱ་བར་སྦྱར་ཏེ། སྙིང་རྗེ་ནི་ཡོན་ཏན་དྲུག་པོ་ངོ་བོ་ཉིད་རྒྱས་པ་དང་། ལོངས་སྤྱོད་དག་གིས་དེ་སྤེལ་བ་དང་། སྦྱིན་པས་སེམས་ཅན་སྨིན་པར་བྱ་བ་དང་། སྦྱིན་པ་པོའི་བདེ་བ་བསྐྱེད་པ་དང་། བྱང་ཆུབ་ཆེན་པོའི་ཚོགས་ཀུན་ཏུ་འདྲེན་པ་དང་། བྱང་ཆུབ་ཆེན་པོ་
དང་ཉེ་བར་འཁྲིད་པས་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་ཞེན་པ་རྣམས་ལ་སྤྲོ་བ་བསྐྱེད་པ་དང་འདྲའོ། །གཞན་བདེ་བས་བདེ་བ་ཉམས་སུ་མྱོང་བའི་ཚིགས་སུ་བཅད་པ། །སྙིང་རྗེས་སྡུག་བསྔལ་དག་གིས་སྡུག་བསྔལ་བ། །བདེ་མ་བསྐྱེད་པར་གང་གིས་བདེ་བར་འགྱུར། །དེ་
ཕྱིར་བརྩེ་དང་ལྡན་པས་གཞན་བདེ་བ། །བསྐྱེད་ནས་བདག་ཉིད་བདེ་བར་བྱེད་པ་ཡིན། བྱང་ཆུབ་སེམས་དཔའ་སྙིང་རྗེས་གཞན་གྱི་སྡུག་བསྔལ་དག་གིས་སྡུག་བསྔལ་བ་དེ་ཇི་ལྟར་སེམས་ཅན་རྣམས་ལ་བདེ་བ་མ་བསྐྱེད་པར་བདེ་བར་འགྱུར། དེ་ལྟ་བས་ན་བྱང་ཆུབ་སེམས་
Vol. 123 · folio 218b
དཔའ་ནི་གཞན་དག་ལ་བདེ་བ་བསྐྱེད་ནས་བདག་ཉིད་བདེ་བར་བྱེད་པ་ཁོ་ནའོ་ཞེས་བྱ་བར་རིག་པར་བྱའོ། །བརྩེ་བས་སྦྱིན་པ་ལ་རྗེས་སུ་སྟོན་པའི་ཚིགས་སུ་བཅད་པ་དྲུག་སྟེ། སྙིང་རྗེ་ཅན་ནི་རྟག་ཏུ་རང་སྦྱིན་ལ། །སྟོན་དང་འདྲ་སྟེ་རང་བདེ་མི་འདོད་པ། །ལོངས་སྤྱོད་རྣམས་
ཀྱིས་གཞན་དག་བདེ་བར་གྱིས། །ཡང་ན་ཐ་དད་མིན་བདེ་བདག་ལ་འང་མིན། །སྙིང་རྗེ་ཅན་བདེ་བ་ནི་གཞན་གྱི་བདེ་བ་མེད་ན་མེད་དེ། དེ་ལྟ་བས་ན་བདེ་བ་ཐ་དད་པ་མ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ནི་དེ་མེད་པར་བདག་ཉིད་སྦྱིན་པའི་འབྲས་བུ་བདེ་བ་མི་འདོད་དོ། །དེ་བདེ་
བདེ་བ་བདག་གིས་སྦྱིན་པ་ནི། །འབྲས་དང་བཅས་ཏེ་སེམས་ཅན་རྣམས་ལ་བྱིན། །གལ་ཏེ་ཁྱོད་ཀྱིས་བདག་ལ་བྱ་བ་ཡོད། །དེ་དག་ཉིད་ལ་ཤིན་ཏུ་འབྲས་བུར་བྱོས། །གང་ཕྱིར་དེ་དག་བདེ་བ་ཉིད་བདག་གི་བདེ་བ་ཡིན་པས་བདེ་བ་སྦྱིན་པ་སྦྱིན་པར་བྱེད་པ་བདག་གིས་སྦྱིན་པ་དང་།
སྦྱིན་པའི་འབྲས་བུ་དེ་སེམས་ཅན་རྣམས་ལ་སྦྱིན་པ་དེའི་ཕྱིར་འབྲས་བུར་བྱ་བ་ཇི་སྙེད་ཡོད་པ་ཐམས་ཅད་དེ་དག་ཁོ་ན་ལ་འབྲས་བུར་བྱ་བར་རིག་པར་གྱིས་ཤིག་ཅེས་བྱང་ཆུབ་སེམས་དཔའ་སྙིང་རྗེས་སྦྱིན་པ་ལ་རྗེས་སུ་སྟོན་ཏོ། །སྦྱིན་པ་པོ་ནི་ལོངས་སྤྱོད་མི་འདོད་ཀྱང་། །ལོངས་སྤྱོད་
ཤིན་ཏུ་མང་ལ་བཟང་དང་ཕྲད། བདག་ནི་བདེ་བ་དེ་འདོད་མ་ཡིན་ཏེ། །འདི་ལྟར་བདག་ནི་སྦྱིན་ལ་བརྒྱུད་དང་ལྡན། །སྦྱིན་པ་པོ་ལོངས་སྤྱོད་ལ་རྒྱབ་ཀྱིས་ཕྱོགས་པ་ལ་ལོངས་སྤྱོད་ཤིན་ཏུ་མང་པོ་དང་། ཤིན་ཏུ་བཟང་པོ་དག་ཉེ་བར་གནས་ཏེ། སེམས་རྒྱ་ཆེ་བའི་ཕྱིར་དེ་ནི་ཆོས་ཉིད་
ཡིན་ནོ། །བདག་ནི་ལོངས་སྤྱོད་དག་དེ་ལྟར་ཉེ་བར་གནས་པའི་བདེ་བ་གང་ཡིན་པ་དེ་ནི་མི་འདོད་དེ། འདི་ལྟར་བདག་ནི་དེ་རྒྱུན་ཆགས་པར་འདོད་པའི་ཕྱིར་སྦྱིན་པ་ལ་བརྒྱུད་པ་དང་ལྡན་པ་ཡིན་གྱིས་བདེ་བ་ལ་ནི་མ་ཡིན་ནོ། །བདག་ནི་རྟག་ཏུ་བརྩེ་བས་བདོག་པ་ཀུན། །ཡོངས་སུ་
གཏོང་བ་གང་ཡིན་དེ་ལྟོས་ལ། །དེས་ན་ཁྱོད་ཀྱིས་བདག་ནི་དེའི་འབྲས་ལ། །དོན་གཉེར་མེད་པ་ཉིད་དུ་ཤེས་པར་བྱ། །བདག་ནི་རྟག་ཏུ་སྙིང་རྗེས་སྦྱིན་པའི་འབྲས་བུ་ཐམས་ཅད་ཡོངས་སུ་གཏོང་བ་དེ་ཉིད་ཀྱི་ཕྱིར་ཁྱོད་ཀྱིས་བདག་ལ་སྦྱིན་པའི་འབྲས་བུ་དོན་དུ་གཉེར་བ་མེད་པ་ཉིད་དུ་རིག་པར་
Vol. 123 · folio 219a
བྱའོ། །ཞེས་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་རྗེས་སུ་སྟོན་པར་བྱེད་དོ། །གལ་ཏེ་ཁྱོད་འབྲས་ཐོབ་པ་མི་གཏོང་ན། །སྦྱིན་ལ་མངོན་དགའ་ཡིན་པར་མི་འགྱུར་ཏེ། །འདི་ལྟར་སྐད་ཅིག་ཙམ་ཡང་སྦྱིན་མེད་ན། །སྦྱིན་ལ་མངོན་པར་དགའ་བ་ཉིད་མ་ཡིན། །ཞེས་བྱ་བ་
བའི་ཚིགས་སུ་བཅད་པ་ནི་དོན་གོ་བར་ཟད་དོ། །མ་བྱས་པ་ལ་འབྲས་བུ་མི་འབྱིན་ཏེ། །འདི་ལྟར་ལན་བལྟས་བདག་གི་ཆ་མ་ཡིན། །ཁྱོད་ནི་གང་ཞིག་ཁྱོད་བྱེད་པ་དེ་ལ་འབྲས་བུ་འབྱིན་ཏེ། དེ་ལྟ་བས་ན་ལན་ལ་ལྟ་བས་བདག་གི་ཆ་མ་ཡིན་གྱི། འདི་ལྟར་བདག་ནི། ཁྱོད་ཀྱི་
ལན་ལ་ལྟ་དང་བྲལ་བས་ན། །འབྲས་བུ་ཤིན་ཏུ་གཞན་ལ་གཏོང་བ་ཡིན། །འདི་ནི་དོན་གོ་བར་ཟད་དོ། །བརྩེ་བས་སྦྱིན་པའི་ཚིགས་སུ་བཅད་པ་གཉིས་ཏེ། རྒྱལ་སྲས་རྣམས་ཀྱི་བརྩེ་བས་སྦྱིན་པ་ནི། །ཁ་ན་མ་ཐོ་མེད་ཅིང་དག་པའི་གཞི། །བདེ་བ་འདྲེན་པར་བྱེད་པ་ཉིད་
དང་ནི། །རྗེས་སུ་བསྲུང་བཅས་ཚོལ་མེད་གོས་པ་མེད། །དེ་ལ་ཁ་ན་མ་ཐོ་བ་མེད་པ་ནི་གཞན་ལ་མི་གནོད་པར་སྦྱིན་པའི་ཕྱིར་རོ། །གཞི་དག་པ་ནི་དུག་དང་མཚོན་དང་ཆང་ལ་སོགས་པ་སྤངས་པའི་སྒོ་ནས་དངོས་པོ་རུང་བ་སྦྱིན་པའི་ཕྱིར་རོ། །བདེ་བ་བསྐྱེད་པ་ནི། སྦྱིན་པས་ཀུན་ཏུ་
བསྡུས་ནས་དགེ་བ་ལ་སྦྱོར་བའི་ཕྱིར་རོ། །རྗེས་སུ་བསྲུང་བ་དང་བཅས་པ་ནི་འཁོར་གྱི་སྐྱེ་བོ་ལ་མི་གནོད་པར་གཞན་ལ་སྦྱིན་པའི་ཕྱིར་རོ། །ཚོལ་བ་མེད་པ་ནི་མ་བསླངས་ཀྱང་དོན་དུ་གཉེར་བ་ཉིད་དམ། ཕོངས་པར་ཁོང་དུ་ཆུད་ནས་བདག་ཉིད་ཀྱིས་སྦྱིན་པའི་ཕྱིར་དང་། ཡོན་གནས་
མི་འདམ་པའི་ཕྱིར་རོ། །གོས་པ་མེད་པ་ནི། ལན་དང་རྣམ་པར་སྨིན་པ་ལ་དགའ་བ་མེད་པའི་ཕྱིར་རོ། །རྣམ་པ་གཞན་ཡང་། རྒྱལ་སྲས་རྣམས་ཀྱི་བརྩེ་བས་སྦྱིན་པ་ནི། མཐའ་དག་རྒྱ་ཆེ་གཙོ་དང་རྟག་པ་དང་། །དགའ་དང་ཟང་ཟིང་མེད་དང་དག་པ་དང་། །བྱང་ཆུབ་
ལ་གཞོལ་དགེ་ལ་གཞོལ་བ་ཡིན། །དེ་ལ་མཐའ་དག་ནི་ནང་དང་ཕྱིའི་དངོས་པོ་སྦྱིན་པའི་ཕྱིར་རོ། །རྒྱ་ཆེན་པོ་ནི་དངོས་པོ་མང་པོ་སྦྱིན་པའི་ཕྱིར་རོ། །གཙོ་བོ་ནི་དངོས་པོ་གྱ་ནོམ་པ་སྦྱིན་པའི་ཕྱིར་རོ། །རྟག་པ་ནི་ཡང་དང་ཡང་དུ་སྦྱིན་པའི་ཕྱིར་རོ། །དགའ་བ་ནི་སོ་སོར་བརྟགས་
Vol. 123 · folio 219b
པ་མེད་པར་རབ་ཏུ་དགའ་བས་སྦྱིན་པའི་ཕྱིར་རོ། །ཟང་ཟིང་མེད་པ་ནི་གོས་པ་མེད་པ་ཇི་ལྟ་བ་བཞིན་ནོ། །དག་པ་ནི་གཞི་དག་པ་ཇི་ལྟ་བ་བཞིན་ནོ། །བྱང་ཆུབ་ལ་གཞོལ་བ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པའི་ཕྱིར་རོ། །དགེ་བ་ལ་གཞོལ་བ་ནི་བདེ་བ་བསྐྱེད་པ་ཇི་ལྟ་བ་བཞིན་ནོ། །ཉེ་
བར་སྤྱོད་པའི་ཁྱད་པར་གྱི་ཚིགས་སུ་བཅད་པ། ཇི་ལྟར་བདེ་བ་གསུམ་གྱིས་ཚིམ་པའི་ཡིད། །བརྩེ་ལྡན་ཡོངས་སུ་གཏོང་བས་དགའ་འགྱུར་བས། །ལོངས་སྤྱོད་ཅན་དག་ཉེ་བར་སྤྱོད་པ་ཡིས། །དེ་ལྟར་དགའ་བར་འགྱུར་བ་མ་ཡིན་ནོ། །དེ་ལ་བདེ་བ་གསུམ་ནི་སྦྱིན་པས་དགའ་
བ་དང་། གཞན་རྗེས་སུ་འཛིན་པས་དགའ་བ་དང་། །བྱང་ཆུབ་ཀྱི་ཚོགས་རྫོགས་པས་དགའ་བའོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པའི་སྙིང་རྗེའི་ཚིགས་སུ་བཅད་པ། །བཀྲེན་ལ་བརྩེ་དང་མ་རུངས་པ་ལ་བརྩེ། །ཀུན་འཁྲུགས་ལ་བརྩེ་བག་མེད་
རྣམས་ལ་བརྩེ། །ཡུལ་གྱི་གཞན་དབང་ཅན་ལ་སྙིང་རྗེ་དང་། །ལོག་པར་མངོན་པར་ཞེན་ལ་སྙིང་རྗེ་བའོ། །དེ་ལ་བཀྲེན་པ་ནི་སེར་སྣ་ཅན་རྣམས་སོ། །མ་རུངས་པ་ནི་ཚུལ་ཁྲིམས་འཆལ་པ་གཞན་ལ་གནོད་པ་རྣམས་སོ། །ཀུན་ཏུ་འཁྲུགས་པ་ནི་ཁྲོ་བ་ཅན་རྣམས་སོ། །བག་མེད་པ་ནི་ལེ་ལོ་ཅན་རྣམས་སོ། །ཡུལ་གྱི་གཞན་
དབང་ཅན་ནི་འདོད་པ་དག་ལ་སེམས་རྣམ་པར་གཡེངས་པ་རྣམས་སོ། །ལོག་པར་མངོན་པར་ཞེན་པ་ནི། ཤེས་རབ་འཆལ་བ་མུ་སྟེགས་ཅན་ལ་སོགས་པའོ། །ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་ལ་གནས་པ་འདི་དག་ལ། སྙིང་རྗེ་བ་གང་ཡིན་པ་དེ་ནི་བཀྲེན་པ་ལ་སོགས་པ་
ལ་སྙིང་རྗེ་བ་ཡིན་ཏེ། དེ་ཡང་དེའི་མི་མཐུན་པའི་ཕྱོགས་རྣམ་པར་སུན་འབྱིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པར་བྱེད་པར་འགྱུར་རོ། །དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པའི་སྙིང་རྗེ་ཞེས་བྱའོ། །སྙིང་རྗེའི་རྐྱེན་བསྟན་པའི་ཚིགས་སུ་བཅད་པ། བདེ་དང་སྡུག་
བསྔལ་དེ་རྒྱུ་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེ་སྟེ། །རྒྱུ་དང་བཤེས་གཉེན་རང་བཞིན་ལས། །བྱང་ཆུབ་སེམས་དཔའི་སྙིང་རྗེའོ། །དེ་ལ་ཕྱེད་གོང་མས་ནི་སྙིང་རྗེའི་དམིགས་པའི་རྐྱེན་སྟོན་ཏེ། ཚོར་བ་རྣམ་པ་གསུམ་ལ་དམིགས་ནས་སྡུག་བསྔལ་ཉིད་གསུམ་གྱིས་སྙིང་རྗེ་བར་
Vol. 123 · folio 220a
བྱེད་པའི་ཕྱིར་རོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ནི་བདེ་བ་དང་སྡུག་བསྔལ་དག་གི་རྒྱུ་ཡིན་ཏེ། ཡང་དེ་དག་འདྲེན་པའི་ཕྱིར་རོ། །ཕྱེད་འོག་མས་ནི་གོ་རིམས་བཞིན་དུ་རྒྱུ་དང་བཤེས་གཉེན་དང་རང་བཞིན་དག་གིས་སྙིང་རྗེའི་རྒྱུ་དང་བདག་པོ་དང་
མཚུངས་པ་དེ་མ་ཐག་པའི་རྐྱེན་རྣམས་སྟོན་ཏོ། །སྙིང་རྗེ་ཆེན་པོ་ཉིད་ཀྱི་ཚིགས་སུ་བཅད་པ། བྱང་ཆུབ་སེམས་དཔའི་སྙིང་རྗེ་ནི། །མཉམ་པར་ཤེས་བྱ་དེ་བསམ་ཕྱིར། །སྒྲུབ་ཕྱིར་འདོད་ཆགས་བྲལ་ཕྱིར་དང་། །མི་དམིགས་ཕྱིར་དང་དག་ཕྱིར་རོ། །དེ་ལ་མཉམ་པ་ནི་ཚོར་བ་རྣམ་པ་གསུམ་
ཅར་གྱི་གནས་སྐབས་སུ་གང་ཅི་ཚོར་བ་དེ་ནི་འདིར་སྡུག་བསྔལ་བའོ་ཞེས་བྱ་བར་རིག་པའི་ཕྱིར་རོ། །དེ་ཡང་བསམ་པའི་ཕྱིར་ནི་སེམས་གྱིས་སྙིང་རྗེ་བའི་ཕྱིར་རོ། །སྒྲུབ་པའི་ཕྱིར་ནི་དེ་ཡོངས་སུ་སྐྱོབ་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བའི་ཕྱིར་ནི་དེའི་མི་མཐུན་པའི་ཕྱོགས་རྣམ་པར་འཚེ་བ་
སྤངས་པའི་ཕྱིར་རོ། །མི་དམིགས་པའི་ཕྱིར་ནི་བདག་དང་གཞན་དང་སྙིང་རྗེར་མི་དམིགས་པའི་ཕྱིར་རོ། །རྣམ་པར་དག་པའི་ཕྱིར་ནི། ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་རོ། །རང་གི་སེམས་ཀྱི་བྱམས་ལ་སོགས། །བསྒོམ་པ་ཆོས་ལ་མོས་པ་དང་། །བསམ་
དང་དབང་འབྱོར་ཉིད་དང་ནི། །རྣམ་པར་མི་རྟོག་གཅིག་ཕྱིར་མཆོག །ཅེས་བྱ་བའི་དོན་ནི་གང་དུ་བཤད་པའི་རྗེས་སུ་འབྲངས་ཏེ་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་བཅོམ་ལྡན་འདས་ལ་དང་བ་རབ་སྐྱེས་ཤིང་། །རྫས་དང་བཀུར་སྟི་ཆེན་པོས་ཤིན་ཏུ་རྒྱུན་མཆོད་ལྡན། །ཡོན་ཏན་མང་ལྡན་ཕན་
བྱེད་བཤེས་ལ་རྟག་བསྟེན་པ། །འགྲོ་ལ་རྗེས་སུ་བརྩེ་བ་གྲུབ་པ་ཀུན་ཐོབ་འགྱུར། །འདིས་ནི་ཇི་སྐད་བཤད་པའི་མཆོད་པ་དང་བསྟན་པ་དང་ཚད་མེད་པ་རྣམས་ཀྱི་གོ་རིམས་དང་ཡོན་ཏན་མདོར་བསྡུས་ནས་སྟོན་ཏེ། རྫས་དང་བཀུར་སྟི་ཆེན་པོས་ཤིན་ཏུ་རྟག་ཏུ་མཆོད་པ་ནི་རྫས་དང་བཀུར་སྟི་ཆེན་པོས་
ཤིན་ཏུ་རྒྱུན་དུ་མཆོད་པ་དང་ལྡན་པ་སྟེ། །བཀུར་སྟི་ནི་ཡང་དག་པའི་སྒྲུབ་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་རྙེད་པ་དང་བཀུར་སྟི་དང་སྒྲུབ་པའི་མཆོད་པ་དང་ལྡན་པ་ཡིན་ནོ། །ཡོན་ཏན་མང་པོ་དང་ལྡན་པ་ནི་དེ་ལས་གཞན་པ་དག་དང་ངོ་། །ཕན་པར་བྱེད་པ་ནི་རྗེས་སུ་བརྩེ་བར་བྱེད་པ་ཉིད་
Vol. 123 · folio 220b
ཀྱིས་རིག་པར་བྱའོ། །གྲུབ་པ་ཀུན་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་རང་དང་གཞན་གྱི་དོན་གྲུབ་པ་འཐོབ་པར་འགྱུར་བའོ། །མཆོད་པ་དང་བསྟན་པ་དང་ཚད་མེད་པའི་སྐབས་རྫོགས་སོ།། །།ངོ་ཚ་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཅུ་དྲུག་སྟེ། །ངོ་ཚ་མི་མཐུན་ཕྱོགས་སྤངས་དང་། །
རྣམ་པར་མི་རྟོག་ཡེ་ཤེས་ལྡན། །ཁ་ན་མ་ཐོ་མེད་དམན་ཡུལ། །སེམས་ཅན་སྨིན་བྱེད་བརྟན་པའི་ཡིན། །འདིས་ནི་ངོ་བོ་ཉིད་དང་། གྲོགས་དང་། དམིགས་པ་དང་། ལས་ཕུན་སུམ་ཚོགས་པས་བྱང་ཆུབ་སེམས་དཔའི་ངོ་ཚ་བའི་མཚན་ཉིད་རྣམ་པ་བཞི་སྟོན་ཏེ། ཡུལ་ཁ་ན་མ་ཐོ་བ་མེད་ཅིང་དམན་
པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་སྟེ། དེ་ནི་ཁ་ན་མ་ཐོ་བ་མེད་པ་ཡང་ཡིན་ལ། ཐེག་པ་ཆེན་པོ་བས་དམན་པ་ཡང་ཡིན་པས་དེས་ཀྱང་བྱང་ཆུབ་སེམས་དཔའ་ངོ་ཚའོ། །ཇི་ལྟར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཅེ་ན། །ངོ་ཚ་བ་དེ་ཉིད་ལ་གཞན་དག་རབ་ཏུ་འགོད་
པའི་ཕྱིར་རོ། །ཕ་རོལ་ཕྱིན་པ་དྲུག་པོ་ཡི། །མི་མཐུན་ཕྱོགས་ནི་འཕེལ་བ་དང་། །གཉེན་པོ་འགྲིབ་པས་བྱང་ཆུབ་སེམས། །མི་བཟད་ངོ་ཚ་སྐྱེ་བར་འགྱུར། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕེལ་བ་དང་འགྲིབ་པས་ངོ་ཚ་བ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་འཕེལ་བ་དང་།
དེའི་གཉེན་པོ་ཡོངས་སུ་འགྲིབ་པས་ཤིན་ཏུ་ངོ་ཚ་བ་སྐྱེ་བའི་ཕྱིར་རོ། །བརྟན་རྣམས་ཕ་རོལ་ཕྱིན་པ་དྲུག །བསྟེན་པ་ལ་ནི་ལེ་ལོ་དང་། །ཉོན་མོངས་རྗེས་སུ་མཐུན་ཆོས་ལ། །སྦྱོར་བ་ལས་ཀྱང་ངོ་ཚར་འགྱུར། །འདི་ནི་མི་སྦྱོར་བ་དང་སྦྱོར་བས་ངོ་ཚ་བ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ལ་
མི་སྦྱོར་བ་དང་། ཉོན་མོངས་པ་དང་མཐུན་པའི་ཆོས་དབང་པོའི་སྒོམ་བསྡམས་པ་ལ་སོགས་པ་ལ་སྦྱོར་བས་ངོ་ཚ་བ་སྐྱེ་བའི་ཕྱིར་རོ། མཉམ་གཞག་ངོ་བོ་ཉིད་མིན་ཆུང་། །འབྲིང་དང་དམན་པའི་ས་པ་དང་། །བསམ་པ་དམན་དང་ངར་བཅས་པའི། །ངོ་ཚ་དམན་དེ་ལས་གཞན་ལྷག །འདི་ནི་ངོ་
ཚ་བ་ཆུང་ངུ་དང་ཆེན་པོ་སྟེ། ཚིགས་སུ་བཅད་པ་འདིའི་དོན་ནི། སྔར་བཤད་པའི་རྗེས་སུ་འབྲངས་ནས་ཁོང་དུ་ཆུད་པར་བྱའོ། །འདི་མན་ཆད་ཚིགས་སུ་བཅད་པ་བཞི་དང་གསུམ་གྱིས་གོ་རིམས་བཞིན་དུ་ངོ་ཚ་བའི་མི་མཐུན་པའི་ཕྱོགས་དང་། ངོ་ཚ་བའི་སྐྱོན་དང་། ཡོན་ཏན་གྱི་དབྱེ་བ་སྟོན་
Vol. 123 · folio 221a
ཏོ། །བློ་ལྡན་ངོ་ཚ་མེད་པ་ནི། །ཚུལ་བཞིན་མིན་པས་ཉོན་མོངས་དག །དང་དུ་ལེན་ཅིང་ཁོང་ཁྲོ་དང་། །ཡལ་བར་འདོར་དང་ང་རྒྱལ་གྱིས། །སེམས་ཅན་རྣམས་དང་ཚུལ་ཁྲིམས་འཇོམས། །ཞེས་བྱ་བ་འདིས་ནི་བདག་ཉིད་ལ་ཡང་གནོད་པར་བྱེད་ལ། གཞན་ལ་
ཡང་གནོད་པར་བྱེད། གཉི་ག་ལ་ཡང་གནོད་པར་བྱེད་ཅེས་བསྟན་ཏོ། །ཚུལ་བཞིན་མ་ཡིན་བ་ཞེས་བྱ་བ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་སོ། །ཡལ་བར་འདོར་བས་ཇི་ལྟར་སེམས་ཅན་རྣམས་འཇོམས་ཤེ་ན། སེམས་ཅན་གྱི་དོན་ལ་བག་མེད་པའི་ཕྱིར་རོ། །འགྱོད་པས་ཉམས་དང་
བཅས་འགྱུར་ཞིང་། །བཀུར་སྟིས་དམན་པ་འཐོབ་འགྱུར་དེས། །དད་ལྡན་མི་མིན་ཚོགས་དང་ནི། །སྟོན་པས་ཀྱང་ནི་བཏང་སྙོམས་མཛད། །རྒྱལ་སྲས་ཆོས་དང་མཐུན་རྣམས་ཀྱིས། །རྣམ་པར་སྨོད་ཅིང་འཇིག་རྟེན་ལས། །མཐོང་བའི་ཆོས་ལ་མི་སྙན་འཐོབ། །གཞན་དུ་ཕྱིར་ཞིང་
མི་ཁོམ་སྐྱེ། །ཞེས་བྱ་བ་འདིས་མི་མཐོང་བའི་ཆོས་ཀྱི་ཁ་ན་མ་ཐོ་བ་འཕེལ་ལོ་ཞེས་སྟོན་ཏེ། གོ་རིམས་བཞིན་དུ་བདག་ཉིད་དང་། །གཞན་དང་ལྷ་དང་སྟོན་པ་དག་སྨོད་པའི་ཕྱིར་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དང་། ཆོས་ཉིད་ཀྱིས་རྣམ་པར་སྨོད་པའི་ཕྱིར་དང་། ཕྱོགས་
དང་ཕྱོགས་མཚམས་སུ་ཡང་སྡིག་པ་ཅན་གྱི་མི་སྙན་པ་འབྱུང་བའི་ཕྱིར་རོ། །གཞན་དུ་ཕྱིར་ཞིང་མི་ཁོམ་སྐྱེ། །ཞེས་བྱ་བ་འདིས་ནི་ཚེ་ཕྱི་མའི་ཁ་ན་མ་ཐོ་བ་འཕེལ་ལོ་ཞེས་བསྟན་ཏེ། མི་ཁོམ་པ་རྣམས་སུ་སྐྱེ་བའི་ཕྱིར་རོ། །དེས་ན་ཆོས་དཀར་ཐོབ་པ་དང་། །མ་ཐོབ་པ་ལས་རྣམ་ཉམས་
འགྱུར། །ཞེས་བྱ་བ་འདིས་ནི་མཐོང་བའི་ཆོས་དང་ཚེ་ཕྱི་མའི་ཁ་ན་མ་ཐོ་བ་འཕེལ་ལོ་ཞེས་བསྟན་ཏེ། དགེ་བའི་ཆོས་ཐོབ་པ་ལས་ཡོངས་སུ་ཉམས་པ་དང་། མ་ཐོབ་པ་ལས་ཡོངས་སུ་ཉམས་པ་དང་། གོ་རིམས་བཞིན་ནོ། །དེ་ཕྱིར་སྡུག་བསྔལ་གནས་པ་དང་། །ཡིད་ཀྱང་རྣལ་དུ་མི་གནས་འགྱུར། །
ཞེས་བྱ་བ་འདིས་ནི་དེ་ལས་སྐྱེས་པའི་སེམས་ཀྱི་སྡུག་བསྔལ་དང་ཡིད་མི་བདེ་བ་སོ་སོར་མྱོང་བར་འགྱུར་རོ་ཞེས་བསྟན་ཏོ། །རྒྱལ་སྲས་ངོ་ཚ་ལྡན་རྣམས་ལ། །ཉེས་པ་འདི་དག་ཀུན་མི་འབྱུང་། །ཞེས་བྱ་བ་འདི་ནས་བཟུང་སྟེ་ངོ་ཚ་བའི་ཡོན་ཏན་ཡིན་པར་རིག་པར་བྱ་སྟེ། འདི་ལྟར་ཉེས་པ་འདི་
Vol. 123 · folio 221b
དག་ཀྱང་མི་འབྱུང་བས་སོ། །མཁས་པ་རྟག་ཏུ་ལྷ་དག་དང་། །མི་རྣམས་སུ་ནི་ཡང་དག་སྐྱེ། །ཞེས་བྱ་བ་འདི་ནི་དེའི་རྣམ་པར་སྨིན་པའི་འབྲས་བུ་ཡིན་ནོ། །བློ་ལྡན་ངོ་ཚས་མྱུར་དུ་ནི། །རྫོགས་པའི་བྱང་ཆུབ་ཚོགས་རྫོགས་བྱེད། །ཅེས་བྱ་བ་འདི་ནི་བདག་པོའི་འབྲས་བུའོ། །རྒྱལ་བའི་སྲས་
ནི་སེམས་ཅན་རྣམས། །སྨིན་བྱེད་སྐྱོ་བར་མི་འགྱུར་ཉིད། །ཅེས་བྱ་བ་འདི་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ནོ། །དེ་རྟག་མི་མཐུན་ཕྱོགས་དང་ནི། །གཉེན་པོ་བྲལ་དང་མི་འབྲལ་འགྱུར། །ཞེས་བྱ་བ་འདིས་ནི་བྲལ་བ་དང་རྒྱུ་མཐུན་པའི་འབྲས་བུ་དག་བསྟན་ཏེ། འདི་ལྟ་སྟེ། མི་མཐུན་
པའི་ཕྱོགས་དང་བྲལ་བ་ཉིད་དང་གཉེན་པོ་དང་མ་བྲལ་བ་ཉིད་དོ། །དེ་ལྟར་རྒྱལ་སྲས་ངོ་ཚ་ལྡན། །ཕན་ཡོན་དེ་དག་འཐོབ་པར་འགྱུར། །ཞེས་བྱ་བས་ནི། ཇི་སྐད་བཤད་པའི་ཉེས་པ་མེད་པ་དང་ཡོན་ཏན་དང་ལྡན་པ་འཐོབ་བོ་ཞེས་བསྟན་ཏོ། །བྱིས་པ་ཤིན་ཏུ་གོས་བཟང་གྱོན་ཡང་ནི། །ཁྲེལ་
དང་བྲལ་ཕྱིར་ཉེས་པས་དྲི་མ་ཅན། །རྒྱལ་སྲས་ངོ་ཚ་ཤེས་པའི་གོས་ཅན་ནི། །དགབ་པ་མེད་ཀྱང་ཉེས་པའི་དྲི་མ་བྲལ། །འདིས་ནི་ངོ་ཚ་མེད་པ་ནི་དེ་ལས་གཞན་པའི་གོས་གྱོན་ཡང་ཉེས་པས་དྲི་མ་ཅན་ཡིན་པའི་ཕྱིར་ལ། ངོ་ཚ་དང་ལྡན་པ་ནི་གཅེར་བུར་འདུག་ཀྱང་དྲི་མ་མེད་པའི་ཕྱིར། ངོ་ཚ་ནི་གོས་
ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་སྟོན་ཏོ། །རྒྱལ་བའི་སྲས་ནི་ཁྲེལ་དང་ལྡན་གྱུར་པ། །ནམ་མཁའ་བཞིན་དུ་ཆོས་ཀྱིས་མི་གོས་འགྱུར། །ཆོས་ཀྱིས་ཞེས་བྱ་བ་ནི་འཇིག་རྟེན་པའི་ཆོས་རྣམས་སོ། །རྒྱལ་སྲས་རྣམས་ཀྱི་ནང་དུ་འདུས་གྱུར་པ། །ངོ་ཚ་ཤེས་པས་བརྒྱན་པ་མཛེས་པ་ཡིན། །
ཚིགས་སུ་བཅད་པ་འདིས་ནི་ངོ་ཚ་བ་ནམ་མཁའ་དང་རྒྱན་དང་འདྲ་བ་ཉིད་དུ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ངོ་ཚ་བས། །གདུལ་བ་རྣམས་ལ་མ་བཞིན་བྱམས་པ་ཉིད། །བསྐྱབ་པར་བྱ་བའི་སེམས་ཅན་ཡལ་བར་བོར་ན་ངོ་ཚ་བའི་ཕྱིར་རོ། །ངོ་ཚ་བ་ནི་ཉེས་པ་ཐམས་ཅད་ལས། །
འཁོར་བ་ཀུན་ཏུ་སྲུང་བར་བྱེད་པའང་ཡིན། །གླང་པོ་ཆེ་དང་རྟའི་ཚོགས་ལ་སོགས་པ་དང་འདྲ་བའི་ཕྱིར་རོ། །གོས་ལ་སོགས་པའི་དཔེ་འདི་རྣམས་ཀྱིས་ངོ་ཚ་བས་གནས་པ་ན་ཉོན་མོངས་པའི་གཉེན་པོ་ཉིད་དང་། རྒྱུ་བ་ན་འཇིག་རྟེན་གྱི་ཆོས་ཀྱི་གཉེན་པོ་ཉིད་དང་ཆོས་མཐུན་པ་དང་།
Vol. 123 · folio 222a
གནས་པ་དང་མཐུན་པ་ཉིད་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་མཐུན་པ་ཉིད་དང་། ཉོན་མོངས་པ་ཅན་མ་ཡིན་པར་འཁོར་བ་དང་མཐུན་པ་ཉིད་སྟོན་ཏོ། །ཀུན་ལ་དང་དུ་ལེན་པ་དང་། །ཀུན་ལ་དང་དུ་མི་ལེན་ཞིང་། །ཀུན་ལ་མི་འཇུག་འཇུག་པ་ནི། །ཁྲེལ་ལྡན་
ཁྲེལ་བས་བྱས་པའི་རྟགས། །འདིས་ནི་ངོ་ཚ་བ་དང་ལྡན་པའི་རྟགས་ངོ་ཚ་བས་བྱས་པ་རྣམ་པ་བཞི་སྟོན་ཏེ། འདི་ལྟ་སྟེ། ཉེས་པ་ཐམས་ཅད་ལ་དང་དུ་མི་ལེན་ཞིང་མི་འཇུག་པ་དང་། ཡོན་ཏན་ཐམས་ཅད་ལ་དང་དུ་ལེན་ཞིང་འཇུག་པའོ། །རང་གི་སེམས་ཀྱིས་ཁྲེལ་སྒོམ་པ། ཆོས་ལ་མོས་དང་བསམ་པ་དང་། །
དབང་འབྱོར་བ་དང་མི་རྟོག་དང་། །གཅིག་པ་ཉིད་ཀྱིས་གཙོ་བོ་ཡིན། །ཞེས་བྱ་བ་འདིའི་བཤད་པ་ནི་སྔ་མ་བཞིན་ནོ། །བརྟན་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བདུན་ཏེ། བྱང་ཆུབ་སེམས་དཔའི་བརྟེན་པ་ནི། །དེ་ལས་གཞན་པ་ཐམས་ཅད་ལས། །མཚན་ཉིད་དང་ནི་རབ་དབྱེ་དང་། །མི་
འགྱུར་བས་ནི་ཁྱད་པར་འཕགས། །བརྩོན་འགྲུས་ཏིང་འཛིན་ཤེས་རབ་ནི། །སྙིང་སྟོབས་སྲན་ཐུབ་བརྟན་པར་འདོད། །གང་ཕྱིར་གསུམ་གྱིས་བྱང་ཆུབ་སེམས། །འཇིགས་པ་མེད་པར་རབ་ཏུ་འཇུག །འདིས་ནི་བརྟན་པའི་མཚན་ཉིད་རྣམ་གྲངས་དང་བཅས་སྒྲུབ་པ་དང་བཅས་པར་བཤད་དེ།
བརྩོན་འགྲུས་ལ་སོགས་པ་ནི་མཚན་ཉིད་དོ། །སྙིང་སྟོབས་ལ་སོགས་པ་ནི་རྣམ་གྲངས་སོ། །ལྷག་མ་ནི་སྒྲུབ་པའོ། །ཇི་ལྟར་གསུམ་པོ་འདིས་འཇིགས་པ་མེད་པར་རབ་ཏུ་འཇུག་ཅེ་ན། ཞུམ་དང་གཡོ་དང་རྨོངས་པ་ཡིས། །བྱ་བ་རྣམས་ལ་འཇིགས་པ་སྐྱེ། །དེ་ཕྱིར་གཉུག་མ་གསུམ་ལ་ནི། །
བརྟན་པའི་མིང་དུ་ཤེས་པར་བྱ། །བྱ་བ་ཐམས་ཅད་ལ་འཇིགས་པ་ནི་ཡང་ན་ནི་ཞུམ་པའི་སེམས་ཀྱིས་སྐྱེ་སྟེ། དེ་ལ་མི་སྤྲོ་བའི་ཕྱིར་རོ། །ཡང་ན་ནི་གཡོ་བའི་སེམས་ཀྱིས་ཏེ། སེམས་རྣལ་དུ་མི་གནས་པའི་ཕྱིར་རོ། །ཡང་ན་ནི་རྨོངས་པས་ཏེ། དེའི་ཐབས་མི་ཤེས་པའི་ཕྱིར་རོ། །དེ་དག་གི་
གཉེན་པོར་ནི་གོ་རིམས་བཞིན་དུ་བརྩོན་འགྲུས་ལ་སོགས་པ་སྟེ། དེ་ལྟ་བས་ན་བརྩོན་འགྲུས་ལ་སོགས་པ་གཉུག་མ་གསུམ་ལ་བརྟན་པ་ཞེས་བྱ་བར་རིག་པར་བྱའོ། །གཉུག་མ་ཞེས་བྱ་བ་ནི་སོ་སོར་བརྟག་པ་མེད་པར་བྱེད་པའོ། །རང་བཞིན་དང་ནི་སྨོན་ལམ་དང་། །ལྟ་བ་མེད་པ་ཉིད་དང་ནི། །
Vol. 123 · folio 222b
སེམས་ཅན་ལོག་པར་སྒྲུབ་པ་དང་། །ཟབ་ཅིང་རྒྱ་ཆེ་ཐོས་པ་དང་། །གདུལ་བྱ་གདུལ་བར་དཀའ་བ་དང་། །རྒྱལ་སྐུ་བསམ་གྱིས་མི་ཁྱབ་དང་། །དཀའ་བ་དག་ནི་སྣ་ཚོགས་དང་། །འཁོར་བ་གཏོང་བ་མེད་ཉིད་དང་། །དེ་ཉིད་ཉོན་མོངས་མེད་པ་ལ། །བརྟན་པའི་བརྟན་པ་སྐྱེ་བ་ནི། །དེ་ལས་གཞན་
དང་མི་མཚུངས་ཏེ། །བརྟན་ལྡན་རྣམས་ཀྱི་མཆོག་ཏུ་འདོད། །ཚིགས་སུ་བཅད་པ་གསུམ་པོ་འདིས་ནི་བརྟན་པའི་རབ་ཏུ་དབྱེ་བ་སྟོན་ཏེ། གོ་རིམས་བཞིན་དུ་རིགས་དང་། སེམས་བསྐྱེད་པ་དང་། རང་གི་དོན་དང་། གཞན་གྱི་དོན་དང་། དེ་ཁོ་ན་ཉིད་ཀྱི་དོན་དང་། མཐུ་དང་། སེམས་
ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། བྱང་ཆུབ་མཆོག་གི་སྒོ་ནས་སོ། །དེ་ལ་མི་ལྟ་བ་ཉིད་ནི་རང་གི་དོན་ལ་ཞུགས་པ་ལུས་དང་སྲོག་ལ་མི་ལྟ་བ་ཉིད་ལས་རིག་པར་བྱའོ། །ཡང་དཀའ་བ་སྤྱོད་པ་དང་། བསམས་བཞིན་དུ་སྲིད་པར་སྐྱེ་བ་དང་། དེ་ན་ཀུན་ནས་ཉོན་མོངས་བ་མེད་པའི་སྒོ་ནས་ཀྱང་
རབ་ཏུ་དབྱེ་བ་ཡིན་ནོ། །ཕྱེ་མ་ལེབ་དང་འདབ་ཆགས་དང་། །རྒྱ་མཚོ་དག་གིས་རི་རབ་ལྟར། །བརྟན་པ་གྲོགས་ངན་སྡུག་བསྔལ་དང་། །ཟབ་མོ་ཐོས་པས་མི་གཡོས་སོ། །འདིས་ནི་བྱང་ཆུབ་སེམས་དཔའི་བརྟན་པའི་མི་འགྱུར་བ་ཉིད་སྟོན་ཏེ། དཔེ་གསུམ་ནི་གསུམ་གྱིས་མི་གཡོས་པ་དང་
གོ་རིམས་བཞིན་དུ་རིག་པར་བྱའོ། །མི་སྐྱོ་བའི་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། བྱང་ཆུབ་མི་སྐྱོ་མཉམ་མེད་པ། །གཞི་གསུམ་ཐོས་པས་མི་ངོམས་དང་། །བརྩོན་འགྲུས་ཆེ་དང་སྡུག་བསྔལ་ལ། །ཁྲེལ་དང་བརྟན་ལ་བརྟན་པ་སྟེ། །བྱང་ཆུབ་ཆེ་ལ་འདུན་པ་དྲག །
བློ་ལྡན་རྣམས་ཀྱི་མི་སྐྱོ་བ། །ས་རྣམས་ལ་ནི་མ་རྫོགས་དང་། །རྫོགས་དང་ཤིན་ཏུ་རྫོགས་པར་འདོད། །འདི་གཉིས་ཀྱིས་ནི་གཞི་དང་། རྟེན་དང་། ངོ་བོ་ཉིད་དང་། རབ་ཏུ་དབྱེ་བའི་སྒོ་ནས་མི་སྐྱོ་བ་བསྟན་ཏེ། གཞི་གསུམ་ནི་ཐོས་པས་མི་ངོམས་པ་དང་། ཡུན་རིང་པོར་བརྩོན་འགྲུས་རྩོམ་
པ་དང་། འཁོར་བའི་སྡུག་བསྔལ་ལའོ། །ཁྲེལ་ཡོད་པ་དང་བརྟན་པ་ལ་བརྟེན་ནས་དེ་དག་གིས་སྐྱོ་བ་སྐྱེས་ནས་ངོ་ཚ་ཞིང་མི་སྐྱོ་བར་ཡང་བྱེད་དོ། །བྱང་ཆུབ་ཆེན་པོ་ལ་འདུན་པ་དྲག་པོ་ཞེས་བྱ་བ་ནི་ངོ་བོ་ཉིད་དེ། འདུན་པ་ལོག་ན་སྐྱོ་བར་འགྱུར་བས་སོ། །མ་རྫོགས་པ་ནི་མོས་པས་སྤྱོད་པའི་ས་
Vol. 123 · folio 223a
ལའོ། །རྫོགས་པ་ནི་ས་བདུན་པོ་དག་ལའོ། །ཤིན་ཏུ་རྫོགས་པ་ནི་དེ་ཡན་ཆད་ཀྱི་ས་ལ་སྟེ་འདི་ནི་རབ་ཏུ་དབྱེ་བ་ཡིན་ནོ། །བསྟན་བཅོས་ཤེས་པ་ཉིད་ཀྱིས་ཚིགས་སུ་བཅད་པ་གཉིས་ཏེ། བརྟན་པའི་བསྟན་བཅོས་ཤེས་པ་ཉིད། །གཞི་དང་ཆེད་དུ་བྱ་བ་དང་། །ལས་
དང་མཚན་ཉིད་དག་དང་ནི། །མི་ཟད་ཉིད་དང་འབྲས་བུ་ནི། །ཡང་དག་འགྲུབ་པས་ཁྱད་པར་འཕགས། །ཏིང་ངེ་འཛིན་དང་གཟུངས་སྒོས་བསྡུས། །སེམས་ཅན་སྨིན་པར་བྱེད་པ་དང་། །དམ་ཆོས་འཛིན་པར་བྱེད་པའང་ཡིན། །དེ་ལ་བསྟན་བཅོས་ཤེས་པ་ཉིད་ཀྱི་གཞི་ནི་རིག་པའི་གནས་ལྔ་
སྟེ། ནང་རིག་པ་དང་། གཏན་ཚིགས་རིག་པ་དང་། སྒྲ་རིག་པ་དང་། གསོ་བ་རིག་པ་དང་། བཟོའི་ལས་ཀྱི་གནས་རིག་པའོ། །ཆེད་དུ་བྱ་བ་ནི། རང་དང་གཞན་གྱི་དོན་བྱ་བའོ། །ལས་ནི་གཞི་དང་པོ་ལ་བདག་ཉིད་སྒྲུབ་ཅིང་གཞན་དག་ལ་ཡང་དེ་ཡང་དག་པར་སྟོན་པ་དང་། གཉིས་པ་ལ་དེའི་
སྐྱོན་ཡོངས་སུ་ཤེས་ཤིང་ཕ་རོལ་རྒོལ་བ་ཚར་བཅད་པ་དང་། གསུམ་པ་ལ་བདག་ཉིད་ངེས་པའི་ཚིག་བཟང་པོ་བརྗོད་ཅིང་གཞན་ཡིད་ཆེས་པར་བྱེད་པ་དང་། བཞི་པ་ལ་གཞན་དག་གི་ནད་རབ་ཏུ་ཞི་བར་བྱེད་པ་དང་། ལྔ་པ་ལ་གཞན་དག་ལ་དེ་བགོ་བཤའ་བྱེད་པའོ། །བསྟན་བཅོས་ཤེས་པ་ཉིད་
ཀྱི་མཚན་ཉིད་ནི་གཞི་ལྔ་པོ་འདི་དག་ཉིད་ཐོས་ཤིང་འཛིན་པ་དང་། ཚིག་གིས་བྱང་བ་དང་། ཡིད་ཀྱིས་བརྟག་པ་དང་། མཐོང་བས་ལེགས་པར་རྟོགས་པ་དག་ཡིན་ཏེ། ཐོས་ནས་གོ་རིམས་བཞིན་དུ་དེ་འཛིན་པ་དང་། ཁ་ཏོན་བྱེད་པ་དང་། ཅི་རིགས་པར་དེ་དག་གི་སྐྱོན་དང་ཡོན་ཏན་ཁོང་དུ་ཆུད་
པའི་སྒོ་ནས་རབ་ཏུ་དང་བའི་ཡིད་ཀྱིས་དོན་སེམས་པ་དང་། ལེགས་པར་བཤད་པ་དང་ཉེས་པར་བཤད་པ་དམིགས་ཕྱེད་པའི་ཕྱིར་རོ། །མི་ཟད་པ་ཉིད་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་མི་ཟད་པའི་ཕྱིར་རོ། །འབྲས་བུ་ཡང་དག་པར་འགྲུབ་པ་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་
དུ་མཁྱེན་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྟན་བཅོས་ཤེས་པ་ཉིད་དེ་ཡང་ཏིང་ངེ་འཛིན་གྱི་སྒོ་དག་དང་། གཟུངས་ཀྱི་སྒོ་དག་གིས་བསྡུས་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ཡང་ཡིན་ཏེ། ཏིང་ངེ་འཛིན་གྱི་སྒོ་དག་ནས་དེའི་བྱ་བ་བསྒྲུབ་པའི་ཕྱིར་རོ། །དམ་པའི་ཆོས་འཛིན་པར་བྱེད་པ་
Vol. 123 · folio 223b
ཡང་ཡིན་ཏེ། གཟུངས་དག་གིས་དེ་འཛིན་པའི་ཕྱིར་རོ། །འཇིག་རྟེན་ཤེས་པ་ཉིད་ཀྱི་ཚིགས་སུ་བཅད་པ་བཞི་སྟེ། བརྟན་རྣམས་འཇིག་རྟེན་ཤེས་པ་ཉིད། །ལུས་དང་ངག་དང་ཡིད་དང་ནི། །བདེན་པ་ཤེས་པས་མཉམ་པ་མེད། །དེ་ལ་གཞན་པ་དག་ལས་འཕགས། །ཇི་ལྟར་ལུས་ཀྱིས་ཤེ་ན། བཤད་
པ། བརྟན་རྣམས་རྟག་ཏུ་འཛུམ་པར་བྱེད། །ཇི་ལྟར་ངག་གིས་ཤེ་ན། བཤད་པ། གསོང་པོ་དག་ཏུ་སྨྲ་བ་ཡིན། །དེ་ཡང་ཅིའི་ཕྱིར་ཞེ་ན། བཤད་པ། སེམས་ཅན་སྣོད་དུ་བྱ་བའི་ཕྱིར། །དོན་གང་གི་ཆེད་དུ་སེམས་ཅན་སྣོད་དུ་བྱ་ཞེ་ན། བཤད་པ། དམ་ཆོས་བསྒྲུབ་པར་བྱ་བའི་ཕྱིར། །
ཇི་ལྟར་བདེན་པ་ཤེས་པས་ཞེ་ན། བཤད་པ། གང་ཕྱིར་བདེན་པ་གཉིས་ལས་ནི། །འཇིག་རྟེན་རྣམ་དག་འབྱུང་བར་འདོད། །གཉིས་ཀྱིས་ནུབ་འགྱུར་དེ་ཡི་ཕྱིར། །དེ་ཤེས་འཇིག་རྟེན་ཤེས་ཞེས་བྱ། །བདེན་པ་གཉིས་ཀྱིས་ནི་འཇིག་རྟེན་འཁོར་བར་ཡང་དང་ཡང་དུ་འབྱུང་སྟེ། གང་དང་གང་གིས་
འབྱུང་བའི་ཕྱིར་རོ། །འགོག་པ་དང་ལམ་གྱི་བདེན་པ་གཉིས་ཀྱིས་ནི་ནུབ་པར་འགྱུར་ཏེ། གང་ཡིན་པ་དང་། གང་གིས་ནུབ་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་དེ་ཤེས་པ་ནི་འཇིག་རྟེན་ཤེས་པ་ཞེས་བྱ་སྟེ། འཇིག་རྟེན་འབྱུང་བ་དང་ནུབ་པར་འགྱུར་བ་ཤེས་པ་རབ་དང་ལྡན་པའི་ཕྱིར་རོ། །དེ་
དག་ཞི་བྱ་ཐོབ་བྱའི་ཕྱིར། །བློ་ལྡན་བདེན་པ་རྣམས་ལ་སྦྱོར། །གང་གིས་བློ་ལྡན་བདེན་ཤེས་ཕྱིར། །འཇིག་རྟེན་ཤེས་ཞེས་ངེས་པར་བརྗོད། །འདིས་ནི་འཇིག་རྟེན་ཤེས་པ་ཉིད་ཀྱི་ལས་བསྟན་ཏེ། །དེ་ལ་ཞི་བར་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་དག་གོ། །ཐོབ་པར་བྱ་བ་ནི་འགོག་
པ་དང་ལམ་གྱི་བདེན་པ་དག་གོ། །སྟོན་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྣམ་པ་གསུམ་སྟེ། གཙུག་ལག་བསྟན་པའི་ཆོས་དང་ནི། །དེ་དོན་དགོངས་པ་ཅན་དང་ནི། །ངེས་དོན་ཚད་མ་ལྡན་པ་དང་། །དེ་ཡི་བརྗོད་མེད་ཐོབ་པའོ། །འདི་ནི་སྟོན་པ་རྣམས་ཀྱི་མཚན་ཉིད་དོ། །དེ་ལ་ཚད་མ་
དང་ལྡན་པའི་དོན་ནི་སྟོན་པ་ཚད་མར་གྱུར་པའམ། དེས་ཚད་མར་མཛད་པས་ངེས་པར་བྱས་ཤིང་རྣམ་པར་ཕྱེ་བ་གང་ཡིན་པའོ། །བརྗོད་པ་མེད་པ་ཐོབ་པ་ནི་རྟོགས་པའི་ཡེ་ཤེས་འཇིག་རྟེན་ལས་འདས་པ་སྟེ། དེ་ནི་བརྗོད་དུ་མེད་པའི་ཕྱིར་རོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །སྤོང་དང་ཇི་སྐད་
Vol. 123 · folio 224a
བཤད་པ་དང་། །ལོག་པར་ཡང་དག་ཤེས་པ་དང་། །བརྗོད་དང་བཅས་པ་འཐོབ་པ་དག །འདིར་ནི་དགག་པར་བསྟན་པ་ཡིན། །སྟོན་པ་དང་པོ་ལ་ནི་གཙུག་ལག་གི་ཆོས་སྤོང་བའི་གང་ཟག་དགག་པར་བསྟན་ཏོ། །གཉིས་པ་ལ་ནི་ཚིག་འབྲུ་སྒྲ་ཇི་བཞིན་གྱི་དོན་ཏེ་དགོངས་
པ་ཅན་གྱི་དོན་ནི་མ་ཡིན་ནོ། །གསུམ་པ་ལ་ནི་ལོག་པར་བསམས་པའི་དོན་ཕྱིན་ཅི་ལོག་ཏུ་དྲངས་པའོ། །བཞི་པ་ལ་ནི་བརྗོད་པ་དང་བཅས་པའི་ཤེས་པ་སོ་སོ་རང་གིས་རིག་པར་བྱ་བ་མ་ཡིན་པའོ། །མོས་དང་རྣམ་པར་དཔྱོད་པ་དང་། །གཞན་ལས་ཇི་བཞིན་ཐོས་པ་དང་། །བརྗོད་པ་མེད་པའི་ཡེ་ཤེས་
ལས། །བརྟན་རྣམས་ཉམས་པར་མི་འགྱུར་རོ། །འདི་ནི་སྟོན་པའི་ཕན་ཡོན་ཡིན་ཏེ། སྟོན་པ་དང་པོས་ནི་གཙུག་ལག་གི་ཆོས་ལ་མོས་པ་ལས་ཉམས་པར་མི་འགྱུར་རོ། །གཉིས་པས་ནི་བདག་ཉིད་ཀྱི་དགོངས་པ་ཅན་གྱི་དོན་དཔྱོད་པ་ལས་སོ། །གསུམ་པས་ནི་གཞན་ལས་དེའི་དོན་གྱི་ཚུལ་ཕྱིན་
ཅི་མ་ལོག་པར་ཐོས་པ་ལས་སོ། །བཞི་པས་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལས་སོ། །སོ་སོ་ཡང་དག་པར་རིག་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཞི་སྟེ། །རྣམ་གྲངས་དང་ནི་མཚན་ཉིད་དང་། །ཚིག་དང་ཡེ་ཤེས་ཤེས་པའི་ཕྱིར། །བྱང་ཆུབ་སེམས་དཔའི་ཡང་དག་རིག །བཞི་
པོ་མཚུངས་པ་མེད་པར་འདོད། །དང་པོ་ནི་རྣམ་གྲངས་ཤེས་པ་དེ། །དོན་རེ་རེའི་མིང་གི་རྣམ་གྲངས་ཇི་སྙེད་ཤེས་པ་ཡིན་ནོ། །གཉིས་པ་ནི་མཚན་ཉིད་ཤེས་པ་སྟེ། དོན་གང་ཡིན་པ་དེའི་མིང་ཤེས་པ་ཡིན་ནོ། །གསུམ་པ་ནི་ཚིག་ཤེས་པ་སྟེ། །ཡུལ་མི་སོ་སོའི་སྐད་གང་དག་ཡིན་པ་ཤེས་པའོ། །
བཞི་པ་ནི་ཡེ་ཤེས་ཤེས་པ་སྟེ། །བདག་ཉིད་ཀྱི་སྤོབས་པ་གང་ཡིན་པ་སྟེ། །འདི་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་མཚན་ཉིད་ཡིན་ནོ། །བསྟན་པ་ལ་ནི་རབ་བརྩོན་པའི། །གང་དང་གང་གིས་སྟོན་པ་ནི། །ཆོས་དང་དོན་ནི་གཉིས་པོ་དག །ཚིག་དང་
ཤེས་པ་ཁོ་ནས་སྟོན། །ཆོས་ནི་བསྟན་དང་བཤད་ཕྱིར་དང་། །རྣམ་པ་ཀུན་དུ་གཉིས་ཐོབ་ཕྱིར། །རྒོལ་བ་རྣམས་ཀྱི་ལན་འདེབས་ཕྱིར། །སོ་སོ་ཡང་དག་རིག་པ་བཞི། །ཞེས་བྱ་བ་ནི་བཞི་ཉིད་ཀྱི་རྒྱུ་ཡིན་ནོ། །བསྟན་པ་ལ་རབ་ཏུ་བརྩོན་པའི་གང་ཞིག་གང་གིས་སྟོན་པ་དེ་ལ་ཡེ་ཤེས་
Vol. 123 · folio 224b
དགོས་སོ། །གང་ཞིག་སྟོན་ཅེ་ན། ཆོས་དང་དོན་ནོ། །གང་གིས་སྟོན་ཅེ་ན། ཚིག་གི་ཤེས་པས་སོ། །དེ་ལ་ཆོས་དང་དོན་དག་སྟོན་པ་ནི་ཆོས་བསྟན་པ་དང་བཤད་པའི་ཕྱིར་རོ། །ཚིག་གིས་སྟོན་པ་ནི་གཉིས་པོ་དེ་ཉིད་རྣམ་པ་ཐམས་ཅད་དུ་ཐོབ་པར་བྱེད་པའི་ཕྱིར་རོ། །ཤེས་པས་སྟོན་
པ་ནི་རྒོལ་བ་རྣམས་ཀྱི་ལན་འདེབས་པའི་ཕྱིར་རོ། །དེ་བས་ན་གང་ཞིག་གང་གིས་སྟོན་པ་དེ་ཤེས་པའི་ཕྱིར། སོ་སོ་ཡང་དག་པར་རིག་པ་བཞིར་རྣམ་པར་གཞག་གོ། །མཉམ་ཉིད་སོ་སོ་རང་རིག་ནས། །ཕྱིས་ནི་རབ་ཏུ་ཤེས་པ་ཡིན། །ཐེ་ཚོམ་ཐམས་ཅད་གཅོད་བྱེད་པ། །སོ་སོ་ཡང་དག་རིག་པར་བརྗོད། །འདིས་ནི་སོ་
སོ་ཡང་དག་པར་རིག་པ་རྣམས་ཀྱི་ངེས་པའི་ཚིག་དང་ལས་བསྟན་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མཉམ་པ་ཉིད་དེ་བཞིན་ཉིད་སོ་སོ་རང་གིས་རིག་ནས། དུས་ཕྱིས་དེའི་རྗེས་ལ་ཐོབ་པའི་ཤེས་པས་རྣམ་གྲངས་ལ་སོགས་པ་རབ་ཏུ་ཤེས་པ་ནི་སོ་སོ་ཡང་དག་པར་རིག་
པ་ཞེས་བྱ་བའི་ངེས་པའི་ཚིག་ཡིན་ནོ། །གཞན་དག་གི་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པ་ཞེས་བྱ་བ་ནི་ལས་ཡིན་ནོ། །ཚོགས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྣམ་པ་བཞི་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས། །བསོད་ནམས་ཡེ་ཤེས་མཚུངས་པ་མེད། །
གཅིག་གིས་འཁོར་བར་མངོན་མཐོ་བྱེད། །གཞན་གྱིས་ཉོན་མོངས་མེད་པར་འཁོར། །འདིས་ནི་ཚོགས་གང་ཡིན་པ་དང་གང་གི་དོན་དུ་ཡིན་པ་དེ་བསྟན་ཏོ། །ཚོགས་ནི་རྣམ་པ་གཉིས་ཏེ། །བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་སོ། །དེ་ལ་བསོད་ནམས་ཀྱི་ཚོགས་
ཀྱིས་ནི་འཁོར་བ་ན་མངོན་པར་མཐོ་བར་འགྱུར་རོ། །ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་ཀུན་ནས་ཉོན་མོངས་པ་མེད་པར་འཁོར་བར་འགྱུར་རོ། །སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀ་སྟེ། ལྔ་ཆར་ཡང་ནི་ཡེ་ཤེས་
ཚོགས། །འདིས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་ཚོགས་གཉིས་པོ་དེ་བསྡུས་པར་སྟོན་ཏེ། བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་གྱི་སྟོབས་ཀྱིས་ནི་གཉི་ག་བྱེད་དོ། །དེ་ལྟ་བས་ན་གསུམ་པོ་ནི་ཚོགས་གཉི་ག་ཡིན་ནོ། །ཡང་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ཐམས་ཅད་ཤེས་
Vol. 123 · folio 225a
རབ་ཏུ་ཡོངས་སུ་བསྔོས་པའི་སྒོ་ནས་ཡེ་ཤེས་ཀྱི་ཚོགས་ཡིན་པར་རིག་པར་བྱའོ། །རྒྱུན་དུ་སྒོམ་པ་ཐོབ་ནས་ནི། །དགེ་ལ་ཡང་དང་ཡང་དུ་སྒྲུབ། །བརྟན་པའི་ཚོགས་གང་ཡིན་པ་དེ། །དོན་ཀུན་སྒྲུབ་པར་བྱེད་པ་ཡིན། །འདི་ནི་ཚོགས་ཀྱི་ངེས་པའི་ཚིག་དང་ལས་ཡིན་ཏེ། །སམ་
ཞེས་བྱ་བ་ནི་རྒྱུན་དུའོ། །བྷ་ཞེས་བྱ་བ་ནི་སྒོམ་པ་ཐོབ་ནས་སོ། །ར་ཞེས་བྱ་བ་ནི་ཡང་དང་ཡང་དུ་སྒྲུབ་པའོ། །དོན་ཐམས་ཅད་སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི་ལས་ཏེ། རང་དང་གཞན་གྱི་དོན་དག་སྒྲུབ་པའི་ཕྱིར་རོ། །འཇུག་དང་མཚན་མ་མེད་པ་དང་། །ལྷུན་གྱིས་གྲུབ་པར་བྱ་བ་དང་། །དབང་བསྐུར་
མཐར་ཐུག་བྱ་བའི་ཕྱིར། །བརྟན་རྣམས་ཚོགས་ནི་སྒྲུབ་པར་བྱེད། །འདི་ནི་ཚོགས་ཀྱི་རབ་ཏུ་དབྱེ་བ་སྟེ། དེ་ལ་མོས་པས་སྤྱོད་པའི་སའི་ཚོགས་ནི་ས་ལ་འཇུག་པའི་ཕྱིར་ཡིན་ནོ། །ས་དྲུག་པོ་དག་གི་ནི་མཚན་མ་མེད་པས་བདུན་པས་བསྡུས་པའི་ཕྱིར་ཡིན་ཏེ། དེ་ན་མཚན་མ་ཀུན་ཏུ་མི་སྤྱོད་པའི་ཕྱིར་
རོ། །ས་བརྒྱད་པའི་ནི་ལྷུན་གྱིས་གྲུབ་པ་སྟེ། དེ་ལས་གཞན་པའི་ས་གཉིས་བསྡུས་པའི་ཕྱིར་ཡིན་ནོ། །དེ་གཉིས་ཀྱི་ཚོགས་ནི་དབང་བསྐུར་བའི་སྟེ། ས་བཅུ་པས་བསྡུས་པའི་ཕྱིར་ཡིན་ནོ། །དེའི་ཚོགས་ནི་མཐར་ཐུག་པ་སྟེ། སངས་རྒྱས་ཀྱི་སས་བསྡུས་པའི་ཕྱིར་ཡིན་ནོ། །དྲན་
པ་ཉེ་བར་གཞག་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྣམ་པ་གསུམ་སྟེ། །བློ་ལྡན་དྲན་པ་ཉེར་གཞག་པ། །སྒོམ་པ་རྣམ་པ་བཅུ་བཞི་ཡིས། །མཚུངས་པ་མེད་པའི་ཕྱིར་ན་དེ། །དེ་ལས་གཞན་ལས་ཁྱད་པར་འཕགས། །བཅུ་བཞི་པོ་གང་དག་གིས་ཤེ་ན། བརྟེན་དང་གཉེན་པོ་དག་
དང་ནི། །དེ་བཞིན་དུ་ནི་འཇུག་པ་དང་། །དམིགས་པ་དང་ནི་ཡིད་བྱེད་དང་། །ཐོས་པས་སྒོམ་པ་ཁྱད་པར་འཕགས། །མཐུན་དང་རྗེས་སུ་འཇུག་པ་དང་། །ཡོངས་སུ་ཤེས་དང་སྐྱེ་བ་དང་། །ཆེན་པོ་དང་ནི་མཆོག་ཉིད་དང་། །བསྒོམ་དང་ཡང་དག་འགྲུབ་པས་གཞན། །ཞེས་བྱ་བ་
རྣམ་པ་བཅུ་བཞི་པོ་འདི་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཁྱད་པར་དུ་འཕགས་ཏེ། རྟེན་གྱིས་ཇི་ལྟ་བུ་ཞེ་ན། ཐེག་པ་ཆེན་པོ་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཤེས་རབ་ལ་བརྟེན་ནས་སོ། །གཉེན་པོས་ཇི་ལྟ་བུ་ཞེ་ན། ལུས་
Vol. 123 · folio 225b
ལ་སོགས་པའི་ཆོས་ལ་བདག་མེད་པར་འཇུག་པའི་སྒོ་ནས་ཕྱིན་ཅི་ལོག་བཞིའི་གཉེན་པོ་མི་གཙང་བ་དང་། སྡུག་བསྔལ་བ་དང་། མི་རྟག་པ་དང་། བདག་མེད་པའི་འདུ་ཤེས་རྣམས་ཀྱི་ཡང་གཉེན་པོ་ཡིན་པའི་ཕྱིར་རོ། །འཇུག་པས་ཇི་ལྟ་བུ་ཞེ་ན། དྲན་པ་ཉེ་བར་གཞག་པ་བཞིས་གོ་
རིམས་བཞིན་དུ་བདག་ཉིད་ཀྱང་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་བདེན་པ་ལ་འཇུག་ཅིང་གཞན་དག་ཀྱང་འཛུད་པའི་ཕྱིར་ཏེ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཇི་སྐད་བཤད་པ་ལྟ་བུ་ཡིན་ནོ། །དམིགས་པས་ཇི་ལྟ་བུ་ཞེ་ན། སེམས་ཅན་ཐམས་ཅད་
ཀྱི་ལུས་ལ་སོགས་པ་ལ་དམིགས་པའི་ཕྱིར་རོ། །ཡིད་ལ་བྱེད་པས་ཇི་ལྟ་བུ་ཞེ་ན། ལུས་ལ་སོགས་པ་མི་དམིགས་པའི་ཕྱིར་རོ། །ཐོབ་པས་ཇི་ལྟ་བུ་ཞེ་ན། ལུས་ལ་སོགས་པ་དང་བྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན། མི་འབྲལ་བར་བྱ་བའི་ཕྱིར་ཡང་མ་ཡིན་ནོ། །མཐུན་པས་ཇི་ལྟ་བུ་ཞེ་ན།
ཕ་རོལ་ཏུ་ཕྱིན་པ་དང་མཐུན་པས་དེའི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །རྗེས་སུ་འཇུག་པས་ཇི་ལྟ་བུ་ཞེ་ན། འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཡང་རྗེས་སུ་འཇུག་པས་དེ་དག་ལ་དེ་བསྟན་པའི་ཕྱིར་དེ་དང་ལྡན་པའི་དྲན་པ་ཉེ་བར་གཞག་པ་བསྒོམ་པའི་ཕྱིར་རོ། །
ཡོངས་སུ་ཤེས་པས་ཇི་ལྟ་བུ་ཞེ་ན། ལུས་ནི་སྒྱུ་མ་ལྟ་བུ་ཉིད་དུ་ཡོངས་སུ་ཤེས་པས་ཏེ། དེ་ཁོ་ན་བཞིན་དུ་ཡང་དག་པ་མ་ཡིན་པའི་ངོ་བོ་སྣང་བའི་ཕྱིར་རོ། །ཚོར་བ་ནི་རྨི་ལམ་ལྟ་བུ་ཉིད་དུ་ཡོངས་སུ་ཤེས་པས་ཏེ། དེ་ཁོ་ན་བཞིན་དུ་ལོག་པར་ཉམས་སུ་མྱོང་བའི་ཕྱིར་རོ། །སེམས་ནི་ནམ་མཁའ་བཞིན་དུ་རང་
བཞིན་གྱིས་འོད་གསལ་བར་ཡོངས་སུ་ཤེས་པས་སོ། །ཆོས་རྣམས་ནི་ནམ་མཁའ་གློ་བུར་གྱི་རྡུལ་དང་དུ་བ་དང་སྤྲིན་དང་ཁུག་རྣས་ཁེབས་པ་བཞིན་དུ་གློ་བུར་བ་ཉིད་དུ་ཡོངས་སུ་ཤེས་པས་སོ། །སྐྱེ་བས་ཇི་ལྟ་བུ་ཞེ་ན། བསམས་བཞིན་དུ་སྲིད་པར་སྐྱེ་བ་ན་འཁོར་ལོས་སྒྱུར་བ་ལ་སོགས་པར་གྱུར་བའི་ལུས་
དང་ཚོར་བ་ལ་སོགས་པ་ཁྱད་པར་དུ་འཕགས་པ་ཕུན་སུམ་ཚོགས་ཤིང་དེ་ལ་ཀུན་ནས་ཉོན་མོངས་པ་མེད་པས་སོ། །ཆེན་པོས་ཇི་ལྟ་བུ་ཞེ་ན། རང་བཞིན་གྱིས་དབང་པོ་རྣོ་བ་ཉིད་ཀྱིས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཆུང་དུ་ཡང་དེ་ལས་གཞན་པ་དག་ལས་ཆེ་བའི་ཕྱིར་རོ། །མཆོག་ཉིད་ཀྱིས་ཇི་ལྟ་བུ་ཞེ་
Vol. 123 · folio 226a
ན། བསྒོམ་པ་ཡོངས་སུ་གྲུབ་པ་རྣམས་འདྲེས་པ་ཉེ་བར་འདྲེས་པ་ལྷུན་གྱིས་གྲུབ་པར་བསྒོམ་པའི་ཕྱིར་རོ། །བསྒོམས་པས་ཇི་ལྟ་བུ་ཞེ་ན། ཤིན་ཏུ་བསྒོམས་པས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་དེ་མི་ཟད་པའི་ཕྱིར་རོ། །ཡང་དག་པར་འགྲུབ་པས་ཇི་
ལྟ་བུ་ཞེ་ན། ས་བཅུ་དང་སངས་རྒྱས་ཀྱི་ས་ཉིད་དུ་ཡང་དག་པར་འགྲུབ་པའི་ཕྱིར་རོ། །ཡང་དག་པར་སྤོང་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་ལྔ་སྟེ། བརྟན་པ་རྣམས་ཀྱི་ཡང་དག་སྤོང་། །ལུས་ཅན་ཀུན་དང་མཚུངས་པ་མེད། །དྲན་པ་ཉེ་བར་གཞག་པ་ཡི། །ཉེས་པ་རྣམས་ཀྱི་གཉེན་
པོར་སྒོམ། །དྲན་པ་ཉེ་བར་གཞག་པ་བསྒོམ་པ་ཇི་སྐད་བཤད་པ་དེ་དག་གི་མི་མཐུན་པའི་ཕྱོགས་ཉེས་པ་རྣམས་ཀྱི་གཉེན་པོར་ཡང་དག་པར་སྤོང་བ་བསྒོམ་མོ་ཞེས་བྱ་བ་ནི་ཡང་དག་པར་སྤོང་བའི་སྤྱིའི་མཚན་ཉིད་ཡིན་ནོ། །རབ་ཏུ་དབྱེ་བ་ནི། འཁོར་བ་ཉེ་བར་སྤྱད་པ་དང་། །སྒྲིབ་པ་དག་ནི་
དོར་བ་དང་། །ཡིད་ལ་བྱེད་པ་དོར་བ་དང་། །ས་རྣམས་ལ་ནི་འཇུག་པ་དང་། །མཚན་མ་མེད་པར་གནས་པ་དང་། །ལུང་བསྟན་པ་ནི་ཐོབ་པ་དང་། །སེམས་ཅན་རྣམས་ཡོངས་སྨིན་བྱ་དང་། །དབང་ནི་བསྐུར་བར་བྱ་བ་དང་། །ཞིང་རྣམས་དག་པར་བྱ་ཕྱིར་དང་། །མཐར་ཐུག་ཉིད་དུ་བྱ་བའི་ཕྱིར། །
བྱང་ཆུབ་སེམས་དཔའ་བློ་ལྡན་རྣམས། །མི་མཐུན་ཕྱོགས་ཀྱི་གཉེན་པོར་སྒོམ། །འདི་ནི་ཡང་དག་པར་སྤོང་བ་བསྒོམ་པའི་རབ་ཏུ་དབྱེ་བ་སྟེ། །འཁོར་བའི་ཕུན་སུམ་ཚོགས་པ་རྣམས་ལ་ཀུན་ནས་ཉོན་མོངས་པ་མེད་པར་ཡོངས་སུ་ལོངས་སྤྱོད་པ་དང་། སྒྲིབ་པ་ལྔ་དོར་བ་དང་། ཉན་ཐོས་དང་རང་
སངས་རྒྱས་ཀྱི་ཡིད་ལ་བྱེད་པ་དོར་བ་དང་། ས་ལ་འཇུག་པ་དང་། ས་བདུན་པ་ལ་མཚན་མ་མེད་པར་གནས་པ་དང་། ས་བརྒྱད་པ་ལ་ལུང་བསྟན་པ་ཐོབ་པ་དང་། དགུ་པ་ལ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ་དང་། བཅུ་པ་ལ་དབང་བསྐུར་བ་དང་། གསུམ་ཅར་ལ་ཞིང་རྣམ་པར་དག་
པར་བྱ་བའི་ཕྱིར་དང་། སངས་རྒྱས་ཀྱི་ས་ལ་མཐར་ཐུག་པར་བྱ་བའི་ཕྱིར། མི་མཐུན་པའི་ཕྱོགས་གང་དག་ཡིན་པ་དེ་དག་གི་གཉེན་པོར་ཡང་དག་པར་སྤོང་བ་བསྒོམ་པར་རིག་པར་བྱ་སྟེ། འདི་ནི་དེའི་རབ་ཏུ་དབྱེ་བ་ཡིན་ནོ། །འདུན་པ་ལ་ནི་བརྟེན་ནས་སུ། །རྣལ་འབྱོར་རྒྱུ་མཚན་བཅས་བསྒོམ་
Vol. 123 · folio 226b
པ། །ཡང་དག་སྤོང་བ་ཐམས་ཅད་ལ། །གཉེན་པོ་ཞེས་ནི་ངེས་པར་བརྗོད། །འདི་ནི་འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བྱ་བའི་ཚིག་འདི་རྣམས་ཀྱི་དོན་བསྟན་ཏེ། འདུན་པ་ལ་བརྟེན་ནས་ཞི་གནས་དང་ལྷག་
མཐོང་ཞེས་བྱ་བའི་རྣལ་འབྱོར་བསྒོམ་ཞིང་འབད་དོ། །བསྒོམ་པ་དེ་ཡང་ཞི་གནས་དང་། རབ་ཏུ་འཛིན་པ་དང་། །བཏང་སྙོམས་ཀྱི་རྒྱུ་མཚན་དག་དང་ལྷན་ཅིག་བསྒོམ་སྟེ། དེ་ལྟ་བས་ན་རྒྱུ་མཚན་དང་བཅས་པ་ཡིན་ནོ། །ཡང་ཇི་ལྟར་བསྒོམ་ཞེ་ན། འདི་ལྟར་ཞི་གནས་དང་རབ་ཏུ་འཛིན་པའི་
ཉེ་བའི་ཉོན་མོངས་པ་ཞུམ་པ་དང་རྒོད་པ་དག་གི་གཉེན་པོར་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་ཇི་ལྟར་རྩོམ་ཞེ་ན། སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ། །དེ་ལ་རབ་ཏུ་འཛིན་པ་ནི་ཤེས་རབ་ཀྱིས་སོ། །ཡང་དག་པར་རབ་ཏུ་འཛིན་པ་ནི་ཞི་གནས་ཀྱིས་སོ། །མཉམ་
པ་ཐོབ་ནས་ནི་བཏང་སྙོམས་སུ་འཇོག་སྟེ། རྣལ་འབྱོར་བསྒོམ་པ་འདི་ནི་ཡང་དག་པར་སྤོང་བའི་རབ་ཏུ་དབྱེ་བ་ཇི་སྐད་བཤད་པ་ཐམས་ཅད་ལ་གཉེན་པོ་ཞེས་བྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྣམ་པ་ལྔ་སྟེ། བརྟན་པ་རྣམས་ཀྱི་རྫུ་འཕྲུལ་གྱི། །རྐང་པ་མཚན་ཉིད་
མཆོག་ལྡན་བཞི། །བདག་ཉིད་དང་ནི་གཞན་དག་གི །དོན་ཀུན་འགྲུབ་པའི་ཕྱིར་སྐྱེའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཐམས་ཅད་འགྲུབ་པར་རིག་པར་བྱ་སྟེ། ལྷག་མ་ནི་དོན་གོ་བར་ཟད་དོ། །རྟེན་དང་རབ་ཏུ་དབྱེ་བ་དང་། །ཐབས་དང་མངོན་པར་སྒྲུབ་པ་ཡི། །བློ་ལྡན་རྫུ་
འཕྲུལ་རྐང་པ་རྣམས། །རྣམ་པ་ཀུན་ཏུ་རྣམ་གཞག་འདོད། །བསྟན་པའདིའི་བཤད་པ་ནི་ལྷག་མ་ཡིན་ཏེ། བསམ་གཏན་ཕ་རོལ་ཕྱིན་བརྟེན་ནས། །རབ་ཏུ་དབྱེ་བ་དག་དང་ཐབས། །རྣམ་བཞི་མངོན་པར་སྒྲུབ་པ་ནི། །རྣམ་པ་དྲུག་ཏུ་བརྗོད་པ་ཡིན། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་
པ་ལ་བརྟེན་ནས་འདུན་པ་དང་བརྩོན་འགྲུས་དང་། སེམས་དང་དཔྱོད་པའི་ཏིང་ངེ་འཛིན་གྱི་དབྱེ་བས་རབ་ཏུ་དབྱེ་བ་རྣམ་པ་བཞིའོ། །ཐབས་ཀྱང་རྣམ་པ་བཞི་ཁོ་ནའོ། །མངོན་པར་སྒྲུབ་པ་ནི་རྣམ་པ་དྲུག་གོ། །ཐབས་རྣམ་པ་བཞི་གང་ཞེ་ན། གཅིག་ནི་འབད་པར་བྱེད་པ་སྟེ། །གཉིས་པ་
Vol. 123 · folio 227a
ཕན་འདོགས་བདག་ཉིད་ཡིན། །གསུམ་པ་གཏོད་པར་བྱེད་པ་སྟེ། །བཞི་པ་གཉེན་པོ་པ་ཡིན་ནོ། །སྤོང་བའི་འདུ་བྱེད་བརྒྱད་ལས་འདུན་པ་དང་རྩོལ་བ་དང་དད་པ་ནི་འབད་པར་བྱེད་པའི་ཐབས་ཏེ། དད་ཅིང་དོན་དུ་གཉེར་ན་འབད་པའི་ཕྱིར་རོ། །ཤིན་ཏུ་སྦྱངས་པ་ནི་ཕན་
འདོགས་པར་བྱེད་པའོ། །དྲན་པ་དང་ཤེས་བཞིན་ནི་ཉེ་བར་གཏོད་པར་བྱེད་པ་སྟེ། གཅིག་གིས་སེམས་དམིགས་པ་ལས་མི་འཕྲོ་བར་བྱེད་པའི་ཕྱིར་དང་། གཉིས་པས་འཕྲོ་བ་རབ་ཏུ་ཤེས་པའི་ཕྱིར་རོ། །སེམས་པ་དང་བཏང་སྙོམས་ནི་གཉེན་པོའི་ཐབས་ཡིན་ཏེ། ཉེ་བའི་ཉོན་མོངས་པ་ཞུམ་
པ་དང་རྒོད་པ་དག་དང་། ཉོན་མོངས་པ་རྣམས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །མངོན་པར་སྒྲུབ་པ་རྣམ་པ་དྲུག་གང་ཞེ་ན། མཐོང་བ་དང་ནི་གདམས་ངག་དང་། །གནས་པས་རྣམ་པར་རྩེ་བ་དང་། །སྨོན་ལམ་དང་ནི་དབང་དག་དང་། །ཆོས་ཐོབ་པ་ནི་སྒྲུབ་པའི་ཕྱིར། །དེ་ལ་མཐོང་བ་ནི་
སྤྱན་རྣམ་པ་ལྔ་པོ་ཤའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། །ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ནོ། །གདམས་ངག་ནི་མངོན་པར་ཤེས་པ་དྲུག་སྟེ། དེ་དག་གིས་གོ་རིམས་བཞིན་དུ་ཉེ་བར་སོང་ནས་སྐད་དང་སེམས་དང་འོང་བ་དང་འགྲོ་བ་རིག་པར་བྱས་ནས་ངེས་པར་འབྱུང་བར་བྱ་
བའི་ཕྱིར་འདོམས་པའི་ཕྱིར་རོ། །གནས་པས་རྣམ་པར་རྩེ་བ་ནི། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཏིང་ངེ་འཛིན་གྱིས་སྤྲུལ་པ་ལ་སོགས་པ་རྣམ་པ་དུ་མས་རྣམ་པར་རྩེ་བ་ཡིན་ནོ། །སྨོན་ལམ་ནི་སྨོན་ལམ་ཤེས་པ་གང་གིས་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་ཅན་རྣམས་
སྨོན་ལམ་ཁྱད་པར་ཅན་གྱིས་རྣམ་པར་རྩེ་བའོ། །དེ་དག་གི་ལུས་དང་འོད་དང་དབྱངས་ནི་བགྲང་བར་སླ་བ་མ་ཡིན་ཏེ། རྒྱས་པར་ས་བཅུ་པའི་མདོ་ལས་ཇི་སྐད་འབྱུང་བ་ལྟ་བུ་ཡིན་ནོ། །དབང་ཡང་དེ་ཉིད་ལས། དབང་བཅུ་ཇི་སྐད་བསྟན་པ་ལྟ་བུ་ཡིན་ནོ། །ཆོས་ཐོབ་པ་ནི་སྟོབས་དང་མི་འཇིགས་
པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཐོབ་པ་སྟེ། །དེ་ལྟར་ན་འདི་ནི་མཐོང་བ་ལ་སོགས་པ་མངོན་པར་སྒྲུབ་པ་རྣམ་པ་དྲུག་ཡིན་ནོ། །དབང་པོ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། །བྱང་ཆུབ་སྤྱོད་དང་ཐོས་མཆོག་དང་། །ཞི་གནས་ལྷག་མཐོང་དད་སོགས་ཀྱི། །གཞི་ཡིན་པར་
Vol. 123 · folio 227b
ནི་ཤེས་བྱ་སྟེ། །དོན་གྲུབ་བྱེད་པའི་སྐབས་ཀྱིས་སོ། །དད་པའི་དབང་པོའི་གཞི་ནི་བྱང་ཆུབ་སྟེ་དམིགས་པ་ཞེས་བྱ་བའི་དོན་ཏོ། །བརྩོན་འགྲུས་ཀྱི་དབང་པོའི་གཞི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའོ། །དྲན་པའི་དབང་པོའི་གཞི་ནི་ཐེག་པ་ཆེན་པོས་བསྡུས་པའི་ཐོས་པའོ། །ཏིང་ངེ་འཛིན་གྱི་
དབང་པོའི་གཞི་ནི་ཞི་གནས་སོ། །ཤེས་རབ་ཀྱི་དབང་པོའི་གཞི་ནི་ལྷག་མཐོང་ངོ་། །དེ་དག་གི་དོན་གྱི་སྐབས་ཁོ་ནས་དད་པ་ལ་སོགས་པ་འདི་དག་དབང་བྱེད་པའི་དོན་གྱིས་དབང་པོ་རྣམས་ཞེས་བྱའོ། །སྟོབས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ། དད་སོགས་ས་ལ་འཇུག་པ་སྟེ། །ཀུན་ནས་
ཉོན་མོངས་ཅན་དུ་འདོད། །མི་མཐུན་ཕྱོགས་ཉམ་ཆུང་བས་ཡང་། །དེ་དག་ཉིད་ལ་སྟོབས་ཞེས་བྱ། །ཚིགས་སུ་བཅད་པ་འདིའི་དོན་གོ་བར་ཟད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྣམ་པ་བདུན་ཏེ། །སར་ཞུགས་པ་ལ་བྱང་ཆུབ་ཀྱི། །ཡན་ལག་རྣམ་པར་གཞག་པར་
བརྗོད། །ཆོས་རྣམས་དང་ནི་སེམས་ཅན་ཀུན། །མཉམ་པ་ཉིད་དུ་རྟོགས་ཕྱིར་རོ། །འདིས་ནི་གནས་སྐབས་གང་དུ་གང་ཞིག་རྟོགས་པས་བྱང་ཆུབ་ཀྱི་ཡན་ལག་རྣམས་རྣམ་པར་གཞག་པ་དེ་བསྟན་ཏེ། ས་ལ་ཞུགས་པའི་གནས་སྐབས་ན་གོ་རིམས་བཞིན་དུ་ཆོས་ལ་བདག་མེད་པ་དང་བདག་དང་
གཞན་ལ་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་དང་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་རོ། །འདི་མན་ཆད་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་འཁོར་ལོ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་དང་ཆོས་མཐུན་པར་སྟོན་ཏོ། །ཤེས་བྱ་མ་རྒྱལ་རྒྱལ་བྱའི་ཕྱིར། །དྲན་པ་དག་ནི་ཀུན་ཏུ་
སྤྱོད། །ཤེས་བྱ་མ་རྒྱལ་བ་རྒྱལ་བར་བྱ་བའི་ཕྱིར་ཏེ། དཔེར་ན་འཁོར་ལོས་སྒྱུར་བའི་འཁོར་ལོ་རིན་པོ་ཆེ་ཡུལ་མ་ཕེབས་པ་འཕེབས་པ་ལྟ་བུའོ། །འདི་ཡི་རྣམ་འབྱེད་རྟོག་པ་ཡི། །མཚན་མ་ཐམས་ཅད་འཇོམས་པར་བྱེད། །དཔེར་ན་གླང་པོ་རིན་པོ་ཆེས་ཕྱིར་རྒོལ་བ་འཇོམས་པར་བྱེད་པ་
ལྟ་བུའོ། །འདི་ཡི་བརྩོན་འགྲུས་མ་ལུས་པ། །མྱུར་དུ་རྟོགས་པར་བྱ་ཕྱིར་འཇུག །མངོན་པར་ཤེས་པ་མྱུར་བ་ཉིད་བསྒྲུབ་པའི་ཕྱིར་ཏེ། དཔེར་ན་རྟ་རིན་པོ་ཆེས་མྱུར་དུ་ས་ཆེན་པོ་རྒྱ་མཚོའི་མཐས་ཀླས་པར་འགྲོ་བ་ལྟ་བུའོ། །ཆོས་ཀྱི་སྣང་བ་རྣམ་འཕེལ་བའི། །དགའ་བས་རྟག་ཏུ་
Vol. 123 · folio 228a
རྒྱས་པར་འགྱུར། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པའི་ཆོས་ཀྱི་སྣང་བ་རྣམ་པར་འཕེལ་བར་འགྱུར་རོ། །དེས་ན་རྟག་ཏུ་ལུས་ཐམས་ཅད་དགའ་བས་ཚིམ་པར་བྱེད་དེ། དཔེར་ན་ནོར་བུ་རིན་པོ་ཆེའི་སྣང་བའི་ཁྱད་པར་གྱིས་འཁོར་ལོས་སྒྱུར་བའི་རྒྱལ་
པོ་དགའ་བར་བྱེད་པ་ལྟ་བུའོ། །སྒྲིབ་པ་ཀུན་ལས་ཐར་པའི་ཕྱིར། །ཤིན་ཏུ་སྦྱངས་པས་བདེ་བ་འཐོབ། །གནས་ངན་ལེན་ཐམས་ཅད་ཡང་དག་པར་བཅོམ་པའི་ཕྱིར་ཏེ། དཔེར་ན་བུད་མེད་རིན་པོ་ཆེས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དགའ་བ་ཉམས་སུ་མྱོང་བ་ལྟ་བུའོ། །ཏིང་ངེ་
འཛིན་ལས་བསམས་པའི་དོན། །འབྱོར་པ་ཉེ་བར་སྐྱེ་བར་འགྱུར། །དཔེར་ན་འཁོར་ལོས་སྒྱུར་བའི་འབྱོར་པ་ཁྱིམ་བདག་རིན་པོ་ཆེ་ལས་གྲུབ་པ་ལྟ་བུའོ། །བཏང་སྙོམས་ཀྱིས་ནི་ཐམས་ཅད་དུ། །འདི་ནི་ཇི་ལྟར་འདོད་བཞིན་གནས། །རྗེས་ལ་ཐོབ་དང་མི་རྟོག་པའི། །གནས་པས་
མཆོག་ནི་རྟག་ཏུ་གནས། །བཏང་སྙོམས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། དེས་བྱང་ཆུབ་སེམས་དཔའ་ཐམས་ཅད་དུ་ཇི་ལྟར་འདོད་པ་བཞིན་དུ་གནས་ཏེ། དེའི་རྗེས་ལ་ཐོབ་པའི་གནས་པས་གཞན་འབུལ་ཞིང་གཞན་འདོར་བའི་ཕྱིར་དང་། རྣམ་པར་མི་རྟོག་པའི་གནས་པས་
དེ་ལ་རྩོལ་བ་མེད་པར་གནས་པར་བྱེད་པའི་ཕྱིར་ཏེ། དཔེར་ན་འཁོར་ལོས་སྒྱུར་བའི་བློན་པོ་རིན་པོ་ཆེ་དཔུང་གི་ཚོགས་ཡན་ལག་བཞི་པ་དབུལ་བར་བྱ་བ་ཡང་འབུལ་ལ། དོར་བར་བྱ་བ་ཡང་འདོར་ཞིང་གང་དུ་དཔུང་གི་ཚོགས་ཡན་ལག་བཞི་པ་མ་དུབ་པར་ཕྱིན་པ་དེར་སོང་ནས་ཀྱང་གནས་པར་
བྱེད་དོ། །ཡོན་ཏན་དེ་ལྟའི་སེམས་དཔའ་ནི། །འཁོར་ལོས་སྒྱུར་བ་འདྲ་བར་འཇུག །ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་འཁོར་ལོས་སྒྱུར་བ་དང་འདྲ་བར་འཇུག་གོ། །རྟག་ཏུ་རིན་ཆེན་བདུན་ལྟ་བུའི། །བྱང་ཆུབ་ཡན་ལག་རྣམས་ཀྱིས་བསྐོར། །ཞེས་བྱ་བ་ནི་བྱང་
ཆུབ་ཀྱི་ཡན་ལག་རྣམས་རིན་པོ་ཆེ་དང་འདྲ་བ་ཉིད་དུ་མཇུག་སྡུད་པར་བྱེད་པ་ཡིན་ནོ། །རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །འདིས་ནི་བྱང་ཆུབ་ཀྱི་ཡན་ལག་
Vol. 123 · folio 228b
གང་ཡིན་པ་དང་། ཇི་ལྟར་ཡན་ལག་ཡིན་པ་དེ་སྟོན་ཏོ། །དེ་ལ་དྲན་པ་ནི་གནས་ཀྱི་ཡན་ལག་སྟེ། ཐམས་ཅད་དེ་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ནི་རང་བཞིན་གྱི་ཡན་ལག་སྟེ། བྱང་ཆུབ་ནི་དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །བརྩོན་འགྲུས་
ནི་ངེས་པར་འབྱུང་བའི་ཡན་ལག་སྟེ། དེས་མཐར་ཐུག་པ་མ་ཐོབ་ཀྱི་བར་དུ་རྒྱུན་མི་གཅོད་པའི་ཕྱིར་རོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། །དེས་སེམས་དགའ་བར་བྱེད་པའི་ཕྱིར་རོ། །ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པ་མེད་
པའི་ཡན་ལག་སྟེ། གང་གིས་གང་ལ་བརྟེན་ནས་ཀུན་ནས་ཉོན་མོངས་པ་མེད་པ་གང་ཡིན་པ་ཞེས་བྱ་བ་རྣམ་པ་གསུམ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ཡན་ལག་ཡིན་པར་རིག་པར་བྱའོ། །ལམ་གྱི་ཡན་ལག་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། དེ་ཡི་འོག་
ཏུ་ཇི་ལྟ་བར། །རྟོགས་པའི་རྗེས་སུ་འཇུག་པ་སྟེ། །རྣམ་གཞག་ཇི་བཞིན་རྟོགས་པ་ཡང་། །རྣམ་པར་གཞག་ལ་འཇུག་པ་དང་། །ལས་གསུམ་རྣམ་པར་དག་པ་དང་། །ཤེས་བྱ་དག་དང་ལམ་དང་ནི། །ཡོན་ཏན་ཁྱད་པར་ཅན་གྱི་ནི། །སྒྲིབ་པའི་གཉེན་པོ་བསྒོམ་པའོ། །
བྱང་ཆུབ་ཀྱི་ཡན་ལག་གི་འོག་ཏུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་རྗེས་སུ་འཇུག་པ་ནི་ཡང་དག་པའི་ལྟ་བའོ། །རྟོགས་པ་དེ་ཉིད་ཀྱིས་རྣམ་པར་གཞག་པ་ཡོངས་སུ་དཔྱོད་པ་ནི་ཡང་དག་པའི་རྟོག་པའོ། །དེ་རྣམ་པར་གཞག་པ་མདོའི་སྡེ་ལ་སོགས་པ་བཅོམ་ལྡན་འདས་
ཀྱིས་གསུངས་པ་ལ་འཇུག་པ་ཡང་དེ་ཉིད་ཡིན་ཏེ། དེས་དེའི་དོན་རྟོགས་པའི་ཕྱིར་རོ། །ལས་གསུམ་རྣམ་པར་དག་པ་ནི། ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་སྟེ། ངག་དང་ལུས་དང་གཉི་གའི་ལས་བསྡུས་པའི་ཕྱིར་རོ། །ཡང་དག་པའི་རྩོལ་བ་ལ་སོགས་པ་
ནི་གོ་རིམས་བཞིན་དུ་ཤེས་བྱའི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་དང་། ཡོན་ཏན་ཁྱད་པར་ཅན་གྱི་སྒྲིབ་པའི་གཉེན་པོ་སྒོམ་པ་སྟེ། ཡང་དག་པའི་རྩོལ་བས་ནི་ཡུན་རིང་པོར་མི་སྐྱོ་བར་ཤེས་བྱའི་སྒྲིབ་པའི་གཉེན་པོ་སྒོམ་པར་བྱེད་དོ། །ཡང་དག་པའི་དྲན་པས་ནི་ཞི་གནས་དང་རབ་
Vol. 123 · folio 229a
ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་རྒྱུ་མཚན་དག་ལ་ཞུམ་པ་དང་རྒོད་པ་མེད་པའི་ཕྱིར། ལམ་མངོན་སུམ་དུ་བྱ་བའི་ཆེད་དུ་སྒྲིབ་པའི་གཉེན་པོ་སྒོམ་པར་བྱེད་དོ། །ཡང་དག་པའི་ཏིང་ངེ་འཛིན་གྱིས་ནི་ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པའི་སྒྲིབ་
པའི་གཉེན་པོ་སྒོམ་པར་བྱེད་དོ། །དེ་ལྟར་ན་ལམ་གྱི་ཡན་ལག་རྣམ་པ་བརྒྱད་དུ་རྣམ་པར་གཞག་གོ། །ཞི་གནས་དང་ལྷག་མཐོང་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་སྟེ། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང་། །ཆོས་རབ་
རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་ལ་སེམས་ཉེ་བར་འཇོག་པའི་ཕྱིར་དང་། ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར། གོ་རིམས་བཞིན་དུ་ཞི་གནས་དང་ལྷག་མཐོང་ཡིན་པར་རིག་པར་
བྱའི་ཏིང་ངེ་འཛིན་མེད་པར་ནི་མ་ཡིན་ཏེ། འདི་ནི་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་ཡིན་ནོ། །དེ་ནི་ཀུན་འགྲོ་ཆ་གཅིག་དང་། །ཆ་གཅིག་མ་ཡིན་རྒྱུར་འདོད་དོ། །ཞི་གནས་དང་ལྷག་མཐོང་དེ་ནི་ཡོན་ཏན་གང་དང་གང་འདོད་པ་དེ་དང་དེ་བསྒོམ་པའི་ཕྱིར་ཀུན་ཏུ་འགྲོ་བ་ཡིན་ཏེ། ཇི་
སྐད་དུ་མདོ་ལས། དགེ་སློང་ཀྱེ་མ་བདག་གིས་འདོད་པ་དག་ལས་དབེན་པར་འདོད་ན་ཞེས་བྱ་བ་ནས་རྒྱས་པར་དགེ་སློང་དེས་ཆོས་གཉིས་པོ་འདི་ཁོ་ན་བསྒོམ་པར་བྱའོ། །འདི་ལྟ་སྟེ། ཞི་གནས་དང་ལྷག་མཐོང་ངོ་ཞེས་བྱ་བ་ལ་སོགས་པའི་བར་དུ་གསུངས་པ་ལྟ་བུ་ཡིན་ནོ། །ཞི་གནས་
དང་ལྷག་མཐོང་ཆ་གཅིག་པ་ནི་གང་གི་ཚེ་ཞི་གནས་དང་ལྷག་མཐོང་སྒོམ་པར་བྱེད་པའོ། །གཉིས་ཀའི་ཆ་ནི་གང་ཚེ་ཅིག་ཅར་གཉི་ག་སྒོམ་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་དང་ལྷག་མཐོང་དེ་ནི་མོས་པས་སྤྱོད་པའི་ས་ལ་རྒྱུ་ཡིན་པར་འདོད་དོ། །རྟོགས་
དང་ངེས་པར་འབྱུང་བ་དང་། །མཚན་མེད་འདུ་མི་བྱེད་པ་དང་། །ཡོངས་དག་རྣམ་པར་དག་པ་ལ། །བརྟན་པའི་ཞི་གནས་ལྷག་མཐོང་གིས། །རྣལ་འབྱོར་དེ་ས་ཀུན་འགྲོ་སྟེ། །ཐམས་ཅད་སྒྲུབ་པར་བྱེད་པ་ཡིན། །ཞེས་བྱ་བ་ནི་རྒྱུར་འདོད་དོ་ཞེས་བྱ་བ་ལ་སོགས་པས་ནི་ཞི་གནས་
Vol. 123 · folio 229b
དང་ལྷག་མཐོང་གི་རབ་ཏུ་དབྱེ་བ་དང་ལས་བསྟན་པ་ཡིན་ཏེ། རྣལ་འབྱོར་ནི་ཐབས་ཡིན་པར་རིག་པར་བྱའོ། །དེ་ལ་རྟོགས་པ་ནི་ས་དང་པོ་ལ་འཇུག་པའོ། །ངེས་པར་འབྱུང་བ་ནི་ས་དྲུག་པའི་བར་ཏེ། དེ་དག་གི་མཚན་མ་དང་བཅས་པའི་སྦྱོར་བ་ལས་ངེས་པར་འབྱུང་བའི་ཕྱིར་རོ། །
མཚན་མ་མེད་པ་ནི་ས་བདུན་པའོ། །འདུ་མི་བྱེད་པ་ནི་ས་གཞན་གསུམ་སྟེ། མངོན་པར་འདུ་བྱེད་པ་མེད་པར་འབྱུང་བའི་ཕྱིར་རོ། །འདུ་བྱ་བ་ནི་འདུ་བྱེད་པ་སྟེ། །དེ་འདི་ལ་མེད་པས་འདུ་བྱེད་པ་མེད་པའོ། །ས་གསུམ་པོ་དེ་ཉིད་ལ་བརྟེན་ནས་སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་སྦྱང་བར་
བྱ་ལ། སངས་རྒྱས་ཉིད་ཀྱང་ཐོབ་པར་བྱ་སྟེ། འདི་ནི་གོ་རིམས་བཞིན་དུ་ཡོངས་སུ་དག་པ་དང་། །རྣམ་པར་དག་པ་ཡིན་ནོ། །ཐབས་ལ་མཁས་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། སངས་རྒྱས་ཆོས་རྣམས་རྫོགས་བྱ་དང་། །སེམས་ཅན་རྣམས་ཡོངས་སྨིན་བྱ་དང་། །མྱུར་ཐོབ་
བྱ་བ་འགྲུབ་པ་དང་། །ལམ་རྒྱུན་མི་གཅོད་ལ་མཁས་པ། །བྱང་ཆུབ་སེམས་དཔའི་ས་ཀུན་ལ། །ཐབས་ནི་མཚུངས་པ་མེད་པ་སྟེ། །ཐབས་མཁས་དེ་ལ་བརྟེན་ནས་ནི། །དེ་དག་དོན་ཀུན་སྒྲུབ་པར་བྱེད། །འདིས་ནི་ཐབས་ལ་མཁས་པའི་རབ་ཏུ་དབྱེ་བ་དང་ལས་བསྟན་ཏེ། དེ་ལ་སངས་རྒྱས་ཀྱི་ཆོས་ཡོངས་སུ་
རྫོགས་པར་བྱེད་པའི་ཐབས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ནི་བསྡུ་བའི་དངོས་པོ་བཞིའོ། །མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ནི་སྡིག་པ་ཐམས་ཅད་སོ་སོར་བཤགས་སོ་ཞེས་བྱ་བ་ནས་བདག་གི་ཡེ་ཤེས་རྫོགས་པར་བྱང་ཆུབ་པར་
གྱུར་ཅིག་ཅེས་བྱ་བའི་བར་ཏེ། སོ་སོར་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། གསོལ་བ་དང་། ཡོངས་སུ་བསྔོ་བ་ཡིན་ནོ། །བྱ་བ་འགྲུབ་པ་ནི་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་ཏེ། དེ་དག་གིས་སེམས་ཅན་གྱི་དོན་གྱི་བྱ་བ་བསྒྲུབ་པའི་ཕྱིར་རོ། །ལམ་རྒྱུན་མི་གཅོད་པ་ནི་མི་
གནས་པའི་མྱ་ངན་ལས་འདས་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་ཐམས་ཅད་ལ་ཐབས་རྣམ་པ་ལྔ་པོ་འདི་དག་ལ་མཁས་པ་ནི་དེ་ལས་གཞན་པ་དག་དང་མཚུངས་པ་མེད་པ་ཡིན་ཏེ། འདི་ནི་རབ་ཏུ་དབྱེ་བ་ཡིན་ནོ། རང་དང་གཞན་གྱི་དོན་ཐམས་ཅད་སྒྲུབ་པ་ནི་ལས་སོ། །གཟུངས་
Vol. 123 · folio 230a
རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་སྟེ། རྣམ་སྨིན་ཐོས་ལ་གོམས་པ་དང་། །ཏིང་ངེ་འཛིན་གྱི་གཟུངས་དག་ནི། །ཆུང་ངུ་དང་ནི་ཆེན་པོ་སྟེ། །ཆེན་པོ་དེ་ཡང་རྣམ་པ་གསུམ། །བློ་ལྡན་མ་ཞུགས་ཞུགས་པ་ཡང་། །མ་དག་ས་པ་རྣམས་ཀྱི་ནི། །ཆུང་ངུ་དང་ནི་
འབྲིང་པོ་སྟེ། དག་པའི་ས་ཡི་གཟུངས་ཆེན་ཡིན། །བྱང་ཆུབ་སེམས་དཔའ་ཡང་དང་ཡང་། །དེ་ལ་ཡང་དག་བརྟེན་ནས་ནི། །རྟག་ཏུ་དམ་པའི་ཆོས་དག་ཀྱང་། །རབ་ཏུ་སྟོན་ཅིང་འཛིན་པར་བྱེད། །འདྲིར་ཡང་གཟུངས་ཀྱི་རབ་ཏུ་དབྱེ་བ་དང་ལས་བསྟན་ཏེ། དེ་ལ་གཟུངས་ནི་སྔོན་གྱི་
ལས་ཀྱི་རྣམ་པར་སྨིན་པ་དང་། མཐོང་བའི་ཆོས་ལ་མང་དུ་ཐོས་པས་ལེན་པ་དང་འཛིན་པར་ནུས་པའི་ཁྱད་པར་གྱི་སྒོ་ནས་ཐོས་པ་ལ་གོམས་པ་དང་། ཏིང་ངེ་འཛིན་ལ་བརྟེན་ནས་རྣམ་པ་གསུམ་མོ། །དེ་ཡང་རྣམ་པར་སྨིན་པ་དང་ཐོས་པ་ལ་གོམས་པ་དག་གིས་ནི་ཆུང་ངུ་ཡིན་པར་རིག་
པར་བྱའོ། །ཏིང་ངེ་འཛིན་གྱིས་ནི་ཆེན་པོ་ཡིན་ནོ། །ཆེན་པོ་དེ་ཡང་རྣམ་པ་གསུམ་སྟེ། ས་ལ་མ་ཞུགས་པ་རྣམས་ཀྱི་ནི་ཆུང་ངུའོ། །ས་ལ་ཞུགས་པ་མ་དག་པའི་ས་པ་རྣམས་ཀྱི་ནི་འབྲིང་སྟེ་ས་བདུན་པོ་དག་གིའོ། །ཡོངས་སུ་དག་པའི་ས་པའི་ནི་ཆེན་པོ་སྟེ་ས་ལྷག་མ་རྣམས་ཀྱིའོ། །འདི་ནི་
གཟུངས་ཀྱི་རབ་ཏུ་དབྱེ་བ་སྟེ། ལས་ནི་དམ་པའི་ཆོས་རབ་ཏུ་སྟོན་པ་དང་། འཛིན་པ་ཡིན་ནོ། །སྨོན་ལམ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་སྟེ། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །དེ་ནི་ཡེ་ཤེས་ཀྱིས་བསྐུལ་བ། །ས་རྣམས་ཀུན་ལ་མཉམ་
པ་མེད། །དེ་ནི་རྒྱུར་གྱུར་ཤེས་བྱ་སྟེ། །སེམས་ཙམ་ལས་ནི་འགྲུབ་པའི་ཕྱིར། །སེམས་ལས་མོད་ལ་འབྲས་བུ་ཅན། །དེ་ནི་མ་འོངས་དོན་འགྲུབ་བྱེད། །སྣ་ཚོགས་ཆེ་དང་བྱང་ཆུབ་བར། །ས་རྣམས་གོང་ནས་གོང་དུ་ནི། །རྣམ་དག་བྱང་ཆུབ་སེམས་དཔའ་ཡི། །རང་གཞན་དོན་རབ་སྒྲུབ་
བྱེད་ཡིན། །འདིར་སྨོན་ལམ་ནི་ངོ་བོ་ཉིད་དང་། གཞི་དང་། ས་དང་། རབ་ཏུ་དབྱེ་བ་དང་། ལས་ཀྱིས་བསྟན་ཏེ། ངོ་བོ་ཉིད་ནི་སེམས་པ་འདུན་པ་དང་མཚུངས་པར་ལྡན་པ་ཡིན་ནོ། །གཞི་ནི་ཡེ་ཤེས་སོ། །ས་ཐམས་ཅད་ཅེས་བྱ་བ་ནི་སའོ། །སྨོན་ལམ་དེ་ནི་སེམས་ཁོ་ན་ལས་མོད་ལ་
Vol. 123 · folio 230b
འབྲས་བུར་འགྱུར་བའི་ཕྱིར་དང་། མ་འོངས་པ་ན་འདོད་པའི་དོན་འགྲུབ་པའི་ཕྱིར་རྒྱུར་གྱུར་པ་ཡིན་ནོ། །སེམས་ལས་མོད་ལ་འབྲས་བུར་འགྱུར་བ་ཡང་སེམས་ཙམ་ལས་ཇི་ལྟར་འདོད་པའི་དོན་འགྲུབ་པའི་སྒོ་ནས་རིག་པར་བྱ་སྟེ། སྨོན་ལམ་གང་གིས་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་སྟོབས་
ཅན་རྣམས་རྣམ་པར་རྩེ་བ་དེའི་ལུས་བགྲང་བར་བྱ་སླ་བ་མ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལྟ་བུའོ། །སྣ་ཚོགས་པ་ནི་མོས་པས་སྤྱོད་པའི་ས་ལ་འདི་ལྟ་འདི་ལྟར་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །ཆེན་པོ་ནི་ས་ལ་ཞུགས་པའི་སྨོན་ལམ་ཆེན་པོ་བཅུའོ། །རྣམ་པར་དག་པ་ནི་བྱང་ཆུབ་ཀྱི་བར་
དུ་ས་གོང་ནས་གོང་དུ་རྣམ་པར་དག་པའི་ཁྱད་པར་གྱི་ཕྱིར་ཏེ། འདི་ནི་རབ་ཏུ་དབྱེ་བ་ཡིན་ནོ། །རང་དང་གཞན་གྱི་དོན་དུ་རབ་ཏུ་སྒྲུབ་པར་བྱེད་པ་ནི་ལས་སོ། །ཏིང་ངེ་འཛིན་གསུམ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་སྟེ། །ཏིང་འཛིན་གསུམ་གྱི་སྤྱོད་ཡུལ་ནི། །བདག་མེད་རྣམ་པ་གཉིས་
པོ་དང་། །བདག་ཏུ་འཛིན་པའི་རྟེན་དང་ནི། །དེ་རྟོག་ཉེར་ཞི་ཡིན་ཞེས་བྱ། །ཏིང་ངེ་འཛིན་རྣམ་པ་གསུམ་གྱི་སྤྱོད་ཡུལ་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་ནི་གང་ཟག་དང་ཆོས་ལ་བདག་མེད་པའོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་ནི་དེ་གཉི་ག་ལ་བདག་ཏུ་
འཛིན་པའི་རྟེན་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་ནི་རྟེན་དེ་གཏན་དུ་ཉེ་བར་ཞི་བ་ཡིན་ནོ། །ཏིང་འཛིན་དེ་ནི་གཟུང་འཛིན་ངོ་བོའི་ཕྱིར། །རྣམ་པ་གསུམ་དུ་ཤེས་པར་བྱ། །གཟུང་བ་སྤྱོད་ཡུལ་རྣམ་པ་གསུམ་ལ་འཛིན་པའི་ཏིང་ངེ་འཛིན་གང་དག་ཡིན་པ་དེ་
དག་ནི་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་ཡིན་པས་གཟུང་བ་དང་འཛིན་པའི་ངོ་བོས་ཏིང་ངེ་འཛིན་གསུམ་དུ་ཤེས་པར་བྱའོ། །དེ་དག་ཀྱང་གོ་རིམས་བཞིན་དུ། །རྣམ་པར་མི་རྟོག་རྒྱབ་ཀྱིས་ཕྱོགས། །རྟག་ཏུ་དགའ་དང་ལྡན་པ་འོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་རྣམ་པར་མི་རྟོག་པ་སྟེ། གང་
ཟག་དང་ཆོས་དག་ལ་བདག་ཏུ་རྣམ་པར་མི་རྟོག་པའི་ཕྱིར་རོ། །སྨོན་པ་མེད་པ་ནི་བདག་ཏུ་འཛིན་པའི་རྟེན་དེ་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་ནོ། །མཚན་མ་མེད་པ་ནི་དེའི་རྟེན་ཉེ་བར་ཞི་བ་དེ་ལ་དུས་ཐམས་ཅད་དུ་དགའ་བ་དང་མཚུངས་པར་ལྡན་པ་ཡིན་ནོ། །ཡོངས་སུ་ཤེས་དང་སྤང་བ་དང་། །
Vol. 123 · folio 231a
མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྟོང་ཉིད་ལ་སོགས་ཏིང་འཛིན་རྣམས། །དོན་རྣམ་གསུམ་དུ་ཡོངས་སུ་བསྒྲགས། །སྟོང་པ་ཉིད་ནི་གང་ཟག་དང་ཆོས་ལ་བདག་མེད་པ་དག་ཏུ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཡིན་ནོ། །སྨོན་པ་མེད་པ་ནི་དེ་དག་ལ་བདག་ཏུ་འཛིན་པའི་རྟེན་སྤང་
བའི་ཕྱིར་ཡིན་ནོ། །མཚན་མ་མེད་པའི་ཏིང་ངེ་འཛིན་ནི་དེ་ཉེ་བར་ཞི་བ་མངོན་སུམ་དུ་བྱ་བའི་ཕྱིར་ཡིན་ནོ། །ཆོས་ཀྱི་སྡོམ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་ཏེ། སེམས་ཅན་རྣམས་ལ་ཕན་བཞེད་པས། །ཏིང་ངེ་འཛིན་གྱི་རྒྱུ་ཉིད་དུ། །ཆོས་ཀྱི་སྡོམ་ནི་རྣམ་པ་བཞི། །བྱང་ཆུབ་སེམས་
དཔའ་རྣམས་ལ་བཤད། །དེ་ལ་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ་ཞེས་བྱ་བ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུའི་དངོས་པོར་བསྟན་ཏོ། །ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱིའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་
བྱ་བ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིའོ། །ཡང་མི་རྟག་པའི་དོན་ནས་ཞི་བའི་དོན་གྱི་བར་ཅི་ཞིག་ཡིན་ཞེ་ན། བཤད་པ། བརྟན་པ་རྣམས་ཀྱི་བཞི་པོ་དེ། །མེད་པའི་དོན་དང་རྣམ་རྟོག་དོན། །ཀུན་ཏུ་རྟོག་དོན་ཁོ་ན་དང་། །རྣམ་རྟོག་ཉེ་བར་ཞི་བའི་དོན། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་
མི་རྟག་པའི་དོན་ནི་མེད་པའི་དོན་ཏེ། རྟག་ཏུ་མེད་པའི་དོན་གང་ཡིན་པ་དེ་ནི་མི་རྟག་པ་ཡིན་པས་དེ་དག་གི་ཀུན་བརྟགས་པའི་མཚན་ཉིད་གང་ཡིན་པའོ། །སྡུག་བསྔལ་བའི་དོན་ནི་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པའི་དོན་ཏེ། གཞན་གྱི་དབང་གི་མཚན་ཉིད་གང་ཡིན་པའོ། །བདག་
མེད་པའི་དོན་ནི་ཀུན་ཏུ་རྟོག་པ་ཙམ་གྱི་དོན་ཏེ། ཁོ་ན་ཞེས་བྱ་བའི་སྒྲས་ནི་ངེས་པར་གཟུང་བའི་ཕྱིར་ཀུན་བརྟགས་པའི་བདག་ནི་མེད་ཀྱི། ཀུན་ཏུ་རྟོགས་པ་ཙམ་ཞིག་ནི་ཡོད་པས་ཀུན་བརྟགས་པའི་མཚན་ཉིད་ཀྱི་མེད་པའི་དོན་ནི་བདག་མེད་པའི་དོན་ཏོ་ཞེས་བཤད་པ་ཡིན་ནོ། །ཞི་བའི་དོན་ནི་རྣམ་
པར་རྟོག་པ་ཉེ་བར་ཞི་བའི་དོན་ཏེ། ཡོངས་སུ་གྲུབ་པའི་མཚན་ཉིད་མྱ་ངན་ལས་འདས་པ་ཡིན་ནོ། །གཞན་གྱི་དབང་གི་མཚན་ཉིད་སྐད་ཅིག་ལ་འཇིག་པའི་དོན་ཡང་མི་རྟག་པའི་དོན་དུ་རིག་པར་བྱ་སྟེ། དེ་ལྟ་བས་ན་དེ་རབ་ཏུ་བསྒྲུབ་པའི་ཕྱིར་སྐད་ཅིག་མ་ཉིད་རྣམ་པར་དབྱེ་བའི་ཚིགས་སུ་
Vol. 123 · folio 231b
བཅད་པ་བཅུའོ། །མི་རུང་རྒྱུ་ལས་སྐྱེ་ཕྱིར་དང་། །འགལ་ཕྱིར་རང་ཉིད་མི་གནས་ཕྱིར། །མེད་ཕྱིར་མཚན་ཉིད་ངེས་ཕྱིར་དང་། །རྗེས་སུ་འཇུག་ཕྱིར་འགག་པའི་ཕྱིར། །ཡོངས་སུ་འགྱུར་བ་དམིགས་ཕྱིར་དང་། །དེའི་རྒྱུ་ཉིད་དང་འབྲས་བུའི་ཕྱིར། །ཟིན་པའི་ཕྱིར་དང་བདག་པོའི་ཕྱིར། །དག་
དང་སེམས་ཅན་རྗེས་འཇུག་ཕྱིར། །དེ་ལ་འོག་ནས་འདུས་བྱས་ཐམས་ཅད་སྐད་ཅིག་མ་ཞེས་འབྱུང་བ་འདི་ནི་དམ་བཅའ་བ་ཡིན་པར་རིག་པར་བྱའོ། །དེ་ཡང་ཇི་ལྟར་འགྲུབ་ཅེ་ན། སྐད་ཅིག་མ་ཉིད་མེད་པར་འདུ་བྱེད་རྣམས་འཇུག་པར་མི་རུང་བའི་ཕྱིར་ཏེ། རྒྱུན་གྱིས་འཇུག་པ་ནི་འཇུག་པ་ཡིན་ན་
དེ་ཡང་སྐད་ཅིག་རེ་རེ་ལ་སྐྱེ་བ་དང་འགག་པ་མེད་པར་མི་རུང་ངོ་། །འོན་ཏེ་དུས་གཞན་གྱི་བར་དུ་གནས་ནས་སྔ་མ་དང་ཕྱི་མ་འགག་པ་དང་སྐྱེ་བའི་སྒོ་ནས་རྒྱུན་གྱིས་འཇུག་པར་འདོད་ན། དེའི་མཇུག་ཐོགས་སུ་འཇུག་པར་མི་འགྱུར་ཏེ། རྒྱུན་མེད་པའི་ཕྱིར་རོ། །སྐྱེས་པ་ནི་རྒྱུན་མེད་པར་དུས་གཞན་
གྱི་བར་དུ་ཡོད་པར་ཡང་རུང་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུ་ལས་སྐྱེ་བའི་ཕྱིར་ཏེ། འདུས་བྱས་ཐམས་ཅད་ནི་རྒྱུ་ལས་སྐྱེ་ཞིང་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་གལ་ཏེ་བྱུང་ནས་ཡང་དུས་ཕྱིས་ཡོད་ན་དེ་ལ་གདོན་མི་ཟ་བར་རྒྱུ་དགོས་ཏེ། རྒྱུ་མེད་ན་དང་པོ་ཁོ་ན་ནས་རྒྱུ་མེད་པའི་ཕྱིར་རོ། །དེ་ནི་
རྒྱུ་དེ་ཁོ་ནས་ཡོད་པར་འགྱུར་བར་ཡང་རིགས་པ་མ་ཡིན་ཏེ། དེ་རྒྱུར་སྤྱད་ཟིན་པའི་ཕྱིར་རོ། །རྒྱུ་གཞན་ཡང་མི་དམིགས་ཏེ། དེ་ལྟ་བས་ན་གདོན་མི་ཟ་བར་སྐད་ཅིག་རེ་རེ་ལ་སྔ་མའི་རྒྱུ་ཅན་གཞན་ཞིག་ཡོད་དོ་ཞེས་བྱ་བར་རིག་པར་བྱའོ། །དེ་ལྟར་ན་སྐྱེས་པ་རྒྱུན་མེད་པར་དུས་གཞན་གྱི་བར་དུ་ཡོད་
པར་མི་རུང་ངོ་། །ཇི་སྟེ་འདི་ལྟར་གང་གི་དོན་དུ་རྒྱུ་དགོས་པར་འགྱུར་བ་སྐྱེས་ཟིན་པ་ཡང་སྐྱེ་བ་ནི་མ་ཡིན་གྱི། སྐྱེས་པ་ནི་ཕྱིས་དུས་གཞན་ན་འགག་པར་འགྱུར་ཏེ། སྐྱེས་པ་ཙམ་ཁོ་ནས་ནི་མ་ཡིན་ནོ་ཞེས་བྱ་བར་འདོད་ན་དེ་ཕྱིས་ཅི་ཞིག་གིས་འགག་པར་འགྱུར། གལ་ཏེ་སྐྱེ་བའི་རྒྱུ་ཁོ་ནས་སོ་
ཞེ་ན། དེ་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྐྱེ་བ་དང་འགག་པ་དག་འགལ་བའི་ཕྱིར་རོ། །འགལ་བ་དག་གི་རྒྱུ་འདྲ་བར་ནི་མི་རིགས་ཏེ། དཔེར་ན་གྲིབ་མ་དང་ཉི་མ་དག་གྲང་བ་དང་དྲོ་བ་དག་གི་ལྟ་བུའོ། །དུས་གཞན་ན་འགག་པ་ཉིད་ཀྱང་འགལ་བའི་ཕྱིར་རོ། །གང་དང་
Vol. 123 · folio 232a
འགལ་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདུ་བྱེད་དེ་དག་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྐྱེ་ཞིང་འཇིག་པ། དུས་རེ་ཞིག་པ། ཡུན་ཐུང་ངུར་གནས་པའོ་ཞེས་གསུངས་པ་གང་ཡིན་པའི་ལུང་དང་ཡང་འགལ་ལོ། །རྣལ་འབྱོར་པ་རྣམས་ཀྱི་ཡིད་ལ་
བྱེད་པ་དང་ཡང་འགལ་ཏེ། དེ་དག་ནི་འདུ་བྱེད་རྣམས་ལ་སྐྱེ་བ་དང་འཇིག་པ་དག་ཏུ་ཡིད་ལ་བྱེད་པ་ན་སྐད་ཅིག་རེ་རེ་ལ་འདི་རྣམས་འགག་པར་མཐོང་ངོ་། །དེ་ལྟ་མ་ཡིན་ན་འཆི་བའི་དུས་ལ་སོགས་པ་ན་འགག་པར་མཐོང་བ་གཞན་དག་ཇི་ལྟ་བར་དེ་དག་ཀྱང་ཡིད་འབྱུང་བ་དང་། འདོད་
ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བ་དག་ཏུ་མི་འགྱུར་རོ། །ཡང་གལ་ཏེ་འདུ་བྱེད་སྐྱེས་པ་དུས་གཞན་གྱི་བར་དུ་གནས་པར་འགྱུར་ན། བདག་ཉིད་དམ་གནས་པའི་རྒྱུ་འགའ་ཞིག་གིས་གནས་པར་འགྱུར་གྲང་ན། རེ་ཞིག་བདག་ཉིད་གནས་པར་ནི་རིགས་པ་མ་ཡིན་ནོ། །
ཅིའི་ཕྱིར་ཞེ་ན། ཕྱིས་བདག་ཉིད་མི་གནས་པའི་ཕྱིར་ཏེ། གང་གིས་ན་འདི་གནས་པར་མི་ནུས། དེ་མེད་པའི་ཕྱིར་གནས་པའི་རྒྱུས་ཀྱང་རིགས་པ་མ་ཡིན་ཏེ། དེ་ནི་ཅུང་ཟད་ཀྱང་མི་དམིགས་སོ། །འོན་ཏེ་གནས་པའི་རྒྱུ་མེད་དུ་ཟིན་ཀྱང་འཇིག་པའི་རྒྱུ་མེད་པས་གནས་ལ་འཇིག་པའི་རྒྱུ་དང་
ཕྲད་ནས་ནི་ཕྱིས་མེས་སྔོན་པོ་ཉིད་བཞིན་དུ་འཇུག་གོ་སྙམ་དུ་སེམས་ན། དེ་མེད་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ཏེ། འཇིག་པའི་རྒྱུ་ནི་ཕྱིས་ཀྱང་ཅུང་ཟད་ཀྱང་མེད་དོ། །མེས་སྔོན་པོ་ཉིད་འཇུག་གོ་ཞེས་བྱ་བ་ཡང་རབ་ཏུ་མ་གྲུབ་པོ། །དེའི་མཐུ་ནི་མི་འདྲ་བར་སྐྱེ་བ་ལ་རབ་ཏུ་གྲུབ་སྟེ། འདི་ལྟར་དེ་དང་
འབྲེལ་པ་ལས་སྔོན་པོ་ཉིད་ཀྱི་རྒྱུན་མི་འདྲ་བར་འཛིན་གྱི་རྣམ་པ་ཐམས་ཅད་དུ་མི་འཇུག་པ་ཉིད་ནི་མ་ཡིན་ནོ། །ཆུ་བསྐོལ་བ་རྣམས་ཀྱང་མེ་དང་འབྲེལ་པ་ལས་ཉུང་བ་དང་ཆེས་ཉུང་བ་སྐྱེ་བའི་སྒོ་ནས་མཐར་ཤིན་ཏུ་དམན་པས་ནམ་ཡང་མི་སྐྱེ་བར་འཛིན་གྱི། མེ་དང་ཕྲད་པ་ལས་དེ་ཅིག་ཅར་ཁོ་ནར་
མེད་པ་ནི་མ་ཡིན་ནོ། །མཚན་ཉིད་ངེས་པའི་ཕྱིར་སྐྱེས་པ་ནི་འགའ་ཡང་གནས་པར་རུང་བ་ཉིད་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་འདུས་བྱས་མི་རྟག་པ་ཉིད་དུ་གསུངས་པ་གང་ཡིན་པ་དེ་ནི་འདུས་བྱས་ཀྱི་མཚན་ཉིད་ངེས་པ་ཡིན་ན། དེས་གལ་ཏེ་སྐྱེས་པ་ཙམ་གྱིས་འཇིག་པར་མི་
Vol. 123 · folio 232b
འགྱུར་ན་ནི་འདིའི་དུས་ཅུང་ཟད་ཅིག་མི་རྟག་པ་ཉིད་དུ་མི་འགྱུར་བས་མི་རྟག་པ་ཉིད་ཀྱི་མཚན་ཉིད་མ་ངེས་པར་ཐལ་བར་འགྱུར་རོ། འོན་ཏེ་སྐད་ཅིག་མ་རེ་རེ་ལ་སྔོན་མེད་པ་སྐྱེ་ན་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་ངོ་ཤེས་པར་ཡང་མི་འགྱུར་རོ་སྙམ་དུ་སེམས་ན་འདྲ་བར་རྗེས་སུ་འཇུག་པའི་ཕྱིར་དེར་ནི་འགྱུར་
བ་ཁོ་ན་སྟེ། སྒྱུ་མ་མཁན་གྱི་སྒང་སྒོང་དང་འདྲའོ། །འདྲ་བའི་ཕྱིར་དེའི་བློ་འབྱུང་གིས་དེ་ཡོད་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བ་ཅི་མངོན་ཞེ་ན། འགག་པའི་ཕྱིར་ཏེ། དེ་ཁོ་ན་བཞིན་དུ་གནས་པ་ནི་སྐད་ཅིག་མ་དང་པོ་དང་ཁྱད་པར་མེད་པའི་ཕྱིར་མཐར་ཡང་འཇིག་པར་མི་འགྱུར་རོ། །དེ་ལྟ་བས་ན་དེ་ཉིད་
འདི་ཡིན་ནོ་ཞེས་བྱ་བར་ནི་ངེས་པར་མི་བཟུང་ངོ་། །མཐར་ཡོངས་སུ་འགྱུར་བ་ཡང་དམིགས་པའི་ཕྱིར་ཏེ། ཡོངས་སུ་འགྱུར་བ་ཞེས་བྱ་བ་ནི་གཞན་ཉིད་དུ་འགྱུར་བའོ། དེ་གལ་ཏེ་ཕྱི་དང་ནང་གི་དངོས་པོ་རྣམས་ལ་དང་པོ་ཁོ་ན་ནས་བརྩམས་པར་མ་གྱུར་ན་ནི་མཇུག་ཏུ་ཡང་ཡོངས་སུ་འགྱུར་བ་
དམིགས་པར་མི་འགྱུར་རོ། །དེ་ལྟ་བས་ན་ཞོའི་གནས་སྐབས་ན་འོ་མ་ལྟ་བུར་རིམ་གྱིས་འཕེལ་ན་མཐར་མངོན་པར་འགྱུར་བ་གང་ཡིན་པ་གཞན་དུ་འགྱུར་བ་ཉིད་ནི་དང་པོ་ཁོ་ན་ནས་བརྩམས་པ་ཡིན་ལ། ཇི་སྲིད་དུ་གཞན་ཉིད་དུ་འགྱུར་བ་དེ་ཕྲ་བའི་ཕྱིར། ཡོངས་སུ་མི་ཆོད་པ་དེ་སྲིད་དུ་ནི་འདྲ་བ་
རྗེས་སུ་འཇུག་པས་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་ཤེས་སོ་ཞེས་བྱ་བར་གྲུབ་པོ། །དེ་ལྟ་བས་ན་སྐད་ཅིག་རེ་རེ་ལ་གཞན་ཉིད་དུ་འགྱུར་བའི་ཕྱིར་སྐད་ཅིག་མ་ཉིད་དུ་རབ་ཏུ་གྲུབ་པོ། །ཡང་གང་གིས་རབ་ཏུ་གྲུབ་ཅེ་ན། དེའི་རྒྱུ་ཉིད་དང་འབྲས་བུའི་ཕྱིར་ཞེས་བྱ་བས་ཏེ། སྐད་ཅིག་མའི་རྒྱུ་ཡིན་པའི་ཕྱིར་
དང་། སྐད་ཅིག་མའི་འབྲས་བུ་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། སེམས་ནི་སྐད་ཅིག་མར་རབ་ཏུ་སྒྲུབ་པོ། །དེའི་རྒྱུ་ནི་མིག་ལ་སོགས་པ་འདུ་བྱེད་གཞན་དག་ཡིན་ནོ། །དེ་ལྟ་བས་ན་དེ་དག་ཀྱང་སྐད་ཅིག་མ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །སྐད་ཅིག་མ་མ་ཡིན་པ་ལས་སྐད་ཅིག་མ་འབྱུང་
བར་འོས་པ་ནི་མ་ཡིན་ཏེ། དཔེར་ན་མི་རྟག་པ་ལས་རྟག་པ་ལྟ་བུའོ། །ཡང་འདུ་བྱེད་ཐམས་ཅད་ཀྱང་སེམས་ཀྱི་འབྲས་བུ་ཡིན་ནོ། །འདི་ཅི་མངོན་ཞེ་ན། ཟིན་པའི་ཕྱིར་དང་། བདག་པོའི་ཕྱིར་དང་། དག་པ་དང་སེམས་ཅན་གྱི་རྗེས་སུ་འཇུག་པའི་ཕྱིར་ཏེ། མིག་ལ་སོགས་པའི་འདུ་བྱེད་
Vol. 123 · folio 233a
རྣམས་ནི་དེས་སེམས་དང་ལྷན་ཅིག་མཚུངས་པར་ལྡན་པའི་ཕྱིར་རྗེས་སུ་ཟིན་པར་འཇུག་པའི་སྒོ་ནས་རྟེན་དང་བཅས་པར་ཟིན་པ་ཡིན་ཏེ། དེ་ལྟ་བས་ན་སེམས་ཀྱི་འབྲས་བུ་ཡིན་ནོ། །སེམས་ནི་འདུ་བྱེད་རྣམས་ཀྱི་བདག་པོ་ཡང་ཡིན་ཏེ། ཇི་སྐད་དུ། བཅོམ་ལྡན་འདས་
ཀྱིས་འཇིག་རྟེན་འདི་ནི་སེམས་ཀྱིས་ཁྲིད་ཅིང་སེམས་ཀྱིས་འདྲེན་ཏེ་སེམས་འབྱུང་ཞིང་བྱུང་བའི་དབང་དུ་འགྱུར་རོ་ཞེས་གསུངས་པ་དང་། དེ་བཞིན་དུ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་ཀྱང་གསུངས་པ་ལྟ་བུ་སྟེ། དེ་ལྟ་བས་ན་འདུ་བྱེད་རྣམས་ནི་སེམས་ཀྱི་འབྲས་བུ་ཡིན་
ནོ། །སེམས་དག་པའི་རྗེས་སུ་འཇུག་པའི་ཡང་ཕྱིར་ཏེ། འདུ་བྱེད་རྣམས་ནི་རྣལ་འབྱོར་པ་རྣམས་ཀྱི་སེམས་དག་པའི་རྗེས་སུ་འཇུག་གོ། །ཇི་སྐད་དུ། དགེ་སློང་བསམ་གཏན་པ་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པས་ནི་གལ་ཏེ་ཤིང་གི་ཕུང་པོ་འདི་ལ་གསེར་དུ་མོས་ན་དེ་ལ་
དེ་ཁོ་ན་ཉིད་བཞིན་དུ་འགྱུར་རོ་ཞེས་གསུངས་པ་ལྟ་བུ་སྟེ། དེའི་ཕྱིར་ཡང་འདུ་བྱེད་རྣམས་སེམས་ཀྱི་འབྲས་བུ་ཡིན་ནོ། །སེམས་ཅན་གྱི་རྗེས་སུ་འཇུག་པའི་ཡང་ཕྱིར་ཏེ། འདི་ལྟར་ན་སེམས་ཅན་སྡིག་པ་བྱེད་པ་རྣམས་ལ་ཕྱིའི་དངོས་པོ་རྣམས་ངན་པར་འགྱུར་ལ། །བསོད་ནམས་བྱེད་པ་རྣམས་
ལ་གྱ་ནོམ་པར་འགྱུར་རོ། །དེ་བས་ན་དེ་དག་གི་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་འདུ་བྱེད་རྣམས་སེམས་ཀྱི་འབྲས་བུ་ཉིད་དུ་གྲུབ་པོ། །དེའི་ཕྱིར་སྐད་ཅིག་མ་ཉིད་ཡིན་ཏེ། དེའི་རྗེས་སུ་བྱེད་པའི་ཕྱིར་སྐད་ཅིག་མའི་འབྲས་བུ་སྐད་ཅིག་མ་མ་ཡིན་པར་ནི་མི་རུང་ངོ་། །དེ་ལྟར་ན་རེ་ཞིག་ཚིགས་
སུ་བཅད་པ་གཉིས་ཀྱིས་ཁྱད་པར་མེད་པར་འདུ་བྱེད་རྣམས་སྐད་ཅིག་མ་ཉིད་དུ་བསྒྲུབས་པ་ཡིན་ནོ། །ཡང་ནང་གི་རྣམས་བསྒྲུབ་པའི་ཕྱིར་ཚིགས་སུ་བཅད་པ་ལྔར་རིག་པར་བྱ་སྟེ། དང་པོ་ཇེ་བས་ཇེ་ཆེ་དང་། །རྒྱས་དང་རྟེན་གྱི་དངོས་པོ་དང་། །འགྱུར་དང་ཡོངས་སུ་སྨིན་པ་དང་། །དེ་བཞིན་
དམན་དང་ཁྱད་པར་འཕགས། །འོད་གསལ་བ་དང་འོད་མི་གསལ། །ཡུལ་གཞན་འགྲོ་དང་ས་བོན་བཅས། །ས་བོན་མེད་པའི་ངོ་བོ་དང་། །གཟུགས་བརྙན་དུ་ནི་སྐྱེ་བ་སྟེ། །སྐྱེ་བ་རྣམ་པ་བཅུ་བཞི་ལ། །རྒྱུ་དང་ཚད་ཀྱི་ཁྱད་པར་དང་། །རྒྱས་པ་དོན་མེད་མི་རུང་དང་། །རྟེན་
Vol. 123 · folio 233b
ཉིད་དུ་ནི་མི་སྲིད་དང་། །གནས་པ་ལ་ནི་མི་སྲིད་དང་། །དང་པོ་མི་འཇིག་མཐར་མི་འགྱུར། །དེ་བཞིན་དམན་དང་ཁྱད་པར་འཕགས། །འོད་གསལ་བ་དང་འོད་མི་གསལ། །འགྲོ་མེད་གནས་པ་མི་རུང་དང་། །ཐ་མ་ཉིད་ནི་མི་སྲིད་ཕྱིར། །སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར། །འདུས་བྱས་
ཐམས་ཅད་སྐད་ཅིག་མ། །དང་པོ་ཇེ་བས་ཇེ་ཆེ་དང་། །ཞེས་བྱ་བ་ནས། འདུས་བྱས་ཐམས་ཅད་སྐད་ཅིག་མ་ཞེས་བྱ་བའི་བར་འདི་དག་གིས་སྐད་ཅིག་མ་ཉིད་ཇི་ལྟར་འགྲུབ་ཅེ་ན། ནང་གི་འདུ་བྱེད་རྣམས་ཀྱི་སྐྱེ་བ་ནི་རྣམ་པ་བཅུ་བཞི་སྟེ། དང་པོར་སྐྱེ་བ་ནི་དང་པོ་ཉིད་དུ་བདག་གི་ངོ་བོ་མངོན་
པར་གྲུབ་པ་གང་ཡིན་པའོ། །ཇེ་བས་ཇེ་ཆེར་སྐྱེ་བ་ནི་སྐྱེ་བའི་སྐད་ཅིག་མ་དང་པོ་ཕྱིན་ཆད་གང་ཡིན་པའོ། །རྒྱས་པས་ནི་ཟས་དང་ཉལ་བ་དང་ཚངས་པར་སྤྱོད་པ་དང་སྙོམས་པར་འཇུག་པས་རྒྱས་པ་གང་ཡིན་པའོ། །རྟེན་གྱི་དངོས་པོས་ནི་རྟེན་མིག་ལ་སོགས་པས་མིག་གི་རྣམ་པར་ཤེས་པ་
ལ་སོགས་པ་གང་ཡིན་པའོ། །འགྱུར་བ་ནི་འདོད་ཆགས་ལ་སོགས་པས་ཁ་དོག་ལ་སོགས་པ་རྣམ་པར་འགྱུར་བའི་སྒོ་ནས་གང་ཡིན་པའོ། །ཡོངས་སུ་སྨིན་པར་ནི་མངལ་ན་གནས་པ་དང་བྱིས་པ་དང་། གཞོན་ནུ་དང་ལང་ཚོ་དང་དར་ལ་བབ་པ་དང་། རྒན་པོའི་གནས་སྐབས་དག་ན་གང་ཡིན་
པའོ། །དམན་པ་ཉིད་དང་ཁྱད་པར་དུ་འཕགས་པ་ཉིད་དུ་ནི་ངན་འགྲོ་དང་བདེ་འགྲོར་སྐྱེ་བ་རྣམས་ཀྱི་གང་ཡིན་པ་སྟེ་གོ་རིམས་བཞིན་ནོ། །འོད་གསལ་བ་ཉིད་དུ་ནི་འདོད་པ་སྤྲུལ་པ་དང་། འདོད་པ་གཞན་གྱིས་སྤྲུལ་པ་དང་། གཟུགས་དང་གཟུགས་མེད་པ་དག་ཏུ་སྐྱེ་བ་རྣམས་ཀྱི་གང་ཡིན་
པ་སྟེ། སེམས་ཙམ་ལ་རག་ལས་པའི་ཕྱིར་རོ། །འོད་མི་གསལ་བ་ཉིད་དུ་ནི་དེ་ལས་གཞན་དུ་སྐྱེ་བ་རྣམས་ཀྱི་གང་ཡིན་པའོ། །ཡུལ་གཞན་དུ་འགྲོ་བར་ནི་ཡུལ་གཞན་དུ་སྐྱེས་པ་འགགས་ནས་ཡུལ་གཞན་དུ་སྐྱེ་བ་གང་ཡིན་པའོ། །ས་བོན་དང་བཅས་པ་ཉིད་དུ་ནི་དགྲ་བཅོམ་པའི་ཕུང་པོ་ཐ་མ་གང་དག་
ཡིན་པ་དེ་དག་མ་གཏོགས་པའོ། །ས་བོན་མེད་པ་ཉིད་དུ་ནི་ཐ་མ་དེ་དག་གང་ཡིན་པའོ། །གཟུགས་བརྙན་ཉིད་དུ་ནི་རྣམ་པར་ཐར་པའི་བསམ་གཏན་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་དབང་གིས་གཟུགས་བརྙན་ཞེས་བྱ་བའི་འདུ་བྱེད་རྣམས་སྐྱེ་བ་གང་ཡིན་པའོ། །སྐྱེ་བ་རྣམ་པ་བཅུ་བཞི་པོ་འདི་དག་ལ་ནང་གི་འདུ་
Vol. 123 · folio 234a
བྱེད་རྣམས་རྒྱུ་དང་ཚད་ཀྱི་ཁྱད་པར་དང་། །ཞེས་བྱ་བ་ལ་སོགས་པའི་རྒྱུས་སྐད་ཅིག་མ་ཉིད་དུ་རིག་པར་བྱ་སྟེ། རེ་ཞིག་དང་པོར་སྐྱེ་བ་ལ་ནི་རྒྱུ་ཉིད་ཀྱི་ཁྱད་པར་གྱི་ཕྱིར་རོ། །གལ་ཏེ་དེ་རྒྱུ་ཉིད་ཀྱི་ཁྱད་པར་དུ་མ་གྱུར་ན། དེས་ན་རྒྱུ་ཁྱད་པར་མེད་པའི་ཕྱིར། འདུ་བྱེད་ཀྱི་འཇུག་
པའི་ཁྱད་པར་ཕྱི་མ་ཕྱི་མ་དམིགས་པར་འགྱུར་རོ། །ཁྱད་པར་ཡོད་ན་ནི་ཕྱི་མ་ཕྱི་མ་དག་ལས་དེ་གཞན་ཡིན་པའི་ཕྱིར་སྐད་ཅིག་མ་ཉིད་དུ་གྲུབ་པོ། །ཇེ་བས་ཇེ་ཆེར་སྐྱེ་བ་ལ་ནི་ཚད་ཀྱི་ཕྱིར་རོ། །ཚད་ནི་བོང་ཞེས་བྱ་བའི་ཐ་ཚིག་སྟེ། སྐད་ཅིག་རེ་རེ་ལ་གཞན་དུ་འགྱུར་བ་མེད་པར་ཚད་ཀྱི་ཁྱད་
པར་ཡོད་པར་མི་འགྱུར་རོ། །རྒྱས་པར་སྐྱེ་བ་ལ་ནི་སྐྱེ་བ་དོན་མེད་པའི་ཕྱིར་ཏེ། རྒྱས་པ་ནི་ཉེ་བར་སྟོན་པའོ། །སྐད་ཅིག་མ་ཉིད་མེད་ན་དེ་དོན་མེད་པར་འགྱུར་ཏེ། དེ་ཁོ་ན་བཞིན་དུ་གནས་པའི་ཕྱིར་རོ། །རྒྱས་པ་དེ་ཉིད་མི་རུང་བའི་ཡང་ཕྱིར་ཏེ། སྐད་ཅིག་རེ་རེ་ལ་ཆེས་རྒྱས་པ་སྐྱེ་བ་མེད་
པར་ནི་རྒྱས་པར་མི་རུང་ངོ་། །རྟེན་གྱི་དངོས་པོས་སྐྱེ་བ་ལ་ནི་རྟེན་ཉིད་དུ་མི་སྲིད་པའི་ཕྱིར་ཏེ། རྟེན་གནས་བཞིན་དུ་དེ་ལ་བརྟེན་པ་མི་གནས་པར་མི་རུང་བ་མ་ཡིན་ཏེ། ཐེག་པ་གནས་བཞིན་དུ་དེ་ལ་ཞོན་པ་མི་གནས་པ་བཞིན་ནོ། དེ་ལྟ་མ་ཡིན་ན་རྟེན་ཉིད་དུ་མི་སྲིད་པར་འགྱུར་རོ། །འགྱུར་
བར་སྐྱེ་བ་དང་ཡོངས་སུ་སྨིན་པར་སྐྱེ་བ་ལ་ནི། གནས་པ་ལ་ནི་མི་སྲིད་དང་། །དང་པོ་མི་འཇིག་མཐར་མི་འགྱུར། །དེ་བཞིན་དུ་གནས་པ་ཉིད་ལ་ནི། འདོད་ཆགས་ལ་སོགས་པས་འགྱུར་བ་ཡང་མི་སྲིད་ལ། གནས་སྐབས་གཞན་དག་ཏུ་ཡོངས་སུ་སྨིན་པ་ཡང་མི་སྲིད་དེ། དང་
པོ་ནས་མི་འཇིག་པ་ཡིན་ན་ཐ་མར་ཡང་འགྱུར་བ་མེད་པའི་ཕྱིར་རོ། །འགྱུར་བ་དང་ཡོངས་སུ་སྨིན་པར་སྐྱེ་བ་ལ་ཇི་ལྟ་བ་དེ་བཞིན་དུ་དམན་པ་དང་། ཁྱད་པར་ཅན་དུ་སྐྱེ་བ་ལ་ཡང་སྐད་ཅིག་མ་ཉིད་དུ་རིག་པར་བྱ་སྟེ། །དེ་ཁོ་ན་བཞིན་དུ་གནས་པའི་འདུ་བྱེད་དག་ལ་ནི་གང་གིས་ན་ངན་འགྲོའམ་བདེ་
འགྲོར་སྐྱེ་བར་འགྱུར་བའི་ལས་ཀྱི་བག་ཆགས་འཇུག་པ་རྙེད་པར་མི་འགྱུར་གྱི་རིམ་གྱིས་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལས་ནི་འཇུག་པ་རྙེད་པར་རུང་ངོ་། །འོད་གསལ་བ་དང་འོད་མི་གསལ་བར་སྐྱེ་བ་ལ་ཡང་དེ་ཁོ་ན་བཞིན་དུ་སྐད་ཅིག་མ་ཉིད་དུ་རུང་སྟེ། །རེ་ཞིག་འོད་གསལ་བ་ལ་ནི་དེ་
Vol. 123 · folio 234b
བཞིན་དུ་གནས་པ་ལ་སེམས་ལ་རག་ལུས་ཏེ་འཇུག་པ་མི་སྲིད་པའི་ཕྱིར་རོ། །འོད་མི་གསལ་བ་ལ་ཡང་དང་པོ་ནས་འཇིག་པ་མེད་ན་ཐ་མར་འགྱུར་བ་མི་རུང་བའི་ཕྱིར་རོ། །ཡུལ་གཞན་དུ་འགྲོ་བར་སྐྱེ་བ་ལ་ནི་འགྲོ་བ་མེད་པའི་ཕྱིར་རོ། །འདུ་བྱེད་རྣམས་ལ་འགྲོ་བ་ཞེས་བྱ་བ་ཡུལ་གཞན་དུ་
འཕོ་བའི་མཚན་ཉིད་ཀྱི་བྱ་བ་འགའ་ཡང་མི་རུང་སྟེ། དེ་ནི་སྐྱེས་པའམ་མ་སྐྱེས་པ་ཞིག་གིས་འདུ་བྱེད་ཡུལ་གཞན་དུ་འགྲོ་བར་བྱེད་གྲང་། གལ་ཏེ་སྐྱེས་པས་སོ་ཞེ་ན། དེས་ན་འགྲོ་བའི་དུས་ན་གང་དུ་ཡང་མ་སོང་བས་གནས་པ་ཁོ་ན་ལ་འགྲོ་བ་འཐད་པ་མ་ཡིན་ནོ། །འོན་ཏེ་མ་སྐྱེས་
པས་སོ་ཞེ་ན། དེས་ན་འགྲོ་བ་མེད་ན་སོང་བ་ཞེས་བྱ་བར་མི་རུང་ངོ་། །བྱ་བ་དེ་ཡང་གལ་ཏེ་ཡུལ་དེ་ཉིད་ན་གནས་པའི་འདུ་བྱེད་ལ་བྱ་བ་བྱེད་དོ་ཞེ་ན། རུང་བ་མ་ཡིན་ཏེ། གནས་པ་ནི་ཡུལ་གཞན་དུ་མ་ཕྱིན་པའི་ཕྱིར་རོ། །འོན་ཏེ་ཡུལ་གཞན་ན་གནས་པ་ལའོ་ཞེ་ན་ཡང་རུང་བ་མ་ཡིན་
ཏེ། བྱ་བ་མེད་ན་ཡུལ་གཞན་དུ་མ་ཕྱིན་པའི་ཕྱིར་རོ། །བྱ་བ་ནི་ཡུལ་དེའམ་གཞན་ན་གནས་པའི་འདུ་བྱེད་ལས་གཞན་དུ་ཡང་མི་དམིགས་པའི་ཕྱིར་རོ། །དེ་ལྟ་བས་ན་འདུ་བྱེད་རྣམས་ཡུལ་གཞན་དག་ཏུ་རྒྱུན་གྱིས་སྐྱེ་བ་ལས་གཞན་པའི་འགྲོ་བ་ནི་མེད་དོ། །དེ་མེད་པའི་ཕྱིར་སྐད་
ཅིག་མ་ཉིད་དུ་གྲུབ་པོ། །ཡུལ་གཞན་དུ་བར་ཆད་མེད་པར་སྐྱེ་བའི་མཚན་ཉིད་ཀྱི་འགྲོ་བ་ནི་རྒྱུ་དུ་མས་རིག་པར་བྱ་སྟེ། སེམས་ཀྱི་དབང་གིས་ཀྱང་ཡོད་དེ། དཔེར་ན་འཆགས་པ་ལ་སོགས་པའི་གནས་སྐབས་ཀྱི་ལྟ་བུའོ། །སྔོན་གྱི་ལས་ཀྱི་འཕེན་པས་ཀྱང་ཡོད་དེ། དཔེར་ན་སྲིད་པ་
བར་མའི་ལྟ་བུའོ། །འཕངས་པའི་དབང་གིས་ཀྱང་ཡོད་དེ། །དཔེར་ན་མདའ་འཕངས་པ་ལྟ་བུའོ། །འབྲེལ་པའི་དབང་གིས་ཀྱང་ཡོད་དེ། དཔེར་ན་བཞོན་པ་དང་ཆུ་རྒལ་བར་ཞུགས་པ་རྣམས་ཀྱི་ལྟ་བུའོ། །དེད་པའི་དབང་གིས་ཀྱང་ཡོད་དེ། དཔེར་ན་རྩ་རླུང་གིས་བདས་པ་རྣམས་ཀྱི་
ལྟ་བུའོ། །ངོ་བོ་ཉིད་ཀྱི་དབང་གིས་ཀྱང་ཡོད་དེ། དཔེར་ན་རླུང་ནི་ཐད་ཀར་འགྲོ། མེ་ནི་གྱེན་དུ་འབར། ཆུ་ནི་གཞོལ་བར་འབབ་པ་ལྟ་བུའོ། །མཐུས་ཀྱང་ཡོད་དེ། དཔེར་ན་ཁ་ཅིག་ནི་གསང་སྔགས་དང་སྨན་གྱི་མཐུས། ལྕགས་དག་ནི་ཁབ་ལེན་གྱི་མཐུས། རྫུ་འཕྲུལ་དང་ལྡན་
Vol. 123 · folio 235a
པ་རྣམས་ནི་རྫུ་འཕྲུལ་གྱི་མཐུས་འགྲོ་བ་ལྟ་བུའོ། །ས་བོན་དང་བཅས་པ་དང་ས་བོན་མེད་པའི་ངོ་བོར་སྐྱེ་བ་ལ་ནི་གནས་པ་མི་རུང་བ་དང་། ཐ་མ་ཉིད་ནི་མི་སྲིད་ཕྱིར། །སྐད་ཅིག་མ་ཉིད་དུ་རིག་པར་བྱ་སྟེ། ས་བོན་དང་བཅས་པ་དང་ས་བོན་མེད་པའི་ངོ་བོར་སྐྱེ་བ་ལ་གནས་པ་མི་
རུང་བའི་ཕྱིར་སྐད་ཅིག་མ་ཉིད་ཡིན་ཏེ། སྐད་ཅིག་རེ་རེ་ལ་རྒྱུའི་ངོ་བོ་མེད་པ་དེ་བཞིན་དུ་གནས་པ་ནི་དུས་གཞན་ནས་ས་བོན་གྱི་ངོ་བོའམ། སྐད་ཅིག་མ་ཐ་མ་ལ་ས་བོན་མེད་པ་ཉིད་དུ་རུང་བ་མ་ཡིན་ནོ། །སྔར་ས་བོན་དང་བཅས་པ་ཉིད་ཡིན་ལ། སྐད་ཅིག་མ་ཐ་མ་ལ་ས་བོན་མེད་པ་ཉིད་དུ་ཁས་
བླང་བར་མི་ནུས་ཏེ། དེ་མེད་ན་ཐ་མ་ཉིད་དུ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་ན་ནི་ཐ་མ་ཉིད་ཀྱང་མི་སྲིད་དོ། །གཟུགས་བརྙན་དུ་སྐྱེ་བ་ལ་ནི་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་སྐད་ཅིག་མ་ཉིད་དུ་རིག་པར་བྱ་སྟེ། སྐད་ཅིག་རེ་རེ་ལ་སེམས་ཀྱི་དབང་གིས་དེ་བཞིན་དུ་སྐྱེ་བའི་ཕྱིར་རོ། །དེ་ལྟར་ནེ་རེ་ཞིག་
ནང་གི་འདུ་བྱེད་ཐམས་ཅད་སྐད་ཅིག་མར་བསྒྲུབ་པ་ཡིན་ནོ། །ད་ནི་ཚིགས་སུ་བཅད་པ་གསུམ་གྱིས་ཕྱིའི་སྐད་ཅིག་མ་ཉིད་དུ་སྒྲུབ་སྟེ། འབྱུང་བ་རྣམས་དང་དོན་རྣམ་དྲུག །སྐད་ཅིག་ཉིད་དུ་བརྗོད་པ་ནི། །སྐམ་དང་འཕེལ་དང་རང་བཞིན་གྱིས། །གཡོ་དང་འཕེལ་དང་འགྲིབ་པའི་ཕྱིར། །
འབྱུང་བ་དེ་དང་འབྲེལ་ཕྱིར་དང་། །ཡོངས་སུ་འགྱུར་བ་བཞི་ཡི་ཕྱིར། །ཁ་དོག་དྲི་དང་རོ་དང་རེག །འདྲ་ཕྱིར་དེ་ནི་དེ་དང་འདྲ། །བུད་ཤིང་རག་ལས་འཇུག་པའི་ཕྱིར། །ཇེ་བས་ཇེ་ཆེར་དམིགས་པའི་ཕྱིར། །སེམས་རྗེས་འཇུག་ཕྱིར་དྲི་བའི་ཕྱིར། །དེས་ན་ཕྱིར་ཡང་སྐད་ཅིག་མ། །ཕྱིའི་དེ་གང་
ཞེ་ན། འབྱུང་བ་ཆེན་པོ་བཞི་པོ་དག་དང་། དོན་རྣམ་པ་དྲུག་པོ་ཁ་དོག་དང་དྲི་དང་རོ་དང་རེག་བྱ་དང་སྒྲ་དང་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཏེ། དེ་བས་ན་འབྱུང་བ་རྣམས་དང་། དོན་རྣམ་པ་དྲུག་ནི་སྐད་ཅིག་མ་ཉིད་དུ་བརྗོད་དོ། །ཇི་ལྟར་ཤེས་ཤེ་ན། རེ་ཞིག་ཆུ་དག་སྐམ་པ་དང་འཕེལ་བའི་
ཕྱིར་ཏེ། ཆུ་མིག་དང་མཚོ་དང་མཚེའུ་ལ་སོགས་པར་ཆུ་དག་རིམ་གྱིས་འཕེལ་བ་དང་། སྐམ་པ་དམིགས་སོ། །དེ་གཉི་ག་ལ་ཡང་སྐད་ཅིག་རེ་རེ་ལ་ཡོངས་སུ་འགྱུར་བ་མེད་པར་མི་འགྱུར་ཏེ། ཕྱིས་ཀྱང་ཁྱད་པར་གྱི་རྒྱུ་མེད་པའི་ཕྱིར་རོ། །རླུང་ནི་རང་བཞིན་གྱིས་གཡོ་བའི་ཕྱིར་དང་། །
Vol. 123 · folio 235b
འཕེལ་བ་དང་འགྲིབ་པའི་ཕྱིར་རོ། །གནས་པ་ནི་གཡོ་བ་ཉིད་དུ་མི་འགྱུར་ཏེ། །འགྲོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རབ་ཏུ་བསྒྲུབས་ཟིན་ཏོ། །འཕེལ་བ་དང་འགྲིབ་པ་དག་ཀྱང་མེད་དེ། །དེ་ཁོ་ན་བཞིན་དུ་གནས་པའི་ཕྱིར་རོ། །ས་ནི་དེ་དང་འབྲེལ་པའི་ཕྱིར་དང་། ཡོངས་སུ་འགྱུར་བ་བཞིའི་ཕྱིར་རོ། །དེ་ཞེས་བྱ་བའི་
སྒྲས་ནི་ཆུ་ཡང་བཟུང་ལ་རླུང་ཡང་བཟུང་སྟེ། ས་ནི་འཆགས་པའི་དུས་ན་རླུང་དང་བཅས་པའི་ཆུ་དག་ལས་འབྱུང་ངོ་། །དེ་ལྟ་བས་ན་དེའི་འབྲས་བུ་ཡིན་པའི་ཕྱིར། དེ་ཡང་སྐད་ཅིག་མ་ཡིན་པར་རིག་པར་བྱའོ། །ས་ལ་ཡོངས་སུ་འགྱུར་བ་རྣམ་པ་བཞི་ཡང་དམིགས་ཏེ། ལས་ཀྱིས་བྱས་
པ་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་ཁྱད་པར་གྱིས་སོ། །གནོད་པས་བྱས་པ་ནི་བསྣུན་པ་ལ་སོགས་པས་སོ། །འབྱུང་བས་བྱས་པ་ནི་མེ་ལ་སོགས་པས་སོ། །དུས་ཀྱིས་བྱས་པ་ནི་དུས་གཞན་གྱི་བར་དུ་ཡོངས་སུ་གནས་པས་སོ། །དེ་ཡང་སྐད་ཅིག་རེ་རེ་ལ་གཞན་སྐྱེ་བ་མེད་པར་ནི་མི་རུང་སྟེ།
འཇིགས་པའི་རྒྱུ་མེད་པའི་ཕྱིར་རོ། །ཁ་དོག་དང་དྲི་དང་རོ་དང་རེག་བྱ་རྣམས་ནི་ས་ལ་སོགས་པ་དང་རྒྱུ་འདྲ་བའི་ཕྱིར། །དེ་ཁོ་ན་བཞིན་དུ་སྐད་ཅིག་མ་ཉིད་དུ་རིག་པར་བྱའོ། །མེ་ནི་བུད་ཤིང་ལ་རག་ལས་ཏེ་འབྱུང་བའི་ཕྱིར་སྐད་ཅིག་མ་ཉིད་ཡིན་ཏེ། མེ་བྱུང་ན་མེ་དང་ལྷན་ཅིག་འབྱུང་བའི་བུད་
ཤིང་དེ་ཁོ་ན་བཞིན་དུ་གནས་པ་ནི་མེད་དོ། །མཇུག་ཏུ་བུད་ཤིང་མེད་པ་ཡང་གནས་པར་འགྱུར་དུ་འོང་བས་བུད་ཤིང་ཚིག་པའི་མེ་ཡང་གནས་པར་ནུས་པར་རུང་བ་མ་ཡིན་ནོ། །ཚིགས་སུ་བཅད་པ་སྦྱར་བའི་ངོར་ཁ་དོག་ལ་སོགས་པ་ནི་སྔར་བརྗོད་ལ་མེ་ནི་ཕྱིས་བརྗོད་དོ། །སྒྲ་ཡང་དྲིལ་བུ་ལ་
སོགས་པའི་དུས་གཞན་གྱི་བར་དུ་དམིགས་པ་གང་ཡིན་པ་དེ་ཡང་ཇེ་བས་ཇེ་ཆེ་བར་དམིགས་པའི་ཕྱིར་རོ། །སྐད་ཅིག་མ་ཉིད་དུ་རིག་པར་བྱ་སྟེ། སྐད་ཅིག་རེ་རེ་ལ་སྐད་ཅིག་མ་ཉིད་མེད་པར་ནི་ཇེ་བས་ཇེ་ཆེར་དམིགས་པར་མི་འགྱུར་རོ། །ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཀྱང་སེམས་ཀྱི་རྗེས་སུ་
འཇུག་པའི་ཕྱིར་སྐད་ཅིག་མ་ཉིད་དུ་གྲུབ་པ་ཁོ་ན་སྟེ། ཇི་སྐད་དུ་སྔར་བཤད་པ་ལྟ་བུའོ། །དེ་ལྟ་བས་ན་ཕྱི་ཡང་སྐད་ཅིག་མ་ཉིད་དུ་གྲུབ་པ་ཡིན་ནོ། །ཡང་དྲི་བས་ཀྱང་འདུ་བྱེད་ཐམས་ཅད་སྐད་ཅིག་མ་ཉིད་དུ་གྲུབ་པོ། །ཇི་ལྟར་བྱས་པས་ཤེ་ན། རེ་ཞིག་སྐད་ཅིག་མ་མ་ཡིན་པར་སྨྲ་བ་ལ་ཅིའི་ཕྱིར་
Vol. 123 · folio 236a
ཁྱོད་འདུ་བྱེད་རྣམས་མི་རྟག་པ་ཉིད་དུ་འདོད་ལ། སྐད་ཅིག་མ་ཉིད་དུ་མི་འདོད་ཅེས་བྱ་བ་འདི་དྲི་བར་བྱའོ། །གལ་ཏེ་དེ་འདི་སྐད་དུ་སྐད་ཅིག་རེ་རེ་ལ་མི་རྟག་པ་ཉིད་མི་འཛིན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མར་མེ་ལ་སོགས་པ་སྐད་ཅིག་མར་
རབ་ཏུ་གྲུ་པའི་དངོས་པོ་དག་ལ་ཡང་མི་གཡོ་བའི་གནས་སྐབས་ན་དེ་མི་འཛིན་པའི་ཕྱིར་སྐད་ཅིག་མ་ཉིད་མ་ཡིན་པར་ཅིའི་ཕྱིར་མི་འདོད། གལ་ཏེ་འདི་སྐད་དུ་སྔ་མ་བཞིན་དུ་ཕྱིས་མི་འཛིན་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། འདུ་བྱེད་རྣམས་ལ་ཡང་ཅིའི་ཕྱིར་དེ་ལྟར་
མི་འདོད། གལ་ཏེ་འདི་སྐད་དུ་མར་མེ་ལ་སོགས་པ་ནི་དེ་དག་ལས་གཞན་པའི་འདུ་བྱེད་རྣམས་དང་མི་འདྲ་བའི་ཕྱིར་རོ་ཞེས་ཟེར་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མི་འདྲ་བ་ནི་རྣམ་པ་གཉིས་ཏེ། ངོ་བོ་ཉིད་མི་འདྲ་བ་དང་། འཇུག་པ་མི་འདྲ་བའོ། །དེ་ལ་གལ་ཏེ་རེ་ཞིག་ངོ་བོ་ཉིད་
མི་འདྲ་བ་ཡིན་པར་འདོད་ན་དེ་ཉིད་ཀྱི་ཕྱིར་དཔེ་ཉིད་དུ་རུང་ངོ་། །དེའི་ངོ་བོ་ཉིད་ཁོ་ན་ནི་དེའི་དཔེར་མི་འགྱུར་ཏེ། དཔེར་ན་མར་མེའི་མར་མེ་དང་། བ་ལང་གི་བ་ལང་ལྟ་བུའོ། །འོན་ཏེ་འཇུག་པ་མི་འདྲ་བ་ཡིན་ནོ་ཞེ་ན། དེ་ཉིད་ཀྱི་ཕྱིར་དཔེ་ཉིད་དུ་རུང་སྟེ། མར་མེ་ལ་སོགས་པ་ནི་སྐད་ཅིག་མ་
ཉིད་ཀྱི་རྗེས་སུ་འཇུག་པར་རབ་ཏུ་གྲུབ་པའི་ཕྱིར་རོ། །ཡང་དེ་ལ་ཁྱོད་ཅི་བཞོན་པ་འདུག་ལ་བཞོན་པ་ལ་ཞོན་པ་འགྲོ་བར་འདོད་དམ་ཞེས་བྱ་བ་འདི་འདྲི་བར་བྱའོ། །གལ་ཏེ་མ་ཡིན་ནོ་ཞེས་ཟེར་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མིག་ལ་སོགས་པ་གནས་ལ་དེ་
དག་ལ་བརྟེན་པའི་རྣམ་པར་ཤེས་པ་རྒྱུན་གྱིས་འགྲོའོ་ཞེས་བྱ་བར་ནི་མི་རུང་ངོ་། །གལ་ཏེ་འདི་སྐད་དུ་སྙིང་པོ་ལ་བརྟེན་པའི་མར་མེ་རྒྱུན་གྱིས་འགྲོ་ལ་སྙིང་པོ་ནི་གནས་པར་མཐོང་བ་མ་ཡིན་ནམ་ཞེས་ཟེར་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མ་མཐོང་སྟེ། དེའི་རྒྱུན་གྱི་སྙིང་པོ་སྐད་ཅིག་རེ་རེ་
ལ་འགྱུར་བ་སྐྱེ་བའི་ཕྱིར་རོ། །གལ་ཏེ་འདི་སྐད་དུ་འདུ་བྱེད་རྣམས་སྐད་ཅིག་མ་ཉིད་ཡིན་ན་ཅིའི་ཕྱིར་མར་མེ་བཞིན་དུ་སྐད་ཅིག་མ་ཉིད་དུ་མ་གྲུབ་ཅེས་ཟེར་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ཕྱིན་ཅི་ལོག་གི་གཞི་ཡིན་པའི་ཕྱིར་ཏེ། རྒྱུན་འདྲ་བ་འཇུག་པས་འདི་དག་གི་སྐད་ཅིག་མ་ཉིད་མི་
Vol. 123 · folio 236b
ཤེས་ཏེ། འདི་ལྟར་གཞན་དང་གཞན་ཉིད་ཡིན་མོད་ཀྱི། དེ་ཉིད་འདི་ཡིན་ནོ་སྙམ་པའི་ཕྱིན་ཅི་ལོག་སྐྱེའོ། །དེ་ལྟ་མ་ཡིན་ན་མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་པར་ཡང་མི་འགྱུར་རོ། །དེ་མེད་ན་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར་ན་རྣམ་པར་བྱང་བ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་
ན་བརྒལ་ཞིང་བརྟག་པའི་སྒོ་ནས་ཀྱང་འདུ་བྱེད་ཐམས་ཅད་སྐད་ཅིག་མ་ཉིད་དུ་རབ་ཏུ་གྲུབ་པོ། །གང་ཟག་ལ་བདག་མེད་པ་རབ་ཏུ་བསྒྲུབ་པའི་ཕྱིར་བདག་མེད་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཅུ་གཉིས་ཏེ། གང་ཟག་བཏགས་པར་ཡོད་ཉིད་དུ། །བརྗོད་བྱ་རྫས་སུ་མ་ཡིན་ནོ། །
མི་དམིགས་ཕྱིན་ཅི་ལོག་པ་དང་། །ཀུན་ནས་ཉོན་མོངས་ཉོན་མོངས་རྒྱུ། །ཉེས་པ་གཉིས་ཕྱིར་དེ་ལས་འདི། །གཅིག་དང་གཞན་དུ་བརྗོད་བྱ་མིན། །ཕུང་པོ་བདག་ཏུ་ཐལ་བ་དང་། །དེ་རྫས་ཉིད་དུ་ཐལ་འགྱུར་ཕྱིར། །གལ་ཏེ་རྫས་ཡོད་བརྗོད་མིན་པའི། །དགོས་པ་ཡང་ནི་བརྗོད་
དགོས་སོ། །གཅིག་དང་གཞན་དུ་བརྗོད་མིན་པ། །དགོས་པ་མེད་པར་མི་རིགས་སོ། །མཚན་ཉིད་དང་ནི་འཇིག་རྟེན་ན། །མཐོང་ཕྱིར་བསྟན་བཅོས་སྒོ་ནས་ཀྱང་། །བུད་ཤིང་མེ་བཞིན་གཉིས་སུ་ནི། །བརྗོད་མིན་མི་རུང་དམིགས་ཕྱིར་རོ། །གཉིས་ཡོད་རྣམ་ཤེས་སྐྱེ་བའི་ཕྱིར། །དེ་རྐྱེན་
མ་ཡིན་དོན་མེད་ཕྱིར། །དེ་ཕྱིར་ལྟ་བ་པོ་ནས་ནི། །གྲོལ་པོའི་བར་དུ་མི་འགྱུར་རོ། །བདག་པོ་ཉིད་ཅིག་ཡིན་ན་ནི། །མི་རྟག་མི་འདོད་འབྱུང་མི་བྱེད། །དེ་ལས་མཚན་ཉིད་གྲུབ་དགོས་ཏེ། །རྫོགས་པའི་བྱང་ཆུབ་གསུམ་ལ་གནོད། །ཉེས་པ་གསུམ་ཕྱིར་ལྟ་སོགས་ལ། །དེ་
ཡི་བྱེད་པ་རང་བྱུང་མིན། །བྱེད་པ་དེ་ཡི་རྐྱེན་ཅན་ཡང་། །ལྟ་སོགས་བྱེད་པ་མེད་པ་ཡིན། །བྱེད་པོ་མིན་ཕྱིར་མི་རྟག་ཕྱིར། །ཅིག་ཅར་རྟག་ཏུ་འཇུག་པའི་ཕྱིར། །ལྟ་ལ་སོགས་པ་བྱེད་པ་ནི། །རང་འབྱུང་ཉིད་དུ་མི་རུང་ངོ་། །དེ་བཞིན་གནས་དང་ཞིག་པ་ནི། །སྔ་ན་མེད་དང་མི་རྟག་
དང་། །ཕྱོགས་གསུམ་པ་ཡང་མེད་པའི་ཕྱིར། །རྐྱེན་ཉིད་དུ་ནི་མི་རུང་ངོ་། །འདི་ལྟར་ཆོས་རྣམས་ཐམས་ཅད་ནི། །བདག་མེད་དམ་པའི་དོན་དུ་ན། །སྟོང་ཉིད་བདག་ཏུ་དམིགས་པ་ནི། །ཉེས་པར་བཤད་པ་ཁོ་ན་ཡིན། །ཀུན་ནས་ཉོན་མོངས་རྣམ་བྱང་བའི། །གནས་སྐབས་གཅོད་པའི་བྱེ་
Vol. 123 · folio 237a
བྲག་དང་། །འཇུག་དང་རྒྱུན་གྱི་བྱེ་བྲག་ཀྱང་། །གང་ཟག་གིས་ནི་ཉེ་བར་བསྟན། །བདག་ཏུ་ལྟ་བ་སྐྱེད་མི་དགོས། །གོམས་པ་ཐོག་མ་མེད་དུས་ཅན། །གང་ཟག་ཡོད་ན་ཐམས་ཅད་ནི། །འབད་མེད་ཐར་པའམ་ཐར་པ་མེད། །ཅི་གང་ཟག་ཡོད་པ་ཞེས་བརྗོད་པར་བྱ་བའམ།
མེད་པ་ཞེས་བརྗོད་པར་བྱ་ཞེ་ན། བཤད་པ། གང་ཟག་བཏགས་པར་ཡོད་ཉིད་དུ། །བརྗོད་བྱ་རྫས་སུ་མ་ཡིན་ནོ། །འདི་ལྟར་གང་གི་ཕྱིར་གང་ཟག་བཏགས་པར་ནི་ཡོད་དོ་ཞེས་བརྗོད་པར་བྱ་ལ་རྫས་སུ་ནི་མེད་དོ་ཞེས་བརྗོད་པར་བྱ་སྟེ། །དེ་ལྟར་མགོ་གཅིག་ཏུ་སྨྲ་བ་མ་ཡིན་པའི་སྨྲ་བ་ཡོངས་
སུ་བཟུང་ན་མེད་པ་ཉིད་ཀྱི་ཉེ་བའི་གོ་སྐབས་སུ་ཡང་མི་འགྱུར་ལ། ཡོད་པ་ཉིད་ཀྱི་ཡང་མ་ཡིན་ནོ། །ཡང་དེ་རྫས་སུ་མེད་དོ་ཞེས་བྱ་བ་ཇི་ལྟར་རིག་པར་བྱ་ཞེ་ན། མི་དམིགས་པའི་ཕྱིར་ཏེ། དེ་ནི་གཟུགས་ལ་སོགས་པ་བཞིན་དུ་རྫས་སུ་མི་དམིགས་སོ། །དམིགས་པ་ཞེས་བྱ་བ་ནི་བློས་
རྟོགས་པ་ཡིན་ན། གང་ཟག་ནི་གང་ཟག་ཏུ་སྨྲ་བ་རྣམས་ཀྱིས་བློས་མི་རྟོགས་པ་ཡང་མ་ཡིན་ལ། བཅོམ་ལྡན་འདས་ཀྱིས་ཀྱང་མཐོང་བའི་ཆོས་ཁོ་ན་ལ་བདག་ཏུ་དམིགས་ཤིང་འདོགས་པར་བྱེད་དོ་ཞེས་གསུངས་ན། ཇི་ལྟར་མི་དམིགས་པ་ཡིན་ཞེ་ན། དེ་དེ་ལྟར་དམིགས་པ་ནི་རྫས་སུ་དམིགས་
པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཕྱིན་ཅི་ལོག་པའི་ཕྱིར་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་བདག་མེད་པ་ལ་བདག་གོ་སྙམ་དུ་ཕྱིན་ཅི་ལོག་གོ་ཞེས་གསུངས་སོ། །དེ་ལྟ་བས་ན་དེ་ལྟར་གང་ཟག་ཏུ་འཛིན་པ་གང་ཡིན་པ་དེ་ནི་ཕྱིན་ཅི་ལོག་ཡིན་ནོ། །འདི་ཇི་ལྟར་རྟོགས་ཤེ་ན། ཀུན་ནས་
ཉོན་མོངས་པའི་ཕྱིར་ཏེ། འདི་ལྟ་སྟེ། ང་དང་ངའི་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བའི་ཉོན་མོངས་པའི་མཚན་ཉིད་ཀྱི་ཀུན་ནས་ཉོན་མོངས་པ་ཡིན་ཏེ། ཕྱིན་ཅི་མ་ལོག་པ་ནི་ཀུན་ནས་ཉོན་མོངས་པར་འགྱུར་བར་འོས་པ་མ་ཡིན་ནོ། །དེ་ཀུན་ནས་ཉོན་མོངས་པ་ཡིན་ནོ་ཞེས་བྱ་བར་ཡང་ཇི་ལྟར་
རིག་པར་བྱ་ཞེ་ན། ཉོན་མོངས་པའི་རྒྱུ་ཡིན་པའི་ཕྱིར་ཏེ། འདི་ལྟར་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ནི་དེའི་རྒྱུ་ཅན་དུ་སྐྱེའོ། །ཡང་གཟུགས་ལ་སོགས་པ་ཞེས་བྱ་བའི་གཞི་གང་ལ་གང་ཟག་ཅེས་འདོགས་པ་གང་ཡིན་པ་དེ་དང་ཅི་གང་ཟག་གཅིག་པ་ཉིད་དུ་
Vol. 123 · folio 237b
བརྗོད་པར་བྱའམ། འོན་ཏེ་གཞན་པ་ཉིད་དུ་བརྗོད་པར་བྱ་ཞེ་ན། བཤད་པ། དེ་ལས་འདི། གཅིག་དང་གཞན་དུ་བརྗོད་བྱ་མིན། །ཅིའི་ཕྱིར་ཞེ་ན། ཉེས་པ་གཉིས་ཀྱི་ཕྱིར་རོ། །ཉེས་པ་གཉིས་པོ་གང་གི་ཕྱིར་ཞེ་ན། ཕུང་པོ་བདག་ཏུ་ཐལ་བ་དང་། །དེ་རྫས་ཉིད་དུ་ཐལ་འགྱུར་
ཕྱིར། །གཅིག་པ་ཉིད་ཡིན་ན་ནི་ཕུང་པོ་རྣམ་ཀྱང་བདག་ཉིད་དུ་ཐལ་བར་འགྱུར་ལ། གང་ཟག་ཀྱང་རྫས་ཉིད་དུ་ཐལ་བར་འགྱུར་རོ། །གཞན་ཉིད་ཡིན་ན་ནི་གང་ཟག་རྫས་སུ་ཡོད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟར་ན་གང་ཟག་བཏགས་པར་ཡོད་པའི་ཕྱིར། བརྗོད་པར་བྱ་བ་མ་
ཡིན་པ་ཉིད་དུ་རིགས་ཏེ། དེ་ཉིད་ཀྱིས་ལུང་དུ་མ་བསྟན་པའི་དངོས་པོར་ཡང་གྲུབ་པོ། །གང་དག་སྟོན་པའི་བསྟན་པ་ལས་འདས་ཏེ། གང་ཟག་རྫས་སུ་ཡོད་པ་ཉིད་དུ་འདོད་པ་དེ་དག་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །གལ་ཏེ་རྫས་ཡོད་བརྗོད་མིན་པའི། །དགོས་པ་ཡང་ནི་
བརྗོད་དགོས་སོ། །ཅིའི་ཕྱིར་ཞེ་ན། །གཅིག་དང་གཞན་དུ་བརྗོད་མིན་པ། །དགོས་པ་མེད་པར་མི་རིགས་སོ། །འོན་ཏེ་དཔེ་ཙམ་གྱིས་གང་ཟག་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འདོད་དེ། དཔེར་ན་བུད་ཤིང་ལས་མེ་གཞན་དང་གཞན་ཉིད་མ་ཡིན་པར་བརྗོད་པར་བྱ་བ་མ་ཡིན་པ་
ལྟ་བུའོ་ཞེ་ན། དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། མཚན་ཉིད་དང་ནི་འཇིག་རྟེན་ན། །མཐོང་ཕྱིར་བསྟན་བཅོས་སྒོ་ནས་ཀྱང་། །བུད་ཤིང་མེ་བཞིན་གཉིས་སུ་ནི། །བརྗོད་མིན་མི་རུང་དམིགས་ཕྱིར་རོ། །གཅིག་པ་ཉིད་དང་གཞན་པ་ཉིད་དུ་སྟེ། མེ་ཞེས་བྱ་བ་ནི་མེའི་
ཁམས་སོ། །བུད་ཤིང་ནི་འབྱུང་བ་ལྷག་མ་རྣམས་ཏེ། དེ་དག་གི་མཚན་ཉིད་ཐ་དད་པས་བུད་ཤིང་ལས་མེ་གཞན་པ་ཁོ་ན་ཡིན་ནོ། །འཇིག་རྟེན་ན་མེ་མེད་པར་ཡང་ཤིང་ལ་སོགས་པ་བུད་ཤིང་མཐོང་ལ། བུད་ཤིང་མེད་པར་ཡང་མེ་མཐོང་བས་གཞན་པ་ཉིད་གྲུབ་པོ། །བསྟན་བཅོས་
ལས་ཀྱང་བཅོམ་ལྡན་འདས་ཀྱིས་གང་དུ་ཡང་མེ་དང་བུད་ཤིང་དག་བརྗོད་དུ་མེད་པར་མ་གསུངས་བས་འདི་ནི་རིགས་པ་མ་ཡིན་ནོ། །བུད་ཤིང་མེད་པར་མེ་ཡོད་དོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཤེ་ན། དམིགས་པའི་ཕྱིར་ཏེ། འདི་ལྟར་མེ་རླུང་གིས་ཁྱེར་བ་ན་འབར་བཞིན་དུ་
Vol. 123 · folio 238a
རྒྱངས་བཅད་པར་ཡང་འགྲོའོ། །འོན་ཏེ་ཡང་དེ་ན་ནི་རླུང་བུད་ཤིང་ཡིན་ནོ་ཞེ་ན། དེ་ཉིད་ཀྱི་ཕྱིར་མེ་དང་བུད་ཤིང་དག་ཐ་དད་པ་ཉིད་དུ་གྲུབ་པོ། །གང་ལས་ཤེ་ན། གཉིས་སུ་ནི་དམིགས་པའི་ཕྱིར་ཞེས་སྐབས་སུ་བབ་པའོ། །གཉིས་ནི་དེར་མེ་དང་བུད་ཤིང་ཉིད་དུ་དམིགས་པ་
ཡིན་ནོ། །མཐོང་བ་པོ་ནས་རྣམ་པར་ཤེས་པ་པོའི་བར་དང་། བྱེད་པ་པོ་དང་། ཟ་བ་པོ་དང་། ཤེས་པ་པོ་དང་། གྲོལ་བ་པོ་གང་ཡིན་པའི་གང་ཟག་དེ་ནི་ཡོད་པ་ཁོ་ནའོ་ཞེ་ན། དེ་ནི་མཐོང་བ་པོར་ཡང་མི་རུང་ལ་གྲོལ་བ་པོའི་བར་དུ་ཡང་མི་རུང་སྟེ། དེ་ནི་ལྟ་བ་ཞེས་བྱ་བ་ལ་སོགས་པའི་མིང་ཅན་
རྣམ་པར་ཤེས་པ་རྣམས་ལ་རྐྱེན་གྱི་ངོ་བོའམ་བདག་པོ་ལ་སོགས་པའི་རྐྱེན་གྱིས་བྱེད་པ་པོ་ཞིག་ཏུ་འགྱུར་གྲང་ན། །དེ་ལ་རེ་ཞིག །གཉིས་ཡོད་རྣམ་ཤེས་སྐྱེ་བའི་ཕྱིར། །དེ་རྐྱེན་མ་ཡིན། ཅིའི་ཕྱིར་ཞེ་ན། དོན་མེད་པའི་ཕྱིར་ཏེ། དེ་ལ་དེའི་མཐུ་ནི་ཅུང་ཟད་ཀྱང་མ་མཐོང་ངོ་། །བདག་
པོ་ཉིད་གཅིག་ཡིན་ན་ནི། མི་རྟག་མི་འདོད་འབྱུང་མི་བྱེད། །དེ་རྣམ་པར་ཤེས་པ་འབྱུང་བ་ལ་བདག་པོ་ཉིད་གཅིག་ཡིན་ན་ནི། རྣམ་པར་ཤེས་པ་འདོད་པ་མི་རྟག་པ་ཡང་འབྱུང་བར་མི་བྱེད་ལ། མི་འདོད་པ་ཡང་འབྱུང་བར་མི་བྱེད་པ་ཁོ་ནའོ། །དེ་ལྟ་བས་ན་གཉི་ག་ལྟར་ཡང་མི་སྲིད་
པའི་ཕྱིར། དེ་ནི་མཐོང་བ་པོ་ནས་གྲོལ་བ་པོའི་བར་ཡིན་པར་མི་རུང་ངོ་། །གཞན་ཡང་གལ་ཏེ་གང་ཟག་རྫས་སུ་ཡོད་ན་དེའི་ལས་མཚན་ཉིད་བསྒྲུབ་དགོས་ཏེ། གང་ཞིག་རྫས་སུ་ཡོད་པ་དེའི་ནི་ལས་དང་མཚན་ཉིད་ཀྱང་དམིགས་ཏེ། དཔེར་ན་མིག་ལ་སོགས་པའི་ལྟ་བ་ལ་སོགས་པ་
དང་། གཟུགས་དང་བ་ལ་སོགས་པ་ལྟ་བུ་ཡིན་ནོ། གང་ཟག་གིས་ནི་དེ་ལྟ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་དེ་ནི་རྫས་སུ་མེད་དོ། །དེ་རྫས་སུ་འདོད་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྫོགས་པར་བྱང་ཆུབ་པ་རྣམ་པ་གསུམ་པོ་ཟབ་མོ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་ཐུན་
མོང་མ་ཡིན་པ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། འཇིག་རྟེན་ལས་འདས་པར་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་ཡང་གནོད་པར་འགྱུར་རོ། །གང་ཟག་མངོན་པར་རྟོགས་པས་ནི་ཟབ་མོ་ཡང་ཅུང་ཟད་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པར་ཡང་མི་འགྱུར་ལ། གཞན་
Vol. 123 · folio 238b
མུ་སྟེགས་ཅན་དང་ཐུན་མོང་མ་ཡིན་པ་ཡང་མ་ཡིན། འཇིག་རྟེན་ན་མ་འདྲེས་པ་ཡང་མ་ཡིན་ཏེ། འདི་ལྟར་འཛིན་པ་དེ་ནི་འཇིག་རྟེན་ཐམས་ཅད་ཀྱིས་གོ་བ། མུ་སྟེགས་ཅན་མངོན་པར་ཞེན་པ། ཡུན་རིང་པོ་ནས་འཁོར་བ་ན་འདྲེས་པ་ཡང་ཡིན་ནོ། །གཞན་ཡང་གང་ཟག་མཐོང་བ་པོ་ནས་
རྣམ་པར་ཤེས་པ་པོའི་བར་ཞིག་ཡིན་ན་དེ་ལྟ་བ་ལ་སོགས་པ་ལ་བྱེད་པ་དང་བཅས་པའམ། བྱེད་པ་མེད་པ་ཞིག་ཏུ་འགྱུར་གྲང་ན། བྱེད་པ་དང་བཅས་པའི་བྱེད་པ་དེ་ཡང་རང་བྱུང་བ་གློ་བུར་བའམ། དེའི་རྐྱེན་ཅན་ཞིག་ཏུ་འགྱུར་གྲང་ན། ཉེས་པ་གསུམ་ཕྱིར་ལྟ་སོགས་ལ། །དེ་ཡི་བྱེད་པ་
རང་བྱུང་མིན། །ཉེས་པ་གསུམ་པོ་འཆང་བ་དེ་ཉིད་ཀྱི་ཕྱིར་བྱེད་པ་དེའི་རྐྱེན་ཡང་མིན་ཞེས་བྱ་བར་སྦྱར་རོ། །བྱེད་པ་མེད་པ་ཡིན་ན་ནི། ལྟ་སོགས་བྱེད་པ་མེད་པ་ཡིན། །ཞེས་བྱ་བ་འགྲུབ་པར་འགྱུར་ཏེ། གང་ཟག་ལྟ་བ་ལ་སོགས་པ་ལ་བྱེད་པ་མེད་ན་ཇི་ལྟར་ལྟ་བ་པོ་ནས་རྣམ་པར་ཤེས་
པ་པོའི་བར་ཡིན། ཉེས་པ་གསུམ་གྱི་ཕྱིར་ཞེས་བཤད་པ་ཉེས་པ་གསུམ་པོ་གང་གི་ཕྱིར་ཞེ་ན། བྱེད་པོ་མིན་ཕྱིར་མི་རྟག་ཕྱིར། །ཅིག་ཅར་རྟག་ཏུ་འཇུག་པའི་ཕྱིར། །ལྟ་ལ་སོགས་པ་བྱེད་པ་ནི། །རང་བྱུང་ཉིད་དུ་མི་རུང་ངོ་། །གལ་ཏེ་ལྟ་བ་ལ་སོགས་པ་ལ་གང་ལས་མཐོང་བ་ལ་
སོགས་པར་འགྱུར་བའི་བྱེད་པ་གློ་བུར་བ་ཞིག་ཡིན་ན། འོ་ན་ནི་གང་ཟག་དེ་དག་གི་བྱེད་པ་པོ་མ་ཡིན་པས་ཇི་ལྟར་དེ་མཐོང་བ་པོ་ནས་རྣམ་པར་ཤེས་པ་པོའི་བར་ཡིན། ཡང་གློ་བུར་བ་ཉིད་ཡིན་ན་ནི། ལྟོས་པ་མེད་པའི་ཕྱིར་ནམ་ཡང་བྱེད་པ་མེད་པར་མི་འགྱུར་བས་མི་རྟག་པར་མི་འགྱུར་རོ། །
བྱེད་པ་རྟག་པ་ཡིན་ན་ཡང་མཐོང་བ་ལ་སོགས་པ་ཅིག་ཅར་དང་རྟག་ཏུ་འབྱུང་བར་འགྱུར་བའི་ཉེས་པར་འགྱུར་རོ། །དེ་ལྟ་བས་ན་ལྟ་བ་ལ་སོགས་པ་ལ་བྱེད་པ་རང་བྱུང་བ་ཉིད་དུ་མི་རུང་ངོ་། །དེ་བཞིན་གནས་དང་ཞིག་པ་ནི། །སྔ་ན་མེད་དང་མི་རྟག་དང་། །ཕྱོགས་གསུམ་པ་ཡང་
མད་པའི་ཕྱིར། །རྐྱེན་ཉིད་དུ་ནི་མི་རུང་ངོ་། །འོན་ཏེ་བྱེད་པ་གང་ཟག་གི་རྐྱེན་ཅན་ཡིན་ནོ་ཞེ་ན། གནས་པ་དེ་ནི་རྐྱེན་ཉིད་དུ་རུང་བ་མ་ཡིན་ཏེ། སྔོན་མེད་པའི་ཕྱིར་རོ། །དེ་དེའི་རྐྱེན་ཉིད་ཡིན་ན་ནི་གང་ཟག་ནི་ནམ་ཡང་མེད་པ་མ་ཡིན་པས་ཅིའི་ཕྱིར། སྔོན་རོལ་གང་གི་ཚེ་མ་སྐྱེས་པ་ན་བྱེད་
Vol. 123 · folio 239a
པ་མེད་པར་འགྱུར། ཞིག་པ་ཡང་རྐྱེན་ཉིད་དུ་མི་རུང་སྟེ། གང་ཟག་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཕྱོགས་གསུམ་པ་གནས་པ་ཡང་ཡིན་ལ། ཞིག་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་འགའ་ཡང་མེད་པས་བྱེད་པ་དེའི་རྐྱེན་ཅན་ཉིད་དུ་རུང་བ་མ་ཡིན་ཏེ། དེ་ལྟར་ན་
རེ་ཞིག་རིགས་པ་ལ་བརྟེན་ནས་གང་ཟག་རྫས་སུ་མི་དམིགས་པ་ཡིན་ནོ། །འདི་ལྟར་ཆོས་རྣམས་ཐམས་ཅད་ནི། །བདག་མེད་དམ་པའི་དོན་དུ་ན། །སྟོང་ཉིད་བདག་ཏུ་དམིགས་པ་ནི། །ཉེས་པར་བཤད་པ་ཁོ་ན་ཡིན། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་མོད་དག་ལས་ནི། ཆོས་ཐམས་ཅད་ནི་
བདག་མེད་པའོ་ཞེས་བཤད་དོ། །དོན་དམ་པ་སྟོང་པ་ཉིད་ལས་ནི་ལས་ཀྱང་ཡོད། ལས་ཀྱི་རྣམ་པར་སྨིན་པ་ཡང་ཡོད་ཀྱི་ཆོས་སུ་བརྡར་བཏགས་པ་མ་གཏོགས་པ་གང་ཞིག་ཕུང་པོ་འདི་དག་འདོར་ཞིང་ཕུང་པོ་གཞན་ཉིང་མཚམས་སྦྱོར་བར་བྱེད་པའི་བྱེད་པ་པོ་ནི་མི་དམིགས་སོ་ཞེས་བཤད་
དོ། །ལྔ་པ་ལས་ནི་བདག་ཏུ་དམིགས་པ་ལ་ཉེས་དམིགས་ལྔ་སྟེ། བདག་ཏུ་ལྟ་བ་དང་། སྲོག་ཏུ་ལྟ་བར་འགྱུར། མུ་སྟེགས་ཅན་རྣམས་དང་ཁྱད་པར་མེད་པར་འགྱུར། ལམ་གོལ་བར་ཞུགས་པར་འགྱུར། སྟོང་པ་ཉིད་ལ་ཡང་འདིའི་སེམས་འཇུག་པར་མི་འགྱུར། དད་པར་མི་འགྱུར།
ཡང་དག་པར་གནས་པར་མི་འགྱུར། མོས་པར་མི་འགྱུར། འདིའི་འཕགས་པའི་ཆོས་རྣམས་ཀྱང་རྣམ་པར་བྱང་བར་མི་འགྱུར་རོ་ཞེས་བཤད་དོ། དེ་ལྟར་ན་ལུང་གི་སྒོ་ནས་ཀྱང་རུང་བ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་ཤེས་པ་དང་ལྡན་པ་དང་། ཁུར་ཁྱེར་བ་དང་དད་པས་
རྗེས་སུ་འབྲང་བ་ལ་སོགས་པའི་གང་ཟག་རྣམ་པར་གཞག་པའི་སྒོ་ནས་གང་ཟག་ཀྱང་དེ་དང་དེ་ལས་བཤད་དེ། རྫས་སུ་མེད་པ་ཉིད་གཅིག་ཡིན་ན་ནི། ཅིའི་ཕྱིར་བཤད་ཅེ་ན། ཀུན་ནས་ཉོན་མོངས་རྣམ་བྱང་བའི། །གནས་སྐབས་གཅོད་པའི་བྱེ་བྲག་དང་། །འཇུག་དང་རྒྱུན་གྱི་བྱེ་བྲག་
ཀྱང་། །གང་ཟག་གིས་ནི་ཉེ་བར་བསྟན། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གནས་སྐབས་དང་། གཅོད་པའི་བྱེ་བྲག་དག་དང་། དེ་དག་གི་འཇུག་པའི་བྱེ་བྲག་དག་དང་། རྒྱུན་གྱི་བྱེ་བྲག་ནི་གང་ཟག་གདགས་པ་མེད་པར་བཤད་པར་མི་ནུས་སོ། །དེ་ལ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words