ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་རྒྱ་ཆེར་བཤད་པ
Sanskrit title (Tibetan script, as in the text) མ་ཧཱ་ཡཱ་ན་སཱུ་ཏྲ་ཨ་ལཾ་ཀ་ར་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 124 · folio 38b
༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་སཱུ་ཏྲ་ཨ་ལཾ་ཀ་ར་ཊཱི་ཀ །བོད་སྐད་དུ། ཐེག་པ་ཆེན་པོའི་མདོ་
སྡེའི་རྒྱན་གྱི་རྒྱ་ཆེར་བཤད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་པོ་ཡོན་ཏན་གཏེར་གྱུར་པ། །ཤཱཀྱ་ཐུབ་པའི་སྲས་ཀྱི་ཐུ་བོ་དང་། །རྒྱལ་བའི་སྲས་གཞན་དེ་དང་དེ་དག་དང་། །ཐོགས་མེད་ཞལ་
Vol. 124 · folio 39a
སྔ་ནས་དང་དེའི་གཅུང་དང་། །བླ་མ་གང་ལས་བདག་གིས་སྐྱེ་བོ་ལ། །གསལ་ཞིང་སྣང་བྱེད་བསྟན་བཅོས་འདི་ཐོས་ཏེ། །ཀུན་ལ་བདག་རྟག་མགོབོསར་གཏུགས་ནས། །ཞེ་ས་དང་བཅས་ཡང་དག་གུས་ཕྱག་འཚལ། །དོན་བསམ་
རྣམས་ལ་བློ་རྟུལ་བསྟན་བཅོས་འདི། །ཚིག་དོན་ཟབ་པར་རྣམ་བསམས་བཤད་སྦྱར་དག །བྱ་བའི་བསམས་པའང་བདག་ལ་འགའ་ཡང་མེད། །དེ་ལྟས་རང་ལ་ཕན་ཕྱིར་ཅུང་ཟད་བྱ། །ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་ལུས་ནི་བྱང་ཆུབ་སེམས་དཔའི་རིགས་
ལ་གནས་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་པོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཡིན་ཞེ་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་མདོར་བསྡུ་ན། རྣམ་པ་གསུམ་པོ་དེ་གང་ལ་སློབ་
པ་དང་། ཇི་ལྟར་སློབ་པ་དང་། གང་དག་སློབ་པ་ཡིན་ཏེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་དག་གང་ལ་སློབ་ཅེ་ན། གནས་བདུན་ལ་སློབ་བོ། །གནས་བདུན་པོ་
གང་དག་ཡིན་ཞེ་ན། རང་གི་དོན་དང་། གཞན་གྱི་དོན་དང་། དེ་ཁོ་ན་ཉིད་ཀྱི་དོན་དང་། མཐུ་དང་། བདག་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། གནས་བདུན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་བོ། །རང་གཞན་དོན་དང་དེ་ཉིད་དོན། །མཐུ་དང་རང་གི་སངས་རྒྱས་ཀྱི། །ཆོས་དང་སེམས་ཅན་ཡོངས་སྨིན་དང་། །བདུན་པ་བྱང་ཆུབ་མཆོག་ཡིན་ནོ། །བྱང་ཆུབ་སེམས་དཔས་གང་ལ་བསླབ་པར་བྱ་བ་དེ་ནི་བསྟན་ཟིན་ཏོ། །ཇི་ལྟར་བསླབ་
པར་བྱ་བ་དེ་བསྟན་པར་བྱ་སྟེ། འདི་ལ་བྱང་ཆུབ་སེམས་དཔའི་བསླབ་པ་རྣམས་ལ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔས་དང་པོ་ཁོ་ནར་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་མང་བར་བྱ་བ་དང་། ཆོས་ཚོལ་བ་དང་། ཆོས་སྟོན་པ་དང་། ཆོས་དང་མཐུན་པའི་
Vol. 124 · folio 39b
ཆོས་སྒྲུབ་པ་དང་། ཡང་དག་པའི་གདམས་ངག་རྗེས་སུ་སྟོན་པ་ལ་གནས་པ་དང་། ལུས་དང་། ངག་དང་། ཡིད་ཀྱི་ལས་ཐབས་ཀྱིས་ཟིན་པར་བྱ་སྟེ། རིམ་པ་འདིས་གང་དག་སློབ་པ་ཡིན་ཞེས་བྱ་བའི་བར་དེ་ཁོ་ན་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་སློབ་པའི་
བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །སྡོམ་ནི། མོས་པ་མང་བ་ཉིད་དང་ནི། །ཆོས་ཚོལ་བ་དང་སྟོན་པ་དང་། །དེ་བཞིན་སྒྲུབ་དང་ཡང་དག་པའི། །གདམས་ངག་རྗེས་སུ་སྟོན་པ་དང་། །
ལུས་དང་ངག་དང་ཡིད་ཀྱི་ལས། །ཐབས་ཀྱིས་ཟིན་པ་ཐ་མ་ཡིན། །གང་དག་སློབ་པ་ཡིན་ཞེས་བཤད་པ་གང་དག་ཅིག་སློབ་ཅེ་ན། བྱང་ཆུབ་སེམས་དཔའ་དག་སློབ་བོ། །དེ་ལྟར་སློབ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
རྫོགས་པར་འཚང་རྒྱ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་མཚན་ཉིད་ཇི་ལྟ་བུ་དག་ཅིག་ཡིན་ཞེ་ན། དེ་དག་ནི་མདོར་བསྡུ་ན་བཅུར་རིག་པར་བྱ་སྟེ། རིགས་ལ་གནས་པ་དང་། ཞུགས་པ་དང་། བསམ་པ་མ་དག་པ་དང་། བསམ་པ་དག་པ་དང་།
བསམ་པ་ཡོངས་སུ་མ་སྨིན་པ་དང་། བསམ་པ་ཡོངས་སུ་སྨིན་པ་དང་། མ་ངེས་པར་རྟོགས་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་དང་། སྲེད་པ་ཐ་མ་པའོ། །ཡང་བྱང་ཆུབ་སེམས་དཔའ་འདི་དག་ཐམས་ཅད་ཀྱི་མིང་བྱེ་བྲག་མེད་པར་ནི་དེ་ལྟ་བུའི་ཆ་དང་མཐུན་པ་འདི་
དག་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །བློ་དང་ལྡན་པ་གསལ་བའི་མཆོག །ཅེས་བྱ་བ་ལ་སོགས་པ་ཡིན་ནོ། །འདིའི་ལུས་ནི་དེ་ཡིན་ཏེ། དེ་ནི་ཕྱོགས་ཡིན་ནོ། །ཕྱོགས་དེས་གཞན་ཡང་ཁོང་དུ་ཆུད་པར་
བྱའོ། །དེ་ལ་བསྡུས་ཏེ་བཤད་པ་ནི། ཚིགས་སུ་བཅད་པ་དང་པོ་གསུམ་གྱིས་ཇི་ལྟ་བ་བཞིན་དུ་ཡོད་པ་དང་། ཇི་སྙེད་ཡོད་པ་བསྟན་ཏེ། ཇི་ལྟ་བ་བཞིན་ཡོད་པའི་བཤད་པ་ནི། ཅི་ཞེས་བསྟན་པས་སྟོན་ཏོ། །ཇི་ལྟ་བ་ཞེ་ན། བྱེད་པ་པོ་དང་། ལས་དང་། བྱེད་པ་
Vol. 124 · folio 40a
དང་། དེའི་ཕྱིར་དང་། རྒྱུའི་དོན་དང་། ཡན་ལག་གི་དོན་དང་། ཆེད་ཀྱི་དོན་ཏེ། རྣམ་པར་དབྱེ་བ་བདུན་པོ་འདི་དག་དང་། དོན་ཤེས་དོན་སྟོན་རབ་ཏུ་བྱེད་པ་ཞེས་བྱ་བ་ནས་བཟུང་སྟེ། དེ་ཡི་འགྲོ་བ་སེམས་ཅན་ལ་ཞེས་བྱ་བའི་བར་དང་། གོ་རིམས་བཞིན་ནོ། །
ཇི་སྙེད་ཡོད་པའི་བཤད་པ་ནི། གྲངས་བསྟན་པས་རྣམ་པ་ཇི་སྙེད་ཡོད་པའོ། །དེ་ཡང་རྣམ་པ་དུ་ཞིག་ཅེ་ན། རྣམ་པ་ལྔ་སྟེ། འབྱོར་པའི་དོན་ཚུལ་བླ་ན་མེད་གྱུར་པ། །ལྔའི་བདག་ཉིད་ཅེས་བྱ་བ་འདི་ནས་བཟུང་སྟེ། གསེར་ལས་བརྡུངས་བྱས་པ་ལ་སོགས་པ་ལྟ་བུ་དཔེ་ལྔས་བསྟན་
པའི་བར་ཡིན་ནོ། །གཟུགས་བརྙན་གྱི་དཔེས་ནི་དོན་འདི་ཁོ་ན་རྒྱན་ཉིད་དུ་སྟོན་པར་བྱེད་དོ། །དེ་ལྟར་ན་བསྡུས་ཏེ་བཤད་པ། རྣམ་པ་ཐམས་ཅད་ཀྱི་དོན་དང་ལྡན་པའི་ཕྱིར་ཕྱིན་ཅི་མ་ལོག་པ་ཡིན་ལ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་རྒྱས་པ་ཡང་ཡིན་
ནོ། །དེ་ལ་གྲོང་ཁྱེར་ལ་སོགས་པའི་ངག་ནི་ཡན་ལག་བརྒྱད་དང་ལྡན་པ་ཡིན་པར་རིག་པར་བྱ་སྟེ། གྲོང་ཁྱེར་པ་དང་། སྙན་ཅིང་འཇེབས་པ་དང་། རྣམ་པར་གསལ་བ་དང་། རྣམ་པར་རིག་པར་བྱེད་པ་དང་། མཉན་པར་འོས་པ་དང་། བརྟེན་པ་མེད་པ་དང་།
མི་མཐུན་པ་མེད་པ་དང་། གཏུགས་པ་མེད་པའོ། །དེ་ལ་གྲོང་ཁྱེར་པ་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་གྱི་དབང་དུ་བྱས་པའི་ཕྱིར་རོ། །སྙན་ཅིང་འཇེབས་པ་ནི་གདངས་སྙན་པའི་ཕྱིར་རོ། །རྣམ་པར་གསལ་བ་ནི་ངེས་པའི་ཚིག་དང་། ཡི་གེ་བཟང་བའི་ཕྱིར་རོ། །
རྣམ་པར་རིག་པར་བྱེད་པ་ནི་གོ་བར་བྱེད་པ་ཡིན་པའི་ཕྱིར་རོ། །མཉན་པར་འོས་པ་ནི་ཆོས་ཀྱི་དོན་དང་ལྡན་པའི་ཕྱིར་རོ། །རྟེན་པ་མེད་པ་ནི་རབ་ཏུ་དང་བ་ལྷག་པའི་རྟེན་ཡིན་པའི་ཕྱིར་རོ། །མི་མཐུན་པ་མེད་པ་ནི་མངོན་པར་འདོད་པ་བརྗོད་པའི་ཕྱིར་རོ། །གཏུགས་པ་མེད་
པ་ནི་རྒྱ་ཆེན་པོ་ལ་མཁས་པའི་ཕྱིར་རོ། །རྣམ་པ་བརྒྱད་དང་ལྡན་པའི་ངག་འདི་ནི་མདོར་བསྡུ་ན་ཡོན་ཏན་གསུམ་དང་ལྡན་པར་རིག་པར་བྱ་སྟེ། དབང་དུ་བྱ་བའི་སྒོ་ནས་ནི་རྣམ་པ་དང་པོ་གཅིག་གིས་སོ། །ངོ་བོ་ཉིད་ཀྱི་སྒོ་ནས་ནི་རྣམ་པ་གཉིས་ཀྱིས་སོ། །སྦྱོར་བའི་སྒོ་
Vol. 124 · folio 40b
ནས་ནི་རྣམ་པ་ལྷག་མ་རྣམས་ཀྱིས་སོ། །ཚིག་དྲི་མ་མེད་པས་ཞེས་བྱ་བ་ནི་ཚིག་དང་ཡི་གེ་རིགས་པ་དང་འབྲེལ་པ་ཞེས་བྱ་བ་ནི་ཚིག་དང་ཡི་གེ་རིགས་པ་ཞེས་བྱ་བ་ནས་འགྲུས་སྐྱོང་གི་ཡན་ལག་གི་ཚོགས་ཞེས་བྱ་བའི་བར་ཡིན་ཏེ། ཚིག་དང་ཡི་གེ་རིགས་པ་དང་། འབྲེལ་པ་དང་།
མཐུན་པ་དང་། རུང་བ་དང་། འབྱོར་པ་དང་། འཕྲོད་པ་དང་། འཚམ་པ་དང་། འགྲུས་སྐྱོང་གི་ཡན་ལག་གི་ཚོགས་སོ། །དེ་ལ་རིགས་པ་ནི་མིང་དང་། ཚིག་དང་། ཡི་གེའི་ཚོགས་རྣམས་གོ་རིམས་སུ་ལེགས་པར་བཀོད་པའི་ཕྱིར་རོ། །ཡང་རིགས་པ་རྣམ་པ་བཞི་
ལ་བརྟེན་པའི་ཕྱིར་རིགས་པ་ཡིན་ནོ། །འབྲེལ་པ་ནི་སྒྲུབ་པ་དང་འབྱོར་པའོ། །མཐུན་པ་ནི་རྣམ་པར་བཤད་པ་དང་འབྱོར་པའོ། །རུང་བ་ནི་ཚིག་དང་ཡི་གེ་གསལ་བའོ། །འབྱོར་པ་ནི་སྙིང་ལ་འབབ་པའི་ཕྱིར་རོ། །འཕྲོད་པ་ནི་འཁོར་ཇི་ལྟ་བ་བཞིན་དུའོ། །འཚམ་
པ་ནི་ཆོས་དང་མཐུན་པ་དང་། དོན་དང་ལྡན་པ་དང་། དུས་དང་འཚམ་པ་ཡིན་ནོ། །འགྲུས་སྐྱོང་གི་ཡན་ལག་གི་ཚོགས་ཞེས་བྱ་བ་ལ། འགྲུས་སྐྱོང་ཞེས་བྱ་བ་ནི་མཁས་པར་བྱེད་པ་དང་། རྟག་ཏུ་བྱེད་པ་སྟེ། དེའི་ཡན་ལག་ནི་ཡང་དག་པའི་ལྟ་བ་ལ་སོགས་
པ་ཡིན་ནོ། །གསེར་ལས་བརྡུངས་བྱས་ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་ནི་དཔེ་ལྔས་ཐེག་པ་ཆེན་པོའི་ཆོས་དེ་དོན་རྣམ་པ་ལྔའི་དབང་དུ་བྱས་ནས་བསྟན་པ་ཡིན་ཏེ། བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་དང་། བསམ་གྱིས་མི་
ཁྱབ་པ་དང་། ཡོངས་སུ་གྲུབ་པ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་དོ། །འདི་ནི་ཐེག་པ་ཆེན་པོ་དངོས་པོ་ལྔ་པོ་དང་། ངོ་བོ་ཉིད་གསུམ་དང་། གང་ཟག་རྣམ་པར་གཞག་པ་སྟེ། རྣམ་པ་གསུམ་གྱིས་
འགྲེལ་ཏོ། །དེ་ལ་དངོས་པོ་ལྔ་གང་ཞེ་ན། མིང་དང་། རྒྱུ་མཚན་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ལ་མིང་ནི་བརྡར་ཐ་སྙད་གདགས་པ་མངོན་པར་བརྗོད་པའི་རང་བཞིན་ཡིན་ཏེ། དེ་ཡང་འཇིག་རྟེན་ནི་
Vol. 124 · folio 41a
ཆོས་འདི་དག་ཇི་ལྟར་མིང་གིས་མངོན་པར་བརྗོད་པ་དེ་ཁོ་ན་བཞིན་དུ་ངོ་བོ་ཉིད་དུ་ཡོད་དོ་ཞེས་མིང་གི་སྒོ་ནས་ཆོས་ཐམས་ཅད་ལ་མངོན་པར་ཞེན་ཏོ། །མིང་གིས་མངོན་པར་བརྗོད་པ་གང་ཡིན་པ་དེ་ནི་མེད་དེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་
དུ། མིང་ནི་གང་དང་གང་དག་གིས། །ཆོས་ནི་གང་དང་གང་བརྗོད་པ། །དེ་ནི་དེ་ལ་ཡོད་མིན་དེ། །འདི་ནི་ཆོས་རྣམས་ཆོས་ཉིད་ཡིན། །ཞེས་གསུངས་པ་ལྟ་བུའོ། །མིང་གི་སྒོ་ནས་ཆོས་རྣམས་ལ་ངོ་བོ་ཉིད་དུ་མངོན་པར་ཞེན་པ་དེ་དག་ལ་མིང་གིས་མངོན་པར་བརྗོད་
པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་མེད་དོ་ཞེས་བྱ་བ་འདི་ཤེས་པར་བྱ་དཀའ་བའི་ཕྱིར་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་དང་ཆོས་མཐུན་པར་གསེར་ལས་བརྡུངས་བྱས་པ་དང་འདྲ་སྟེ། དཔེར་ན་བསྲེག་པ་དང་། ཆུས་གདབ་པ་དང་། བརྡུང་བ་ལ་སོགས་པ་འབད་པ་ཆེན་པོས་
གསེར་ལས་སུ་རུང་པར་བྱས་པ་རྒྱན་ལ་སོགས་པར་བརྡུངས་ན་རྣམ་པར་མཛེས་པ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ཡང་མིང་གིས་ངོ་བོ་ཉིད་དུ་མངོན་པར་ཞེན་པ་རྣམས་ལ་མིང་གིས་མངོན་པར་བརྗོད་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་མེད་དོ་ཞེས་རང་གི་ཕྱོགས་སྒྲུབ་པ་དང་། གཞན་གྱི་ཕྱོགས་
སུན་དབྱུང་བ་ལ་སོགས་པས་བསྒྲུབས་ན་གསར་ལས་བརྡུངས་སུ་བྱས་པ་བཞིན་དགའ་བའི་མཆོག་སྐྱེད་པས་སྒྲུབ་པ་ཞེས་བཤད་དོ། །རྒྱུ་མཚན་ནི་གང་ལ་རྟེན་ནས་མི་འཇུག་པ་སྟེ། མངོན་པར་བརྗོད་པའི་བདག་ཉིད་ཀྱི་མིང་དེ་ཉིད་ཀྱི་རྟེན་གྱི་དངོས་པོ་གཞན་གྱི་དབང་གི་ངོ་བོ་ཉིད་
གཟུང་བའི་ཆ་ཡིན་ནོ། །དངོས་པོ་དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་སྣང་བ་ཙམ་གྱི་རང་རིག་པ་ཡིན་ཏེ། དེ་ནི་བྱེ་བྲག་ཏུ་ཤེས་པར་བྱ་བ་འབའ་ཞིག་ཏུ་ཟད་དོ། །རང་རིག་པ་དེ་ལ་ནི་འཇིག་རྟེན་མཚར་ཅིག་ལོག་པར་རྟོགས་པ་མེད་པས་བྱེ་བྲག་ཏུ་ཤེས་པར་བྱ་བ་འབའ་ཞིག་ཏུ་
ཟད་དོ། །དེ་དང་ཆོས་མཐུན་པར་དཔེ་པདྨ་སྟེ། དཔེར་ན་འབད་པ་མེད་པར་ཉི་མའི་འོད་ཟེར་གྱིས་ཁ་བྱེ་བའི་པདྨ་དགའ་བའི་མཆོག་བསྐྱེད་པ་དེ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་དངོས་པོ་འབད་པ་མེད་པར་ཤེས་པར་བྱས་པ་ཡང་དགའ་བའི་མཆོག་སྐྱེད་པས་བྱེ་བྲག་ཏུ་ཤེས་
Vol. 124 · folio 41b
པར་བྱ་བ་ཞེས་བཤད་དོ། །རྣམ་པར་རྟོག་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དངོས་པོ་ཙམ་དེ་ཉིད་སེམས་དང་སེམས་པས་བྱུང་བ་འཛིན་པའི་ཆར་རབ་ཏུ་སྐྱེ་བ་ཡིན་ཏེ། ཚུལ་བཞིན་ཏུ་རྣམ་པར་རྟོག་པ་དམ་པའི་ཆོས་ཉན་པའི་རྒྱུ་ལས་བྱུང་བ་བདག་གིས་བསམ་པར་བྱ་བ་
ཡིན་ནོ། །ཇི་སྐད་དུ་ཆོས་མངོན་པ་ཀུན་ལས་བཏུས་པ་ལས་ཆོས་ལ་རབ་ཏུ་བརྩོན་པ་ཆོས་རྣམས་དཔྱོད་པར་བྱེད་པ་ན། རིགས་པ་དུ་ཞིག་གིས་དཔྱོད་པར་བྱེད་ཅེ་ན། ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་སྒྲུབ་པའི་རིགས་པ་དང་།
ཆོས་ཉིད་ཀྱི་རིགས་པ་སྟེ། རིགས་པ་བཞིས་སོ། །རིགས་པ་འདི་བཞིས་ཚུལ་བཞིན་དུ་རྣམ་པར་བརྟགས་ན་ཀུན་ནས་ཉོན་མོངས་པ་སྤོང་བ་དང་། རྣམ་པར་བྱང་བ་དང་། མཐུན་པར་ཡང་འགྱུར་རོ་ཞེས་བཤད་པ་ལྟ་བུའོ། །དེ་དང་ཆོས་མཐུན་པར་དཔེ་གཡོས་ལེགས་
པའི་ཁ་ཟས་ཏེ། དཔེར་ན་གཡོས་ལེགས་པའི་ཁ་ཟས་ཁ་དོག་དང་རོ་ལ་སོགས་པ་ཕུན་སུམ་ཚོགས་པ་བཀྲེས་པས་ཉེན་པ་རྣམས་ཀྱིས་ཟོས་ན་དགའ་བའི་མཆོག་བསྐྱེད་པ་དེ་བཞིན་དུ། ཐེག་པ་ཆེན་པོའི་ཆོས་བདུད་རྩི་དང་འདྲ་བ་འདི་ཡང་དམ་པའི་ཆོས་ཉན་པས་
བཀྲེས་པ་ཚུལ་བཞིན་དུ་རྣམ་པར་རྟོག་པ་རྣམས་ཀྱིས་དཔྱད་ན་དགའ་བའི་མཆོག་སྐྱེད་པས་བསམ་པར་བྱ་བ་ཞེས་བཤད་དོ། །དེ་བཞིན་ཉིད་ནི་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། བསམ་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་དང་སོ་སོ་རང་གིས་རིག་པར་བྱ་
བ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་ཐེག་པ་ཆེན་པོ་བསྡུས་པ་ལས། ཆོས་ཀྱི་སྐུ་ནི་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་དོ་ཞེས་བཤད་པ་ལྟ་བུ་སྟེ། དེ་བཞིན་ཉིད་རྣམ་པར་དག་པ་དེ་འཇིག་རྟེན་ན་དཔེ་མེད་པ་དང་། རྟོག་གེའི་སྤྱོད་ཡུལ་མ་ཡིན་པས་སོ་སོ་རང་གིས་
རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་དང་ཆོས་མཐུན་པར་དཔེ་ཕྲིན་ཡིག་སྟེ། དཔེར་ན་ཕྲིན་ཡིག་ལེགས་པར་མཁས་པ་རྣམས་ཀྱི་ལག་ཏུ་སོན་ན་དོན་ལོག་པའི་རྣམ་པར་རྟོག་པ་སྤངས་པའི་སྒོ་ནས་མཆོག་ཏུ་དགའ་བ་སྐྱེད་པ་དེ་བཞིན་དུ། དེ་བཞིན་ཉིད་སོ་སོ་
Vol. 124 · folio 42a
རང་གིས་རིག་པར་བྱ་བ་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ས་དང་པོ་ཐོབ་པའི་དུས་ནས་བཟུང་སྟེ། དགའ་བ་ཟག་པ་མེད་པ་དཔེ་མེད་པ་སྐྱེད་པར་བྱེད་དེ། བྱིས་པ་དེ་ཁོ་ན་ཉིད་མ་
རྟོགས་པ་རྣམས་ཀྱི་བསམ་པའི་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཞེས་པ་བཤད་དོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ནི་ཡོངས་སུ་གྲུབ་པ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་བྱང་ཆུབ་ཀྱི་
ཕྱོགས་དང་མཐུན་པའི་ངོ་བོ་ཉིད་ཡིན་ནོ། །ཡང་ཅིའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་འདྲ་བ་ལས། དེ་བཞིན་ཉིད་ནི་བསམ་གྱིས་མི་ཁྱབ་པར་བཤད་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སོགས་པ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་
ནི་མ་ཡིན་ཞེ་ན། དེ་ནི་དེ་ལྟར་བདེན་མོད་ཀྱི། དེ་བཞིན་ཉིད་ནི་ནམ་ཡང་དེ་ཁོ་ན་ཉིད་མ་རྟོགས་པ་རྣམས་ཀྱིས་རང་གིས་རིག་པར་བྱ་བ་མ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་དག་སྟེ། ཟག་པ་མེད་པ་དེ་དག་
དེ་ཁོ་ན་ཉིད་རྟོགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་མོད་ཀྱི། དེ་ཡང་ཐོས་པ་དང་བསམ་པའི་གནས་སྐབས་ན་དེ་ཁོ་ན་ཉིད་མ་རྟོགས་ཀྱང་ཆོས་ཀྱི་སྐུའི་རྒྱུ་མཐུན་པ་ཐེག་པ་ཆེན་པོའི་དམ་པའི་ཆོས་མཉམ་པས་ཚུལ་བཞིན་རབ་ཏུ་སྦྱོར་བ་རྣམས་ཀྱིས་སོ་སོ་རང་
གིས་རིག་པར་བྱ་བ་དང་མཐུན་པར་འགྱུར་རོ། །ཇི་སྐད་དུ་ཐེག་པ་ཆེན་པོ་བསྡུས་པ་ལས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་ཇི་ལྟ་བུ་ཡིན་པར་རིག་པར་བྱ་ཞེ་ན། རྣམ་པར་བྱང་བའི་ཆོས་རྣམ་པ་བཞི་བསྟན་པས་རིག་པར་བྱའོ། །རྣམ་པར་བྱང་བའི་ཆོས་རྣམ་པ་བཞི་བསྟན་པ་
ལ་རང་བཞིན་གྱིས་རྣམ་པར་བྱང་བ་ནི་དེ་བཞིན་ཉིད་ལ་སོགས་པའོ། །དྲི་མ་དང་བྲལ་བས་རྣམ་པར་བྱང་བ་ནི་འདི་ལྟ་སྟེ། དེ་ཉིད་སྒྲིབ་པ་ཐམས་ཅད་དང་བྲལ་བའོ། །དེ་འཐོབ་པའི་ལམ་གྱིས་རྣམ་པར་བྱང་བ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་དོ། །
Vol. 124 · folio 42b
དེ་སྐྱེ་བའི་དམིགས་པ་ནི་རྣམ་པར་བྱང་བ་ནི་འདི་ལྟ་སྟེ། ཐེག་པ་ཆེན་པོའི་དམ་པའི་ཆོས་བསྟན་པའོ་ཞེས་བཤད་པ་ལྟ་བུ་སྟེ། འདི་ལྟར་དེ་ནི་རྣམ་པར་བྱང་བའི་རྒྱུ་མཚན་ཡིན་པའི་ཕྱིར། ཀུན་བརྟགས་པ་ཡང་མ་ཡིན་ལ། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་
ཡིན་པའི་ཕྱིར། གཞན་གྱི་དབང་ཡང་མ་ཡིན་ནོ། །དེའི་ཕྱིར་ཐོས་པ་དང་བསམ་པའི་གནས་སྐབས་ན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ཟག་པ་མེད་པ་དང་། མཐུན་པས་ཟག་པ་མེད་པ་བཞིན་ཉེ་བར་གདགས་ཏེ། འདི་ནི་ཁྱད་པར་ཡིན་པར་མངོན་ནོ། །དེ་ལྟར་རེ་ཞིག་
ཐེག་པ་ཆེན་པོ་དངོས་པོ་ལྔ་དང་ཆོས་མཐུན་པར་བསྒྲུབ་པར་བྱ་བ་ལ་སོགས་པའི་དངོས་པོ་ལྔ་གསེར་ལས་བརྡུངས་བྱས་པ་ལ་སོགས་པའི་དཔེ་ལྔ་དང་བཅས་ཏེ་བཤད་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ངོ་བོ་ཉིད་གསུམ་དུ་བཤད་དོ། །ཇི་ལྟ་ཞེ་ན། རེ་ཞིག་བསྒྲུབ་པར་བྱ་བ་
ཞེས་སྨོས་པ་གང་ཡིན་པ་དེའི་བཤད་པ་ནི་ཇི་སྐད་དུ་ཐེག་པ་ཆེན་པོ་བསྡུས་པ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པ་བསྟན་པ་གང་ཡིན་པའི་བསྟན་པ་དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཇི་ལྟ་བུ་ཡིན་པར་རིག་པར་བྱ་ཞེ་ན། རབ་འབྱོར་སངས་
རྒྱས་མེད་དོ། །ཆོས་མེད་དོ། །དགེ་འདུན་མེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསྟན་པས་སོ་ཞེས་བཤད་པ་ལྟ་བུ་སྟེ། ཚིག་དང་ཡི་གེ་སྐྲག་པ་སྐྱེད་པར་བྱེད་པ་འདི་དག་ནི་འཇིག་རྟེན་གྱིས་ཐོས་ན་སྐྲག་པར་འགྱུར་རོ། །ཀུན་བརྟགས་པའི་ངོ་བོ་ཉིད་དེ་ནི་བསྒྲུབ་པར་
བྱའོ་ཞེས་བཤད་དེ། ཆོས་འདི་དག་ནི་རྣམ་པ་ཐམས་ཅད་དུ་མེད་པ་ཁོ་ན་མ་ཡིན་ནོ། །འོན་ཀྱང་བྱིས་པའི་སྐྱེ་བོས་ཀུན་བརྟགས་པའི་བདག་ཉིད་དུ་མེད་དེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། ཆོས་ཀུན་མེད་ཕྱིར་རྣམ་དག་གང་། །ཀུན་ནས་ཉོན་མོངས་མེད་དེ་
གང་། །ཇི་ལྟར་མཐོང་བ་དེ་ལྟར་མེད། །དེ་དག་མེད་ན་ཁོ་ནའང་མིན། །ཞེས་གསུངས་པ་ལྟ་བུའོ། །དེ་དང་ཆོས་མཐུན་པར་དཔེ་གསེར་ཏེ། དཔེར་ན་གསེར་བསྲེགས་པ་དང་། བརྡུངས་པ་ལ་སོགས་པ་འབད་པ་ཆེན་པོས་ལས་སུ་རུང་བར་བྱས་པ་གདུ་བུ་དང་
Vol. 124 · folio 43a
དཔུང་རྒྱན་ལ་སོགས་པའི་ངོ་བོར་བརྡུངས་སུ་བྱས་པ་དགའ་བ་བསྐྱེད་པ་དེ་བཞིན་དུ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱང་བསྒྲུབས་ན་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའི་སྒོ་ནས་སྐྱེ་བོ་ཡ་རབས་ཀྱི་དགའ་བའི་མཆོག་བསྐྱེད་པས་བསྒྲུབ་པར་བྱའོ་ཞེས་
བཤད་དོ། །གཞན་གྱི་དབང་གི་ངོ་བོ་ཉིད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་བདེ་བ་དང་། སྡུག་བསྔལ་ལ་སོགས་པ་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ཏེ། ཐེག་པ་ཆེན་པོ་ལས་ཀུན་བརྟགས་པའི་ངོ་བོ་ཉིད་བསྒྲུབས་ན་གཞན་གྱི་དབང་གིས་བསྡུས་པའི་ཆོས་རྣམས་བྱེ་བྲག་
ཏུ་ཤེས་པར་བྱ་སླ་བས་བྱེ་བྲག་ཏུ་ཤེས་པར་བྱའོ་ཞེས་བཤད་དོ། །དེ་དང་ཆོས་མཐུན་པར་དཔེ་པདྨ་སྟེ། སྔ་མ་དང་མཐུན་པར་ཁོང་དུ་ཆུད་པར་བྱའོ། །གཞན་གྱི་དབང་གི་ངོ་བོ་ཉིད་ཁོ་ན་ཉིད་བསམ་པར་བྱ་བ་ཡིན་ཏེ། སེམས་དང་སེམས་ལས་བྱུང་བའི་ངོ་བོ་
ཉིད་དེ་ནི་འདོད་ཆགས་ལ་སོགས་པ་མི་དགེ་བའི་ཆོས་བསལ་བ་དང་། དད་པ་ལ་སོགས་པ་དགེ་བའི་ཆོས་ལ་གོམས་པས་ཚུལ་བཞིན་དུ་བསམ་པར་བྱ་བ་ཡིན་ནོ། །དེ་དང་ཆོས་མཐུན་པར་དཔེ་ཁ་ཟས་ཏེ། སྔ་མ་དང་མཐུན་པར་ཁོང་དུ་ཆུད་པར་བྱའོ། །ཡོངས་
སུ་གྲུབ་པའི་ངོ་བོ་ཉིད་ནི་རྣམ་པ་གཉིས་ཏེ། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་དོ། །དེ་ལ་དེ་བཞིན་ཉིད་ནི་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། ཇི་སྐད་དུ་སྔར་བཤད་པ་ཡིན་ནོ། །འཕགས་
པ་དཀོན་མཆོག་སྤྲིན་གྱི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཅེས་བགྱི་བ་འདི་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ། དེ་ཁོ་ན་ཉིད་
ཅེས་བྱ་བ་ནི། ཡང་དག་པའི་དོན་གྱི་ཚིག་བླ་དགས་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཡང་དག་པ་ཞེས་བགྱི་བ་འདི་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མི་སླུ་བ་གང་ཡིན་པ་དེ་ནི་ཡང་དག་པ་ཡིན་ནོ། །གསོལ་
Vol. 124 · folio 43b
པ། བཅོམ་ལྡན་འདས་མི་སླུ་བ་ཞེས་བགྱི་བ་འདི་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་དང་། ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་གང་ཡིན་པའོ། །གསོལ་པ། བཅོམ་ལྡན་འདས་དེ་
བཞིན་ཉིད་ཅེས་བགྱི་བ་དེ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་འདི་ནི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་གྱི། ཆོས་འདི་ཡི་གེ་དག་གིས་གདགས་པར་ནི་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་ནི་ཡི་གེ་ཐམས་ཅད་ལས་ཡང་དག་
པར་འདས་པའོ། །ཆོས་འདི་ནི་མངོན་པར་བརྗོད་པ་ཐམས་ཅད་ལས་ཡང་དག་པར་འདས་པ་སྟེ། ངག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། ངག་གི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བའོ། །རྟོག་གེ་ཐམས་ཅད་དང་བྲལ་
པ་སྟེ། བརྟག་པར་བྱ་བ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའོ། །བྱིས་པའི་ཡུལ་ལས་ཡང་དག་པར་འདས་པ་སྟེ། བྱིས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའོ། །རྣམ་པར་ཤེས་པའི་སྤྱོད་ཡུལ་
ལས་ཡང་དག་པར་འདས་པ་སྟེ། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ་ཞེས་གསུངས་སོ། །དེ་ལྟར་ན་དེ་བཞིན་ཉིད་ཅེས་བྱ་བའི་ཆོས་འདི་ནི་སྤྲོས་པ་དང་། རྟོག་གེ་དང་། རྣམ་པར་ཤེས་པའི་སྤྱོད་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་བྱིས་པ་
རྣམས་ཀྱིས་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །དེ་དང་ཆོས་མཐུན་པར་དཔེ་ཕྲིན་ཡིག་ཀྱང་སྔ་མ་དང་མཐུན་པར་ཁོང་དུ་ཆུད་པར་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་སོ་སོ་རང་གིས་རིག་པར་བྱ་བ་རྟོགས་པའི་དོན་དེ་དང་ཆོས་མཐུན་པར་
དཔེ་རིན་པོ་ཆེའི་སྒྲོམ་སྟེ། དཔེར་ན་རིན་པོ་ཆེའི་སྒྲོམ་ཁ་གབ་ཕྱེ་ན་དགའ་བའི་མཆོག་བསྐྱེད་པ་དེ་བཞིན་དུ། འདི་ཡང་བྱང་ཆུབ་སེམས་དཔའ་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམ་པར་མི་རྟོག་པ་ལ་སོགས་པས་རྒྱུད་གསལ་བར་བྱས་པ་རྣམས་ལ་
Vol. 124 · folio 44a
དགའ་བ་ཆེན་པོ་བསྐྱེད་པས་ཡོངས་སུ་གྲུབ་པ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་དུ་བཤད་དོ། །ངོ་བོ་ཉིད་གསུམ་དུ་བཤད་པ་ནི་དེ་ལྟ་བུ་ཡིན་ནོ། །དེ་ནས་གང་ཟག་རྣམ་པར་གཞག་པས་
བཤད་པ་ཇི་ལྟ་བུ་ཞེ་ན། འདི་ན་གང་ཟག་རྣམ་པ་གསུམ་ཞིག་སྣང་སྟེ། མི་ཤེས་པ་དང་། ཐེ་ཚོམ་ཅན་དང་། ལོག་པར་ཤེས་པ་རྣམས་སོ། །དེ་ལ་ལོག་པར་འཛིན་པ་ལ་མངོན་པར་ཞེན་པ་རྣམས་དང་ཐེ་ཚོམ་ཅན་རྣམས་ལ་ནི་ལོག་པར་འཛིན་པ་དང་ཐེ་ཚོམ་
བསལ་བའི་ཕྱིར་འདི་ཁོ་ན་ཐེག་པ་ཆེན་པོ་ཡིན་གྱི། གཞན་གྱི་ནི་མ་ཡིན་ནོ་ཞེས་ཐེག་པ་ཆེན་པོའི་ཆོས་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་དང་ཆོས་མཐུན་པར་དཔེ་གསེར་ཏེ། སྔ་མ་བཞིན་དུ་རིག་པར་བྱའོ། །མི་ཤེས་པ་རྣམས་ལ་ནི་བྱེ་བྲག་ཏུ་ཤེས་པར་བྱ་བ་ཡིན་
པས་དེ་དང་ཆོས་མཐུན་པར་དཔེ་པདྨ་སྟེ་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལྟར་ཞུགས་པའི་གང་ཟག་དེ་དག་ཉིད་ཀྱིས་བསམ་གྱིས་མི་ཁྱབ་པའི་གནས་རྣམས་སྤང་བར་བྱ་སྟེ། ཇི་སྐད་དུ་སངས་རྒྱས་ཀྱི་བྱ་བ་སྒྲུབ་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པོ། །ཕྱི་རོལ་གྱི་
དངོས་པོ་ཐམས་ཅད་སྣ་ཚོགས་མངོན་པར་འགྲུབ་པར་བྱེད་པའི་ལས་བསམ་གྱིས་མི་ཁྱབ་བོ། །ནོར་བུ་དང་། སྨན་དང་། མཁྱུད་དཔྱད་ཀྱི་སྦྱོར་བ་དང་ལྡན་པའི་ལས་བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་གནས་
རྣམས་ལ་སེམས་ན་སེམས་བསླད་པའི་གནས་དག་ཏུ་འགྱུར་བས་བསམ་གྱིས་མི་ཁྱབ་པར་བཤད་དོ། །དེའི་ཕྱིར་བསམ་གྱིས་མི་ཁྱབ་པའི་གནས་སྤོང་བའི་ཕྱིར་རོ། །བསམ་པར་བྱ་བའི་གནས་སེམས་པའི་ཕྱིར་དགའ་བ་ཆེན་པོ་སྐྱེ་བས་དཔེ་ཕྲིན་ཡིག་དང་ཁ་ཟས་ཏེ།
སྔ་མ་དང་མཐུན་པར་ཁོང་དུ་ཆུད་པར་བྱའོ། །གང་ཟག་དེ་དག་ཉིད་ཚུལ་བཞིན་དུ་རབ་ཏུ་སྦྱོར་ན་ཡོངས་སུ་གྲུབ་པ་རྟོགས་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་རྟོགས་པར་འགྱུར་རོ། །དེ་དང་ཆོས་མཐུན་པར་དཔེ་རིན་པོ་ཆེའི་སྒྲོམ་
Vol. 124 · folio 44b
སྟེ། དཔེར་ན་རིན་པོ་ཆེའི་སྒྲོམ་ཁ་གབ་ཕྱེ་སྟེ། རིན་པོ་ཆེ་དག་སྣང་ན་དགའ་བ་བསྐྱེད་པ་དེ་བཞིན་དུ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱིས་ཐེག་པ་ཆེན་པོའི་ཆོས་ས་དང་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་ཉོན་
མོངས་པ་དང་། ཤེས་བྱའི་སྒྲིབ་པའི་གནས་ལྟ་བུ་གང་དག་ཡིན་པ་དེ་དག་བསལ་བས་དགའ་བ་ཆེན་པོ་ཡང་སྐྱེ་ལ། རྒྱུད་ཀྱང་གསལ་བར་འགྱུར་རོ། །དེའི་ཕྱིར་དོན་ལྔ་པ་ཡོངས་སུ་གྲུབ་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ངོ་བོ་ཉིད་སོ་སོ་རང་གིས་རིག་པར་བྱ་བ་ཞེས་
བྱ་སྟེ། དེ་ནི་གང་ཟག་རྣམ་པར་གཞག་པས་བཤད་པ་ཡིན་ནོ། །ཐེག་པ་ཆེན་པོ་ལས་ནི་གདུལ་བའི་སྐྱེ་བོ་ལ་ལྟོས་ཏེ། བསྒྲུབ་པར་བྱ་བ་ལ་སོགས་པའི་དོན་གྱི་ཁྱད་པར་དེ་དག་ཙམ་ཞིག་སྟོན་ཏེ། ངོ་བོ་ཉིད་མེད་པ་ལ་སོགས་པའི་དོན་ནི་སྒྲུབ་པར་བྱེད་
དོ། །གཞན་གྱི་དབང་གི་ངོ་བོ་ཉིད་དུ་བསྡུས་པ་སེམས་དང་སེམས་ལས་བྱུང་བའི་རང་བཞིན་དང་ནི་བྱེ་བྲག་ཏུ་ཤེས་པར་བྱ་བ་ཡིན་ནོ། །དེ་དག་ཉིད་མི་དགེ་བའི་ཆོས་ཡོངས་སུ་སྤངས་པ་དང་། དགེ་བའི་ཆོས་སྒོམ་པས་བསམ་པར་བྱ་བ་ཡིན་པས་ན་བསམ་པར་བྱ་བ་
དག་ཏུ་བསྟན་ཏོ། །སངས་རྒྱས་ཀྱི་བྱ་བ་བསྒྲུབ་པ་དང་། ཕྱི་རོལ་གྱི་དངོས་པོ་སྣ་ཚོགས་མངོན་པར་འགྲུབ་པར་བྱེད་པ་དག་ནི་བསམ་གྱིས་མི་ཁྱབ་པའི་གནས་སུ་གྱུར་པའི་ཕྱིར་བསམ་གྱིས་མི་ཁྱབ་པ་ཞེས་བཤད་དོ། །ཡོངས་སུ་གྲུབ་པ་རྟོགས་པའི་དོན་སོ་སོ་རང་གིས་
རིག་པར་བྱ་བ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཡིན་ཏེ། མདོ་སྡེའི་རྒྱན་འདིས་རྣམ་པར་བཀྲོལ་ལོ། །ཆོས་ལྔ་པོ་འདི་དག་གིས་ནི་ཆོས་ཐམས་ཅད་ཡང་དག་པར་བསྡུས་པར་བསྟན་ལ། འདི་དག་ཡང་དག་པར་རྣམ་པར་བཀྲོལ་བས་གསེར་ལ་སོགས་པ་དང་ཆོས་
མཐུན་པར་མཁས་པ་རྣམས་དགའ་བ་བསྐྱེད་དེ། དེ་ནི་བསྡུས་པའི་དོན་ཡིན་ནོ། །དོན་ཤེས་པ་དོན་སྟོན་པར་ནི་ཆོས་དེ་བརྒྱན་པར་བྱེད་ཀྱི། གཞན་གདུ་བུ་དང་དཔུང་རྒྱན་ལ་སོགས་པས་མ་ཡིན་པས་དེའི་ཕྱིར་ཕྱོགས་སྔ་མ་གང་གི་ཚེ་ཆོས་དེ་རང་བཞིན་གྱིས་ཡོན་ཏན་
Vol. 124 · folio 45a
དང་ལྡན་པ་ཡིན་ན། ཇི་ལྟར་དེ་བརྒྱན་པར་བྱེད་ཅེས་བྱ་བ་གླེང་བར་བྱེད་དོ། །དེ་ཡོངས་སུ་སྤང་བའི་ཕྱིར་ཚིགས་སུ་བཅད་པ་རྩོམ་པར་བྱེད་དེ། གཟུགས་རྒྱན་ཅེས་པ་བྱ་ལ་སོགས་པ་ནི་ཇི་ལྟར་གདོང་གི་གཟུགས་བཟང་པོ་བརྒྱན་པ་མེ་ལོང་གི་ནང་
དུ་སོང་ན། ཤིན་ཏུ་དགའ་བ་བསྐྱེད་པ་དེ་བཞིན་དུ། ཐེག་པ་ཆེན་པོའི་ཆོས་ཀྱི་གཟུགས་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐུན་མོང་མ་ཡིན་པ་བསྟན་པ་རང་བཞིན་གྱིས་ཡོན་ཏན་དང་ལྡན་པ་འདི་ཡང་དོན་བསྟན་པའི་མེ་ལོང་ཤིན་ཏུ་དྲི་མ་མེད་པའི་ནང་དུ་སྣང་ན་དགའ་བ་
སྐྱེད་པས་བརྒྱན་པ་ཡིན་ནོ། །ད་ནི་སྨན་ལ་སོགས་པའི་དཔེ་གསུམ་གྱིས་ཆོས་ཀྱི་བསྔགས་པ་སྟོན་པར་བྱེད་དོ། །སྨན་གྱི་རིགས་ལ་ལ་འདི་འདྲ་སྟེ། གང་གི་ཚེ་བསྣམ་ས་ན་ནི་སྣའི་དབང་པོ་ཚིམ་པར་མི་བྱེད་ཅིང་སྐྱོ་བ་སྐྱེད་ལ། སྨན་དེ་ཉིད་གང་གི་ཚེ་ལྕེའི་
དབང་པོས་མྱངས་ན་ནི་རོ་ཕུན་སུམ་ཚོགས་པས་ལྕེའི་དབང་པོ་ཚིམ་པར་བྱེད་ཅིང་དགའ་བ་ཡང་སྐྱེད། སྤྱད་དེ་འཇུ་བ་ན་རིམ་གྱིས་ལུས་ལ་ཡོད་པའི་ནད་ཐམས་ཅད་ཀྱང་སེལ་བར་བྱེད་དོ། །དེ་བཞིན་དུ་ཐེག་པ་ཆེན་པོའི་ཆོས་གཉིས་སུ་གནས་པ་ཡང་གོ་རིམས་བཞིན་
དུ་སྨན་དཀུ་ལ་ཞིམ་པ་དང་འདྲ་བར་མི་དགའ་བ་སྐྱེད་པར་བྱེད་པ་དང་དགའ་བསྐྱེད་པར་བྱེད་པ་ཡིན་ཏེ། རབ་འབྱོར་སངས་རྒྱས་མེད་དོ། །ཆོས་མེད་དོ། །དགེ་འདུན་མེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་མིང་དང་། ཚིག་དང་། ཡི་གེ་དག་ཐོས་ནས་བསྣམས་
ན་རབ་ཏུ་དཀུ་བའི་སྨན་བཞིན་དུ་སྐྱོ་བ་སྐྱེད་དོ། །གང་གི་ཚེ་དགེ་བའི་བཤེས་གཉེན་དང་འཕྲད་ནས། མིང་དང་། ཚིག་དང་། ཡི་གེ་འདི་དག་གི་དོན་ནི་སྒྲ་ཇི་བཞིན་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཐེག་པ་ཆེན་པོའི་དོན་རྟོགས་པ་དེའི་ཚེ་མྱངས་ན་ཞིམ་པའི་
སྨན་མྱངས་པ་བཞིན་དུ་དགའ་བ་སྐྱེད་ལ། ཐོས་པ་དང་། བསམ་པ་དང་། བསྒོམ་པའི་རིམ་གྱིས་བསྒོམས་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་ཉེ་བར་ཞི་བར་བྱེད་པས་སྒྲིབ་པ་སྤང་བའི་རྒྱུ་ཉིད་དུ་བསྟན་ཏོ། །རྒྱལ་པོ་མཉེས་པར་དཀའ་བ་ཞེས་བྱ་བ་ནི།
Vol. 124 · folio 45b
ཡབ་དང་སྲས་མཇལ་བའི་མདོ་ལས། འཆར་བྱེད་ཀྱིས་ཇི་སྐད་དུ། རྒྱལ་པོ་རྣམས་ནི་བསྙེན་པར་དཀའ་བ་ལགས་ཏེ། མཉེས་པར་བགྱིད་དཀའ་བ་ལགས་སོ། །ནམ་ཞིག་མཉེས་པར་བགྱིས་ན་ཇི་ལྟར་འདོད་པའི་དོན་སྩོལ་བར་བགྱིད་པ་ལགས་སོ་ཞེས་བཤད་པ་
ལྟ་བུའོ། །དེ་བཞིན་དུ་ཐེག་པ་ཆེན་པོའི་ཆོས་ཀྱང་མཉེས་པར་དཀའ་བ་ཡིན་ཏེ། ཇི་སྐད་དུ་འཕགས་པ་བློ་གྲོས་རྒྱ་མཚོའི་མདོ་ལས། བློ་གྲོས་རྒྱ་མཚོ་སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་བྱ་བ་འདི་ནི་རྙེད་པར་སླའོ། །ཚོགས་རྣམས་ཡང་དག་པར་བསྒྲུབ་པར་བྱ་བ་ནི་
དཀའོ་ཞེས་གསུངས་པ་ལྟ་བུ་ཡིན་ནོ། །གང་གི་ཚེ་གོ་ཆའི་བརྩོན་འགྲུས་ལ་སོགས་པའི་བརྩོན་འགྲུས་ལས་བརྩམས་པས་མགུ་བར་བྱེད་པ་དེའི་ཚེ་ཡོན་ཏན་ཁྱད་པར་ཅན་མངོན་པར་ཤེས་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་དབང་ཕྱུག་
རྙེད་པར་འགྱུར་བས་དབང་འབྱོར་བའི་རྒྱུ་ཉིད་དུ་བསྟན་ཏོ། །རིན་པོ་ཆེ་རིགས་དང་ལྡན་པ་ནི་རང་བཞིན་གྱིས་འོད་གསལ་ཞིང་དབྱིབས་ཀྱི་ཚད་ལ་སོགས་པ་ཕུན་སུམ་ཚོགས་པ་ཡིན་ཏེ། རིན་པོ་ཆེ་དེ་ལྟ་བུ་སྐྱེ་བོ་ལྟ་མི་ཤེས་པའི་ལག་ཏུ་སོན་ན་སྐྱེ་བོ་ལྟ་མི་ཤེས་པ་དེའི་སེམས་
ཡོངས་སུ་མགུ་བར་མི་འགྱུར་གྱི། དེ་ཉིད་སྐྱེ་བོ་ལྟ་ཤེས་པའི་ལག་ཏུ་སོན་ན་སྐྱེ་བོ་དེ་རབ་ཏུ་དགའ་བ་མཆོག་གིས་མགུ་བར་བྱེད་ཅིང་གསེར་ལ་སོགས་པ་གཞན་མང་པོའི་རྒྱུར་ཡང་འགྱུར་རོ། །དེ་བཞིན་དུ་ཐེག་པ་ཆེན་པོའི་ཆོས་འདི་ཡང་སྐྱེ་བོ་ལྟ་མི་ཤེས་པ་དོན་མངོན་པར་
མི་ཤེས་པའི་ལག་ཏུ་སོན་ན་དགའ་བ་མི་སྐྱེད་ཀྱི། གང་གི་ཚེ་འདི་ཉིད་སྐྱེ་བོ་ལྟ་ཤེས་པའི་ལག་ཏུ་སོན་པར་གྱུར་པ་དེའི་ཚེ་དགའ་བ་དང་རབ་ཏུ་དགའ་བའི་མཆོག་ཀྱང་སྐྱེད་ལ། འཕགས་པའི་ནོར་དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་
རབ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ལ་ཉེ་བར་སྤྱོད་པའི་རྒྱུ་མཚན་ཡིན་པས་འཕགས་པའི་ནོར་ལ་སྤྱོད་པའི་རྒྱུ་ཉིད་དུ་བསྟན་ཏོ། །ད་ནི་ཆོས་ཀྱི་ཡོན་ཏན་བརྗོད་པ་སྒྲུབ་པའི་སྐབས་ཡིན་ཏེ། སྤྱོད་ཡུལ་མ་ཡིན་ཞེས་བྱ་བ་ནི་ལ་ལ་འདི་སྙམ་དུ་ཐེག་པ་ཆེན་པོ་འདི་ནི་རྟོག་
Vol. 124 · folio 46a
གེ་པ་རྣམས་ཀྱིས་གཞན་དག་བསླུ་བར་བྱ་བའི་ཕྱིར་བཀོད་པ་ཡིན་ཏེ། འདི་ལྟར་དེ་དག་ལ་ཡང་ཚུལ་འདི་ལྟ་བུ་དམིགས་སོ། །དེ་བས་ན་ཁོ་བོ་ནི་དེར་དོགས་སོ་ཞེས་བྱ་བར་སེམས་ན། དེ་ལྟར་དོགས་པར་བྱར་མི་རུང་བ་དེ་ཉིད་དེ། ས་དང་
ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཚུལ་ཟབ་ཅིང་རྒྱ་ཆེ་བ་དང་ལྡན་པ་དེ་ལྟ་བུ་ནི་མུ་སྟེགས་ཅན་གྱི་བསྟན་བཅོས་དག་ལ་མི་དམིགས་སོ། །གཞན་ཡང་ཁྱོད་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལ་དད་པ་ཡིན་ན། ཇི་ལྟར་འཕགས་པ་བློ་གྲོས་མི་ཟད་པ་དང་། བློ་གྲོས་རྒྱ་མཚོ་དང་། དཀོན་
མཆོག་སྤྲིན་དང་། ལག་བཟངས་ལ་སོགས་པའི་མདོ་ལས། ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཐོས་ནས་འདི་ནི་རྟོག་གེ་པས་བཀོད་པ་ཡིན་ནོ་ཞེས་བྱ་བར་སེམས་དད་པར་འགྱུར་རོ། །བདག་མེད་པ་ལ་སོགས་པའི་ཚིག་གི་དོན་གང་ཡིན་པ་དག་ལ་མ་མོས་པ་དེ་དག་ནི་གང་ཟག་ལ་
སོགས་པ་བསྟན་པ་བཞིན་དུ་སྒྲ་ཇི་བཞིན་པའི་དོན་མ་ཡིན་ཏེ། དེ་དག་བྱིས་པའི་སྐྱེ་བོས་ཀུན་བརྟགས་པའི་བདག་ཉིད་དུ་ངོ་བོ་ཉིད་མེད་པ་ཡིན་གྱི། འཕགས་པའི་ཡེ་ཤེས་དང་དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱི་ཡུལ་ཉིད་དུ་ནི་མ་ཡིན་པས་གནས་མ་ཡིན་པར་དོགས་
པར་མ་བྱེད་ཅིག །ཡོད་དང་མེད་ན་ཡོད་མེད་དང་། །ཞེས་བྱ་བ་ལ། ཡོད་པ་དང་མེད་པ་ནི་ཡོད་དང་མེད་དོ། །དེ་ཡོད་དང་མེད་ན་གོ་རིམས་བཞིན་དུ་ཡོད་པའི་ཕྱིར་དང་། མེད་པའི་ཕྱིར་ཏེ། གལ་ཏེ་ཐེག་པ་ཆེན་པོ་ཅུང་ཟད་གཅིག་ཡོད་ན་ནི། དེ་ཡོད་དང་འདི་སངས་རྒྱས་
ཀྱི་བཀའ་ཡིན་པར་གྲུབ་སྟེ། འདི་ལས་གཞན་པའི་ཐེག་པ་ཆེན་པོ་མེད་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་ཡོད་ན་ཡོད་པའི་རྣམ་པར་བཤད་པ་ཡིན་ནོ། །འོན་ཏེ་མེད་ན་ནི་དེ་མེད་དང་ཉན་ཐོས་ཀྱི་ཐེག་པ་ཡང་མེད་དེ། སངས་རྒྱས་ཀྱི་ཐེག་པ་མེད་པར་ཉན་ཐོས་ཀྱི་ཐེག་
པ་མེད་དོ། །འདི་ནི་མེད་ན་མེད་པའི་རྣམ་པར་བཤད་པ་ཡིན་ནོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པའི་སྟོན་པ་ཡང་ཆུང་ལ་ཞེས་བྱ་བ་ནི་གཟར་བུ་གང་ཙམ་བྱིན་པས་གང་ཟག་ལ་བདག་མེད་པ་ཡོངས་སུ་འཛིན་པ་ཡིན་ནོ། །རང་གི་ཐེག་པ་ཆེན་པོའི་
Vol. 124 · folio 46b
མདོ་སྡེ་ལ་ཡང་འཇུག་པ་ཁོ་ནའོ་ཞེས་བྱ་བ་འདིའི་སྦྱར་བ་གང་ཡིན་ཞེ་ན། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ན་རེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་གི་མཚན་ཉིད་ནི་ནག་པོ་བསྟན་པ་དང་། ཆེན་པོ་བསྟན་པ་ལས་གང་མདོ་སྡེ་ལ་ཡང་འཇུག །འདུལ་བ་ལ་ཡང་སྣང་།
ཆོས་ཉིད་དང་ཡང་མི་འགལ་བའོ་ཞེས་བསྟན་ཏེ། དེ་ནི་སངས་རྒྱས་ཀྱི་བཀའ་ཡིན་ན་ཐེག་པ་ཆེན་པོ་འདི་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པའི་ཕྱིར་མདོ་སྡེ་ལ་ཡང་མི་འཇུག་ལ། སངས་རྒྱས་མེད་དོ། །ཆོས་མེད་དོ། །དགེ་འདུན་མེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་
པ་འདོན་ན་ལྟུང་བྱེད་དང་བཅས་པར་འགྱུར་བས་འདུལ་བ་ལ་ཡང་མི་སྣང་ངོ་ཞེས་ཟེར་བ་ལ་སོགས་པ་ནི་དེ་དག་གི་ཚིག་གི་སྐབས་ཡིན་ནོ། །དེ་དག་ལ་འདི་འདྲི་བར་བྱ་སྟེ། ཐེག་པ་ཆེན་པོའི་མདོ་སྡེ་ནི་གང་ལ་མི་འཇུག །འདུལ་བ་ནི་གང་ལ་མི་སྣང་། རེ་ཞིག་གལ་ཏེ་འཕགས་
པ་ཐམས་ཅད་ཡོད་པར་སྨྲ་བའི་ལུང་གི་མདོ་སྡེ་ལ་ཡང་མི་འཇུག་གོ། །འདུལ་བ་ལ་ཡང་མི་སྣང་ངོ་ཞེ་ན། དེ་ནི་སྡེ་པ་བཅྭ་བརྒྱད་ཀྱི་མདོ་སྡེ་མང་པོ་རྣམས་ཕན་ཚུན་འགལ་ཏེ། འཕགས་པ་མང་པོས་བཀུར་བའི་སྡེ་པ་རྣམས་ནི་སྟོང་པ་ཉིད་དང་ལྡན་པའི་མདོ་སྡེ་རྣམས་མི་བརྗོད་
དོ། །འཕགས་པ་དགེ་འདུན་ཕལ་ཆེན་སྡེ་པ་རྣམས་ནི་སྲིད་པ་བར་མ་སྟོན་པའི་མདོ་སྡེ་རྣམས་སྤོང་ངོ་། །དེ་བཞིན་དུ་མདོ་སྡེ་གཞན་དང་གཞན་དག་ཀྱང་སྡེ་པ་ཐ་དད་པ་རྣམས་ཀྱི་ཕན་ཚུན་འགལ་བས་དེ་དག་ཀྱང་སངས་རྒྱས་ཀྱི་བཀའ་མ་ཡིན་པ་ཉིད་དུ་འགྱུར་ལ། འདུལ་བ་དང་།
ཆོས་མངོན་པ་ཆོ་ག་ཐ་དད་པ་དང་། གཞུང་ལུགས་ཐ་དད་པས་ཕན་ཚུན་འགལ་བ་དེ་དག་ཀྱང་ཕན་ཚུན་འགལ་བའི་ཕྱིར་སངས་རྒྱས་ཀྱི་བཀའ་མ་ཡིན་པ་ཉིད་དུ་འགྱུར་རོ། །འོན་ཏེ་བདག་ཉིད་ཀྱི་སྡེ་པ་རྣམས་ལ་རང་གི་སྡེ་པའི་མདོ་སྡེ་ལ་འཇུག་པ་ཡིན་ནོ་ཞེ་ན། ཐེག་པ་ཆེན་པོ་ཡང་རང་
གི་ཐེག་པ་ཆེན་པོའི་མདོ་སྡེ་ལ་ཡང་འཇུག་པ་ཁོ་ནའོ། །ཉོན་མོངས་པ་འདུལ་བ་ལ་སོགས་པ་ལ་ཡང་སྣང་ངོ་། །ཟབ་ཅིང་རྒྱ་ཆེ་བའི་ཆོས་ཉིད་དང་ཡང་མི་འགལ་ཏེ། བྱང་ཆུབ་ཆེན་པོ་འཐོབ་པར་འགྱུར་བའི་ཆོས་ཉིད་ནི་འདི་ཁོ་ན་ཡིན་ན། ཇི་ལྟར་སངས་རྒྱས་ཀྱི་བཀའ་
Vol. 124 · folio 47a
ཉིད་མ་ཡིན། འོན་ཏེ་སྡེ་པ་ཐམས་ཅད་ཀྱིས་བསྡུས་པ་གང་ཡིན་པ་དེ་སངས་རྒྱས་ཀྱི་བཀའ་ཡིན་ནོ་ཞེ་ན་ནི་སྡེ་པ་ཐམས་ཅད་བསྡུས་པའི་ཕྱིར་ཐེག་པ་ཆེན་པོ་ཁོ་ན་སངས་རྒྱས་ཀྱི་བཀའ་ཡིན་པར་འགྱུར་གྱི། ཉན་ཐོས་ཀྱི་ཐེག་པ་ནི་མ་ཡིན་ནོ། །དེ་བས་
ན་མཚན་ཉིད་དང་མི་འགལ་བའི་ཕྱིར་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་ནོ་ཞེས་བྱ་བ་འདི་ནི་འཐད་པ་ཡིན་ནོ། །དེ་ལས་གཞན་དང་གཞན་མེད་ཅེས་བྱ་བ་ནི་དེ་ལས་གཞན་པའི་ཐེག་པ་ཆེན་པོ་ཡང་མེད་པའི་ཕྱིར་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱང་མེད་པའི་ཕྱིར་རོ། །
གཞན་དང་གཞན་ཞེས་སྨོས་པ་ནི་ཐེག་པ་ཆེན་པོ་དང་། ཉན་ཐོས་དང་། རང་སངས་རྒྱས་དག་དང་སྦྱར་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགོངས་པ་ནི་ཤིན་ཏུ་ཟབ་ཅེས་བྱ་བ་ལ་དགོངས་པ་ནི་བསམ་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསམ་
པ་དང་། བག་ལ་ཉལ་ཡོངས་སུ་མཁྱེན་པའི་ཕྱིར་དགོངས་པ་མང་པོས་ཆོས་སྟོན་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགོངས་པ་ནི་ཟབ་ཅེས་བྱའོ། །རིང་དུ་རྗེས་སུ་ཞུགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ནི་རིང་དུ་རྗེས་སུ་ཞུགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། གང་ལ་
ཐམས་ཅད་དུ་ཐོགས་པ་མེད་པའི་ཡེ་ཤེས་འཇུག་པ་ཡོད་པ་དེ་སྤང་བར་བྱ་བར་རིགས་ན་དེ་མེད་པ་ན་གོ་ཇི་ལྟར་སྤང་བར་བྱའོ། །དེ་ལས་དེའི་འབྲས་བུ་ཆོས་འཐོབ་བོ་ཞེས་བྱ་བའི་ཡང་དག་པའི་ལྟ་བའི་འབྲས་བུ་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་ཏེ་དེ་དག་
འཐོབ་བོ། །རེ་ཞིག་གལ་ཏེ་བདག་གིས་འདི་མི་ཤེས་པས་སྐྲག་པའི་གནས་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ནི་དགེ་བའི་རྩ་བ་མ་བསགས་པ་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་མ་བྱས་པ་རྣམས་ཀྱིས་རྟོགས་པར་མི་ནུས་སོ། །
རྟོགས་པར་དཀའ་བ་འདི་ཉིད་སེམས་ལ་བཞག་ནས་སེམས་དང་བཅས་པས་ཐེག་པ་ཆེན་པོ་རྟོགས་པར་བྱེད་པའི་ཕྱིར། མགོ་དང་གོས་ལ་མེ་འབར་བ་བཞིན་དུ་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱ་བ་ལ་འབད་པར་བྱའོ། །འདིར་ཚིགས་སུ་བཅད་པ། གལ་
Vol. 124 · folio 47b
ཏེ་ཐབས་ཚུལ་མཁས་པས་བློ་རྣམས་མ་དུབ་ན། །སྐྱེ་བོ་ཐབས་ལ་མཁས་པའི་སྤྱོད་པའི་རྗེས་སུ་འབྲངས། །གལ་ཏེ་དེ་ཡང་མི་འདོད་མཆོག་དགའ་བྲལ་བ་ཡིན། །ཕོངས་པ་མང་དུ་ཡོངས་སུ་སྤྱོད་པ་ལྟ་གོན་གྱིས། །འོན་ཏེ་སངས་རྒྱས་ཀྱང་ཚིག་གི་དོན་
ཟབ་མོ་ཐུགས་སུ་ཆུད་པ་མ་ཡིན་ན། དེ་ཅིའི་ཕྱིར་ཟབ་མོ་སྟོན་པར་འགྱུར་ཞེས་སྐྲག་པའི་གནས་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱི་མཚན་ཉིད་འདི་ནི་དོན་དང་མཐུན་པ་ཡིན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་
བག་ཆགས་དང་བཅས་ཏེ་སྤངས་པའི་ཕྱིར་དང་། ཤེས་བྱ་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཁ་བྱེ་བའི་ཕྱིར་སངས་རྒྱས་ཡིན་ནོ། །གལ་ཏེ་སེམས་ཅན་འདི་ལྟ་བུས་ཀྱང་ཁྱད་པར་དག་ཐུགས་སུ་མ་ཆུད་ན་བདག་ཅག་ལ་སོགས་པས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལ་
ཡང་སྐྲག་པར་རིགས་པ་མ་ཡིན་གྱི། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱ་བ་ཁོ་ན་ལ་འབད་པར་གྱིས་ཤིག་དང་། དེ་ནས་ཅི་སངས་རྒྱས་ཀྱིས་ཟབ་མོ་ཐུགས་སུ་ཆུད་དམ་འོན་ཏེ་མ་ཡིན་ཞེས་བྱ་བ་བདག་ཉིད་ཀྱིས་ཤེས་པར་འགྱུར་རོ། །འོན་ཏེ་ཅིའི་ཕྱིར་ཟབ་མོ་རྟོག་གེ་
པའི་སྤྱོད་ཡུལ་མ་ཡིན་ཞེས་སྐྲག་པའི་གནས་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྟོག་གེ་གསལ་བ་ལ་འབད་པར་བྱའི་སྐྲག་པར་བྱ་བ་ནི་མ་ཡིན་ནོ། །དེ་ལྟར་ན་ཐེག་པ་ཆེན་པོའི་ཆོས་འདི་ནི་རྟོག་གེ་པ་རྣམས་ཀྱི་སྤྱོད་ཡུལ་ཡང་མ་ཡིན་ནོ། །
གང་གི་ཕྱིར་དེ་ལྟར་ཡིན་པས་ན། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ལ་སོགས་པས་བསྟོད་པ། ཐུབ་པ་སྐྱེས་མཆོག་དགོངས་པ་ནི། །རྟོག་གེ་པ་ཡི་ཡུལ་མ་ལགས། །བྱིས་པའི་སྤྱོད་ཡུལ་མ་ལགས་ཏེ། །སེམས་དང་སེམས་
བྱུང་རྣམས་ལས་འདས། །སློབ་དཔོན་མ་ཁོལ་གྱི་ཞལ་སྔ་ནས་ཀྱིས་ཀྱང་བདག་ནི་རྟོག་གེ་པ་ཡིན་ན། ཉན་ཐོས་རྟོག་པ་པོ་གང་དག་ཡིན་པ་དེ་དག་ཀྱང་སྟོབས་དང་མི་འཇིགས་པ་ལ་སོགས་པ་ནུས་པ་རྡུགས་སོ་སྙམ་ནས། བཅོམ་ལྡན་འདས་ལ་བསྟོད་པ། གལ་ཏེ་སྐལ་ཆེན་དེ་
Vol. 124 · folio 48a
དག་ཀྱང་ནི་ཁྱོད་ལ་མཐུ་རྡུགས་ན། །བདག་འདྲ་སྲིད་པའི་ཕྱི་སའི་སྲིན་བུས་བསམ་སྐབས་ག་ལ་མཆིས། །ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཞེས་བྱ་བ་ནི་མི་རིགས་པའི་གཟུགས་ཕན་
པ་མ་ཡིན་པ་ལ་སོགས་པ་བྱེད་པ་སྒྲ་ལ་སོགས་པ་གང་ཡིན་པ་དེ་ལ་ཡང་ཁོང་ཁྲོ་བ་བསྐྱེད་པར་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཆོས་མངོན་པ་ཀུན་ལས་བཏུས་པ་ལས། ཇི་སྐད་དུ་ཉོན་མོངས་པའི་སྐབས་ནས། མཚན་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། ཆོས་གང་
ཞིག་སྐྱེ་བ་ན་རབ་ཏུ་མ་ཞི་བར་སྐྱེ་ལ། གང་ཞིག་སྐྱེས་ནས་ཀྱང་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་འབྱུང་བ་དེ་ནི་ཉོན་མོངས་པའི་མཚན་ཉིད་དོ། །དེ་ལྟ་བས་ན་གང་ཞིག་སྐྱེས་ན་སེམས་ཀྱི་གནས་སྐབས་འདི་འདྲ་བར་འགྱུར་བ་ཁོང་ཁྲོ་བ་ནི་དགྲ་ལ་སོགས་པ་ཕན་པ་མ་ཡིན་པ་ལ་
སོགས་པ་ལ་ཞུགས་པ་དག་ལ་ཡང་བསྐྱེད་པར་མི་བྱའོ་ཞེས་བཤད་པ་ལྟ་བུའོ། །བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་དེ་དང་དེ་དག་ལས་ལྷངས་པོར་བཀག་སྟེ། བཅོམ་ལྡན་འདས་ཀྱིས་སོག་ལེ་ལྟ་བུ་ལ་སོགས་པའི་མདོ་ལས། སྡོང་དུམ་ཚིག་པ་ལ་ཡང་ཞེས་བྱ་བ་རྒྱས་
པར་གསུངས་སོ། །གང་ཐེ་ཚོམ་ཟ་བ་དེ་ལ་སེམས་དང་བཅས་པས་ཇི་ལྟར་ཁོང་ཁྲོ་བ་བསྐྱེད་པར་རིགས། དེ་ཉིད་ཀྱི་ཕྱིར་མཁས་པ་རྣམས། །གྲོག་མཁར་དུ་ནི་ལག་བཅུག་ནས། །ཡོན་ཏན་ཅུང་ཞིག་རྙེད་མི་འགྱུར། །གལ་ཏེ་སྦྲུལ་ཞིག་ཡོད་གྱུར་ན། །བྱིས་པ་དག་ནི་
ཕུང་པར་འགྱུར། །ཞེས་གདོན་ཏོ། །གཞན་དག་ཀྱང་། འཇིག་རྟེན་ཕ་རོལ་ཐེ་ཚོམ་ཡང་། །མཛངས་པ་རྣམས་ཀྱིས་སྡིག་པ་སྤང་། །བརྒྱ་ལ་མེད་ནའང་དེར་ཟད་མོད། །གལ་ཏེ་ཡོད་ན་མེད་ལྟ་བརླག །ཅེས་ཟེར་རོ། །རེ་ཞིག་མཁས་པས་ནི་གཟུ་བོའི་གཞུང་
བཟུང་ལ་སྐྱེ་བོ་མཁས་པ་མགུ་བར་འགྱུར་བའི་རིགས་པ་འདི་ཁོང་དུ་ཆུད་པར་བྱས་པ་དང་། ཅི་འདི་ཁོང་ཁྲོ་བའི་གཞི་ཡིན་ནམ། འོན་ཏེ་དད་པའི་གཞི་ཡིན་ཞེས་བྱ་བ་འདི་བདག་ཉིད་ཀྱིས་ཤེས་པར་འགྱུར་རོ། །རིགས་པ་ཁས་མི་ལེན་ན་ནི་བློ་ཐེ་ཚོམ་ཅན་རང་བཞིན་གྱིས་ཁ་ན་
Vol. 124 · folio 48b
མ་ཐོ་བ་དང་བཅས་པ་ཁོང་ཁྲོ་བ་སྤང་བར་འདོད་པས་བཏང་སྙོམས་སུ་བྱའོ། །ཐེག་པ་ཆེན་པོ་སྒྲུབ་པའི་སྐབས་སོ།། །།དོན་ཤེས་པ་དོན་སྟོན་པས་ཆོས་བརྒྱན་པར་བྱེད་དོ་ཞེས་བཤད་པ་དང་། གང་གི་ཚེ་ཆོས་དེ་རང་བཞིན་གྱིས་ཡོན་ཏན་དང་ལྡན་པ་
ཡིན་ན་ཇི་ལྟར་བརྒྱན་པར་བྱེད་ཅེས་བྱ་བའི་ཀླན་ཀ་འདི་ཡོངས་སུ་སྤང་བའི་ཕྱིར། གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་ན། །ཞེས་བྱ་བ་སྨོས་ཏེ། འདི་ཁོ་ནས་འདི་རྒྱན་ཉིད་ཡིན་པར་བསྟན་ཏོ། །ཆོས་ཀྱི་བསྔགས་པ་ནི་སྨན་ལ་སོགས་པའི་དཔེ་
གསུམ་གྱིས་བཤད་དོ། །དེའི་འོག་ཏུ་ཁ་ཅིག་ཐེག་པ་ཆེན་པོ་འདི་སངས་རྒྱས་ཀྱི་བཀའ་ཡང་མ་ཡིན་ན། དེ་ལ་ཡོན་ཏན་འདི་ལྟ་ག་ལ་ཡོད་ཅེས་ལོག་པར་ཞུགས་པ་ལ་ཆོས་ལ་དབང་བ་བསྔགས་པར་ཡོན་ཏན་བརྗོད་པ་བསྒྲུབ་པའི་སྐབས་སུ་ཇི་ལྟར་ཐེག་པ་ཆེན་པོ་འདི་ཁོ་ན་
ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཐེག་པ་ཆེན་པོ་བསྒྲུབ་པར་བྱའོ། །ཐེག་པ་ཆེན་པོ་བསྒྲུབས་པ་དང་སངས་རྒྱས་ཉིད་ཐོབ་པར་བྱེད་པའི་ལམ་ནི་འདི་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་རངས་པར་གྱུར་པ་གང་དག་སངས་རྒྱས་ཉིད་དོན་དུ་གཉེར་བ་དེ་དག་ལ་ཐེག་པ་ཆེན་
པོའི་མཆོག་བསྟན་པས་ཇི་ལྟར་ན་སངས་རྒྱས་ལ་སོགས་པ་དཀོན་མཆོག་དག་ལ་སྐྱབས་སུ་འགྲོ་བར་འགྱུར་བ་དེ་ལྟར་སྐྱབས་སུ་འགྲོ་བའི་དབང་དུ་བྱས་ཏེ། རང་དང་གཞན་ལ་ལེགས་པར་བྱེད་པ་སངས་རྒྱས་ཉིད་དོན་དུ་གཉེར་བས་ཆོས་ལ་འཛུད་དོ། །ངེས་པ་ཞེས་བྱ་བའི་སྒྲ་
ནི་སྨོན་ལམ་ཡིན་པར་བཤད་དོ། །ཐེག་པ་མཆོག་ལ་སྐྱབས་སུ་འགྲོ་བ་ནི། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་གྲགས་པ་དག་གི་རྒྱུ་ཡིན་ནོ། །དེ་དག་གི་ཉེས་པ་དང་། ཡོན་ཏན་ལ་རྣམ་པར་མི་རྟོག་པའི་ཕྱིར། དེ་ལ་འཁོར་བ་དང་མྱ་ངན་ལས་འདས་
པ་ལ་བྱེ་བྲག་མེད་དོ་ཞེས་བྱ་བ་ནི་ཤེས་རབ་ཀྱིས་འཁོར་བའི་ཉེས་པ་དང་། སྙིང་རྗེས་མྱ་ངན་ལས་འདས་པའི་ཡོན་ཏན་ལ་མི་རྟོག་གོ། །དེ་ཁོ་ནའི་དངོས་པོ་དོན་དུ་གཉེར་བ་སྟེ་ཞེས་བྱ་བ་ནི་སྐྱབས་འོས་ཀྱི་དངོས་པོ་སྟེ། བདག་ཀྱང་སངས་རྒྱས་སུ་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །
Vol. 124 · folio 49a
འཁོར་ལོས་སྒྱུར་བའི་བུ་མཚན་ཉིད་ཇི་ལྟ་བུ་དང་ལྡན་པ་ཞིག་འཁོར་ལོས་སྒྱུར་བའི་རིགས་རྒྱུད་མི་གཅོད་པར་རུང་ཞེ་ན། གལ་ཏེ་འཁོར་ལོས་སྒྱུར་བ་ཁོ་ན་བཙུན་མོ་དམ་པ་ལ་ས་བོན་འཇོག་པར་བྱེད་ཀྱི། ངན་པ་དང་བྲན་མོ་ལ་སོགས་པ་ལ་མ་
ཡིན་པ་དང་། ཕ་དང་མ་ཕུན་སུམ་ཚོགས་པའི་ས་བོན་དེ་ཡང་གལ་ཏེ་མངལ་གྱི་གནས་སུ་སོན་པ་ན་རླུང་དང་། མཁྲིས་པ་དང་། བད་ཀན་ལ་སོགས་པའི་གནོད་པས་མ་ཉམས་པ་ཡིན། གང་གི་ཚེ་འཁོར་ལོས་སྒྱུར་བའི་བུ་དེ་ཟླ་བ་ཚང་ནས་བདེ་བླག་ཏུ་ལེགས་པར་
བཙས་པ་དེའི་ཚེ་ཡང་མ་མ་བཟང་མོའི་ལག་ཏུ་སོན་པ་ཡིན་ཏེ། དེ་ལྟར་རིམ་གྱིས་བསྐྱེད་པ་ནི་འཁོར་ལོས་སྒྱུར་བའི་རིགས་རྒྱུན་མི་གཅོད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་འདི་ལ་ཡང་ཐེག་པ་ཆེན་པོའི་ཆོས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་
བསྐྱེད་པ་ནི་སངས་རྒྱས་ཀྱི་གདུང་མི་འཆད་པར་བྱེད་པའི་ས་བོན་ཡིན་ནོ། །དེ་ཡང་གལ་ཏེ་སངས་རྒྱས་ཀྱི་རིགས་ཅན་ཁོ་ན་ཞིག་སེམས་སྐྱེད་པར་བྱེད་ཀྱི་རིགས་མེད་པ་དང་མ་ངེས་པའི་རིགས་ཅན་ཡང་མ་ཡིན་པ་དང་། ས་བོན་དེའི་མ་ཡང་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཡིན་གྱི་གཞན་མ་ཡིན་པ་དང་། གལ་ཏེ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་མངལ་གྱི་གནས་ཡིན་པ་དང་། དེ་ལ་ཡང་གལ་ཏེ་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་རྣམས་ཀྱིས་བར་ཆད་མ་བྱས་ཏེ། དེ་ལྟར་མ་ཉམས་པ་ཡིན་པ་དང་།
སྐྱེ་གནས་ཀྱང་གལ་ཏེ་སྙིང་རྗེ་མ་མ་ཡིན་པ་དེ་ཡང་མྱ་ངན་ལས་འདས་པའི་མཐར་ཐུག་པར་སྐྱོང་བའི་ཕྱིར་སྐྱེད་པར་བྱེད་པ་ཡིན་ན། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལེགས་པར་སྐྱེས་པ་ཉིད་ཀྱིས་སངས་རྒྱས་ཀྱི་གདུང་མི་འཆད་པར་བྱེད་པ་ཡིན་ནོ། །སྣ་ཚོགས་ཞེས་སྨོས་པ་
ནི་འཁོར་ལོས་སྒྱུར་བ་ལ་སོགས་པའི་མཚན་པས་ཆེས་གསལ་བར་བསྟན་པའི་ཕྱིར་རོ། །སྩོགས་པ་ཞེས་སྨོས་པ་ནི་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་བསྡུའོ། །བློན་པོ་ཆེན་པོ་ཞེས་སྨོས་པ་ནི་བློན་པོ་ཆེན་པོའི་ཁྱད་པར་བསྟན་པས་བྱང་ཆུབ་སེམས་དཔའི་ཁྱད་པར་སྟོན་
Vol. 124 · folio 49b
པར་བྱེད་དོ། །རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་མང་པོའི་དོན་ཞེས་བྱ་བ་ལ། རྟག་ཏུ་ཞེས་བྱ་བ་ནི་སྐྱེ་བ་བརྒྱུད་པའོ། །རྒྱུན་མི་འཆད་ཅེས་བྱ་བ་ནི་སྐད་ཅིག་མ་བརྒྱུད་པ་སྟེ། དཔེར་ན་སྨྲ་བ་པོ་ཉིན་རེ་ཞིང་ལན་རེ་སྦྱིན་པ་སྦྱིན་པ་ལ་རྟག་ཏུ་སྦྱིན་པའོ་ཞེས་བྱའོ། །
གཞན་ཞིག་གིས་ཉིན་རེ་ཞིང་ལན་ཅིག་མ་ཡིན་གྱི་རྒྱུན་ཆགས་སུ་ཡང་དང་ཡང་སྦྱིན་པ་སྦྱིན་ན་རྒྱུན་མི་འཆད་པར་སྦྱིན་པ་སྦྱིན་པའོ་ཞེས་བྱའོ་ཞེས་ཟེར་བ་ལྟ་བུའོ། །སེམས་ཅན་མང་པོའི་དོན་བྱེད་པ་ནི་སེམས་ཅན་རྒྱ་ཆེན་པོའི་དོན་བྱེད་པའོ། །མང་པོ་ཞེས་བྱ་བའི་སྒྲ་
འདི་ནི་མཐའ་ཡས་པ་དང་། ཡངས་པ་དང་། རྒྱ་ཆེན་པོའི་རྣམ་གྲངས་ཡིན་པར་བལྟ་བར་བྱ་སྟེ། སེམས་ཅན་མང་པོ་རྣམས་ཀྱི་དོན་བྱེད་པའི་ཕྱིར་རོ། །མངོན་པར་རྟོགས་པའི་དུས་ན་སེམས་ཅན་ཐམས་ཅད་བདག་ཉིད་དུ་ཁས་བླངས་པས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་
རབ་ཏུ་ཞི་བ་ཞེས་བྱ་བ་ནི་འདི་ལྟར་ས་དང་པོ་ཐོབ་པའི་དུས་ན་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་སོ། །དེ་རྟོགས་པས་སེམས་ཅན་ཐམས་ཅད་དང་བདག་མཉམ་པ་ཉིད་འཐོབ་བོ། །དེ་ཉིད་ཀྱི་ཕྱིར་ས་དང་པོའི་ངེས་པའི་ཚིག་ཅིའི་ཕྱིར་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ་
ཞེ་ན། དེས་དང་པོར་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐོབ་པའི་ཕྱིར་རོ་ཞེས་འཆད་པར་གྱུར་ཏེ། རྟོགས་པ་དེས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་དོ། །རྟོགས་པ་འདིས་བདག་དང་གཞན་དག་གི་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པས་ན་
རབ་ཏུ་ཞི་བ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་ས་དང་པོ་ལ་སྡུག་བསྔལ་གྱི་ཕུང་པོ་ཉེ་བར་ཞི་བས་འཇིགས་པ་ལྔ་ལས་ཡང་དག་པར་འདས་པ་ཡིན་ཏེ། ས་དང་པོ་ལ་ཇི་ལྟར་བདག་གི་སྡུག་བསྔལ་རབ་ཏུ་ཞི་བར་བྱས་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་སྙམ་པ་ལྷག་པའི་བསམ་
པ་འཐོབ་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་དུས་ན་བློ་མཆོག་གི་བདེ་བའོ་ཞེས་བྱ་བ་ནི་ས་བརྒྱད་པ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཐོབ་པའི་ཕྱིར། བློ་མཆོག་གི་བདེ་བ་ཞེས་བྱ་སྟེ། དེ་ཉིད་ཀྱི་ཕྱིར་མཆོག་ཅེས་བྱ་བ་སྨོས་སོ། །ས་དེ་ལ་མངོན་
Vol. 124 · folio 50a
པར་འདུ་བྱེད་པ་མེད་པར་རང་གི་ངང་གིས་འབྱུང་བ་ཉིད་ཀྱི་ཕྱིར་དཔེ་གྲུ་བོ་ཆེ་འབྱུང་ངོ་། །སྲིད་པ་དང་ཞི་བ་དག་ལས་རྣམ་པར་གྲོལ་བ་ཞེས་བྱ་བ་ལ། སྲིད་པ་ལས་རྣམ་པར་གྲོལ་བ་ནི། འདི་ལྟར་འཁོར་བའི་སྐྱོན་གྱིས་མི་གོས་པའོ། །ཞི་བ་ལས་
རྣམ་པར་གྲོལ་བ་ནི་འདི་ལྟར་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པ་ལ་གཞོལ་བ་མ་ཡིན་པའོ། །དགེ་བ་དང་དགེ་བའི་རྩ་བ་ཞེས་བྱ་བ་ནི་དོན་གཞན་མ་ཡིན་ནོ། །དགེ་བའི་རྩ་བ་རྒྱ་ཆེ་བ་ཉིད་དང་ཞེས་བྱ་བ་ལ་སོགས་པ་བསྟན་པ་གང་ཡིན་པ་དགེ་བ་རྣམ་པ་བཞི་བཤད་
པ་གང་ཡིན་པ་དེ་ཡང་འཇིག་རྟེན་དང་འཇིག་རྟེན་མ་ཡིན་པ་ལ་སོགས་པ་ཡིན་ཏེ། དགེ་བའི་རྩ་བ་རྒྱ་ཆེ་བ་ཉིད་ནི་འཇིག་རྟེན་པའོ། །དོན་ཆེ་བ་ཉིད་ནི་འཇིག་རྟེན་ལས་འདས་པའོ། །ཚད་མེད་པ་ཉིད་ནི་ཡོངས་སུ་སྨིན་པར་བྱས་པ་སྟེ། བྱང་ཆུབ་སེམས་དཔའ་
རྣམས་ཀྱིས་དགེ་བ་ཡོངས་སུ་སྨིན་པར་བྱེད་པ་དེ་ནི་ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་དང་། མི་འཇིགས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་གྱིས་ཚད་མེད་པའི་ཕྱིར་ཚད་མེད་པ་ཡིན་ནོ། །ཟད་མི་ཤེས་པ་ཉིད་ཀྱིས་སོ་ཞེས་བཤད་པ་གང་ཡིན་པ་དེ་ནི་དབང་
འབྱོར་པ་ཡིན་པར་རིག་པར་བྱ་སྟེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ན་ཡང་མི་ཟད་པའི་ཕྱིར་རོ། །སངས་རྒྱས་ཉིད་འདོད་པས་ཁས་ལེན་པ་ནི་སྐྱབས་སུ་འགྲོ་བའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སྐྱབས་འོས་སུ་ཁས་ལེན་པ་ཉིད་ཀྱིས་བདག་ཀྱང་
སྐྱབས་འོས་སུ་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བར་བྱའོ་ཞེས་བྱ་བ་ཡིན་གྱི། ཉན་ཐོས་ལྟར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་འཁོར་བ་ལས་གྲོལ་བར་གྱུར་ཀྱང་ཅི་མ་རུང་ཞེས་བདག་ཉིད་བསྐྱབ་པའི་ཕྱིར་སྐྱབས་སུ་
འགྲོ་བ་ནི་མ་ཡིན་ནོ། །སེམས་ཅན་རྣམས་ལ་ཕན་པ་དང་། བདེ་བར་བྱེད་ཅེས་བྱ་བ་ལ། ཕན་པ་བྱེད་པ་ནི་ཚེ་ཕྱི་མ་པའི་ལྷ་ལ་སོགས་པའི་བདེ་བ་ལ་སྦྱོར་བའོ། །བདེ་བ་བྱེད་པ་ནི་མཐོང་བའི་ཆོས་ཁོ་ན་ལ་བདེ་བ་ལ་སྦྱོར་བའོ། །ངེས་པར་འབྱུང་བར་བྱ་བ་ལ་
Vol. 124 · folio 50b
ཐེག་པ་ཐམས་ཅད་ཀྱིས་སྟོན་པའི་ཡོན་ཏན་དང་ལྡན་པ་ནི་ལྡན་པའོ་ཞེས་བྱ་བ་ནི་ཐེག་པ་གསུམ་སྟོན་པར་བྱེད་པས་སེམས་ཅན་ཐམས་ཅད་ཀྱི་སྟོན་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བརྡར་བཏགས་པའི་སྐྱབས་སུ་འགྲོ་བ་ནི། དགེ་བའི་བཤེས་གཉེན་དང་
ཕྲད་ནས་འབྱུང་བ་གང་ཡིན་པའོ། །ཆོས་ཉིད་ཀྱིས་ཐོབ་པ་ནི་རྟོགས་པའི་དུས་ན་སྟེ། དེ་ཉིད་ཀྱི་ཕྱིར་རགས་པ་དང་། ཕྲ་བའི་ཁྱད་པར་རོ། །གཞན་གྱི་དོན་སྒྲུབ་པ་ཡང་བསམ་པའི་སྒོ་ནས་ནི་སྙིང་རྗེས་ཁྱབ་པས་སོ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོས་འགྲོ་བ་ཁྱབ་པར་བྱེད་
དོ་ཞེས་བྱ་བའི་ཐ་ཚིག་གོ། །སྦྱོར་བའི་སྒོ་ནས་ནི་ཐེག་པ་ཆེན་པོའི་ཆོས་རྒྱས་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་གདུལ་བའི་རྒྱུད་བྱང་ཆུབ་སེམས་དཔའི་རིགས་ཅན་དག་ལ་བསྙད་པའི་ཕྱིར་རྒྱས་པར་བྱས་པ་ཡིན་ཏེ། རྒྱ་བསྐྱེད་ཅེས་བྱ་བའི་དོན་ཏོ། །ཐེག་པ་ཆེན་པོ་ནི་
འཕགས་པ་ཆེན་པོ་རྣམས་ཀྱི་ཆོས་ཡིན་ནོ་ཞེས་བྱ་བ་ལ་འཕགས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །ཉན་ཐོས་རྣམས་ཀྱང་འཕགས་པ་ཡིན་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཆེན་པོ་ཞེས་བྱ་བ་ནི་སྒྲར་སྦྱར་རོ། །འཕགས་པ་ཆེ་བ་ནི་
འཕགས་པ་ཆེན་པོ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཐེག་པ་ཆེན་པོ་ནི་དེ་དག་གི་ཆོས་ཡིན་པས། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི། ཐེག་པ་ཆེན་པོ་ཁོ་ན་ཡིན་གྱི་ཆུང་ངུ་ནི་མ་ཡིན་ནོ། །སྐྱབས་སུ་
འགྲོ་བའི་སྐབས་སོ།། །།སྐྱབས་སུ་འགྲོ་བའི་འོག་ཏུ་རིགས་ཀྱི་སྐབས་ཡིན་ཏེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། སྐྱབས་སུ་འགྲོ་བ་འདིར་སོང་དོན་ཆེན་ཏེ། །དེ་ནི་ཚད་མེད་ཡོན་ཏན་ཚོགས་འཕེལ་འགྱུར། །འགྲོ་བ་འདི་ལ་སྙིང་རྗེ་བསམ་
པས་ཁྱབ། །མཚུངས་མེད་འཕགས་ཆེན་ཆོས་ཀྱང་རྒྱས་པར་བྱེད། །ཅེས་བཤད་མ་ཐག་པའི་ཚིགས་སུ་བཅད་པ་འདིས་ནི་སྐྱབས་སུ་འགྲོ་བ་དོན་ཆེ་བ་ཉིད་རང་དང་གཞན་གྱིས་དོན་བསྒྲུབ་པ་དག་བསྟན་ཏོ། །རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དེ་ལྟ་བུ་དེ་ནི་ངེས་
Vol. 124 · folio 51a
པ་མེད་པར་སངས་རྒྱས་ཉིད་དོན་དུ་གཉེར་བ་ཐམས་ཅད་ཀྱི་ཡིན་ནམ། འོན་ཏེ་ངེས་པ་ཅི་ཞིག་ཡོད་ཅེ་ན། སྨྲས་པ། ཡོད་དོ། །ངེས་པ་གང་ཡིན་ཞེ་ན། གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡོན་ཏན་གྱི་ཚོགས་འབྱོར་པ་དང་ལྡན་པ་འདི་ནི་སངས་རྒྱས་ཀྱི་
རིགས་ཅན་ཡིན་གྱི། གཞན་གྱི་ནི་མ་ཡིན་པས་དེའི་ཕྱིར་སྐྱབས་སུ་འགྲོ་བའི་འོག་ཏུ་རིགས་ཀྱི་སྐབས་ཡིན་ནོ། །མ་ངེས་པའི་རིགས་ཅན་གྱི་ནི་གལ་ཏེ་ན་ཡིན་ལ། གལ་ཏེ་ན་མ་ཡིན་པས་གདོན་མི་ཟ་བར་མ་སྨོས་སོ། །སངས་རྒྱས་ཉིད་དེའི་སྐལ་བ་ཡོད་པ་ན་རིགས་
ཡིན་ཏེ། རིགས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ཡིན་ནོ། །ས་བོན་མེད་པར་ཡང་འབྲས་བུ་མ་མཐོང་སྟེ། དེའི་ཕྱིར་དེ་འཐོབ་པའི་སྐལ་བ་དང་ལྡན་པའི་དོན་དུ་སྐྱབས་སུ་འགྲོ་བའི་འོག་ཏུ་རིགས་ཡིན་ནོ། །སེམས་ཅན་རྣམས་ནི་ཁམས་སྣ་ཚོགས་པ་ཡིན་པའི་
ཕྱིར་རོ། །ཁམས་ཀྱི་དབྱེ་བ་དཔག་ཏུ་མེད་དེ། ཇི་སྐད་དུ་བ་རུ་རའི་མདོ་ལས་བཤད་པ་ལྟ་བུའོ་ཞེས་བྱ་བ་ནི། དེ་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་དག །དཔེར་ན་བ་རུ་རའི་ཕུང་པོ་འཕང་དུ་དཔག་ཚད་ཙམ། རྒྱར་ཡང་དཔག་ཚད་ཙམ་ཞིག་ཡོད་པར་གྱུར་
ལ། བ་རུ་རའི་ཕུང་པོ་དེ་ལས་འགའ་ཞིག་གིས་ལོ་བརྒྱ་འདས་ཤིང་བ་རུ་ར་རེ་རེ་ཞིག་བླངས་ཏེ། བ་རུ་ར་འདི་ནི་ཁམས་ཆེ་གེ་མོ་ཞིག་ཏུ་དོར་རོ། །བ་རུ་ར་འདི་ནི་ཁམས་ཆེ་གེ་མོ་ཞིག་ཏུ་དོར་རོ་ཞེས་དེ་སྐད་ཟེར་ན། བ་རུ་རའི་ཕུང་པོ་དེ་ནི་མྱུར་བ་ཁོ་ནར་ཟད་པ་དང་ཡོངས་
སུ་གཏུགས་པར་འགྱུར་གྱི། ཁམས་ནི་དེ་ལྟར་ཡོངས་སུ་གཏུགས་པ་མ་ཡིན་ནོ་ཞེས་བཤད་དོ། །གསུང་རབ་ལས་བྱུང་བའི་ཁམས་ཀྱི་དོན་གང་ཡིན་ཞེ་ན། མིག་ལ་སོགས་པའི་ཁམས་ཀྱི་དབྱེ་བ་བསྟན་པ་དང་། ཁམས་མང་པོའི་མདོ་དང་སྦྱར་ན་ནི།
ཁམས་ཀྱི་དབྱེ་བ་རྣམ་པ་མང་པོ་ཞིག་ཡོད་དོ། །རིགས་ཀྱི་སྐབས་འདིར་ནི་རིགས་ས་བོན་ཡིན་ཏེ། ཁམས་དང་རྒྱུ་ཞེས་བྱ་བ་ནི་རྣམ་གྲངས་སོ། །ཇི་ལྟར་སེམས་ཅན་རྣམས་ལ་འདོད་ཆགས་ལ་སོགས་པ་སྤྱད་པའི་བྱེ་བྲག་གིས་འདོད་ཆགས་ལ་སོགས་པའི་
Vol. 124 · folio 51b
ཆོས་སྐྱེ་བའི་རྒྱུར་འགྱུར་བ་གང་ཡིན་པ་སོ་སོ་རང་རང་གི་རྒྱུད་ཀྱི་ཁྱད་པར་ཆོས་དུ་མའི་ནུས་པ་དང་ལྡན་པ་དག་ཡོད་པ་དེ་བཞིན་དུ་ཐེག་པ་གསུམ་གྱི་རིགས་ཀྱི་ཁྱད་པར་ཡང་ཡོད་པར་འགྱུར་ཏེ། རིགས་ཐ་དད་པ་མེད་པར་ནི་ཐེག་པ་ཐ་དད་པར་འོས་པ་མ་ཡིན་པས་ཐེག་
པ་གསུམ་གྱི་རིགས་ཐ་དད་པ་ཡོད་དོ། །རང་བཞིན་དུ་གནས་པའི་རིགས་ནི་ཡང་དག་པར་བསྒྲུབས་པ་གང་ཡིན་པ་སྟེ། སྐྱེ་མཆེད་དྲུག་གི་ཁྱད་པར་ཐོག་མ་མེད་པའི་དུས་ཅན་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་
འཚང་རྒྱ་བའི་སྐལ་བ་ཅན་གང་ཡིན་པ་དེ་ལྟ་བུ་ཡོད་དོ། །རང་བཞིན་གྱི་རིགས་དེ་ལྟ་བུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་གང་གི་ཚེ་དགེ་བའི་བཤེས་གཉེན་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་ལེན་དུ་བཅུག་པ་དེའི་ཚེ་རིགས་དེ་
ཡང་དག་པར་བསྒྲུབས་པ་ཞེས་བྱའོ། །རང་བཞིན་དུ་གནས་པ་གང་ཡིན་པ་དེ་ནི་ཡང་དག་པར་བསྒྲུབ་པའི་རྟེན་དུ་གྱུར་པ་ཡིན་ནོ། །ཡང་དག་པར་བསྒྲུབས་པ་ནི་རྟེན་པའི་ངོ་བོ་ཉིད་ཡིན་ནོ། །དེ་ནི་རྒྱུའི་དངོས་པོར་ཡོད་དོ། །འབྲས་བུའི་དངོས་པོར་མེད་དོ་ཞེས་བྱ་བའི་རང་
བཞིན་གྱི་རིགས་དེའི་འབྲས་བུ་ནི་ཡང་དག་པར་བསྒྲུབས་པའི་རིགས་ཡིན་ནོ། །དེའི་ཕྱིར་དེ་ནི་རྒྱུའི་དངོས་པོར་ཡོད་ལ། འབྲས་བུའི་དངོས་པོར་མེད་ཅེས་བྱ་སྟེ། རྒྱུར་གྱུར་པའི་རིགས་དེ་ནི་ནམ་ཡང་འབྲས་བུར་འགྱུར་བ་འོས་པ་མ་ཡིན་ནོ། །
འདི་ལྟར་དེ་དག་ལ་བརྟེན་ནས་འབྲས་བུར་གྱུར་པ་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོན་ཏན་ཐམས་ཅད་འགྲུབ་པར་འགྱུར་རོ། །རིགས་ངེས་པ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་རིགས་སུ་ངེས་པར་
གནས་པ་གང་ཡིན་པ་སྟེ། ཉན་ཐོས་ཉིད་ཐོབ་པར་ངེས་པའི་རིགས་གང་ཡིན་པ་དེ་ནི་ནམ་ཡང་རང་སངས་རྒྱས་དང་སངས་རྒྱས་ཉིད་འཐོབ་པའི་རྒྱུར་མི་འགྱུར་རོ། །དེ་བཞིན་དུ་རང་སངས་རྒྱས་དང་། སངས་རྒྱས་ཀྱི་རིགས་དག་ཀྱང་སྦྱར་བར་བྱའོ། །མ་ངེས་པའི་རྐྱེན་གྱི་
Vol. 124 · folio 52a
དབང་གིས་ཉན་ཐོས་དང་རང་སངས་རྒྱས་དང་། སངས་རྒྱས་ཀྱི་རིགས་རྣམས་ཀྱི་རྒྱུར་འགྱུར་ཏེ། དཔེར་ན་རིའི་ཕྱོགས་གང་དག་ལས་གདོན་མི་ཟ་བར་གསེར་འབའ་ཞིག་འབྱུང་གི །དངུལ་འབའ་ཞིག་ཀྱང་མ་ཡིན་ལ། ཟངས་
འབའ་ཞིག་ཀྱང་མ་ཡིན་པ་དེ་ལྟ་བུ་ཡང་ཡོད་ལ། ཕྱོགས་གང་ཞིག་འཇིམ་གོང་དྲིལ་བ་ལ་སོགས་པའི་བཅོས་ལེགས་བྱ་བའི་དབང་གིས་གདོན་མི་ཟ་བར་རེས་འགའ་གསེར་འབྱུང་ལ། རེས་འགའ་དངུལ་ལ་སོགས་པ་འབྱུང་བར་ཡང་ཡོད་པ་དེ་ལྟ་བུའོ། །དེ་ཉིད་
ཀྱི་ཕྱིར་རིགས་ངེས་པ་ནི། རྐྱེན་རྣམས་ཀྱིས་མི་འཕྲོགས་ལ་མ་ངེས་པ་ནི་འཕྲོགས་པ་ཡིན་ནོ། །ཡོ་བྱད་ཀྱིས་ཕོངས་པ་ཞེས་བྱ་བ་ནི་དབུལ་ན་སྦྱིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མི་འཇུག་གོ། །གཞན་གྱི་དབང་དུ་གྱུར་པ་ནི་བྲན་ལ་སོགས་པར་
གྱུར་པའོ། །དེར་སྐྱེས་པའི་སེམས་ཅན་རྣམས་ཞེས་བྱ་བ་ནི་ངན་སོང་དུ་སྐྱེས་པ་རྣམས་ཞེས་བྱ་བའི་ཐ་ཚིག་གོ། །འོད་གསལ་བ་དང་དྲི་མ་མེད་པའི་གནས་སུ་འགྱུར་ལ། འོད་གསལ་བ་ནི་གསལ་བ་ལ་བྱའོ། །ལ་ལ་ནི་དྲི་མ་ཅུང་ཟད་ཆགས་ཀྱང་འོད་གསལ་
བས་གང་ལ་དྲི་མ་ཅུང་ཟད་ཀྱང་ཆགས་པ་མེད་པ་དེ་ནི་དྲི་མ་མེད་པ་ཞེས་བྱའོ། །ཡང་ན་གསེར་འོད་གསལ་བ་ཁ་ཅིག་བསྲེགས་ན་ཁ་དོག་ངན་པར་འགྱུར་བས་གང་ལ་བསྲེགས་ཀྱང་ཁ་དོག་ངན་པར་འགྱུར་བ་མེད་པ་དེ་ནི་དྲི་མ་མེད་པ་ཞེས་བྱའོ། །ཉོན་མོངས་པའི་དྲི་མ་མེད་
པ་འཐོབ་པའི་གནས་ཞེས་བྱ་བ་ནི་རིགས་དེ་ཉོན་མོངས་པའི་གནས་ངན་ལེན་དང་བྲལ་ཞིང་མི་ལྡན་པ་ཐོབ་པའི་གནས་ཡིན་པའམ། ཡང་ན་རིགས་དེ་ཉོན་མོངས་པ་སྤངས་ན་ཟག་པ་མེད་པའི་ཆོས་དྲི་མ་མེད་པ་རྣམས་ཀྱིས་འཐོབ་པ་གང་དག་ཡིན་པ་དེ་དག་གི་གནས་ཡིན་པས་ན་
ཉོན་མོངས་པའི་དྲི་མ་མེད་པ་འཐོབ་པའི་གནས་ཞེས་བྱའོ། །བྱང་ཆུབ་ཆེན་པོའི་རྒྱུ་མཚན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མཐར་ཐུག་པའི་གནས་སྐབས་བྱང་ཆུབ་ཆེན་པོ་ནི་རིན་པོ་ཆེ་དྲི་མ་མེད་པ་ལྟ་བུ་ཡིན་ཏེ། དེ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་འབྱུང་བ་ཡིན་ནོ། །ཡེ་ཤེས་
Vol. 124 · folio 52b
ཤེས་ཆེན་པོ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ལ་སོགས་པའོ། །དོན་འདི་ལ་ནི་རིགས་མེད་པ་ལ་གནས་པ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡིན་པར་བཤད་དོ་ཞེས་བྱ་བ་ན་མེད་པ་ཞེས་བྱ་བ་འདི་ལ་ལར་ནི་སྨད་པ་ལ་མཐོང་སྟེ། ཆུང་མ་ངན་པ་ལ་ཆུང་མ་མེད་དོ་ཞེས་བྱ་བ་
དང་། བུ་ངན་པ་ལ་བུ་མེད་དོ་ཞེས་བྱ་བ་ལྟ་བུའོ། །ལ་ལར་ནི་ཅུང་ཟད་ཡོད་པའི་དོན་ལ་སྟེ། བུ་མོ་ལྟོ་མེད་ཅེས་བྱ་བ་ལྟ་བུའོ། །ལ་ལར་ནི་མེད་པ་ལ་མཐོང་སྟེ། རྙེད་པ་མེད་ཅེས་བྱ་བ་ལྟ་བུའོ། །མེད་ཅེས་བྱ་བ་འདི་ནི་སྨད་པ་དང་མེད་པ་ལ་བལྟ་བར་བྱ་སྟེ། ལ་ལ་
གཅིག་ཏུ་ཉེས་པར་སྤྱོད་ངེས་ཡོད། །ཅེས་བྱ་བ་ནས་བཟུང་སྟེ། དགེ་བའི་རྩ་བ་དམན་པ་ཡོད་པ་ཚོགས་ཡོངས་སུ་མ་རྫོགས་པའོ་ཞེས་བྱ་བའི་བར་འདི་ནི། དེའི་དུས་སུ་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཕྱིར་རིག་མེད་པར་བཤད་པ་ཡིན་པས་མེད་པ་ཞེས་བྱ་བ་འདི་ནི་
སྨད་པ་ལ་བལྟ་བར་བྱའོ། །ལ་ལ་གཅིག་ཏུ་ཉེས་པར་སྤྱོད་ངེས་ཡོད། །ཅེས་བྱ་བ་ནི་ལས་བྱེད་པར་ངེས་པའི་དབང་དུ་བྱས་ནས་བཤད་པ་ཡིན་ཏེ། གཅིག་ཏུ་ལས་བྱེད་པར་ངེས་པ་གང་གིས་གདོན་མི་ཟ་བར་མ་ལ་སོགས་པ་གསོད་པར་འགྱུར་བ་དེ་ནི། གནས་སྐབས་
དེ་ན་རིགས་ཡོད་དུ་ཟིན་ཀྱང་མ་ལ་སོགས་པ་བསད་པའི་ལས་སྨད་པས་རིགས་མེད་པ་ཞེས་བྱའོ། །དཀར་པོའི་ཆོས་ཀུན་ཏུ་བཅོམ་པ་ལ་སོགས་པ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་བར་བྱའོ། །རྒྱུ་དང་བྲལ་བའི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞེས་བྱ་བའི་
མེད་པ་ཞེས་བྱ་བ་འདི་ནི་མེད་པ་ལ་བལྟ་བར་བྱའོ། །ཟབ་ཅིང་རྒྱ་ཆེ་བའི་དོན་མི་ཤེས་པ་བཞིན་དུ་མོས་པ་རྒྱ་ཆེན་པོ་འབྱུང་ཞེས་བྱ་བ་ནི་སྒྲ་ཙམ་ཐོས་པ་ཁོ་ནས་མོས་ཀྱི། དོན་ཡོངས་སུ་ཤེས་པ་ལས་ནི་མ་ཡིན་པའོ། །རྣམ་པ་གཉིས་ཀྱི་མཆོག་ཅེས་བྱ་བ་ནི་འཇིག་རྟེན་པ་དང་།
ཉན་ཐོས་ཀྱི་ཕུན་སུམ་ཚོགས་པ་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕུན་སུམ་ཚོགས་པ་མཆོག་དང་། ཕུལ་དང་། རབ་དང་། རབ་མཆོག་ཡིན་ནོ། །བྱང་ཆུབ་གང་ལ་ཡོན་ཏན་ཤིན་ཏུ་རྒྱ་ཆེན་པོ་ཡོད་པ་དེ་ནི་ཡོན་ཏན་ཤིན་ཏུ་རྒྱ་ཆེ་བའི་བྱང་ཆུབ་བོ། །ཡོན་ཏན་
Vol. 124 · folio 53a
ཤིན་ཏུ་རྒྱ་ཆེ་བའི་བྱང་ཆུབ་ཉིད་ཤིང་ཡིན་པས་ན། ཡོན་ཏན་ཤིན་ཏུ་རྒྱ་ཆེ་བྱང་ཆུབ་ཤིང་ངོ་། །ཡང་ན་བྱང་ཆུབ་ཉིད་ཤིང་ཡིན་པས་བྱང་ཆུབ་ཤིང་ངོ་། །ཡོན་ཏན་ཤིན་ཏུ་རྒྱ་ཆེ་བ་རྣམས་ཀྱི་བྱང་ཆུབ་ཀྱི་ཤིང་ཡིན་པས་ན་ཡོན་ཏན་ཤིན་ཏུ་རྒྱ་ཆེ་བྱང་
ཆུབ་ཀྱི་ཤིང་ངོ་། །དེ་བསྐྱེད་པ་ནི་ཡོན་ཏན་ཤིན་ཏུ་རྒྱ་ཆེ་བ་བྱང་ཆུབ་ཀྱི་ཤིང་བསྐྱེད་པའོ། །དེའི་ཕྱིར་ཏེ། ཡོན་ཏན་ཤིན་ཏུ་རྒྱ་ཆེ་བྱང་ཆུབ་ཤིང་བསྐྱེད་ཕྱིར་རོ། །ཅི་ཞེ་ན། འོག་ནས་རིགས་དེ་རྩ་བ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །བདེ་དང་སྡུག་བསྔལ་ཆེན་པོ་ཞི་
བ་ཐོབ་བྱའི་ཕྱིར། །ཞེས་བྱ་བ་ནི་འདིར་གོ་རིམས་ཇི་ལྟ་བ་བཞིན་བལྟ་བར་བྱ་བ་མ་ཡིན་ནོ། །འོན་ཀྱང་དེ་ནི་བདེ་བ་ཆེན་པོ་ཐོབ་པར་བྱ་བའི་ཕྱིར་དང་། སྡུག་བསྔལ་ཆེན་པོ་ཞི་བར་བྱ་བའི་ཕྱིར་རྩ་བ་ཡིན་ནོ། །དེ་ལྟ་བས་ན་རིགས་འདི་བྱང་ཆུབ་ཀྱི་ཤིང་དེ་ལྟ་བུའི་རྩ་བ་ཡིན་
པ་དང་། རང་གི་དོན་དང་གཞན་གྱི་དོན་སྒྲུབ་པར་བྱེད་པས། བདག་དང་གཞན་ལ་ཕན་བདེ་བྱེད་པ་འབྲས་བུ་ཞེས་བཤད་དེ། ཡོན་ཏན་ཤིན་ཏུ་རྒྱ་ཆེ་བྱང་ཆུབ་ཤིང་བསྐྱེད་ཕྱིར། །ཞེས་བྱ་བ་ནི་རང་གི་དོན་ཏོ། །གཞན་ནི་གཞན་གྱི་དོན་ཏོ། །རིགས་ཀྱི་སྐབས་སོ།། །།
རིགས་ཀྱི་འོག་ཏུ་སེམས་བསྐྱེད་པའི་སྐབས་ཡིན་ཏེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། ཡོན་ཏན་ཤིན་ཏུ་རྒྱ་ཆེ་བྱང་ཆུབ་ཤིང་བསྐྱེད་ཕྱིར། །བདེ་དང་སྡུག་བསྔལ་ཆེན་པོ་ཞི་བ་ཐོབ་བྱའི་ཕྱིར། །བདག་དང་གཞན་ལ་ཕན་བདེ་བྱེད་པ་འབྲས་བུའི་ཕྱིར། །རིགས་མཆོག་
དེ་ནི་རྩ་བ་བཟང་པོ་ལྟ་བུ་ཡིན། །ཞེས་བཤད་མ་ཐག་པ་ཡིན་ཏེ། ཇི་ལྟར་ཤིང་ལྗོན་པ་རྩ་བ་བཟང་པོ་ཟུག་ན་རང་གི་དོན་ཕུན་སུམ་ཚོགས་པ་ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ལ་སོགས་པ་ཕལ་མོ་ཆེ་འབྱུང་ལ། ཕུན་སུམ་ཚོགས་པ་དེ་ལྟ་བུ་དེ་
ནི་སྐྱེ་བོ་ཕལ་པོ་ཆེས་ལོངས་སྤྱོད་པར་ཡང་འགྱུར་བས་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཞེས་བྱ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་རང་བཞིན་གྱི་རིགས་ལ་གནས་པ་ཡོད་ན་གཉིས་འགྲུབ་པར་འགྱུར་རོ། །གཉིས་འགྲུབ་པ་དེ་ཡང་སེམས་བསྐྱེད་པ་ལ་སོགས་པའི་རིམ་
Vol. 124 · folio 53b
གྱིས་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པ་ཡང་རིགས་ཡོད་ན་འགྱུར་ཏེ། གང་ལ་བྱང་ཆུབ་སེམས་དཔའི་རིགས་ཡོད་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པས་དེའི་ཕྱིར་རིགས་ཀྱི་འོག་ཏུ་སེམས་བསྐྱེད་
པའི་སྐབས་ཡིན་ནོ། །ཡང་ན་སེམས་བསྐྱེད་པ་ནི་དོན་དུ་གཉེར་བ་ཡིན་ནོ། །གང་ཞིག་དོན་དུ་གཉེར་ཞེ་ན། བྱང་ཆུབ་ཆེན་པོ་སྟེ། སེམས་ཅན་གྱི་དོན་བྱེད་པར་འདོད་པ་ནི་དེས་དེའི་ཐབས་སུ་འགྱུར་བ་བྱང་ཆུབ་ཆེན་པོ་འདོད་ལ། རིགས་ཀྱི་སྟོབས་ཀྱིས་སེམས་བསྐྱེད་པ་ཡང་མི་
ཟློགས་པའི་ཆོས་ཅན་དུ་འགྱུར་བས་དོན་འདི་ཡང་དག་པར་བསྟན་པའི་ཕྱིར་རིགས་ཀྱི་འོག་ཏུ་སེམས་བསྐྱེད་པའི་སྐབས་ཡིན་ནོ། །སེམས་འབྱུང་བ་ཞེས་བྱ་བ་ལ། འབྱུང་བ་དང་བསྐྱེད་པ་ཞེས་བྱ་བ་ནི་དོན་ཐ་དད་པ་མ་ཡིན་ནོ། །སེམས་པའི་མཚན་ཉིད་ཀྱི་སེམས་བསྐྱེད་པ་སྟེ། སེམས་
པའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །སེམས་བསྐྱེད་པ་རྣམ་པར་གཏན་ལ་དབབ་པ་ཞེས་བྱ་བ་ནི། སེམས་བསྐྱེད་པ་དྲི་བ་སྔོན་དུ་བཏང་བའི་རྣམ་པར་གཏན་ལ་དབབ་པ་ལ་སེམས་བསྐྱེད་པ་རྣམ་པར་གཏན་ལ་དབབ་པ་ཞེས་བྱའོ། །དྲི་བ་སྔོན་དུ་བཏང་བ་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་
དཔའ་རྣམས་ཀྱི་སེམས་བསྐྱེད་པ་རྣམ་པ་བཞི་པ་འདིའི་རྩ་བ་ནི་གང་། བསམ་པ་ནི་གང་། མོས་པ་ནི་གང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྙིང་རྗེ་ཆེན་པོ་ནི་སེམས་བསྐྱེད་པའི་རྩ་བའོ་ཞེས་བྱ་བ་ནི། དེ་ནི་འགྲོ་བ་འཁྱུད་དེ་འདུག་པ་ཡིན་ནོ། །གལ་ཏེ་སྙིང་རྗེ་ཆེན་པོ་རྩ་བ་ཡིན་
པར་མ་གྱུར་ན། བྱང་ཆུབ་སེམས་དཔའ་རྣམས་ནམ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་འགྱུར་གྱི། སེམས་ཅན་ལ་མི་ལྟ་བས་ཉན་ཐོས་དག་བཞིན་དུ་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ། །སོ་སོ་རང་གི་ས་ལ་སྦྱོར་བས་གང་ཞིག་
ས་གང་ལ་ཞུགས་པའི་ས་དེ་ནི་དེའི་མཐར་ཐུག་པ་ཡིན་ནོ་ཞེས་བྱ་བ་ནི་ས་དང་ས་ལ་སྦྱོར་བ་ནས་བཟུང་སྟེ་བསྒོམ་པ་མཐར་ཐུག་པར་འགྲོ་བའི་ཕྱིར་མཐར་ཐུག་པ་ཞེས་བྱ་སྟེ། དེ་དང་མཚུངས་པར་ལྡན་པ་སེམས་པའི་ཁྱད་པར་གྱི་མཐར་ཐུག་པ་ནི་ས་ཡིན་པར་བརྗོད་དོ། །ཡང་དག་པར་
Vol. 124 · folio 54a
བླངས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་པ་ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་ལ་སོགས་པས་སྨྲས་པ་བཟླས་པའི་ཚུལ་གྱིས་མནོས་པའོ། །སངས་རྒྱས་ཉིད་ལ་སེམས་མཉམ་པ་ཉིད་ནི། དེའི་ཆོས་ཀྱི་དབྱིངས་དང་བདག་དབྱེར་མེད་པར་རྟོགས་
པའི་ཕྱིར་རོ་ཞེས་པ་ནི་ཆོས་ཀྱི་སྐུ་དང་ཐ་མི་དད་པ་ཐོབ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྐད་དུ་ས་དང་པོ་ལ་བདག་ནི་སངས་རྒྱས་ཀྱི་ས་དང་ཉེ་བར་གྱུར་ཏོ་ཞེས་འབྱུང་བ་ལྟ་བུ་ཡིན་ཏེ། ཉེ་བ་ཉིད་དུ་རྟོགས་པའི་ཕྱིར་ཐ་མི་དད་པར་མོས་པར་འགྱུར་རོ། །སངས་རྒྱས་ཉིད་
མཆོག་ཅེས་སྨོས་པས་ནི་རང་སངས་རྒྱས་བསལ་བའི་ཕྱིར་རོ། །དེ་ལ་སྐྱེ་བ་ནི་ས་བོན་དང་། མ་དང་། མངལ་དང་། མ་མའི་བྱེ་བྲག་ལས་རིག་པར་བྱའོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བའི་བདུན་པ་ནི་དམིགས་ཀྱིས་དབྱེ་བའི་དོན་ཡིན་ཏེ། སྐྱེ་བ་རྒྱ་ཆེ་བ་ལ་སོགས་པ་དོན་
དྲུག་སྔར་བསྟན་པ་དེ་དག་ལས་སྐྱེ་བ་བཀར་ཏེ་ས་བོན་ལ་སོགས་པའི་ཁྱད་པར་གྱིས་ཁྱད་པར་དུ་སྟོན་ཏོ། །ཆོས་ལ་མོས་པ་ས་བོན་དང་། །ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ཆེན་པོ་གང་ཡིན་པ་དེ་ནི་ས་བོན་ནོ། །ཕ་རོལ་ཏུ་ཕྱིན་པའི་མཆོག་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ནི་མ་ཡིན་ནོ། །བསམ་གཏན་ལས་བྱུང་བདེ་བ་མངལ། །ཞེས་བྱ་བ་ནི་གནས་པས་གནས་བསྟན་པ་ཡིན་ཏེ། མངལ་གྱི་གནས་ནི་བསམ་གཏན་དག་ཡིན་ནོ། །རྒྱ་ཆེན་པོ་ནི་སྨོན་ལམ་ཆེན་པོ་བཅུ་མངོན་པར་བསྒྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི། ཇི་སྐད་དུ་
འཕགས་པ་ས་བཅུ་པ་ལས་འདི་ལྟ་སྟེ། སངས་རྒྱས་མ་ལུས་པ་ལས་མཆོད་པ་དང་། རིམ་གྲོ་ལྷག་མ་མེད་པ་མཐའ་དག་བྱ་བའི་ཕྱིར། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། མོས་པ་རྒྱ་ཆེན་པོས་རྣམ་པར་དག་པ། ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེ་བ། ནམ་
མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་གྲངས་མེད་པར་སངས་རྒྱས་འབྱུང་བ། བགྲངས་པ་ཐམས་ཅད་ལ་མཆོད་པ་དང་། རིམ་གྲོ་ཆེན་པོ་བྱ་བ་རྒྱུན་མི་འཆད་པའི་སྨོན་ལམ་དང་པོ་མངོན་པར་བསྒྲུབ་བོ་ཞེས་གསུངས་
Vol. 124 · folio 54b
པ་ལྟ་བུ་ཡིན་ཏེ། ས་དང་པོ་ལ་དེ་ལྟ་བུ་ལ་སོགས་པ་སྨོན་ལམ་བཅུ་འབྱུང་ངོ་། །བསམ་པ་དག་པ་ནི་བྱང་ཆུབ་དང་ཉེ་བར་ཤེས་པའི་ཕྱིར་ཞེས་བྱ་བ་ནི་ས་དང་པོ་རྟོགས་པའི་དུས་ན་བསམ་པ་དག་པ་ཐོབ་སྟེ། དེ་ཐོབ་པས་དེ་འདི་སྙམ་དུ་བདག་ནི་སངས་རྒྱས་ཀྱི་ས་དང་ཉེ་བར་གྱུར་ཏོ་
སྙམས་དུ་སེམས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དང་པོ་ནི་ས་དང་མཚུངས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། དེའི་ཚོགས་འཕེལ་བའི་རྟེན་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཆོས་རྣམས་ནི་སངས་རྒྱས་ཀྱི་ས་ལ་མཆོག་ཏུ་མཐར་
ཕྱིན་པར་གྱུར་པ་ཡིན་ཏེ། དེ་དག་དང་དེ་དག་གི་ཚོགས་རྣམས་ཐོབ་པར་བྱ་བའི་ཕྱིར་རོ། །འདི་ལྟར་གང་གི་ཚེ་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལ་སེམས་སྐྱེད་པར་བྱེད་པའི་སེམས་བསྐྱེད་པ་དེ་ནི་རྟེན་དུ་གྱུར་པ་ཡིན་ཏེ། གང་གི་ཕྱིར་ས་ལ་བརྟེན་ནས་རྩྭ་དང་།
གེལ་པ་དང་། སྨན་དང་། ནགས་ཚལ་དག་བཞིན་དུ་དེ་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་རྣམས་དང་དེ་དག་གི་ཚོགས་རྣམས་ཡོངས་སུ་རྫོགས་པར་འགྱུར་བ་དེའི་ཕྱིར་སེམས་བསྐྱེད་པ་དང་པོ་ནི་ས་དང་མཚུངས་པ་ཞེས་བྱའོ། །ཕན་པའི་བསམ་པ་ནི་གང་གིས་ཚེ་རབས་གཞན་དུ་
ཡང་ཕན་པ་དང་སྤྲོད་པར་བྱེད་པའོ། །བདེ་བའི་བསམ་པ་ནི་གང་གིས་ཚེ་འདི་ཁོ་ན་ལ་བདེ་བ་དང་སྤྲོད་པར་བྱེད་པའོ། །གསེར་བཟང་པོ་དང་འདྲ་སྟེ། འགྱུར་བ་མི་རྟེན་པའི་ཕྱིར་རོ་ཞེས་བྱ་བ་ནི་གསེར་བཟང་པོ་བསྲེགས་པ་དང་། བཅད་པ་དང་། བདར་བ་ལ་སོགས་པས་བརྟགས་
ན་འགྱུར་བ་མི་བརྟེན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་ཕན་པ་དང་བདེ་བའི་བསམ་པ་ཅན་ཡང་གནས་སྐབས་ཐམས་ཅད་དུ་འགྱུར་བ་མི་རྟེན་ཏོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པ་ནི་གཏེར་ཆེན་པོ་བཞིན་ཞེས་བྱ་བ་ནི་ཇི་ལྟར་མདོ་དག་ལས་དུང་
ལ་སོགས་པ་གཏེར་ཆེན་པོ་བཞི་འབྱུང་བ་དེ་དག་ནི་བྱིན་ཏེ་བོར་ཡང་ཟད་པར་མི་འགྱུར་ཞིང་འཇིག་རྟེན་ཡང་ཚིམ་པར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཆོས་དང་ཟང་ཟིང་ལ་སོགས་པའི་ལོངས་སྤྱོད་ཀྱིས་སེམས་ཅན་དཔག་ཏུ་མེད་པ་ཚིམ་པར་བྱེད་ཅིང་སྦྱིན་པ་དེ་
Vol. 124 · folio 55a
ཡང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཟད་པར་ཡང་མི་འགྱུར་བས་མི་ཟད་པ་ཞེས་བྱའོ། །མི་ཤིགས་པ་ཉིད་ཀྱིས་སྲ་བའི་ཕྱིར་རོ་ཞེས་བྱ་བ་ནི་ལེ་ལོས་མི་ཤིགས་པ་ཉིད་ཀྱིས་སོ། །སྨན་གྱི་རྒྱལ་པོ་ལྟ་བུ་ཞེས་བྱ་བ་ནི།
ཇི་ལྟར་སྨན་གྱི་རྒྱལ་པོ་མཐོང་བ་ན། བསྣམས་པ་དང་། མྱངས་པ་དང་། རེག་པ་ལ་སོགས་པས་ནད་ཐམས་ཅད་ཉེ་བར་ཞི་བར་བྱེད་པ་དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་བསྐྱེད་པ་ཡང་མཉེན་པ་དང་། བསམ་པ་དང་། བསྒོམ་པ་
ལ་སོགས་པས་རྣམ་པར་སུན་འབྱིན་པ་དང་། རྣམ་པར་གནོན་པ་དང་སྤོང་བ་ལ་སོགས་པས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པས། སྨན་གྱི་རྒྱལ་པོ་ལྟ་བུ་ཞེས་བྱའོ། །ཚད་མེད་པ་དང་ལྡན་པ་ནི་མཛའ་བོ་ཆེན་པོ་དང་
འདྲ་ཞེས་བྱ་བ་ནི། བྱམས་པ་དང་ལྡན། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དག་གནས་སྐབས་ཐམས་ཅད་དུ་སེམས་ཅན་འགའ་ཡང་ཡལ་བར་འདོར་བར་མི་འགྱུར་ཏེ། བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་
བ་ཡང་མ་ཡིན་པའི་གནས་སྐབས་ཐམས་ཅད་དུ་དམིགས་པའི་ཕྱིར་རོ། །སྟོན་པ་དང་ལྡན་པ་ནི་རྒྱལ་པོ་ཆེན་པོ་ལྟ་བུ་སྟེ། ཆུད་མི་ཟ་བའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། དཔེར་ན་རྒྱལ་པོ་རང་གི་རིགས་སུ་གཏོགས་པ་ལ། བསྙེན་བཀུར་ལེགས་པ་ཉིད་དང་ལེགས་
པ་ཉིད་མ་ཡིན་པར་བྱེད་པ་དག་གོ། །རིམ་བཞིན་དུ་ཆུད་མི་ཟ་བ་དང་ཆུད་ཟ་བའི་རྒྱུ་ཡིན་པ་དེ་བཞིན་དུ། རྟོན་པ་དང་ལྡན་པའི་སེམས་བསྐྱེད་པ་ཡང་ཆུད་ཟ་བའི་རྒྱུ་དང་ཆུད་མི་ཟ་བའི་རྒྱུ་ཡིན་ནོ། །ཇི་ལྟར་ན་ཆུད་ཟ་བའི་རྒྱུ་ཡིན། ཇི་ལྟར་ན་ཆུད་མི་ཟ་བའི་རྒྱུ་ཡིན་ཞེ་ན། གལ་ཏེ་
གང་ཟག་དང་། ཚིག་འབྲུ་དང་། དྲང་བའི་དོན་གྱི་མདོ་དང་། རྣམ་པར་ཤེས་པ་ལ་རྟོན་པར་གྱུར་ན་ཆུད་ཟ་བའི་རྒྱུ་ཡིན་ནོ། །བཟློག་ན་ཆུད་མི་ཟ་བའི་རྒྱུར་འགྱུར་བས་ཆུད་མི་ཟ་བའི་རྒྱུ་ཞེས་བྱའོ། །ཞི་གནས་དང་ལྷག་མཐོང་དང་ལྡན་པ་ནི་ཐེག་པ་ལྟ་བུ་ཞེས་བྱ་བ་ནི་གང་གི་ཚེ་སེམས་
Vol. 124 · folio 55b
པའི་ཁྱད་པར་ཟུང་དུ་འབྲེལ་བར་འབྱུང་བས་ཞི་གནས་དང་ལྷག་མཐོང་དང་ལྡན་པ་ཡིན་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་འདིས་སེམས་ཅན་གྱི་ཁུར་བདེ་བླག་ཏུ་ཁྱེར་བ་དེ་བས་ན་ཐེག་པ་ལྟ་བུ་ཞེས་བྱའོ། །གཟུངས་དང་སྤོབས་པ་དང་ལྡན་པ་ནི་བཀོད་མ་ལྟ་བུ་སྟེ། ཆུ་འཛིན་ཅིང་མི་
ཟད་པར་འབྱིན་པ་དང་། ཆོས་མཐུན་པར་ཐོས་པ་དང་། མ་ཐོས་པའི་ཆོས་དང་། དོན་འཛིན་ཅིང་མི་ཟད་པར་འབྱིན་པའི་ཕྱིར་ཞེས་བྱ་བ་ནི་གཟུངས་ཀྱི་སྟོབས་ཀྱིས་ཐོས་པའི་ཆོས་དང་དོན་འཛིན་པར་བྱེད་ལ་སྤོབས་པའི་སྟོབས་ཀྱིས་མ་ཐོས་པའི་ཆོས་དང་དོན་འཛིན་པར་བྱེད་པས་
ན་བཀོད་མ་ལྟ་བུ་ཞེས་བྱ་སྟེ། སྟོད་ཕྱོགས་ན་ཆུའི་དོང་དག་ལ་བཀོད་མ་ཞེས་བྱའོ། །ཆོས་བཤད་པ་དང་ལྡན་པ་ནི་ཀུན་དགའ་བའི་སྒྲ་དང་འདྲ་སྟེ། ཐར་པ་འདོད་པའི་གདུལ་བ་རྣམས་ལ་སྙན་པ་ཐོས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །སྡུག་
བསྔལ་བའོ། །བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ཐོས་ནས་ཐར་པ་འདོད་པ་རྣམས་བདུད་རྩིས་ཚིམ་པར་འགྱུར་བ་དང་འདྲ་བས་ཀུན་དགའ་བའི་སྒྲ་དང་འདྲ་ཞེས་བྱའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ན། རང་གི་ངང་གིས་འབྱུང་བའི་ཕྱིར་རོ་ཞེས་བྱ་
བ་ནི་ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་བྱ་བར་རྣམ་པར་སྨིན་པ་ལས་བྱུང་བའི་ཡེ་ཤེས་རང་གི་ངང་གིས་འབྱུང་བས་ཆོས་ཐམས་ཅད་ཤེས་སོ། །ས་དང་པོ་རྟོགས་པའི་དུས་ན་ཡང་འདིས་དེ་ལྟར་ཤེས་མོད་ཀྱི་ས་བརྒྱད་པ་ལ་ནི་རྒྱ་མཚོར་བཏང་བའི་
གྲུ་བོ་ཆེ་དང་ཆོས་མཐུན་པར་རང་གི་ངང་གིས་འབྱུང་བའི་ལམ་ཐོབ་པའི་ཕྱིར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱའོ། །ཇི་ལྟར་སྣོད་ཀྱི་འཇིག་རྟེན་གྱི་རྣམ་པ་འབྱོར་པ་ཐམས་ཅད་སྤྲིན་ལས་འབྱུང་བ་ལྟར་ཞེས་བྱ་བ་ནི་ཇི་ལྟར་སྣོད་ཀྱི་འཇིག་རྟེན་ས་ལ་འབྲུ་དང་། སྨན་དང་། ནགས་
ཚལ་ལ་སོགས་པ་འབྱོར་པ་ཐམས་ཅད་སྤྲིན་ལས་འབྱུང་བ་དེ་བཞིན་དུ། སེམས་ཅན་གྱི་འཇིག་རྟེན་གྱི་འབྱོར་པ་མཐོ་རིས་དང་བྱང་གྲོལ་གྱིས་ཕྱུག་པ་ཐམས་ཅད་ཀྱང་ཤེས་རབ་དང་སྙིང་རྗེའི་ཐབས་ལ་མཁས་པ་དང་ལྡན་པའི་སེམས་བསྐྱེད་པ་ལས་བྱུང་བས་སྤྲིན་ལྟ་བུ་ཞེས་
Vol. 124 · folio 56a
བྱའོ། །དཔེ་ཉི་ཤུ་རྩ་གཉིས་དང་ལྡན་པའི་སེམས་བསྐྱེད་པ་འདི་ནི་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་མི་ཟད་པ་ཉིད་དུ་འབྱུང་བ་དང་སྦྱར་བར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས།
སེམས་བསྐྱེད་པ་དང་། བསམ་པ་དང་། སྦྱོར་བ་དང་། ལྷག་པའི་བསམ་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་། ཚད་མེད་པ་དག་དང་། མངོན་པར་ཤེས་པ་དང་། བསྡུ་བའི་དངོས་པོ་དང་། སོ་སོ་ཡང་དག་པར་རིག་པ་དང་། རྟོན་པ་དང་། བསོད་ནམས་
དང་། ཡེ་ཤེས་ཀྱི་ཚོགས་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དང་། ཞི་གནས་དང་། ལྷག་མཐོང་དང་། གཟུངས་དང་། སྤོབས་པ་དང་། ཆོས་བཤད་པ་དང་། བགྲོད་པ་གཅིག་པའི་ལམ་དང་། ཐབས་ལ་མཁས་པ་དང་། དེ་ལ་སོགས་པ་གོ་རིམས་
བཞིན་དུ་འབྱུང་སྟེ། ཇི་སྐད་དུ་བཤད་པའི་སེམས་བསྐྱེད་པ་འདི་དག་ཀྱང་གོ་རིམས་འདི་ཁོ་ནས་སྦྱར་བར་བྱའོ། །ངན་འགྲོ་དང་ཡོངས་སུ་སྐྱོ་བས་འཇིགས་པ་མེད་པའི་ཕྱིར་སེམས་བསྐྱེད་པ་བསྔགས་པར་ཚིགས་སུ་བཅད་པ་ཞེས་བྱ་བ་ནི་སེམས་བསྐྱེད་པ་དང་དུས་མཉམ་པ་ཉིད་ན་
སེམས་དེ་འགྲོ་བ་ཐམས་ཅད་ཀྱིས་བསྔགས་པར་བྱ་བ་ཡིན་ཏེ། ཇི་སྐད་དུ། གང་གི་ཚེ་ན་ཁྱོད་ཀྱི་ཐུགས། །དང་པོ་སྐྱེས་པ་དེའི་ཚེ། །ཁྱོད་ནི་འཇིག་རྟེན་འདི་དག་གི། །མཆོད་གནས་བླ་ན་བཞུགས་པ་ལགས། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུའོ། །སེམས་བསྐྱེད་
པ་བསྔགས་པར་བྱ་བ་ལ། དེ་ཡོད་ན་རབ་ཏུ་བསྡམས་པའི་སེམས་དང་ལྡན་པ་ས་དང་པོ་རྟོགས་པའི་དུས་ནས་བཟུང་སྟེ་ངན་སོང་དག་གིས་འཇིགས་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་བརྩེ་བ་དང་ལྡན་པའི་ཕྱིར་སེམས་ཅན་གྱི་བྱ་བ་མང་པོས་ཡོངས་སུ་སྐྱོ་བས་འཇིགས་པར་
མི་འགྱུར་བས་ངན་སོང་དང་ཡོངས་སུ་སྐྱོ་བས་འཇིགས་པ་མེད་པ་ཞེས་བྱའོ། །སྐྱེ་བ་སྐྱེད་མོས་ཚལ་དུ་འགྲོ་བ་ལྟ་བུར་མཐོང་བའི་ཕྱིར་རྒུད་པའི་དུས་ན་སྡུག་བསྔལ་གྱིས་མི་འཇིགས་པ་ཞེས་བྱ་བ་ནི་དོན་གྱི་རྣམ་པ་ཕུན་སུམ་ཚོགས་པ་དག་ལ་གང་གི་ཚེ། ཆོམ་རྐུན་དང་། ཆུ་དང་མེ་ལ་
Vol. 124 · folio 56b
སོགས་པས་རྒུད་པར་བྱས་པ་དེའི་ཚེ་དེ་དག་རྒུད་ན་རྒུད་པས་འཇིགས་པ་མེད་དོ། །ཡོ་བྱད་ཀྱིས་ཕོངས་ན་འཆི་བར་འགྱུར་ན་གང་ཞིག་ལེགས་པར་བྱེད་པའི་ལས་བྱས་པས་སྐྱེ་བ་སྐྱེད་མོས་ཚལ་གྱི་དགའ་སྟོན་ལྟ་བུར་ལྟ་བ་དེ་ཇི་ལྟར་སྡུག་བསྔལ་དག་གིས་འཇིགས་པར་འགྱུར་རོ། །
ཉན་ཐོས་ཀྱི་བརྩོན་འགྲུས་པས་བརྩོན་འགྲུས་བརྒྱ་འགྱུར་དུ་བྱ་བའི་རིགས་ཞེས་བྱ་ལ། བརྒྱ་ཞེས་སྨོས་པ་ནི་གྲངས་བསྟན་པའི་ཕྱིར་ཏེ། དེས་བརྩོན་འགྲུས་ཚད་མེད་པ་བྱ་དགོས་སོ། །བདག་དང་གཞན་གྱི་འཆིང་བ་རྣམ་པ་སྣ་ཚོགས་པ་ཉོན་མོངས་པ་དང་། ལས་དང་
སྐྱེ་བའི་ངོ་བོ་ཉིད་དག་གིས་ཤིན་ཏུ་བཅིངས་པ་ཡིན་ནོ་ཞེས་བྱ་བ་ནི། མཚམས་མེད་པ་ཡི་ལས་རྣམས་དང་། །ཉོན་མོངས་དྲག་དང་ངན་འགྲོ་དང་། །སྒྲ་མི་སྙན་དང་འདུ་ཤེས་མེད། །སེམས་ཅན་སྒྲིབ་པ་གསུམ་དུ་འདོད། །ཅེས་བྱ་བ་ཡིན་ཏེ། འདི་དག་ནི་འཕགས་
པའི་ལམ་ལ་སྒྲིབ་པའི་ཕྱིར་འཇིག་རྟེན་འཁོར་བར་འཁྱམ་པར་བྱེད་པས་འཆིང་བ་དག་ཅེས་བྱའོ། །སེམས་བསྐྱེད་པའི་སྐབས་སོ།། །།སེམས་བསྐྱེད་པའི་འོག་ཏུ་སྒྲུབ་པའི་སྐབས་ཡིན་ཏེ། འདིའི་འབྲེལ་པ་གང་ཞེ་ན། བྱང་ཆུབ་སེམས་དཔས་མགོ་
ལ་སེམས་ཅན་གྱི་ཁུར་ཆེན་པོ་ཐོགས་ནས་ཕ་རོལ་གནོན་པ་ངལ་བ་ནི་མི་མཛེས་ཀྱི། དེས་ཉན་ཐོས་ཀྱི་བརྩོན་འགྲུས་པས་བརྩོན་འགྲུས་བརྒྱ་འགྱུར་དུ་བྱ་བའི་རིགས་ཞེས་བཤད་མ་ཐག་པ་ཡིན་ཏེ། སྒྲུབ་པ་མེད་པར་སེམས་བསྐྱེད་པ་ཙམ་ཁོ་ནས་ནི་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་འཐོབ་པ་མ་ཡིན་ནོ། །དེའི་ཕྱིར་སེམས་བསྐྱེད་ནས་གདོན་མི་ཟ་བར་བསྒྲུབས་པས་བསྒྲུབ་པར་བྱ་དགོས་པས་སེམས་བསྐྱེད་པའི་འོག་ཏུ་བསྒྲུབ་པའི་སྐབས་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྒྲུབ་པའི་གནས་ཆེན་པོ་ནི་སེམས་བསྐྱེད་པ་ལ་གནས་པའི་ཕྱིར་རོ་ཞེས་
བཤད་དོ། །བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེ་ལ་བརྟེན་ཏེ་བསྒྲུབ་པ་ལ་རབ་ཏུ་སྦྱོར་བའོ། །སེམས་བསྐྱེད་པ་ཡོད་དུ་ཟིན་ཀྱང་བསྒྲུབ་པ་དང་ལྡན་པས་གཞན་གྱི་དོན་འགྲུབ་ཀྱི། སྒྲུབ་པ་དང་མི་ལྡན་
Vol. 124 · folio 57a
པས་ནི་མ་ཡིན་པས་སེམས་བསྐྱེད་པའི་འོག་ཏུ་སྒྲུབ་པའི་སྐབས་ཡིན་ནོ། །ཡང་ན་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་བསླབ་པར་བྱའོ་ཞེས་མཇུག་ཐོགས་སུ་བསླབ་པ་བསྟན་པ་དེ་དམིགས་པ་གང་གིས་འཇུག་པ་དེ་བརྗོད་དགོས་པས་དེའི་ཕྱིར་མཇུག་ཐོགས་
སུ་བསླབ་པའི་དམིགས་པ་ཁྱད་པར་ཅན་ནོ། །བསླབ་པའི་དམིགས་པ་ཁྱད་པར་ཅན་ཡང་གང་ཞེ་ན། གཞི་ལྔའོ། །གཞི་ལྔ་གང་ཞེ་ན། རང་དང་། གཞན་གྱི་དོན་དང་། དེ་ཁོ་ན་ཉིད་ཀྱི་དོན་དང་། མཐུ་དང་། ཡོངས་སུ་སྨིན་པར་བྱེད་པ་དང་། བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་པོ། །ཇི་ལྟར་ན་འདི་ནི་ཉན་ཐོས་ཀྱི་ཐེག་པ་ལས་ཁྱད་ཞུགས་པ་ཡིན་ཞེ་ན། ཉན་ཐོས་ལ་སོགས་པའི་བསླབ་པའི་དམིགས་པ་ནི། རང་གི་དོན་དང་། དེ་ཁོ་ན་ཉིད་ཀྱི་དོན་གང་ཟག་ལ་བདག་མེད་པ་དང་། མཐུ་ཆུང་བ་དང་། བདག་ཡོངས་
སུ་སྨིན་པར་བྱེད་པ་དང་། དེའི་འབྲས་བུ་བྱང་ཆུབ་དམན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་དམིགས་པ་ནི་དེ་ལས་བཟློག་པ་རང་དང་གཞན་གྱི་དོན་ལ་སོགས་པའི་ཁྱད་པར་དུ་འཕགས་པ་ཡིན་པར་ཤེས་པར་བྱའོ། །ཡང་གཞི་ལྔ་པོ་འདི་དག་ལ་ཇི་ལྟར་
དམིགས་ཤེ་ན། བཞི་པ་ལ་ནི་རྒྱུ་ཉིད་དུའོ། །ལྔ་པ་ལ་ནི་འབྲས་བུ་ཉིད་དུའོ། །ཡང་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་བསྐྱེད་ནས། བསླབ་པར་བྱའོ་ཞེས་བྱ་བ་གང་ལ་བསླབ་པར་བྱ་བ་དེ་བསྟན། རང་དང་གཞན་གྱི་དོན་ལ་སོགས་པ་ལ་བསླབ་པར་བྱ་བ་ཡིན་
པས། དེའི་ཕྱིར་སེམས་བསྐྱེད་པའི་འོག་ཏུ་བསྒྲུབ་པའི་སྐབས་ཡིན་ཏེ། རང་དང་གཞན་གྱི་དོན་ལ་སོགས་པ་འདི་དག་ཀྱང་སྒྲུབ་པ་དང་ལྡན་པ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །དེ་དག་ཉིད་ཀྱི་གོ་རིམས་བཞིན་དུ་ཞེས་བྱ་བ་ནི། གནས་རྩོམ་འབྲས་བུ་འབྱུང་བ་ཆེ་བདག་ཉིད། །
ཅེས་བྱ་བ་ཚིག་གསུམ་པོ་འདི་དག །རྟག་ཏུ་ལེན་པ་ཆེ་དང་བཟོད་པ་ཆེ། །དོན་ཆེན་ཡང་དག་བསྒྲུབ་པའི་བྱ་བ་བྱེད། །ཅེས་བྱ་བའི་ཚིག་རྣམས་དང་སྦྱར་བར་བྱའོ། །ལེན་པ་ཆེན་པོ་སྟེ་སེམས་ཅན་ཐམས་ཅད་ཉེ་བར་ལེན་པའི་ཕྱིར་རོ་ཞེས་བྱ་བས་ནི་འདི་ལྟར་སེམས་བསྐྱེད་པས་སེམས་
Vol. 124 · folio 57b
ཅན་ཐམས་ཅད་ཉེ་བར་ལེན་པར་བྱེད་དེ། སེམས་ཅན་འདི་རྣམས་བདག་གིས་བསྐྱབ་བོ་སྙམ་དུ་སེམས་སོ་ཞེས་ཟེར་བའི་ཕྱིར་རོ། །གཞན་གྱི་དོན་དུ་བདག་ཉིད་ལ་ཤིན་ཏུ་གདུང་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཞན་དག་ལ་ཕན་པ་དང་བདེ་བའི་དོན་དུ་བདག་ཉིད་ལ་ཤིན་ཏུ་གདུང་བར་
བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྗེས་སུ་བསྟན་པ་དང་། ཀུན་བརྗོད་པའི་ཆོ་འཕྲུལ་དག་གིས་ལེགས་པར་སྟོན་པ་ཞེས་བྱ་བ་ནི་ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་ཁྱོད་ཀྱི་སེམས་ནི་འདི་ལྟ་བུ་ཡིན་ནོ། །ཁྱོད་ཀྱི་སེམས་ནི་འདི་སྙམ་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་སེམས་ཀུན་
བརྗོད་ནས་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་གདམས་ངག་ཐུན་མོང་མ་ཡིན་པ་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཕྱིན་ཅི་མ་ལོག་པ་དང་ལྡན་པས་རྗེས་སུ་སྟོན་ཏོ། །དེ་ལ་ཡོན་ཏན་ཁྱད་པར་ཅན་ཡང་དག་པར་འགྲུབ་པའི་བར་ནི་གཞན་གྱི་དོན་བྱ་བ་ཉན་ཐོས་ལ་སོགས་པ་དང་
ཐུན་མོང་བ་ཡིན་ནོ། །དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའི་དོན་ཐུན་མོང་མ་ཡིན་པ་ཡིན་ནོ། །གལ་ཏེ་རིགས་ལ་གནས་པའི་སྐྱེ་བོ་དང་མཐུན་ཞིང་ཕྱིན་ཅི་མ་ལོག་པར་འཆད་པར་འགྱུར་བ་ཞེས་བྱ་བ་ལ། རིགས་ཞེས་སྨོས་པས་ནི་ཉན་
ཐོས་ལ་སོགས་པའི་རིགས་ཅན་གྱི་སྐྱེ་བོ་བཟུང་ངོ་། །ཕྱིན་ཅི་མ་ལོག་པར་འཆད་པར་འགྱུར་བ་ཞེས་སྨོས་པས་ནི་ཉན་ཐོས་ལ་སོགས་པ་དེ་དག་ཉིད་ལས་འདོད་ཆགས་ལ་སོགས་པ་སྤྱད་པ་སྤྱོད་པའི་བྱེ་བྲག་གིས་མི་སྡུག་པ་ལ་སོགས་པ་འཆད་པར་འགྱུར་བ་སྟོན་ཏེ། བཟློག་
པ་ནི་ཕྱིན་ཅི་ལོག་ཏུ་འཆད་པ་ཡིན་ནོ། །ཞུགས་པ་རྣམས་ལ་བདག་གི་བར་འཛིན་པ་མེད་པ་ཞེས་བྱ་བ་ནི་བདག་གི་བར་འཛིན་ན་ཁོང་ཁྲོ་བ་དང་རྗེས་སུ་ཆགས་པ་དག་ཏུ་འགྱུར་རོ། །དོན་རྣམ་པར་ངེས་པར་བྱ་བ་ལ་མཁས་པའི་སྒྲུབ་པ་ཡིན་ཞེས་བྱ་བ་ནི་མི་ཤེས་པ་དང་། ཐེ་ཚོམ་ཅན་
དང་། ལོག་པའི་ཤེས་པ་ལ་མངོན་པར་ཞེན་པ་རྣམས་ཀྱིས་མི་ཤེས་པ་ལ་སོགས་པ་སེལ་བའི་ཕྱིར་རོ། །རིགས་སུ་སྐྱེ་བ་ལ་སོགས་པ་ཤིན་ཏུ་རིང་དུ་སོང་བའི་སྒྲུབ་པ་ཡིན་ཞེས་བྱ་བ་ནི་གལ་ཏེ་འདི་ས་དང་པོ་ལ་རྟོགས་པ་ཐོབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་ཡིན། ས་
Vol. 124 · folio 58a
བརྒྱད་པ་ཡན་ལ་སོགས་པར་ལུང་བསྟན་པ་ཐོབ་པའི་ཕྱིར་ལམ་མངོན་པར་འདུ་བྱ་བ་མེད་པར་རང་གི་ངང་གིས་འབྱུང་བས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མཁས་པ་ཡིན། ས་བཅུ་པ་ལ་འོད་ཟེར་དག་གིས་དབང་བསྐུར་པ་ཐོབ་པའི་ཕྱིར་དབང་བསྐུར་བ་ཡིན་ན་
དེ་ལྟ་ན་གཞན་དག་རིགས་སུ་སྐྱེ་བ་ལ་སོགས་པར་བྱ་བར་ནུས་སོ། །མི་རྟག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་བདེ་བའི་ཚོར་བ་ནི་སྐྱེ་བའི་དུས་ན་ཕན་འདོགས་པ་ཡིན་ལ་འཇིག་པའི་དུས་ན་གནོད་པར་བྱེད་པ་ཡིན་ཏེ། དེ་བས་ན་མི་རྟག་པའི་ཕྱིར་སྡུག་བསྔལ་བ་ཞེས་བྱ་བའོ། །ཞི་
དགའ་རང་གི་ལེན་པ་རབ་ཞི་ལ། །ཞེས་བྱ་བ་ནི་ཉན་ཐོས་རྣམས་ནི་སོ་སོ་རང་གི་བདག་ཉིད་ཀྱིས་ལེན་པ་ཉོན་མོངས་པ་ཉེ་བར་ཞི་བར་བྱེད་དེ། ཉོན་མོངས་པ་ཉིད་ལེན་པ་ཡིན་པས་ན་ལེན་པ་ཉོན་མོངས་པའོ། །ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། རབ་འབྱོར་གལ་ཏེ་
གཟུགས་དངོས་པོར་འགྱུར་གྱི་དངོས་པོ་མེད་པ་མ་ཡིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་མི་འགྱུར་ཞེས་བྱ་བ་ནི་འདི་སྐད་དུ་བཤད་པ་ཡིན་ཏེ། གལ་ཏེ་གཟུགས་
ལ་སོགས་པའི་ཆོས་འདི་དག་ཇི་ལྟར་བྱིས་པ་རྣམས་ཀྱིས་མངོན་པར་བརྗོད་ཅིང་འཛིན་པ་དེ་ཁོ་ན་ལྟར་འདི་དག་ཡོངས་སུ་གྲུབ་པ་ཉིད་དུ་གྱུར་ཅིང་དངོས་པོར་གྱུར་གྱི་ཞེས་བྱ་བའི་ཐ་ཚིག་གོ། །དངོས་པོ་མེད་པ་མ་ཡིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ལྷ་དང་མི་ལ་སོགས་པ་དང་
བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་ངེས་པར་འབྱུང་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བྱིས་པ་དང་མཁས་པ་དག་ལ་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་དེ་ཁོ་ན་ཉིད་མཐོང་བ་ཁོ་ནར་འགྱུར་ཏེ་དེ་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། དངོས་པོ་རྣམས་ཀྱི་ཡོད་པ་ཉིད། །
ཇི་ལྟར་བྱིས་པས་རྣམ་བརྟགས་ཤིང་། །དེ་ལྟར་མཐོང་དེ་གལ་ཏེ་ཡིན། །ཐམས་ཅད་དེ་ཉིད་མཐོང་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །གང་གི་ཕྱིར་གཟུགས་ལ་སོགས་པའི་ཆོས་འདི་དག་བྱིས་པས་ཀུན་བརྟགས་པའི་བདག་ཉིད་ཀྱིས་མེད་པའི་ངོ་བོ་ཡིན་པ་དེའི་ཕྱིར་
Vol. 124 · folio 58b
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཚུལ་བཞིན་རབ་ཏུ་སྦྱོར་བ་རྣམས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་ཐེག་པ་ཆེན་པོ་ཡིན་ཏེ། རྒྱུ་འདི་ཉིད་ཀྱིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་
ངེས་པར་འབྱུང་བར་འགྱུར་རོ། །སྒྲུབ་པའི་འོག་ཏུ་དེ་ཁོ་ན་ཉིད་ཀྱི་སྐབས་ཡིན་ཏེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། སྒྲུབ་པ་འདི་ནི་སྲིད་དང་འགྲོ་བ་ཀུན། །ཟིལ་གྱིས་མནན་འགྲོ་ཞི་བ་མཆོག་དང་ལྡན། །ཞེས་བྱ་བ་ལ་སོགས་པ་བཤད་མ་ཐག་པ་ཡིན་ཏེ།
ཆེ་བ་ཉིད་དེ་རྣམ་པ་བཞི་ཆར་ཡང་སྒྲུབ་པ་དང་ལྡན་པ་དེ་ཁོ་ན་ཉིད་མཐོང་བ་ཡིན་གྱི། གཞན་གྱི་ནི་མ་ཡིན་པས། རང་དང་གཞན་གྱི་དོན་བསྒྲུབ་པ་ནི་བཤད་མ་ཐག་པ་ཡིན་ནོ། །རང་དང་གཞན་གྱི་དོན་ལ་ཞུགས་པ་ཡང་ཀུན་ནས་ཉོན་མོངས་པ་མེད་པར་བྱ་དགོས་པས་དེའི་ཕྱིར་
མཇུག་ཐོགས་སུ་ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་དེ་ཁོ་ན་ཉིད་ཀྱིས་སྟོན་ཏོ། །ཀུན་བརྟགས་པ་དང་གཞན་གྱི་དབང་གི་མཚན་ཉིད་དག་གིས་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་དབང་དུ་བྱས་ནས་བཤད་པ་ཡིན་ཏེ། དེ་ནི་བསླབ་པའི་དམིགས་པ་ཉིད་དུ་
བཤད་དོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་ལམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་མོད་ཀྱི། དེ་ནི་ཚིགས་སུ་བཅད་པ་འདིར་མ་སྨོས་ཏེ། དེའི་མཚན་ཉིད་ནི་ལོགས་ཤིག་ཏུ་འཆད་པར་འགྱུར་རོ། །ཀུན་བརྟགས་པ་དང་གཞན་གྱི་
དབང་དག་དང་ཡོངས་སུ་གྲུབ་པར་གཅིག་པ་ཉིད་མེད་པས་དེ་བཞིན་མ་ཡིན་ནོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་ཆོས་རྣམས་ནི་ཡོད་པ་མ་ཡིན་པ་ལས་ཡང་དག་པ་མ་ཡིན་པ་ཉིད་དུ་སྣང་བ་ཡིན་ལ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་བདེན་པ་ཡང་དག་པ་ཕྱིན་ཅི་མ་ལོག་པ་ཡིན་ཏེ།
དེས་ན་འདི་ཀུན་བརྟགས་པའི་ངོ་བོ་ཉིད་མ་ཡིན་ནོ། །གཞན་གྱི་དབང་གི་ངོ་བོ་ཉིད་ཀྱང་ཀུན་བརྟགས་པ་དེའི་གཞིར་གྱུར་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཀུན་ནས་ཉོན་མོངས་པའི་བདག་ཉིད་དུ་སྣང་བ་ཡིན་ལ། ཆོས་ཀྱི་དབྱིངས་ནི་དེ་ལས་བཟློག་པ་ཡིན་ཏེ། དེ་ལྟ་བས་ན་
Vol. 124 · folio 59a
གཞན་གྱི་དབང་གི་ངོ་བོ་ཉིད་ཀྱང་མ་ཡིན་ནོ། །དེ་དག་ཁོ་ན་དང་གཞན་པ་ཉིད་མེད་པས་གཞན་མ་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་བརྟགས་པའི་ངོ་བོ་ཉིད་དང་བྲལ་བ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་པ་དེའི་ཕྱིར་གཞན་ཉིད་
དུ་ཡང་རྣམ་པར་མི་གཞག་སྟེ། མི་རྟག་པ་ཉིད་ལ་སོགས་པ་བཞིན་ནོ། །འགག་པ་དང་སྐྱེ་བ་ན་དེ་བཞིན་གནས་པའི་ཕྱིར་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ནི་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་ཆོས་འགག་པ་ན་ཡང་ཉམས་པ་མེད་ལ། རྣམ་པར་བྱང་བ་ལམ་གྱི་
ངོ་བོ་ཉིད་ཀྱི་ཆོས་སྐྱེ་བ་ན་ཡང་འཕེལ་བ་མེད་དེ། ནམ་མཁའ་ལ་སྤྲིན་དང་ཁུག་རྣ་གློ་བུར་པ་འོངས་པ་དང་བྲལ་བ་བཞིན་ནོ། །བདག་ཏུ་ལྟ་བའི་ཕྱིན་ཅི་ལོག་དགག་པར་ཞེས་བྱ་བ་ནི་གང་ཟག་ལ་བདག་མེད་པའི་དབང་དུ་བྱས་པ་ཡིན་ནོ། །རེ་ཞིག་བདག་ཏུ་ལྟ་བ་ཉིད་ནི་བདག་གི་མཚན་ཉིད་
མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདག་ནི་རྟག་པ་དང་ཐམས་ཅད་ན་ཡོད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ལ། བདག་ཏུ་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་སྟེ། སེམས་ལས་བྱུང་བའི་ཆོས་ཐམས་ཅད་ནི་ཡོད་པ་མ་ཡིན་པ་མི་རྟག་པ་བདག་ཉིད་ཐོབ་པའི་དུས་ན་ཡང་བྱེད་པ་དང་བཅས་
པ་ལྟ་བུར་སྣང་བས་བྱ་བ་དང་བཅས་པ་ཡིན་ཏེ། དེ་ལྟ་བས་ན་བདག་ཏུ་ལྟ་བ་ཉིད་ནི་བདག་གི་མཚན་ཉིད་མ་ཡིན་ནོ། །རྣམ་པ་འདི་ཉིད་ཀྱིས་ངན་པར་གནས་པ་ཡང་བདག་གི་མཚན་ཉིད་མ་ཡིན་ཏེ། ངན་པར་གནས་པ་ཞེས་སྨོས་པས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་གཟུང་ངོ་། །འདི་
གཉིས་ལས་གཞན་པའི་བདག་གི་མཚན་ཉིད་ཀྱང་མི་དམིགས་ཞེས་བྱ་བ་ནི་དངོས་པོ་ཡོད་པ་གང་དག་ཡིན་པ་དེ་དག་ནི་མངོན་སུམ་གྱི་ཚད་མའམ་རྗེས་སུ་དཔག་པས་དམིགས་ཏེ། གཟུགས་ལ་སོགས་པ་ནི་མངོན་སུམ་གྱིས་སོ། །མིག་ལ་སོགས་པ་ནི་རྗེས་སུ་དཔག་པས་སོ། །
བདག་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་མི་དམིགས་ཏེ། དེ་ལྟ་བས་ན་བདག་ནི་མེད་ཀྱི། སེམས་ཁོ་ན་ལ་བདག་ཏུ་འདོགས་པར་ཟད་དོ། །བདག་ཏུ་ལྟ་བ་གང་ཡིན་པ་དེ་ནི་ནོར་པ་སྐྱེས་པ་ཡིན་ནོ་ཞེས་བྱ་བ་དེ་ནི་ཐག་པ་ལ་སྦྲུལ་དུ་འཁྲུལ་པ་བཞིན་ནོ། །ཐག་པ་ཡང་ནོར་
Vol. 124 · folio 59b
པ་ཙམ་ཟད་པ་ཡིན་ཞེས་བྱ་བ་དེ་ནི་ཐག་པ་ལ་སྦྲུལ་དུ་འཁྲུལ་པ་དང་བྲལ་བས་ལུས་དང་སེམས་ཉམ་ང་བ་མེད་པ་དང་འདྲའོ། །ཙམ་ཞེས་སྨོས་པ་ནི་བདག་གི་དངོས་པོ་མེད་པའི་ཕྱིར་ནོར་པ་ཙམ་ཁོ་ན་ཡོད་ཀྱི། བདག་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །སྡུག་བསྔལ་རང་བཞིན་རྒྱུན་ཆགས་
རྟོགས་མི་འགྱུར། །ཞེས་བྱ་བ་ནི་སྡུག་བསྔལ་གྱི་རང་བཞིན་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འཇིག་ཚོགས་ལ་ལྟ་བ་དང་བཅས་པའི་མ་རིག་པས་བསྒྲིབས་པ་རྟོགས་པར་མི་འགྱུར་ཞེས་བྱ་བ་ཡིན་ནོ། །རིག་མིན་ཞེས་བྱ་བ་ནི་ཟག་པ་མེད་པའི་ཡེ་ཤེས་ཀྱིས་སོ། །རིག་ཉིད་ཅེས་བྱ་བ་ནི་
ཟག་པ་དང་བཅས་པའི་ཤེས་པས་ཉམས་སུ་མྱོང་བའི་རྣམ་པ་ཅན་གྱིས་སོ། །དེ་ཇི་ལྟར་མཐོང་བ་ལ་སོགས་པ་ནི་གཞན་གྱི་བྱས་ཞེས་བྱ་བའི་ལྟ་བ་འདི་ལ་བརྟེན་ཞེས་བྱ་བ་ནི་མཐོང་བ་དང་། ཐོས་པ་དང་། སྣོམ་པ་དང་། མྱོང་བ་དང་། རེག་པ་དང་། རྣམ་པར་ཤེས་པ་གང་ཡིན་
པ་དེ་ནི་དབང་ཕྱུག་ལ་སོགས་པས་བྱས་སོ་ཞེས་པ་སྟེ། མཛངས་ཤིང་མཁས་པ་སུ་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་ནས་དབང་ཕྱུག་ལ་སོགས་པས་བྱས་པར་ལྟ་བ་འདི་ལ་བརྟེན། བདག་མེད་པར་ཞི་བ་རུང་བར་ཚིགས་སུ་བཅད་པ་ཞེས་བྱ་བ་ནི། བདག་ཅེས་བྱ་བའི་སྒྲ་ནི་
གང་ཟག་ལ་སོགས་པའི་རྣམ་གྲངས་ལ་ཡང་མཐོང་སྟེ། བདག་དང་། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་དག་ལའོ། །ཆོས་དག་ལ་ཡང་མཐོང་སྟེ། ཆོས་ངོ་བོ་ཉིད་དང་བཅས་པ་ཞེས་བྱ་བ་ནི་བདག་དང་བཅས་པ་ཞེས་བྱ་བར་ཤེས་
སོ། །འདི་ལས་ཕྱི་རོལ་པ་ཕྱིན་ཅི་ལོག་ཏུ་གྱུར་པ་དག་ནི་བདག་མེད་པ་ལས་བདག་ཏུ་མངོན་པར་ཞེན་ལ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ནི་ཆོས་འདི་དག་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་དག་གིས་དམིགས་པ་དེ་ཁོ་ན་བཞིན་དུ་འདི་དག་བདག་གི་ངོ་བོ་ཉིད་ཡོད་དོ་ཞེས་ཆོས་རྣམས་ལ་ཕྱིན་
ཅི་ལོག་སྟེ། ཕྱིན་ཅི་ལོག་ཏུ་གྱུར་པ་བདག་ཏུ་ལྟ་བ་དང་ཆོས་སུ་ལྟ་བ་ལ་གནས་པར་དམིགས་པ་དེ་དག་གལ་ཏེ་བདག་གམ་ཆོས་ཤིག་མེད་ན་ཇི་ལྟར་ན་ཐར། སུ་ཞིག་ནི་ཐར་ཞེས་ཕྱིར་རྒོལ་བར་བྱེད་དེ། དེ་དག་ལ་བྱིས་པ་སོ་སོའི་སྐྱེ་བོས་ཀུན་བརྟགས་པའི་བདག་དང་ཆོས་
Vol. 124 · folio 60a
རྣམས་མེད་ན་ཐར་གྱི་ཡོད་ན་ནི་མ་ཡིན་ནོ་ཞེས་བཤད་དོ། །འདི་ལ་དོན་དམ་ཚུལ་གྱིས་ཞི་བ་དང་། །སྐྱེ་བ་དེ་གཉིས་ཁྱད་པར་ཅི་ཡང་མེད། །ཅེས་བྱ་བ་ནི་དོན་དམ་པའི་ཚུལ་བདག་མེད་པར་མཉམ་པ་ཉིད་ཀྱིས་ནི་ཇི་ལྟར་འཁོར་བ་གང་ཟག་དང་བྱིས་པའི་སྐྱེ་
བོས་ཀུན་བརྟགས་པའི་ཆོས་རྣམས་ཀྱི་སྟོང་པ་ལྟར་མྱ་ངན་ལས་འདས་པ་ཡང་དེ་དང་འདྲ་ལ། ཆོས་དང་གང་ཟག་ལ་བདག་མེད་པ་དེ་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་མཉམ་པ་ཉིད་དུ་ལྡན་ཏེ། འཁོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་མྱ་ངན་ལས་འདས་པའི་ཡང་
ཡིན་པས་རྒྱུ་འདིས་ན་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་ཁྱད་པར་ཅི་ཡང་མེད་དོ། །སྐྱེ་བ་ནི་འཁོར་བ་ཡིན་ཏེ། དེ་ནི་ཕྱིན་ཅི་ལོག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྒྱུ་ལས་བྱུང་བ་ལ་སོགས་པས་སྐྱེ་བ་ཡིན་ནོ། །སྐྱེ་བ་དེ་ཟད་པ་ནི་ཐར་པ་ཐོབ་པ་ཡིན་ལ། དེ་ཡང་
དགེ་བ་བྱེད་པ་ཚུལ་བཞིན་ཡིད་ལ་བྱེད་པའི་རྒྱུས་ལམ་བསྒོམ་པ་རྣམས་ཀྱི་ཡིན་པས་སྐྱེ་བ་ཟད་པ་ནི་ཐར་པ་ཞེས་བྱའོ། །དོན་དམ་པའི་ཡེ་ཤེས་ལ་འཇུག་པའི་ཚིགས་སུ་བཅད་པ་བཞི་སྟེ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་ཐུན་མོང་མ་ཡིན་པའི་དབང་དུ་བྱས་པ་སྟེ།
བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་ཆོས་ལ་བདག་མེད་པར་རྟོགས་པར་འགྱུར་བ་དེའི་དབང་དུ་བྱས་ནས་ཚིགས་སུ་བཅད་པ་ཡིན་ནོ། །སྔར་ནི་གང་ཟག་ལ་བདག་མེད་པར་བཤད་པ་ཡིན་ནོ། །ད་ནི་ཆོས་ལ་བདག་མེད་པའོ། །དོན་གྱི་རྣམ་པར་བརྗོད་པའི་རྒྱུ་ཅན་རྟོགས། །
ཞེས་བྱ་བ་ནི་སྣ་ཚོགས་འདི་ནི་ཡིད་ལ་བརྗོད་པ་ཙམ་ཁོ་ནར་ཟད་ཀྱི། འདི་ལ་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་དོན་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་སྟེ། དྲོ་བར་གྱུར་པའི་གནས་སྐབས་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཡིན་ནོ། །མཐའ་ཡས་ཕ་རོལ་ཞེས་བྱ་བ་ནི་བསྐལ་པ་གྲངས་
མེད་པ་དང་པོའི་ཕ་རོལ་ཏུ་ཕྱིན་ནས་ས་དང་པོ་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡིས་བརྗོད་པ་ཙམ་དུ་དོན་རིག་ནས། །ཞེས་བྱ་བ་ནི་དྲོ་བར་གྱུར་པའི་རབ་ཀྱི་མཐར་ཕྱིན་ཏེ། རྩེ་མོ་ལ་འཇུག་པའི་གནས་སྐབས་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེར་སྣང་སེམས་
Vol. 124 · folio 60b
ཙམ་ལ་ནི་ཡང་དག་གནས། །ཞེས་བྱ་བ་ནི་དེ་ཁོ་ནའི་དོན་གྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ཏེ། བཟོད་པའི་གནས་སྐབས་ཡིན་ནོ། །དེ་ནས་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་དང་། །བྲལ་བ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །ཞེས་བྱ་བ་ནི་
བར་ཆད་མེད་པའི་ཏིང་ངེ་འཛིན་ཏེ། འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སྐབས་སོ། །གཉིས་ཀྱི་མཚན་ཉིད་དང་བྲལ་བ་ནི་གཟུང་བ་དང་འཛིན་པའི་མཚན་ཉིད་དང་ངོ་། །དེ་ནས་ནི་མཐོང་བའི་ལམ་གྱི་གནས་སྐབས་སུ་འགྱུར་རོ། །གོང་དུ་དེ་ཡིས་བརྗོད་པ་ཙམ་
དུ་དོན་རིག་ནས། །དེར་སྣང་སེམས་ཙམ་ལ་ནི་ཡང་དག་གནས། །ཞེས་བཤད་པ་དེ་ནི་གཟུང་བ་མེད་པར་བསྟན་ཏོ། །སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་བྱ་བས་ནི་འཛིན་པ་མེད་པར་བསྟན་ཏོ། །
བཟོད་པ་ཆེན་པོའི་གནས་སྐབས་ན་ནི་གཟུང་བ་མ་ལུས་པར་མེད་པར་རྟོགས་སོ། །དེའི་མཇུག་ཐོགས་སུ་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སྐབས་ན་ནི། གཟུང་བ་མེད་ན་གང་ལ་འཛིན། །ཞེས་འཛིན་པ་མེད་པར་རྟོགས་ཏེ། རིམ་པ་འདིས་གཟུང་བ་དང་འཛིན་པ་
མེད་པར་སྟོན་ཏོ། །དེ་ལ་བརྟེན་པའི་ཉེས་ཚོགས་ཚང་ཚིང་དག །དུག་སྨན་ཆེན་པོས་དུག་བཞིན་སེལ་བར་བྱེད། །ཅེས་བྱ་བ་ལ། དེ་ལ་བརྟེན་པའི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་ལ་བརྟེན་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པ་དེ་ལ་བརྟེན་ནས་སྐྱེས་པ་རྣམ་
པར་མི་རྟོག་པའི་ཡེ་ཤེས་དུག་སྨན་ལྟ་བུ་དེ་ལ་བརྟེན་ནས་སྐྱེས་པ་ཉེས་པའི་ཚོགས་ཚང་ཚིང་རིང་ནས་ཞུགས་པ་གང་ཡིན་པ་དེ་སེལ་བར་བྱེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དོན་དམ་པའི་ཡེ་ཤེས་ལ་ཞུགས་པ་དེས་སངས་རྒྱས་ཀྱིས་གསུངས་པའི་དམ་པའི་ཆོས་ལེགས་པར་
གཞག་པ་རྩ་བའི་སེམས་བསྡུས་པའི་ཆོས་ལ་དམིགས་པའི་ཆོས་ཀྱི་དབྱིངས་ལ་བློ་གྲོས་གཞག་སྟེ་ཞེས་བྱ་བ་ལ་རྩ་བའི་སེམས་བསྡུས་པའི་ཆོས་ལ་དམིགས་པ་ཞེས་ཇི་ལྟར་ཤེས་ཤེ་ན། མདོ་སྡེའི་རྒྱན་འདི་ཉིད་ལས་ཤེས་ཏེ། འདི་ལྟར་འདི་ཉིད་ལས་གདམས་ངག་རྗེས་སུ་
Vol. 124 · folio 61a
བསྟན་པའི་ལེའུ་ལས། དེ་ནས་མདོ་ལ་སོགས་པའི་ཆོས། །མི་གཉིས་དོན་སྟོན་བྱེད་པ་ལ། །ཐོག་མ་ཁོ་ནར་སྡོམ་བརྩོན་ཏེ། །མདོ་སོགས་མིང་ལ་སེམས་འཇོག་གོ། །དེ་ནས་ཚིག་རབ་དབྱེ་རྣམས་ལ། །རིམ་གྱིས་རྣམ་པར་དཔྱོད་པར་བྱེད། །ཅེས་
འཆད་པར་འགྱུར་ཏེ། དེ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་སེམས་དྲུག་པོ་རྩ་བའི་སེམས་དང་རྗེས་སུ་དཔྱོད་པའི་སེམས་དང་། རྣམ་པར་དཔྱོད་པའི་སེམས་དང་། ངེས་པར་འཛིན་པའི་སེམས་དང་། སྡོམ་པའི་སེམས་དང་། རེ་བའི་སེམས་ཞེས་འཆད་པར་
འགྱུར་རོ། །དེ་ལ་རྩ་བའི་སེམས་ནི་མདོ་ལ་སོགས་པའི་ཆོས་རྣམས་ཀྱི་མིང་ལ་དམིགས་པ་གང་ཡིན་པ་སྟེ། མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པའི་ཆོས་ལ་མདོའི་སྡེ་ཞེས་བྱ་བ་ནི་ས་བཅུ་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཡང་ན་ཐེག་པ་ཆེན་པོའི་ཆོས་
མཐའ་དག་ལ་སེམས་གང་གིས་དམིགས་པ་དེ་ནི་རྩ་བའི་སེམས་ཡིན་ནོ། །ཚིག་རབ་ཏུ་དབྱེ་བ་དག་ལས་དྲངས་ཏེ་བསྡུས་པའི་ཆོས་ལ་དམིགས་པའི་སེམས་གང་ཡིན་པ་དེ་ནི་ལས་སུ་རུང་བ་ཡིན་ནོ་ཞེས་རྣལ་འབྱོར་སྤྱོད་པ་རྣམས་འཆད་དོ། །བསྡུས་པའི་ཆོས་ལ་དམིགས་པ་དེའི་ཆོས་
ཀྱི་དབྱིངས་ལ་བློ་གྲོས་བཞག་ནས་དྲན་པ་གང་དང་གང་སྐྱེ་བའི་དྲན་པ་འཇུག་པ་དེ་དག་ཐམས་ཅད་རྟོག་པ་ཙམ་དུ་ཁོང་དུ་ཆུད་དེ། དེ་ལྟར་ན་མྱུར་དུ་ཡོན་ཏན་རྒྱ་མཚོའི་ཕ་རོལ་སངས་རྒྱས་ཉིད་དུ་འགྲོ་བར་འགྱུར་ཏེ། ཚིགས་སུ་བཅད་པ་འདིས་ནི་ཇི་ལྟར་ན་བསྒོམ་པའི་ལམ་གྱི་མཐར་
ཐུག་པར་གྱུར་པ་སངས་རྒྱས་ཀྱི་ས་ལ་འཇུག་པ་དེ་བཞིན་དུ་བསྟན་ཏོ། །ཚིགས་སུ་བཅད་པ་འདི་རྣམས་ཀྱི་བསྡུས་པའི་དོན་ནི་དང་པོས་ནི་ཚོགས་ཀྱི་ལམ་བསྟན་ཏོ། །གཉིས་པའི་ཕྱེད་ཀྱིས་ནི་སྦྱོར་བའི་ལམ་མོ། །གཉིས་པའི་ཕྱེད་འོག་མས་ནི་མཐོང་བའི་ལམ་མོ། །
བཞི་པས་ནི་བསྒོམ་པའི་ལམ་མོ། །ལྔ་པས་ནི་མཐར་ཐུག་པའི་ལམ་མོ། །དེ་ཁོ་ན་ཉིད་ཀྱི་སྐབས་སོ།། །།དེ་ཁོ་ན་ཉིད་ཀྱི་སྐབས་ཀྱི་འོག་ཏུ་མཐུའི་སྐབས་ཡིན་ཏེ། འདིའི་འབྲེལ་པ་གང་ཞེ་ན། བྱང་ཆུབ་སེམས་དཔས་ནི་རང་གི་དོན་དང་གཞན་
Vol. 124 · folio 61b
གྱི་དོན་གཉིས་བྱ་དགོས་སོ། །དེ་ལ་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པ་ནི་རང་གི་དོན་ཡིན་ནོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་གཞན་གྱི་དོན་ཡིན་ནོ། །དེ་ཁོ་ན་ཉིད་རྟོགས་པ་ལས་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་ལ། དེའི་འོག་
ཏུ་དེ་ཁོ་ན་ཉིད་རྟོགས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ། ཡོན་ཏན་ཁྱད་པར་ཅན་མངོན་པར་བསྒྲུབས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ། །མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་དེ་དག་ཀྱང་རྗེས་ལ་མངོན་པར་རྟོགས་པ་དང་། མཐར་
ཐུག་པའི་མངོན་པར་རྟོགས་པས་གྲུབ་པས་དེ་ཁོ་ན་ཉིད་ཀྱི་སྐབས་ཀྱི་འོག་ཏུ་མཐུའི་སྐབས་ཡིན་ནོ། །ཡང་ན་ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་སུ་དེ་ཁོ་ན་ཉིད་ཀྱི་དོན་བཤད་དོ། །ཀུན་ནས་ཉོན་མོངས་པ་མེད་པ་ཡང་ཇི་སྲིད་དུ་འདུལ་བ་དག་ལ་དབང་མ་ཐོབ་པ་དེ་སྲིད་དུ་
གདུལ་བ་བསྒོ་བ་མི་ཉན་པས་ཡོངས་སུ་སྐྱོ་བར་འགྱུར་ཏེ། དེ་དག་དད་པར་བྱེད་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་འོག་ཏུ་ཡོངས་སུ་མི་སྐྱོ་བའི་ཐབས་མཐུའི་སྐབས་ཡིན་ནོ། །གཞན་དག་གི་སྐྱེ་བ་ཤེས་པ་ནི་འཆི་འཕོ་དང་། སྐྱེ་བ་མངོན་པར་ཤེས་པ་ཡིན་ནོ་
ཞེས་བྱ་བ་ནི་གཞན་དག་གི་སྐྱེ་བ་ཤེས་པ་འབའ་ཞིག་ཏུ་མ་ཟད་ཀྱི། དེས་ནི་འཆི་འཕོ་ཡང་ཤེས་ཏེ། དུ་བ་ལས་མེ་བཞིན་དུ་གང་ན་སྐྱེ་བ་ཤེས་པ་ཡོད་པ་དེ་ན་འཆི་འཕོ་ཤེས་པ་ཡང་གདོན་མི་ཟ་བར་ཡོད་པས་སྐྱེ་བ་ཤེས་པ་ཁོ་ན་བཤད་དོ། །དེ་དང་དེ་དག་ཏུ་སྐྱེས་པ་རྣམས་
ཇི་སྐད་དུ་སྨྲ་བའི་ཚིག་ཅེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་ཚིག་གང་སྨྲ་བ་དེ་དག་བྱང་ཆུབ་སེམས་དཔའི་ལྷའི་རྣ་བས་ཐོས་སོ། །སྔོན་དགེ་བ་དང་མི་དགེ་བ་བསྐྱེད་པ་ཤེས་པ་ནི་སྔོན་གྱི་གནས་མངོན་པར་ཤེས་པའོ་ཞེས་བྱ་བ་ནི་གང་ཟག་གི་ཚེ་རབས་སྔ་མ་གཞན་དག་ལ་དགེ་བའམ་
མི་དགེ་བའི་ལས་གང་ཞིག་བྱས་པའི་ལས་བག་ཆགས་ཀྱི་གནས་སྐབས་དེ་ཤེས་པ་ནི་དགེ་བ་དང་མི་དགེ་བ་སྐྱེད་པ་ཤེས་པའོ། །ཇི་ལྟར་རྣམ་པར་གནས་པ་ཡིད་ལ་བྱེད་པ་ནི་མངོན་པར་ཤེས་པ་གང་དང་གང་རྣམ་པ་གང་གིས་སྐྱེ་བར་འགྱུར་བ་འདི་ལྟ་སྟེ། རྫུ་འཕྲུལ་གྱི་མངོན་པར་ཤེས་
Vol. 124 · folio 62a
པའི་ལུས་ཡང་བར་མོས་པ་ལ་སོགས་པ་ལྟ་བུ་དེ་ལྟ་དེ་ལྟར་ཡིད་ལ་བྱེད་པ་ལས་ཚུལ་བཞིན་ཡིད་ལ་བྱེད་པ་སྐྱེ་ལ། དེ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བས། ཇི་ལྟར་རྣམ་གནས་ཡིད་ལ་བྱེད་པ་ལས། །ཞེས་བྱ་སྟེ། རིམ་པ་འདིས་དང་། རྒྱུ་
འདི་དང་བྱེད་རྒྱུ་འདིས་མཐུ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གིས་འཕགས་དང་ལྷ་དང་ཚངས་པ་ཡི། །གནས་པ་ཞེས་བྱ་བ་ནི་བཤད་མ་ཐག་པའི་མཐུ་གང་གིས་གནས་པ་དང་། ཡང་དག་པར་འཆོས་པར་བྱེད་པ་དང་། རྣམ་པར་དག་པ་སྐྱེད་པར་བྱེད་པ་ཞེས་བྱ་
བར་སྦྱར་རོ། །འཕགས་པ་ལ་སོགས་པའི་བདེ་བར་གནས་པ་ཞེས་བྱ་བ་ལ། འཕགས་པའི་གནས་པ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། འཕགས་པའི་བདེན་པ་བཞི་དང་། ས་དང་ཕ་རོལ་ཏུ་ཕྱིན་པས་བསྡུས་པའོ། །ལྷའི་གནས་པ་ནི་
བསམ་གཏན་དང་གཟུགས་མེད་པའོ། །ཚངས་པའི་གནས་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ། །འཇིག་རྟེན་གྱི་ཁམས་རྣམས་སྒྱུ་མ་ལྟ་བུ་ཉིད་དུ་མཐོང་ལ་ཞེས་བྱ་བ་ནི་ཇི་ལྟར་སྒྱུ་མ་ལ་ཡང་དག་པ་མ་ཡིན་པ་གླང་པོ་ཆེ་དང་། རྟ་ལ་སོགས་པ་
སྐྱེ་བ་ཡང་སྣང་། འཇིག་པ་ཡང་སྣང་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ནི་འཆགས་པར་མཐོང་ལ། གཞན་དག་ནི་འཇིག་པར་མཐོང་ངོ་། །སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་ཏིང་ངེ་འཛིན་དཔག་ཏུ་མེད་པས་རྣམ་པར་རོལ་བ་ཀུན་
ཏུ་སྟོན་པའི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་འཕགས་པ་འཇམ་དཔལ་བཅོམ་ལྡན་འདས་ཀྱི་འཁོར་གྱི་ནང་དུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་བྱང་ཆུབ་སེམས་དཔའ་གང་གིས་ཀྱང་ཏིང་ངེ་འཛིན་དེ་ལས་བསླང་བར་མ་ནུས་པ་ལས་བུ་མོ་བློ་གྲོས་བཟང་མོས་
བསླང་བ་ལྟ་བུ་སྟེ། དེ་ལྟ་བུ་ལ་སོགས་པ་ཏིང་ངེ་འཛིན་གྱིས་རྣམ་པར་རོལ་པ་ཐེག་པ་ཆེན་པོའི་མདོ་སྡེ་ལས་འབྱུང་བ་དག་ཡིན་ནོ། །མངོན་པར་ཤེས་པ་ནི་དྲུག་སྟེ། འཕོ་བ་དང་། མཐུན་པར་ཐོས་པ་དང་། སེམས་ཀྱི་སྤྱོད་པ་དང་། འཇུག་པ་དང་། འགྲོ་བ་དང་།
Vol. 124 · folio 62b
འོང་བ་དང་། དེས་པར་འབྱུང་བའི་སྒོ་ནས་རིག་པར་བྱའོ། །རིག་པ་ནི་གསུམ་སྟེ། སྔོན་གྱི་མཐའ་ལ་སོགས་པ་ལ་མ་རིག་པ་བཟློག་པའི་ཕྱིར་རོ། །རྣམ་པར་ཐར་པ་ནི་བརྒྱད་དེ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་
པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ནི། རྣམ་པར་ཐར་པ་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱ་བ་ནས་རྫོགས་པར་བྱས་ཏེ། གནས་པ་ནི་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི་བཞི་པའོ། །རྣམ་
ཤེས་མཐའ་ཡས་སྐྱེ་མཆེད་ནི་ལྔ་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ནི་དྲུག་པའོ། །ཡོད་མིན་མེད་མིན་སྐྱེ་མཆེད་ནི་བདུན་པའོ། །འགོག་པའི་སྙོམས་པར་འཇུག་པ་ནི་བརྒྱད་པའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི་བརྒྱད་དེ། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་
གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱི་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟར་འདུ་ཤེས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །གཟུགས་ཆེན་པོ་ལ་ཡང་དེ་དང་འདྲ་སྟེ། འདི་ནི་
གཉིས་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་ཤེས། ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟར་འདུ་ཤེས་པ་དེ་ནི་ཟིལ་གྱིས་མནན་པའི་སྐྱེ་
མཆེད་གསུམ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་ཞེས་བྱ་བ་ལ་སོགས་པ་འདི་ནི་བཞི་པའོ། །བཞི་ནི་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་གོ། །
ཟད་པར་གྱི་སྐྱེ་མཆེད་ནི་ཟད་པར་ས་དང་། ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དག་གོ། །ཏིང་ངེ་འཛིན་ནི་དཔའ་བར་འགྲོ་བ་ལ་
Vol. 124 · folio 63a
སོགས་པ་དཔག་ཏུ་མེད་པའོ། །མཐུ་དང་ཆེ་བའི་བདག་ཉིད་ལ་ཁྱད་པར་ཅི་ཡོད་ཅེ་ན། མཐུ་ནི་རང་གི་རྟེན་ལ་ཡོད་པའོ། །ཆེ་བའི་བདག་ཉིད་ནི་མཐུ་དང་ལྡན་པ་གཞན་དག་ལ་ཕན་པར་བྱེད་པའོ། །མཐུའི་སྐབས་རྫོགས་སོ།། །།
མཐུའི་འོག་ཏུ་ཡོངས་སུ་སྨིན་པའི་སྐབས་ཡིན་ཏེ། དེའི་འབྲེལ་པ་གང་ཡིན་ཞེ་ན། སྔར། རྒྱ་ཆེའི་ཕྱིར་དང་ཟབ་པའི་ཕྱིར། །ཡོངས་སུ་སྨིན་དང་རྣམ་མི་རྟོག །དེ་ཕྱིར་འདི་ལས་གཉིས་བསྟན་ཏེ། །དེ་ནི་བླ་ན་མེད་པའི་ཐབས། །ཞེས་བཤད་པས་མཐུ་
རྒྱ་ཆེན་པོ་བསྟན་པ་མཐོང་བས་ནི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་མཐུ་མཐོང་ནས་དེ་ལ་མོས་པ་རྣམས་དེ་ཐོབ་པར་བྱ་བའི་ཕྱིར་འབད་དོ། །ཟབ་མོ་བསྟན་པས་ནི་རྣམ་པར་མི་རྟོག་སྟེ། དེ་དག་གིས་གོ་རིམས་བཞིན་དུ་སེམས་ཅན་
རྣམས་ཡོངས་སུ་སྨིན་པ་དང་། བདག་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་དོ་ཞེས་དེ་སྐད་དུ་བཤད་དོ། །དེའི་ཕྱིར་མཐུའི་འོག་ཏུ་ཡོངས་སུ་སྨིན་པའི་སྐབས་ཡིན་ནོ། །རྣམ་པ་གཅིག་ཏུ་ན་ཡོངས་སུ་མི་སྐྱོ་བའི་ཐབས་མཐུ་བཤད་མ་ཐག་པ་ཡིན་ཏེ། འཁོར་
བའི་ལོག་པར་བསྒྲུབ་པ་དང་། སྡུག་བསྔལ་དག་གིས་མི་སྐྱོ་བའི་དུས་རིང་པོར་སངས་རྒྱས་ཀྱི་ཆོས་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ན་དག་པའི་ཆོས་རྣམས་ཀྱིས་འཕེལ་བར་འགྱུར་བས་དེའི་འོག་ཏུ་དགེ་བ་འཕེལ་བའི་ཐབས་ཡོངས་སུ་སྨིན་པའི་སྐབས་ཡིན་
ནོ། །སྤོང་བའི་ཡན་ལག་རྣམས་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ལ། སྤོང་བའི་ཡན་ལག་ནི་ལྔ་སྟེ། དད་པ་དང་། གཡོ་མེད་པ་དང་། སྒྱུ་མེད་པ་ཉིད་དང་། ནད་ཉུང་བ་དང་། ཤེས་རབ་བསྒོམ་པའོ། །ཉོན་མོངས་པ་སེལ་བ་ནི་བྱང་ཆུབ་སེམས་དཔའི་ཞི་བ་ཞེས་བྱ་བ་
ནི་སྡོམ་པ་ནོད་པའི་དུས་ནས་བཟུང་སྟེ། དབང་པོའི་སྒོ་བསྡམས་པ་ལ་སོགས་པས་ཚོགས་ཀྱི་ལམ་དང་། སྦྱོར་བ་དང་། མཐོང་བ་དང་། སྒོམ་པ་དང་། མཐར་ཐུག་པའི་ལམ་དག་གིས་འདོད་པའི་གནོད་སེམས་ལ་སོགས་པ་ཉོན་མོངས་པ་རྣམས་རབ་ཏུ་ཞི་བ་སྟེ། བྱང་
Vol. 124 · folio 63b
ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ཡིན་པས་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་རྣམ་པར་རྟོག་པའི་ཉོན་མོངས་པ་རྣམས་སྤངས་པ་ལ་རབ་ཏུ་ཞི་བ་ཞེས་བྱའོ། །རང་བཞིན་སྙིང་བརྩེ་བ་ཞེས་བྱ་བ་ལ། རང་བཞིན་ཞེས་བྱ་བའི་སྒྲས་ནི་
རིགས་བཟུང་སྟེ། ཇི་སྐད་དུ་བྱང་ཆུབ་སེམས་དཔའི་ས་ལས། རིགས་དང་ཁམས་དང་ས་བོན་དང་། །རང་བཞིན་ཞེས་བྱ་བ་ནི་རྣམ་གྲངས་སོ་ཞེས་བཤད་པ་ལྟ་བུའོ། །རང་བཞིན་བརྟན་པ་ཞེས་བྱ་བ་འདིར་ཡང་རང་བཞིན་ཞེས་སྨོས་པས་ནི་བཟོད་པའི་
རིགས་བཟུང་སྟེ། ལས་དང་པོ་པ་བཟོད་པ་དང་ལྡན་པའི་ཆོས་དག་མ་ཐོས་པར་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་ལ་སོགས་པ་འཇུག་པ་གང་ཡིན་པ་དེ་ནི་རིགས་ཀྱི་སྟོབས་ཀྱིས་ཡིན་ནོ། །སོ་སོར་བརྟགས་པ་ནི་ཤེས་རབ་སྟེ། ཤེས་རབ་ཀྱིས་བཟོད་པ་
དང་ལྡན་པའི་ཆོས་རྣམས་དཔྱད་ཅིང་དཔྱད་ནས་དེའི་འོག་ཏུ་སེམས་ཅན་དག་ལས་མི་འདོད་པ་འབབ་པ་ལ་སོགས་པ་བཟོད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ཡིན་ནོ། །དེའི་འོག་ཏུ་མཉམ་པར་གཞག་པའི་གནས་སྐབས་ན་བསྒོམ་པའི་སྟོབས་ཀྱིས་སོ། །དྲན་པ་
དང་ཤེས་རབ་མཚུངས་པར་ལྡན་པ་ལ་ཡིད་གཞུངས་པ་ཞེས་བྱ་བའི་ཆོས་གདགས་སོ། །ཡང་ན་འདི་ལྟར་གསུང་རབ་ལས་ཡིད་གཞུངས་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་རྣམ་གྲངས་སུ་འབྱུང་བས་ཡིད་གཞུངས་པ་ཞེས་བྱ་བ་འདི་ནི་ཤེས་རབ་ཀྱི་རྣམ་གྲངས་ཁོ་ན་ཡིན་ཏེ། ཇི་སྐད་
དུ་བཅོམ་ལྡན་འདས་ཀྱིས་མདོ་གཞན་ལས་ཤེས་རབ་ཀྱི་དབང་དུ་མཛད་ནས་ཤེས་རབ་དང་། ཤེས་རབ་གསལ་བ་དང་། ཡིད་གཞུངས་པ་དང་། མཁས་པ་ཞེས་གསུངས་པ་ལྟ་བུའོ། །འཇིག་རྟེན་ལས་འདས་པའི་ཤེས་རབ་སྐྱེ་བར་རུང་བ་ཉིད་ནི་ཡིད་གཞུངས་པའི་ལས་
སོ་ཞེས་བརྗོད་པ་གང་ཡིན་པ་དེར་ནི་དེ་ཁོ་ན་ཉིད་མ་རྟོགས་པའི་ཤེས་རབ་བསྐལ་པ་གྲངས་མེད་པ་དང་པོ་ལ་ངེས་པར་སྐྱེས་པ་གང་ཡིན་པ་དེ་ལ་ཡིད་གཞུངས་པ་ཞེས་བྱའོ། །ཡིད་གཞུངས་པའི་རང་བཞིན་གྱི་ཤེས་རབ་དེ་ཡང་འཇིག་རྟེན་ལས་འདས་པའི་ཤེས་རབ་སྐྱེ་བར་རུང་
Vol. 124 · folio 64a
བ་ཡིན་པས་དེ་ནི་དེའི་ལས་སུ་བསྟན་ཏེ་ཆོས་དེ་ཉིད། ཆོས་དེ་ཉིད་ཀྱི་ལས་སུ་ཇི་ལྟར་འགྱུར་ཞེ་ན། ཚུལ་འདིས་ཉེས་པ་མེད་དོ། །ནམ་བདུད་ཀྱིས་བར་ཆད་བྱ་མི་ནུས་ཞེས་བྱ་བ་ནི་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་གནས་སྐབས་ན་
བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་ཆོས་ཀྱི་རྗེས་སུ་འབྲང་བ་ལ། གང་གི་ཚེ་བདུད་བྱང་ཆུབ་སེམས་དཔའ་དང་སྐལ་བ་འདྲ་བ་ལྟ་བུ་ཉེ་བར་འོང་བས་བར་ཆད་བྱ་བར་མི་ནུས་པ་དེའི་ཚེ་མི་འཕྲོགས་པ་ཉིད་ཡིན་ཏེ། རང་བཞིན་གྱིས་ཡོངས་སུ་སྨིན་པ་ཡིན་ནོ། །བྱང་ཆུབ་སེམས་
དཔའ་ཡོངས་སུ་སྨིན་པའི་སྐབས་སོ།། །།བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པའི་འོག་ཏུ་སེམས་ཅན་ཡོངས་སུ་སྨིན་པ་སྟེ། འདིའི་འབྲེལ་པ་ཡང་དེ་ཉིད་ཡིན་ལ། བདག་ཡོངས་སུ་སྨིན་པས་ཀྱང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་རུང་བ་ཡིན་ནོ། །
དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང་། །དེ་བཞིན་སྤྱད་པ་ཉིད་དུ་སྨིན་པ་བསྟན། །ཞེས་བྱ་བ་ནི་གོ་རིམས་བཞིན་དུ་མི་མཐུན་པ་ཞི་བ་དང་། གཉེན་པོ་སྦྱར་བའོ། །ཕྱི་རོལ་པའི་ཡོངས་སུ་སྨིན་པ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་མཆོག་ཏུ་སྨིན་པར་བྱེད་པ་ནི་རབ་ཏུ་སྨིན་པར་བྱེད་པའོ་ཞེས་བྱ་བ་ནི་མུ་སྟེགས་
ཅན་གྱི་ཡོངས་སུ་སྨིན་པ་ལ་ཡོངས་སུ་སྨིན་པ་ཁྱད་པར་དུ་འཕགས་པ་ཡིན་ནོ། །འཚམ་པར་སྨིན་པར་བྱེད་པ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་སྤྱོད་པ་རྣམས་ལ་མི་སྡུག་པ་ལ་སོགས་པ་སྟོན་པས་སོ། །རྟོགས་པས་སྨིན་པར་བྱེད་པ་ནི་རྟོགས་པ་སྨིན་པར་བྱེད་པའོ་ཞེས་བྱ་བ་ནི་ཆེད་ཀྱི་དོན་དུ་
གསུངས་པ་ཡིན་ཏེ། དཔེར་ན་ཟས་ཀྱི་སྣོད་དོ་ཞེས་བྱ་བ་ལྟ་བུའོ། །ཡང་ན་བྱང་ཆུབ་སེམས་དཔའ་དེ་ཁོ་ན་ཉིད་རྟོགས་པས་སྨིན་པར་བྱེད་པ་ནི་རྟོགས་པ་སྨིན་པར་བྱེད་པ་ཞེས་བྱའོ། །ཕྱིན་ཅི་མ་ལོག་པའི་དོན་གྱིས་རྟག་ཏུ་སྨིན་པར་བྱེད་པ་ནི་རྟག་ཏུ་སྨིན་པར་བྱེད་པའོ་ཞེས་བྱ་བ་ནི་མིང་གི་ཚོགས་
དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་རྣམས་ཀྱི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་སྟེ། འདས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་གང་ཡིན་པ་དེ་ལ་མིང་གི་ཚོགས་ལ་སོགས་པ་གང་དག་ཡོད་པ་དེ་དག་གི་དོན་གདུལ་བའི་སྐྱེ་བོ་ལ་ལྟོས་
Vol. 124 · folio 64b
ནས་ཕྱིན་ཅི་མ་ལོག་པར་བསྟན་པ་གང་ཡིན་པའི་དོན་དེ་རྟག་ཏུ་དེ་ཁོ་ན་བཞིན་དུ་རབ་ཏུ་བསྟན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་འགྱུར་བ་གང་ཡིན་པ་དེ་ནི་རྟག་ཏུ་སྨིན་པར་བྱེད་པའོ། །རྣམ་པ་གཅིག་ཏུ་ན་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་
པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ལ་ནམ་ཡང་རྟག་པ་དང་བདེ་བ་ལ་སོགས་པར་མངོན་པར་ཞེན་ནས་ཕྱིན་ཅི་ལོག་ཏུ་སྟོན་པར་མི་བྱེད་ཀྱི། རྟག་ཏུ་མི་རྟག་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པའི་དོན་རབ་ཏུ་སྟོན་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པས་རྟག་ཏུ་སྨིན་པར་བྱེད་པ་ཞེས་བྱའོ། །ཡོངས་སུ་
ཉམས་པར་མི་འགྱུར་བའི་དོན་གྱིས་གོང་ནས་གོང་དུ་རིམ་གྱིས་སྨིན་པར་བྱེད་པ་ནི་གོང་དུ་སྨིན་པར་བྱེད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ས་དང་པོ་ལ་གནས་པ་དང་། ཉན་ཐོས་རྒྱུན་ཏུ་ཞུགས་པ་ཡོངས་སུ་སྨིན་པར་བྱ་བ་དག་སངས་རྒྱས་ཉིད་དང་། དགྲ་བཅོམ་པ་ཉིད་འཐོབ་པ་སྟེ། དེ་དག་
གིས་ཡོངས་སུ་སྨིན་པ་གང་ཡིན་པ་དེ་ནི་གོང་དུ་འགྲོ་བའི་ཕྱིར་གོང་དུ་སྨིན་པར་བྱེད་པ་ཞེས་བྱའོ། །དེ་བཞིན་ཕ་དང་མ་དང་གཉེན་བཤེས་རྣམས། །བུ་དང་གཉེན་པ་རྣམས་ལ་ལེགས་མི་གནས། །ཞེས་བྱ་བ་འདི་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ལེགས་པར་གནས་པ་
དེ་ལྟར་ཕ་དང་མ་དག་ཀྱང་བུ་རྣམས་ལ་ལེགས་པར་མི་གནས་ལ། དེ་ལྟར་གཉེན་བཤེས་རྣམས་ཀྱང་གཉེན་པ་དག་ལ་ལེགས་པར་མི་གནས་སོ་ཞེས་དེ་སྐད་དུ་སྦྱར་བར་བྱའོ། །འཇིག་རྟེན་བདག་ལ་བྱམས་པ་ནི་བདག་ཉིད་ལ་ཕན་པ་མ་ཡིན་པ་དང་བདེ་བ་མ་ཡིན་པར་སྦྱར་རོ་ཞེས་བྱ་བ་ནི་རྨོངས་པ་ནི་
བདག་ཉིད་བདེ་བར་བྱའོ་སྙམ་ནས་མ་བྱིན་པར་ལེན་པ་ལ་སོགས་པ་ལ་རབ་ཏུ་སྦྱར་རོ། །དེའི་མ་བྱིན་པར་ལེན་པ་ལ་སོགས་པ་དེ་ཡང་ཚེ་ཕྱི་མ་ལ་ངན་འགྲོར་ཁྲིད་པར་བྱེད་པ་ཡིན་པས་ཕན་པ་མ་ཡིན་པར་འགྱུར་ཏེ། དེ་ལྟར་ན་འཇིག་རྟེན་ནི་བདག་ཉིད་ཕན་པ་མ་ཡིན་པ་ལ་སྦྱོར་རོ། །
དེའི་རྐྱེན་གྱིས་འདི་ཉིད་ལ་གསད་པ་དང་། བཅིང་བ་དང་། བརྡེག་པ་ལ་སོགས་པའི་སྡུག་བསྔལ་གང་ཡིན་པ་དེ་ནི་དེའི་བདེ་བ་མ་ཡིན་པའོ། །ཡང་ན་མུ་སྟེགས་ཅན་གྱི་ལྟ་བ་བརྟེན་པའི་ཕྱིར་ཏེ། ཀུན་ཏུ་གདུང་བ་དང་། ཡོངས་སུ་གདུང་བ་དང་། མེར་འཇུག་པ་དང་། ཟས་
Vol. 124 · folio 65a
མི་ཟ་བ་ལ་སོགས་པ་བསྟེན་པས་འདི་ཉིད་ལ་སྡུག་བསྔལ་འཐོབ་པོ། །དེའི་ཕྱིར་བདེ་བ་མ་ཡིན་པ་ལ་སྦྱོར་རོ། །དེའི་རྐྱེན་གྱིས་ངན་འགྲོར་འགྲོ་བ་གང་ཡིན་པ་དེ་ནི་ཕན་པ་མ་ཡིན་པ་ལ་སྦྱོར་བའོ། །བྱང་ཆུབ་སེམས་དཔའ་ནི་ཕ་དང་། མ་དང་། གཉེན་བཤེས་ཀྱི་
བསམ་པ་བས་ཁྱད་པར་དུ་འཕགས་པའི་བསམ་པས་བཀྲེས་པ་དང་། སྐོམ་པ་དང་། གྲང་བ་དང་། ཚ་བ་ལ་སོགས་པ་སྲོག་ལ་འབབ་པའི་སྡུག་བསྔལ་ཡང་བརྩིས་ལ་མ་ཆགས་པར་གོ་ཆ་དང་། སྦྱོར་བ་དང་། མི་འགོང་བ་དང་། མི་འཁྲུག་པ་དང་། ཆོག་མི་ཤེས་པའི་བརྩོན་འགྲུས་ཀྱིས་
བདག་ལ་མི་ལྟ་བ་སྦྱིན་པ་དང་། སྙན་པར་སྨྲ་བ་ལ་སོགས་པས་སེམས་ཅན་རྣམས་ཀྱིས་ཇི་ལྟར་བསམས་པའི་དོན་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་བདེ་བའི་བསམ་པ་ཅན་ཞེས་བྱའོ། །དེའི་འོག་ཏུ་བསྡུ་བའི་དངོས་པོ་རྣམས་ཀྱིས་བསྡུས་ནས་བསྟན་པ་ལ་འཛུད་པ་དང་། རབ་ཏུ་བྱུང་བ་ལ་སོགས་པ་
ཕན་པ་ལ་སྦྱོར་བའི་ཕྱིར་ཕན་པའི་བསམ་པ་ཅན་ཞེས་བྱའོ། །རང་གི་ལུས་དང་ལོངས་སྤྱོད་ཐམས་ཅད་སྦྱིན་པ་ཞེས་བྱ་བ་ནི། མགོ་དང་། རྐང་པ་དང་། ལག་པ་དང་། མིག་དང་། ཤ་དང་། ཁྲག་དང་། ཚིལ་དང་། རྐང་ལ་སོགས་པ་སྦྱིན་པའི་ཕྱིར། རང་གི་ལུས་ཐམས་ཅད་སྦྱིན་པ་ཡིན་ནོ། །
ནོར་དང་། འབྲུ་དང་། མཛོད་དང་། བང་མཛོད་དང་། ནོར་བུ་དང་། མུ་ཏིག་དང་། རྒྱན་དང་། གླང་པོ་ཆེ་དང་། རྟ་དང་། བུ་དང་། བྲན་ལ་སོགས་པ་སྦྱིན་པའི་ཕྱིར་ལོངས་སྤྱོད་ཐམས་ཅད་སྦྱིན་པ་ཡིན་ནོ། །མི་མཉམ་པ་མེད་པར་སྦྱིན་པ་དང་ངོམས་པ་མེད་པར་སྦྱིན་པས་སོ་ཞེས་བྱ་བ་ཚིགས་
སུ་བཅད་པ་ལས་ཚིག་གང་དང་གང་གིས་བསྟན་ཞེ་ན། མཉམ་པར་སྦྱིན་པའི་ཡོན་ཏན་ངོམས་པར་མི་འགྱུར་རོ་ཞེས་བྱ་བ་སྟེ། མི་མཉམ་པ་མེད་པར་སྦྱིན་པ་ཉིད་དང་། ངོམས་པ་མེད་པར་སྦྱིན་པ་ཉིད་གང་དག་ཡིན་པ་དེ་དག་ནི་སྦྱིན་པའི་ཡོན་ཏན་ཡིན་ནོ། །མི་མཉམ་པ་མེད་པར་སྦྱིན་པ་
ནི་སྙིང་རྗེས་སྣོད་ཀྱི་ཁྱད་པར་ལ་མི་ལྟ་བའི་ཕྱིར་རོ། །ཚེ་འདི་དང་ཚེ་ཕྱི་མ་ལ་ཕན་འདོགས་པས་ཏེ་ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་ཚིག །ཕན་འདོགས་རྣམ་པ་གཉིས་ཀྱིས་གཞན་སྨིན་བྱེད། །ཅེས་བྱ་བ་འདིས་བསྟན་ཏོ། །རྟག་པ་ཞེས་བྱ་བས་ནི་བརྟན་པའི་ཚུལ་ཁྲིམས་སྟོན་ཏེ། ཡང་དག་
Vol. 124 · folio 65b
པར་བླང་བ་ལེན་པ་གང་ཡིན་པ་དེ་དུས་ཐམས་ཅད་དུ་རྗེས་སུ་འཇུག་ཅིང་སྲོག་ལ་བབ་ཀྱང་ཡོངས་སུ་མི་གཏོང་བས་དེའི་ཕྱིར་བསྟན་པའི་ཚུལ་ཁྲིམས་ཞེས་བྱའོ། །རང་བཞིན་གྱི་ཚུལ་ཁྲིམས་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་ཤིན་ཏུ་གོམས་པའི་ཕྱིར་རང་བཞིན་གྱིས་ཚུལ་ཁྲིམས་ཅན་དུ་འགྱུར་བ་སྟེ། སོ་སོར་བརྟགས་
ཤིང་སོ་སོར་བརྟགས་ནས་ཚུལ་ཁྲིམས་ཡང་དག་པར་ལེན་པ་ལ་འཇུག་པ་ནི་མ་ཡིན་ནོ། །གཞན་ལ་ཚེ་ཕྱི་མ་ལ་ཕན་འདོགས་པ་ནི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་ཡོན་ཏན་དག་བརྒྱུད་པས་བྱེད་དེ། དེའི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པ་དག་ཕན་ཚུན་མཐུན་པས་རྒྱུན་མི་འཆད་པའི་ཕྱིར་རོ་ཞེས་བྱ་
བ་ནི་འདི་ལྟར་ཚུལ་ཁྲིམས་དང་ལྡན་པ་དེ་བདེ་འགྲོར་སྐྱེ་བ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །དེ་སྔོན་གོམས་པའི་དབང་གིས་ཡང་དང་ཡང་དུ་ཚུལ་ཁྲིམས་ཡང་དག་པར་བླངས་པ་ལ་འཇུག་པ་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ། རྒྱུ་མཐུན་རྒྱུ་དང་འདྲ་བའོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ནས་ཤི་འཕོས་ནས་
ཡང་གོམས་པའི་དབང་གིས་ཚེ་རབས་གཞན་དག་ཏུ་དེ་ཁོ་ན་བཞིན་དུ་འཇུག་པའི་ཕྱིར་བརྒྱུད་པས་ཞེས་བྱ་སྟེ། རྣམ་པར་སྨིན་པ་དང་རྒྱུ་མཐུན་པ་དག་ཕན་ཚུན་མཐུན་པས་རྒྱུན་མི་འཆད་པའི་ཕྱིར་རོ། །བརྩོན་འགྲུས་མཆོག་ལ་ཞེས་བྱ་བ་ནི། བརྩོན་འགྲུས་ཆེན་པོ་ལ་ཞེས་བྱ་བའི་དོན་སྟོན་ཏོ། །
གཞན་གྱི་སེམས་དགེ་བ་གཅིག་གི་ཕྱིར་ཡང་ཞེས་བྱ་བ་ནི་གལ་ཏེ་གཞན་བསྐལ་པ་བྱེ་བ་སྟོང་གིས་དགེ་བའི་སེམས་གཅིག་སྐྱེད་པར་བྱེད་ན་ཡང་དེས་ཀྱང་བྱང་ཆུབ་སེམས་དཔའ་ལ་སྐྱོ་བ་མེད་པའོ། །ཟང་ཟིང་མེད་པ་གཞན་གྱིས་མཆོད་འདོད་པ། །ཐམས་ཅད་ངེས་པར་བཅོམ་པ་ཞེས་བྱ་བ་ནི་
འདི་སྙམ་དུ་གཞན་དག་བདག་ལ་མཆོད་པ་དང་བཀུར་སྟི་ལ་སོགས་པ་བྱེད་པར་འགྱུར་བས་དེའི་ཕྱིར་བདག་གིས་བསྒྲིམ་པར་བྱའོ་སྙམ་དུ་མི་སེམས་ཀྱི། ཟང་ཟིང་མེད་པའི་སེམས་མཆོད་པ་དང་བཀུར་སྟི་འདོད་པ་དང་བྲལ་བས་ཡོངས་སུ་སྨིན་པར་བྱེད་དོ། །དེ་ཉིད་ཀྱི་དོན་གྱི་ཚུལ་ནི་
དོན་དམ་པའི་ཚུལ་ལོ། །དགོངས་དོན་ཚུལ་ནི་དགོངས་པའི་དོན་གྱི་ཚུལ་ལོ། །ཡོངས་སུ་སྨིན་པའི་སྐབས་སོ།། །།ཡོངས་སུ་སྨིན་པའི་འོག་ཏུ་ཐམས་ཅད་མཁྱེན་པ་ཉིད་དེ། དེའི་འབྲེལ་པ་གང་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་དེ་ལྟར་དགེ་བའི་རྩ་བའི་ཚོགས་ཡོངས་སུ་སྨིན་པ་ནི་
Vol. 124 · folio 66a
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རེག་པར་འགྱུར་བས་དེའི་ཕྱིར་དེའི་འོག་ཏུ་བྱང་ཆུབ་ཀྱི་སྐབས་ཡིན་ནོ། །རྣམ་པ་གཅིག་ཏུ་ན་བསླབ་པའི་དམིགས་པ་རང་དང་གཞན་གྱི་དོན་ལ་སོགས་པ་དངོས་པོ་བདུན་པ་བཤད་དེ། འདི་ལྟར་བྱང་ཆུབ་ཀྱི་སེམས་ཀྱིས་བྱང་
ཆུབ་དོན་དུ་གཉེར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། བདག་དང་གཞན་ལ་ཕན་པར་བྱ་བའི་ཕྱིར་ཏེ། དེའི་ཕྱིར་རང་དང་གཞན་གྱི་དོན་གྱི་སྐབས་ཡིན་ནོ། །རང་དང་གཞན་གྱི་དོན་ལ་ཞུགས་པ་ནི་ཀུན་ནས་ཉོན་མོངས་པ་མེད་པར་བྱ་དགོས་པས་དེའི་འོག་ཏུ་ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་དེ་ཁོ་ན་
ཉིད་ཀྱི་སྐབས་བཤད་དོ། །དེའི་འོག་ཏུ་གདུལ་བའི་སེམས་ཅན་གྱི་དོན་དུ་ཡོངས་སུ་མི་སྐྱོ་བའི་ཐབས་མཐུའི་སྐབས་བཤད་དོ། །དེ་ཁོ་ན་ཉིད་དང་མཐུ་འདི་དག་ཁོ་ནས་གོ་རིམས་བཞིན་དུ་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་འགྱུར་ཏེ།
འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ཁོ་ན་ཉིད་རྟོགས་པའི་བདག་ཡོངས་སུ་སྨིན་པ་དགའ་བ་ལ་སོགས་པ་རྣམ་པ་དགུ་པོ་ཤིན་ཏུ་ཆེན་པོར་འགྱུར་གྱི། དེ་ཁོ་ན་ཉིད་མ་རྟོགས་པ་མ་ཡིན་ནོ། །མཐུ་དང་ལྡན་པ་ཡོངས་སུ་སྐྱོ་བ་མེད་པས་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་གྱི་མཐུ་དང་མི་ལྡན་པས་ནི་
མ་ཡིན་པས་དེའི་ཕྱིར་ཡོངས་སུ་སྐྱོ་བ་མེད་པའི་ཐབས་མཐུ་བཤད་དོ། །དེ་ལྟར་བདག་དང་སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས་ཚོགས་ཡོངས་སུ་རྫོགས་པ་དེ་དེའི་རྗེས་ལ་བདེ་བླག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བས་ཡོངས་སུ་སྨིན་པའི་
འོག་ཏུ་བྱང་ཆུབ་ཀྱི་སྐབས་སོ། །རང་དང་གཞན་གྱི་དོན་ལ་སོགས་པ་དངོས་པོ་བཞི་ནི་རྒྱུར་གྱུར་པ་ཡིན་ནོ། །བྱང་ཆུབ་ནི་འབྲས་བུར་གྱུར་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དངོས་པོ་བཞི་པ་ལ་ནི་རྒྱུ་ཉིད་དུ་དམིགས་ལ། ལྔ་པ་ནི་འབྲས་བུ་ཉིད་དུ་དམིགས་ཏེ། དེ་
བས་ན་གོ་རིམས་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །བསྐལ་མཆོག་དུས་རིང་འགྲོ་བ་ཞེས་བྱ་བ་ལ། མཆོག་ཅེས་བྱ་བའི་སྒྲ་ནི་བསྐལ་པ་ཆེན་པོ་བཟུང་བའི་ཕྱིར་རོ། །བསྐལ་པ་མཆོག་དེ་དག་དུས་རིང་པོར་འགྲོ་བ་སྟེ། བསྐལ་པ་གྲངས་མེད་པ་གསུམ་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །རིང་
Vol. 124 · folio 66b
ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་གསུམ་བཟུང་བའི་ཕྱིར་རོ། །གཉིས་སུ་མེད་པའི་མཚན་ཉིད་མཐུ་དང་བཅས་པ་ལ་ཞེས་བྱ་བ་ནི། སངས་རྒྱས་ཉིད་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་ཡོད་པའི་མཚན་ཉིད་ཀྱང་མ་ཡིན་ལ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱིས་མེད་པའི་མཚན་ཉིད་ཀྱང་མ་
ཡིན་ནོ། །རིན་པོ་ཆེའི་འབྱུང་གནས་ལྟ་བུ་ཉིད་ནི་མཐུ་ཡིན་ནོ། །དེ་བཞིན་ཉིད་ཐ་དད་པའི་རང་བཞིན་མ་ཡིན་པའི་ཕྱིར་དང་། སངས་རྒྱས་ཉིད་ཀྱང་དེ་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར་ཆོས་ཐམས་ཅད་ཀྱང་སངས་རྒྱས་ཉིད་ཡིན་ཞེས་བྱ་བ་ནི་དེ་བཞིན་ཉིད་ནི་ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་
བ་ཡིན་ལ། ཆོས་དང་ཆོས་ཅན་དག་ཀྱང་ཐ་མི་དད་པས་དེའི་ཕྱིར་ཆོས་ཐམས་ཅད་སངས་རྒྱས་ཉིད་དུ་བརྗོད་དོ། །དེ་དག་གིས་དེ་བསྟན་པར་བྱ་བ་ཡང་མ་ཡིན་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཀུན་བརྟགས་པའི་ངོ་བོ་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །གདུལ་བའི་རྒྱུད་ཀྱི་ཞིང་ལ་དགེ་
བའི་ལོ་ཐོག་རྣམས་ཞེས་བྱ་བ་ནི་དེར་རབ་ཏུ་བསྐྲུན་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །སངས་རྒྱས་ཉིད་དེ་ནི་གདུལ་བའི་ཞིང་དག་ལ་དགེ་བའི་ཆོས་ཀྱི་ལོ་ཐོག་མངོན་པར་འཕེལ་བ་གང་ཡིན་པ་དེའི་རྒྱུ་ཡིན་ཏེ། དགེ་བའི་ལོ་ཐོག་འཕེལ་བ་དེ་ནི་དེ་ལས་རབ་ཏུ་སྐྱེའོ། །སྐྱེ་དགུ་རྣམས་ལ་ལེགས་
པར་བཤད་པ་མི་ཟད་པའི་ཆོས་ཀྱི་ཆར་ཆེན་པོ་འབེབས་པས་ན་ཞེས་བྱ་བར་འདིར་ཚིག་རྣམ་པར་སྦྱར་བར་རིག་པར་བྱའོ་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་ལས། སྐྱེ་དགུ་རྣམས་ལ་ལེགས་པར་བཤད་པ་མི་ཟད་པའི་ཆོས་ཀྱི་ཆར་ཆེན་འབེབས་པས་ན། ཞེས་གང་བཤད་པའི་ཚིགས་སུ་བཅད་པའི་
བཞི་ཆ་འདི་ལས་ཆོས་ཀྱི་ཆར་ཞེས་བྱ་བའི་སྒྲ་དང་། འབེབས་པ་ཞེས་བྱ་བའི་སྒྲ་ནི་དང་པོར་འབྱུང་ལ། ལེགས་བཤད་དང་མི་ཟད་པ་ཞེས་བྱ་བའི་སྒྲ་ནི་མཇུག་ནས་འབྱུང་ངོ་། །དེ་ལ་ལེགས་བཤད་དང་། མི་ཟད་ཅེས་བྱ་བའི་ཚིག་དག་ནི་དང་པོར་རིག་པར་བྱ་ལ། ཆོས་ཀྱི་ཆར་དང་འབེབས་
པ་ཞེས་བྱ་བའི་སྒྲ་དག་ནི་ཐ་མར་རིག་པར་བྱའོ། །དེ་ལྟར་ན་སྐྱེ་དགུ་རྣམས་ལ་ལེགས་པར་བཤད་པ་མི་ཟད་པའི་ཆོས་ཀྱི་ཆར་ཆེན་པོ་འབེབས་པས་ན་ཞེས་བྱ་བ་ཡིན་ཏེ། ཚིག་རྣམ་པར་སྦྱར་བ་འདིས་མཐུན་པར་འགྱུར་རོ། །དེ་བཞིན་དུ། རིན་ཆེན་ཆོས་རབ་ཆེ་ཡངས་འབྱུང་ཕྱིར་ཞེས་བྱ་བ་དེ་ལ་ཡང་
Vol. 124 · folio 67a
སྦྱར་བར་བྱའོ།། །།སངས་རྒྱས་ཉིད་ཀྱི་ངོ་བོའི་འོག་ཏུ་སྐྱབས་བླ་ན་མེད་པའི་ཁྱད་པར་སྟེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། འདི་སྐད་དུ་བཤད་པ་ཡིན་ཏེ། མཐུའི་ཁྱད་པར་འདི་ལྟ་བུ་དང་ལྡན་པའི་བཅོམ་ལྡན་འདས་ནི་སྐྱབས་བླ་ན་མེད་པ་ཡིན་པས་བླ་ན་མེད་པའི་
སྐྱབས་སོ། །གོང་དུ། ཐེག་པ་མཆོག་ཕྱིར་དཀོན་མཆོག་སྐྱབས་རབ་སོང་བ་གང་། །དེ་ཉིད་སྐྱབས་སུ་སོང་བ་རྣམས་ཀྱི་མཆོག་ཅེས་བྱ། །ཞེས་བྱ་བ་ནི་གང་ཟག་གི་ཁྱད་པར་གྱི་སྒོ་ནས་སྐྱབས་སུ་འགྲོ་བ་བཤད་པ་ཡིན་ཏེ། གང་ཟག་འཇིགས་པས་སྐྲག་པ་གང་དག་རི་ལ་སོགས་པ་ལ་སྐྱབས་
སུ་འགྲོ་བ་དང་། ཉན་ཐོས་ལ་སོགས་པའི་གང་ཟག་འཁོར་བའི་འཇིགས་པས་སྐྲག་པ་གང་དག་བདག་ཉིད་བསྐྱབ་པའི་ཕྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་དེ་དག་པས་བྱང་ཆུབ་སེམས་དཔའི་གང་ཟག་བདག་ཉིད་སངས་རྒྱས་ཀྱི་དོན་དུ་གཉེར་བ་གང་ཞིག་བདག་ཀྱང་སངས་
རྒྱས་ཉིད་ཐོབ་ནས་སྐྱབས་སུ་འགྲོ་བར་བྱའོ་ཞེས་དེ་སྙམ་དུ་བསམས་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་འདི་ཉིད་མཆོག་ཡིན་ནོ། །སྐྱབས་ཀྱི་དོན་ནི་སྐྱོབ་པའི་དོན་ཡིན་པས། བཅོམ་ལྡན་འདས་འཚེ་བ་གང་དག་ལས་སྐྱོབ་པས་སྐྱབས་བླ་ན་མེད་པ་ཡིན་པ་དང་། རྒྱུ་གང་དག་གིས་ན་སྐྱབས་
རི་ལ་སོགས་པ་བས་སྐྱབས་བླ་ན་མེད་པ་ཡིན་པ་དེ་སྟོན་པར་བྱེད་དོ། །སྔར་ནི་སྐྱབས་སུ་འགྲོ་བའི་སྐབས་ཀྱིས་བསམས་སོ། །དེ་ནི་བྱང་ཆུབ་ཀྱི་སྐབས་ཀྱིས་བསམས་ཏེ། སངས་རྒྱས་ཉིད་ནི་བྱང་ཆུབ་བླ་ན་མེད་པ་ཡིན་ལ། དེ་ཡང་སྐྱབས་ཐམས་ཅད་པས་སྐྱབས་གཙོ་བོ་ཡིན་ནོ། །རྒ་དང་འཆི་
བ་དག་ལས་ཀྱང་། །ཞེས་བྱ་བ་ནི་སྐྱེ་བ་མེད་པར་རྒ་བ་དང་འཆི་བ་མེད་དོ། །རྒ་བ་དང་འཆི་བ་ཞེས་བྱ་བའི་སྒྲས་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་བཤད་དོ། །སྣ་ཚོགས་འཇིག་གྱུར་འཇིག་ཚོགས་ཀུན་དང་ཐེག་པ་དང་། །ངན་སོང་རྣམ་མང་སྡུག་བསྔལ་ཐབས་མིན་སོང་བ་རྣམས། །ཞེས་བྱ་བ་
ནི་ལོང་བ་ལ་སོགས་པ་འཚེ་བ་སྣ་ཚོགས་དག་དང་། འཇིགས་པའི་བདག་ཉིད་ལྷ་དང་མི་ལ་སོགས་པ་ཐམས་ཅད་ལས་ནི་ཐེག་པ་གཉིས་ཀྱིས་ཡོངས་སུ་སྐྱོབ་བོ། །མ་ངེས་པའི་རིགས་ཅན་རྣམས་ནི་ཐེག་པ་དམན་པ་ལས་ཡོངས་སུ་སྐྱོབ་བོ། །ངན་སོང་དག་ནི་སྡུག་བསྔལ་རྣམ་པ་མང་པོ་ཡོད་པ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words