ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་རྒྱ་ཆེར་བཤད་པ

Sanskrit title (Tibetan script, as in the text) མ་ཧཱ་ཡཱ་ན་སཱུ་ཏྲ་ཨ་ལཾ་ཀ་ར་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 124 · folio 67b

གང་དག་ཡིན་པ་དེ་དག་ལས་ཡོངས་སུ་སྐྱོབ་པས་ན། ངན་སོང་རྣམ་མང་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པའོ། །ཐབས་མིན་སོང་ཞེས་བྱ་བ་ནི་ཐབས་མ་ཡིན་པ་ལས་ཡོངས་སུ་སྐྱོབ་པ་སྟེ། ཐབས་མ་ཡིན་པ་ལས་ཡོངས་སུ་སྐྱོབ་པ་ཉིད་ཀྱང་མུ་སྟེགས་ཅན་གྱི་ལྟ་བ་ལས་སློང་བའི་

ཕྱིར་རོ། །དམ་པའི་ཆོས་ལ་སེམས་ཅན་གདུལ་བའི་ཐབས་མཁྱེན་པའི་ཕྱིར་ཞེས་བྱ་བ་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་སེམས་ཅན་རྣམས་འདོད་ཆགས་སྤྱོད་པ་ལ་སོགས་པ་ལ་མི་སྡུག་པ་བསྟན་པ་ལ་སོགས་པ་རྣམ་པ་གང་དང་གང་གིས་གདུལ་བར་བྱ་བ་དེ་ཐམས་ཅད་དང་ཇི་

ལྟ་བ་བཞིན་མཁྱེན་ཏོ། །ཐུགས་རྗེས་ཕ་རོལ་ཏུ་ཕྱིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཐུགས་རྗེས་བསྐུལ་བས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཡང་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་པའི་ཕྱིར་ཐུགས་རྗེའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ། མཐར་ཕྱིན་

པ་བརྙེས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་ཇི་སྲིད་ཅེས་བྱ་བ་ནི། འཇིག་རྟེན་ཁམས་ཀྱི་མཐར་ཐུག་པའི་མཐའ་གང་ཡིན་པ་དེ་སྐྱབས་སངས་རྒྱས་ཀྱི་མཐའ་ཡང་དེ་ཡིན་ནོ། །འཇིག་རྟེན་གྱི་ཁམས་ཀྱི་མཐའ་ལ་ནི་མཐར་ཐུག་པ་མེད་པ་ལ་སྐྱབས་ལ་ཡང་མཐར་ཐུག་པ་མེད་པས་

སངས་རྒྱས་ཉིད་དེ་ནི་སྐྱབས་དཔེ་མེད་ཅིང་མཆོག་ཡིན་པར་འདོད་དོ། །དེ་ནི་མི་རྟོག་ཡེ་ཤེས་ལམ་གྱིས་འཐོབ། །ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པའི་ལམ་ཐོབ་པས་སོ། །ཤིན་ཏུ་ཡུལ་ཆེན་ཡེ་ཤེས་ལམ་གྱིས་ཐོབ། །ཅེས་བྱ་བ་ནི་དེའི་རྗེས་ལ་

འཐོབ་པ་ཤེས་བྱ་མཐའ་ཡས་པའི་ཡུལ་ཅན་གྱི་ཡེ་ཤེས་ཀྱི་ལམ་ཐོབ་པས་ཏེ། འདི་གཉིས་བཤད་པར་བྱ་བའི་ཚིག་ཡིན་པར་སྦྱར་རོ། །སངས་རྒྱས་ཀྱི་སེམས་ཅན་གྱི་ཚོགས་ཀུན་ཏུ་སོང་བ་ཉིད་ནི་སེམས་ཅན་ཐམས་ཅད་བདག་ཉིད་དུ་ཞལ་གྱིས་བཞེས་པ་ཡོངས་སུ་གྲུབ་པ་ལས་རིག་པར་

བྱའོ་ཞེས་བྱ་བ་ནི་དེས་ས་དང་པོ་ལ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་དོན་དུ་རྟོགས་པས་བདག་གང་ཡིན་པ་དེ་ཉིད་སེམས་ཅན་རྣམས་ཡིན་ཞེས་སེམས་ཅན་ཐམས་ཅད་དང་མཉམ་པ་ཉིད་འཐོབ་བོ། །སེམས་ཅན་ཐམས་ཅད་བདག་ཉིད་དུ་ཁས་བླངས་པ་དེ་སངས་རྒྱས་ཀྱི་ས་ལ་

Vol. 124 · folio 68a

ཡོངས་སུ་གྲུབ་སྟེ། དེ་བཞིན་ཉིད་ནི་ཐམས་ཅད་དུ་སོང་བ་ཉིད་དུ་རབ་ཏུ་གྲུབ་པས་འདི་ནི་ཁྱད་པར་གཞན་ཡིན་ནོ། །ཇི་ལྟར་རྔ་དག་མ་བརྡུངས་པར། །ཞེས་བྱ་བ་ནི་ཇི་ལྟར་སེམས་ཅན་རྣམས་ཀྱི་སྔོན་གྱི་དགེ་བའི་རྩ་བའི་དབང་གིས་རྔ་དག་མ་བརྡུངས་

པ་ལས་གཟས་པ་མེད་པར་གྲོགས་པོ་དག་འདོད་པ་རྣམས་ནི་མི་རྟག་པ། མི་བརྟན་པ། ཡིད་བརྟན་དུ་མི་རུང་བ་སྟེ། ངན་འགྲོའི་རྒྱུ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་སྒྲ་འབྱུང་བ་དེ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་རང་བཞིན་གྱི་སྐུ་ལ་བཞུགས་པ་རྣམས་ཀྱང་སྔོན་

གྱི་སྨོན་ལམ་གྱི་སྟོབས་ཀྱིས་ལྷུན་གྱིས་གྲུབ་པར་ཆོས་འཆད་པ་འབྱུང་ངོ་། །དེ་བཞིན་དུ་ཇི་ལྟར་ནོར་བུ་འབད་པ་མེད་པར་རང་གི་འོད་སྟོན་པ་ལྟ་བུ་སྟེ། ནོར་བུ་ནི་འདི་སྙམ་དུ་བདག་གིས་འོད་ཀྱིས་བྱ་བ་བྱའོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་རྟོག་པ་མེད་པར་འོད་སྟོན་པར་འགྱུར་ལ། ཡིད་

བཞིན་གྱི་ནོར་བུ་ཡང་མཐུ་སྟོན་ཏོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ལྷུན་གྱིས་གྲུབ་པའི་གནས་སྐབས་ན་བཟའ་བ་མི་མངའ་བར་རྣམ་པར་མི་རྟོག་པ་བཞིན་དུ་སངས་རྒྱས་ཀྱི་མཛད་པ་མཛད་པར་འགྱུར་རོ། །ཚིགས་སུ་བཅད་པ་འདི་གཉིས་ཀྱིས་ནི་ལྷུན་གྱིས་གྲུབ་པ་ཉིད་བསྟན་

ཏོ། །ད་ནི་ཚིགས་སུ་བཅད་པ་གཉིས་ཀྱིས་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པ་ཉིད་སྟོན་པར་བྱེད་དེ། ཇི་ལྟར་ནམ་མཁའ་ལ་འཇིག་རྟེན་གྱི་བྱ་བ་རྒྱུན་མི་འཆད་པར་སྣང་བ་ལྟ་བུའོ། །ཇི་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱུན་མི་འཆད་ཅེ་ན། འཇིག་རྟེན་གྱི་ཁམས་གཞན་ཞིག་

སྟེ། སྟོང་པ་དག་ཏུ་འཇིག་རྟེན་གྱི་བྱ་བ་རྣམས་མི་སྣང་མོད་ཀྱི། འོན་ཀྱང་གང་དག་ཆགས་པ་དེ་དག་ན་འཇིག་རྟེན་གྱི་བྱ་བ་རྣམས་རྒྱུན་མི་འཆད་པར་སྣང་ངོ་། །དེ་བཞིན་དུ་ཟག་པ་མེད་པའི་དབྱིངས་ནམ་མཁའ་ལྟར་ཆད་པ་མེད་པ་ལ་ཡང་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པར་འབྱུང་ངོ་། །ཇི་ལྟར་

ནམ་མཁའ་ལ་རྟག་ཏུ་བྱ་བ་རྣམས་སྐྱེ་ཞིང་འཇིག་པར་འབྱུང་བ་དེ་བཞིན་དུ་ཟག་པ་མེད་པའི་དབྱིངས་ལ་སངས་རྒྱས་ཀྱི་ཕྲིན་ལས་སྐྱེ་ཞིང་འབྲི་སྟེ། སེམས་ཅན་གང་དག་སྐལ་བ་དང་ལྡན་པ་དེ་དག་ལ་ནི་སྐྱེ་ལ། སྐལ་བ་དང་མི་ལྡན་པ་དེ་དག་ལ་ནི་འབྲིའོ། །སྔ་མ་དང་ཕྱི་མ་ཁྱད་པར་མེད་པའི་ཕྱིར་

Vol. 124 · folio 68b

དག་པ་ཡང་མ་ཡིན་ཞེས་བྱ་བ་ནི་གང་གི་ཕྱིར་སྔར་ཡང་ཀུན་ནས་ཉོན་མོངས་པ་མ་ཡིན་ལ། ཕྱིས་ཀྱང་མ་ཡིན་པ་དེའི་ཕྱིར་དག་པ་མ་ཡིན་ཏེ། གང་ལ་དྲི་མ་ཡོད་པ་དེ་དག་པར་འགྱུར་ན་ཆོས་ཀྱི་དབྱིངས་དེ་ནི་སྔར་རམ་ཕྱིས་ཀྱང་དྲི་མ་ཅན་མ་ཡིན་ནོ། །གློ་བུར་གྱི་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་དང་བྲལ་

བའི་ཕྱིར་མ་དག་པ་ཡང་མ་ཡིན་ནོ། །བདག་མེད་པའི་མཆོག་ནི་དེ་བཞིན་ཉིད་རྣམ་པར་དག་པའོ། །དེ་ཡང་ངོ་བོ་ཉིད་ཀྱི་དོན་གྱིས་སངས་རྒྱས་རྣམས་ཀྱི་བདག་ཡིན་ནོ་ཞེས་བྱ་བ་ལ་བདག་ཅེས་བྱ་བའི་སྒྲ་འདི་ནི་བརྟགས་པའི་བདག་ལ་མཐོང་ངོ་། །ཆོས་ཀྱི་ངོ་བོ་ཉིད་ལ་ཡང་མཐོང་སྟེ། དཔེར་ན་ས་ནི་སྲ་

བའི་བདག་ཉིད་དོ་ཞེས་བྱ་བ་སྲ་བའི་ངོ་བོ་ཉིད་དོ་ཞེས་བྱ་བར་ཤེས་པ་དང་། མེ་ནི་དྲོ་བའི་བདག་ཉིད་དོ་ཞེས་བྱ་བ་ནི་དྲོ་བའི་ངོ་བོ་ཉིད་དོ་ཞེས་བྱ་བར་ཤེས་པ་ལྟར་འདིར་ཡང་དེ་དང་འདྲ་སྟེ། བདག་མེད་པའི་མཆོག་ནི་དེ་བཞིན་ཉིད་རྣམ་པར་དག་པ་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དེ་

རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པས་དེའི་ཕྱིར་བདག་ཅེས་བྱ་བའི་སྒྲ་ནི་བདག་མེད་པའི་མཆོག་གི་ངོ་བོ་ཉིད་ཡིན་པས་བལྟ་བར་བྱའོ། །དེའི་ཕྱིར་སངས་རྒྱས་ཡོད་མིན་ཞིང་། །མེད་པར་ཡང་ནི་མི་བརྗོད་དོ། །ཞེས་བྱ་བ་ནི་རྒྱུ་དེ་ཉིད་ཀྱི་ཕྱིར་སངས་རྒྱས་ནི་ཡོད་པ་ཞེས་ཀྱང་མི་བརྗོད་དེ། དེ་བཞིན་

ཉིད་ཀུན་བརྟགས་པའི་གང་ཟག་དང་ཆོས་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་དེ་བཞིན་ཉིད་ནི་གང་ཟག་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱང་མ་ཡིན་ལ། ཆོས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱང་མ་ཡིན་ཏེ། ཀུན་བརྟགས་པའི་གང་ཟག་ནི་རི་བོང་གི་རྭ་དང་འདྲ་ལ། ཀུན་བརྟགས་པའི་

ཆོས་ཀྱང་དེ་ཁོ་ན་དང་འདྲ་བས་སོ། །དགོངས་པ་འདིས་ནི་སངས་རྒྱས་ཉིད་ནི་ཡོད་པ་ཡང་མ་ཡིན་ནོ། །དེ་བཞིན་ཉིད་ཀྱི་མཚན་ཉིད་དུ་ཡོད་པའི་ཕྱིར་མེད་པ་ཡང་མ་ཡིན་ནོ། །ཇི་ལྟར་ལྕགས་ལ་ཚ་བ་ཞི་བ་དང་། མིག་ལ་རབ་རིབ་ཞི་བ་ནི་གདུང་བ་དང་། རབ་རིབ་མེད་པའི་མཚན་ཉིད་

ཡིན་པའི་ཕྱིར་ཡོད་པ་ཡང་མ་ཡིན་ཞེས་བྱ་བ་ནི་འདི་ལྟར་ཚ་བ་མེད་པ་དང་། རབ་རིབ་མེད་པ་ནི་ཡོད་པ་ཡང་མ་ཡིན་ཏེ། རིམས་ནད་མེད་པ་བཞིན་ནོ། །ཇི་ལྟར་རིམས་ནད་དང་བྲལ་བ་ཡོད་པ་མ་ཡིན་པ་དེ་བཞིན་དུ་ཚ་བ་དང་རབ་རིབ་དང་བྲལ་བ་ཡང་ཡོད་པ་མ་ཡིན་ནོ། །ཞི་བའི་མཚན་ཉིད་

Vol. 124 · folio 69a

དུ་ཡོད་པའི་ཕྱིར་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ཚ་བ་ཞི་བ་སྟེ། ལྕགས་གྲང་མོར་གྱུར་ན་ལྕགས་ཀྱིས་ལྕགས་ཀྱི་བྱ་བ་མི་བྱེད་པ་ཡང་མ་ཡིན་ལ། མིག་ལ་རབ་རིབ་ཞི་ན་ཡང་མིག་གིས་མཐོང་བའི་བྱ་བ་མི་བྱེད་པ་ཡང་མ་ཡིན་ནོ། །གལ་ཏེ་མེད་པ་ཙམ་ཞིག་ཡིན་

པར་གྱུར་ན་ནི་གཟུགས་མེད་པའི་ཕྱིར་ལྕགས་ཀྱིས་ཀྱང་ལྕགས་ཀྱི་བྱ་བ་མི་བྱེད་ལ། མིག་གིས་ཀྱང་མིག་གི་བྱ་བ་མི་བྱེད་པར་འགྱུར་རོ། །ཇི་ལྟར་རིམས་ནད་ཉེ་བར་ཞི་བ་མེད་པ་ཙམ་ཁོ་ན་མ་ཡིན་གྱི། རིམས་ནད་ཉེ་བར་ཞི་ན་ལུས་ལ་ནད་སོས་པ་གཞན་འབྱུང་བ་དེ་བཞིན་དུ། སངས་རྒྱས་

བཅོམ་ལྡན་འདས་རྣམས་ཀྱི་སེམས་དང་ཡེ་ཤེས་ལ་གདུང་བ་དང་རབ་རིབ་ལྟ་བུ་འདོད་ཆགས་དང་མ་རིག་པ་དག་ཞི་བ་ནི་ཡོད་པར་མི་བརྗོད་དོ། །སེམས་དང་ཤེས་རབ་རྣམ་པར་གྲོལ་བ་དག་ནི་དེས་རབ་ཏུ་ཕྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་འདོད་ཆགས་མེད་པ་དང་། མ་རིག་པ་མེད་པ་དང་། འགགས་

པ་དང་། ཉེ་བར་ཞི་བ་དང་། ནུབ་པ་ནི་ཡོད་པ་མ་ཡིན་ནོ། །མེད་པ་ཡང་མ་ཡིན་ཏེ། རྣམ་པར་གྲོལ་བའི་མཚན་ཉིད་དེ་ལྟ་བུར་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ། རྣམ་པར་གྲོལ་བའི་མཚན་ཉིད་ནི་གང་རྣམ་པར་གྲོལ་བ་ལ་བདག་ནི་རྣམ་པར་གྲོལ་ལོ་སྙམ་པའི་ཡེ་ཤེས་བདག་ཉིད་ཀྱིས་སོ་

སོར་རང་གིས་རིག་པ་འབྱུང་བ་འདི་ཡིན་ཏེ། ཇི་ལྟར་རིམས་ནད་ནུབ་སྟེ་ཉེ་བར་ཞི་ན་སོ་སོ་རང་གིས་རིམས་ནད་སོས་པ་སོ་སོར་ཉམས་སུ་མྱོང་བ་དེ་བཞིན་དུ་འདོད་ཆགས་ཀྱི་རིམས་ནད་དང་། མ་རིག་པའི་རབ་རིབ་དག་ནུབ་སྟེ་ཉེ་བར་ཞི་ན་སོ་སོ་རང་གིས་རྣམ་པར་གྲོལ་བའི་མཚན་ཉིད་ཀྱི་ནད་སོས་པ་སོ་སོ་

རང་གིས་ཉམས་སུ་མྱོང་བར་འགྱུར་རོ། །ཚིགས་སུ་བཅད་པ་སྔ་མ་རྣམས་ནི་དེ་བཞིན་ཉིད་ཀྱི་གནས་སུ་གྱུར་པའི་མཚན་ཉིད་དོ། །ཚིགས་སུ་བཅད་པ་འདི་ནི་གདུང་བ་དང་རབ་རིབ་ཞི་བ་ལྟ་བུ་གནས་ངན་ལེན་གྱི་ལམ་གྱི་རྟེན་གྱུར་པའི་མཚན་ཉིད་དོ། །ནམ་མཁའ་ལྟར་ལུས་མེད་པས་ན་

མང་པོ་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟར་བདག་ཏུ་འཛིན་པ་མེད་པའི་ཕྱིར་རྟེན་ཐ་དད་པར་བརྗོད་པར་མི་ནུས་ཏེ། བདག་ཏུ་འཛིན་པ་ཡོད་ན་ནི་འདི་ནི་བདག་གོ། །ལྷས་བྱིན་ནི་གཞན་ནོ་སྙམ་པ་དེ་ལྟ་བུར་འགྱུར་གྱི་བདག་ཏུ་འཛིན་པ་མེད་པ་ལ་ནི་དེ་ལྟ་བུར་མི་འགྱུར་རོ། །དེ་བས་ན་བདག་ཏུ་འཛིན་

Vol. 124 · folio 69b

པ་མེད་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་སྐུ་ལ་གནས་པ་རྣམས་ནམ་མཁའ་བཞིན་དུ་ཐ་དད་པར་བྱ་བར་མི་ནུས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་ཆོས་ཀྱི་སྐུ་ཡོངས་སུ་མ་རྫོགས་པ་རྣམས་ལ་ནི་ཐ་དད་དུ་མི་བྱ་བ་མ་ཡིན་ནོ། །ཡེ་ཤེས་སྣང་བ་བྱེད་པའི་ཕྱིར། ཉི་མ་ཆེན་

པོ་འདྲ་བར་འདོད། །ཅེས་བྱ་བ་ལ། ཉི་མ་ཆེན་པོ་ནི་ཀུན་བརྟག་པར་བྱ་བ་ཡིན་ཏེ། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་སྣང་བར་བྱེད་པའི་ཉི་མ་ཆེན་པོ་དེ་ལྟ་བུ་འགའ་ཞིག་ཡོད་པར་གྱུར་ནའོ། །སྤྲུལ་པ་ལ་སོགས་པའི་མཛད་པ་ལ་འདྲེས་པའི་མཛད་པ་གཅིག་པ་ཉིད་སྟོན་

ཏོ་ཞེས་བྱ་བ་ལ་སོགས་པ་ཞེས་སྨོས་པས་ནི་བྱིན་གྱི་རླབས་ཀྱི་མཛད་པ་ལ་སོགས་པ་བསྡུ་བར་རིག་པར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཛད་པ་ནི་འདྲེས་པ་ཡིན་པའི་ཕྱིར་སངས་རྒྱས་གཅིག་གི་སྤྲུལ་པ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་གང་ཡིན་པ་དེ་དེ་ལས་

གཞན་པ་དག་གིས་ཀྱང་མཛད་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དུས་གཅིག་ཏུ་འཇུག་པར་སྟོན་ཏོ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་མཉམ་པར་གཞག་པ་ཡིན་པའི་ཕྱིར་ལྷུན་གྱིས་གྲུབ་པར་འཇུག་པ་ལ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དུས་

གཅིག་ཏུ་འཇུག་སྟེ་མཛད་པ་གཅིག་པའི་ཕྱིར་རོ། །ཉི་མའི་འོད་ཟེར་སྟོང་པ་རྣམ་པར་རྟོག་པ་མེད་པར་འཆར་བ་ནི་འོད་ཟེར་ཁ་ཅིག་སྔར་འཆར་ལ། གཞན་དག་ཕྱིས་འཆར་བ་མ་ཡིན་གྱི་ཐམས་ཅད་དུ་དུས་གཅིག་ཁོ་ནར་འབྱུང་ངོ་། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་མཛད་པ་

ཐ་མི་དད་པ་རྣམས་ཀྱང་ངར་འཛིན་པ་དང་ང་ཡིར་འཛིན་པ་དང་བྲལ་བའི་ཕྱིར་གང་གི་ཚེ་དེ་ཁོ་ན་གཅིག་གི་ཡེ་ཤེས་འབྱུང་བ་དེའི་ཚེ་ཁོ་ན་སངས་རྒྱས་ཐམས་ཅད་ཀྱི་འབྱུང་ངོ་། །ཇི་ལྟར་ཉི་མའི་ཉི་ཟེར་དག །འཇུག་ལ་བདག་གིར་བྱ་བ་མེད། །ཅེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །

ཉི་མ་ནི་འོད་ཟེར་རྣམས་འཇུག་པ་ལ་བདག་གིར་བྱ་བ་མེད་དེ། ལྷུན་གྱིས་གྲུབ་པར་འཇུག་པའི་ཕྱིར་རོ། །ཉི་མ་ནི་འདི་སྙམ་དུ་བདག་ནི་བསྲེག་པ་དང་སྐེམ་པ་ལ་སོགས་པའི་ལས་ལ་ཞུགས་པ་ཡིན་པས་བདག་གིས་བསྲེག་པར་བྱའོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་རྣམ་པར་མི་

Vol. 124 · folio 70a

རྟོག་པ་བཞིན་དུ་བདག་གིར་བྱ་བ་མེད་པར་འོད་ཟེར་འགྱེད་པར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་སྐུ་ལ་གནས་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་ཏེ་སྤངས་པ་ངར་འཛིན་པ་དང་ང་ཡིར་འཛིན་པ་སྤངས་པ་རྣམས་ཀྱི་ཡེ་

ཤེས་མེ་ལོང་ལྟ་བུ་ལ་སོགས་པ་གང་དག་ཡིན་པ་དེ་དག་འཇུག་པ་ལ་ཡང་བདག་གིར་འཛིན་པ་མི་མངའི། ང་ཡིར་འཛིན་པ་མི་མངའ་བར་ཤེས་བྱ་ཐམས་ཅད་ལ་འཇུག་གོ། །སྙིགས་མ་ལྔ་ཤས་ཆེ་བ་ཞེས་བྱ་བ་ལ། སྙིགས་མ་ལྔ་ནི་ཉོན་མོངས་པ་དང་། ལྟ་བ་དང་། སེམས་ཅན་དང་།

བསྐལ་པ་དང་། ཚེའི་སྙིགས་མ་དག་ཡིན་ཏེ། སྙིགས་མ་ཞེས་བྱ་བ་ནི་སྙིགས་མ་ངན་པ་དང་ཐ་ཤལ་ཡིན་ནོ། །ལྷག་མ་རྣམས་ཀྱིས་ནི་ཕྲིན་ལས་ཟབ་པའོ་ཞེས་བྱ་བ་ལ། སྟོབས་སོགས་སངས་རྒྱས་ཆོས་རྣམས་ལ། །བྱང་ཆུབ་རིན་ཆེན་འབྱུང་གནས་འདྲ། །ཞེས་བྱ་བ་འདིས་ནི་བྱང་

ཆུབ་ཀྱི་ཕྱོགས་ལ་སོགས་པ་རིན་པོ་ཆེའི་གནས་ཉིད་ཀྱི་ཕྲིན་ལས་བསྟན་ཏོ། །འགྲོ་བའི་དགེ་བའི་ལོ་ཐོག་ལ། །སྤྲིན་ཆེན་དང་ཡང་འདྲ་བར་འདོད། །ཅེས་བྱ་བ་ཕྱེད་འདིས་ནི་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཕྲིན་ལས་བསྟན་ཏོ། །བསོད་ནམས་ཡེ་ཤེས་རབ་རྫོགས་

ཕྱིར། །ཟླ་བ་ཉ་བ་ལྟ་བུར་འདོད། །ཅེས་བྱ་བ་འདིས་ནི་མཐར་ཐུག་པར་གཤེགས་པའི་ཕྲིན་ལས་བརྗོད་དོ། །ཡེ་ཤེས་སྣང་བ་བྱེད་པའི་ཕྱིར། །ཉི་མ་ཆེན་པོ་འདྲ་བར་འདོད། །ཅེས་བྱ་བ་འདིས་ནི་ཆོས་སྟོན་པའི་ཕྲིན་ལས་བརྗོད་དོ། །ཇི་ལྟར་ཉི་མའི་དཀྱིལ་འཁོར་གྱི། །འོད་ཟེར་དཔག་ཏུ་

མེད་འདྲེས་ཤིང་། །ཞེས་བྱ་བ་འདི་དང་། དེ་བཞིན་ཟག་མེད་དབྱིངས་ན་ཡང་། །སངས་རྒྱས་དཔག་ཏུ་མེད་འདྲེས་ཤིང་། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་པོ་འདི་ཐམས་ཅད་ཀྱིས་ནི་སྤྲུལ་པ་ལ་སོགས་པ་མཛད་པའི་ཕྲིན་ལས་བསྟན་ཏོ། །དཔེར་ན་ཉི་མའི་འོད་ཟེར་གཅིག །ཅེས་

བྱ་བའི་ཚིགས་སུ་བཅད་པ་འདིས་ནི་ཡེ་ཤེས་འཇུག་པའི་ཕྲིན་ལས་བསྟན་ཏོ། །ཇི་ལྟར་ཉི་མའི་འོད་ཟེར་དག །ཅེས་བྱ་བ་འདིས་ནི་རྣམ་པར་མི་རྟོག་པའི་ཕྲིན་ལས་བརྗོད་དོ། །ཉི་མའི་འོད་ཟེར་གཅིག་བཏང་བས། །ཞེས་བྱ་བ་འདིས་ནི་ཡེ་ཤེས་རྣམ་པ་སྣ་ཚོགས་པའི་ཕྲིན་ལས་བསྟན་ཏོ། །ཇི་ལྟར་

Vol. 124 · folio 70b

ཉི་མའི་འོད་ཟེར་རྣམས། །ཞེས་བྱ་བ་འདིས་ནི་ཡེ་ཤེས་མི་འཇུག་པའི་ཕྲིན་ལས་བརྗོད་དོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་ནི་སྣ་ཚོགས་པ་མ་ཡིན་ཏེ། ཤེས་བྱའི་སྒྲིབ་པ་མ་སྤངས་པའི་ཕྱིར་ཤེས་བྱ་སྣ་ཚོགས་བདག་ལ་ཤེས་བྱ་མི་འཇུག་གོ། །དྲི་མེད་དབྱིངས་ལ་སངས་རྒྱས་ཀྱི། །

མཚན་ཉིད་དང་ནི་གནས་པ་དང་། ཕྲིན་ལས་ཟབ་པ་འདི་བཤད་པ། །མཁའ་ལ་ཚོན་གྱིས་རི་མོ་འདྲི། །ཞེས་བྱ་བ་ནི་དཔེར་ན་འགའ་ཞིག་ནམ་མཁའ་ལ་ནི་རི་མོ་འདྲི་བར་དཀའ་བ་བྱེད་པ་དེ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་རྣམས་སོ་སོ་རང་གིས་རིག་པའི་ཆོས་བསྙད་པའི་རྣམ་པར་སྟན་

པ་མཛད་པ་གང་ཡིན་པ་དེ་ནི་དཀའ་བ་མཛད་པ་ཡིན་ནོ། །གོས་བཀྲ་བ་ཉིད་དང་ནམ་མཁའ་ལ་རི་མོ་འདྲི་བ་ཉིད་ནི་རྒྱ་མཚོའི་བློ་གྲོས་ཀྱི་མདོའི་རྗེས་སུ་འབྲང་བར་ཁོང་དུ་ཆུད་པར་བྱའོ། །འབྱོར་པ་རྣམ་པར་དབྱེ་བ་ལ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་རྣམས་ཀྱི་འབྱོར་པ་ཐ་མ་དང་། འབྲིང་

དང་། མཆོག་ཏུ་རྣམ་པར་དབྱེ་བས་སོ། །དེ་ཉིད་ཀྱི་ཕྱིར་རིམ་གྱིས་གཞན་དང་གཞན་ཟིལ་གྱིས་གནོན་ཏོ། །རྣམ་པའི་རབ་ཏུ་དབྱེ་བའི་ཁྱད་པར་དང་། ཟབ་པའི་ཁྱད་པར་གྱིས་འབྱོར་པ་སྟོན་ཏོ་ཞེས་བྱ་བ་སྦྱར་ཏེ། དཔག་ཏུ་མེད་པ་ཉིད་ཀྱིས་ནི་རྣམ་པའི་རབ་ཏུ་དབྱེ་བའི་ཁྱད་པར་བསྟན་ལ།

བསམ་གྱིས་མི་ཁྱབ་པ་ཉིད་ཀྱིས་ཟབ་པའི་ཁྱད་པར་བསྟན་ཏོ། །ཇི་ལྟར་བསམ་གྱིས་མི་ཁྱབ་པ་ཡིན། ཇི་ལྟར་ཚད་མེད་པ་ཡིན་ཞེ་ན། སྨྲས་པ། དེ་གང་ཟག་དང་གང་གི་དོན་དང་། འཇིག་རྟེན་གྱི་ཁམས་གང་དུ་དང་། རྣམ་པ་ཅི་འདྲ་བ་དག་དང་། བསྐལ་པ་ཅི་ཙམ་དུ་བྱང་

ཆུབ་ཀྱི་ཆེད་དུ་ཞུགས་ནས་འཇུག་པ་སྟེ། དོན་དེ་ལྟ་བུ་ལ་སོགས་པ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་འཇུག་པ་དེ་ཚད་གཟུང་བ་དང་བསམ་པར་མི་ནུས་སོ། །དབང་པོ་ལྔ་གཞན་དུ་གྱུར་ན་འབྱོར་པ་དམ་པ་རྣམ་པ་གཉིས་འཐོབ་པོ་ཞེས་བྱ་བ་གཟུགས་མེད་ན་ཇི་ལྟར་དབང་པོ་

གཞན་དུ་འགྱུར་བར་འདོད་ཅེ་ན། རང་གི་ས་བོན་གང་ལས་སུ། །རྣམ་རིག་སྣང་བ་གང་བྱུང་བ། །དེ་དང་དེ་ཡི་སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །རང་གི་ས་བོན་ཡོངས་སུ་གྱུར་པའི་ཁྱད་པར་ཐོབ་པ་གང་ལས་གཟུགས་སུ་སྣང་བའི་རྣམ་པར་རིག་པ་འབྱུང་བའི་ས་

Vol. 124 · folio 71a

བོན་གང་ཡིན་པ་དེ་དང་སྣང་བ་གང་ཡིན་པ་དེ་སྟེ། དེ་དག་ནི་བཅོམ་ལྡན་འདས་ཀྱིས་གོ་རིམས་བཞིན་དུ་དེའི་མིག་དང་གཟུགས་ཀྱི་སྐྱེ་མཆེད་ནས་ལུས་དང་རེག་བྱའི་སྐྱེ་མཆེད་ཀྱི་བར་དུ་གསུངས་སོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཁམས་གསུམ་པ་འདི་སེམས་

ཙམ་མོ་ཞེས་བྱ་བར་ཐོས་པ་དང་བསམ་པ་དང་བསྒོམ་པའི་རིམ་གྱིས་གཟུགས་ཀྱི་འདུ་ཤེས་ཟིལ་གྱིས་མནན་ཏེ། གཟུགས་སུ་ཕྱིན་ཅི་ལོག་སྤོང་བར་བྱེད་པ་དེའི་ཚེ་སྐྱེ་མཆེད་ཉིད་དུ་ཕྱིན་ཅི་ལོག་པར་གྱུར་པའི་རྣམ་པར་རིག་པ་གང་དག་ཡིན་པ་དེ་དག་ཡོངས་སུ་གྱུར་ན་ཕྱིན་ཅི་ལོག་སྤང་བའི་ཕྱིར་དབང་པོ་

ལྔ་གཞན་དུ་འགྱུར་བ་རྣམ་པར་གཞག་གོ། །འབྱོར་པ་རྣམ་པ་གཉིས་ལ་དབང་པོ་ལྔ་པོ་ཐམས་ཅད་དོན་ལྔ་པོ་ཐམས་ཅད་ལ་འཇུག་པ་ཞེས་བྱ་བ་ནི་མིག་གིས་གཟུགས་མཐོང་བ་ནས་རེག་བྱ་ལ་རེག་པའི་བར་དུ་སྟེ། དབང་པོ་རེ་རེ་ལ་ཡང་འབྱོར་བ་དེ་ལྟ་བུ་དང་གཟུགས་ལ་སོགས་པ་མཐོང་བས་ཡོན་ཏན་

བརྒྱ་ཕྲག་བཅུ་གཉིས་འཐོབ་པའོ། །གཟུགས་ལ་སོགས་པར་མངོན་པར་ཞེན་པ་ཡོད་ན་དོན་ཐམས་ཅད་ལ་འཇུག་པ་འགལ་གྱི། དེ་མངོན་པར་ཞེན་ན་སྤང་བའི་ཕྱིར་ཉེས་པ་མེད་དེ། དོན་འདི་ནི་འཕགས་པ་གཟུངས་ཀྱི་དབང་ཕྱུག་གི་རྒྱལ་པོ་དང་། དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པའི་

མདོ་ལས་ཁོང་དུ་ཆུད་པར་བྱའོ། །ཡིད་གཞན་དུ་འགྱུར་ན་འབྱོར་པ་དང་མཐུན་པ་སྤྱོད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་ལ་འབྱོར་པའི་མཆོག་རྙེད་པར་གྱུར་ཏེ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་གཞན་དུ་གྱུར་ནའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཡིད་ཀྱི་རྣམ་པར་ཤེས་

པ་དང་མཚུངས་པར་ལྡན་པར་འཇུག་ལ། དེའི་རྟེན་ནི་ཡིད་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་མིག་ལ་སོགས་པ་ལྟ་བུའོ། །ཇི་སྲིད་དུ་ཉོན་མོངས་ཅན་གྱི་ཡིད་དེ་གཞན་དུ་མ་གྱུར་པའི་བར་དུ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཉོན་མོངས་པ་བཞི་དང་མཚུངས་པར་ལྡན་པར་ཀུན་

གཞི་རྣམ་པར་ཤེས་པ་ལ་དམིགས་ནས་ཕྱིན་ཅི་ལོག་ཏུ་འཇུག་པ་དེ་སྲིད་དུ་དེ་ལ་བརྟེན་པ་ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཟུགས་ལ་སོགས་པའི་ཡུལ་ལ་ཅི་རིགས་པར་གཟུགས་ལ་སོགས་པའི་ཡུལ་མེད་བཞིན་དུ་ཡོད་པ་ཡང་དག་པར་བཟུང་ནས་ཕྱིན་ཅི་ལོག་ཏུ་འཇུག་གོ། །ཉོན་མོངས་པ་ཅན་གྱི་

Vol. 124 · folio 71b

ཡིད་དེ་གཞན་དུ་གྱུར་ན་དེ་ལ་བརྟེན་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འབྱོར་པ་འཐོབ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འབྱོར་པ་དེ་ལ་རག་ལས་པ་དང་། དེའི་རྗེས་ལ་འཐོབ་པའི་ཡེ་ཤེས་ལ་རག་ལས་པས་ནི་དེ་དང་མཐུན་པར་སྤྱོད་པ་ཡིན་ནོ། །དོན་གཞན་དུ་གྱུར་པ་ནི་གཟུགས་ལ་

སོགས་པ་ཡུལ་ལྔ་གཞན་དུ་གྱུར་པའོ། །འཛིན་པ་གཞན་དུ་གྱུར་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔ་གཞན་དུ་གྱུར་པ་སྟེ། ཇི་ལྟར་རྣམ་པར་མ་དག་པའི་གནས་སྐབས་ན་ཡུལ་ལྔ་པོ་སྣ་ཚོགས་སུ་དམིགས་པ་དེ་བཞིན་དུ། གཞན་དུ་གྱུར་པའི་གནས་སྐབས་ན་བཻ་ཌཱུརྱ་ལ་སོགས་པའི་ཞིང་

སྣ་ཚོགས་སུ་སྣང་བ་རྣམ་པར་དག་པ་ཡིན་ནོ། །རྣམ་པར་རྟོག་པ་གཞན་དུ་གྱུར་ན་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་གཞན་དུ་གྱུར་པ་སྟོན་ཏོ། །ཡེ་ཤེས་ཐམས་ཅད་ཅེས་བྱ་བ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྟ་བུའོ། །ཕྲིན་ལས་ཐམས་ཅད་ལ་ཞེས་བྱ་བ་ནི་སྤྲུལ་པའི་ཕྲིན་ལས་སོགས་

པ་ལ་སྟེ། དུས་ཐམས་ཅད་དུ་ཐོགས་པ་མེད་པ་ལ་འབྱོར་པའི་མཆོག་ཐོབ་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །རྟེན་ནི་གཞན་དུ་གྱུར་པ་ན་ཞེས་བྱ་བ་ལ་རྟེན་དུ་གྱུར་པ་ནི་ས་སྟེ། དེ་གཞན་དུ་གྱུར་ན་མི་གནས་པའི་མྱ་ངན་ལས་འདས་པ་ལ་འབྱོར་པ་ཐོབ་པར་འགྱུར་རོ། །འདི་ནི་ཀུན་གཞི་རྣམ་པར་ཤེས་

པའི་དམིགས་པ་གཞན་དུ་གྱུར་པ་ཡིན་ཏེ། འདི་ལྟར། ཀུན་གཞི་རྣམ་པར་ཤེས་པ་ནི། །དེ་ནི་ལེན་པ་དག་དང་གནས། །རྣམ་པར་རིག་པ་མི་རིག་པ། །ཞེས་བྱ་བ་འབྱུང་བ་ཡིན་ནོ། །རྟེན་དེ་གཞན་དུ་གྱུར་པ་ནི་གནས་ངན་ལེན་གྱི་རྟེན་གྱི་དམིགས་པ་གཞན་དུ་གྱུར་པ་རྣམ་པར་གཞག་གོ། །

འཁྲིག་པ་གཞན་དུ་གྱུར་པ་ནི་ལུས་ཀྱི་དབང་པོའི་ཕྱོགས་གཅིག་གོ། །དེ་ལྟར་སངས་རྒྱས་དྲི་མེད་པའི། །གནས་ན་གཞན་གྱུར་དཔག་མེད་པས། །ཞེས་བྱ་བ་ནི་དབང་པོ་ལྔ་གཞན་དུ་གྱུར་པ་ལ་སོགས་པ་ཇི་སྐད་བཤད་པ་འདི་ནི་སྒོ་ཙམ་དུ་ཟད་ཀྱི། རྒྱས་པར་ནི་ཆོས་མང་པོ་གཞན་དུ་གྱུར་པ་

ཐེག་པ་ཆེན་པོའི་མདོ་དག་ལས་ཁོང་དུ་ཆུད་པར་བྱའོ། །འབྱོར་པའི་སྐབས་ཀྱི་འོག་ཏུ་སངས་རྒྱས་ཉིད་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་སྐབས་ཡིན་ཏེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། དེ་ལྟར་འབྱོར་པ་བརྙེས་པ་རང་གི་དོན་གྱི་མཐར་ཕྱིན་པའི་སངས་རྒྱས་བཅོམ་ལྡན་

Vol. 124 · folio 72a

འདས་རྣམས་ནི་འདི་ལྟར་རྩོལ་བ་མི་མངའ་བར་རྣམ་པར་མི་རྟོག་པ་བཞིན་དུ། སེམས་ཅན་ཡོངས་སུ་སྨིན་པར་མཛད་པས་འདིའི་དབང་དུ་བྱས་ནས་ཡོངས་སུ་སྨིན་པར་མཛད་པའི་སྐབས་ཡིན་ནོ། །སྔར་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པའི་ཡོངས་སུ་སྨིན་པ་ཡིན་ནོ། །

ད་ནི་མཐར་ཕྱིན་པ་བརྙེས་པ་སངས་རྒྱས་ཀྱི་ས་ལ་བཞུགས་པ་ཡིན་ནོ། །མ་སྨིན་པ་ནི་སྨིན་པར་འགྲོ་ལ། སྨིན་པ་ནི་རྣམ་པར་དག་པར་འགྲོ་སྟེ། དེ་ལྟར་དུས་རྟག་ཏུ་འགྲོ་ཡང་ཞེས་བྱ་བ་ནི་འཇིག་རྟེན་དང་སྦྱར་རོ། །དེ་ལྟར་ཐོབ་དཀའ་ཞེས་བྱ་བ་ནི་ཚོགས་ཆེན་པོས་འཐོབ་པས་ན་ཐོབ་དཀའ་སྟེ། ཐོབ་པར་དཀའ་

བ་དེའོ། །ལ་ལར་སྐྱེ་བ་མི་སྣང་ཞེས་བྱ་བ་ནི་སྐྱེ་བ་དང་མི་སྣང་བ་ནི་སྐྱེ་བ་མི་སྣང་བའོ། །ཡང་ན་སྐྱེ་བ་མི་སྣང་བ་ནི་སྐྱེ་བ་མི་སྣང་བའོ། །ཇི་ལྟར་གང་ན་གནས་ཏེ་སེམས་ཅན་རྣམས་འདུལ་བའོ་ཞེས་བྱ་བ་ནི་དེ་ནི་ཅིག་ཅར་ལ་ལར་སྒོ་མང་བརྒྱ་ནས་ཆོས་ཀྱི་འཁོར་ལོ་དང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྣམ་

པས་འདུལ་བ་ནི་ཇི་ལྟར་འདུལ་བ་ཡིན་ནོ། །ཆོས་ཀྱི་སྐུ་ལས་མ་གཡོས་པར་འདུལ་བ་ནི། གང་ལ་གནས་ཏེ་འདུལ་བ་ཞེས་བྱའོ། །ཡོངས་སུ་སྨིན་པར་མཛད་པའི་འོག་ཏུ་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྐབས་ཏེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། འདི་ནི་བྱང་ཆུབ་ཀྱི་སྐབས་ཡིན་ནོ། །

སྔར་ནི། ངལ་རྒྱས་རྨད་བྱུང་དཀའ་སྤྱད་དགེ་ཀུན་བསགས། །བསྐལ་མཆོག་དུས་རིང་འགྲོ་བ་སྒྲིབ་ཀུན་ཟད། །སར་གཏོགས་སྒྲིབ་པ་ཕྲ་བཅོམ་སངས་རྒྱས་ཏེ། །དེ་ནི་མཐུ་ཆེན་རིན་ཆེན་སྣོད་ཕྱེ་བཞིན། །ཞེས་བྱ་བ་ལ་སོགས་པ་ནི་རྣམ་པས་བྱང་ཆུབ་སྤྱིར་བསམས་སོ། །དེའི་

འོག་ཏུ་ནི་སངས་རྒྱས་ཉིད་བརྙེས་པའི་གནས་སྐབས་ན་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་བསམས་སོ། །ད་ནི་ངོ་བོ་ཉིད་དང་། རྒྱུ་དང་། འབྲས་བུ་དང་། ཕྲིན་ལས་དང་ལྡན་པ་དང་། འཇུག་པའི་རབ་ཏུ་དབྱེ་བས་བསམ་མོ། །ཡང་ན་འདི་ནི་བྱང་ཆུབ་ཀྱི་སྐབས་ཡིན་ནོ། །སྔར་ནི་བྱང་

ཆུབ་སེམས་དཔའ་དག་གང་ལ་སློབ་ཅེ་ན། གནས་བདུན་པོ་རང་དང་གཞན་གྱི་དོན་ནས་བཟུང་སྟེ་བྱང་ཆུབ་ཀྱི་བར་ལ་སློབ་བོ་ཞེས་བཤད་དོ། །བྱང་ཆུབ་ཀྱང་མདོ་དག་ལས་རྣམ་པ་མང་པོ་ཞིག་འབྱུང་བས་སྔར་བྱང་ཆུབ་བསམས་པ་ནི་ཇི་ལྟར་མདོ་གཞན་དང་གཞན་དག་ལས་འབྱུང་བ་དེ་ལྟར་

Vol. 124 · folio 72b

བསམ་མོ། །དེ་བས་ན་འདིའི་དབང་དུ་བྱས་ནས་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྐབས་ཡིན་ཏེ། འདིར་ནི་གོ་རིམས་འདི་ཉིད་ལེགས་སོ། །སངས་རྒྱས་ཀྱི་སའི་མདོ་ལས། སངས་རྒྱས་ཀྱི་ས་ནི་ཆོས་ལྔ་པོ་ཆོས་ཀྱི་དབྱིངས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་

དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱིས་བསྡུས་པར་འབྱུང་བས། སངས་རྒྱས་ཀྱི་སའི་དབང་དུ་བྱས་ནས། ཆོས་ལྔ་པོ་གོ་རིམས་བཞིན་དུ་རྣམ་པར་གཏན་ལ་དབབ་པོ། །དེ་ལས་ཀྱང་ཆོས་ཀྱི་དབྱིངས་དང་པོར་བསྟན་པས་དེའི་ཕྱིར་དང་པོར་ཆོས་ཀྱི་དབྱིངས་རྣམ་

པར་དག་པའི་སྐབས་སོ།། །།དེའི་འོག་ཏུ་ཡེ་ཤེས་བཞི་སེམས་པར་འགྱུར་རོ། །ཆོས་ལྔ་པོ་འདི་དག་གིས་རྣམ་པར་གཏན་ལ་དབབ་པར་རབ་ཏུ་དབྱེ་བ་རྒྱས་པར་ནི་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་སའི་མདོ་ཁོ་ན་ལས་བལྟ་བར་བྱའོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཉོན་མོངས་པ་དང་།

ཤེས་བྱའི་སྒྲིབ་པ་གཉིས་རྣམ་པར་དག་པའི་མཚན་ཉིད་ཅེས་བྱ་བ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་ལས་རྣམ་པར་དག་པས་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམ་པར་དག་པའོ། །གང་ཞིག་རྣམ་པར་དག་ཅེ་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ། འདིས་ནི་དེ་བཞིན་

ཉིད་ཀྱི་གནས་ཡོངས་སུ་གྱུར་པ་བསྟན་ཏོ། །དངོས་པོ་ཤེས་པ་ནི་རྗེས་ལ་ཐོབ་པའི་ཡེ་ཤེས་སོ། །དངོས་པོ་ཞེས་བྱ་བའི་སྒྲས་ནི་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ་གཞན་གྱི་དབང་གི་ངོ་བོ་ཉིད་བཟུང་སྟེ། འདིས་ནི་གནས་ངན་ལེན་གྱི་གནས་ཡོངས་སུ་གྱུར་པ་བསྟན་ཏོ། །གཞན་གྱི་

དབང་གི་ངོ་བོ་ཉིད་ཡོངས་སུ་གྱུར་ན་རྣམ་པར་མི་རྟོག་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་འགྱུར་གྱི། གཞན་གྱི་ནི་མ་ཡིན་ནོ། །དེ་ལ་དམིགས། དབང་ཟད་མི་ཤེས་མཚན་ཉིད་དོ། །ཞེས་བྱ་བ་འདི་ནི་ལམ་གྱི་གནས་ཡོངས་སུ་གྱུར་པ་བསྟན་ཏོ། །དེ་ཞེས་བྱ་བའི་སྒྲ་ནི་བཤད་མ་ཐག་པ་ཆོས་

ཀྱི་དབྱིངས་བཟུང་ངོ་། །དབང་ཟད་མི་ཤེས་མཚན་ཉིད་དོ། །ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་དེ་བཞིན་ཉིད་ལ་དབང་ཟད་མི་ཤེས་པ་འཐོབ་སྟེ། བཞེད་དགུར་མཉམ་པར་འཇོག་པའི་ཕྱིར་རོ། །དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ནི་ཕྱིན་ཅི་མ་ལོག་པའི་དོན་གྱིས། གཞན་གྱི་དབང་གི་ངོ་བོ་ཉིད་

Vol. 124 · folio 73a

ལ་དབང་ཟད་མི་ཤེས་པ་ཐོབ་པོ། །དེ་བཞིན་ཉིད་ཤེས་ཐམས་ཅད་ནས། །བསྒོམ་པ་པ་ལས་ཞེས་བྱ་བ་ལ། དེ་བཞིན་ཉིད་ཤེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ས་དང་པོ་རྟོགས་པའི་དུས་ན་ཐོབ་པ་ཡིན་ནོ། །དེ་བསྒོམ་པ་ནི་ས་ལྷག་མ་རྣམས་སུ་སྟེ། ཤེས་པ་དེ་ཇི་

ལྟ་ཇི་ལྟར་ཐོས་པ་དང་། བསམ་པ་དང་། བསྒོམ་པ་ལ་སོགས་པའི་རིམ་གྱིས་སྦྱོར་བ་ལ་སོགས་པའི་གནས་སྐབས་ན་ཆོས་ཀྱི་རྣམ་གྲངས་ཀྱི་སྒོ་ཐམས་ཅད་ནས་སྒོམ་པ་དེ་ལྟ་དེ་ལྟར་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྒྱུར་འགྱུར་བ་དེ་ནི་བསྒོམ་པ་ཡིན་ནོ། །དེའི་སྟོབས་ཀྱིས་སེམས་ཅན་ཐམས་

ཅད་ལ་ཕན་པ་བསྐྱེད་པ་དང་། བདེ་བ་བསྐྱེད་པ་དང་། གཉིས་མཛད་པ་གང་ཡིན་པ་དེ་ནི་དེའི་འབྲས་བུ་ཡིན་ནོ། །སྐུ་ལ་སོགས་པ་རྣམ་པ་གསུམ་སྤྲུལ་པ་ནི་ཕྲིན་ལས་སོ་ཞེས་བྱ་བ་ལ། གསུང་སྤྲུལ་པ་ནི་ནམ་མཁའ་དང་། ཤིང་དང་། ནགས་ཚལ་དང་། རྩིག་པ་ལ་སོགས་པ་ལས་

ཆོས་སྟོན་པའི་སྒྲ་གྲག་པ་གང་ཡིན་པའོ། །ཐུགས་སྤྲུལ་པ་ནི་གང་གིས་ན་དེས་རྟོགས་པར་འགྱུར་བར་གཞན་གྱི་སེམས་སྤྲུལ་ནས་ཆོས་སྟོན་པར་མཛད་པ་གང་ཡིན་པའོ། །རྣམ་པ་གཅིག་ཏུ་ན་གཞན་གྱི་སེམས་ཇི་ལྟར་གནས་བརྟན་རབ་འབྱོར་ལ་སོགས་པ་ཐེག་པ་ཆེན་པོ་འཆད་པ་དེ་ལྟར་

སྤྲུལ་པར་མཛད་དེ། དེ་ལྟ་བུ་ལ་སོགས་པ་གཞན་ཡང་བལྟ་བར་བྱའོ། །སྤྲུལ་པའི་སྦྱོར་བའི་ཐབས་ཀྱི་ཕྲིན་ལས་ཅན་ཏེ་ཞེས་བྱ་བ་ནི་སྤྲུལ་པའི་སྦྱོར་བའི་ཐབས་གང་ཡིན་པ་སྟེ། ཐབས་དེ་མཁྱེན་པའི་ཕྱིར་དེའི་ཕྲིན་ལས་ཅན་ཞེས་བྱའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་ཉིད་སྐུ་

གསུམ་གྱི་བྱེ་བྲག་གིས་ཐ་དད་དུ་འཇུག་པ་ཡིན་ནོ། །ཆོས་ཀྱི་དབྱིངས་དེ་ནི། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་དེ། །ཞེས་བྱ་བ་ནས་བཟུང་སྟེ། ངོ་བོ་ཉིད་དང་། རྒྱུ་དང་། འབྲས་བུ་དང་། ལས་དང་། ལྡན་པ་དང་། འཇུག་པའི་དོན་གྱིས་བསྟན་

པ་ཡིན་ནོ། །འཁོར་ཡོངས་སུ་སྡུད་པའི་བྱེ་བྲག་ནི་འཁོར་གྱི་དཀྱིལ་འཁོར་གྱི་བྱེ་བྲག་གོ། །ཞིང་གི་བྱེ་བྲག་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་ལའི་སངས་རྒྱས་ཀྱི་ཞིང་ནི་ཤེལ་གྱི་རང་བཞིན་ཡིན་ལ། ལ་ལའི་སངས་རྒྱས་ཀྱི་ཞིང་ནི་བཻ་ཌཱུརྱའི་རང་བཞིན་ཡིན་པ་དེ་ལྟ་བུ་ལ་སོགས་པའོ། །

Vol. 124 · folio 73b

མཚན་གྱི་བྱེ་བྲག་ནི་དཔེར་ན་འོད་དཔག་མེད་ཅེས་བྱ་བ་དང་། རྣམ་པར་སྣང་མཛད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །སྐུའི་བྱེ་བྲག་ནི་ལ་ལས་ཤེལ་ལ་སོགས་པའི་རང་བཞིན་གྱི་བྱེ་བྲག་གིས་སམ། སྐུ་ཆུང་ངུ་དང་སྐུ་ཆེན་པོའི་བྱེ་བྲག་གིས་རྣམ་པ་འགའ་ཞིག་ཏུ་མཐོང་བའོ། །ཆོས་ལ་

ལོངས་སྤྱོད་རྫོགས་པའི་བྱེ་བྲག་ནི་ས་བཅུ་པ་དང་། བློ་གྲོས་མི་ཟད་པས་བསྟན་པ་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་ཀྱི་སྒོ་ཐ་དད་པས་སོ། །མཛད་པའི་བྱེ་བྲག་ནི་བྱང་ཆུབ་སེམས་དཔའ་འདུས་པའི་བསམ་པ་ལ་ལྟོས་ནས་མཛད་པ་ཡིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་དེ་དང་། འབྲེལ་

པ་ཞེས་བྱ་བ་ལ། འདིའི་འབྲེལ་པ་ཉིད་གང་ཡིན་ཞེ་ན། དེའི་རྒྱུར་གྱུར་པ་ཉིད་དེ། འདི་ལྟར་ཆོས་ཀྱི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རྒྱུ་ཡིན་ནོ། །ལོངས་སྤྱོད་རྫོགས་པ་ནི་དེའི་རྒྱུ་མཐུན་པའི་འབྲས་བུར་གྱུར་པའི་ཕྱིར་འཁོར་གྱི་དཀྱིལ་འཁོར་དག་ཏུ་བྱང་ཆུབ་སེམས་དཔའ་སར་ཆུད་པ་རྣམས་

ལ་ཐེག་པ་ཆེན་པོའི་ཆོས་ཐུན་མོང་མ་ཡིན་པ་སྟོན་པས་དེའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ནི་ཆོས་ཀྱི་སྐུ་དང་འབྲེལ་པ་ཞེས་བྱའོ། །ཡང་ན་ལོངས་སྤྱོད་རྫོགས་པའི་སྐུ་ནི་རྣམ་པར་མི་རྟོག་པའི་རྗེས་ལ་ཐོབ་པའི་ངོ་བོ་ཉིད་ཡིན་ལ། རྣམ་པར་མི་རྟོག་པའི་རྗེས་ལ་ཐོབ་པ་དེ་ཡང་རྟོགས་པ་དང་། རྗེས་

སུ་དྲན་པ་དང་། རྣམ་པར་འཇོག་པ་དང་། འདྲེས་པ་དང་། ངེས་པར་སྤྱོད་པའི་ངོ་བོ་ཉིད་དང་རྣམ་པ་ལྔར་བསྟན་ཏེ། དེའི་ཕྱིར་ཡང་ལོངས་སྤྱོད་རྫོགས་པའི་སྐུ་ནི་ཆོས་ཀྱི་སྐུ་དང་འབྲེལ་བ་ཞེས་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་རང་གི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་དོ་ཞེས་བྱ་བ་ནི་བྱང་ཆུབ་

སེམས་དཔའ་སར་ཆུད་པ་རྣམས་དང་ཐབས་ཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཐུན་མོང་མ་ཡིན་པའི་ལོངས་སྤྱོད་རྫོགས་པར་སྐུ་ཉམས་སུ་བསྟར་བའི་ཕྱིར་རོ། །ཕུན་སུམ་ཚོགས་པ་དེ་ནི་ཆོས་ཀྱི་སྐུ་ལ་བརྟེན་པ་ཡིན་ནོ། །གཞན་གྱི་དོན་ཕུན་སུམ་ཚོགས་པ་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་པ་

ཡང་ཡིན་ལ། སྤྲུལ་པའི་སྐུ་ལ་བརྟེན་པ་ཡང་ཡིན་ཏེ། དེ་དག་ནི་སྐུ་གསུམ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུམ་པོ་དེ་དག་ནི་གོ་རིམས་བཞིན་དུ་རྣམ་པ་གསུམ་གྱིས་ཁྱད་པར་མེད་དེ་ཞེས་བྱ་བ་ལ་འཇིག་རྟེན་གྱིས་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཐ་མི་དད་དོ། །ཇི་ལྟར་ཐ་མི་

Vol. 124 · folio 74a

དད་ཅེ་ན། དེའི་ཕྱིར་སྨྲས་པ། ཆོས་ཀྱི་དབྱིངས་ཐ་མི་དད་པའི་ཕྱིར་རོ། །དགོངས་པས་ནི་ལོངས་སྤྱོད་རྫོགས་པའོ། །སངས་རྒྱས་ཀྱི་དགོངས་པ་ཐ་དད་པ་མེད་པའི་ཕྱིར་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་ནི་འགའ་ལ་ཡང་དགོངས་པ་མཐོན་དམན་གྱི་བྱེ་བྲག་ཐ་དད་པ་མི་མངའོ། །

ཕྲིན་ལས་ཀྱིས་ནི་སྤྲུལ་པའི་སྐུའོ། །ཕྲིན་ལས་ཐུན་མོང་པའི་ཕྱིར་ཏེ། ཇི་ལྟར་སྤྲུལ་པའི་སྐུ་གཅིག་གི་སྤྲུལ་པས་ཕྲིན་ལས་མཛད་པ་དེ་བཞིན་དུ་གཞན་དག་ཀྱང་མཛད་པས་གཅིག་གིས་མཛད་པ་གང་ཡིན་པ་དེ་ཐུན་མོང་ཡིན་པའི་ཕྱིར་གཞན་གྱིས་ཀྱང་མཛད་པ་ཁོ་ན་ཡིན་ནོ། །སྐུ་གསུམ་

གྱི་སྐབས་ཀྱི་འོག་ཏུ་ཡེ་ཤེས་ཀྱི་སྐབས་ཏེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། འདི་ནི་བྱང་ཆུབ་ཀྱི་སྐབས་ཡིན་ནོ། །སངས་རྒྱས་ཀྱི་ས་ནི་ཆོས་ལྔ་པོ་ཆོས་ཀྱི་དབྱིངས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་བཞིས་བསྡུས་སོ། །དེ་ལ་ཆོས་ཀྱི་དབྱིངས་རྟོགས་པའི་སྐབས་ཀྱི་ཆོས་

ཀྱི་དབྱིངས་ནི། རང་བཞིན་ཆོས་རྫོགས་ལོངས་སྤྱོད་དང་། །སྤྲུལ་པ་དག་གིས་ཐ་དད་འཇུག །ཅེས་དབྱེ་བའི་དབང་དུ་བྱས་ནས་ཆོས་ཀྱི་དབྱིངས་ལ་སྐུ་གསུམ་གསལ་བ་བྱས་སོ། །ད་ནི་ཡེ་ཤེས་ཀྱི་དབང་དུ་བྱས་ནས་སངས་རྒྱས་ཀྱི་ཡེ་ཤེས་མེ་ལོང་ལྟ་བུ་ལ་སོགས་པ་བཞི་བསམ་མོ། །མེ་

ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་ཅེས་བྱ་བ་ནི་ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་། གཟུང་བ་དང་འཛིན་པ་མེད་པའི་ཕྱིར་ང་ཡི་བ་མེད་པ་ཡིན་ནོ། །ཡུལ་གྱི་སྒོ་ནས་ཡོངས་སུ་མ་ཆད་པ་ཞེས་བྱ་བ་ནི་འདི་ལ་ཤར་ལ་སོགས་པའི་ཡུལ་ཐ་དད་པར་ཡོངས་སུ་ཆད་པ་མེད་པའོ། །རྟག་

ཏུ་སྒྲིབ་པ་དང་བྲལ་བའི་ཕྱིར་ཤེས་བྱ་ཐམས་ཅད་ལ་མ་རྨོངས་པ་ཡང་ཡིན་ཞེས་བྱ་བ་ནི་འདི་ལ་འདི་ལྟར་དེ་ནི་དུས་ཐམས་ཅད་དུ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་དང་བྲལ་བས་སོ། །རྣམ་པ་མེད་པའི་ཕྱིར་ཆོས་དེ་དག་ལ་མངོན་དུ་ཕྱོགས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་དེ་ནི་ཤེས་བྱ་དག་ལ་

གཟུགས་ལ་སོགས་པ་ལ་དམིགས་པ་བཞིན་དུ་དམིགས་པའི་བྱེ་བྲག་གམ། སྔོན་པོ་ལ་སོགས་པའི་རྣམ་པའི་བྱེ་བྲག་གིས་འཇུག་པ་མ་ཡིན་པའོ། །དེ་ནི་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་མཉམ་པས་མཉམ་པ་རྣམ་པར་མི་རྟོག་པ་དེ་བཞིན་ཉིད་ལ་དམིགས་པའི་ངོ་བོ་ཉིད་དེ།

Vol. 124 · folio 74b

དེ་ཉིད་ཀྱི་ཕྱིར་མི་གཡོ་བ་ཡིན་ནོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སོགས་པ་དེ་དག་གི་རྣམ་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་ལྟ་བུའོ་ཞེས་བྱ་བ་ནི་འདིར་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པའི་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྣམ་པ་

ཐམས་ཅད་མཁྱེན་པའི་རྟེན་གྱི་ཡེ་ཤེས་དང་ལྡན་པའི་ཕྱིར་ཡེ་ཤེས་ཀྱི་འབྱུང་གནས་ཆེན་པོའོ་ཞེས་འབྱུང་བའི་མདོའི་དུམ་བུ་འདི་དང་སྦྱར་བར་བྱའོ། །དེ་ནི་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱང་ཡིན་ལ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་རྒྱུ་ཡིན་པའི་ཕྱིར། ལོངས་སྤྱོད་

རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཡེ་ཤེས་ཀྱི་གཟུགས་བརྙན་འབྱུང་བའི་ཕྱིར་དེ་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་སྦྱར་བར་བྱའོ། །དུས་ཐམས་ཅད་དུ་བྱམས་པ་ཆེན་པོ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་འདི་ལ་

དཔེ་ནི་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཐོང་ན་སེམས་ཅན་ཐམས་ཅད་དགའ་བའི་ཕྱིར། ཡེ་ཤེས་ཆེན་པོའི་ཟླ་བ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །སོ་སོར་རྟོག་པའི་ཡེ་ཤེས་ནི། །ཤེས་བྱ་ཀུན་ལ་རྟག་མི་ཐོགས། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་རྣམ་པ་ཐམས་ཅད་ཀྱི་

ཁྱད་པར་གྱི་འཇུག་པའི་ཕྱིར་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ་བ་ཡིན་ནོ། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ནི། །འབྱོར་པ་ཐམས་ཅད་སྟོན་མཛད་པ། །ཐེ་ཚོམ་ཐམས་ཅད་གཅོད་པ་ཡི། །ཆོས་ཆེན་ཆར་ནི་རབ་ཏུ་འབེབས། །ཞེས་བྱ་བ་འདི་ལ་ནི་དཔེ་མདོ་ལས། སངས་རྒྱས་བཅོམ་

ལྡན་འདས་རྣམས་ནི་རྣམ་པ་ཐམས་ཅད་དུ་ཤེས་བྱ་ཡང་དག་པར་རབ་ཏུ་གསལ་བར་མཛད་པའི་ཕྱིར། ཡེ་ཤེས་ཆེན་པོའི་ཉི་མ་ཡིན་ནོ་ཞེས་འབྱུང་བ་འདི་སྦྱར་བར་བྱའོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ནི། །ཞེས་བྱ་བ་འདི་ལ་ནི་དཔེ་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཉོན་མོངས་པའི་ནད་ཐམས་

ཅད་རབ་ཏུ་ཞི་བར་མཛད་པའི་ཕྱིར། ཡེ་ཤེས་ཆེན་པོའི་སྨན་ཡིན་ནོ་ཞེས་འབྱུང་བ་འདི་ཡིན་ནོ། །འཛིན་པའི་ཕྱིར་ནི་ཐོས་པའི་ཆོས་རྣམས་སོ་ཞེས་བྱ་བ་ནི། རྒྱུ་འདི་དང་རིམ་པ་འདིས་མེ་ལོང་ལྟ་བུའི་ཡེ་ཤེས་ཡང་དག་པར་འགྲུབ་པར་འགྱུར་རོ། །སེམས་མཉམ་པའི་ཕྱིར་ནི་སེམས་ཅན་ཐམས་ཅད་ལ་བདག་དང་

Vol. 124 · folio 75a

གཞན་མཉམ་པ་ཉིད་ཀྱི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡང་དག་པར་འགྲུབ་སྟེ། འདི་ལྟར་དེ་ནི་སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་པོ་མཉམ་པ་ཉིད་བསྒོམས་པས་ཡང་དག་པར་འགྲུབ་པོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་ཆོས་ཡང་དག་པར་རབ་ཏུ་སྟོན་པའི་རྒྱུ་ལས་

འབྱུང་བ་ཡིན་ནོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ནི་བྱ་བ་ཐམས་ཅད་བསྒྲུབ་པའི་རྒྱུ་ལས་འབྱུང་བ་ཡིན་ཏེ། སྦྱོར་བ་ལ་སོགས་པའི་གནས་སྐབས་འདི་དག་ཡོངས་སུ་དག་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་མཐར་ཕྱིན་པར་འགྱུར་རོ། །སངས་རྒྱས་ཀྱི་སའི་སྐབས་ཀྱིས་ཅི་སངས་རྒྱས་གཅིག་ཁོ་

ནར་ཟད་དམ། འོན་ཏེ་མང་མོ་ཞིག་ཅེ་ན། དེ་ལ་རེ་ཞིག་ཁ་ཅིག་ན་རེ་ཇི་སྲིད་དུ་འཇིག་རྟེན་གྱི་ཁམས་གཅིག་ན་ཡོད་པ་དེ་སྲིད་དུ་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་སངས་རྒྱས་མི་འབྱུང་ངོ་ཞེས་ཟེར་རོ། །གཞན་དག་ན་རེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སངས་རྒྱས་གཅིག་ཁོ་ན་ཞིག་ལྕགས་

སྡོང་བཞིན་དུ་བཞུགས་ཤིང་སངས་རྒྱས་ཀྱི་མཛད་པ་མཛད་ཀྱི། མང་པོ་མངོན་པར་རྫོགས་པར་འཚང་རྒྱ་བ་ནི་མེད་དོ་ཞེས་ཟེར་རོ། །གཞན་དག་ན་རེ་སངས་རྒྱས་ནི་མང་པོ་ཞིག་ཡིན་ན་ཆོས་ཀྱི་སྐུ་ལ་བཞུགས་པ་ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་

བག་ཆགས་དང་བཅས་ཏེ་སྤངས་པ་དེ་དག་ཀྱང་མང་པོ་ཉིད་ཡིན་ནོ་ཞེས་ཟེར་ཏེ། དེ་དག་འགགས་པའི་ཕྱིར་སངས་རྒྱས་གཅིག་པ་ཉིད་དང་མང་པོ་ཉིད་མ་ཡིན་པའི་སྐབས་སོ། །ཐ་དད་རིགས་དོན་མེད་ཕྱིར་དང་། །རྫོགས་དང་ཐོག་མ་མེད་པའི་ཕྱིར། །སངས་རྒྱས་གཅིག་པ་མ་ཡིན་

ནོ། །དྲི་མེད་གནས་ཏེ་ཟག་པ་མེད་པའི་དབྱིངས་ན་ཆོས་ཀྱི་སྐུ་ཐ་དད་མིན་ཏེ་མང་པོ་ཉིད་མ་ཡིན་གྱི་གཅིག་པ་ཉིད་དོ། །སངས་རྒྱས་ཉིད་དེ་ལ་ཇི་ལྟར་འཇུག་པ་དེའི་ཐབས་ཀྱི་དབང་དུ་བྱས་ནས་ཚིགས་སུ་བཅད་པ་བཞིའོ། །བསྒོམ་པ་མི་དམིགས་པ་གང་ཡིན་པ་དེ་ཉིད་བསྒོམ་པ་དམ་པ་ཡིན་ཞེས་བྱ་བ་

ནི་གང་གི་ཚེ་ཀུན་བརྟགས་པ་གཟུང་བ་དང་འཛིན་པ་དང་ངར་འཛིན་པ་དང་། ང་ཡིར་འཛིན་པ་ཐམས་ཅད་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་བསྒོམ་པ་སྟེ། ས་དང་པོ་ཐོབ་པ་ནས་བཟུང་སྟེ་མཐར་ཐུག་པའི་བར་གྱི་ལམ་བསྒོམ་པ་དེ་ནི་སྒོམ་པའི་དམ་པ་ཞེས་བྱའོ། །དོན་འདི་ཉིད་ནི་དོན་གྱི་ངོ་བོ་ཉིད་

Vol. 124 · folio 75b

ཡོངས་སུ་གཅོད་པར་བྱེད་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བརྒྱ་པ་ལས་བལྟ་བར་བྱའོ། །གང་དག་སངས་རྒྱས་ཉིད་ལ་བླ་མ་ཡ་མཚན་གྱི་ཆོས་དང་ལྡན་པར་ལྟ་བ་ཞེས་བྱ་བ་ལ། ཡ་མཚན་གྱི་ཆོས་དང་ལྡན་པ་ནི་སངས་རྒྱས་ཉིད་དོ། །ཐོབ་པར་བྱའོ་ཞེས་དེ་ལྟར་རྣམ་པར་བརྟགས་ནས་

ཁེངས་པར་འགྱུར་བ་སྟེ། སངས་རྒྱས་ཉིད་ནི་བརྩོན་འགྲུས་ཆེན་པོ་ཡུན་རིང་པོ་ནས་གོམས་པས་དཀའ་བ་སྤྱད་པ་མང་པོ་ཕུལ་དུ་ཕྱིན་པས་ཐོབ་པར་བྱ་བ་ཡིན་ལ། བདག་ཀྱང་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་ཡིན་པས་རྣམ་པ་དེ་ལྟ་བུས་སངས་རྒྱས་ཉིད་ཐོབ་པར་བྱའོ་ཞེས་དེ་སྙམ་དུ་བསམས་ནས་གཞན་དག་

ཁྱད་དུ་བསད་དེ་གྱོང་བར་འགྱུར་བ་དེ་དག་ནི་དེ་ལྟར་ང་རྒྱལ་ཀུན་ཏུ་སྤྱོད་པའི་ཕྱིར་སངས་རྒྱས་ཉིད་ལས་ཐག་རིང་བར་འགྱུར་རོ། །ཡང་ན་ང་རྒྱལ་ཞེས་བྱ་བའི་སྒྲ་ནི་འདིར་དམིགས་པའི་རྣམ་པར་རྟོག་པའི་རྣམ་གྲངས་ཡིན་པར་བལྟ་བར་བྱའོ། །འདི་དག་ཐམས་ཅད་ནི་རྟོག་པ་ཙམ་མོ་ཞེས་བྱ་བ་ནི། བླ་མ་རིང་དང་

མཚན་མ་དང་། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བཤད་མ་ཐག་པ་གང་ཡིན་པའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་གནས་སྐབས་ན་ཞེས་བྱ་བ་ནི་ས་བརྒྱད་པ་ལ་ལམ་མངོན་པར་འདུ་བྱ་བ་མེད་པར་འབྱུང་བའི་ཕྱིར་རོ། །བསླབ་པའི་དམིགས་པའི་ཁྱད་པར་བཤད་ཟིན་ཏོ། །ད་ནི་ཇི་ལྟར་

བསླབ་པ་ཡིན་པ་དེ་བརྗོད་པར་བྱའོ། །དེ་ཇི་ལྟར་བསླབ་པ་ཡིན་ཞེ་ན། སྦྱོར་བའི་ས་ལ་རྣམ་པ་གང་དག་གིས་དེ་སློབ་པ་སྟེ། བསམ་པའི་ཁྱད་པར་དང་། སྦྱོར་བ་དང་། གཞན་ལ་ཕན་པ་སྒྲུབ་པ་དང་། རང་ལ་ཕན་པ་སྒྲུབ་པ་དང་། རང་དང་གཞན་ལ་ཕན་པ་རྣམ་པར་དག་པ་ངེས་པར་འབྱུང་བའི་

ཁྱད་པར་གྱི་སྒོ་ནས་སོ། །བསམ་པའི་སྒོ་ནས་ཇི་ལྟར་སློབ་ཅེ་ན། དམ་པའི་ཆོས་ལ་མོས་པ་རྒྱུ་དང་འབྲས་བུས་འཚམ་ཞིང་ཕྱིན་ཅི་མ་ལོག་པར་རང་དང་གཞན་གྱི་དོན་ལ་སོགས་པ་གཞི་ལྔས་བསྡུས་པ་མཐོང་བ་དེས་དང་པོ་ཁོ་ནར་ཆོས་ཟབ་ཅིང་རྒྱ་ཆེ་བ་ལ་ངེས་པར་བརྟག་པ་ལྷུར་བླང་བ་བྱ་དགོས་

པས་དེའི་ཕྱིར་བྱང་ཆུབ་ཀྱི་འོག་ཏུ་མོས་པའི་སྐབས་སོ། །ཡང་ན་བྱང་ཆུབ་སེམས་དཔའ་དག་གིས་གང་ལ་བསླབ་པར་བྱ་བ་རང་དང་གཞན་གྱི་དོན་ནས་བཟུང་སྟེ། བྱང་ཆུབ་ཀྱི་བར་གཞི་བདུན་པོ་དེ་ནི་བཤད་ཟིན་ཏོ། །ད་ནི་ཇི་ལྟར་ཏེ་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་གང་གིས་སློབ་པ་དེ་སྟོན་ཏོ། །

Vol. 124 · folio 76a

ཇི་ལྟར་སློབ་ཅེ་ན། མོས་པ་དང་ཆོས་ཡོངས་སུ་ཚོལ་བ་ལ་སོགས་པའི་རིམ་གྱིས་སོ། །ཇི་ལྟར་ཕུང་པོའི་དོན་ལས་བརྩམས་ཏེ་གཟུགས་གང་ཅི་ཡང་རུང་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བ་

འམ། ངན་པའམ། གྱ་ནོམ་པའམ། ཉེ་བ་ན་འདུག་པ་གང་ཡིན་པའམ། ཐག་རིང་པོ་ན་འདུག་པ་གང་ཡིན་པ་ཞེས་བྱ་བའི་རིམ་པ་འདིས་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་རབ་ཏུ་དབྱེ་བ་བསྟན་པ་དེ་བཞིན་དུ་མོས་པ་ཡང་མདོ་དག་ལས་འདས་པ་ལ་སོགས་པའི་བྱེ་བྲག་གིས་དབྱེ་བ་བསྟན་

ཏོ། །གཟུང་བར་གྱུར་པ་ནི་ཕྱི་རོལ་གྱི་སྟེ་གང་ལ་དམིགས་པ་ཉིད་དུ་མོས་པའོ་ཞེས་བྱ་བ་ནི་མོས་པ་ནི་སེམས་ལས་བྱུང་བའི་ཆོས་ཡིན་ཏེ། གང་གི་ཚེ་དེ་ཐེག་པ་ཆེན་པོའི་ཆོས་ལ་དམིགས་ཏེ་སྐྱེ་བ་དེའི་ཚེ་ནི་འཛིན་པ་ཉིད་དུ་བསྟན་ཏོ། །གང་གི་ཚེ་དེ་ཉིད་འདས་པ་ལ་རོ་མྱང་བའམ། རྗེས་སུ་ཡི་

རང་བའམ། མ་འོངས་པ་ལ་མངོན་པར་དགའ་བ་ལ་སོགས་པར་དམིགས་པ་དེའི་ཚེ་ནི་གཟུང་བ་ཉིད་དུ་བསྟན་ཏོ། །ཡང་ན་སེམས་ཉིད་ཐམས་ཅད་དུ་གཉིས་ཀྱི་རྣམ་པ་ཅན་དུ་འཇུག་པས་མོས་པ་རྣམ་པ་གཉིས་སུ་བརྗོད་དོ། །ལོག་པར་མོས་པའི་ཕྱིར་རོ་ཞེས་བྱ་བ་ནི་དཔེར་ན་ཉན་ཐོས་ཀྱི་ཐེག་

པ་པ་རྣམས་ཉན་ཐོས་ཀྱི་ཐེག་པ་ཆེར་བསྒོམ་པ་ཁོ་ནས་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བར་མོས་པ་ལྟ་བུ་སྟེ། དགོངས་པ་ཅན་གྱི་དོན་ལ་སྒྲ་ཇི་བཞིན་དུ་མོས་ན་ལོག་པར་མོས་པའི་ཕྱིར་ནོར་པ་ཞེས་བྱའོ། །མངོན་སུམ་པ་ནི་ཉེ་བ་སྟེ། རྐྱེན་ཉེ་བའི་ཕྱིར་རོ་ཞེས་བྱ་བ་ནི་དགེ་བའི་བཤེས་

གཉེན་ལ་སོགས་པ་རྐྱེན་ཉེ་ན་དེ་ལས་དེ་ཐོས་མ་ཐག་ཏུ་མོས་པ་སྐྱེ་བའོ། །འཕྲོགས་དང་འདྲེས་དང་མི་མཐུན་ཕྱོགས་མ་འདྲེས། །ཞེས་བྱ་བ་ལ་མོས་པའི་རབ་ཏུ་དབྱེ་བ་འདི་ནི་མདོ་ལས་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། དམན་པ་དང་། རྒྱ་ཆེན་པོ་དང་། བསྒྲིབས་པ་དང་། མ་

བསྒྲིབས་པ་དང་། བརྩོན་པ་དང་། མ་བརྩོན་པ་དང་། བསགས་པ་དང་། མ་བསགས་པ་དང་། བསྟན་པ་དང་རིང་དུ་ཞུགས་པའི་བྱེ་བྲག་གིས་བརྗོད་པ་སྟེ་གཞན་ཡིན་ནོ། །འདྲེས་པ་ནི་འབྲིང་པོའོ་ཞེས་བྱ་བ་ནི་རེས་འགའ་མོས་རེས་འགའ་མི་མོས་པ་སྟེ། མ་མོས་པ་དང་མོས་པ་འདྲེ་བའི་

Vol. 124 · folio 76b

ཕྱིར་འདྲེས་པ་ཞེས་བྱའོ། །མ་མོས་པ་ནི་འདུན་པ་མེད་པ་དང་། ལེ་ལོ་ལ་སོགས་པའོ། །བསྒྲིབས་པ་ནི་ཁྱད་པར་དུ་འགྲོ་བར་བྱ་བ་ལ་སྒྲིབ་པ་དང་བཅས་པའོ་ཞེས་བྱ་བ་ནི་མོས་པ་ཡོད་དུ་ཟིན་ཀྱང་བྱ་བ་ངན་པས་འབྲེལ་པས་ཁྱད་པར་མི་འཐོབ་སྟེ། དེའི་ཕྱིར་སྒྲིབ་པ་ཞེས་བྱའོ། །ཡང་ན་གང་གིས་ན་

ཚེ་ཕྱི་མ་ལ་མ་མོས་པར་འགྱུར་བ་དམ་པའི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བྱས་པའི་ཕྱིར་སྒྲིབ་པ་དང་བཅས་པ་ཞེས་བྱའོ། །རྟག་ཏུ་ཞེས་བྱ་བ་ནི་རྟག་ཏུ་རྒྱུན་མ་ཆད་པར་རོ། །རྟག་ཏུ་ཡིན་ཡང་ལ་ལ་བསམ་པ་དྲག་པོས་མི་བྱེད་པས་དེ་ཡོངས་སུ་སྤངས་པའི་ཕྱིར་གུས་པར་བྱས་ཏེ་ཞེས་བྱ་བ་སྨོས་སོ། །

བསགས་པ་ནི་དེ་རྟོགས་པར་རུང་བའོ་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐལ་པ་གྲངས་མེད་པ་དང་པོས་བསྡུས་པ་ཙམ་གྱིས་སོ། །གཟུང་བ་དང་འཛིན་པར་གྱུར་པ་ལ་ནི་རྣལ་འབྱོར་འཁྲུགས་པ་ཞེས་བྱ་བ་ནི་ལས་དང་པོ་པ་ལ་གཟུང་བ་དང་། འཛིན་པའི་དངོས་པོ་སྔར་བཤད་པའི་ཚུལ་དུ་

བདེན་པར་རྣམ་པར་འཇོག་གོ། །གང་གི་ཚེ་ཐམས་ཅད་དུ་གཟུང་བ་དང་འཛིན་པ་ལ་གཞོལ་བར་གྱུར་ན་དེ་ནི་རྣལ་འབྱོར་འཁྲུགས་པ་ཞེས་བྱའོ། །སུའི་འཁྲུགས་ཤེ་ན། རྣལ་འབྱོར་པའི་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་གཟུང་བ་དང་འཛིན་པ་དང་བྲལ་བ་ལ་གཉིས་སུ་མངོན་པར་ཞེན་པའི་ཕྱིར་རོ། །

བདག་ཉིད་མོས་པ་ལ་ནི་དགེ་བའི་རྩ་བ་ཉམ་ཆུང་བའོ་ཞེས་བྱ་བ་ནི་དད་པ་དང་མ་ཆགས་པ་ལ་སོགས་པ་དགེ་བའི་རྩ་བ་དག་ཡང་དང་ཡང་དུ་མ་གོམས་པར་གྱུར་པའོ། །ནོར་བའི་མོས་པའི་བར་དུ་གཅོད་པ་ནི་བསམ་པར་མི་བྱ་སྟེ། དེ་ཉིད་བར་དུ་གཅོད་པ་ཡིན་པས་སོ། །དཀར་པོའི་ཕྱོགས་ཀྱི་མོས་པ་

ཁོ་ནའི་བར་དུ་གཅོད་པ་བསམ་པར་བྱ་བ་ཡིན་པས་མངོན་སུམ་པ་མ་ཡིན་པའི་བར་དུ་གཅོད་པ་ཡང་བསམ་པར་མི་བྱ་སྟེ། རང་ཉིད་བར་དུ་གཅོད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཞི་གནས་ཙམ་གྱིས་མངོན་པའི་ང་རྒྱལ་བྱེད་པའོ་ཞེས་བྱ་བ་ནི་ལྷག་མཐོང་ལ་མངོན་པར་བརྩོན་པར་མི་བྱེད་པ་སྟེ། གང་

གི་ཚེ་ཞི་གནས་དང་ལྷག་མཐོང་དག་མཉམ་པར་འཇུག་པ་དེའི་ཚེ་ཟུང་དུ་འབྲེལ་པའི་ལམ་ཐོབ་པའི་ཕྱིར་མོས་པ་གེགས་མེད་པར་འགྱུར་རོ། །མ་བསྒྲིབས་པ་ལ་ནི་སྒྲིབ་པའོ་ཞེས་བྱ་བ་ནི་གང་གི་ཚེ་ལེ་ལོ་ལ་སོགས་པ་མི་མཐུན་པའི་ཕྱོགས་དག་གིས་དོན་དན་པ་ལ་འབྲེལ་བའི་བྱ་བས་གོང་ནས་གོང་དུ་ཁྱད་པར་དུ་

Vol. 124 · folio 77a

འགྲོ་བར་མི་འགྱུར་རོ། །སྐྱེས་པ་ད་ལྟར་བྱུང་བའི་ནི་བསོད་ནམས་ཆེན་པོའོ་ཞེས་བྱ་བ་ནི་སྔར་མོས་པ་སྐྱེས་པ་ནི་འདས་པ་དང་། ད་ལྟར་བྱུང་བ་རྣམ་པ་གཉིས་སུ་བཤད་དོ། །དེ་ལ་ད་ལྟར་བྱུང་བའི་ཕན་ཡོན་ནི་བསོད་ནམས་ཆེན་པོ་ཡིན་ནོ། །འདས་པ་ནི་མངོན་པར་དགའ་བ་

ལ་སོགས་པའི་མོས་པས་ཡང་དང་ཡང་དུ་གོམས་པར་བྱས་པ་ལ་འགྱོད་པ་མེད་པ་ཕན་ཡོན་ཡིན་ཏེ། ཡིད་ལ་གཅགས་པ་མེད་པའི་ཕྱིར་རོ། །འཛིན་པ་དང་གཟུང་བར་གྱུར་པའི་ནི་ཡིད་བདེ་བ་ཆེན་པོ་སྟེ། ཏིང་ངེ་འཛིན་དང་ཡང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་གི་ཚེ་གཟུང་བ་དང་འཛིན་པར་

འགྱུར་བའི་མོས་པ་དེ་ལ་མངོན་པར་ཞེན་པར་མི་བྱེད་ཀྱི་གཟུང་བ་དང་འཛིན་པ་ཉིད་རྣམ་པར་འཇིག་པར་བྱེད་པ་དེའི་ཚེ་མངོན་པར་ཞེན་པ་བོར་བས་ཏིང་ངེ་འཛིན་འཐོབ་བོ། །རྒྱ་ཆེན་པོའི་ནི་གཞན་གྱི་དོན་ཐོབ་པའི་མཆོག་གོ་ཞེས་བྱ་བ་ནི་སངས་རྒྱས་ཉིད་ཐོབ་པའོ་ཞེས་བྱ་བའི་ཐ་ཚིག་གོ། །ཕན་

ཡོན་ནི་མངོན་པར་ཤེས་པ་མྱུར་བ་ཉིད་དོ་ཞེས་བྱ་བ་ལ། མངོན་པར་ཤེས་པ་མྱུར་བ་ཉིད་ནི་དབང་པོ་རྣོན་པོ་ཉིད་དེ། མགོ་སྨོས་པས་གོ་བའི་ཕྱིར་ཆོས་མྱུར་དུ་རབ་ཏུ་ཤེས་པ་ཡིན་ནོ། །འཇིག་རྟེན་པའི་ཏིང་ངེ་འཛིན་དང་ལྡན་པ་རྣམས་ཀྱི་ནི་རུས་སྦལ་བཞིན་ནོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་གི་མཚན་

ཉིད་དང་། སྤྱིའི་མཚན་ཉིད་ཁོང་དུ་མ་ཆུད་པའི་ཕྱིར་མོས་པ་འཁུམས་པ་ཞེས་བྱའོ། །ཡང་ན་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐོབ་པ་ཙམ་གྱི་ཕྱིར་དང་། དེ་ཙམ་གྱིས་ཆོག་པར་འཛིན་པའི་ཕྱིར་དང་། དེ་ཁོ་ན་ཉིད་མ་རྟོགས་པའི་ཕྱིར་དང་། ཡོན་ཏན་ཁྱད་པར་ཅན་

མ་ཐོབ་པའི་ཕྱིར་འཁུམས་པ་ཞེས་བྱའོ། །རང་གི་དོན་དང་ལྡན་པ་ཉན་ཐོས་རྣམས་ཀྱིས་ནི་གང་ཟག་ལ་བདག་མེད་པ་རྟོགས་པའི་ཕྱིར་ཆོས་ཐམས་ཅད་སྤྱིའི་རྣམ་པར་ཤེས་སོ། །དེ་གཉིས་ཀྱི་ཕྱིར་དེ་དག་གི་མོས་པ་རུས་སྦལ་ལྟ་བུ་ནི་མ་ཡིན་ནོ། །འོན་ཀྱང་རང་གི་དོན་ལྷུར་ལེན་པའི་ཕྱིར་འཁོར་བས་

སྐྲག་པས་སྐྱོ་སྟེ། བྲན་བཞིན་དུ་འཇིགས་ཤིང་སྐྲག་པའི་ལུས་ཀྱིས་རྣམ་པར་རྒྱུ་བས་དེའི་ཕྱིར་བྲན་དང་འདྲའོ་ཞེས་བྱའོ། །དོན་དེ་ཉིད་གཞན་གྱིས་བསྟན་ནས་ཞེས་བྱ་བ་ནི། ཇི་ལྟར་ཁྱི་ནི་རྟག་ཏུ་ལྟོགས་ཤིང་སྡུག་བསྔལ་གྱིས་ཉེན་ཆོག་མི་ཤེས། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་ནི་ཚིགས་སུ་བཅད་

Vol. 124 · folio 77b

པ་དང་པོ་ལས་གཞན་ཡིན་ནོ། །འདིས་བསྟན་ནས་དེའི་འོག་ཏུ་གསུམ་པས་ཐེག་པ་ཆེན་པོ་ལ་མོས་པ་ཡང་དག་པར་ལེན་དུ་འཇུག་པ་ཡིན་ཏེ། ཐེག་པ་ཆེན་པོ་དེ་ལ་དེ་མཆོག་ཚུལ་བཞིན་རིག་ནས་ནི། །འདི་ན་བསྟན་པས་དེ་ལ་དེ་ཉིད་རྟག་པར་རབ་ཏུ་ཚོལ། །ཞེས་དེ་སྐད་དུ་ཐེག་པ་ཆེན་པོ་ལ་མོས་པ་ཡང་

དག་པར་ལེན་དུ་འཇུག་གོ། །བདག་ཉིད་ཟ་བ་མ་ཡིན་པ་ཞེས་བྱ་བ་ནི་རང་གི་དོན་གྱི་དབང་དུ་བྱས་ནས་ཞེས་བྱ་བར་སྦྱར་རོ། །རེ་ཞིག་གང་ཞིག་བརྩེ་བའི་དོན་དང་། རྒྱགས་པ་དང་། ཆ་བ་ལ་སོགས་པའི་དོན་དུ་ཟ་བ་དེའི་ཟས་དེ་ནི་བསོད་ནམས་མ་ཡིན་པ་ཁོ་ནར་འགྱུར་རོ། །གང་ཞིག་ལུང་

དུ་མ་བསྟན་པར་ཟ་བ་དེའི་ཟས་དེ་ནི་བསོད་ནམས་ཀྱང་མ་ཡིན། བསོད་ནམས་མ་ཡིན་པ་ཡང་མ་ཡིན་ནོ། །གང་ཞིག་རྒྱགས་པ་ལ་སོགས་པའི་དོན་དུ་མི་ཟའི། འོན་ཀྱང་ཁལ་དགལ་བའི་དོན་དུ་ཤིང་རྟའི་སྲོག་ཤིང་སྐུད་པ་ལྟ་བུའི་ཚུལ་དུ་ལུས་འཚོ་བས་དགེ་བའི་ཕྱོགས་ལ་རུང་བར་འགྱུར་ཞིང་

དགེ་སྦྱོང་གི་ཚུལ་དུ་འབྲས་བུ་འཐོབ་པར་འགྱུར་རོ་སྙམ་ནས་ལུས་འཚོ་བར་བྱ་བའི་དོན་དུ་ཟ་བའི་ཟས་དེ་ནི་བསོད་ནམས་སུ་འགྱུར་གྱི་བསོད་ནམས་འབྱུང་བ་ཆེན་པོར་ནི་མི་འགྱུར་རོ། །དེ་བཞིན་དུ་ཉན་ཐོས་ཀྱི་ཐེག་པའི་ཆོས་ལ་མོས་པ་ལས་ཀྱང་གཞན་གྱི་དོན་གྱི་རྟེན་ཐེག་པ་ཆེན་པོའི་ཆོས་བསྟན་

པ་ཚིགས་སུ་བཅད་པ་གཅིག་མཉན་པ་དང་། བཏོན་པ་ལ་སོགས་པ་ལས་ཕན་ཡོན་ཇི་སྐད་དུ་ཐེག་པ་ཆེན་པོའི་མདོ་དེ་དང་དེ་དག་ལས་འབྱུང་བ་ཅི་འདྲ་བ་དེ་འདྲ་བར་བསོད་ནམས་འབྱུང་བ་ཆེན་པོ་མ་ཡིན་ནོ། །དེ་ལྟར་འཕགས་པ་ཆེན་པོའི་ཆོས་ནི་ཡངས་གྱུར་ལ། །ཞེས་བྱ་བ་ལ། ཡངས་

པར་གྱུར་པ་ནི་ཐེག་པ་ཆེན་པོ་སྟེ། མདོ་སྡེ་འབུམ་པ་དུ་མ་བསྟན་པའི་ཕྱིར་རོ། །གང་ལ་དང་གང་ཞིག་དང་མོས་པ་ཇི་ལྟ་བུས་འབྲས་བུ་གང་ཡོངས་སུ་འཛིན་པ་ཞེས་བྱ་བ་ལ། གང་ལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་ཡངས་པ་ལའོ། །གང་ཞིག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བློ་དང་

ལྡན་པའོ། །མོས་པ་ཇི་ལྟ་བུ་ཞེས་བྱ་བ་ནི་མོས་པ་ཡོངས་སུ་ཉམས་པར་མི་འགྱུར་བ་རྒྱ་ཆེན་པོས་ཏེ། མོས་པ་ཆེ་ཞེས་གང་བཤད་པ་ཡིན་ནོ། །འབྲས་བུ་གང་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི་བསོད་ནམས་རྒྱ་ཆེན་པོ་འཕེལ་བ་ལ་སོགས་པ་འབྲས་བུ་རྣམ་པ་གསུམ་ཡོངས་སུ་འཛིན་པའོ།། །།

Vol. 124 · folio 78a

མོས་པའི་སྐབས་ཀྱི་འོག་ཏུ་ཆོས་ཡོངས་སུ་ཚོལ་བའི་སྐབས་ཏེ། འདིའི་འབྲེལ་པ་གང་ཡིན་ཞེ་ན། དེ་ལྟར་སྨོས་པ་མང་པོའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཡོངས་སུ་ཚོལ་ལོ། །ཆོས་ཡོངས་སུ་ཚོལ་བ་དེའི་དམིགས་པ་ཅི་ཞིག་ཡིན་ཞེ་ན། དེའི་ཕྱིར། སྡེ་སྣོད་དག་ནི་

གསུམ་མམ་གཉིས་ཀྱང་རུང་ཞེས་བྱ་བ་སྨོས་སོ། །དེ་ལ་གསུང་རབ་ཀྱི་ཡན་ལག་ཏུ་གཏོགས་པ་བཅུ་གཉིས་ལས་ཤིན་ཏུ་རྒྱས་པའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡིན་ནོ། །ལྷག་མ་ནི་ཕལ་ཆེར་ཉན་ཐོས་ཀྱི་སྡེ་སྣོད་ཡིན་ནོ། །ཕལ་ཆེར་ཞེས་

སྨོས་པ་ནི་ཡན་ལག་ཁ་ཅིག་ནི་ཐེག་པ་ཆེན་པོ་དང་ཉན་ཐོས་ཀྱི་ཐེག་པ་ཐུན་མོང་ཡིན་པས་སོ། །དེ་ཡང་གསུམ་མམ་གཉིས་ཡིན་ནོ། །ཅིའི་ཕྱིར་སྡེ་སྣོད་ཅེས་བྱ་ཞེ་ན། སྨྲས་པ། བསྡུས་པའི་ཕྱིར་ཏེ། དོན་ཐམས་ཅད་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་ནི་དཔེར་ན་གནས་གཞན་ཁ་ཅིག་ན་བྲེ་བཅུ་

ཤོང་བ་ལ་བྲེ་བཅུ་བསྡུས་པའི་ཕྱིར་སྡེ་སྣོད་ཅེས་བྱ་བ་དེ་བཞིན་དུ་འདིར་ཡང་ཤེས་བྱའི་དོན་ཐམས་ཅད་བསྡུས་པའི་ཕྱིར་སྡེ་སྣོད་ཅེས་བྱའོ། །ཅིའི་ཕྱིར་གསུམ་ཡིན་ཞེ་ན། རྒྱུ་དགུས་ཞེས་བྱ་བ་ནི་མདོ་སྡེ་དང་། ཆོས་མངོན་པ་དང་། འདུལ་བ་རྣམས་ལ་སོ་སོར་ཐེ་ཚོམ་དང་མཐའ་གཉིས་དང་།

ལྟ་བ་མཆོག་ཏུ་འཛིན་པ་ལ་སོགས་པ་སྟེ། རེ་རེ་ལའང་རྒྱུ་གསུམ་ཡོད་པས་རྒྱུ་དགུར་འགྱུར་རོ། །ཐེ་ཚོམ་གྱི་གཉེན་པོར་ནི་མདོ་སྡེ་གང་ཞིག་དོན་གང་ལ་ཐེ་ཚོམ་ཟ་བ་དེ་ལ་དེ་ངེས་པར་བྱ་བའི་ཆེད་དུ་བཤད་པའི་ཕྱིར་རོ། །ཞེས་བྱ་བ་ནི་གང་ཞིག་དོན་གང་ལ་ཐེ་ཚོམ་ཟ་བ་དེ་བསྩལ་བའི་ཕྱིར་ཏེ། ཕུང་

པོ་དང་ཁམས་དང་སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། བདེན་པ་དང་། ས་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རང་དང་སྤྱིའི་མཚན་ཉིད་དག་ལ་ཐེ་ཚོམ་ཟ་བ་རྣམས་ལ་ཐེ་ཚོམ་སྤང་བའི་ཕྱིར་དེ་དང་འཚམ་པར་བཤད་པ་སྨོས་པའི་ཚུལ་དུ་མདོ་སྡེ་བཤད་པ་དེའི་ཕྱིར་ཐེ་ཚོམ་གྱི་གཉེན་

པོར་མདོ་སྡེ་བཤད་དོ། །མཐའ་གཉིས་ལ་སྦྱོར་བའི་གཉེན་པོར་ནི་འདུལ་བ་སྟེ་ཁ་ན་མ་ཐོ་བ་དང་བཅས་པའི་ཡོངས་སུ་སྤྱད་དཀའ་བའི་སྒོ་ནས། ཞེས་བྱ་བ་ལ་མཐའ་གཉིས་ལ་སྦྱོར་བ་ནི་འདོད་པའི་བསོད་ཉམས་དང་བདག་ཉིད་དུབ་པ་ལ་སྦྱོར་བ་དག་གོ། །འདོད་པའི་བསོད་ཉམས་ལ་སྦྱོར་བ་དག་ནི་

Vol. 124 · folio 78b

དཔེར་ན་འདོད་པ་ཅན་ཡོངས་སུ་སྤྱོད་པ་ལྟ་བུར་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅས་པ་དེ་ལས་འདས་ཏེ། གསོག་འཇོག་བྱས་པ་ལ་སོགས་པ་ཡོངས་སུ་སྤྱོད་པས་བདག་ཉིད་ཆ་བ་ལ་སོགས་པའི་དོན་དུ་ཡོངས་སུ་སྤྱོད་པ་གང་ཡིན་པ་སྟེ། དེའི་གཉེན་པོའོ། །ཇི་ལྟ་ཞེ་ན་གང་ཞིག་

ཡོངས་སུ་སྤྱོད་པ་དགག་པ་མཛད་པ་དེ་ལྟ་བུ་དེ་ཐག་བསྲིངས་ཏེ་ཡོངས་སུ་སྤོང་བ་ནི་གུས་པ་དྲག་པོས་བསླབ་པའི་གནས་ཇི་ལྟར་བཅས་པ་དག་ལ་གུས་པར་བྱེད་པས་དེ་ལྟར་ཁ་ན་མ་ཐོ་བ་དང་བཅས་པའི་ཡོངས་སུ་སྤྱོད་པ་བཀག་པ་ཡིན་ནོ། །བདག་ཉིད་དུབ་པ་ལ་སྦྱོར་བའི་མཐའི་གཉེན་པོར་ནི་ཁ་ན་

མ་ཐོ་བ་མེད་པའི་ཡོངས་སུ་སྤྱོད་པའོ། །ཁ་ན་མ་ཐོ་བ་མེད་པ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གནང་བ་དེ་ཡོངས་སུ་སྤྱོད་ཀྱི། བདག་ཉིད་ནུབ་གསུམ་དང་ནུབ་དྲུག་ཏུ་གདུང་བ་དང་ཡོངས་སུ་གདུང་བ་ལ་སོགས་པས་དུབ་པར་མི་བྱེད་པ་སྟེ་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུལ་ཁྲིམས་

དང་ལྡན་པ་ཡོན་ཏན་དང་ལྡན་པ་ལ་ནི་ངས་ཟས་རོ་བརྒྱ་དང་ལྡན་པ་དང་། གོས་འབུམ་རི་བ་ཡང་གནང་ངོ་ཞེས་གསུངས་པ་ལྟ་བུའོ། །ཟས་དེ་ཡང་ཟ་བ་ན་མ་ཆགས་ཤིང་རྒྱགས་པ་ལ་སོགས་པའི་དོན་དུ་མ་ཡིན་པར་ཟ་ན་དེ་ལྟ་ན་ཁ་ན་མ་ཐོ་བ་མེད་པའི་ཡོངས་སུ་སྤྱད་པ་བདག་ཉིད་དུབ་པ་ལ་སྦྱོར་བའི་

མཐའི་གཉེན་པོར་འགྱུར་རོ། །འདུལ་བས་ནི་ཆོས་དང་དོན་འགྲུབ་པ་སྟེ། ཉོན་མོངས་པ་འདུལ་བ་ལ་རབ་ཏུ་བརྩོན་པས་དེ་གཉིས་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ལ་ཉོན་མོངས་པ་འདུལ་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ལ་མི་སྡུག་པ་ལ་སོགས་པ་སྒོམ་པ་གང་ཡིན་པའོ། །ཆོས་དང་དོན་

དག་ཇི་ལྟར་རྟོགས་ཤེ་ན། ཆོས་ནི་མིང་གི་ཚོགས་ལ་སོགས་པས་བསྡུས་པའོ། །དོན་ནི་དེ་དག་གིས་བརྗོད་པར་བྱའོ། །གལ་ཏེ་མིང་དེ་ཡང་དོན་ལ་གློ་བུར་བ་ཡིན་ལ་དོན་ཡང་མིང་ལ་གློ་བུར་ཡིན་པར་ལྟའི་དོན་ཡང་མིང་གི་ངོ་བོ་ཉིད་མ་ཡིན་ལ་མིང་ཡང་དོན་གྱི་ངོ་བོ་ཉིད་མ་ཡིན་པར་འཛིན་ན་དེ་ལྟར་ཚུལ་བཞིན་

རབ་ཏུ་བརྩོན་པས་ཆོས་དང་དོན་རྟོགས་པར་འགྱུར་རོ། །ཡང་ན་ཚུལ་ཁྲིམས་དང་ལྡན་པ་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་དེ་ཁོ་ན་ཉིད་རྟོགས་པའི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དོན་དུ་ཆོས་དང་དོན་རྟོགས་པར་འགྱུར་བས་ཆོས་དང་དོན་འགྲུབ་ཅེས་བྱའོ། །ཐོས་པས་ནི་སེམས་ལས་

Vol. 124 · folio 79a

བག་ཆགས་ཀྱི་སྒོ་ནས་སོ། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཐོབ་པའི་བག་ཆགས་ཀྱི་སྒོ་ནས་སོ། །བསམས་པས་རྟོགས་པར་བྱེད་པའི་སྒོ་ནས་སོ། །ཞེས་བྱ་བས་ནི་ཇི་ལྟ་ཇི་ལྟར་བསམས་པ་དེ་ལྟ་དེ་ལྟར་རྟོགས་པར་འགྱུར་རོ། །

རྟོགས་ནས་ཤེས་རབ་དང་ལྡན་པ་སྒོམ་པ་ལ་རབ་ཏུ་བརྩོན་པ་ཞི་གནས་ཐོབ་པར་འགྱུར་བས་བསམ་གཏན་གྱི་སྟོབས་ཀྱིས་ཉོན་མོངས་པ་རྣམས་ཞི་བར་བྱེད་དོ། །མཉམ་པར་བཞག་ན་ལྷག་མཐོང་གི་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་དེ་ཁོ་ན་ཉིད་རྟོགས་པར་ཏེ། དེ་ལྟར་ན་སེམས་ཅན་

རྣམས་ཀྱང་རྣམ་པར་གྲོལ་བར་བྱེད་པ་ལ་སངས་རྒྱས་ཉིད་ཀྱང་འཐོབ་པོ། །གནས་ནི་ཡུལ་གང་དུ་གང་གིས་གང་གི་ཕྱིར་བཤད་པའོ་ཞེས་བྱ་བ་ནི་གནས་རྣམ་པ་གསུམ་བཤད་པའོ། །དེ་ལ་གང་དུ་ཞེས་བྱ་བ་ནི་ཇི་སྐད་དུ་མདོ་གཞན་དེ་དང་དེ་དག་ལས། འདི་སྐད་བདག་གིས་ཐོས་པ་

དུས་གཅིག་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་ཞེས་གསུངས་པ་ལྟ་བུ་སྟེ། རྒྱལ་པོའི་ཁབ་ལ་སོགས་པའི་གནས་ཉིད་དུ་བསྟན་ཏོ། །གང་གིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་གནས་ཉིད་དུ་བསྟན་པའོ། །གང་གི་ཕྱིར་ཞེས་བྱ་བ་ནི་གང་ཟག་གང་གི་ཕྱིར་ཆོས་འཆད་

པའི་གང་ཟག་གནས་ཉིད་དུ་བསྟན་པ་ཡིན་ནོ། །ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དང་། དོན་དམ་པའི་བདེན་པའི་མཚན་ཉིད་དོ་ཞེས་བྱ་བ་ནི་བུམ་པ་དང་རས་ཡུག་དང་། གང་ཟག་ལ་སོགས་པ་བཤད་པ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། བརྗོད་པ་དང་དེ་ལས་གཞན་པ་ལ་ལྟོས་

པའམ་དབང་པོའི་སྤྱོད་ཡུལ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་བདེན་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །མདོར་བསྡུ་ན་ཀུན་ནས་ཉོན་མོངས་པའི་དམིགས་པ་ཕྱིན་ཅི་ལོག་གི་སྤྱོད་ཡུལ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། བཟློག་པ་

ནི་དོན་དམ་པའི་བདེན་པ་ཡིན་ནོ། །ཟས་ནི་བཞི་སྟེ། ཁམ་དང་། རེག་པ་དང་། ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པའོ། །བདེན་པ་དང་བྱང་ཆུབ་ཀྱི་ཕྱོགས་དང་། མཐུན་པ་དང་། རྣམ་པར་ཐར་པའི་སྒོ་ལ་སོགས་པ་སྟོན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་

Vol. 124 · folio 79b

པའོ་ཞེས་བྱ་བར་སྦྱར་རོ། །ལྟུང་བའི་རིགས་ལྔ་ནི་ཕས་ཕམ་པ་དང་། དགེ་འདུན་ལྷག་མ་དང་། ཉེས་པ་སྦོམ་པོ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པའི་ལྟུང་བའོ། །བག་མེད་ན་ཤེས་སུ་ཟིན་ཀྱང་ཁྱེའུ་དང་བུ་མོ་དང་ཁྱིམ་ལ་འདྲིས་པ་ལ་སོགས་པས་བྱ་བ་ངན་པ་ལ་འབྲེལ་བའི་ཕྱིར་

ལྟུང་བ་དང་བཅས་པར་འགྱུར་རོ། །མ་གུས་པ་ལས་ནི་འཚོ་བ་མེད་པ་ལ་སོགས་པའི་འཇིགས་པས་རབ་ཏུ་བྱུང་བ་ནི་བསླབ་པ་དག་ལ་མ་གུས་པ་འབྱུང་ངོ་། །རབ་ཏུ་འབྱུང་བའི་བསམ་པས་རབ་ཏུ་བྱུང་ཡང་ལེ་ལོ་ལ་སོགས་པས་བསླབ་པ་དག་ལ་མ་གུས་པར་བྱེད་དོ། །བསླབ་པ་བྱིན་པ་ལ་

སོགས་པ་ཆད་པའི་ལས་ཁས་ལེན་པ་ནི་ཁས་ལེན་པ་སྟེ། གང་ཟག་གང་ཞིག་ཕས་ཕམ་པའི་ལྟུང་བ་བྱུང་ཡང་ཁ་ན་མ་ཐོ་བ་གཅིག་ཀྱང་བཅབ་པའི་སེམས་མེད་པ་དེ་ལ་ཆད་པའི་ལས་འདི་ལྟ་སྟེ། གང་ཟག་བསྙེན་པར་རྫོགས་པ་རྣམས་ཀྱི་མཇུག་ཏུ་བཟའ་བར་བྱ་བ་དང་། ཐ་མར་

བཀད་པར་བྱ་བ་དེས་བསྙེན་པར་རྫོགས་པ་རྣམས་ཁོ་ན་ལ་དྲང་བར་བྱ་བ་དང་། དེ་བདག་ཉིད་ཀྱིས་ཀྱང་དགེ་སྦྱོང་ལ་སོགས་པས་དྲངས་ལ་བཟའ་བར་བྱ་བ་གང་ཡིན་པ་ཆད་པའི་ལས་དེ་ལྟ་བུ་ལ་སོགས་པ་ཁས་བླངས་པས་ལྟུང་བ་ལས་འབྱུང་བར་འགྱུར་རོ། །དགེ་འདུན་ཚོགས་པས་

བསླབ་པའི་གཞི་བག་ཡངས་སུ་བྱས་པའི་ཕྱིར་བག་ཡངས་སུ་བྱས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་འཕགས་པ་ཀུན་དགའ་བོ་ལ་ང་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ་སྐུལ་ཅིག་དང་། བསླབ་པའི་གཞི་ཇི་ལྟར་བཅས་པ་དག་ལས་བསླབ་པའི་གཞི་ཕྲན་ཚེགས་ཕྲ་མོ་ཁ་ཅིག་བག་

ཡངས་སུ་བྱའོ་ཞེས་བཀའ་སྩལ་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ་འཕགས་པ་ཀུན་དགའ་བོ་མྱ་ངན་གྱིས་ནོན་པས་བརྗེད་དེ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དང་། འཕགས་པ་འོད་སྲུངས་ཆེན་པོ་ལ་སོགས་པ་ཡང་དག་པར་སྡུད་པར་བྱེད་པ་

རྣམས་ཀྱིས་གཞི་དེ་ལས་འཕགས་པ་ཀུན་དགའ་བོ་ལ། བཅོམ་ལྡན་འདས་ཀྱིས་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ་བསླབ་པའི་གཞི་ཕྲན་ཚེགས་ཕྲ་མོ་ཁ་ཅིག་བག་ཡངས་སུ་མཛད་དོ་སྙམ་པའི་དགོངས་པ་འདིས་བཀའ་སྩལ་ན། ཅིའི་ཕྱིར་ཁྱོད་ཀྱིས་བཅོམ་ལྡན་འདས་ལ་མ་

Vol. 124 · folio 80a

བསྐུལ་ཞེས་ཆད་པའི་ལས་བྱེད་དུ་བཅུག་གོ། །འཕགས་པ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལ་ནི་བསླབ་པའི་གཞི་ཕྲན་ཚེགས་ཕྲ་མོ་ཁ་ཅིག་གལ་ཏེ་དགེ་འདུན་ཚོགས་པས་བག་ཡངས་སུ་བྱས་ན་བག་ཡངས་ཡིན་ནོ་ཞེས་གྲག་གོ། །འདི་ཡང་གྲགས་པ་ཙམ་

དུ་ཟད་ཀྱི་བསླབ་པའི་གཞི་འགའ་ཡང་དགེ་སློང་གི་དགེ་འདུན་གྱིས་བག་ཡངས་སུ་བྱས་པའམ་བྱེད་པ་ནི་མེད་ཀྱི། བྱེ་བྲག་ཏུ་སྨྲ་བ་འདུལ་བ་འཛིན་པ་དག་ལྟུང་བ་ལས་ལྡང་བ་དེ་ལྟ་བུ་འདོད་དོ་ཞེས་གྲག་གོ། །ལྟུང་བ་ཐུན་མོང་མ་ཡིན་པ་ཞེས་བྱ་བ་ནི་དགེ་སློང་ལ་མོའི་མཚན་དོད་ན་དགེ་སློང་གི་ལྟུང་བ་

ཐུན་མོང་མ་ཡིན་པའི་ལྟུང་བ་གང་ཡིན་པའི་ལྟུང་བ་དེ་ལས་ནི་དགེ་སློང་མཚན་དུ་གྱུར་ན་བཤགས་པ་ལ་སོགས་པའི་བྱ་བ་མེད་པར་ལངས་པར་འགྱུར་ལ། དགེ་སློང་མའི་ལྟུང་བ་ཐུན་མོང་མ་ཡིན་པ་ལས་ནི་མོའི་མཚན་ནུབ་ནས་ཕོའི་མཚན་སྐྱེས་ན་ཅི་རིགས་པར་ལྟུང་བ་སླར་བཅོས་པ་མེད་པར་ལྡང་

བར་འགྱུར་རོ། །ཆོས་ཀྱི་སྡོམ་གྱི་རྣམ་པར་སོ་སོར་རྟོག་པའི་ཁྱད་པར་ཏེ། ཡང་དག་པར་སོ་སོར་རྟོག་པ་ཞེས་བྱ་བ་ནི་གང་གི་ཚེ་ཆོས་རྣམས་ལ་ཆོས་ཀྱི་སྡོམ་པ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དག་ཏུ་ཚུལ་བཞིན་དུ་སོ་སོར་རྟོག་པ་དེའི་ཚེ་ལྟུང་བ་ཕྲ་མོའི་ཡང་ཕྲ་མོ་

དག་ལས་ལྡང་བར་འགྱུར་རོ། །རབ་ཏུ་དབྱེ་བ་ལས་ཞེས་བྱ་བ་ནི་དཔེར་ན་རྩྭ་སྔོན་པོ་དང་ཆུ་ལ་སོགས་པར་བཤང་བ་དང་གཅི་བ་མི་བྱའོ་ཞེས་བསླབ་པའི་གཞི་བཅས་པ་འདིའི་རབ་ཏུ་དབྱེ་བ་དྲུག་སྟེ་རྒྱལ་པོའི་སྐྱེད་མོས་ཚལ་དུ་དོང་བ་དག་གིས་རོལ་པའི་ནེའུ་གསིང་དང་ཆུ་ལ་སོགས་པར་བཤང་བ་དང་

གཅི་བ་ལ་སོགས་པ་བྱས་པ་དེའི་ཕྱིར་བསླབ་པའི་གཞི་བཅས་པ་ཡིན་པ་ལྟ་བུ་སྟེ། དེ་བཞིན་དུ་བསླབ་པའི་གཞི་གཞན་དག་ལ་ཡང་ཤེས་པར་བྱའོ།། །།ཆོས་ཀྱི་དམིགས་པ་ཡོངས་སུ་ཚོལ་བའི་སྐབས་ཀྱི་འོག་ཏུ། དམིགས་པ་རྙེད་པ་ཡོངས་སུ་ཚོལ་བ་སྟེ། དམིགས་པ་ཉེས་པར་

བཟུང་ནས་དེའི་འོག་ཏུ་ཇི་ལྟར་འདི་རྙེད་པར་འགྱུར་ཞེས་དམིགས་པ་རྙེད་པ་ཡོངས་སུ་ཚོལ་བའི་སྐབས་ཡིན་ནོ། །དེ་ལ་དམིགས་པ་ནི་རྣམ་པ་བཞི་སྟེ། དམིགས་པ་ཆོས་ནི་བཤད་པ་གང་ཡིན་པའོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་ལ་

Vol. 124 · folio 80b

སོགས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་རྣོན་པོའི་དམིགས་པ་ཡིན་གྱི་ཐམས་ཅད་ཀྱི་ནི་མ་ཡིན་པ་ཉིད་དོ། །ལུས་ལ་སོགས་པ་ནི་ནང་སྟེ་ཞེས་བྱ་བ་ནི་དམིགས་པ་གཉིས་པའོ། །སྩོགས་པ་ཞེས་སྨོས་པ་ནི་ཚོར་བ་དང་སེམས་དང་ཆོས་རྣམས་བསྡུའོ། །ཡང་ན་

དམིགས་པ་ཆོས་སོ་ཞེས་སྨོས་པ་ནི་སྐྱེ་བ་ན་ཡང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་རྣམས་ཁོ་ན་སྐྱེ་ལ་འགག་པ་ན་ཡང་འགག་གི་གཞན་ནང་གི་བྱེད་པའི་སྐྱེས་བུ་ནི་འགའ་ཡང་མེད་དོ་ཞེས་བྱ་བ་ཡིན་ནོ། །དེ་ལ་ནང་གི་དམིགས་པ་འཛིན་པར་གྱུར་པ་ནི་དབང་པོའི་

གཟུགས་ཅན་མིག་ལ་སོགས་པ་དང་ཡིད་དོ། །ཕྱི་རོལ་གྱི་དམིགས་པ་གཟུང་བ་ནི་འཛིན་པའི་སྤྱོད་ཡུལ་གྱི་དོན་ཉིད་དམ། གཟུགས་ལ་སོགས་པ་སྟེ་གསུམ་པ་ཡིན་ནོ། །ནང་དང་ཕྱི་དེ་དག་ཉིད་ཀྱི་དེ་བཞིན་ཉིད་གཉིས་ནི་དམིགས་པ་བཞི་པ་ཡིན་ཏེ། འདི་ནི་ཚིགས་སུ་བཅད་པ་ལས། །

དམིགས་པ་ཆོས་དང་ནང་དང་ནི། །ཕྱི་དང་གཉིས་ནི་ཡིན་པར་འདོད། །ཅེས་དམིགས་པ་རྣམ་པ་བཞི་བཤད་པ་གང་ཡིན་པ་རྣམ་པར་ཕྱེ་བ་ཡིན་ནོ། །དེ་ལ་ནང་གི་དམིགས་པ་ལ་སོགས་པ་ནི་འཛིན་པ་ལ་སོགས་པའི་བྱེ་བྲག་གིས་རྩ་བའི་གཞུང་ཉིད་ལས་ཤིན་ཏུ་རྣམ་པར་ཕྱེ་བར་ཡང་ཟད་ན་

དམིགས་པ་དེ་དག་ཉིད་ཀྱི་དེ་བཞིན་ཉིད་གཉིས་སོ་ཞེས་བྱ་བ་དེ་བཞིན་ཉིད་ལ་ནི་ཐ་དད་པ་ཡོད་པ་མ་ཡིན་ནོ་ཞེ་ན། ནང་གི་ལ་སོགས་པའི་དབྱེ་བས་དེ་བཞིན་ཉིད་ཀྱི་དམིགས་པ་ཐ་དད་པར་རྣམ་པར་གཞག་སྟེ། དཔེར་ན་བུམ་པའི་ནམ་མཁའ་དང་གནས་ཁང་གི་ནམ་མཁའ་ཞེས་བྱ་བ་དང་

འདྲ་བར་ཆོས་ཅན་གྱི་བྱེ་བྲག་གིས་ཐ་དད་པར་རྣམ་པར་གཞག་གི་རང་གི་ངོ་བོས་ནི་མ་ཡིན་ནོ། །དེ་ལ་ཆོས་ཀྱི་དམིགས་པ་དང་པོར་བསྟན་པ་དང་དེ་ནི་བརྗོད་པར་བྱ་བ་མང་བའི་ཕྱིར་ཚིགས་སུ་བཅད་པ་གཉིས་པ་དང་གསུམ་པ་དག་གིས་རྒྱས་པར་འཆད་པར་འགྱུར་རོ། །ནང་གི་དམིགས་པ་ལ་

སོགས་པ་ནི་བརྗོད་པར་བྱ་བ་ཉུང་བ་དེ་དག་གི་དམིགས་པ་རྙེད་པ་དང་པོ་བརྗོད་དོ། །དེ་ལ་ནང་དང་ཕྱིའི་དམིགས་པ་གཉིས་ནི་དོན་གཉིས་ཀྱིས་གོ་རིམས་བཞིན་དུ་རྙེད་དེ། གལ་ཏེ་གཟུང་བའི་དོན་ལས་འཛིན་པའི་དོན་ཐ་མི་དད་པར་མཐོང་བའམ། ཞེས་བྱ་བ་ཇི་ལྟར་ཐ་མི་དད་པར་མཐོང་

Vol. 124 · folio 81a

ཞེ་ན། གཉིས་སུ་སྣང་བ་འདི་ཡང་རྣམ་པར་ཤེས་པ་ཁོ་ན་སྣང་བར་ཟད་ཀྱི་དམིགས་པ་གཟུགས་ལ་སོགས་པ་རྣམ་པར་ཤེས་པ་ལས་མ་གཏོགས་པར་རང་གི་ངོ་བོར་གཉིས་སུ་ཡོངས་སུ་གྲུབ་པས་གྲུབ་པ་ནི་མེད་དོ་ཞེས་བྱ་བར་སྦྱར་ཏེ། བྷ་དྲི་ཧ་རིས་ཇི་སྐད་དུ། །

ནམ་མཁའ་ས་རླུང་ཉི་མ་དང་། །རྒྱ་མཚོ་རླུང་དང་ཕྱོགས་རྣམས་ནི། །ནང་གི་ཤེས་པའི་ངོ་བོ་ཡི། །ཆ་ལས་ཕྱི་རོལ་ལྟ་བུར་འདུག །ཅེས་བཤད་པ་ལྟ་བུ་ཡིན་ནོ། །འཛིན་པའི་དོན་ལས་གཟུང་བའི་དོན་ཐ་མི་དད་པར་མཐོང་ནའོ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་ནི་རྣམ་པར་ཤེས་པ་ཁོ་

ནར་ཟད་ཀྱི་རྣམ་པར་ཤེས་པ་ལས་མ་གཏོགས་པ་བྱིས་པས་ཀུན་བརྟགས་པ་མིག་ལ་སོགས་པ་འཛིན་པའི་དོན་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་སྟེ། དེའི་ཕྱིར་དོན་དུ་སྣང་བ་ཐམས་ཅད་སེམས་ཁོ་ན་ཡིན་པར་བལྟའི། དོན་སེམས་ལས་གཞན་པར་ནི་མི་བལྟའོ། །དེའི་ཚེ་ནི་འདིའི་གཟུང་

བ་ལ་རྣམ་པར་གཡེང་བ་སྤངས་ལ་འཛིན་པའི་རྣམ་པར་རྟོག་པ་འབའ་ཞིག་བསྡུས་ཏེ། དེ་ནི་བཟོད་པའི་གནས་སྐབས་ཡིན་ནོ། །དེ་ནས་མྱུར་དུ་བར་ཆད་མེད་པའི་ཏིང་ངེ་འཛིན་ཐོབ་སྟེ། དེ་ནི་འདིའི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སྐབས་ཡིན་ནོ། །དེ་ལྟར་ན་ནང་དང་ཕྱིའི་དམིགས་

པ་ཐོབ་པ་ཡིན་ནོ། །ཕྱི་དང་ནང་གི་དམིགས་པ་གཉིས་པོ་ཐམས་ཅད་ཀྱི་དེ་བཞིན་ཉིད་རྙེད་པ་ནི་གཟུང་བ་དང་འཛིན་པ་དེ་གཉིས་ཉིད་མི་དམིགས་པ་ལས་རིག་པར་བྱའོ་ཞེས་པ་ནི་ཇི་སྐད་དུ། དེ་ནས་དེ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་བླ་ན་མེད་པའོ། །རྣམ་པར་མི་རྟོག་ཡེ་ཤེས་དྲི་མ་མེད། །

འཛིན་པ་གཉིས་དང་བྲལ་བ་འཐོབ། །ཅེས་འཆད་པར་འགྱུར་བ་ལྟ་བུ་ཡིན་ནོ། །ནང་དང་ཕྱི་དང་ཕྱི་ནང་གི་དེ་བཞིན་ཉིད་ཀྱི་དམིགས་པ་རྙེད་པ་བཤད་ཟིན་ཏོ། །ད་ནི་ཆོས་ཀྱི་དམིགས་པ་ཇི་ལྟར་རྙེད་པ་དེ་བཞིན་དུ་སྐབས་དང་སྦྱར་རོ། །དེ་ལ་མཉམ་པར་གཞག་པའི་སེམས་

ཀྱིས་ཞེས་བྱ་བ་ནི་སེམས་རྣམ་པར་གཡེང་བས་མ་ཡིན་པ་སྟེ། གང་གི་ཚེ་ཆོས་དག་ཉན་པ་ན་སེམས་རྩེ་གཅིག་པས་ཉན་པའོ། །སེམས་མཉམ་པར་གཞག་པ་ཉིད་ནི་འདིར་རྣ་གཏོད་པ་ཡིན་ནོ། །ཡིད་ཀྱི་བརྗོད་པ་དག་གིས་ཞེས་བྱ་བ་ནི་ཡང་དག་པར་རྟོག་པ་

Vol. 124 · folio 81b

དག་གིས་ཏེ། རྣ་བའི་རྣམ་པར་ཤེས་པ་རྣམ་པར་རྟོག་པ་མེད་པས་ནི་དོན་ངེས་པར་འཛིན་པར་བྱེད་ནུས་པ་མ་ཡིན་གྱི། རྣ་བའི་རྣམ་པར་ཤེས་པའི་རྗེས་ལ་ཡིད་ཀྱི་བརྗོད་པ་རྣམ་པར་རྟོག་པ་དང་བཅས་པ་དག་གིས་མདོ་དང་དབྱངས་ཀྱིས་བསྙད་པའི་སྡེ་ལ་སོགས་པའི་ཆོས་ཀྱི་དོན་ཇི་སྐད་

བཤད་པ་ངེས་པར་འཛིན་པར་བྱེད་དོ། །དེ་ལྟར་ན་རེ་ཞིག་ཐོས་པ་ལས་བྱུང་བའི་ཤེས་པས་ཆས་ཀྱི་དམིགས་པ་རྙེད་པ་ཡིན་ནོ། །དམིགས་པ་གཉིས་རྙེད་པ་ལས་ཇི་སྐད་བཤད་པ་ལྟར་ཡིད་ཀྱི་བརྗོད་པ་ལས་གཞན་པ་ནི་མ་ཡིན་ནོ་ཞེས་བྱ་བར་མཐོང་ནའོ། །ཞེས་བྱ་བ་ནི་གལ་ཏེ་གཟུང་བའི་

དོན་ལས་འཛིན་པའི་དོན་ཐ་མི་དད་པར་མཐོང་བའམ་ཞེས་བྱ་བ་ཡིན་ནོ། །འདི་སྐད་དུ་ཆོས་འཆད་པ་ན་སེམས་ཁོ་ན་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡི་གེའི་ཚོགས་ཉིད་དུ་སྣང་གི། སེམས་ལས་མ་གཏོགས་པ་དོན་གཞན་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་མཐོང་ནའོ་ཞེས་བྱ་བར་

བཤད་པར་འགྱུར་ཏེ། དེ་ལྟར་ན་བསམ་པ་ལས་བྱུང་བའི་ཤེས་པས་ཆོས་ཀྱི་དབྱིངས་ཀྱི་དམིགས་པ་རྙེད་པ་ཡིན་ནོ། །སེམས་ནི་མིང་ལ་གནས་པའི་ཕྱིར་བསྒོམས་པ་ལས་བྱུང་བའི་ཤེས་པས་ཞེས་བྱ་བ་ལ། མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞིའོ། །དེ་ལ་ཇི་

ལྟར་གནས་ཤེ་ན། མིང་གི་དེ་བཞིན་ཉིད་ལ་གནས་པའི་ཕྱིར་མིང་ལ་གནས་པ་ཡིན་ཏེ། ཆོས་དང་ཆོས་ཅན་དག་ཐ་མི་དད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མཇུག་ཐོགས་སུ་བསྒོམས་པ་ལས་བྱུང་བའི་ཤེས་པས་དེ་རྙེད་པར་རིག་པར་བྱའོ་ཞེས་བཤད་དོ་གཉིས་མི་དམིགས་པས་རྙེད་པ་

ལས་ཇི་སྐད་བཤད་པ་ལྟར་གཉིས་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྔར་ཕྱི་ནང་གི་དམིགས་པ་གཉིས་པོ་ཐམས་ཅད་ཀྱི་དེ་བཞིན་ཉིད་རྙེད་པ་ནི་གཟུང་བ་དང་འཛིན་པ་དེ་གཉིས་ཉིད་མི་དམིགས་པ་ལས་རིག་པར་བྱའོ་ཞེས་གཉི་གའི་དམིགས་པ་རྙེད་པ་ལྟ་བུ་བཤད་པ་ཡིན་ཏེ། དེ་ལྟར་ན་

བསྒོམས་པ་ལས་བྱུང་བའི་ཤེས་པས་ཆོས་ཀྱི་དམིགས་པ་རྙེད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་དམིགས་པ་རྣམ་པ་གསུམ་རྙེད་པ་སྔར་བཤད་པ་དེ་ནི་ཆོས་ཀྱི་དམིགས་པ་རྙེད་པ་ལས་ཡང་དག་པར་རྟེན་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་ཆོས་ཀྱི་དམིགས་པ་རྙེད་པ་ཁོ་ནས་ནང་གི་དམིགས་

Vol. 124 · folio 82a

པ་ལ་སོགས་པ་སྔར་བཤད་པའི་དམིགས་པ་རྣམ་པ་གསུམ་རྙེད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཆོས་ཀྱི་དམིགས་པ་རྙེད་པ་ནི་དམིགས་པ་རྙེད་པ་ཐམས་ཅད་ཀྱི་ནང་ན་གཙོ་བོ་ཡིན་ལ་གསུམ་པ་ནི་དེ་ལ་བརྟེན་པ་ཡིན་ནོ། །དམིགས་པ་རྙེད་པའི་འོག་ཏུ་ཡིད་

ལ་བྱེད་པ་ཡོངས་སུ་ཚོལ་བའི་སྐབས་ཡིན་ཏེ། དེ་ཇི་ལྟར་བཤད་པའི་དམིགས་པ་རྙེད་པ་ལས་ཡིད་ལ་བྱེད་པ་རྙེད་པ་ནི་རྣལ་འབྱོར་པ་ཞེས་བྱའོ། །ཡང་ན་ཡིད་ལ་བྱེད་པའི་ཁྱད་པར་ཇི་ལྟ་བུ་དག་གིས་དམིགས་པ་རྙེད་པར་འགྱུར་བ་དེ་ལྟར་རྣམ་པར་གཏན་ལ་དབབ་པ་བརྩམ་པར་བྱའོ། །

དེ་ལ་རིགས་ངེས་པ་ནི་ཉན་ཐོས་ལ་སོགས་པའི་རིགས་སུ་ངེས་པ་གང་ཡིན་པའོ་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་སྤྱིར་བསམ་པ་ཡིན་ནོ། །ཚོགས་བསགས་པའི་བྱ་བ་བྱེད་པ་ཞེས་བྱ་བ་ནི་རྟོགས་པའི་གནས་སྐབས་ནའོ། །མི་གནོད་རྟེན་བཅས་གཞན་ཡིན་ཏེ། །ཞེས་བྱ་བ་ནི་གནོད་པའི་

རྟེན་དང་གནོད་པ་མེད་པའི་རྟེན་དང་བཅས་པ་སྟེ། ཁྱིམ་ན་གནས་པའི་རྟེན་ཅན་དང་རབ་ཏུ་བྱུང་བའི་རྟེན་ཅན་ཞེས་བྱ་བའི་ཐ་ཚིག་གོ། །མོས་པ་འཇོག་པར་བྱེད་པ་ནི་སངས་རྒྱས་རྗེས་སུ་དྲན་པ་དང་ལྡན་པ་གང་ཡིན་པའོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་བསྡུས་པ་ལ་སོགས་པ་ལས་ཇི་སྐད་

དུ། བྱང་ཆུབ་སེམས་དཔའ་རྣམས་ནི་མདོར་བསྡུ་ན། རྣམ་པ་བཅུ་བདུན་གྱིས་སངས་རྒྱས་རྗེས་སུ་དྲན་པ་སྒོམ་པར་བྱེད་དོ་ཞེས་སངས་རྒྱས་རྗེས་སུ་དྲན་པ་བཤད་པ་ལྟ་བུ་སྟེ། སངས་རྒྱས་རྗེས་སུ་དྲན་པ་དང་ལྡན་པ་ཡིད་ལ་བྱེད་པ་འདི་ནི། སངས་རྒྱས་དཀོན་མཆོག་

ལ་སོགས་པ་ལ་མོས་པ་དྲག་པོ་འཇོག་པར་བྱེད་པ་ཡིན་ནོ། །འདུན་པ་སྐྱེད་པར་བྱེད་པ་ནི་དེ་ལ་ཡིད་ཆེས་པ་དང་ལྡན་པ་གང་ཡིན་པའོ་ཞེས་བྱ་བ་ནི་སངས་རྒྱས་དཀོན་མཆོག་ལ་སོགས་པ་ལ་དད་པ་རབ་ཏུ་དང་བ་དང་ལྡན་པ་གང་ཡིན་པ་དེ་ནི་འདུན་པ་སྐྱེད་པར་བྱེད་པ་སྟེ། དེ་ཉིད་ཀྱི་ཕྱིར་དད་པ་

ནི་འདུན་པ་སྐྱེད་པའི་ལས་ཅན་ཡིན་ནོ། །ཏིང་ངེ་འཛིན་ལ་བརྟེན་པ་ནི་ཉེར་བསྡོགས་དང་དངོས་གཞིའི་ཏིང་ངེ་འཛིན་དང་ལྡན་པ་གང་ཡིན་པ་སྟེ་ཞེས་བྱ་བ་ནི་དམན་པའི་རྟེན་ཅན་ནི་ཉེར་བསྡོགས་ཀྱི་ཏིང་ངེ་འཛིན་དང་ལྡན་པ་ཡིན་ནོ། །རྫོགས་པའི་རྟེན་ཅན་ནི་དངོས་གཞིའི་བསམ་གཏན་དང་ལྡན་

Vol. 124 · folio 82b

པ་ཡིན་ནོ། །བརྗོད་པ་དང་བཅས་པ་ནི་ཉེར་བསྡོགས་དང་བསམ་གཏན་དང་པོ་དང་བསམ་གཏན་ཁྱད་པར་ཅན་ལ་སོགས་པ་ནའོ། །བརྗོད་པ་མེད་པ་ནི་བསམ་གཏན་གཉིས་པ་ལ་སོགས་པ་ནའོ། །ཤེས་པ་དང་མཚུངས་པར་ལྡན་པའི་ཡིད་ལ་བྱེད་པ་ནི་རྣལ་འབྱོར་གྱི་རྒྱུ་དང་བཅས་

པ་ཞེས་བྱ་བ་ནི་ཐོས་པའི་གནས་སྐབས་དང་། བསམ་པའི་གནས་སྐབས་ན་ཡིད་ལ་བྱེད་པ་གང་ཡིན་པ་སྟེ། འདི་ལྟར་ཐོས་པའི་གནས་སྐབས་དང་བསམ་པའི་གནས་སྐབས་ནི་རྣལ་འབྱོར་གྱི་རྒྱུར་གྱུར་པ་ཡིན་ནོ། །རྣལ་འབྱོར་གྱི་ཤེས་པ་དང་བཅས་པ་གང་ཡིན་པ་ཞེས་བྱ་བ་ནི་

བསྒོམ་པའི་གནས་སྐབས་ན་སྟེ། གནས་སྐབས་དེ་ན་ཞི་གནས་དང་ལྷག་མཐོང་གི་ལམ་རྣལ་འབྱོར་ཡིན་ནོ། །འདྲེས་པ་ལ་དམིགས་པ་ནི་མདོ་དང་སྡོམ་གྱི་ཚིགས་སུ་བཅད་པ་ལ་སོགས་པ་ལ་དམིགས་པ་ཞེས་བྱ་བ་ནི་མདོ་ཐམས་ཅད་ལས་དོན་གྱི་ཁྱད་པར་གསུངས་པ་གང་དག་ཡིན་

པ་དེ་དག་ཚིག་རབ་ཏུ་དབྱེ་བའི་སྒོ་ནས་བསྡོམས་ཏེ་དཔྱོད་པར་བྱེད་ཅིང་སོ་སོ་རང་གིས་ཚུལ་བཞིན་དུ་ཡོངས་སུ་བརྟགས་ངེས་པར་བཟུང་ནས་དོན་དེ་དག་ཆོས་ལ་སྡོམ་པར་བྱེད་དེ། མདོ་འདི་ནི་ས་བཅུ་པ་ཡིན་ནོ་ཞེས་དེར་དོན་ཐམས་ཅད་ཉེ་བར་སྡུད་པར་བྱེད་དོ། །དེ་བཞིན་དུ་སྡོམ་གྱི་ཚིགས་

སུ་བཅད་པ་ལ་སོགས་པ་ལས་དོན་རྒྱས་པར་བསྟན་པ་དག་ཀྱང་གཅིག་ཏུ་སྡོམ་པར་བྱེད་དོ། །མ་འདྲེས་པ་ལ་དམིགས་པ་ཞེས་བྱ་བ་ནི་ཐ་དད་པ་རྣམ་པ་དུ་མར་དམིགས་པ་ཞེས་བྱ་བའི་ཐ་ཚིག་སྟེ། མིང་ལ་དམིགས་པ་ལས་ཀྱང་ཚིག་ལ་དམིགས་པ་ཐ་དད་པ་ལ། ཚིག་ལ་དམིགས་

པ་ལས་ཀྱང་ཡི་གེ་ལ་དམིགས་པ་ཐ་དད་དོ། །གང་ཟག་ལ་བདག་མེད་པ་ལ་དམིགས་པ་ལས་ཀྱང་ཆོས་ལ་བདག་མེད་པ་ལ་དམིགས་པ་ཐ་དད་ལ། དེ་བཞིན་དུ་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དག་ཀྱང་ཐ་དད་པ་ཡིན་ནོ། །མཐོང་བའི་རྣམ་པ་བསྒོམ་པའི་ཡིད་ལ་བྱེད་པ་ནི་

མཐོང་བའི་ལམ་གྱི་གནས་སྐབས་ནའོ། །ཤེས་པའི་རྣམ་པ་བསྒོམ་པ་ནི་བསྒོམ་པའི་གནས་སྐབས་ཏེ། འདི་ལྟར་བསྒོམ་པའི་གནས་སྐབས་ན་ནི་ཤེས་པ་དག་ཁོ་ན་འཐོབ་བོ། །ཡང་ན་མཐོང་བའི་རྣམ་པ་བསྒོམ་པ་ནི་བཟོད་པའི་གནས་སྐབས་ནའོ། །ཤེས་པའི་རྣམ་པ་བསྒོམ་པ་

Vol. 124 · folio 83a

ནི་ཤེས་པའི་གནས་སྐབས་ནའོ། །ཞི་གནས་དང་ལྷག་མཐོང་གིས་བྱས་པའི་ཁྱད་པར་ཡོད་དོ། མཐོང་བའི་རྣམ་པ་བསྒོམ་པ་ནི་ཞི་གནས་ཀྱི་གནས་སྐབས་ནའོ། །ཤེས་པའི་རྣམ་པ་བསྒོམ་པ་ནི་ལྷག་མཐོང་གི་གནས་སྐབས་ནའོ། །སྡུག་བསྔལ་གྱི་རྣམ་པ་

བསྒོམ་པ་ནི་ཚོར་བ་དང་ལྡན་པ་སྟེ། ཚོར་བ་ནི་སྡུག་བསྔལ་བའི་ཕྱིར་རོ། །བསལ་བའི་རྣམ་པ་བསྒོམ་པ་ནི་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བར་བྱེད་པ་ཡིན་ནོ། །ཇི་ལྟར་ན་སྡིག་པ་མི་དགེ་བའི་ཆོས་སྐྱེས་ཟིན་པ་རྣམས་སྤོང་བར་འགྱུར་ཞེ་ན། མི་དགེ་བའི་ཆོས་རྒྱུན་གྱིས་སྐྱེ་བ་རྣམས་

རྣམ་པར་གཅོད་པར་བྱེད་པ་གང་ཡིན་པའམ་ས་བོན་སྤངས་པའི་སྒོ་ནས་སྤོང་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཆོས་སྐྱེས་པ་རྣམས་ནི་རང་གི་ངང་གིས་སྐད་ཅིག་མར་འཇིག་པས་འགག་པར་འགྱུར་རོ། །གཉེན་པོའི་རྣམ་པ་བསྒོམ་པ་ནི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་གཉེན་པོའི་

ཐོབ་པ་ཡིན་ནོ། །གཉེན་པོ་ཐོབ་ནས་ནི་ས་བོན་ཀུན་ནས་འཇོམས་པར་བྱེད་ལ། དེ་ཀུན་ནས་བཅོམ་པས་ཀྱང་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེ་སྟེ། དེ་ལྟར་ན་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེ་བར་འགྱུར་རོ། །ཆོག་པར་འཛིན་པའི་གཉེན་པོ་ཡིད་ལ་བྱེད་

པ་བསྒོམ་པ་ནི་གང་གི་ཚེ་འདུན་པ་སྐྱེད་པར་བྱེད་པ་ནའོ་ཞེས་བྱ་བ་ནི་དགེ་བའི་ཆོས་བསྒོམ་པ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་གང་ཡིན་པ་དེའི་གཉེན་པོར་འདུན་པ་སྐྱེད་པར་བྱེད་པ་ཡིན་ནོ། །རྣམ་པར་གཡེང་བའི་གཉེན་པོ་ནི། འབད་པ་དང་ལྡན་པའི་ཡིད་ལ་བྱེད་པ་ཡིན་ནོ། །ཐེ་ཚོམ་

གྱི་གཉེན་པོ་ནི་བརྩོན་འགྲུས་དང་ལྡན་པའི་ཡིད་ལ་བྱེད་པ་ཡིན་ནོ། །རྒོད་པའི་གཉེན་པོ་ནི་ཞི་གནས་དང་ལྡན་པའི་ཡིད་ལ་བྱེད་པ་ཡིན་ནོ། །ཞུམ་པའི་གཉེན་པོ་ནི་ལྷག་མཐོང་དང་ལྡན་པའི་ཡིད་ལ་བྱེད་པ་ཡིན་ནོ། །སེམས་གནས་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཏིང་ངེ་འཛིན་ལ་གནས་པའོ། །

འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ལ་ཡིད་ཆེས་པའི་རྣམ་པ་བསྒོམ་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ལམ་མངོན་སུམ་དུ་བྱ་བ་ལ་དད་པའི་དབང་པོ་དང་ལྡན་པ་སྟེ། དད་པ་ནི་ཡིད་ཆེས་པའི་རྣམ་པ་ཡིན་ནོ། །རྫོགས་པའི་བྱང་ཆུབ་རབ་ཏུ་སྣང་བའི་རྣམ་པ་

Vol. 124 · folio 83b

བསྒོམ་པ་ཞེས་བྱ་བ་ནི་བྱང་ཆུབ་མི་བརྗེད་པའི་རྣམ་པ་བསྒོམ་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ལ་རྣམ་པར་འབྱེད་པ་ཞེས་བྱ་བ་ནི་མ་བརྗེད་པའི་རྣམ་པར་འབྱེད་པ་གང་ཡིན་པའོ། །མཐོང་བའི་ལམ་གྱི་གནས་སྐབས་ན་རྣམ་པར་འབྱེད་པ་གང་ཡིན་ཞེ་ན། །དེ་ཁོ་ན་ཉིད་ཡང་དག་པར་

རྟོགས་པ་གང་ཡིན་པའོ། །ཡོངས་སུ་སྦྱང་བའི་ས་ཤེས་པའི་རྣམ་པ་བསྒོམ་པ་ཞེས་བྱ་བ་ནི་རྣལ་འབྱོར་པ་དེས་ཐོས་པ་དང་། བསམ་པ་དང་བསྒོམ་པའི་རིམ་གྱིས་དེ་ཁོ་ན་ཉིད་རྟོགས་ཏེ་ལངས་པ་དང་བདག་གིས་རིམ་པ་འདིས་དེ་ཁོ་ན་ཉིད་རྟོགས་སོ་ཞེས་ཡོངས་སུ་སྦྱོང་བའི་ས་དེ་ཇི་ལྟ་བ་

བཞིན་ཤེས་པར་བྱས་ནས་དེའི་རྗེས་ལ་དེ་ཁོ་ན་ཉིད་རྟོགས་པ་རྣམས་དེ་ཁོ་ན་བཞིན་དུ་ཡང་དག་པའི་རྟོགས་པས་སྟོན་པར་བྱེད་པ་ཡིན་ནོ། །ཡང་དག་པའི་ངག་དང་ཡང་དག་པའི་ལས་ཀྱི་མཐའ་དག་ནི་འཕགས་པ་རྣམས་དགྱེས་པ་དང་བཞེད་པ་དང་ཐུགས་སུ་བྱོན་པའི་ཚུལ་ཁྲིམས་ཡིན་ནོ། །ཡོ་

བྱད་བསྙུངས་པའི་ཚུལ་ཀུན་ཏུ་སྤྱོད་པའི་རྣམ་པ་བསྒོམ་པའི་ཡིད་ལ་བྱེད་པ་ནི་ཡང་དག་པའི་འཚོ་བ་ཡིན་ནོ། །སྔོན་བསྒོམས་པས་ཐོབ་པའི་ལམ་གོམས་པའི་རྣམ་པ་བསྒོམ་པ་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་བརྩོན་འགྲུས་ཀྱི་ཁྱད་པར་ཐོབ་པ་གང་ཡིན་པ་སྟེ། དེའི་ཕྱིར་སྔོན་བསྒོམས་པས་ཐོབ་པའི་

ལམ་གོམས་པའི་རྣམ་པ་བསྒོམ་པ་ཞེས་བྱའོ། །ཆོས་གནས་པའི་རྒྱུ་མཚན་རྣལ་འབྱོར་པས་ཤེས་པ་གང་དག་ཡིན་པ་དེ་དག་ལ་དྲན་པས་མི་བརྗེད་པ་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། ཞི་གནས་དང་རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་རྒྱུ་མཚན་དག་ཡིན་ནོ། །མཚན་མ་མེད་པ་ལ་

སེམས་གནས་པས་གནས་ཡོངས་སུ་གྱུར་པའི་རྣམ་པ་བསྒོམ་པ་ཞེས་བྱ་བ་ནི་རྣམ་པར་གཡེང་བའི་རྒྱུ་མཚན་གང་དག་ཡིན་པ་དེ་དག་ལ་མཚན་མར་མི་འཛིན་པ་ཡིན་ཏེ་དེས་ན་སེམས་གནས་པ་འཐོབ་པོ། །སེམས་གནས་ན་གནས་ཡོངས་སུ་འགྱུར་རོ། །ཞི་གནས་དང་ལྷག་མཐོང་བསྒོམ་

པ་ལམ་གྱི་རང་བཞིན་དག་ལ་བཤད་པ་གང་ཡང་མེད་དོ་ཞེས་བྱ་བ་ནི་འདི་ལྟར་ཞི་གནས་དང་ལྷག་མཐོང་གི་ལམ་དག་ནི་ཡིད་ལ་བྱེད་པ་ཐམས་ཅད་སྡུད་པར་བྱེད་པ་ཡིན་པར་རིག་པར་བྱའོ། །ཕན་ཡོན་ཡིད་ལ་བྱེད་པ་ནི་རྣམ་པ་གཉིས་ཏེ། གནས་ངན་ལེན་སེལ་བ་དང་ཞེས་བྱ་བ་ནི་གང་གི་ལུས་ཀྱི་

Vol. 124 · folio 84a

གནས་ངན་ལེན་དང་། སེམས་ཀྱི་གནས་ངན་ལེན་སེལ་བར་བྱེད་པས་ཏེ། ལུས་ཀྱི་གནས་ངན་ལེན་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ལ་འཇུག་པའོ། །སེམས་ཀྱི་གནས་ངན་ལེན་ནི་དེ་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ་ཀུན་

ཏུ་སྤྱོད་པའོ། །ལྟ་བའི་མཚན་མ་སེལ་བའོ་ཞེས་བྱ་བ་ནི་ལྟ་བ་ཉིད་མཚན་མ་ཡིན་པས་ལྟ་བའི་མཚན་མ་སྟེ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པའོ། །ལྟ་བའི་མཚན་མ་དེ་ཡིད་ལ་བྱེད་པ་གང་གིས་སེལ་བར་བྱེད་པའི་ཡིད་ལ་བྱེད་པ་དེ་ནི་ལྟ་བའི་མཚན་མ་སེལ་བ་ཡིན་ནོ། །

ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་གྲངས་ཉེ་བར་རྟོག་པ་སྦྱོར་བ་ཞེས་བྱ་བ་ནི་སྦྱོར་བའི་དུས་ན་ཏིང་ངེ་འཛིན་ལ་དམིགས་པའི་སེམས་ཀྱིས་ཡིད་ལ་བྱེད་པ་གང་ཡིན་པའོ། །གནས་པ་ཉེ་བར་རྟོགས་པ་སྦྱོར་བ་པ་ནི་གང་གིས་ན་གནས་པ་རྣམ་པ་གཉིས་ཉེ་བར་རྟོག་པར་བྱེད་པ་སྟེ་ཞེས་བྱ་བ་ལ། ཚད་

ཡོད་པར་གནས་པ་ནི་ཡི་གེ་རྣམས་སོ་ཞེས་བྱ་བ་ནི་འདི་ལྟར་ཡི་གེ་རྣམས་ནི། ཨ་ཨཱ་ཞེས་བྱ་བ་ནས་བཟུང་སྟེ། ཀྵ་ཞེས་བྱ་བ་ལ་ཐུག་པའི་བར་ཡི་གེ་བཞི་བཅུ་རྩ་བརྒྱད་ཡོད་པས་ཚད་ཡོད་པ་ཡིན་ཏེ། དེ་ལྟར་ན་ཡི་གེ་རྣམས་ནི་ཚད་ཡོད་པར་གནས་པ་ཡིན་ནོ། །

ཚད་མེད་པར་གནས་པ་ནི་མིང་དང་ཚིག་དག་གོ། །ཞེས་བྱ་བ་ནི་མདོ་སྡེ་འབུམ་པ་དུ་མ་དམིགས་པའི་ཕྱིར་ཏེ། མདོ་སྡེ་དེ་དང་དེ་དག་ལ་མིང་དང་ཚིག་དཔག་ཏུ་མེད་པ་དག་ཡོད་དོ། །ཡི་གེ་ནི་ཀུན་བརྟགས་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཡི་གེ་གཅིག་ནི་མིང་མ་ཡིན་ལ། མིང་མེད་

པར་ཡང་དོན་ཀུན་ཏུ་རྟོག་པར་མི་འགྱུར་བས་སོ། །གང་ཡང་ཀ་ཞེས་བྱ་བ་ནི་སྐྱེ་དགུའི་བདག་པོར་བསྟན་ཏོ། །ཀོ་ཞེས་བྱ་བ་ནི་རླུང་ཡིན་པར་བརྗོད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེ་ཡང་ཨ་དང་ལྡན་པའི་ཕྱིར་དང་། ཚེག་གིས་བཅད་པར་བྱ་བ་ཡིན་པའི་ཕྱིར་ཡི་གེ་གཅིག་པ་མ་

ཡིན་ནོ། །རིམ་པ་ཉེ་བར་རྟོག་པ་སྦྱོར་བ་པ་ནི་གང་གིས་མིང་འཛིན་པ་སྔོན་དུ་འགྲོ་བ་ཅན་གྱིས་དོན་འཛིན་པ་ལ་འཇུག་པ་ཉེ་བར་རྟོག་པར་བྱེད་པའོ་ཞེས་བྱ་བ་ནི་འདི་ལྟར་འཇིག་རྟེན་ནི་དང་པོ་ཉིད་དུ་ཐ་སྙད་དུ་བྱ་བའི་ཕྱིར་དོན་དེ་དང་དེ་དག་ལ་ལྷས་བྱིན་ཞེས་བྱ་བ་དང་། བུམ་པ་ཞེས་བྱ་བ་དང་།

Vol. 124 · folio 84b

རས་ཡུག་ཅེས་བྱ་བ་ལ་སོགས་པ་དེ་ལྟ་བུར་མིང་འདོགས་སོ། །གང་གི་ཚེ་མིང་འདིས་ནི་དོན་འདི་སྟོན་ཏོ་ཞེས་མིང་དེ་ལ་བརྡར་བཏགས་ལ་དེའི་ཚེ་རིམ་པ་འདིས་མིང་འཛིན་པ་སྔོན་དུ་འགྲོ་བ་ཅན་གྱི་དོན་འཛིན་པ་ལ་འཇུག་པ་ཉེ་བར་རྟོག་པ། དེས་ན་དོན་དེ་དང་དེ་དག་གི་ཐ་སྙད་ལ་མཁས་པར་

འགྱུར་རོ། །རྟོགས་པ་སྦྱོར་བ་པ་ཞེས་བྱ་བ་ནི་ལྔ་པ་ཡིན་ནོ། །དེ་ནི་རྣམ་པ་བཅུ་གཅིག་སྟེ། གློ་བུར་བ་ཉིད་རྟོགས་པ་ཞེས་བྱ་བ་ནི་མིང་ཡང་དོན་ལ་གློ་བུར་བ་ཡིན་ལ་དོན་ཡང་མིང་ལ་གློ་བུར་བ་ཡིན་ཏེ། མིང་གི་སྔོན་རོལ་ན་དོན་གྱི་བློ་མེད་པའི་ཕྱིར་རོ། །སྣང་བའི་རྒྱུ་མཚན་རྟོགས་པ་ཞེས་

བྱ་བ་ལ། དོན་དུ་སྣང་བའི་རྒྱུ་མཚན་ནི་སེམས་དང་སེམས་ལས་བྱུང་བ་འཁྲུལ་པ་གཟུང་བ་དང་། འཛིན་པར་སྣང་བ་དག་སྟེ། འདི་ནི་དྲོད་དང་རྩེ་མོའི་གནས་སྐབས་ན་རྟོགས་སོ། །དོན་མི་དམིགས་པ་རྟོགས་པའོ་ཞེས་བྱ་བ་ནི་བཟོད་པའི་གནས་སྐབས་ནའོ། །དམིགས་པ་

མི་དམིགས་པར་རྟོགས་པ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་གནས་སྐབས་ན་སྟེ། དེ་མེད་པས་ནི་དེ་ཡང་མེད་ཅེས་བྱ་བའི་ཕྱིར་རོ། །གཟུང་བའི་དོན་མེད་ན་འཛིན་པའི་སེམས་གང་གིས་དམིགས་པ་དེ་ཡང་མི་དམིགས་པར་འགྱུར་བས་དེའི་འོག་ཏུ་གཟུང་བ་དང་འཛིན་པ་མེད་ན་

ཆོས་ཀྱི་དབྱིངས་རྟོགས་པ་ཡིན་ནོ། །བསམ་པ་དམན་པ་རྟོགས་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིའོ། །ཇི་ལྟར་རྟོགས་པའི་ཆོས་རྣམ་པར་གཞག་པར་རྟོགས་པ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བའི་གནས་སྐབས་ནའོ། །ཆོས་རྣམ་པར་གཞག་པ་རྟོགས་པ་ཞེས་བྱ་བ་ནི་

བསྒོམ་པའི་ལམ་ལ་ཡང་དག་པར་རྟོག་པའི་གནས་སྐབས་ནའོ། །ཡོན་ཏན་མངོན་པར་བསྒྲུབ་པ་ཤིན་ཏུ་རྣམ་པར་དག་པའོ་ཞེས་བྱ་བ་ཡིད་ལ་བྱེད་པ་གང་གིས་ཡོན་ཏན་ཁྱད་པར་ཅན་མངོན་པར་སྒྲུབ་པ་བྱེད་པའོ། །ཡིད་ལ་བྱེད་པ་རྙེད་པའི་འོག་ཏུ་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ཡོངས་

སུ་ཚོལ་བའི་སྐབས་ཡིན་ཏེ། འདི་ལྟར་སེམས་རྩེ་གཅིག་པ་ཉིད་རྙེད་པས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་རོ། །དེ་ཁོ་ན་ཉིད་ཀྱི་མི་བསླུ་བ་དང་། ཕྱིན་ཅི་མ་ལོག་པ་གང་ཡིན་པའོ། །དེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པས་དམིགས་པ་གང་ཡིན་པ་དེ་ཁོ་

Vol. 124 · folio 85a

ན་ཉིད་ཡིན་ཏེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྤྱིར་བརྟག་པ་ཡིན་ནོ། །ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དེ་ཁོ་ན་ཉིད་ནི་གཉིས་དང་བྲལ་བ་ཡིན་ལ། གཉིས་སུ་སྣང་བ་ཉིད་ནི་འཁྲུལ་པ་ཡིན་ཏེ། ཇི་

སྲིད་དུ་འདི་འཁྲུལ་པས་དམིགས་པ་དེ་སྲིད་དུ་དེའི་ཡང་དག་པ་དམིགས་པ་མེད་དོ། །དེས་དེར་ཀུན་རྟོག་པའི་ཕྱིར་རོ་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་འཁྲུལ་པས་གཉིས་པོ་དེར་ཀུན་རྟོག་སྟེ། ཐག་པ་ལ་སྦྲུལ་བཞིན་ནོ། །ཆོས་ཉིད་དང་ཆོས་ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་

བ་ནི་གང་གི་ཕྱིར་ཆོས་ཀྱི་དབྱིངས་ནི་སྤྱིའི་རྣམ་པར་ཆོས་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ཡིན་པ་དེའི་ཕྱིར། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལས་ཐ་དད་པ་མ་ཡིན་ནོ། །ཡོད་པ་ཀུན་ནས་སྤངས་ཏེ་མེད་ལ་མངོན་ཞེན་གང་ཡིན་པ། །འཇིག་རྟེན་རྨོངས་པའི་རྣམ་པ་ཚབས་ཆེན་འདི་

གོ་ཇི་ལྟ་བུ། །ཞེས་བྱ་བ་ལ། ཡོད་པ་ཀུན་ནས་སྤངས་ཏེ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཡོད་པ་ཡིན་ན་འཇིག་རྟེན་གཉིས་སུ་འཛིན་པས་དེ་ལ་རྨོངས་ནས་ཆོས་ཀྱི་དབྱིངས་དེ་སྤངས་ཏེ་གཟུགས་ལ་སོགས་པ་ཡོད་པ་མ་ཡིན་པ་གཞན་ཁོ་ན་ལ་མངོན་པར་ཞེན་ཏོ། །མེད་པ་ནི་བྱིས་པས་ཀུན་

བརྟགས་པའི་གཟུགས་ལ་སོགས་པ་སྟེ། འཇིག་རྟེན་ནི་ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པ་འདི་དག་ཡོད་པ་ལས་ཡང་དག་པ་ཉིད་དུ་སྣང་བ་ཡིན་ནོ་ཞེས་དེ་ལ་རྨོངས་པས་འཇུག་ཅིང་དེ་དག་ལ་ཡང་དག་པ་ཉིད་དུ་མངོན་པར་ཞེན་ཏོ། །ཡང་། འགྲོ་བ་དག་ན་དེ་ལས་གཞན་

ཡང་ཅུང་ཟད་ཡོད་མིན་ལ། །ཞེས་བྱ་བ་ནི་ངོ་བོ་ཉིད་གསུམ་ལས་ཏེ། འགྲོ་བ་ན་ངོ་བོ་ཉིད་གསུམ་ལས་མ་གཏོགས་པ་གཞན་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ལ། འགྲོ་བ་མ་ལུས་པ་ཡང་དེ་ལ་ཀུན་ཏུ་རྨོངས་ཏེ་ཕྱིན་ཅི་ལོག་ཏུ་འཛིན་པ་ལ་མངོན་པར་ཞེན་པའི་ཕྱིར་རོ། །དེ་ཁོ་ན་ཉིད་སྒྱུ་མ་

ལྟ་བུ་ཡོངས་སུ་ཚོལ་བ་ཞེས་བྱ་བ་དེ་ཁོ་ན་ཉིད་ནི་ཡང་དག་པ་ཉིད་མ་ཡིན་པའམ་ཡང་དག་པ་ཉིད་དུའང་རུང་། གང་གི་ངོ་བོ་ཉིད་གང་ཡིན་པར་ཕྱིན་ཅི་མ་ལོག་པ་སྟེ། ཡང་དག་པ་ཉིད་མ་ཡིན་པ་ལ་ཡང་དག་པ་མ་ཡིན་པ་ཉིད་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ཡང་དེ་ཁོ་ན་ཉིད་ཡིན་ནོ། །ཡང་དག་

Vol. 124 · folio 85b

པ་ལ་ཡང་དག་པ་ཉིད་དུ་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ཡང་དེ་ཁོ་ན་ཉིད་ཡིན་ཏེ། རྟག་ཏུ་གཉིས་བྲལ་འཁྲུལ་པའི་རྟེན་གང་ཡིན་དང་གང་ཞིག་རྣམ་ཀུན་ཏུ། །བརྗོད་པར་ནུས་མ་ཡིན་ཞིང་སྤྲོས་པ་མེད་པའི་བདག་ཉིད་དེ་ཁོ་ན། །ཞེས་བཤད་མ་ཐག་པ་ཡང་ཡིན་ནོ། །ཀུན་བརྟགས་པ་དང་གཞན་

གྱི་དབང་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གསུམ་ནི་གོ་རིམས་བཞིན་དུ་གཉིས་དང་བྲལ་བ་དང་། འཁྲུལ་པའི་རྟེན་དང་བརྗོད་དུ་མེད་ཅིང་སྤྲོས་པ་མེད་པའི་བདག་ཉིད་དུ་བསྟན་ཏེ། འདི་ནི་གོ་རིམས་བཞིན་དུ་དེ་དག་གི་དེ་ཁོ་ན་ཉིད་ཡིན་ནོ། །འདི་ནི་དེ་ཁོ་ན་ཉིད་དེ་ལ་རྣམ་པ་གང་གི་སྒྱུ་མ་ལྟ་བུ་ཉིད་ཡིན་པ་

དེའི་དབང་དུ་བྱས་པ་ཡིན་ཏེ། གཙུག་ལག་གི་མདོ་དེ་དང་དེ་དག་ལས་ཀྱང་ཆོས་རྣམས་ནི་སྒྱུ་མ་ལྟ་བུའོ་ཞེས་འབྱུང་ངོ་། །དེ་ལ་འཁྲུལ་པའི་རྒྱུ་མཚན་ཤིང་དང་བོང་བ་ལ་སོགས་པ་སྒྱུ་མའི་སྔགས་ཀྱིས་བཏབ་པ་ཇི་ལྟ་བ་དེ་བཞིན་དུ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་གཞན་གྱི་དབང་གི་ངོ་བོ་ཉིད་

རིག་པར་བྱའོ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ལ་རིག་པར་བྱ་བ་སྟེ། དེ་དག་ནི་ཤིང་དང་བོང་བ་ལ་སོགས་པ་སྒྱུ་མའི་སྔགས་ཀྱིས་བཏབ་པ་ལྟ་བུ་ཡིན་པར་རིག་པར་བྱ་ལ། གཟུགས་ལ་སོགས་པ་ནི་སྒྱུ་མ་བྱས་པ་རྟ་དང་གླང་པོ་ཆེ་ལ་སོགས་པ་ལྟ་བུ་ཡིན་

པར་རིག་པར་བྱའོ། །ཇི་ལྟར་དེ་ལ་དེ་མེད་པ་སྟེ། སྒྱུ་མ་བྱས་པ་དེ་ལ་གླང་པོ་ཆེ་ལ་སོགས་པ་མེད་པ་དེ་བཞིན་དུ་གཞན་གྱི་དབང་དེ་ལ་ཀུན་བརྟགས་པ་གཉིས་ཀྱི་མཚན་ཉིད་མེད་པ་དོན་དམ་པར་འདོད་དོ་ཞེས་བྱ་བ་ནི་ཇི་ལྟར་ཐག་པ་ལ་སྦྲུལ་མེད་པར་མཐོང་བ་དེ་བཞིན་དུ་གཞན་གྱི་དབང་གི་ངོ་བོ་ཉིད་

ལ་གཉིས་སུ་མེད་པར་མཐོང་ངོ་། །གཉིས་དང་བྲལ་བ་ཉིད་མཐོང་བས་གཉིས་སུ་འཁྲུལ་པ་དང་བྲལ་བའོ། །གཉིས་སུ་འཁྲུལ་པ་དང་བྲལ་བའི་རྣམ་པ་ཅན་གྱིས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མཐོང་བར་འགྱུར་རོ། །གང་གི་ཚེ་འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པ་དག་འཇིག་རྟེན་པ་

ཕྱིན་ཅི་མ་ལོག་པས་གཞན་གྱི་དབང་དེ་མཐོང་བ་དེའི་ཚེ་ཡང་གཉིས་སུ་འཁྲུལ་པ་དེ་མི་འབྱུང་བ་ཁོ་ནའོ། །ཇི་ལྟར་སྒྱུ་མ་བྱས་པ་དེ་གླང་པོ་ཆེ་ལ་སོགས་པའི་ངོ་བོར་དམིགས་པ་དེ་བཞིན་དུ་ཡང་དག་པ་མ་ཡིན་པ་ལས་ཀུན་བརྟགས་པ་དེ་ཀུན་རྫོབ་ཀྱི་བདེན་པར་དམིགས་སོ་ཞེས་བྱ་བ་ནི་དེ་ལྟར་ན་དེ་ནི་ཡང་

Vol. 124 · folio 86a

དག་པ་མ་ཡིན་པ་ཉིད་དུ་སྣང་བ་ན་ཀུན་ནས་ཉོན་མོངས་པའི་དམིགས་པར་འགྱུར་རོ། །གང་ཡང་དེ་དང་དེ་ལས་བདེན་པ་ནི་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ་ཞེས་འབྱུང་བ་དེ་ཡང་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ངོ་བོ་

ཉིད་ཁོ་ན་ལ་དེ་ལྟར་རྣམ་པར་གཞག་གོ། །དེ་བཞིན་དུ་གནས་གཞན་དུ་གྱུར་ན་གཉིས་སུ་འཁྲུལ་པ་མེད་པའི་ཕྱིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་དོན་ཡང་དག་པ་དམིགས་སོ་ཞེས་བྱ་བ་ནི་གཉིས་སུ་འཁྲུལ་པ་མེད་པའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དམིགས་པར་འགྱུར་རོ། །

དེ་མཐོང་ན་ཕྱིན་ཅི་མ་ལོག་པ་རྣམ་པར་མི་རྟོག་པའི་རྗེས་སུ་ཐོབ་པའི་ཡེ་ཤེས་ཀྱི་གཞན་གྱི་དབང་གི་ངོ་བོ་ཉིད་གཉིས་དང་བྲལ་བ་མཐོང་སྟེ། དེ་ལྟར་ན་དེའི་དོན་ཡང་དག་པ་དམིགས་པར་འགྱུར་ལ། གཉིས་སུ་འཁྲུལ་པ་དང་བྲལ་བས་ཀྱང་རྣལ་འབྱོར་པའི་གནས་གཞན་དུ་འགྱུར་རོ། །དེ་ལྟ་བུ་

ནི་དེ་ལ་ཡོད། །དེ་ཡི་དངོས་པོ་ཡོད་མ་ཡིན། །དེ་ལྟས་སྒྱུ་མ་ལ་སོགས་ལ། །ཡོད་དང་མེད་པ་ཉིད་དུ་བརྗོད། །ཚིགས་སུ་བཅད་པ་འདི་ནི་དོན་གོ་བར་ཟད་དོ། །ཇི་ལྟར་དོན་གོ་ཞེ་ན། ཇི་ལྟར་སྒྱུ་མ་དེ་ལ་སྒྱུ་མ་བྱས་པ་གླང་པོ་ཆེ་ལ་སོགས་པའི་གཟུགས་དེའི་ངོ་བོར་ཏེ། གླང་པོ་ཆེ་ལ་སོགས་པ་

གཟུགས་ཉིད་དུ་སྣང་བའི་གླང་པོ་ཆེའི་གཟུགས་དེ་ནི་གླང་པོ་ཆེ་ཉིད་དུ་ཡོད་པ་མ་ཡིན་པ་ཁོ་ན་ཡིན་ལ། སེམས་དང་སེམས་ལས་བྱུང་བའི་ཕྱིན་ཅི་ལོག་རྣམས་ནི་གླང་པོ་ཆེ་ལ་སོགས་པ་ལྟ་བུ་ཉིད་དུ་ཡོད་པས་དེ་ལྟ་བས་ན་ཡོད་པ་ཉིད་དང་མེད་པ་ཉིད་དུ་བརྗོད་དེ། དེ་ལྟ་བུ་ཉིད་དུ་ཡོད་པ་ལ་ཡང་

དག་པའི་དོན་དུ་ནི་མེད་དོ་ཞེས་བྱ་བ་དེ་བཞིན་དུ། ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་དེ་ལ་གཉིས་སུ་འཁྲུལ་པའི་གཟུགས་ལ་སོགས་པ་གཟུང་བ་དང་འཛིན་པ་ཉིད་དུ་སྣང་བ་དེ་ནི་ཡོད་དོ་ཞེས་བྱའོ། །ཇི་ལྟར་སྒྱུ་མ་ཡོངས་སུ་ཤེས་ནས་གླང་པོ་ཆེ་ལ་སོགས་པ་མི་སྣང་བའི་ཕྱིར་གླང་པོ་

ཆེ་ལ་སོགས་པ་མེད་དོ་ཞེས་བྱ་བ་དེ་བཞིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་ནས་གཉིས་པོ་མི་སྣང་བའི་ཕྱིར་མེད་དོ་ཞེས་བྱའོ། །དེ་ལ་ཡོད་པ་མེད་པ་ཡིན། །ཞེས་བྱ་བ་ནི་སྒྱུ་མའི་གླང་པོ་ཆེ་ལྟ་བུ་ཡོད་པ་ནི་མེད་པར་མི་འདོད་དེ། །ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཉིད་དུ་ཡོད་པའི་ཕྱིར་རོ། །

Vol. 124 · folio 86b

མེད་པ་ཡོད་པ་ཉིད་མ་ཡིན། །ཞེས་བྱ་བ་ནི་བྱིས་པ་རྣམས་ཀྱིས་ཡང་དག་པ་ཉིད་དུ་ཀུན་བརྟགས་པའི་གླང་པོ་ཆེ་ལ་སོགས་པ་མེད་པ་གང་ཡིན་པ་དེ་ནི་དོན་དམ་པར་དཔྱད་ན་ཡོད་པ་ཉིད་མ་ཡིན་ནོ། །འོ་ན་ཅི་ཞེ་ན་མེད་པ་ཡིན་ནོ། །སྒྱུ་མ་དག་ལ་སོགས་པ་ལ། །ཡོད་མེད་ཁྱད་པར་མེད་

པའང་བརྗོད། །ཅེས་བྱ་བ་ནི་དེ་ལ་དེ་ལྟ་བུ་ཡོད་པ་སྟེ། གླང་པོ་ཆེ་ལྟ་བུ་ཡོད་པ་གང་ཡིན་པ་དེ་ཉིད་གླང་པོ་ཆེ་ལ་སོགས་པ་མེད་པ་ཡིན་ནོ། །དེ་ལ་འདྲ་བ་ཙམ་དང་འཁྲུལ་པ་ཙམ་ཡོད་ཀྱི། ཡང་དག་པ་ཉིད་དུ་གླང་པོ་ཆེ་ཡོད་པ་ནི་མ་ཡིན་པས་གང་གི་ཚེ་དེ་ལྟར་ཤེས་པ་དེའི་ཚེ་གླང་པོ་ཆེར་

འཛིན་པ་ལྡོག་སྟེ། གླང་པོ་ཆེ་ལྟ་བུ་ཙམ་དུ་སྣང་བ་གང་ཡིན་པ་དེ་ཉིད་གླང་པོ་ཆེ་མེད་པ་ཡིན་ནོ། །དེ་ལྟར་ན་འདི་མཉམ་པ་ཉིད་དུ་འགྱུར་ཏེ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཇི་སྐད་དུ། དེ་ཡི་ཕྱིར་ན་དམིགས་པ་དང་། །མི་དམིགས་མཉམ་པར་ཤེས་པར་བྱ། །ཞེས་

བཤད་པ་ལྟ་བུ་ཡིན་ནོ། །རིམ་པ་འདིས་ན་ཡོད་པ་དང་མེད་པ་དག་ཁྱད་པར་མེད་པར་མཐོང་སྟེ། དཔེར་ན་གང་གི་ཚེ་ཁོ་ན་ཉེ་བར་ལེན་པའི་ཕུང་པོ་ལྔར་མ་མཐོང་བ་དེ་ཁོ་ནའི་ཚེ་བདག་ཡོད་པར་ལྟ་བ་ལ། གང་གི་ཚེ་ཁོ་ན་བདག་མེད་པར་མཐོང་བ་དེའི་ཚེ་ཁོ་ན་ཕུང་པོ་ཙམ་དུ་ལྟ་བ་དང་

འདྲའོ། །དེ་ལྟས་གཟུགས་ལ་སོགས་པ་ལ། །ཡོད་དང་མེད་པ་ཉིད་དུ་བརྗོད། །ཅེས་བྱ་བ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ངོ་བོ་ཉིད་ལ་ཀུན་རྫོབ་ཏུ་གཟུགས་ལ་སོགས་པ་ཡོད་པ་ཉིད་དུ་བརྗོད་པར་བྱ་སྟེ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཇི་སྐད་དུ། ཡང་དག་

མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་བཤད་པ་ལྟ་བུ་སྟེ། དེ་ལ་ནི་གཉིས་པོ་གཟུང་བ་དང་འཛིན་པ་ཀུན་རྫོབ་ཏུ་ཡོད་ཀྱི། དོན་དམ་པར་ནི་མ་ཡིན་ནོ། །གང་གི་ཚེ་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་མཐུན་པའི་ཕྱོགས་བསལ་ཞིང་སྤྲོས་པ་ཐམས་ཅད་དང་བྲལ་

བས་བྱིས་པས་ཀུན་བརྟགས་པའི་གཟུགས་ལ་སོགས་པ་ཆོས་སུ་གཟུང་བ་མེད་པར་མཐོང་བ་དེའི་ཚེ་མེད་དོ་ཞེས་བྱའོ། །མེད་པ་ནི་ཡོད་པ་ཉིད་མ་ཡིན་ཏེ། གཉིས་ཀྱི་དངོས་པོ་མེད་པ་ཉིད་གང་ཡིན་པའོ་ཞེས་བྱ་བ་ནི་གཉིས་ཀྱི་དངོས་པོ་མེད་པ་གང་ཡིན་པ་དེ་ནི་དོན་དམ་པར་ཡོད་པ་ཉིད་མ་ཡིན་

Vol. 124 · folio 87a

ནོ། འོ་ན་ཅི་ཞེ་ན། མེད་པ་མ་ཡིན་ནོ། །གཉིས་པོ་སྣང་བར་འགྱུར་བ་གང་ཡིན་པ་དེ་ཉིད་གཉིས་ཀྱི་དངོས་པོར་མེད་པ་ཡིན་པས་སོ་ཞེས་བྱ་བ་ལ། གཉིས་པོ་སྣང་བ་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ངོ་བོ་ཉིད་མ་ཡིན་ནོ། །གང་གི་ཚེ་ཡང་དག་པ་

མ་ཡིན་པའི་ཀུན་ཏུ་རྟོག་པ་སྟེ། མིག་དང་གཟུགས་ལ་སོགས་པ་གཉིས་དང་བྲལ་ཞིང་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་དུ་ཤེས་པ་དེའི་ཚེ་འདི་གཉིས་སུ་འཛིན་པ་ལྡོག་ཅིང་། འདི་ལ་སེམས་དང་སེམས་ལས་བྱུང་བར་སྣང་བ་ཉིད་དུ་འགྱུར་ཏེ། དེ་ལྟར་ན་གཉིས་པོ་སྣང་བ་གང་

ཡིན་པ་དེ་ཉིད་གཉིས་ཀྱིས་དངོས་པོ་མེད་པ་ཡིན་པས་ཡོད་པ་དང་མེད་པ་དག་མཉམ་པ་ཉིད་དུ་འགྱུར་རོ། །ཐེག་པ་དམན་པས་འགྲོ་བ་དགག་པའི་ཕྱིར་ཞེས་བྱ་བ་ལ། ཐེག་པ་དམན་པས་འགྲོ་བ་ནི་ཐེག་པ་དམན་པས་འགྲོ་བའོ། །ཐེག་པ་དམན་པས་འགྲོ་བ་དེ་དགག་པའི་ཕྱིར་ཡོད་པ་དང་མེད་

པ་དག་ཀྱང་ཁྱད་པར་མེད་པར་བསྒོམ་པ་ཡིན་ཏེ། ཡོད་པ་དང་མེད་པར་ཁྱད་པར་མེད་པ་ཉིད་དུ་རིག་ནས་ཡོད་པས་ཡིད་འབྱུང་བར་མི་འགྱུར་རོ། །ཇི་ལྟར་ན་སྒྲོ་འདོགས་པ་བཀག་པ་ཡིན། ཇི་ལྟར་ན་སྐུར་པ་འདེབས་པ་བཀག་པ་ཡིན་ནོ། །ཇི་ལྟར་ན་ཡོད་པ་དང་མེད་པ་དག་ཁྱད་པར་

མེད་པར་བསྒོམ་པ་ཡིན་ཏེ། དེ་ལ་ཡོད་པ་མེད་པ་ཡིན་ཞེས་བྱ་བ་ནི་གཉིས་སུ་སྣང་བ་གང་ཡིན་པ་སྟེ། གཉིས་སུ་སྣང་བ་ཡོད་པ་གང་ཡིན་པ་དེ་ནི་མེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ནི་ཡོད་པ་ཁོ་ནའོ། །དེ་ལྟར་བཟོད་པའི་གནས་སྐབས་ན་རྣམ་པར་ཤེས་པ་འདི་ཉིད་གཉིས་སུ་

སྣང་བར་རབ་ཏུ་འབྱུང་གི། ཕྱི་རོལ་གྱི་དོན་ནི་མེད་དོ་ཞེས་ཕྱི་རོལ་གྱི་དོན་རྣམ་པར་རིག་པས་སེམས་ཙམ་དུ་རྟོགས་པར་འགྱུར་ཏེ། དེའི་ཚེ་ཡོད་པ་ལ་ཡོད་པར་རིག་ནས་སྐུར་པ་འདེབས་པར་མི་བྱེད་དོ། །མེད་པ་ཡོད་པ་ཉིད་མ་ཡིན། །ཞེས་བྱ་བ་ནི་ཀུན་བརྟགས་པ་གཉིས་ཀྱི་དངོས་

པོ་མེད་པ་ཉིད་གང་ཡིན་པ་སྟེ། མེད་པ་ནི་ཡོད་པ་ཉིད་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ནི་རྟག་ཏུ་མེད་པ་ཁོ་ན་ཡིན་ཏེ། དེ་ལྟར་ན་མེད་པ་ལ་མེད་པར་རིག་ནས་སྒྲོ་འདོགས་པར་མི་བྱེད་དོ། །ཇི་ལྟར་ན་དེ་དག་ཁྱད་པར་མེད་པ་ཡིན་ཞེ་ན། གཞན་གྱི་དབང་གི་གཉིས་སུ་སྣང་བ་གང་ཡིན་

Vol. 124 · folio 87b

པ་དེ་ཉིད་རྣམ་པར་ཤེས་པ་ལས་མ་གཏོགས་པའི་ཕྱི་རོལ་གྱི་གཟུགས་ལ་སོགས་པ་ཡོད་པ་ཉིད་དུ་ཀུན་བརྟགས་པའི་བདག་ཉིད་ཀྱིས་མེད་པ་ཡིན་ལ། ཕྱི་རོལ་གྱི་གཟུགས་ལ་སོགས་པ་ཀུན་བརྟགས་པའི་བདག་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ཉིད་རྣམ་པར་རིག་པ་ཙམ་ཡིན་ཏེ། དེ་ལྟར་ན་

མཐོང་བ་དེ་ནི་བྱིས་པས་ཀུན་བརྟགས་པ་ཡོད་པ་ལ་མངོན་པར་ཞེན་པ་ལས་ཡིད་འབྱུང་བར་མི་འགྱུར་རོ། །ཉན་ཐོས་ནི་གཟུགས་ལ་སོགས་པ་ལ་ཡོད་པ་ཉིད་དུ་ཀུན་བརྟགས་ནས། འདི་དག་ལ་སྐྱེ་བ་དང་འཇིག་པས་སྡུག་བསྔལ་གྱི་རང་བཞིན་ཡིན་པར་དམིགས་པ་ན་འཁོར་བའི་ངོ་བོ་ཉིད་

ལས་ཡིད་འབྱུང་བར་འགྱུར་རོ། །ཡིད་འབྱུང་ན་འདོད་ཆགས་དང་བྲལ་བས་དེའི་ཕྱིར་ཉན་ཐོས་ཀྱི་ཐེག་པས་ངེས་པར་འབྱུང་གི །བྱང་ཆུབ་སེམས་དཔའ་ནི་ཇི་སྐད་བཤད་པའི་ཚུལ་འདིས་ཡོད་པ་དང་མེད་པ་དག་ཁྱད་པར་མེད་པར་རིག་ནས་འཁོར་བ་ལས་ཡིད་འབྱུང་བར་མི་འགྱུར་རོ། །

ཡིད་མི་འབྱུང་ན་ཉན་ཐོས་མགོ་དང་གོས་ལ་མེ་འབར་བ་ལྟར་བྱེད་པ་བཞིན་དུ་མྱ་ངན་ལས་འདས་པ་ལ་གཞོལ་བར་མི་འགྱུར་བས་དེའི་ཕྱིར་ཉན་ཐོས་ཀྱི་ཐེག་པས་ངེས་པར་མི་འབྱུང་ངོ་། །འཁྲུལ་པའི་རྒྱུ་དང་འཁྲུལ་པ་ནི། །ཞེས་བྱ་བ་ནི་བྱིས་པ་རྣམས་ཀྱི་རྣམ་པར་རིག་པ་འདི་ནི་རྣམ་པ་གཉིས་

སུ་འབྱུང་སྟེ། འདི་ལྟ་སྟེ་འཁྲུལ་པའི་རྒྱུ་དང་། འཁྲུལ་པའོ། །དེ་ལ་འཁྲུལ་པའི་རྒྱུ་ནི་གཟུགས་ཀྱི་རྣམ་པར་རིག་པ་ཡིན་པར་འདོད་དེ། གཟུགས་ཞེས་སྨོས་པས་ནི་མིག་དང་གཟུགས་ལ་སོགས་པ་གཟུགས་ཀྱི་ཕུང་པོ་བསྡུའོ། །འདི་ལྟ་སྟེ་བྱིས་པ་རྣམས་ནི་ཐོག་མ་མེད་པའི་

དུས་ནས་གོམས་པས་བདག་མེད་བཞིན་དུ་གཟུགས་ལ་སོགས་པ་ཉེ་བར་ལེན་པའི་ཕུང་པོ་རྣམས་བདག་ཉིད་དུ་སྣང་ངོ་། །དེ་ལྟར་བྱིས་པས་ཀུན་བརྟགས་པ་མིག་དང་གཟུགས་ལ་སོགས་པའི་དོན་དག་མེད་བཞིན་དུ་ཐོག་མ་མེད་པའི་དུས་ནས་གོམས་པའི་དབང་གིས་བྱིས་པ་རྣམས་ལ་ཡང་

དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་མིག་དང་གཟུགས་ལ་སོགས་པ་ཉིད་དུ་སྣང་བ་གཟུགས་ཀྱི་རྣམ་པར་རིག་པ་འདི་ནི་འཁྲུལ་པའི་རྒྱུ་ཡིན་ནོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དེ་ནི་འདི་ཡིན་ནོ་ཞེས་འཛིན་པའི་རྣམ་པར་འཇུག་པ་གང་ཡིན་པ་གཟུགས་ཅན་མ་ཡིན་པའི་རྣམ་པར་རིག་པ་

Vol. 124 · folio 88a

འདི་ནི་འཁྲུལ་པའི་ངོ་བོ་ཉིད་ཡིན་ནོ། །འཁྲུལ་པའི་རྒྱུར་གྱུར་ཅིང་གཞིར་གྱུར་པ་གཟུགས་སུ་སྣང་བའི་རྣམ་པར་རིག་པ་དེ་མེད་པའི་ཕྱིར་ཅིག་ཤོས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་གཟུགས་ཅན་མ་ཡིན་པ་རྣམ་པར་རིག་པ་ཡང་མེད་པར་འགྱུར་རོ། །རྒྱུ་མེད་པའི་

ཕྱིར་རོ་ཞེས་བྱ་བ་ལ། རྒྱུ་ནི་མིང་དང་གཟུགས་ལ་སོགས་པ་སྟེ། རྒྱུ་དེ་མེད་པའི་ཕྱིར་འབྲས་བུར་གྱུར་པའི་རྣམ་པར་རིག་པར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡང་མེད་པར་འགྱུར་རོ། །དེ་ལ་གཉིས་པོ་ཇི་ལྟ་བར་མེད་ཀྱང་གཉིས་སུ་ཡང་དམིགས་སོ་ཞེས་བྱ་བ་ནི་སྒྱུ་མའི་གླང་པོ་ཆེའི་

གཟུགས་སུ་འཁྲུལ་པ་ལ་ཡང་དག་པ་ཉིད་དུ་གླང་པོ་ཆེ་ལ་སོགས་པ་གཟུང་བ་དང་འཛིན་པ་མེད་མོད་ཀྱི། འོན་ཀྱང་བྱིས་པ་མ་རིག་པས་ལྡོངས་པ་རྣམས་གླང་པོ་ཆེའི་གཟུགས་སུ་འཁྲུལ་པའི་སྒོ་ནས་འདི་དག་ནི་གླང་པོ་ཆེ་ལ་སོགས་པའོ། །བདག་ནི་འདི་དག་འཛིན་པའོ་ཞེས་བྱ་བར་

གཉིས་སུ་མངོན་པར་ཞེན་ཏོ། །ཀེང་རུས་ཀྱི་ནི་གཟུགས་འཛིན་པ། །འཁྲུལ་ཕྱིར་གཉིས་སུ་བརྗོད་པ་སྟེ། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་གནས་སྐབས་ལས་དང་པོ་པའི་རྣལ་འབྱོར་ཅན་རུས་པའི་ཀེང་རུས་སྒོམ་པར་བྱེད་པའི་ཏིང་ངེ་འཛིན་གྱི་མེ་ལོང་ལ་ཀེང་རུས་ཀྱི་གཟུགས་བརྙན་སྣང་ལ། ཀེང་

རུས་ཀྱི་གཟུགས་སུ་འཁྲུལ་པ་དེ་ལས་གཟུང་བ་དང་འཛིན་པ་གཉིས་སུ་བརྗོད་དོ། །དེ་ལ་ནི་ཡང་དག་པ་ཉིད་དུ་ན་རུས་པའི་ཀེང་རུས་ཀྱང་མེད་ལ་དེ་མེད་ན་འཛིན་པ་ཡང་མེད་མོད་ཀྱི། འོན་ཀྱང་དེ་བཞིན་དུ་ཡང་སྣང་ངོ་། །ཡོད་པ་དང་མེད་པ་དེ་དག་ཀྱང་ཁྱད་པར་མེད་པའི་ཕྱིར་རོ། །ཡང་ཡོད་

པ་ཡང་ཡིན་ལ་མེད་པ་ཡང་མ་ཡིན་ནོ། །སྒྱུ་མའི་མཚན་ཉིད་ཀྱང་དེ་དང་འདྲ་སྟེ། དེ་ལྟ་བས་ན་སྒྱུ་མ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་གླང་པོ་ཆེའི་གཟུགས་ཡོད་པ་གང་ཡིན་པ་དེ་ཉིད་གླང་པོ་ཆེ་ཉིད་ལ་སོགས་པར་མེད་པ་ཡིན་ལ། གླང་པོ་ཆེ་ཉིད་ལ་སོགས་པར་མེད་པ་གང་ཡིན་པ་དེ་ཉིད་

གླང་པོ་ཆེའི་གཟུགས་སུ་ཡོད་པ་ཡིན་ནོ། །དེ་ལྟ་བས་ན་སྒྱུ་མ་ལ་ཡོད་པ་དང་མེད་པ་ཉིད་དུ་ཁྱད་པར་མེད་དེ། སྒྱུ་མ་ལ་ཡོད་པ་ཉིད་གང་ཡིན་པ་དེ་ནི་ཀུན་རྫོབ་དུའོ། །མེད་པ་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པར་རོ། །སྒྱུ་མ་ལ་ཡོད་པ་དང་མེད་པ་དག་ཁྱད་པར་མེད་པར་བཤད་པ་ཇི་ལྟ་བར་

Vol. 124 · folio 88b

གཟུགས་ལ་སོགས་པའི་ཆོས་རྣམས་ལ་ཡང་དེ་དང་འདྲ་སྟེ། ཇི་སྐད་དུ། དེ་བཞིན་ཉིད་སྣང་དེ་ལ་ཡོད། །དེ་ཡི་དངོས་པོ་ཡོད་མ་ཡིན། །དེ་ལྟས་གཟུགས་ལ་སོགས་པ་ལ། །ཡོད་དང་མེད་པ་ཉིད་དུ་བརྗོད། །ཅེས་བཤད་པ་ལྟ་བུ་ཡིན་ནོ། །ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་

པའི་ངོ་བོ་ཉིད་དེ་ལ་རྣམ་པར་ཤེས་པའི་གཉིས་སུ་སྣང་བ་གང་ཡིན་པ་དེ་ནི་དེ་ལ་ཡོད་ལ། རྣམ་པར་ཤེས་པ་སྣང་བ་གསལ་ཏེ་ཡང་དག་པ་ཉིད་དུ་གཟུགས་ལ་སོགས་པའི་དོན་གྱིས་གཉིས་ཀྱི་ངོ་བོ་གང་ཡིན་པ་དེ་ནི་དེ་ལ་མེད་དོ། །ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དེ་ལ་གཉིས་སུ་

སྣང་བ་གང་ཡིན་པ་དེ་ཉིད་གཉིས་མེད་པ་ཡིན་ལ་གཉིས་མེད་པ་གང་ཡིན་པ་དེ་ཉིད་གཉིས་སུ་སྣང་བ་ཡིན་ཏེ། དེ་ལྟར་ན་ཡོད་པ་དང་མེད་པ་དག་ཁྱད་པར་མེད་པ་ཡིན་ནོ། །དེ་ལྟ་བས་ན་ཆོས་འདི་དག་སྒྱུ་མ་བཞིན་དུ་ཡོད་པ་ཉིད་དང་མེད་པ་ཉིད་ཡིན་པས་དེའི་ཕྱིར་སྒྱུ་མ་ལྟ་བུ་བརྗོད་དོ། །ཀུན་

ནས་ཉོན་མོངས་པ་འགྲུབ་པ་ལ་དབང་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀུན་ཏུ་སྤྱོད་པ་དང་ལྡན་པ་ཡིན་ན་ཀུན་ནས་ཉོན་མོངས་པ་རྣམས་ཡང་དང་ཡང་དུ་འགྲུབ་པར་འགྱུར་བས་སོ། །མིག་ཡོར་ལྟ་བུ་ནི་ནང་གི་སྐྱེ་མཆེད་རྣམས་ཀྱི་གྲིབ་མ་ལྟ་བུ་ཡིན་པའི་ཕྱིར་ཕྱིའི་

སྐྱེ་མཆེད་དྲུག་ཁོ་ན་སྟེ། དེའི་དབང་གིས་འབྱུང་བས་སོ་ཞེས་བྱ་བ་ནི་ཇི་ལྟར་གདུགས་ལ་སོགས་པའི་དབང་གིས་གྲིབ་མ་འབྱུང་བ་དེ་བཞིན་དུ་ནང་གི་སྐྱེ་མཆེད་གདུགས་ལྟ་བུ་རྣམས་ཀྱི་དབང་གིས་ཕྱིའི་སྐྱེ་མཆེད་ཀྱི་གྲིབ་མ་ལྟ་བུ་རྣམས་འབྱུང་ངོ་། །བྲག་ཅ་ལྟ་བུ་ནི་བཤད་པའི་ཆོས་རྣམས་

སོ་ཞེས་བྱ་བ་ནི་ཇི་ལྟར་བྲག་ཅ་ཡོད་པ་མ་ཡིན་མོད་ཀྱི། འོན་ཀྱང་གྲག་པ་ལྟར་བཤད་པའི་ཆོས་རྣམས་ཀྱང་དེ་དང་འདྲའོ། །འདི་དག་ལ་མ་རིག་པ་དང་ཉོན་མོངས་པ་རྣམས་དང་ལྷན་ཅིག་འཇུག་པ་ཡོད་པས་ནི་འདི་དག་ནི་མ་རིག་པ་དང་ཉོན་མོངས་པ་དང་ལྷན་ཅིག་འཇུག་པ་ཡིན་ནོ་ཞེས་བྱ་

བ་ལ། མ་རིག་པ་ནི་མ་རིག་པ་ཉིད་དོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་སྟེ་དྲུག་གམ་བཅུའོ། །མ་རིག་པ་ལོགས་ཤིག་ཏུ་སྨོས་པ་ནི་དབང་བྱེད་པའི་དོན་ཏེ། མ་རྨོངས་པ་ལ་གཞན་མི་འབྱུང་བའི་ཕྱིར་རོ། །ཉོན་མོངས་པ་སྨོས་པས་ནི་ཁྲོ་བ་དང་ཁོན་དུ་འཛིན་པ་

Vol. 124 · folio 89a

ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་ཀྱང་བསྡུས་པར་རིག་པར་བྱའོ། །གཟུགས་དང་སྒྲ་ལ་སོགས་པའི་རྣམ་པར་རྟོག་པ་འདི་དག་ལ་མ་རིག་པ་དང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་དང་ལྷན་ཅིག་འཇུག་པ་ཡོད་པས་ན་འདི་དག་ནི་མ་རིག་པ་དང་

ཉོན་མོངས་པ་དང་། ལྷན་ཅིག་འཇུག་པ་ཡིན་ཏེ། རྣམ་པར་རྟོག་པ་གང་དང་གང་ཀུན་དུ་འབྱུང་བ་ན་ཀུན་གཞི་རྣམ་པར་ཤེས་པ་ལ་བག་ཆགས་འཇོག་པའི་བག་ཆགས་དེ་ཉིད་རྣམ་པར་རྟོག་པ་དེ་དང་དེའི་རྒྱུར་འགྱུར་རོ། །དེ་ནི་སྔར་བཤད་ཟིན་ཏོ་ཞེས་བྱ་བ་ནི་ཐོས་པ་ལ་སོགས་པའི་

ཤེས་པ་གསུམ་གྱིས། ཆོས་ཀྱི་དམིགས་པ་རྙེད་པར་འགྱུར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་གཞུང་གིས་སོ། །རང་གི་དབྱིངས་ནི་རྣམ་པར་མི་རྟོག་པ་རྣམས་ཀྱི་དེ་བཞིན་ཉིད་དོ་ཞེས་བྱ་བ་འདི་ནི་རྣམ་པར་བྱང་བའི་སྐབས་ཀྱིས་འོངས་པ་ཡིན་པས་རང་གི་དབྱིངས་ནི་རྣམ་པར་བྱང་

བ་ཚུལ་བཞིན་རྣམ་པར་རྟོག་པ་རྣམས་ཀྱི་ཆོས་ཀྱི་དབྱིངས་ཡིན་ཏེ། འདི་ནི་དེ་བཞིན་ཉིད་ཀྱི་རྣམ་གྲངས་ཀྱི་མིང་ཡིན་ནོ། །དེ་བཞིན་ཉིད་ཀྱི་ཕྱིར་དབུས་དང་མཐའ་རྣམ་པར་འབྱེད་པ་དང་། ཆོས་མངོན་པ་ཀུན་ལས་བཏུས་པ་ལ་སོགས་པ་ལས་ཆོས་ཀྱི་དབྱིངས་ཀྱི་ངེས་

པའི་ཚིག་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་མཚན་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱའོ་ཞེས་འབྱུང་ངོ་། །མིང་ལ་སེམས་གནས་པའི་ཕྱིར་རོ་ཞེས་བྱ་བ་ལ། མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ། དེ་ལ་སྤྱིའི་

རྣམ་པར་གནས་པའི་ཕྱིར་མིང་ལ་གནས་པ་ཡིན་ནོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་རྙེད་ནས་མིང་ལ་གནས་པར་འགྱུར་ཏེ། དེའི་ཕྱིར་སངས་རྒྱས་ཀྱི་ཆོས་རྣམས་རྣམ་པར་བྱང་བར་འགྱུར་རོ། །ཞི་གནས་བསྒོམ་པ་ཆུ་ལྟ་བུས་ནི་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་དག་གིས་

ཁེངས་པར་བྱས་པའི་སེམས་དེ་གཉེན་པོར་འགྱུར་རོ། །ལྷག་མཐོང་པ་སྒོམ་པ་མེ་ལོང་ལྟ་བུས་ནི་ལས་དང་པོ་པའི་གནས་སྐབས་ན་ལྟ་བ་ངན་པ་ལ་སོགས་པས་ཡོན་པོར་གྱུར་པའི་ཤེས་རབ་མདའ་ཡོན་པོ་ལྟ་བུ་གང་ཡིན་པ་དེ་མཉམ་པར་གཞག་པའི་གནས་སྐབས་ན་ལྷག་མཐོང་གོམས་

Vol. 124 · folio 89b

པས་མདའ་མེས་བསྲོས་པ་བཞིན་དུ་དྲང་པོར་འགྱུར་རོ། །དེའི་ཕྱིར་སེམས་དང་ཤེས་རབ་འདོད་ཆགས་དང་མ་རིག་པའི་ཉོན་མོངས་པ་དག་དང་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་རྣམས་ལས་རྣམ་པར་གྲོལ་བར་འགྱུར་ཞིང་། གནས་ཡོངས་སུ་གྱུར་པ་ལ་ཁེངས་པ་དང་ཡོན་པོ་

ཉིད་དུ་བྱེད་པའི་རྣམ་པར་རྟོག་པ་དེ་དག་ཉིད་ཀྱང་གཉིས་སུ་སྣང་བར་མི་འཇུག་གོ། །རྣམ་པར་རིག་པ་ཙམ་ཡོངས་སུ་ཚོལ་བ་ཞེས་བྱ་བ་ལ། ཙམ་ཞེས་སྨོས་པ་ནི་དོན་དགག་པའི་ཆེད་ཡིན་ནོ། །སེམས་འབའ་ཞིག་གཟུང་བ་ནི་མ་ཡིན་ཏེ། སེམས་དེ་ཡང་འདིར་མཚུངས་པར་

ལྡན་པ་དང་བཅས་པར་བལྟ་བར་བྱའོ་ཞེས་བྱ་བའི་ཕྱིར་འདིར་ནི་སེམས་ལས་བྱུང་བ་རྣམས་ཀྱང་གཟུང་ངོ་། །སེམས་ཙམ་པོ་འདི་གཟུང་བར་སྣང་བ་དང་འཛིན་པར་སྣང་བ་དང་གཉིས་སུ་སྣང་བར་འདོད་དེ། ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་དེ་བཞིན་ཉིད་འདོད་

ཆགས་ལ་སོགས་པ་ཉོན་མོངས་པ་སྣང་བའམ་དད་པ་ལ་སོགས་པ་ཉོན་མོངས་པ་སྣང་བའམ་དགེ་བའི་ཆོས་སུ་སྣང་བར་འདོད་ལ་ཞེས་བྱ་བ་ནི་གང་གི་ཚེ་འདོད་ཆགས་ལ་དམིགས་པའམ། དད་པ་ལ་དམིགས་པ་སྐྱེ་བ་དེའི་ཚེ་སེམས་དེ་ཉིད་དེ་ལྟར་སྣང་གི་འདོད་ཆགས་ལ་སོགས་པ་

དམིགས་པ་ཉིད་དུ་ཡོད་པ་ནི་མ་ཡིན་ལ། སེམས་ལ་འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པར་མི་འདོད་པ་ཡང་མ་ཡིན་ནོ། །དཔེར་ན་གཉིས་སུ་སྣང་བ་ལས་གཞན་པ་གཉིས་ཀྱི་མཚན་ཉིད་མེད་པ་བཞིན་ནོ་ཞེས་བྱ་བ་ནི་སེམས་སྣང་བ་ལས་མ་གཏོགས་པ་མིག་

དང་། གཟུགས་ལ་སོགས་པ་གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱི་དོན་དམིགས་པ་ཉིད་དུ་མེད་པ་ལྟར་འདོད་ཆགས་ལ་སོགས་པ་ཡང་དེ་དང་འདྲའོ། །སེམས་འདི་ཉིད་རྣམ་གྲངས་ཀྱིས་འདོད་ཆགས་སུ་སྣང་བའམ། ཞེ་སྡང་དུ་སྣང་བའམ། དེ་ལས་གཞན་པའི་ཆོས་སུ་སྣང་བ་

སྣ་ཚོགས་སུ་སྣང་བ་ཅན་དུ་འཇུག་གོ་ཞེས་བྱ་བ་ནི་འདི་སྐད་དུ་བཤད་པ་ཡིན་ཏེ། འདོད་ཆགས་ལ་སོགས་པའི་དམིགས་པས་རྣམ་གྲངས་ཀྱི་འདོད་ཆགས་ལ་སོགས་པར་སྣང་བའི་སེམས་སྐྱེ་བ་གང་ཡིན་པ་དེ་ནི་སེམས་ཉིད་སེམས་ལས་བྱུང་བ་རྣམས་དང་ལྷན་ཅིག་སྐྱེ་བ་ཡིན་གྱི་འདོད་

Vol. 124 · folio 90a

ཆགས་ལ་སོགས་པ་ནི་མ་ཡིན་ནོ་ཇི་ལྟར་གཟུགས་ལ་སོགས་པ་དོན་གཞན་དུ་གྱུར་པ་དམིགས་པ་ཉིད་དུ་ཡོད་པ་མ་ཡིན་པ་ལྟར་འདོད་ཆགས་ལ་སོགས་པ་ཡང་དེ་དང་འདྲ་སྟེ། ཇི་སྐད་དུ་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས། རྣམ་པར་རིག་པ་ཙམ་ལས་སེམས་ཀྱང་

སེམས་གཞན་གྱིས་དམིགས་པར་ཡོད་པ་མ་ཡིན་ནོ་ཞེས་བཤད་པ་ལྟ་བུའོ། །ཅིག་ཅར་དད་པ་དང་བརྩོན་འགྲུས་ལ་སོགས་པའི་རྣམ་པ་སྟེ། རྣམ་པ་སྣ་ཚོགས་ཅན་དུ་འཇུག་གོ་ཞེས་བྱ་བ་ནི་འདི་ཉིད་ཀྱིས་སེམས་ལས་བྱུང་བ་དག་ཡོད་ཀྱི་དེ་དག་སེལ་བ་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་ཏེ།

སེམས་ལས་བྱུང་བ་དག་ཡོད་ན་དེ་དག་གི་རྣམ་པར་སྐྱེ་བས་རྣམ་པ་སྣ་ཚོགས་ཉིད་སྲིད་ཀྱི་མེད་པར་ནི་མ་ཡིན་ནོ། །གལ་ཏེ་སེམས་ཁོ་ན་རྣམ་གྲངས་ཀྱིས་སྐྱེ་བས་ན་སེམས་ལས་བྱུང་བ་ཞེས་བྱ་བར་འགྱུར་རོ་ཞེ་ན། སེམས་ལས་བྱུང་བ་བདག་མེད་པར་གང་ཞིག་ཅིག་ཅར་སྣ་ཚོགས་ཀྱི་རྣམ་པ་

ཉིད་དུ་འགྱུར་རོ། །དེ་ལྟ་བས་ན་སེམས་ལས་བྱུང་བ་དག་ནི་ཡོད་དོ། །ཉོན་མོངས་པ་དང་དགེ་བའི་གནས་སྐབས་ཀྱི་སེམས་ལ་སྣང་བ་ཡོད་པ་དང་། མེད་པ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བར་སྣང་བ་ཉིད་ཡོད་པས་ཡོད་པའོ། །དེ་ལས་མ་གཏོགས་པ་གཞན་གཟུང་བ་དང་

འཛིན་པར་གྱུར་པའི་ཆོས་དག་མེད་པས་ན་མེད་པའོ། །གང་དག་སེམས་ལས་བྱུང་བ་ཡོད་པར་མི་འདོད་པ་དེ་དག་གི་ལྟར་ན་ནི་ཚིགས་སུ་བཅད་པ་དག་གིས་དོན་གོ་བར་ཟད་དོ། །མཚན་གཞི་ནི་མཚོན་པར་བྱ་བ་ཡིན་པས་ན་མཚན་གཞིའོ། །མཚན་ཉིད་ནི་ངོ་བོ་ཉིད་གསུམ་མོ། །དེ་

བས་ན་མཚན་གཞི་དང་མཚན་ཉིད་འདི་ནི་ལས་ལྟ་བུ་ཡིན་ལ། མཚོན་པ་ནི་བྱེད་པ་པོ་ལྟ་བུ་ཡིན་ཏེ། འདི་ལྟར་དེས་མཚན་གཞི་དང་མཚན་ཉིད་དེ་མཚོན་པར་བྱེད་དོ་ཞེས་འཆད་པར་འགྱུར་རོ། །སེམས་ནི་ལྟར་བཅས་གང་ཡིན་དང་། །ཞེས་བྱ་བ་ལ། སེམས་ཞེས་སྨོས་པས་ནི་

གཉིས་སུ་སྣང་བའི་སེམས་གཟུང་བར་སྣང་བ་དག །འཛིན་པར་སྣང་བ་གཟུང་བ་སྟེ། དེ་ལ་སེམས་ནི་རྣམ་པར་ཤེས་པ་དང་གཟུགས་སོགས་ཞེས་བྱ་བས་སོ། །ལྟ་བ་ནི་སེམས་ལས་བྱུང་བའི་ཆོས་རྣམས་སོ་ཞེས་བྱ་བ་ནི་གསལ་བའི་ཕྱིར་ཐམས་ཅད་ལྟ་བ་ཡིན་པར་ཐ་སྙད་གདགས་

Vol. 124 · folio 90b

སོ། །དེའི་རྣམ་པར་རིག་པ་རྟག་ཏུ་དེ་བཞིན་དུ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་ནམ་མཁའ་ལ་སོགས་པའི་རྣམ་པར་རིག་པ་ལ་འགྱུར་བ་མེད་པས་རྟག་པའོ། །བག་ཆགས་དེ་ལས་ཀྱང་ཞེས་བྱ་བ་ནི་བག་ཆགས་ལ་གནས་པའི་ཕྱིར་བརྗོད་པ་དེ་ལས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། །

ཐ་སྙད་ལ་མི་མཁས་པ་རྣམས་ལ་དོན་དུ་སྣང་བ་གང་ཡིན་པའོ། །ཞེས་བྱ་བ་ནི་བྱིས་པ་ཆུང་ངུ་རྣམས་ལའོ། །བརྗོད་པའི་དོན་གྱི་འདུ་ཤེས་མེད་པར་ཞེས་བྱ་བ་ནི་བྱིས་པ་ཆུང་ངུ་ལ་སོགས་པ་ལ་བུམ་པ་ཞེས་བྱ་བའི་སྒྲས་ནི་བརྗོད་པར་བྱ་བའི་དོན་ལྟོ་ཡངས་པ་དང་། མགྲིན་པ་ཕྲ་བ་

གང་ཡིན་པ་བརྗོད་དོ་ཞེས་བྱ་བར་བྱེ་བྲག་ཏུ་རྟོགས་པ་དེ་མེད་དེ། བརྗོད་པའི་དོན་གྱི་འདུ་ཤེས་མེད་བཞིན་དུ་ཅི་ཞིག་ཏུ་རྣམ་པར་རྟོག་པར་བྱེད་དོ། །བརྗོད་པ་ཇི་ལྟ་བ་བཞིན་དུ་དོན་དུ་འདུ་ཤེས་པ་ཞེས་བྱ་བ་ནི་བུམ་པ་ལ་སོགས་པའི་མངོན་པར་བརྗོད་པ་ཅི་འདྲ་བ་དེ་འདྲ་བའི་སེམས་ལས་བྱུང་བ་

མཚན་མར་འཛིན་པའི་བདག་ཉིད་ནི་འདུ་ཤེས་སོ། །སེམས་ལས་བྱུང་བ་ཞེས་སྨོས་པས་ནི་ལྷས་བྱིན་ཞེས་བྱ་བ་ལྟ་བུ་མིང་བསལ་བ་ཡིན་ནོ། །འདུ་ཤེས་དེའི་དམིགས་པ་སྔོན་པོ་དང་སེར་པོ་དང་སྐྱེས་པ་དང་བུད་མེད་ལ་སོགས་པ་གང་ཡིན་པ་དེ་ནི་རྒྱུ་མཚན་ཡིན་ཏེ། རྒྱུ་མཚན་དེས་

འདུ་ཤེས་དེ་འཇུག་གོ། །དེ་ལྟར་ན་ཐ་སྙད་ལ་མཁས་པའམ་ཐ་སྙད་ལ་མི་མཁས་པས་བརྟག་པར་བྱ་བ་བུམ་པ་ལ་སོགས་པ་དོན་གང་ཡིན་པ་དང་རྒྱུ་གང་ལས་ཡིན་པ་ཞེས་བྱ་བ་ནི་བག་ཆགས་གང་ལས་ཡིན་པས་ཏེ། དེ་དག་ནི་ཀུན་བརྟགས་པའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །

གལ་ཏེ་མིང་ཇི་ལྟ་བར་དོན་དུ་སྣང་ངམ་ཞེས་བྱ་བ་ལ་སོགས་པ་ནི་གང་ཞིག་དོན་མིང་གི་ངོ་བོ་ཉིད་ཁོ་ན་ཡིན་པའམ། མིང་དོན་གྱི་ངོ་བོ་ཉིད་ཡིན་པར་ཀུན་རྟོག་པར་བྱེད་པ་སྟེ། གང་དག་མིང་དང་། དོན་དག་གློ་བུར་པ་ཉིད་ཡིན་པ་བསལ་ནས་དོན་མིང་གི་རང་བཞིན་ཡིན་པའམ།

མིང་དོན་གྱི་རང་བཞིན་ཡིན་པར་རྟོག་པར་བྱེད་ན། དེ་ཡང་ཀུན་བརྟགས་པའི་མཚན་ཉིད་དོ། །གནས་སུ་སྣང་བ་ཞེས་བྱ་བ་ནི་ས་ལ་སོགས་པར་སྣང་བ་སྟེ། ཀུན་གཞི་རྣམ་པར་ཤེས་པ་གནས་ཀྱི་རྣམ་པར་རིག་པ་ལ་དེར་སྣང་བ་ཉིད་དུ་སྟོན་ཏོ། །དོན་དུ་སྣང་བ་ཞེས་བྱ་བ་ནི་

Vol. 124 · folio 91a

གཟུགས་ལ་སོགས་པ་ཡུལ་རྣམས་སོ། །ལུས་སུ་སྣང་བ་ནི་མིག་ལ་སོགས་པ་དབང་པོ་རྣམས་སོ། །ཡོད་པ་དང་མེད་པ་དེ་དག་ཐ་མི་དད་པའི་ཕྱིར་ཡོད་པ་དང་མེད་པ་མཉམ་པ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་ནི་དེ་བཞིན་ཉིད་ནི་སངས་རྒྱས་ཉིད་ཡིན་པས་ཇི་སྐད་

དུ་སངས་རྒྱས་ཉིད་ལ་འཇུག་པའི་ཐབས་ཀྱི་སྐབས་ནས། མེད་པ་གང་ཡིན་དེ་ཉིད་ནི། །ཡོད་པ་ཡི་ནི་དམ་པ་ཡིན། །ཞེས་བཤད་པ་ལྟ་བུ་སྟེ། ཀུན་བརྟགས་པའི་མཚན་ཉིད་གཉིས་པོ་མེད་པ་གང་ཡིན་པ་དེ་ཉིད་དེ་བཞིན་ཉིད་ཡོད་པ་ཡིན་ལ། དེ་བཞིན་ཉིད་ཡོད་པ་གང་

ཡིན་པ་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་མེད་པ་ཡིན་ནོ། །རྣལ་འབྱོར་གྱི་ས་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་སྟེ། དེ་ཡང་རྣམ་པ་ལྔའོ། །མེ་ལོང་ལྟ་བུ་ནི་སེམས་ཀྱི་དབྱིངས་ལ་གནས་པའི་ཏིང་ངེ་འཛིན་ཏེ། གོང་དུ་མིང་ལ་གནས་པར་བཤད་པ་གང་

ཡིན་པ་ཉིད་དོ་ཞེས་བྱ་བ་གོང་དུ་ཇི་སྐད་བཤད་ཅེ་ན། སེམས་མིང་ལ་གནས་པའི་ཕྱིར་བསྒོམས་པ་ལས་བྱུང་བའི་ཤེས་པས་དེ་རྙེད་པར་རིག་པར་བྱ་སྟེ། གཉིས་མི་དམིགས་པ་རྙེད་པ་ལས་ཇི་སྐད་བཤད་པ་ལྟ་བུར་གཉིས་མི་དམིགས་པའི་ཕྱིར་རོ་ཞེས་བཤད་དོ། །གཟུང་

བ་དང་འཛིན་པ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་མཐོང་བའི་ལམ་གྱི་གནས་སྐབས་ཡིན་ནོ། །རྟེན་ནི་གནས་གཞན་དུ་གྱུར་པའོ་ཞེས་བྱ་བ་ནི་མེད་ན་མེད་པ་ཡིན་པའི་ཕྱིར་རྟེན་སྨོས་ཀྱི། ཚིགས་སུ་བཅད་པ་ལས་ནི་རྟེན་སྨོས་པ་མེད་དེ། རྣལ་འབྱོར་

གྱི་ས་ཐོབ་པ་འདིས་ན་མཉམ་པ་ཉིད་དུ་འགྱུར་བ་ལ་སོགས་པ་ཡིན་ནོ། །རྣལ་འབྱོར་གྱི་ས་དེས་མཚན་གཞི་ལྔ་དང་མཚན་ཉིད་དེ་མཚོན་པར་བྱེད་དོ། །མཚན་གཞི་དེ་གང་ཞེ་ན། གཟུགས་དང་། སེམས་དང་། སེམས་ལས་བྱུང་བ་དང་། སེམས་དང་ལྡན་པ་མ་ཡིན་པའི་

འདུ་བྱེད་དག་དང་། འདུས་མ་བྱས་ཞེས་བྱ་བ་རྣམ་པ་ལྔས་བཤད་པ་གང་ཡིན་པའོ། །མཚན་ཉིད་ནི་ཀུན་བརྟགས་པ་དང་། གཞན་གྱི་དབང་དུ་ཡོངས་སུ་གྲུབ་པའི་མཚན་ཉིད་རྣམས་སོ། །མཚོན་བྱ་ནི་རྣམ་པ་ལྔ་ཡིན་པས་གཞི་དང་སྐྱེད་པ་དང་མེ་ལོང་ལྟ་བུ་དང་སྣང་བ་

Vol. 124 · folio 91b

དང་རྟེན་གྱི་བྱེ་བྲག་གིས་ཐ་དད་པ་ལམ་རྣམ་པ་ལྔའི་ངོ་བོ་ཉིད་དུ་རིག་པར་བྱ་སྟེ། ཚོགས་དང་སྦྱོར་བ་དང་། མཐོང་བ་དང་། བསྒོམ་པ་དང་། མཐར་ཐུག་པའི་ལམ་གྱི་ངོ་བོ་ཉིད་དང་གོ་རིམས་བཞིན་ནོ། །མཚོན་པ་ཤེས་རབ་ཀྱི་ངོ་བོ་ཉིད་དེས་མཚོན་གཞི་དང་མཚན་ཉིད་དེ་

མཚོན་པར་བྱེད་དེ། ཐོས་པ་དང་བསམས་པ་དང་བསྒོམས་པ་ལ་སོགས་པའི་རིམ་གྱིས་ཡང་དག་པར་ཤེས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །མཉམ་པ་ཉིད་དུ་འགྱུར་བ་ནི་ཟག་པ་མེད་པའི་དབྱིངས་ན་ཞེས་བྱ་བ་ནི་ཟག་པ་མེད་པའི་དབྱིངས་ན་དམིགས་པར་བྱ་བ་དང་། དམིགས་པར་

བྱེད་པ་མཉམ་པ་དང་མཉམ་པའི་ཡེ་ཤེས་ཐོབ་པའི་ཕྱིར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་མཇུག་ཐོགས་སུ། །འཕགས་རིགས་ཤིན་ཏུ་དྲི་མེད་པ། །ཞེས་བཤད་དོ། །དེ་ལྟར་ན་རྣལ་འབྱོར་གྱིས་རྣམ་པ་ལྔ་པོ་འདི་ཞེས་བྱ་བ་ནི་མཉམ་པ་ཉིད་དུ་འགྱུར་བ་ལ་སོགས་པ་དང་བཅས་པའོ། །

ས་བོན་གཞན་དུ་གྱུར་པའི་ཕྱིར། །གནས་དོན་ལུས་སུ་སྣང་བ་དག །གཞན་དུ་གྱུར་པ་ཟག་མེད་དབྱིངས། །དེ་ནི་རྟེན་ཀུན་འགྲོ་བ་ཅན། །ཞེས་བྱ་བ་ནི་ཚིགས་སུ་བཅད་པ་འདི་ལས་དབྱིངས་ཞེས་བྱ་བའི་སྒྲ་རྐང་པ་གསུམ་པའི་དང་པོ་ནས་འབྱུང་བ་དང་ཟག་པ་མེད་པ་ཞེས་བྱ་བའི་སྒྲ་

རྐང་པ་གཉིས་པ་ནས་འབྱུང་བ་དང་ལྷན་ཅིག་སྦྱར་བར་བྱ་སྟེ། ཇི་སྐད་དུ། གཞན་དུ་གྱུར་པ་ཟག་མེད་དབྱིངས། །ཞེས་བཤད་པ་ཡིན་ནོ། །གནས་དང་དོན་དང་ལུས་སུ་སྣང་བའི་རྣམ་པར་ཤེས་པ་རྣམས་གཞན་དུ་གྱུར་པ་ཞེས་བྱ་བ་ལ། གནས་ནི་རྟེན་ཡིན་པས་གནས་སྨོས་

པས་ཡུལ་དུ་གྱུར་པ་ལ་སོགས་པ་བཟུང་སྟེ། དེ་དག་གཞན་ལས་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ལ་སོགས་པ་དོན་གྱི་རྣམ་པར་རིག་པ་དང་མིག་ལ་སོགས་པ་ལུས་ཀྱི་རྣམ་པར་རིག་པ་གཞན་དུ་གྱུར་པ་ནི་ཟག་པ་མེད་པའི་དབྱིངས་ཡིན་ནོ། །ཡིད་དང་འཛིན་དང་

རྣམ་པར་རྟོག །གྱུར་ཕྱིར་ཞེས་བྱ་བ་ནི་དབང་རྣམ་པ་བཞི་འཐོབ་པོ་ཞེས་བྱ་བར་སྦྱར་རོ། །ཉོན་མོངས་པ་ཅན་གྱི་ཡིད་གཞན་དུ་གྱུར་ན་རྣམ་པར་མི་རྟོག་པ་གང་ལ་དབང་འཐོབ་སྟེ། འདི་ལྟར་གོང་དུ། ཡིད་ནི་གཞན་དུ་གྱུར་པ་ན། །འབྱོར་དང་མཐུན་སྤྱོད་མི་རྟོག་པའི། །

Vol. 124 · folio 92a

ཡེ་ཤེས་ཤིན་ཏུ་དྲི་མེད་ལ། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞེས་བཤད་པ་ཡིན་ནོ། །འཛིན་པ་གཞན་དུ་གྱུར་ན་ཞིང་ལ་དབང་འབྱོར་པ་ཐོབ་སྟེ། དོན་བཅས་འཛིན་པ་གཞན་གྱུར་ན། །ཇི་ལྟར་འདོད་བཞིན་ལོངས་སྤྱོད་དག །

བསྟན་ཕྱིར་ཞིང་ནི་དག་པ་ལ། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞེས་བཤད་པ་ཡིན་ནོ། །རྣམ་པར་རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་བཞིན་དུ་གྱུར་ན་ཡེ་ཤེས་དང་ལས་ལ་དབང་བ་ཉིད་འཐོབ་སྟེ། ཇི་སྐད་དུ། རྣམ་རྟོག་གཞན་དུ་གྱུར་ན་ནི། །དུས་

རྣམས་རྟག་ཏུ་ཡེ་ཤེས་དང་། །ལས་རྣམས་ཀུན་ལ་ཐོགས་མེད་ལ། །འབྱོར་པ་དམ་པ་འཐོབ་པར་འགྱུར། །ཞེས་བཤད་པ་ལྟ་བུ་ཡིན་ནོ། །བདག་མེད་པ་རྣམས་གཉིས་པོ་དེ་ཡང་མཉམ་པར་ཤེས་ནས་བྱ་བ་ལ། བདག་ཅེས་བྱ་བའི་སྒྲ་ནི་ཀུན་བརྟགས་པའི་

གང་ཟག་ལ་སོགས་པ་ལ་ཡང་བལྟ་བར་བྱའོ། །ཆོས་རྣམས་ཀྱི་ངོ་བོ་ཉིད་ལ་ཡང་བལྟ་བར་བྱ་སྟེ། མེ་ནི་ཚ་བའི་ངོ་བོ་ཉིད་དོ་ཞེས་བྱ་བ། ཚ་བའི་བདག་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་ཇི་ལྟར་ཀུན་བརྟགས་པའི་གང་ཟག་བདག་མེད་པ་ལྟར་ཀུན་བརྟགས་པའི་

ཆོས་བདག་མེད་པར་ཤེས་ཏེ། དེ་ལྟར་ན་བདག་མེད་པ་རྣམ་པ་གཉིས་ཤེས་སོ། །འདི་ནི་འཛིན་པ་ཙམ་མོ་ཞེས་བྱ་བ་ལ། ཙམ་ཞེས་བྱ་བའི་སྒྲ་ནི་དོན་གསལ་བའི་ཕྱིར་ཏེ། ཕྱི་རོལ་གྱི་དོན་དང་བྲལ་བ་འཛིན་པ་ཙམ་སེམས་དང་། སེམས་ལས་བྱུང་བ་ཙམ་

མོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཁོ་ན་ཉིད་རྣམ་པར་རིག་པ་ཙམ་ཞེས་བྱ་བ་ནི་ཇི་ལྟར་རྣམ་པར་རིག་པ་ཙམ་དེ་ཁོ་ན་ཉིད་ཡིན་ཞེ་ན། འདི་ལྟར་རྣམ་པར་རིག་པ་ཙམ་ཉིད་ལ་ཞུགས་ན་བཟོད་པའི་གནས་སྐབས་ན་གཟུང་བའི་དོན་མི་དམིགས་པར་འགྱུར་ལ། དེ་ཡང་དེ་ཁོ་

ནའི་དོན་གྱི་ཕྱོགས་གཅིག་ལ་ཞུགས་པ་དང་ལྡན་པའི་ཏིང་ངེ་འཛིན་ཡིན་པས་དེ་ཁོ་ན་ཉིད་ཅེས་བྱའོ། །སྔོན་གྱི་ཚོགས་ཀྱི་སྟོབས་ཀྱིས་སོ་ཞེས་བྱ་བ་ནི་ཚེ་རབས་གཞན་དག་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསྒྲུབས་པ་གང་དག་ཡོད་པ་ཡིན་པའོ། །

Vol. 124 · folio 92b

མིང་ཙམ་དུ་མཐོང་བར་འགྱུར་རོ་ཞེས་བྱ་བ་ནི་མངོན་པར་བརྗོད་པ་ཙམ་དུ་སྟེ་ཞེས་བྱ་བ་ནི་མངོན་པར་བརྗོད་པ་ནི་ཡིད་ཀྱི་བརྗོད་པ་ཙམ་ཞེས་བྱ་བའི་དོན་ཏེ། དེ་ཉིད་ཀྱི་ཕྱིར་མཇུག་ཐོགས་སུ་དོན་དང་བྲལ་བར་རོ་ཞེས་བཤད་དོ། །དོན་མེད་ན་ནི་དེའི་རྣམ་པར་རིག་པ་མི་མཐོང་བའི་

ཕྱིར་རོ་ཞེས་བྱ་བ་ནི་གཟུང་བའི་དོན་མེད་ན་འཛིན་པ་ཡང་མི་མཐོང་བས་སོ། །བདག་ཏུ་ལྟ་བའི་ཞགས་པས་ཟིན་པ་ཞེས་བྱ་བ་ནི་བདག་ཏུ་ལྟ་བས་བཅིངས་པ་ཞེས་བྱ་བའི་དོན་ཏོ། །བདག་ཏུ་ལྟ་བའི་འཆིང་བ་དེ་ནི་གནས་ངན་ལེན་ཡིན་ཏེ། ལེན་ཅེས་བྱ་བའི་སྐད་ཀྱི་དབྱིངས་འདི་ནི་

ལེན་པར་བྱེད་པའི་དོན་ལས་འབྱུང་ངོ་། །སེམས་དེ་ནི་ཇི་ལྟ་ཇི་ལྟར་ཕྱིན་ཅི་ལོག་ཏུ་གྱུར་ནས་བདག་ཏུ་ལྟ་བ་ལེན་པ་དེ་ལྟ་དེ་ལྟར་འགྲོ་བ་ལྔའི་འཁོར་བ་ན་སྡུག་བསྔལ་མང་པོ་ལ་བརྟེན་པར་འགྱུར་རོ། །དེ་ལྟར་ན་ངོ་བོ་ཉིད་མེད་པ་རྣམ་པ་གསུམ་པོ་འདི་ནི་འདུས་བྱས་ཀྱི་མཚན་ཉིད་གསུམ་པོ་ལ་

འདི་དང་སྦྱར་བར་རིག་པར་བྱའོ་ཞེས་བྱ་བ་ལ། འདུས་བྱས་ཀྱི་མཚན་ཉིད་ནི་གསུམ་སྟེ། སྐྱེ་བ་དང་འཇིག་པ་དང་གནས་པ་གཞན་དུ་འགྱུར་བའོ། །འདུས་བྱས་ཀྱི་མཚན་ཉིད་གསུམ་པོ་འདི་ནི། དུས་གསུམ་དང་སྦྱར་བར་བྱ་སྟེ། རང་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱ་བ་

ནི་མ་འོངས་པའི་དུས་ནས་ཆོས་རྣམས་མ་བྱུང་བ་ལས་འབྱུང་བ་གང་ཡིན་པ་དེ་ནི་སྐྱེ་བ་ཡིན་གྱི་གྲངས་ཅན་པ་རྣམས་ཀྱི་ལྟར་གཙོ་བོ་ལས་ཡོད་པ་ཁོ་ན་སྐྱེ་བ་ནི་མ་ཡིན་ནོ། །རང་གི་བདག་ཉིད་ནི་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱ་བ་ནི་ཆོས་འགག་པ་དེ་དག་གྲངས་ཅན་པ་རྣམས་ཀྱི་ལྟར་མི་སྣང་བར་

གྱུར་ཅིང་རང་གི་ངོ་བོར་གནས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཡང་ངོ་བོ་ཉིད་མེད་པ་ཡིན་ཏེ། འདི་ནི་འདུས་བྱས་ཀྱི་མཚན་ཉིད་གཉིས་པ་འཇིག་པ་ཡིན་ནོ། །རང་གི་ངོ་བོ་ལ་མི་གནས་པའི་ཕྱིར་ཞེས་བྱ་བ་ནི་སྐྱེས་པ་སྐད་ཅིག་ལས་ཕྱིན་ཆད་མི་གནས་པའི་ཕྱིར་ཏེ། དེ་ལྟར་བྱུང་བ་རྣམས་སྐད་ཅིག་

ལས་ཕྱིན་ཆད་གནས་པ་ནི་མེད་དོ། །དེའི་ཕྱིར་ཡང་ངོ་བོ་ཉིད་མེད་དེ། འདི་ན་འདུས་བྱས་ཀྱི་མཚན་ཉིད་གསུམ་པ་ཡིན་ནོ། །འཛིན་པ་བཞིན་ནི་དེ་མེད་ཕྱིར། །ཞེས་བྱ་བ་ནི་ཇི་ལྟར་བྱིས་པ་རྣམས་ཆོས་རྣམས་ལ་རྟག་པ་དང་། བདེ་བ་དང་གཙང་བ་དང་བདག་ཏུ་འཛིན་པའམ། ཇི་ལྟར་

Vol. 124 · folio 93a

གཟུགས་ལ་སོགས་པའི་ཆོས་རྣམས་ལ། གཉིས་སུ་མངོན་པར་ཞེན་པར་འཛིན་པ་དེ་ལྟར་མེད་པའི་ཕྱིར་ངོ་བོ་ཉིད་མེད་དེ། དེ་སྐད་དུ་བཅོམ་ལྡན་འདས་ཀྱིས། ཆོས་ཀུན་གལ་ཏེ་བྱིས་པ་ཡིས། །ཇི་ལྟར་རྣམ་བརྟགས་མཐོང་བ་བཞིན། །དེ་དག་ཡོད་

པར་གྱུར་ན་ནི། །ཐམས་ཅད་དེ་ཉིད་མཐོང་བར་འགྱུར། །ཞེས་བཤད་པ་ལྟ་བུ་ཡིན་ནོ། །ཕྱི་མ་ཕྱི་མའི་རྟེན་ཡིན་པས། །ངོ་བོ་ཉིད་ནི་མེད་པ་ཡིས། །སྐྱེ་མེད་འགག་མེད་གཟོད་ནས་ཞི། །རང་བཞིན་མྱ་ངན་འདས་པ་གྲུབ། །ཅེས་བྱ་བ་ནི་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྟེན་ཡིན་ཏེ།

གཞི་སྔ་མ་ངོ་བོ་ཉིད་མེད་པ་ནི་ཕྱི་མ་མ་སྐྱེས་པའི་རྟེན་ཡིན་ནོ། །ཇི་ལྟར་ན་ངོ་བོ་ཉིད་མེད་པས་གྲུབ་ཅེ་ན། ཇི་ལྟར་རང་མེད་པའི་ཕྱིར་དང་། རང་གི་བདག་ཉིད་དུ་མེད་པའི་ཕྱིར་དང་། རང་གི་ངོ་བོ་ཉིད་ལ་མི་གནས་པའི་ཕྱིར་དང་འཛིན་པ་བཞིན་དུ་དེ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་དེ་བཞིན་དུ་རང་མ་

སྐྱེས་པའི་ཕྱིར་དང་། རང་གི་བདག་ཉིད་དུ་མ་སྐྱེས་པའི་ཕྱིར་དང་། རང་གི་ངོ་བོ་ལ་མི་གནས་པའི་ཕྱིར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རིམ་གྱིས་ངོ་བོ་ཉིད་མེད་པ་ལ་བརྟེན་ནས་ཆོས་རྣམས་མ་སྐྱེས་པ་ཡིན་ནོ། །གང་དག་མ་སྐྱེས་པ་དེ་དག་ནི་མ་འགགས་པ་ཡིན་ནོ། །བྱིས་པས་ཀུན་

བརྟགས་པའི་ངོ་བོ་ཉིད་མ་སྐྱེས་པ་དང་། མ་འགགས་པ་གང་ཡིན་པ་དེ་ནི་གཟོད་མ་ནས་ཞི་བ་ཡིན་ནོ། །དེ་ལྟ་བས་ན་མ་སྐྱེས་པ་དང་མ་འགགས་པའི་གཞི་དེ་དག་ཁོ་ན་ལ་བརྟེན་ནས་གཟོད་མ་ནས་ཞི་བ་ཉིད་འགྲུབ་སྟེ། འདུ་བྱེད་སྐྱེ་བ་དང་འགག་པ་གཡེན་སྤྱོ་བ་སོག་ལེ་བསྲེགས་པས་

གཤགས་པ་ལྟ་བུར་མི་བཟད་པ་ལྕགས་ཀྱི་གར་བུ་རབ་ཏུ་འབར་བས་རེག་པ་ལྟ་བུས་རབ་ཏུ་མ་ཞི་བ་རྣམས་ནི་འཕགས་པ་རྣམས་ཀྱིས་མཆོག་ཏུ་ཡིད་བྱུང་བར་བྱ་བ་ཡིན་ལ། སྐྱེ་བ་དང་འགག་པ་སྤངས་པ་བདུད་རྩིའི་དབྱིངས་ནི་འཕགས་པ་རྣམས་ཤིན་ཏུ་དགྱེས་པ་ཡིན་པས་སོ། །གཟོད་

མ་ནས་ཞི་བ་དེ་ཉིད་ལ་བརྟེན་ནས་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་པར་རིག་པར་བྱ་སྟེ། གང་ཞིག་གཟོད་མ་ནས་ཞི་བ་དེ་ནི་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་རབ་ཏུ་སྐྱིད་པའི་མཚན་ཉིད་ཡིན་གྱི། འཕགས་པ་

Vol. 124 · folio 93b

རྣམས་ཀྱིས་ལམ་བསྒོམ་པས་ཡོངས་སུ་མྱ་ངན་ལས་འདས་པར་བྱ་བ་ནི་མ་ཡིན་ནོ། །དེ་ལྟར་ན་ངོ་བོ་ཉིད་མེད་པ་ལ་སོགས་པ་འདི་དག་ནི་ཕྱི་མ་ཕྱི་མའི་རྟེན་ཡིན་པས་འགྲུབ་པར་རེག་པར་བྱའོ། །ཐོག་མ་ནི་འཁོར་བ་ལ་སྟེ་དེ་ལ་ཐོག་མ་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་གང་དག་འཁོར་བ་ཐོག་མ་

དང་ལྡན་པར་རྟོག་པར་བྱེད་པའི་འཁོར་བའི་ཐོག་མ་ཀུན་བརྟགས་པ་དེ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་སྟེ། འཁོར་བ་ནི་ཐོག་མ་མེད་པ་ཅན་ཡིན་གྱི། འདི་ལ་དང་པོ་འབྱིན་པ་དང་དབང་ཕྱུག་ལ་སོགས་པ་ནི་འགའ་ཡང་མེད་དོ་ཞེས་དེ་ལྟར་བཟོད་པས། དེའི་ཕྱིར་འཁོར་བ་ལ་སྐྱེ་བ་

མེད་པར་བཟོད་པ་ཐོབ་པོ་ཞེས་བྱའོ། །དེ་ཉིད་དང་གཞན་ཉིད་ནི་སྔ་མ་དང་ཕྱི་མ་རྣམས་ལ་སྡེ་ཞེས་བྱ་བ་ལ་དེའི་ངོ་བོ་ཉིད་ནི་དེ་ཉིད་དོ། །འཁོར་བ་ན་ཆོས་གང་དག་སྔར་སྐྱེས་པ་དེ་དག་ཉིད་སྐྱེ་བ་ནི་མེད་དེ། དེའི་ངོ་བོར་མི་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་སྔར་སྐྱེས་པ་རྣམས་དེའི་ངོ་བོ་

ཉིད་ཁོ་ནར་མི་སྐྱེ་བར་བཟོད་པའི་ཕྱིར་བཟོད་པ་ཐོབ་པ་ཞེས་བྱའོ། །ཕྱིས་མ་འོངས་པའི་དུས་ནས་སྐྱེ་བ་གང་དག་ཡིན་པ་དེ་དག་ཀྱང་སྔོན་མེད་པ་མི་སྐྱེ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཆོས་གྲགས་པ་གང་དག་ཡིན་པ་དེ་ཁོ་ན་སྐྱེ་བ། སྔོན་མེད་པའི་སེམས་ཅན་འབྱུང་བ་

ནི་མེད་པས་གཞན་དག་ཀྱང་སྔོན་མེད་པ་སྐྱེ་བ་མེད་པར་བཟོད་པའི་ཕྱིར་བཟོད་པ་ཐོབ་པ་ཞེས་བྱའོ། །གཞན་གྱི་དབང་ལ་ནི་རང་སྐྱེ་བ་མེད་པར་བཟོད་པའི་ཕྱིར་རོ། །ཡོངས་སུ་གྲུབ་པ་ལ་ནི་གཞན་དུ་འགྱུར་བ་མེད་པར་བཟོད་པའི་ཕྱིར་ཏེ། འདུས་མ་བྱས་ཡིན་པའི་ཕྱིར་དེ་ལ་གཞན་དུ་འགྱུར་བར་

སྐྱེ་བ་མེད་དོ། །ཟད་པར་ཤེས་པ་ཐོབ་པའི་དགྲ་བཅོམ་པ་ལ་ཀུན་ནས་ཉོན་མོངས་པ་སྐྱེ་བར་མི་བལྟའོ་ཞེས་དེ་ལྟར་བཟོད་པའི་ཕྱིར་སྐྱེ་བ་མེད་པ་ལ་བཟོད་པ་ཐོབ་པ་ཞེས་བྱའོ། །ཐེག་པ་གཅིག་པ་ཉིད་ཡོངས་སུ་ཚོལ་བ་ལ་ཆོས་ཀྱི་དབྱིངས་མཚུངས་པའི་ཕྱིར་དང་། བདག་མེད་པ་མཚུངས་པའི་

ཕྱིར་དང་། རྣམ་པར་གྲོལ་བ་མཚུངས་པའི་ཕྱིར་རོ། །དེ་ལ་ཆོས་ཀྱི་དབྱིངས་མཚུངས་པའི་ཕྱིར་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་ཆོས་ཀྱི་དབྱིངས་ནི་མཚུངས་ཏེ། ནམ་མཁའ་བཞིན་ནོ། །ནམ་མཁའ་ལ་ནི་གང་དུ་ཡང་མི་མཚུངས་པ་མེད་པ་ལྟར་ཆོས་ཀྱི་དབྱིངས་ཀྱང་དེ་དང་

Vol. 124 · folio 94a

འདྲའོ། །བགྲོད་པར་བྱ་བས་ན་ཐེག་པ་ཡིན་པས་སོ་ཞེས་བྱ་བ་ཇི་ལྟར་ན་དེ་བགྲོད་པར་བྱ་བ་ཡིན་ཞེ་ན། འདི་ལྟར་ཆོས་ཀྱི་དབྱིངས་ལ་བརྟེན་ཅིང་ཆོས་ཀྱི་དབྱིངས་ཐོབ་ནས་ཉན་ཐོས་ལ་སོགས་པ་ལ་ཉན་ཐོས་ལ་སོགས་པའི་ཆོས་འབྱུང་བར་འགྱུར་བས་སོ། །

བདག་མེད་པ་འདྲ་བས་ན་ཞེས་བྱ་བ་ནི་འགྲོ་བ་པོའི་གང་ཟག་ཉན་ཐོས་གང་དག་ཡིན་པ་དེ་དག་ཀྱང་བདག་མེད་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱང་བདག་མེད་དོ། །དེའི་ཕྱིར་བདག་མེད་པ་མཚུངས་པ་ཉིད་ཀྱིས་གང་ཟག་ལ་ཐེག་པ་ཉེ་བར་བཏགས་པའི་ཕྱིར་ཐེག་པ་གཅིག་པ་ཉིད་དོ། །

འགྲོ་བས་ནི་ཐེག་པ་མ་ཡིན་པས་སོ་ཞེས་བྱ་བ་ནི་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བ་ལ་ཐ་དད་དུ་བྱ་བ་མེད་པས་རྣམ་པར་གྲོལ་བ་ལ་ཐེག་པ་ཉེ་བར་བཏགས་པའི་ཕྱིར་ཏེ། ངོ་བོ་ཉིད་སྒྲུབ་པས་སོ། །རིགས་ཐ་དད་པའི་ཕྱིར་ཐེག་པ་གཅིག་པ་ཉིད་ཅེས་བྱ་བ་ནི་རིགས་ངེས་པ་ཐ་དད་པའི་ཕྱིར་

དང་། མ་ངེས་པའི་རིགས་ཐ་དད་པའི་ཕྱིར་ཏེ། མ་ངེས་པའི་རིགས་ཅན་གང་དག་ཡིན་པ་དེ་དག་ཉན་ཐོས་ཀྱི་སྤྱོད་པ་སྤྱད་ནས་དེ་ནས་དུས་ཕྱིས་དགེ་བའི་བཤེས་གཉེན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཕྲད་པའི་སྒོ་ནས་ཉན་ཐོས་ཀྱི་སྤྱོད་པ་བོར་ཏེ། ཐེག་པ་ཆེན་པོས་ངེས་

པར་འབྱུང་ངོ་། །དེ་བས་ན་ཉན་ཐོས་ཀྱི་སྤྱོད་པ་སྤྱད་པ་རྣམས་ཐེག་པ་ཆེན་པོས་ངེས་པར་འབྱུང་བས་ཐེག་པ་གཅིག་པ་ཉིད་དེ། རིགས་ལ་ཐེག་པ་ཉེ་བར་བཏགས་པའི་ཕྱིར་རོ། །བསམ་པ་གཉིས་ཐོབ་པའི་ཕྱིར་ཐེག་པ་གཅིག་པ་ཉིད་དེ། སངས་རྒྱས་རྣམས་ཀྱིས་སེམས་

ཅན་ཐམས་ཅད་ལ་བདག་ཉིད་ཀྱི་དགོངས་པ་བརྙེས་པའི་ཕྱིར་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔས་ས་དང་པོ་ཐོབ་པའི་དུས་ན་སེམས་ཅན་རྣམས་ལ་བདག་དང་གཞན་མཉམ་པ་ཉིད་ཀྱི་བསམ་པ་ཐོབ་པ་གང་ཡིན་པ་དེ་སངས་རྒྱས་པའི་གནས་སྐབས་ན་ཤིན་ཏུ་རྣམ་པར་དག་པར་འགྱུར་ཏེ།

བདག་གང་ཡིན་པ་དེ་ཉིད་སེམས་ཅན་རྣམས་ཡིན་ནོ་སྙམ་པའི་ཕྱིར་རོ། །ཉན་ཐོས་དེའི་རིགས་སུ་ངེས་པ་སྔོན་བྱང་ཆུབ་ཀྱི་ཚོགས་བསགས་པ་རྣམས་ཞེས་བྱ་བ་ནི་ཉན་ཐོས་ཀྱི་རིགས་ཅན་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་རྣམས་ཏེ། ཉན་ཐོས་ཀྱི་རིགས་སུ་ངེས་པའི་ཕྱིར་བྱང་ཆུབ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words