མདོ་སྡེ་རྒྱན་གྱི་འགྲེལ་བཤད

Sanskrit title (Tibetan script, as in the text) སཱུ་ཏྲ་ཨ་ལཾ་ཀ་ར་བྲྀཏྟི་བྷཱ་ཥྱཾ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 126 · folio 83a

དྲུག་བསྒོམ་པ་རྣམ་པར་དབྱེ་བའི་སྐབས་སུ་བཤད་པ་བཞིན་ནོ། །འདི་ལྟར་ཕ་རོལ་ཏུ་ཕྱིན་པ་རྣམས་བསྒོམ་ཞིང་གོམས་པར་བྱ་བ་ལ། ལེ་ལོའི་དབང་དུ་བྱས་ནས་བསྒོམ་པ་ལ་མི་སྦྱོར་ན། བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ངོ་ཚ་བར་བྱེད་དེ། འདི་ནི་མི་སྦྱོར་བ་ལ་

ངོ་ཚ་བའོ། །འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་སྐྱེ་བ་དང་རྗེས་སུ་མཐུན་པའི་ཆོས་མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དུ་དབང་པོའི་སྒོ་མི་སྡོམ་ཞིང་འདོད་པ་ལྔའི་ཡུལ་ལ་འཇུག་པ་སྦྱོར་ན་བྱང་ཆུབ་སེམས་དཔའ་རྣམས་ངོ་ཚ་བ་སྟེ། འདི་ནི་སྦྱོར་བའི་ངོ་ཚ་བའོ། །

མཉམ་པར་མ་བཞག་རང་བཞིན་དང་། །མགོ་མའི་ས་དང་འབྲིང་གཉིས་དང་། །བསམ་པ་ངན་དང་ང་ཅན་དང་། །ཆུང་དང་གཞན་ནི་དེ་ལས་ལྷག །ཅེས་བྱ་བ་འདིས། ངོ་ཚ་བ་ཆུང་ངུའི་རང་བཞིན་དང་། ཆེན་པོའི་རང་བཞིན་བསྟན་ཏེ། མཉམ་པར་མ་བཞག་པའི་ས་པ་འདོད་པའི་ཁམས་ཀྱི་ངོ་ཚ་བ་

དང་ཁྲེལ་ཡོད་པ་ཐམས་ཅད་ནི་ཆུང་ངུར་གཞག་གོ། །ས་གོང་མ་གོང་མ་རྣམས་ལ་ལྟོས་ནས་ས་འོག་མ་འོག་མ་རྣམས་ཀྱི་ངོ་ཚ་བ་དང་ཁྲེལ་ཡོད་པ་ཡང་ཆུང་ངུར་གཞག་གོ། །ས་དང་པོ་ལ་ལྟོས་ནས་མོས་པས་སྤྱོད་པའི་ས་པའི་ངོ་ཚ་བ་དང་ཁྲེལ་ཡོད་པ་ཆུང་ངུར་གཞག་གོ། །དེ་བཞིན་དུ་ས་གཉིས་པ་

ལ་ལྟོས་ནས་ས་དང་པོའི་ངོ་ཚ་བ་དང་ཁྲེལ་ཡོད་པ་རྣམས་ཆུང་ངུར་གཞག་སྟེ། དེ་བཞིན་དུ་ས་གོང་མ་རྣམས་ལ་ཡང་སྦྱར་རོ། །གཟུགས་དང་གཟུགས་མེད་པའི་ཁམས་མཉམ་པར་བཞག་པའི་ས་ལ་ཡང་ངོ་ཚ་བ་དང་ཁྲེལ་བ་ཆུང་ངུ་དང་འབྲིང་པོ་དང་། ཆེན་པོ་རྣམ་པ་གསུམ་ཡོད་པ་ལས། ཆུང་ངུ་དང་

འབྲིང་པོ་ཡང་ཆུང་ངུར་གཞག་གོ། །ཉན་ཐོས་དང་རང་སངས་རྒྱས་ལྟ་བུ་བསམ་པ་ངན་པའི་རྒྱུད་ལ་ཡོད་པའི་ངོ་ཚ་བ་དང་ཁྲེལ་བ་ཡང་ཆུང་ངུར་གཞག་སྟེ། དེ་དག་གི་ངོ་ཚ་བ་དང་ཁྲེལ་ཡོད་པས་བདག་གི་དོན་ཙམ་ལས་མི་འགྲུབ་པའི་ཕྱིར་རོ། །ས་དང་པོ་ནས་ས་བདུན་མན་ཆད་ཀྱི་ང་རྒྱལ་དང་བཅས་

པའི་ངོ་ཚ་བ་དང་ཁྲེལ་ཡོད་པ་ཡང་ཆུང་ངུར་གཞག་སྟེ། ང་རྒྱལ་དང་བཅས་པ་ཞེས་བྱ་བ་ནི་བརྩལ་འབད་དང་བཅས་ཞེས་བྱ་བའི་དོན་ཏོ། །གཞན་ནི་ཞེས་བྱ་བའི་དོན་ནི་གོང་མ་ལས་བཟློག་པ་ཞེས་བྱ་བའི་དོན་ཏོ། །དེ་ལས་ལྷག་ཅེས་བྱ་བ་ནི་གོང་མ་ལས་བཟློག་ན་ཆེན་པོར་འགྱུར་ཏེ་ཞེས་བྱ་བའི་

Vol. 126 · folio 83b

དོན་ཏོ། །ཇི་ལྟར་ཆེན་པོར་འགྱུར་ཞེ་ན། མཉམ་པར་མ་བཞག་པའི་ས་པ་ཐམས་ཅད་ཆུང་ངུའི་ནང་དུ་བསྡུས་ནས་མཉམ་པར་བཞག་པའི་ས་པ་ཐམས་ཅད་ཆེན་པོར་འགྱུར་རོ། །ས་འོག་མ་ཐམས་ཅད་ཆུང་ངུར་གཞག་དང་ས་གོང་མ་ཐམས་ཅད་ཆེན་པོར་འགྱུར་རོ། །མཉམ་པར་གཞག་

པའི་ས་པ་ཡང་ཆུང་ངུ་དང་འབྲིང་པོ་ཆུང་ངུའི་ནང་དུ་གཞག་དང་མཉམ་པར་གཞག་པའི་ས་པའི་ངོ་ཚ་བ་དང་ཁྲེལ་ཡོད་པ་ཆེན་པོར་འགྱུར་རོ། །བསམ་པ་ངན་པའི་ངོ་ཚ་བ་དང་ཁྲེལ་ཡོད་པ་ཆུང་ངུའི་ནང་དུ་གཞག་དང་བསམ་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་ངོ་ཚ་བ་དང་ཁྲེལ་

ཡོད་པ་ཆེན་པོར་འགྱུར་རོ། །ས་བདུན་པ་མན་ཆད་ང་རྒྱལ་དང་བཅས་པས་ཆུང་ངུར་གཞག་དང་ས་བརྒྱད་པ་ཡན་ཆད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། ངོ་ཚ་བ་དང་ཁྲེལ་ཡོད་པ་བརྩལ་འབད་མེད་པར་ལྷུན་གྱིས་གྲུབ་པར་འབྱུང་བས་ན་ཆེན་པོར་འགྱུར་རོ། །འདི་མན་ཆད་ཚིགས་སུ་བཅད་

པ་བཞི་དང་གསུམ་གྱིས་རིམ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ། ཚིགས་སུ་བཅད་པ་བཞིས་ནི་ངོ་ཚ་བའི་མི་མཐུན་པའི་ཕྱོགས་དང་ངོ་ཚ་བའི་ཉེས་པ་བསྟན་ཏོ། །ཚིགས་སུ་བཅད་པ་གསུམ་གྱིས་ནི་ངོ་ཚ་བའི་ཡོན་ཏན་གྱི་བྱེ་བྲག་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །བློ་ལྡན་ངོ་ཚ་མེད་པ་ནི། །ཚུལ་བཞིན་

མིན་པས་ཉོན་མོངས་བཟོད། །ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་བདག་ལ་གནོད་པ་དང་། སེམས་ཅན་ལ་གནོད་པ་དང་། གཉི་ག་ལ་གནོད་པ་བསྟན་ཏོ། །དེ་ལ་བློ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ངོ་ཚ་བ་མེད་པར་གྱུར་པ་དང་ཁྲེལ་མེད་པར་གྱུར་ན་སྲོག་གཅོད་པ་

དང་། མ་བྱིན་པར་ལེན་པ་ལ་སོགས་པའི་ཚུལ་བཞིན་མ་ཡིན་པའི་ཆོས་དག་ཡོད་དེ། ཉོན་མོངས་པ་རྣམས་བྱུང་བ་ལ་བཟོད་པར་བྱས་ནས་སྡིག་པའི་ཆོས་མི་སྤོང་ཞིང་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ལ་སོགས་པའི་ལས་བྱས་ན་བདག་ལ་གནོད་པར་འགྱུར་ཏེ། ཇི་ལྟ་ཞེ་ན། དེའི་

རྐྱེན་གྱིས་ཚེ་འདིར་ཡང་གསད་པ་དང་བཅིང་བ་ལ་སོགས་པའི་གནོད་པ་འབྱུང་ལ། ཚེ་རབས་གཞན་དུ་ཡང་སེམས་ཅན་དམྱལ་བ་ལ་སོགས་པར་སྐྱེ་བར་འགྱུར་ཏེ་འདིས་ནི་བདག་ལ་གནོད་པ་བསྟན་ཏོ། །ཁོང་ཁྲོ་ཞེས་བྱ་བས་གཞན་ལ་གནོད་པ་བསྟན་ཏེ། ངོ་ཚ་བ་དང་ཁྲེལ་མེད་པར་གྱུར་

Vol. 126 · folio 84a

པ་དང་། ཁོང་ཁྲོ་བ་དང་འདོད་ཆགས་ཀྱི་སྒོ་ནས་སེམས་ཅན་གཞན་གྱི་སྲོག་གཅོད་ཅིང་གཞན་གྱི་ནོར་ལ་མ་བྱིན་པར་ལེན་པས་སེམས་ཅན་ལ་གནོད་དོ། །བཏང་སྙོམས་ང་རྒྱལ་གྱིས་ཞེས་བྱ་བ་ལ། བཏང་སྙོམས་དང་ང་རྒྱལ་གཉིས་ཀྱིས་ནི་གཉི་ག་ལ་གནོད་དེ་དེ་

བས་ན། སེམས་ཅན་དང་ནི་ཚུལ་ཁྲིམས་གནོད། །ཅེས་བྱ་བ་སྨོས་སོ། །དེ་ལ་བཏང་སྙོམས་ཀྱིས་ནི་སེམས་ཅན་གྱི་དོན་ལ་བག་མེད་དེ་སེམས་ཅན་དག་ཡལ་བར་འདོར་བས་ན་སེམས་ཅན་ལ་གནོད་དོ། །ང་རྒྱལ་གྱིས་ཀྱང་གདོལ་པ་ལ་སོགས་པ་སེམས་ཅན་དམན་པ་རྣམས་དགེ་བ་

ལ་དགོད་པར་མི་བྱེད་ཅིང་ཤེས་པ་ཅུང་ཟད་ཙམ་ཡོད་ཀྱང་ང་རྒྱལ་གྱི་དབང་དུ་སོང་བས་གཞན་ལ་མི་འཆད་ལ། གྲོང་དང་ལྗོངས་ལ་སོགས་པ་དེ་དང་དེ་དག་ཏུ་སོང་སྟེ། སེམས་ཅན་གྱི་དོན་མི་བྱེད་པས་ན་སེམས་ཅན་ལ་གནོད་དོ། །བཏང་སྙོམས་དང་ང་རྒྱལ་གྱིས་བདག་ལ་ཡང་གནོད་དོ། །

ཇི་ལྟ་ཞེ་ན། བཏང་སྙོམས་ཀྱིས་བདག་ཉིད་དགེ་བའི་ཆོས་ལ་འཇུག་པར་བྱ་བ་ལ་ཡལ་བར་འདོར་ཞིང་མི་དགེ་བའི་ཆོས་སྤང་བར་བྱ་བ་ལ་ཡང་ཡལ་བར་འདོར་བས། ཚུལ་ཁྲིམས་ཉམས་པས་བདག་ལ་གནོད་པ་དང་། ང་རྒྱལ་གྱིས་དགེ་བའི་བཤེས་གཉེན་གྱི་དྲུང་དུ་ཉེ་བར་མི་འགྲོ་ཞིང་དམ་

པའི་ཆོས་ལ་སོགས་པ་མི་བྱེད་པས། བྱ་བ་དང་མི་བྱ་བའི་དམིགས་པ་མི་ཤེས་པའི་ཕྱིར། མི་བྱ་བ་དག་བྱས་པ་དང་། བྱ་བ་དག་མ་བྱས་པའི་སྒོ་ནས་ཚུལ་ཁྲིམས་ཉམས་པར་འགྱུར་ཏེ། དེ་ལྟར་བདག་ལ་གནོད་པར་འགྱུར་རོ། །འགྱོད་ལས་གདུང་དང་བཅས་པར་འགྱུར། །ཞེས་

བྱ་བས་བདག་ལ་སྨོད་པར་བསྟན་ཏེ། གོང་དུ་བཤད་པ་བཞིན་དུ། ངོ་ཚ་བ་དང་ཁྲེལ་མེད་པར་གྱུར་ནས་འདོད་ཆགས་དང་ཞེ་སྡང་ལ་སོགས་པས་སྲོག་གཅོད་པ་ལ་སོགས་པའི་ལས་བྱས་ནས། ལས་བྱས་པའི་འོག་ཏུ་བདག་གིས་ནི་ངན་སོང་དུ་སྐྱེ་བར་འགྱུར་བའི་ལས་མི་ཆ་བ་དག་བྱས་སོ་

ཞེས་སེམས་ལ་གནོད་པ་དང་། གདུང་བ་སྐྱེ་བར་འགྱུར་ཞིང་བདག་ནི་ཐ་ཤལ་ལོ་ཞེས་བདག་ལ་བདག་སྨོད་པར་བྱེད་དོ། །མཆོད་པ་ཐོབ་པར་མི་འགྱུར་དང་། །ཞེས་བྱ་བས། གཞན་གྱིས་སྨོད་པར་བྱེད་པ་བསྟན་ཏོ། །དེ་ལྟར་སྡིག་པའི་ཆོས་དག་སྤྱད་པ་དང་། གྲོང་དང་མི་དང་། སྦྱིན་བདག་

Vol. 126 · folio 84b

ལ་སོགས་པ་ཡང་གང་ཟག་འདི་ལ་ནི་རྙེད་པ་དང་། བཀུར་སྟི་ལ་སོགས་པ་སྦྱིན་པར་མི་རིགས་ཏེ། འདི་ནི་སྡིག་པའི་ཆོས་ཅན་ཡིན་གྱི་བསོད་ནམས་ཀྱི་ཞིང་མ་ཡིན་ནོ་ཞེས་རྙེད་པ་ལ་སོགས་པ་མི་སྟེར་ཅིང་མི་སྙན་པར་གྲགས་པའི་ཕྱིར་རོ། །དད་ཅན་མི་མིན་ཚོགས་ཆེན་གྱིས། །ཞེས་བྱ་བས་

ལྷས་སྨོད་པ་བསྟན་ཏེ། ཚུལ་ཁྲིམས་ཉམས་པར་བྱེད་ན་སྔོན་ཚུལ་ཁྲིམས་སྲུང་བར་བྱེད་པས་ན་ལྷ་དད་པ་ཅན་རྣམས་བདག་ལ་སྲུང་བར་བྱེད་པ་དེ་དག་ཀྱང་དེ་ཕན་ཆད་འདི་ནི་ཚུལ་ཁྲིམས་འཆལ་པས་ཤི་བའི་རོ་དང་འདྲའོ་ཞེས་སྲུང་བར་མི་བྱེད་ཅིང་རྒྱབ་ཀྱིས་ལྟ་བར་བྱེད་པའི་ཕྱིར་རོ། །དེའི་

ཕྱིར་སྟོན་པས་བཏང་སྙོམས་འཇོག། །ཅེས་བྱ་བས་སྟོན་པས་སྨོད་པ་བསྟན་ཏེ། དེ་ལྟར་ཚུལ་ཁྲིམས་ཉམས་པར་གྱུར་པས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་གང་ཟག་འདི་ནི་ཉེས་པར་བྱེད་པ་སྟེ། དུང་གི་སྒྲ་སྐད་ཀྱི་སྤྱོད་པ་འཛིན་པ་དེ་བཞིན་གཤེགས་པའི་བསྟན་པ་ལ་

གནོད་པ་དུ་མར་འགྱུར་བ་ཡིན་ནོ་ཞེས་སྔོན་བསླབ་པ་མ་ཉམས་པའི་ཚེ་དགོངས་པ་ལས་དེ་ཕན་ཆད་མི་དགོངས་ཤིང་བཏང་སྙོམས་སུ་འདོར་བར་འགྱུར་རོ། །ཆོས་མཐུན་རྒྱལ་བའི་སྲས་རྣམས་ཀྱི། །སྨན་དང་ཞེས་བྱ་བས། མཁས་པ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་སྨོད་པར་བསྟན་ཏེ།

བསླབ་པ་ཉམས་པ་དེ་ལ་སྡེ་སྣོད་གསུམ་ལ་མཁས་པ་དེ་བཞིན་གཤེགས་པའི་སྲས་སུ་གྱུར་པའི་བྱང་ཆུབ་སེམས་དཔའི་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཀྱང་བདག་ཅག་གི་གྲོགས་པོ་འདི་ནི་སྡིག་པའི་ལམ་དུ་ཞུགས་པའི་དེ་བཞིན་གཤེགས་པའི་གསུང་རབ་ཀྱི་བསླབ་པ་ལས་ཉམས་པ་ཡིན་ནོ་

ཞེས་སྨོད་ཅིང་འདུལ་བ་དང་གཞུང་ལས་འབྱུང་བ་བཞིན་དུ་བསྐྲད་པ་ལ་སོགས་པའི་ལས་ཀྱང་བྱེད་དོ། །འཇིག་རྟེན་མི་སྙན་སྒྲོགས་ཞེས་བྱ་བས་ཕྱོགས་དང་ཕྱོགས་མཚམས་སུ་ཡང་སྡིག་པ་མི་སྙན་པར་གྲགས་པར་འགྱུར་བ་བསྟན་ཏེ། བསླབ་པ་ཉམས་པའི་གང་ཟག་དེ་ལ་ཀུན་གྱིས་ཀྱང་

མི་སྙན་པར་སྒྲོགས་པར་འགྱུར་ཏེ། ཕྱོགས་བཅུ་ཀུན་ཏུ་ཡང་གང་ཟག་ཆེ་གེ་མོ་ཞིག་ནི་སྡིག་པ་མི་དགེ་བའི་ཆོས་འདི་ལྟ་བུ་དག་བྱེད་པ་ཡིན་ནོ་ཞེས་འཇིག་རྟེན་པ་ཀུན་འཕྱ་ཞིང་སྨོད་པར་བྱེད་པའི་ཕྱིར་རོ། །འདི་ཡན་ཆད་ཀྱིས་ཚེ་འདི་ལ་ཁ་ན་མ་ཐོ་བ་སྐྱེ་བར་འགྱུར་བ་བསྟན་ཏོ། །གཞན་ཡང་

Vol. 126 · folio 85a

ཕྱིར་ཞིང་མི་ཁོམ་སྐྱེ་བར་འགྱུར། །ཞེས་བྱ་བས་ཚེ་ཕྱི་མར་ཁ་ན་མ་ཐོ་བ་སྐྱེ་བར་བསྟན་ཏེ། ཚེ་འདིར་ཁ་ན་མ་ཐོ་བ་སྐྱེ་བར་ཡང་མ་ཟད་ཚེ་རབས་གཞན་དུ་ཡང་གར་སྐྱེས་གར་སྐྱེས་ཀྱང་སེམས་ཅན་དམྱལ་བ་ལ་སོགས་པ་མི་ཁོམ་པ་བརྒྱད་ཀྱི་གནས་སུ་སྐྱེ་བར་འགྱུར་ཏེ། དེ་ནི་ཚེ་

ཕྱི་མར་ཁ་ན་མ་ཐོ་བ་འཕེལ་བ་ཡིན་ནོ། །དགེ་བ་ཡི་ནི་ཆོས་རྣམས་ཀྱང་། །ཐོབ་དང་མ་ཐོབ་ཉམས་པར་འགྱུར། །ཞེས་བྱ་བས་ཚེ་འདི་དང་ཕྱི་མར་ཁ་ན་མ་ཐོ་བ་སྐྱེ་བར་བསྟན་ཏོ། །ངོ་ཚ་བ་མེད་པའི་གང་ཟག་གིས་སྲོག་གཅོད་པ་ལ་སོགས་པའི་ལས་བྱས་ན་སྔོན་དད་པ་དང་ཚུལ་ཁྲིམས་ལ་སོགས་པའི་

དགེ་བའི་ཆོས་ཡོད་པ་ཡང་མེད་པར་འགྱུར་ཏེ། དེ་ནི་དགེ་བའི་ཆོས་ཐོབ་པ་ལས་ཉམས་པའོ། །ཚེ་ཕྱི་མར་ཡང་དད་པ་དང་ཚུལ་ཁྲིམས་ལ་སོགས་པའི་དགེ་བའི་ཆོས་ཐོབ་པར་འགྱུར་བ་ཡང་མི་ཐོབ་པར་འགྱུར་ཏེ། དེ་ནི་དགེ་བའི་ཆོས་མ་ཐོབ་པ་ལས་ཉམས་པའོ། །དེའི་ཕྱིར་སྡུག་བསྔལ་གནས་

པ་དང་། །ཡིད་ལ་མི་བདེ་གནས་པ་འཐོབ། །ཅེས་བྱ་བ་ལ། དེ་ལྟར་བདག་ལ་གནོད་པ་དང་། སེམས་ཅན་ལ་གནོད་པ་དང་། གཉི་ག་ལ་གནོད་པ་དང་། ཚེ་འདིར་ཁ་ན་མ་ཐོ་བ་སྐྱེ་བ་དང་། ཚེ་འདི་དང་ཕྱི་མ་གཉི་གར་ཁ་ན་མ་ཐོ་བ་སྐྱེས་པས་རྟག་ཏུ་ཡང་ལུས་སྡུག་བསྔལ་བར་གནས་པ་དང་།

སེམས་སྡུག་བསྔལ་བར་གནས་པ་ཐོབ་པར་འགྱུར་རོ། །དེ་ལ་མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་ལྔའི་ཚོགས་ཀྱིས་མི་བདེ་བ་མྱོང་བར་ནི་སྡུག་བསྔལ་བ་ཞེས་བྱའོ། །ཡིད་ཀྱི་རྣམ་པ་ལ་མི་བདེ་བ་མྱོང་བ་ནི་ཡིད་མི་བདེ་བ་ཞེས་བྱ་བ་སྟེ། འདི་ཡན་ཆད་

ཀྱིས་ངོ་ཚ་བ་དང་ཁྲེལ་བའི་མི་མཐུན་པའི་ཕྱོགས་དང་ཉེས་པ་བསྟན་ཏོ། །ཉེས་པ་འདི་དག་ཐམས་ཅད་ནི། །ཁྲེལ་ལྡན་རྒྱལ་སྲས་རྣམ་མི་འབྱུང་། །ཞེས་བྱ་བ་ལ། གོང་དུ་བསྟན་པའི་ཉེས་པ་དག་ལ་གནོད་པ་བྱས་པ་ནས་ཡིད་ལ་མི་བདེ་བར་གནས་པ་ཐོབ་པ་དེ་དག་ཐམས་ཅད་ཁྲེལ་བ་དང་ངོ་ཚ་བ་དང་

ལྡན་པའི་བྱང་ཆུབ་སེམས་དཔའ་ལ་མི་འབྱུང་སྟེ། དེ་ནི་ངོ་ཚ་བའི་ཡོན་ཏན་ནོ། །མཁས་པ་མི་དང་ལྷ་རྣམས་སུ། །རྟག་ཏུ་ལེགས་པར་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། ངོ་ཚ་བ་དང་ལྡན་ཞིང་ཁྲེལ་ཡོད་པའི་བྱང་ཆུབ་སེམས་དཔའ་དེ་ཚེ་རབས་གཞན་དུ་ཡང་ལྷ་དང་མིའི་ནང་དུ་སྐྱེ་བར་འགྱུར་ཏེ།

Vol. 126 · folio 85b

དེ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །བློ་ལྡན་བྱང་ཆུབ་ཚོགས་དེ་ན། །ཁྲེལ་ལས་མྱུར་དུ་རྫོགས་པར་འགྱུར། །ཞེས་བྱ་བ་ལ། བློ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྲེལ་བ་དང་ལྡན་ཞིང་ངོ་ཚ་བ་ཡོད་པ་སྟེ། ཁྲེལ་བ་དང་ངོ་ཚ་བའི་དབང་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མྱུར་དུ་

རྫོགས་པར་འགྱུར་ཏེ། དེ་ནི་བདག་པོའི་འབྲས་བུའོ། །སེམས་ཅན་རྣམས་ནི་སྨིན་བྱ་ལ། །རྒྱལ་སྲས་མཉམ་པ་མེད་པར་འགྱུར། །ཞེས་བྱ་བ་ལ། ངོ་ཚ་བ་དང་ཁྲེལ་ཡོད་པའི་བྱང་ཆུབ་སེམས་དཔའི་ཚེ་རབས་གར་སྐྱེས་ན་ཡང་ཐེག་པ་གསུམ་དུ་སེམས་ཅན་འགོད་ཅིང་སྨིན་པར་བྱ་བ་ལ་སྐྱོ་བ་མེད་

དེ། དེ་ནི་སྐྱེས་བུའི་རྩལ་གྱི་འབྲས་བུའོ། །དེ་ནི་མི་མཐུན་གཉེན་པོ་དང་། །བྲལ་དང་མ་བྲལ་རྟག་ཏུ་སྐྱེ། །ཞེས་བྱ་བ་ལ། ཁྲེལ་ཡོད་པ་དང་ངོ་ཚ་བའི་མི་མཐུན་པའི་ཕྱོགས་ནི་ངོ་ཚ་མེད་ཅིང་ཁྲེལ་མེད་པ་སྟེ། ཚེ་རབས་གཞན་ཐམས་ཅད་དུ་ངོ་ཚ་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ཁྲེལ་མེད་

ཅིང་ངོ་ཚ་བ་མི་ཤེས་པ་དང་ཕྲལ་བར་འགྱུར་ཏེ། དེ་ནི་བྲལ་བའི་འབྲས་བུའོ། །ཁྲེལ་མེད་ཅིང་ངོ་ཚ་བ་མེད་པའི་གཉེན་པོ་ནི་ཁྲེལ་ཡོད་པ་དང་ངོ་ཚ་བ་ཡོད་པ་སྟེ། ཚེ་རབས་ཐམས་ཅད་དུ་ཁྲེལ་ཡོད་པ་དང་ངོ་ཚ་བ་ཡོད་པ་དང་མི་འབྲེལ་བར་འགྱུར་ཏེ། དེ་ནི་རྒྱུ་མཐུན་པའི་འབྲས་བུའོ། །ཡོན་ཏན་ངོ་ཚ་

ཐོབ་གྱུར་པ། །དེ་ནི་རྒྱལ་བའི་སྲས་རྣམས་སོ། །ཞེས་བྱ་བས་ངོ་ཚ་བའི་ཡོན་ཏན་མདོར་བསྡུས་ནས་བསྟན་ཏེ། ངོ་ཚ་བ་དང་ལྡན་པའི་རྒྱལ་བའི་སྲས་རྣམས་ནི་གོང་དུ་བཤད་པའི་ཉེས་པ་ཐམས་ཅད་ཀྱང་མི་འབྱུང་ལ། རྣམ་པར་སྨིན་པའི་འབྲས་བུ་ལ་སོགས་པ་འབྲས་བུ་ལྔའི་ཡོན་ཏན་ཡང་

འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བྱིས་པ་རྣམས་ནི་གོས་གཡོགས་ཀྱང་། །ངོ་ཚ་བ་དང་བྲལ་བས་ན། །ཉེས་པས་དྲི་མ་ཅན་དུ་བྱས། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་རྐང་པ་ལྔས། །སོ་སོའི་སྐྱེ་བོ་རྣམས་རས་དང་སྣམ་བུ་ལ་ཡོགས་པའི་གོས་པས་བྱང་ཆུབ་སེམས་དཔའི་

ངོ་ཚ་བ་དང་ཁྲེལ་ཡོད་པའི་གོས་ཁྱད་ཞུགས་པ་བསྟེན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལུས་མི་མཛེས་པ་སྦ་བ་དང་། ལུས་ལ་རྡུལ་ལ་སོགས་པས་མི་གོས་པར་བྱ་བའི་ཕྱིར་གོས་ཀྱིས་གཡོགས་ཤིང་དཀྲིས་པས་ཕྱིའི་དྲི་མས་མི་གས་སུ་ཟིན་ཀྱང་། ངོ་ཚ་བ་མེད་ཅིང་ཁྲེལ་མེད་པས་ན་ནང་གི་སེམས་

Vol. 126 · folio 86a

ལ་འདོད་ཆགས་ལ་སོགས་པའི་དྲི་མས་དྲི་མ་ཅན་དུ་བྱས་པས་ན་ལུས་དྲི་མ་མེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱལ་སྲས་གོས་ནི་ངོ་ཚ་བས། །གཡོགས་པ་མེད་ཀྱང་ཉེས་དྲི་བྲལ། །ཞེས་བྱ་བ་ལ། རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གོས་ནི་ངོ་ཚ་བ་དང་ཁྲེལ་

ཡོད་པ་སྟེ། དེ་དག་ཏིང་ངེ་འཛིན་བསྒོམས་པའི་དུས་ན་བགོ་བ་བཟང་པོ་མེད་དེ་ཕྱག་དར་ཁྲོད་ཀྱི་ཚེམ་བུ་ལ་སོགས་པ་བགོས་ཀྱང་ངོ་ཚ་བ་དང་ཁྲེལ་ཡོད་པས་གཡོགས་པའི་ཕྱིར། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དང་། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་པའི་དྲི་མས་མ་གོས་

པས་ན་དྲི་མ་མེད་པ་ཞེས་བྱའོ། །འདི་ལས་གཞན་པའི་གོས་ཀྱིས་གཡོགས་ཀྱང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འདིའི་དོན་ནི་སོ་སོའི་སྐྱེ་བོ་དག་ངོ་ཚ་བ་དང་ཁྲེལ་ཡོད་པའི་གོས་ལས་གཞན་པའི་སྣམ་བུ་ལ་སོགས་པའི་གོས་ཀྱིས་གཡོགས་ཏེ། རྡུལ་ལ་སོགས་པའི་ཕྱིའི་དྲི་མས་མི་གོས་

ཀྱང་། ངོ་ཚ་བ་དང་ཁྲེལ་ཡོད་པ་དང་བྲལ་བའི་ཕྱིར་རྟག་ཏུ་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ནང་གི་དྲི་མ་ཅན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁྲེལ་ཡོད་རྒྱལ་སྲས་ནམ་མཁའ་བཞིན། །ཆོས་ཀྱིས་གོས་པ་མེད་པར་འགྱུར། །ཞེས་བྱ་བ་འདིས་ནི་ངོ་ཚ་བ་དང་ཁྲེལ་ཡོད་པ་ནམ་མཁའ་དང་

འདྲ་བར་བསྟན་ཏེ། དཔེར་ན་ནམ་མཁའ་རང་བཞིན་གྱིས་དག་པས་སྤྲིན་དང་ཁུག་རྣ་ལ་སོགས་པའི་དྲི་མས་མི་གོས་པ་བཞིན་དུ། ངོ་ཚ་བ་དང་ཁྲེལ་ཡོད་པའི་ཆོས་ཀྱང་རང་བཞིན་གྱིས་ནམ་མཁའ་བཞིན་དུ་དག་པའི་རང་བཞིན་ཡིན་པས། ཁྲེལ་ཡོད་པ་དང་ངོ་ཚ་བ་ཤེས་པ་དང་ལྡན་པའི་བྱང་ཆུབ་

སེམས་དཔའ་ཡང་བསོད་སྙོམས་ལ་སོགས་པ་སྤྱོད་པའི་དུས་ན་རྙེད་པ་དང་མ་རྙེད་པ་དང་། གྲགས་པ་དང་མ་གྲགས་པ་ལ་སོགས་པ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་ཏེ། རྙེད་ན་ཡང་དགའ་བ་མི་སྐྱེ། མ་རྙེད་ན་ཡང་མི་དགའ་བ་མི་སྐྱེ་བའི་ཕྱིར་རོ། །སྟེན་ཅིང་འགྲོགས་པའི་རྒྱལ་

སྲས་རྣམས། །ངོ་ཚས་བརྒྱན་པ་མཛེས་པ་བཞིན། །ཞེས་བྱ་བ་འདིས་ངོ་ཚ་བ་དང་ཁྲེལ་ཡོད་པ་རྒྱན་དང་འདྲ་བར་བསྟན་ཏེ། དཔེར་ན་སྐྱེ་བོ་ལ་ལ་ཞིག་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཏེ་གྲོགས་སམ་འགྲོ་བ་མང་པོའི་ནང་དུ་མཛེས་པ་བཞིན་དུ། བྱང་ཆུབ་སེམས་དཔའི་ཁྲེལ་ཡོད་པ་དང་ངོ་

Vol. 126 · folio 86b

ཚ་བའི་རྒྱན་གྱིས་བརྒྱན་པ་དེ་ཡང་རྒྱལ་བའི་སྲས་རང་གི་གྲོགས་སུ་གྱུར་པ་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་དབུས་སུ་སོང་ན་མཛེས་པ་དང་བཟང་བར་སྣང་ངོ་ཞེས་བྱ་བའི་དོན་ཏོ། །མ་བཞིན་བྱམས་པ་འདུལ་བ་ལ། །ཁྲེལ་ཡོད་བྱང་ཆུབ་སེམས་དཔའ་རྣམས། །ཞེས་བྱ་བ་འདིས། ཁྲེལ་ཡོད་པ་དང་ངོ་

ཚ་བ་འཇིག་རྟེན་གྱི་མ་དང་འདྲ་བར་བསྟན་ཏེ། དཔེར་ན་འཇིག་རྟེན་གྱི་མ་བུ་ལ་བྱམས་པ་དང་གཅེས་པ་དང་སྡུག་པར་བྱེད་དེ་བུ་བཏང་སྙོམས་སུ་མི་འདོར་བ་བཞིན་དུ། ངོ་ཚ་བ་དང་ཁྲེལ་ཡོད་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ལ་བུ་དང་འདྲ་བར་བྱམས་པ་དང་གཅེས་པ་དང་ཕངས་

པ་བྱེད་དེ་སེམས་ཅན་ཡལ་བར་མི་འདོར་ཞེས་བྱ་བའི་དོན་ཏོ། །བསྐྱབ་པར་རིགས་པའི་སེམས་ཅན་རྣམས་བཏང་སྙོམས་སུ་བྱེད་ན་ངོ་ཚ་བར་འགྱུར་རོ་ཞེས་བྱ་བ་ལ། ངོ་ཚ་བ་དང་ཁྲེལ་ཡོད་པ་མ་ལྟ་བུར་གཞག་པ་ནི་གལ་ཏེ་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་ལས་བསྐྱབ་ཅིང་བསྒྲལ་བའི་

རིགས་པ་དང་བཏང་སྙོམས་སུ་བོར་ཏེ་བསྒྲལ་ན་བྱང་ཆུབ་སེམས་དཔའ་ངོ་ཚ་བ་སྐྱེ་བར་འགྱུར་ཏེ། དེ་བས་ན་བཏང་སྙོམས་སུ་མི་འདོར་བའི་ཕྱིར་མ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །འཁོར་བའི་ཉེས་པ་ཐམས་ཅད་ལས། །ཁྲེལ་ཡོད་པ་ན་སྲུང་བར་བྱེད། །ཅེས་བྱ་བ་འདིས། ངོ་ཚ་བ་དང་ཁྲེལ་ཡོད་པ་རྟ་དང་

གླང་པོ་ལ་སོགས་པ་ལྟ་བུར་འགྱུར་བ་བསྟན་ཏེ། དཔེར་ན་རྟ་དང་གླང་པོ་ཆེ་དང་དཔུང་བུ་ཆུང་ལ་སོགས་པ་དམག་གི་ཚོགས་ཀྱིས་རྒྱལ་སྲིད་དང་ཡུལ་ཕྱོགས་དགྲས་མི་འཕྲོགས་པར་སྲུང་བར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ངོ་ཚ་བ་དང་ཁྲེལ་ཡོད་པའི་དམག་གིས་ཀྱང་འཁོར་བ་

ན་སེམས་ཅན་གྱི་དོན་བྱེད་པའི་ཚེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དགྲའི་དབང་དུ་མི་འགྱུར་བར་སྲུང་བར་བྱེད་དོ། །གོས་པ་ལ་སོགས་པའི་དཔེ་འདི་རྣམས་ཀྱིས་ནི་ཞེས་བྱ་བ་ལ། གོས་ཀྱི་དཔེ་དང་། ནམ་མཁའི་དཔེ་དང་། རྒྱན་གྱི་དཔེ་དང་། མིའི་དཔེ་དང་། རྟ་དང་གླང་

པོའི་དཔེ་ལྔས་ནི་ངོ་ཚ་བ་དང་ཁྲེལ་བའི་དོན་རྣམ་པ་ལྔ་བྱེད་པར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །གནས་པ་ལ་ཉོན་མོངས་པའི་གཉེན་པོ་དང་ཞེས་བྱ་བ་ལ། གནས་པ་ནི་སྐྱིལ་མོ་ཀྲུང་བཅས་ནས་རྣལ་འབྱོར་ཡིད་ལ་བྱེད་པ་བསྒོམ་པ་ལ་བྱ་སྟེ། གོས་ཀྱི་དཔེས་ནི་བྱང་ཆུབ་སེམས་

Vol. 126 · folio 87a

དཔའ་རྣལ་འབྱོར་ཡིད་ལ་བྱེད་པའི་བསྒོམ་པའི་ཚེ་ན་ངོ་ཚ་བ་དང་ཁྲེལ་ཡོད་པའི་ཆོས་ཉོན་མོངས་པ་རྣམས་སྐྱེ་བའི་གཉེན་པོ་བྱེད་པར་བསྟན་ཏོ། །སྤྱོད་པ་ལ་འཇིག་རྟེན་པའི་ཆོས་ཀྱི་གཉེན་པོ་དང་ཞེས་བྱ་བ་ལ། སྤྱོད་པ་ནི་གྲོང་དུ་བསོད་སྙོམས་ལེན་པ་ལ་སོགས་པ་ལ་བྱ་

སྟེ། ནམ་མཁའི་དཔེས་ནི་ངོ་ཚ་བ་དང་ཁྲེལ་ཡོད་པ་དེ་བསོད་སྙོམས་ལ་སོགས་པ་སྤྱོད་པའི་དུས་ན་རྙེད་པ་དང་མ་རྙེད་པ་ལ་སོགས་པའི་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་གོས་པའི་གཉེན་པོར་འགྱུར་བར་བསྟན་ཏོ། །ཆོས་ཅན་གནས་མཐུན་པ་དང་ཞེས་བྱ་བ་ལ། ཆོས་ཅན་གྱི་ཆོས་མཐུན་པའི་

བྱང་ཆུབ་སེམས་དཔའི་གྲོགས་ལ་བྱ་སྟེ། རྒྱན་གྱི་དཔེས་ནི་ངོ་ཚ་བ་དང་ཁྲེལ་ཡོད་ན་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་ནང་ན་གནས་ཀྱང་དེ་དག་དང་སྤྱོད་པ་མཐུན་ཞིང་མཛེས་པར་གནས་པ་བསྟན་ཏོ། །སེམས་ཅན་ཡོངས་སུ་སྨིན་པར་མཐུན་པ་དང་། །ཞེས་བྱ་བ་ལ། ངོ་ཚ་བ་

དང་ཁྲེལ་ཡོད་པ་དེ་སེམས་ཅན་ཡོངས་སུ་སྨིན་པ་དང་མཐུན་པར་བསྟན་ཏེ། དཔེར་ན་མས་བུ་ཡལ་བར་མི་འདོར་བ་བཞིན་དུ་ངོ་ཚ་བ་དང་ཁྲེལ་ཡོད་པ་དང་ལྡན་པར་གྱུར་ན་ཡང་སེམས་ཅན་ཡལ་བར་མི་འདོར་བའི་ཕྱིར་རོ། །ཉོན་མོངས་པ་མེད་པར་འཁོར་བ་དང་མཐུན་པར་ཞེས་བྱ་བ་

ལ། རྟ་དང་གླང་པོའི་དཔེ་ནི་སེམས་ཅན་གྱི་དོན་འཁོར་བར་འཇུག་ཀྱང་འཁོར་བ་ན་ཉོན་མོངས་པ་མེད་པར་གནས་པ་བསྟན་ཏེ། དཔེར་ན་གླང་པོ་ལ་སོགས་པས་ཡུལ་སྲུང་བར་བྱེད་པ་བཞིན་དུ་ཁྲེལ་བ་དང་ངོ་ཚ་བས་ཟིན་ན་འཁོར་བ་ན་གནས་ཀྱང་བྱང་ཆུབ་སེམས་དཔས་འདོད་

ཆགས་ལ་སོགས་པའི་ཉོན་མོངས་པས་མི་གོས་པར་སྲུང་བར་བྱེད་པའི་ཕྱིར་རོ། །ཀུན་ལ་བཟོད་པར་མི་འགྱུར་དང་། །ཀུན་ལ་བཟོད་ཅིང་འཇུག་པ་དང་། །ཐམས་ཅད་ལ་ཡང་འཇུག་པ་སྟེ། །ཁྲེལ་ཡོད་ངོ་ཚས་བསྐྱེད་པའི་མཚན། །ཞེས་བྱ་བ་འདིས་ཁྲེལ་ཡོད་པ་དང་། ངོ་

ཚ་བ་ལས་མཚན་མ་རྣམ་པ་བཞི་སྐྱེ་སྟེ། མཚན་མ་རྣམ་པ་བཞི་སྣང་ན་བྱང་ཆུབ་སེམས་དཔའ་ཁྲེལ་བ་དང་ངོ་ཚ་བའི་ཆོས་ཡོད་པར་རིག་པར་བྱ་བར་བསྟན་ཏོ། །དེ་ལ་མི་མཐུན་པའི་ཕྱོགས་ཁྲེལ་མེད་པ་དང་ངོ་ཚ་བ་མེད་པ་དང་། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉེས་

Vol. 126 · folio 87b

པ་སེམས་ལ་བྱུང་ན་བཟོད་པར་མི་བྱེད་དེ་མྱུར་དུ་སྤོང་བར་བྱེད་དེ། དེ་ནི་མཚན་མ་གཅིག་གོ། །སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་སེམས་ལ་བྱུང་ན་བཟོད་ཅིང་སེམས་ལ་འཇོག་པར་བྱེད་དེ། འདི་ནི་མཚན་མ་གཉིས་པའོ། །ཕྱིས་ཀྱང་སྡིག་པ་མི་དགེ་བའི་ཆོས་

ཐམས་ཅད་ལ་མི་འཇུག་མི་བྱེད་དེ། དེ་ནི་མཚན་མ་གསུམ་པའོ། །དགེ་བ་དང་ཡོན་ཏན་གྱི་ཆོས་མ་བསྒྲུབས་པ་རྣམས་ལ་སྒྲུབ་ཅིང་འཇུག་པར་བྱེད་དེ། འདི་ནི་མཚན་མ་བཞི་པ་སྟེ། ངོ་ཚ་བ་དང་ཁྲེལ་ཡོད་པ་ལས་སྐྱེས་པའི་མཚན་མ་བཞི་སྣང་ན་ངོ་ཚ་བ་དང་ཁྲེལ་ཡོད་པ་

ཐོབ་པར་རིག་པར་བྱ་བ་ཡིན་ནོ། །ཁྲེལ་ཡོད་བསྒོམ་པ་གཙོ་བོ་དང་། །བདག་སེམས་ཆོས་ལ་མོས་པ་དང་། །བསམ་པ་དང་ནི་སྦྱོར་བ་དང་། །རྟོག་པ་མེད་དང་གཅིག་པ་ལས། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་ཁྲེལ་ཡོད་པ་དང་ངོ་ཚ་ཤེས་པ་ལ་ཇི་ལྟར་བསྒོམས་ན་

བསྒོམ་པ་དམ་པ་དང་གཙོ་བོར་བསྒོམ་པ་ཡིན་པ་དེ་བསྟན་ཏེ། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་ལ་ཡང་དྲི་དང་། ཕྲེང་བ་དང་བྱུག་པ་ལ་སོགས་པ་ཕྱིའི་དངོས་པོས་མཆོད་པ་བས། ཉན་པ་དང་སེམས་པ་ལ་སོགས་པ་སེམས་ཀྱིས་མཆོད་པ་དམ་པ་ཡིན་པ་བཞིན་དུ།

སེམས་ཅན་གཞན་གྱིས་སྐྱོན་བཏགས་སུ་དོགས་ནས་གཞན་ལ་ལྟོས་ཏེ་ངོ་ཚ་བ་སྐྱེ་བ་ནི་མཆོག་མ་ཡིན་གྱི། བདག་གིས་སེམས་ཉིད་ལ་ལྟོས་ནས་བདག་གིས་བདག་ཁྲེལ་བ་བསམས་ཏེ་ངོ་ཚ་ཤེས་པ་སྐྱེས་པ་ན་ངོ་ཚ་བསྒོམས་པ་ཡང་བསྒོམ་པ་མཆོག་ཏུ་གཞག་པའོ། །

སེམས་ཀྱིས་ངོ་ཚ་བསྒོམས་པ་ཡང་རྣམ་པ་ལྔ་སྟེ། ཆོས་ལ་མོས་པ་དང་། བསམ་པ་དང་། འབྱོར་པ་དང་། རྟོག་པ་མེད་པ་དང་བྱ་བ་གཅིག་པར་གནས་པའོ། །དེ་ལ་ཆོས་ལ་མོས་པ་ནི་ངོ་ཚ་བ་དང་ཁྲེལ་ཡོད་པས་ཡང་དག་པར་བསྡུས་པའི་ཐེག་པ་ཆེན་པོའི་ཆོས་ལ་

མོས་ཤིང་དད་པ་སྟེ། དེ་ལྟར་བསྒོམས་པ་ཡང་བསྒོམ་པའི་མཆོག་ཏུ་གཞག་གོ། །བསམ་པ་རྣམ་པ་དགུ་སྟེ། རོ་མྱང་བ་དང་། རྗེས་སུ་ཡི་རང་བ་དང་། མངོན་པར་དགའ་བ་དང་། ཆོག་མི་ཤེས་པ་དང་། སྤངས་པ་དང་། དགའ་བ་དང་། ཕན་འདོགས་པ་དང་།

Vol. 126 · folio 88a

ཉོན་མོངས་པ་མེད་པ་དང་། དགེ་བའི་བསམ་པ་སྟེ། དེ་ལྟར་བསྒོམས་པ་ཡང་བསྒོམ་པའི་མཆོག་ཏུ་གཞག་གོ། །འབྱོར་པ་ནི། ས་བརྒྱད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་བརྩལ་བ་དང་འབད་པ་མེད་པར་ངོ་ཚ་བ་དང་ཁྲེལ་ཡོད་པ་ལྷུན་གྱིས་གྲུབ་པར་འབྱུང་སྟེ།

དེ་ལྟར་བསྒོམས་པ་ཡང་བསྒོམ་པའི་མཆོག་ཏུ་གཞག་གོ། །རྟོག་པ་མེད་པ་ནི་ངོ་ཚ་བར་བྱ་བའི་གནས་སེམས་ཅན་དང་། ངོ་ཚ་བར་བྱེད་པ་བྱང་ཆུབ་སེམས་དཔའ་དང་། ངོ་ཚ་བའི་ཆོས་གསུམ་ཆར་ཡོད་པར་མི་རྟོག་པ་སྟེ། དེ་ལྟར་བསྒོམས་པ་ཡང་བསྒོམ་པའི་མཆོག་ཏུ་གཞག་གོ། །བྱ་

བ་གཅིག་པ་ནི་ས་བརྒྱད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་གཅིག་གིས་ངོ་ཚ་བ་དང་ཁྲེལ་ཡོད་པའི་ཆོས་བསྒོམས་ན་གཞན་གྱིས་ཀྱང་བསྒོམས་པ་ཡིན་ཏེ། དེ་ལྟར་བསྒོམས་པ་ཡང་བསྒོམ་པའི་མཆོག་ཏུ་གཞག་གོ། །བརྟན་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བདུན་

ཏེ་ཞེས་བྱ་བ་ལ། ངོ་ཚ་བའི་སྐབས་ཀྱི་འོག་ཏུ་བརྟན་པ་རྣམ་པར་དབྱེ་བའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པ་དང་། རྗེས་སུ་མཐུན་པའི་ཆོས་རྣམས་ཀྱི་གཙོ་བོ་ནི་ངོ་ཚ་ཤེས་པའོ། །དེ་ལྟར་ངོ་ཚ་ཤེས་པ་དང་ལྡན་པའི་

བྱང་ཆུབ་སེམས་དཔའ་བསྒོམ་པ་ལ་ཞུགས་པ་ན། ལེ་ལོ་དང་། གཡེང་བ་དང་། འཆལ་བའི་ཤེས་རབ་གསུམ་གྱིས་ཉོན་མི་མོངས་པའི་བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཆོས་གསུམ་བརྟན་པ་དང་དཔའ་བ་ཞེས་བྱ་བ་འབྱུང་སྟེ། བརྟན་པ་དེ་ཡང་ངོ་ཚ་ཤེས་པ་ལས་

འབྱུང་ཞིང་འགྲུབ་པར་འགྱུར་བས་ན་ངོ་ཚ་བའི་རྗེས་ལ་བརྟན་པའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་ངོ་ཚ་བ་དང་། ཁྲེལ་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པའི་རླུང་གིས་བསྐྱོད་པར་མི་ནུས་པར་འགྱུར་ཏེ། དེ་བས་ན་ངོ་ཚ་བའི་རྗེས་

ལ་བརྟན་པའི་སྐབས་བཤད་པ་འབྲེལ་ཏོ། །བྱང་ཆུབ་སེམས་དཔའི་བརྟན་པ་ནི། །མཚན་ཉིད་དང་ནི་དབྱེ་བ་དང་། །མི་འགྱུར་བ་དང་དེ་ལས་གཞན། །ཐམས་ཅད་ལས་ནི་ཁྱད་པར་ཞུགས། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་བྱང་ཆུབ་སེམས་དཔའི་བརྟན་པ་རབ་ཏུ་དབྱེ་བའི་

Vol. 126 · folio 88b

དོན་མདོར་བསྡུས་ནས་སྟོན་ཏེ། བརྟན་པའི་སྐབས་འདིར་ཡང་བྱང་ཆུབ་སེམས་དཔའི་བརྟན་པའི་དོན་ནི་རྣམ་པ་གསུམ་ཞིག་སྟོན་ཏེ། བརྟན་པའི་མཚན་ཉིད་དང་། བརྟན་པའི་དབྱེ་བ་དང་། བརྟན་པའི་མི་འགྱུར་བ་སྟེ། དེ་ལ་འཇིག་རྟེན་པ་ལ་ཡང་བརྟན་པ་ཡོད། ཉན་ཐོས་དང་རང་སངས་

རྒྱས་ལ་ཡང་བརྟན་པ་ཡོད་མོད་ཀྱི། དེ་དག་གི་བརྟན་པ་བས་ཀྱང་བྱང་ཆུབ་སེམས་དཔའི་བརྟན་པའི་མཚན་ཉིད་དང་། དབྱེ་བ་དང་། མི་འགྱུར་བ་གསུམ་གཞན་ལས་འཕགས་ཤིང་ཁྱད་ཞུགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བརྩོན་འགྲུས་ཏིང་འཛིན་ཤེས་རབ་དང་། །སེམས་

པ་མི་གཡོ་བརྟན་པར་འདོད། །བྱང་ཆུབ་སེམས་དཔའ་རྣམ་དག་ནི། །འཇིགས་པ་མེད་པ་གསུམ་ལས་འབྱུང་། །ཞེས་བྱ་བ་འདིས་མཚན་ཉིད་དང་མཚན་ཉིད་ཀྱི་མིང་གི་རྣམ་གྲངས་དང་མཚན་ཉིད་ཀྱི་སྒྲུབ་པ་གསུམ་འཆད་དོ། །དེ་ལ་བརྟན་པ་ཞེས་བྱ་བ་ཡང་། བརྩོན་འགྲུས་དང་།

ཏིང་ངེ་འཛིན་དང་། ཤེས་རབ་སྟེ་ཆོས་དེ་གསུམ་ལ་མིང་དུ་བཏགས་པ་ཞེས་བྱའོ། །དེ་ལ་དགེ་བའི་ཆོས་ལ་སེམས་སྤྲོ་ཞིང་མི་ལྡོག་པ་ནི་བརྩོན་འགྲུས་སོ། །འཕགས་པའི་བདེན་པ་བཞི་བསྒོམ་པའི་སེམས་རྩེ་གཅིག་པ་དང་། རྣམ་པར་རྟོག་པའི་རླུང་གིས་མི་བསྐྱོད་པ་ནི་ཏིང་ངེ་འཛིན་ཏོ། །

ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཤེས་པ་ནི་ཤེས་རབ་སྟེ་འདི་ནི་མཚན་ཉིད་ཀྱི་མཚན་ཉིད་བསྟན་ཏོ། །བརྟན་པ་དེ་ལ་མིང་དུ་ལྟ་བ་ཞེས་ཀྱང་བྱ། མི་གཡོ་བ་ཞེས་ཀྱང་བྱ། བརྟན་པ་ཞེས་ཀྱང་བྱ་སྟེ། འདིས་ནི་མཚན་ཉིད་ཀྱི་མིང་གི་རྣམ་གྲངས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་

རྣམས་ལ་བརྩོན་འགྲུས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཚོགས་གསུམ་ལ་ཞུམ་པ་དང་། གཡོ་བ་དག་ཀྱང་གཏི་མུག་གིས་འཇིགས་པ་གསུམ་ལ་འཇིགས་པ་མེད་པ་འབྱུང་སྟེ། འདིས་ནི་མཚན་ཉིད་ཀྱི་སྒྲུབ་པ་བསྟན་ཏོ། །འཇིགས་པ་མེད་པ་གསུམ་ལས་འཇུག་པ་གང་

ཞེ་ན་ཞེས་བྱ་བ་ལས། གོང་དུ་བརྩོན་འགྲུས་ལ་སོགས་པའི་ཆོས་གསུམ་གྱིས་ཆོས་གསུམ་ལ་འཇིགས་པ་མེད་པར་འཇུག་གོ་ཞེས་བཤད་པའི་ཆོས་གསུམ་པོ་གང་ཞེ་ན་ཞེས་བྱ་བའི་དོན་ཏོ། །ཞུམ་དང་གཡོ་དང་གཏི་མུག་ལས། །བྱ་བ་རྣམ་ལ་འཇིགས་པ་སྟེ། །ཞེས་བྱ་བ་རྣམ་

Vol. 126 · folio 89a

པ་གསུམ་གྱིས་ནི་འཇིགས་པ་སྐྱེ་སྟེ། ཞུམ་པས་འཇིགས་པ་སྐྱེ་བ་དང་། གཡོ་བས་འཇིགས་པ་སྐྱེ་བ་དང་། གཏི་མུག་པས་འཇིགས་པ་སྐྱེ་བའོ། །དེ་ལ་བརྩོན་འགྲུས་མེད་པ་ན་བྱང་ཆུབ་སེམས་དཔའི་བྱ་བ་སྤྱོད་པ་རླབས་པོ་ཆེ་དག་ལ་བདག་གིས་སྤྱད་པར་མི་ནུས་སོ་སྙམ་

ནས་ཞུམ་པ་ལ་འཇིགས་པ་སྐྱེའོ། །སེམས་གཡོ་བར་གྱུར་ན་སེམས་རྩེ་གཅིག་པར་གཞག་པར་མི་ནུས་སོ་སྙམ་ནས་འཇིགས་པ་སྐྱེའོ། །གཏི་མུག་ལས་ཀྱང་འཇིགས་པ་སྐྱེ་སྟེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཐབས་མི་ཤེས་ན་ཡང་བྱང་ཆུབ་ཀྱི་སྤྱོད་པ་རྣམས་ལ་ཇི་ལྟར་བྱ་གཏོལ་མེད་པས་

འཇིགས་པ་སྐྱེ་བར་འགྱུར་རོ། །དེ་བས་བརྟག་པ་རྣམ་གསུམ་ལ། །བརྟན་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་ལ། དེ་ལྟར་ཞུམ་པ་ལ་སོགས་པ་གསུམ་ལས་འཇིགས་པ་མི་སྐྱེ་བ་ན་རྟག་པ་ནི་ལྷུན་གྱིས་གྲུབ་པ་ལ་བྱ་སྟེ། བརྩོན་འགྲུས་ལྷུན་གྱིས་གྲུབ་པ་དང་། ཏིང་ངེ་འཛིན་ལྷུན་གྱིས་

གྲུབ་པ་དང་། ཤེས་རབ་ལྷུན་གྱིས་གྲུབ་པ་ན་ཞུམ་པའི་འཇིགས་པ་དང་། གཡོ་བའི་འཇིགས་པ་དང་། གཏི་མུག་གི་འཇིགས་པ་མི་འབྱུང་སྟེ། དེ་བས་ན་ལྷུན་གྱིས་གྲུབ་པ་རྣམ་པ་གསུམ་ལ་བྱང་ཆུབ་སེམས་དཔའི་བརྟན་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བརྩོན་འགྲུས་

ལྷུན་གྱིས་གྲུབ་པས་ན་ཞུམ་པའི་འཇིགས་པ་མེད་དོ། །ཏིང་ངེ་འཛིན་ལྷུན་གྱིས་གྲུབ་པས་ན་གཡོ་བའི་འཇིགས་པ་མེད་དོ། །ཤེས་རབ་ལྷུན་གྱིས་གྲུབ་པས་ན་གཏི་མུག་གི་འཇིགས་པ་མེད་དོ། །རྟག་པ་མ་བརྟན་པ་ཞེས་བྱ་བ་ལ། བརྩོན་འགྲུས་ལ་སོགས་པའི་ཆོས་གསུམ་ལྷུན་གྱིས་

གྲུབ་པ་ལ་མིང་དུ་བརྟན་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །རྟག་པ་ནི་སོ་སོར་མ་བརྟག་པའོ་ཞེས་བྱ་བ་ལ། སོ་སོར་རྟག་ཅིང་འབད་མི་དགོས་པར་ཆོས་གསུམ་ལྷུན་གྱིས་གྲུབ་པ་ལ་རྟག་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་ཡན་ཆད་དུ་བརྟན་པའི་མཚན་ཉིད་བཤད་དོ། །བརྟན་པའི་

དབྱེ་བ་བསྟན་པའི་ཕྱིར། །རང་བཞིན་དང་ནི་སྨོན་ལམ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་བརྟན་པ་ལ་དབྱེ་ན་རིགས་ཀྱིས་བརྟན་པ་ནས་བྱང་ཆུབ་དམ་པ་ལ་བརྟན་པའི་བར་དུ་བརྒྱད་ཡོད་དོ། །དེ་ལ་རང་བཞིན་དང་ནི་ཞེས་བྱ་བས་རིགས་ཀྱི་བརྟན་པ་བསྟན་ཏེ། ལ་ལ་ནི་བརྩོན་འགྲུས་དང་།

Vol. 126 · folio 89b

ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རིགས་ཡོད་པས་ཞུམ་པ་ལ་སོགས་པའི་འཇིགས་པ་མེད་ཅིང་མི་འགྱུར་རོ། །སྨོན་ལམ་དང་ཞེས་བྱ་བས་སེམས་བསྐྱེད་པས་བརྟན་པ་བསྟན་ཏེ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བདག་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བ་དང་། སེམས་ཅན་ཡོངས་སུ་

བསྒྲལ་བར་བྱ་བ་ལ་མི་ལྡོག་ཅིང་མི་འགྱུར་བར་ཤོག་ཤིག་ཅེས་སྨོན་ལམ་བཏབ་པ་ལས་གར་སྐྱེས་ཀྱང་མི་འགྱུར་ཞིང་བརྟན་པར་འགྱུར་བའོ། །ཆགས་པ་མེད་པའང་དེ་བཞིན་ཏེ། །ཞེས་བྱ་བས་བདག་གི་དོན་ལ་བརྟན་པ་བསྟན་ཏེ། བདག་གི་དོན་སྒྲུབ་པ་ལ་ལུས་དང་སྲོག་བཏང་བ་ལ་ཡང་འཇིགས་

པ་དང་ཆགས་པ་མེད་པར་གཏོང་བས་བརྟན་པའོ། །སེམས་ཅན་ལོག་པར་སྒྲུབ་པ་ཡང་། །ཞེས་བྱ་བས་སེམས་ཅན་གྱི་དོན་ལ་བརྟན་པ་བསྟན་ཏེ། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་ཞུགས་པ་ན་སེམས་ཅན་ལོག་པར་ཞུགས་པ་རྣམས་ཀྱིས་གནོད་པ་རྣམ་པ་སྣ་ཚོགས་

བྱས་ཀྱང་སེམས་ཅན་མི་འདོར་བའི་ཕྱིར་རོ། །ཟབ་ཅིང་ཞེས་བྱ་བས་དེ་བཞིན་ཉིད་ཀྱི་དོན་ལ་བརྟན་པར་བསྟན་ཏེ། མ་སྐྱེས་མ་བྱུང་བ་དང་སྟོང་པ་ཉིད་ལ་སོགས་པའི་ཆོས་ཟབ་མོ་ཐོས་པ་ཡང་སྐྲག་ཅིང་དངང་བའམ་སེམས་ལྡོག་པ་མེད་པའི་ཕྱིར་རོ། །རྒྱ་ཆེ་ཉན་པ་དང་ཞེས་བྱ་

བས་མཐུ་ལ་བརྟན་པ་བསྟན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོན་ཏན་རྒྱ་ཆེན་པོ་དག་ཐོབ་ཀྱང་དེ་སྒྲུབ་པར་མི་ནུས་སོ་སྙམ་པའི་འཇིགས་པ་མི་འབྱུང་བའི་ཕྱིར་རོ། །འདུ་ལ་བ་ཤིན་དུ་གདུ་ལ་དཀའ་དང་། །ཞེས་བྱ་བས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་བརྟན་པ་བསྟན་

ཏེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཆེན་པོའི་སེམས་ཅན་སུས་ཀྱང་འདུལ་བར་མི་ནུས་ཏེ། གདུལ་དཀའ་བ་རྣམས་ཀྱང་གདུལ་བར་མཛད་ཅིང་སེམས་ཅན་དེ་དག་ཀྱང་ཡལ་བར་མི་འདོར་བའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་རྒྱལ་བའི་སྐུ། །ཞེས་བྱ་བས་བྱང་ཆུབ་

དམ་པ་ལ་བརྟན་པ་བསྟན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་བསྒྲུབ་པར་བྱ་བ་ལ་གྱུར་པ་དང་ལྡོག་པ་མེད་པའི་ཕྱིར་རོ། །བརྟན་པའི་རྣམ་གྲངས་གཞན་

Vol. 126 · folio 90a

ལང་བསྟན་པའི་ཕྱིར། དཀའ་བ་རྣམ་པ་སྣ་ཚོགས་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཀའ་བ་རྣམ་པ་སྣ་ཚོགས་ཞེས་བྱ་བས་དཀའ་བ་སྤྱོད་པ་ལ་བརྟན་པ་བསྟན་ཏོ། །བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པའི་ཕྱིར་གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་

པ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་བྱུང་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་མི་འདོར་བའི་ཕྱིར་རོ། །འཁོར་བ་མི་འདོར་ཏེ་གཞན་ཏེ། །ཞེས་བྱ་བས་བསམས་བཞིན་དུ་སྲིད་པ་སྐྱེ་བ་ལ་བརྟན་པ་བསྟན་ཏེ། སེམས་ཅན་གྱི་དོན་དུ་སེམས་ཅན་དམྱལ་བའི་དོན་དང་བྱོལ་སོང་

གི་གནས་སུ་སྐྱེ་བ་ལ་སོགས་པ་ཡང་མི་གཏོང་བའི་ཕྱིར་རོ། །དེ་ཉིད་ལ་ནི་ཉོན་མོངས་མེད། །ཅེས་བྱ་བས་ཉོན་མོངས་མེད་པ་ལ་བརྟན་པ་བསྟན་ཏེ། སེམས་ཅན་གྱི་དོན་དུ་འཁོར་བར་སྐྱེས་ན་ཡང་འཁོར་བའི་ཉེས་པ་འདོད་ཆགས་ལ་སོགས་པས་མི་གོས་ཤིང་ཉོན་མོངས་པའི་

དབང་དུ་མི་འགྱུར་བའི་ཕྱིར་རོ། །བརྟན་པའི་དབྱེ་བ་བསྟན་ཟིན་ཏོ། །བརྟན་པའི་མི་འགྱུར་བ་བསྟན་པའི་ཕྱིར། གྲོགས་ངན་སྡུག་བསྔལ་ཟབ་ཐོས་པས། །བརྟན་པ་འཁྲུགས་པར་མི་ནུས་པ། །ཕྱེ་མ་ལེབ་དང་འདབ་རླུང་དང་། །རྒྱ་མཚོས་རི་རབ་མི་སྒུལ་བཞིན། །ཞེས་བྱ་བ་

སྨོས་ཏེ། བྱང་ཆུབ་སེམས་དཔའི་བརྟན་པ་ནི་རི་རབ་དང་འདྲའོ། །དཔེར་ན་ཕྱེ་མ་ལེབ་ཀྱིས་རི་རབ་མི་སྒུལ་པ་བཞིན་དུ་བརྟན་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ལ་མི་དགེ་བའི་གྲོགས་པོ་ངན་པ་རྣམས་ཀྱིས་ལོག་པའི་རྣམ་པ་དུ་མས་བསྒྱུར་ཅིང་བསྟན་ཀྱང་། བྱང་

ཆུབ་སེམས་དཔའི་བརྟན་པ་དེ་འཁྲུགས་པའམ་བསྒྱུར་བར་མི་ནུས་སོ། །དཔེར་ན་ནམ་མཁའ་ལྡིང་དང་བྱ་རྣམས་ཀྱི་གཤོག་པ་དང་རླུང་གིས་རི་རབ་སྒུལ་བར་མི་ནུས་པ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་གྲང་བ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་འབྱུང་

ཡང་དེས་འཁྲུགས་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་འདོར་བར་མི་བྱེད་དོ། །དཔེར་ན་རྒྱ་མཚོས་རི་རབ་མི་སྒུལ་བ་བཞིན་དུ་བརྟན་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་སྟོང་པ་དང་བདག་མེད་པའི་ཆོས་ཟབ་མོ་ཐོས་ཀྱང་འཁྲུགས་པར་མི་འགྱུར་ཏེ། ཆོས་ཟབ་

Vol. 126 · folio 90b

མོས་སྐྲག་པར་མི་འགྱུར་རོ། །མི་སྐྱོ་བ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ལ། བརྟན་པའི་སྐབས་བཤད་པའི་རྗེས་ལ་མི་སྐྱོ་བ་རྣམ་པར་དབྱེ་བའི་སྐབས་བཤད་པ་འབྲེལ་པ་ཅི་ཡོད་ཅེ་ན། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་དང་ཏིང་ངེ་འཛིན་དང་། ཤེས་རབ་

ལྷུན་གྱིས་གྲུབ་སྟེ་བརྟན་པོར་གྱུར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་མང་པོ་དང་། དཀའ་བར་སྤྱོད་པ་རྣམ་པ་སྣ་ཚོགས་ཀྱིས་སྐྱོ་བར་མི་འགྱུར་ཏེ། དེ་བས་ན་བརྟན་པའི་རྗེས་ལ་མི་སྐྱོ་བའི་སྐབས་བཤད་པར་འབྲེལ་ཏོ། །དེ་ལ་ཚིགས་སུ་བཅད་པ་གཉིས་ཀྱི་དོན་ནི་མི་སྐྱོ་བའི་དངོས་

པོ་དང་། མི་སྐྱོ་བའི་གནས་དང་། མི་སྐྱོ་བའི་རང་བཞིན་དང་། མི་སྐྱོ་བའི་རབ་ཏུ་དབྱེ་བའི་སྟེ། དོན་བཞིན་བསྟན་ཏོ། །བྱང་ཆུབ་སེམས་དཔའི་མཉམ་མེད་པ། །དངོས་པོ་གསུམ་ལ་སྐྱོ་བ་མེད། །ཅེས་བྱ་བ་ལ། དངོས་པོའི་སྒྲ་ནི་ཡུལ་ལ་བྱ་སྟེ། བྱང་ཆུབ་སེམས་དཔའ་ཡུལ་

ལ་སྐྱོ་བ་མེད། །ཅེས་བྱ་བའི་དོན་ཏོ། །དེ་ལ་འཇིག་རྟེན་པ་དག་ཀྱང་རང་གི་བྱ་བ་ལ་སྐྱོ་བ་མེད་པ་ཡོད་པ་དང་། ཉན་ཐོས་དང་རང་སངས་རྒྱས་དག་ཀྱང་རང་གི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་ལ་སྐྱོ་བ་མེད་པ་ཡོད་མོད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་དངོས་པོ་གསུམ་

ལ་སྐྱོ་བ་མེད་པ་ནི་གཞན་པས་འཕགས་པས་ན་མཉམ་པ་མེད་པ་ཞེས་བྱའོ། །དངོས་པོ་གསུམ་པོ་གང་ཞེ་ན། དེའི་ཕྱིར། སྡུག་བསྔལ་རབ་འགྲུས་ཉན་མི་ངོམས། །ཞེས་བྱ་བ་སྨོས་ཏེ། དངོས་པོ་གསུམ་གྱི་སྡུག་བསྔལ་གྱི་དངོས་པོ་དང་། རབ་ཏུ་འགྲུས་པའི་དངོས་པོ་དང་། ཉན་

པས་མི་ངོམས་པའི་དངོས་པོའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་གྲང་བ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་འབྱུང་ཡང་མི་ལྡོག་པ་ནི་སྡུག་བསྔལ་གྱི་དངོས་པོས་སྐྱོ་བ་མེད་པའོ། །བསྐལ་པ་གྲངས་མེད་པ་གསུམ་དུ་གཙུབ་ཤིང་གིས་མེ་བྱུང་བ་

བཞིན་དུ། བརྩོན་འགྲུས་རྩོམ་ཡང་བརྩོན་འགྲུས་མི་གཏོང་བ་ནི་རབ་ཏུ་འགྲུས་པའི་དངོས་པོ་ལ་མི་སྐྱོ་བའོ། །དགེ་བའི་བཤེས་གཉེན་དེ་དང་དེ་དག་ཐམས་ཅད་ལས། ཚོང་དཔོན་གྱི་བུ་ནོར་བཟངས་བཞིན་དུ་དམ་པའི་ཆོས་དེ་དང་དེ་དག་ཐམས་ཅད་ཉན་ཀྱང་ཆོག་མི་ཤེས་པ་ནི་ཉན་པའི་

Vol. 126 · folio 91a

དངོས་པོ་ལ་མི་ངོམས་ཤིང་མི་སྐྱོ་བ་སྟེ། འདི་ནི་སྐྱོ་བ་མེད་པའི་དངོས་པོ་བསྟན་ཏོ། །ཁྲེལ་ཡོད་བརྟན་པ་གནས་པ་དང་། །ཞེས་བྱ་བ་ལ། གནས་ཞེས་བྱ་བ་དང་རྒྱུ་ཞེས་བྱ་བ་དོན་གཅིག་སྟེ། བྱང་ཆུབ་སེམས་དཔའི་སྐྱོ་བ་མེད་པ་ནི་གོང་དུ་བཤད་པའི་ཁྲེལ་ཡོད་པ་དང་།

བརྟན་པ་གཉིས་ལས་གནས་ནས་དེ་གཉིས་ལས་འབྱུང་སྟེ། དེས་ནི་མི་སྐྱོ་བའི་གནས་བསྟན་ཏོ། །བྱང་ཆུབ་ཆེ་ལ་རབ་མོས་པས། །ཞེས་བྱ་བ་ལ། མོས་པ་དང་འདོད་པ་དོན་གཅིག་སྟེ། བྱང་ཆུབ་སེམས་དཔའི་མི་སྐྱོ་བ་དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱ་བར་འདོད་པ་མེད་ཀྱི་བླ་

ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བར་མོས་ཤིང་དད་དེ། དེས་ནི་མི་སྐྱོ་བའི་རང་བཞིན་བསྟན་ཏོ། །བློ་ལྡན་རྣམས་ཀྱིས་མི་སྐྱོར་འདོད། །ཅེས་བྱ་བ་ལ། བློ་ལྡན་ནི་བྱང་ཆུབ་སེམས་དཔའ་སྟེ། བྱང་ཆུབ་སེམས་དཔའི་མི་སྐྱོ་བའི་དངོས་པོ་དང་གནས་དང་རང་བཞིན་ནི་དེ་ལྟ་བུ་ཡིན་པར་འདོད་དོ་ཞེས་བྱ་

བའི་དོན་ཏོ། །མ་རྫོགས་པ་དང་རྫོགས་པ་དང་། །ཤིན་ཏུ་རྫོགས་པ་ས་རྣམས་ལ། །ཞེས་བྱ་བ་ལ། མོས་པས་སྤྱོད་པའི་ས་ཡན་ཆད་ས་བཅུ་མན་ཆད་ན་བྱང་ཆུབ་སེམས་དཔའི་སྐྱོ་བ་མེད་པ་ས་ཁ་ཅིག་ན་ནི་མ་རྫོགས། ས་ཁ་ཅིག་ན་ནི་རྫོགས། ཁ་ཅིག་ན་ནི་ཤིན་ཏུ་རྫོགས་པར་གཞག་གོ། །དེ་ལ་མོས་

པས་སྤྱོད་པའི་ས་བཞི་ན་ནི་བྱང་ཆུབ་སེམས་དཔའི་མི་སྐྱོ་བ་མ་རྫོགས་པ་ཞེས་བྱ་སྟེ། བདག་དང་གཞན་དུ་མཉམ་པ་ཉིད་མ་ཐོབ་པས་སྐྱོ་བའི་སེམས་སྐབས་སུ་འབྱུང་བའི་ཕྱིར་རོ། །ས་དང་པོ་ཡན་ཆད་ས་བདུན་མན་ཆད་ནི་སྐྱོ་བ་མེད་པ་རྫོགས་པ་ཞེས་བྱ་སྟེ། བརྩལ་འབད་ཡོད་ཀྱང་བདག་དང་གཞན་དུ་མཉམ་

པ་ཉིད་ཐོབ་པས་སྐྱོ་བའི་སེམས་མི་འབྱུང་བའི་ཕྱིར་རོ། །ས་བརྒྱད་པ་དང་ས་དགུ་པ་དང་། ས་བཅུ་པ་ལ་ནི་ཤིན་དུ་རྫོགས་པ་ཞེས་བྱ་སྟེ། བརྩལ་འབད་མེད་པར་སྐྱོ་བ་མེད་པ་ལྷུན་གྱིས་གྲུབ་པའི་ཕྱིར་རོ། །འདིས་ནི་མི་སྐྱོ་བའི་དབྱེ་བ་བསྟན་ཏོ། །ངོ་ཚ་བ་སྐྱེས་ན་ངོ་ཚ་བ་དང་བརྟན་པས་མི་

སྐྱོ་བའོ་ཞེས་བྱ་བ་ལ། སྐྱོ་བ་མེད་པའི་གནས་ནི་ཁྲེལ་ཡོད་པ་དང་བརྟན་པ་གཉིས་ཡིན་ཏེ། ཇི་ལྟར་དེ་གཉིས་སྐྱོ་བ་མེད་པའི་གནས་ཡིན་ཞེ་ན། ཁྲེལ་ཡོད་པས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྐྱོ་བ་མེད་ན་ངོ་ཚ་བར་བྱེད་ལ། བརྟན་པས་ནི་སྐྱོ་བ་མི་སྐྱེ་བར་བྱེད་པས་ན་དེ་གཉིས་གནས་

Vol. 126 · folio 91b

སུ་འགྱུར་རོ། །བྱང་ཆུབ་ཆེ་ལ་རབ་མོས་ཞེས་བྱ་བ་ནི་རབ་ཏུ་མོས་པ་མེད་པ་ན་སྐྱོ་བས་སྐྱོ་བའི་ཕྱིར་རོ་ཞེས་བྱ་བ་ལ། བྱང་ཆུབ་ཆེན་པོ་ལ་མོས་པས་སྐྱོ་བ་མེད་པའི་རང་བཞིན་དུ་བཤད་པ་དེ་གལ་ཏེ་འདོད་པ་དང་མོས་པ་ནི་སྐྱོ་བ་མེད་པའི་རྒྱུ་ཡིན་ནོ། རྒྱུ་ཉིད་ཇི་ལྟར་རང་བཞིན་དུ་གཞག་ཅེ་ན། འདི་ལྟར་

མོས་པ་དང་འདོད་པ་མེད་པ་ན་ནི་སྐྱོ་བ་སྐྱེ་བར་འགྱུར་ལ། བླ་ན་མེད་པའི་བྱང་ཆུབ་ཏུ་འདོད་པ་ཡོད་ན་དོན་སྐྱོ་བ་མེད་ཅིང་བརྩོན་འགྲུས་རྩོམ་སྟེ། དེ་བས་ན་བརྩོན་འགྲུས་རྩོམ་པ་དང་སྐྱོ་བ་མེད་པའི་རྒྱུ་མོས་པ་ཡིན་པས་རྒྱུ་ལ་འབྲས་བུར་མིང་བཏགས་ནས་མོས་པ་ལ་སྐྱོ་བ་མེད་པའི་རང་བཞིན་དུ་

བཤད་དོ། །འདོད་པ་བརྩོན་འགྲུས་ཀྱི་རྒྱུ་ཡིན་པས་ན་གཙུག་ལག་ལས་ཀྱང་། མོས་པ་ནི་བརྩོན་འགྲུས་ཀྱི་གནས་ཀྱི་སྦྱིན་པའི་ལས་ཅན་ནོ་ཞེས་བཤད་དོ། །གཙུག་ལག་ཤེས་པ་ལ་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། རིག་པའི་གནས་ལྔ་ལ་མཁས་པ་ནི་གཙུག་ལག་ཤེས་

པ་ཞེས་བྱ་སྟེ། སྐྱོ་བ་མེད་པའི་སྐབས་ཀྱི་འོག་ཏུ་གཙུག་ལག་ཤེས་པའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། དེ་ལྟར་སྐྱོ་བ་མེད་པར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་དེ་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་ལ་སོགས་པ་གདོན་མི་ཟ་བར་

བྱེད་དོ། །འདི་ལྟར་དམ་པའི་ཆོས་ཉན་ན་རིག་པའི་གནས་ལྔ་ལ་མཁས་པར་འགྱུར་བས་སྐྱོ་བ་མེད་པའི་འོག་ཏུ་གཙུག་ལག་ཤེས་པའི་སྐབས་བཤད་པར་འབྲེལ་ཏོ། །དངོས་པོ་དང་ནི་ཆེད་དུ་དང་། །ལས་རྣམས་ཀྱིས་ནི་འཕགས་པའོ། །མཚན་ཉིད་དང་ནི་མི་ཟད་དང་། །འབྲས་

བུ་ཐོབ་པ་རྣམས་ཀྱིས་ཀྱང་། །བརྟན་པ་རྣམས་ཀྱི་གཙུག་ལག་ཤེས། །ཞེས་བྱ་བ་ལ། རིག་པའི་གནས་ལྔ་ལ་ཉན་ཐོས་དང་། རང་སངས་རྒྱས་དང་། འཇིག་རྟེན་པ་དག་ལ་ཡང་མཁས་པ་ཡོད་མོད་ཀྱི་བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙུག་ལག་ཤེས་པ་ནི་དངོས་

པོས་ཀྱང་གཞན་ལས་འཕགས། ཆེད་དུ་བྱ་བས་ཀྱང་གཞན་ལས་འཕགས། ལས་ཀྱིས་ཀྱང་གཞན་ལས་འཕགས། མཚན་ཉིད་ཀྱིས་ཀྱང་གཞན་ལས་འཕགས། མི་ཟད་པས་ཀྱང་གཞན་ལས་འཕགས། འབྲས་བུ་ཐོབ་པས་ཀྱང་གཞན་ལས་འཕགས་སོ་ཞེས་བྱ་བའི་དོན་ཏོ། །

Vol. 126 · folio 92a

ཏིང་འཛིན་གཟུངས་ཀྱི་རང་བཞིན་ནི། །སེམས་ཅན་རྣམ་པར་སྨིན་པ་དང་། །དམ་པའི་ཆོས་ཀྱང་འཛིན་པའི་ཕྱིར། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་རིག་པའི་གནས་ལྔ་ལ་མཁས་པ་ཡང་། ཁ་ཅིག་ནི་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་ལ། ཏིང་ངེ་འཛིན་

གྱིས་ཟིན་ཅིང་ཏིང་ངེ་འཛིན་དང་འབྲེལ་པ་དང་། ཁ་ཅིག་ནི་གཟུངས་ཀྱི་རང་བཞིན་ཡིན་ལ། གཟུངས་ཀྱིས་ཟིན་ཅིང་གཟུངས་དང་འབྲེལ་པའོ། །དེ་ལ་ཏིང་ངེ་འཛིན་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་སྟེ། ཏིང་ངེ་འཛིན་གྱི་རང་བཞིན་གྱི་རིག་པའི་གནས་ལྔ་ལ་མཁས་པས་ནི་སེམས་

ཅན་ཡོངས་སུ་སྨིན་པར་བྱེད་དོ། །གཟུངས་ཀྱི་རང་བཞིན་གྱི་རིག་པའི་གནས་ལྔ་ལ་མཁས་པས་ནི་དམ་པའི་ཆོས་ཀྱི་དོན་དང་ཚིག་ཐམས་ཅད་འཛིན་པར་བྱེད་དོ། །དེ་ལ། གཙུག་ལག་ཤེས་པའི་དངོས་པོ་ནི། །ཞེས་བྱ་བ་ལ། དངོས་པོ་དང་ཡུལ་ཞེས་བྱ་བ་དོན་གཅིག་སྟེ། གཙུག་ལག་ཤེས་པས་

ཤེས་པར་བྱ་བའི་ཡུལ་ནི་རྣམ་པ་ལྔ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པའི་གསུང་རབ་ལ་མཁས་པས་ནི་ནང་ཤེས་པ་ཞེས་བྱའོ། །ཏར་ཀའི་ཕྱོགས་ལ་མཁས་པ་ནི། གཏན་ཚིགས་ཤེས་པ་ཞེས་བྱའོ། །བྱཱ་ཀ་ར་ཎའི་གཙུག་ལག་ལ་མཁས་པ་ནི་སྒྲ་ཤེས་པ་ཞེས་བྱའོ། །ཙ་ར་ཀ་ལ་

སོགས་པ་སྨན་དཔྱད་ཀྱི་གཙུག་ལག་ལ་མཁས་པ་ནི་སྨན་དཔྱད་ཤེས་པ་ཞེས་བྱའོ། །བྷ་ར་ཏའི་གཙུག་ལག་ལ་སོགས་པ་གླུ་དང་གར་དང་མཚོན་ཆ་འཛིན་པ་ལ་མཁས་པའི་གཙུག་ལག་ལ་མཁས་པ་ནི་བཟོའི་ལས་ཀྱི་གནས་ཤེས་པ་ཞེས་བྱའོ། །བདག་གི་དོན་དང་གཞན་གྱི་ཆེད་དུ་བྱེད་

པའོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་རིག་པའི་གནས་ལྔ་ལ་མཁས་པར་བྱེད་པ་ཡང་བདག་འབའ་ཞིག་གི་ཆེད་དུ་སློབ་པ་ནི་མ་ཡིན་གྱི། བདག་དང་གཞན་གཉིས་ཀའི་དོན་དུ་སློབ་སྟེ། དེ་བས་ན་ཆེད་དུ་བྱེད་པ་འཕགས་སོ། །དངོས་པོ་དང་པོ་ལ་བདག་ཀྱང་ཤེས་ཤིང་གཞན་ལ་

ཡང་དེ་བཞིན་དུ་སྟོན་པ་དང་ཞེས་བྱ་བ་ལ། རིག་པའི་གནས་ལྔའི་ལས་འཆད་དེ། དེ་ལ་དང་པོ་ནི་རིག་པའི་ལས་ནི་བདག་ཉིད་ཀྱང་ཤེས་པ་དང་། སྤང་བ་དང་། མངོན་དུ་བྱ་བ་དང་། བསྒོམ་པའི་དངོས་པོ་ཤེས་པའི་སྒོ་ནས་ཉོན་མོངས་པ་སྤང་བར་བྱ་བ་དང་། གཞན་ལ་ཡང་ཤེས་པ་

Vol. 126 · folio 92b

དང་། སྤང་བ་དང་། མངོན་དུ་བྱ་བ་དང་། བསྒོམ་པའི་ཆོས་སྟོན་པར་བྱེད་དེ། ལས་རྣམ་པ་གཉིས་བྱེད་དོ། །དེ་ལ་སྡུག་བསྔལ་ནི་ཤེས་པར་བྱ་བའོ། །ཀུན་འབྱུང་ནི་སྤང་བར་བྱ་བའོ། །འགོག་པ་ནི་མངོན་དུ་བྱ་བའོ། །ལམ་ནི་བསྒོམ་པར་བྱ་བའོ། །གཉིས་པས་ནི་ཉེས་པ་རྣམས་

ཡོངས་སུ་རྟོགས་ཤིང་རྒོལ་བ་ཚར་གཅོད་པ་དང་ཞེས་བྱ་བ་ལ། གཉིས་པ་ནི་གཏན་ཚིགས་རིག་པ་ལ་བྱ་སྟེ། དེས་ནི་མུ་སྟེགས་པ་ལ་སོགས་པ་བདག་དང་རྟག་པར་ཡོད་པ་ལ་སོགས་པར་གྲུབ་པའི་གཏན་ཚིགས་སུ་མངོན་སུམ་དང་། རྗེས་སུ་དཔག་པའི་ཚད་མ་དག་སྨྲ་བ་ལ། ཚད་མར་

མི་རུང་བའི་ཉེས་པ་ཡོད་པར་རྟོག་པ་དང་། མུ་སྟེགས་པ་ལ་སོགས་པའི་ཕས་ཀྱི་རྒོལ་བ་རྣམས་སངས་རྒྱས་ཀྱི་ཆོས་ལ་སུན་འབྱིན་པ་དག་མངོན་སུམ་དང་རྗེས་སུ་དཔག་པ་ལ་སོགས་པའི་ཚད་མས་ཚར་གཅོད་ཅིང་མུ་སྟེགས་པའི་བདག་ཏུ་སྨྲ་བའི་གཞུང་སུན་འབྱིན་པར་བྱེད་དེ། ལས་

རྣམ་པ་གཉིས་བྱེད་དོ། །གསུམ་པ་ནི་བདག་ཉིད་ཀྱང་ཚིག་ངེས་པར་སྨྲ་བ་དང་། གཞན་ཡང་གོ་བར་བྱེད་པ་དང་། །ཞེས་བྱ་བ་ལ། གསུམ་པ་ནི་སྒྲ་རིག་པ་ལ་བྱ་སྟེ། སྒྲ་རིག་པས་ནི་བདག་ཉིད་ཆོས་འཆད་པའི་དུས་ན་ཡང་ཐོགས་པ་དང་བཅས་པས་ཀྱང་གཟུགས་ཞེས་བྱ་ལ། མྱོང་བའི་

བདག་ཉིད་ཀྱི་ཕྱིར་ཚོར་བའོ་ཞེས་བྱ་བ་ཚིག་བཟང་པོས་ཆོས་འཆད་པར་བྱེད་པ་དང་། ཚིག་ཟུར་ཆག་པ་མེད་པས་གཞན་ལ་ཆོས་སྟོན་ན་གཞན་དག་དོན་མྱུར་དུ་གོ་བར་འགྱུར་ཞིང་། དེའི་སྒོ་ནས་འདི་ནི་མཁས་པ་ཡིན་ནོ་ཞེས་ཡིད་ཆེས་པར་འབྱུང་སྟེ། ལས་རྣམ་པ་གཉིས་བྱེད་དོ། །བཞི་པ་ནི་

གཞན་གྱི་ནད་རྣམས་ཞི་བར་བྱེད་པ་དང་ཞེས་བྱ་བ་ལ། བཞི་པ་ནི་སྨན་དཔྱད་ལ་མཁས་པ་སྟེ། དེས་ནི་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་རྣམས་ཀྱི་ནད་དང་ནད་ཀྱི་གཞི་དང་། ནད་མེད་པ་དང་། ནད་མེད་པའི་ཐབས་ཤེས་ནས་སེམས་ཅན་རྣམས་ཀྱི་ནད་ཞི་བར་བྱེད་དེ། ལས་རྣམ་

པ་གཅིག་བྱེད་དོ། །ལྔ་པ་ནི་ཕ་རོལ་ལ་སྟོན་པའོ་ཞེས་བྱ་བ་ལ། ལྔ་པ་ནི་བཟོའི་ལས་ཀྱི་གནས་ཀྱི་ལས་ཤེས་པ་སྟེ། དེས་ནི་བཟོ་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ལ་ཕན་འདོགས་ཤིང་བཟོའི་གནས་ཤེས་པར་འདོད་པ་རྣམས་ལ་བཟོའི་གནས་སྟོན་པར་བྱེད་དེ། ལས་རྣམ་

Vol. 126 · folio 93a

པ་གཅིག་བྱེད་དོ། །གཙུག་ལག་ཤེས་པའི་མཚན་ཉིད་ནི་དངོས་པོ་རྣམ་པ་ལྔ་པོ་འདི་ཐོས་པ་དང་ཞེས་བྱ་བ་ལ་སོགས་པ་ལ། རིག་པའི་གནས་ལྔ་ཐོས་པ་དང་། འཛིན་པ་དང་། ཚིག་གིས་གོམས་པར་བྱེད་པ་དང་། ཡིད་ཀྱིས་རྟོགས་པ་དང་། ཤེས་རབ་ཀྱིས་ཁོང་དུ་

ཆུད་པར་བྱ་སྟེ། རྣམ་པ་ལྔ་ལྟར་བྱས་ན་གཙུག་ལག་ལ་མཁས་པའི་མཚན་ཉིད་གཞག་གོ། །ཚིག་ལྔ་པོ་འདིའི་དོན་བསྟན་པའི་ཕྱིར། ཐོས་པས་དེ་བཞིན་དུ་འཛིན་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གོང་མའི་ཚིག་ལྔ་དང་། འོག་ནས་དེའི་དོན་འཆད་པའི་ཚིག་ལྔ་རིམ་པ་བཞིན་དུ་སྦྱར་

ཏེ། །ཐོས་པ་དང་ཞེས་བྱ་བའི་དོན་ཐོས་ཞེས་བྱ་བས་བཤད་དེ། དང་པོར་དགེ་བའི་བཤེས་གཉེན་ལས་རིག་པའི་གནས་ལྔ་རྣམས་དང་པོ་ཉན་པ་ནི་ཐོས་པ་ཞེས་བྱའོ། །ཐོས་ནས་ཇི་ལྟར་ཐོས་པའི་ཆོས་ཀྱི་དོན་དང་ཚིག་མི་བརྗེད་པར་སེམས་ལ་འཛིན་པ་ནི་འཛིན་ཞེས་བྱའོ། །ཚིག་གིས་གོམས་པར་བྱེད་ཅེས་བྱ་

བའི་དོན་ཏོ། །ཁ་ཏོན་བྱེད་པ་ཞེས་བྱ་བས་བསྟན་ཏེ། རིག་པའི་གནས་ལྔ་ཁ་ཏོན་བྱེད་པ་ལ་ཚིག་གིས་གོམས་པར་བྱེད་པ་ཞེས་བྱའོ། །ཡིད་ཀྱིས་རྟོགས་པ་ཞེས་བྱ་བའི་དོན་ནི་དད་པས་ཡིད་ལ་འཛིན་པ་ཞེས་བྱ་བར་བཤད་དེ། དད་པ་ཞེས་བྱ་བ་ནི་གསལ་བའམ་སེམས་རྣོན་པོ་ཞེས་བྱ་བའི་དོན་ཏེ།

སེམས་གསལ་བས་རིག་པའི་གནས་ལྔའི་དོན་ཅི་དང་ཅི་ཡིན་པ་ཤེས་པ་ནི་ཡིད་ཀྱིས་རྟོགས་པ་ཞེས་བྱའོ། །ཤེས་རབ་ཀྱིས་ཁོང་དུ་ཆུད་ཅེས་པའི་དོན་ནི་དགེ་བར་སྨྲ་བ་དང་ངན་པར་སྨྲ་བའི་ཡོན་ཏན་དང་ཉེས་པ་ཇི་ལྟར་སྦྱར་བ་ངེས་པར་ཤེས་པའོ་ཞེས་བྱ་བར་བཤད་དེ། དགེ་བར་སྨྲ་བ་ནི་མ་ནོར་བར་ཤེས་

པའོ། །ངན་པར་སྨྲ་བ་ནི་ནོར་བར་སྨྲ་བ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་མ་ནོར་བར་བཤད་པས་ཡོན་ཏན་ཅན་དུ་ཤེས་པ་དང་། མུ་སྟེགས་པའི་ཆོས་ཐམས་ཅད་ནི་ནོར་བར་བཤད་པས་ཉེས་པ་ཅན་དུ་ཤེས་པའི་ཤེས་རབ་ཀྱིས་ཁོང་དུ་ཆུད་པ་ཞེས་བྱའོ། །ཇི་ལྟར་སྦྱར་བ་ངེས་པར་ཤེས་པ་

ཞེས་བྱ་བ་ནི་དགེ་བར་སྨྲ་བ་ལ་ཡོན་ཏན་དུ་ཤེས་པར་སྦྱར་བ་དང་། ངན་པར་སྨྲ་བ་ལ་ཉེས་པ་ཅན་དུ་ཤེས་པར་སྦྱར་རོ། །ཡང་ན་ཟང་ཟིང་འདོད་པའི་ཕྱིར་རིག་པའི་གནས་ལྔ་སྨྲ་བ་ནི་ངན་པར་སྨྲ་བ་སྟེ། དེ་ལ་ནི་ཉེས་པར་ཤེས་སོ་ཟང་ཟིང་མེད་པར་རིག་པའི་གནས་ལྔ་འཆད་པ་ནི་དགེ་བར་སྨྲ་བ་སྟེ།

Vol. 126 · folio 93b

དེ་ལ་ཡོན་ཏན་ཅན་དུ་ཤེས་སོ་ཞེས་བྱ་བར་སྦྱར་རོ། །ཡང་ན་དོན་དང་ཡི་གེ་བཟང་པོ་སྟོན་པ་ནི་དགེ་བར་སྨྲ་བ་སྟེ་དེ་ནི་ཡོན་ཏན་ཅན་ནོ། །དོན་དང་ཡི་གེ་ངན་པར་སྨྲ་བ་ནི་ངན་པར་སྨྲ་བ་སྟེ། ཉེས་པ་ཅན་དུ་སྦྱར་རོ། །མ་ཟད་མི་ཟད་པ་ནི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པར་ཡང་ཟད་མི་ཤེས་པའི་ཕྱིར་

རོ་ཞེས་བྱ་བ་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་རིག་པའི་གནས་ལྔ་ལ་མཁས་པ་ནི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པའི་མཐར་ཟད་པར་འགྱུར་ལ། བྱང་ཆུབ་སེམས་དཔའི་རིག་པའི་གནས་ལྔ་ལ་མཁས་པ་ནི་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་པར་ཡང་ཟད་པར་

མི་འགྱུར་ཏེ། དེ་བས་ན་མི་ཟད་པས་འཕགས་སོ། །འབྲས་བུ་ཐོབ་པས་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཤེས་པའོ་ཞེས་བྱ་བ་ལ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ཟག་པ་དང་ཟག་པ་མེད་པ་ལ་སོགས་པའི་ཆོས་ཐམས་ཅད་མ་ལུས་པར་ཤེས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་

ཤེས་ལ་བྱ་སྟེ། རིག་པའི་གནས་ལྔ་ལ་མཁས་པར་བྱས་ན་མཇུག་ཏུ་འབྲས་བུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་ཏེ། དེ་བས་ན་འབྲས་བུ་ཐོབ་པས་འཕགས་སོ། །སེམས་ཅན་རྣམ་པར་སྨིན་པར་བྱེད་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། ཏིང་ངེ་འཛིན་གྱི་རང་བཞིན་དང་། ཏིང་ངེ་

འཛིན་གྱིས་ཡོངས་སུ་ཟིན་པའི་རིག་པའི་གནས་ལྔ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དེ། ཇི་ལྟ་ཞེ་ན། ཏིང་ངེ་འཛིན་གྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། བསྟན་པའི་ཆོ་འཕྲུལ་དང་། རྗེས་སུ་གདམས་པའི་ཆོ་འཕྲུལ་གྱིས་སེམས་ཅན་གྱི་དོན་བསྒྲུབ་པའི་ཕྱིར་རོ། །དམ་པའི་ཆོས་གཟུང་

བར་བྱ་བ་ལ་ཞེས་བྱ་བ་ལ་སོགས་པ་ལ། དོན་དང་ཚིག་མི་བརྗེད་པའི་གཟུངས་ཀྱིས་ཡོངས་སུ་ཟིན་ཅིང་། གཟུངས་ཀྱི་སྒོའི་རང་བཞིན་གྱི་རིག་པའི་གནས་ལྔ་ནི་དམ་པའི་ཆོས་ཡོངས་སུ་ཟིན་པར་བྱེད། ཇི་ལྟ་ཞེ་ན། གཟུངས་ཀྱིས་ཐེག་པ་གསུམ་གྱི་དོན་དང་། ཚིག་མི་བརྗེད་པའི་ཕྱིར་རོ། །

འཇིག་རྟེན་ཤེས་པ་ལ་ཚིགས་སུ་བཅད་པ་བཞི་སྟེ་ཞེས་བྱ་བ་ལ། གཙུག་ལག་ཤེས་པའི་སྐབས་ཀྱི་འོག་ཏུ་འཇིག་རྟེན་ཤེས་པའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་སྙམ་ན། དེ་ལྟར་རིག་པའི་གནས་ལྔ་ལ་མཁས་པར་གྱུར་ཀྱང་གཙུག་ལག་ཐམས་ཅད་ལ་མི་ཤེས་སོ་སྙམ་པའི་འཇིག་པ་མི་

Vol. 126 · folio 94a

འབྱུང་ངོ་། །དེ་ལྟར་གཙུག་ལག་ཐམས་ཅད་ལ་འཇིགས་པ་མེད་པ་དེ་ནི་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་ཡང་མཁས་ཤིང་། འཇིག་རྟེན་གྱི་རང་བཞིན་གང་ཡིན་པ་ཡང་ཤེས་ལ། འཇིག་རྟེན་པ་གང་ལ་ཆོས་གང་བསྟན་པ་བྱས་པ་ཡང་ཤེས་ནས་དེ་བཞིན་དུ་སྟོན་པར་བྱེད་དེ།

དེ་བས་ན་གཙུག་ལག་ཤེས་པའི་འོག་ཏུ་འཇིག་རྟེན་ཤེས་པ་བཤད་པར་འབྲེལ་ཏོ། །དེ་ལ་རྣམ་པ་གསུམ་ལྟར་ཤེས་ན་འཇིག་རྟེན་ཤེས་པ་ཞེས་བྱ་སྟེ། རྣམ་པ་གསུམ་ནི་འཇིག་རྟེན་གྱི་ཐ་སྙད་ཤེས་པ་དང་། འཇིག་རྟེན་འབྱུང་བ་ཤེས་པ་དང་། འཇིག་རྟེན་འགག་པ་ཤེས་པའོ། །ལུས་དང་ངག་

གི་རྣམ་པ་དག །བདེན་པ་ཤེས་པ་མཉམ་མེད་པ། །བསྟན་པ་རྣམས་ཀྱིས་འཇིག་རྟེན་ཤེས། །གཞན་དག་ལས་ནི་ཁྱད་ཞུགས་སོ། །ཞེས་བྱ་བ་ལ། འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དག་ལ་ཡང་འཇིག་རྟེན་ཤེས་པ་ཡོད་མོད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་དང་

ངག་གི་རྣམ་པས་འཇིག་རྟེན་ཤེས་པ་དང་། བདེན་པ་བཞི་ཤེས་པས་འཇིག་རྟེན་ཤེས་པ་གཞན་དང་མི་མཚུངས་པས་ན་ཉན་ཐོས་ལ་སོགས་པ་གཞན་ལས་ཁྱད་ཞུགས་པ་ཞེས་བྱའོ། །དེ་ལ་ལུས་ཀྱི་རྣམ་པ་ནི་ལུས་ཀྱི་ཚུལ་བྱ་སྟེ། ལུས་ཀྱི་ཚུལ་གྱིས་འཇིག་རྟེན་རྣམས་དགའ་བ་དང་མགུ་བར་བྱེད་

པའོ། །ངག་གི་རྣམ་པ་ནི་ངག་གི་ཚུལ་ལ་བྱ་སྟེ། ངག་གི་ཚུལ་གྱིས་འཇིག་རྟེན་རྣམས་དགའ་བ་དང་མགུ་བར་བྱེད་པ་སྟེ། དེ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་སྒོ་ནས་འཇིག་རྟེན་ཤེས་པ་ཡིན་ནོ། །གཞན་ཡང་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཤེས་ན་འཇིག་རྟེན་ཤེས་

པ་ཞེས་བྱའོ། །ཇི་ལྟར་ལུས་ཀྱིས་ཤེས་ཤེ་ན་ཞེས་བྱ་བ་ནི་ལུས་ཀྱི་སྒོ་ནས་འཇིག་རྟེན་དགའ་བར་བྱ་བ་དང་མགུ་བར་བྱ་བ་ཇི་ལྟ་བུ་ཡིན་ཞེ་ན་ཞེས་བྱ་བའི་དོན་ཏོ། །བརྟན་པ་རྣམས་རྟག་ཏུ་འཛུམ་པར་མཛད་ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་གང་ཟག་བླ་མ་དང་། བདག་དང་འདྲ་བ་

དང་། །བདག་པས་དམན་པ་རྣམས་དང་ཕྲད་ན་ལུས་ཀྱི་སྒོ་ནས་གཞན་འཛུམ་པ་སྟོན་པ་དང་། ལྡང་བ་དང་། ཕྱག་འཚལ་བ་ལ་སོགས་པའི་ལས་བྱེད་པ་ནི་ལུས་ཀྱི་སྒོ་ནས་འཇིག་རྟེན་དགའ་བར་བྱ་བ་ཤེས་པའོ། །ཇི་ལྟར་ངག་གིས་ཤེ་ན་ཞེས་བྱ་བ་ནི་ངག་གི་སྒོ་ནས་ཇི་ལྟར་འཇིག་རྟེན་མགུ་བར་

Vol. 126 · folio 94b

བྱ་ཞེ་ན་ཞེས་བྱ་བའི་དོན་ཏོ། །བརྟན་པ་རྣམས་ཀྱིས་སྔར་སྨྲ་བའོ། །ཞེས་བྱ་བ་ལ། གང་ཟག་བླ་མ་དང་། མཉམ་པ་དང་། དམན་པ་རྣམས་དང་ཕྲད་ན་དང་པོ་ཉིད་དུ་བདེ་བར་འོངས་སམ་ཞེས་བྱ་བ་ལ་སོགས་པའི་ཚིག་གསེང་བོར་སྨྲ་བ་ནི་ངག་གི་སྒོ་ནས་གཞན་དགའ་བར་བྱེད་པའོ། །ཅིའི་ཕྱིར་ཞེ་ན།

ཞེས་བྱ་བ་ནི་བཞིན་འཛུམ་པ་དང་། ཚིག་གསོང་བོར་སྨྲ་བ་ལ་སོགས་པའི་སྒོ་ནས་འཇིག་རྟེན་དགའ་བ་དང་མགུ་བར་བྱེད་པ་དེའང་ཅིའི་ཕྱིར་དེ་ལྟར་བྱ་ཞེ་ན་ཞེས་བྱ་བའི་དོན་ཏོ། །སེམས་ཅན་རྣམས་ནི་སྣོད་འགྱུར་ཕྱིར། །ཞེས་བྱ་བ་ལ། འདུལ་བའི་སེམས་ཅན་རྣམས་དམ་པའི་ཆོས་ཀྱི་སྣོད་དུ་བྱ་

བའི་ཕྱིར། ལུས་དང་ངག་གི་སྒོ་ནས་སེམས་ཅན་དགའ་བ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དོན་གང་གིས་སྣོད་དུ་འགྱུར་བའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་སེམས་ཅན་རྣམས་སྣོད་དུ་བྱ་བའི་ཕྱིར་ཞེས་བཤད་ན། ཆོས་གང་གི་སྣོད་དུ་བྱ་བའི་ཕྱིར་དགའ་བ་དང་མགུ་བ་སྐྱེད་ཅེ་ན་ཞེས་བྱ་བའི་དོན་ཏོ། །

དམ་ཆོས་བསྒྲུབ་པར་བྱ་བའི་ཕྱིར། །ཞེས་བྱ་བ་ལ། ཐེག་པ་ཆེན་པོའི་དོན་རྟོགས་ཤིང་། དེ་བསྒྲུབ་ཏུ་གཞུག་པའི་སྣོད་དུ་འགྱུར་བར་བྱ་བའི་ཕྱིར་ལུས་དང་ངག་གི་སྒོ་ནས་གཞན་ལ་དགའ་བར་བྱེད་དོ། །འདི་ཡན་ཆད་ཀྱི་ཐ་སྙད་ཤེས་པའི་སྒོ་ནས་འཇིག་རྟེན་ཤེས་པར་བསྟན་ཏོ། །ཇི་ལྟར་ན་བདེན་

པ་རྣམས་ཤེས་ཤེ་ན་ཞེས་བྱ་བ་ནི་བདེན་པ་བཞི་ཤེས་ན་ཡང་འཇིག་རྟེན་ཤེས་པ་བརྟན་པ་ལ། ཇི་ལྟར་ཤེས་ན་བདེན་པ་བཞི་ཤེས་པ་ཡིན་ཞེ་ན་ཞེས་པའི་དོན་ཏེ། དེ་ཡང་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་ན་བདེན་པ་བཞི་ཤེས་པར་གཞག་གོ། །བདེན་པ་རྣམ་པ་གཉིས་ལས་ནི། །འཇིག་

རྟེན་རྣམས་ཀྱང་རྟག་འབྱུང་དང་། །ཞེས་བྱ་བ་ལ། འཇིག་རྟེན་འབྱུང་བ་ཤེས་པ་ནི་སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་གཉིས་ལས་འཇིག་རྟེན་འབྱུང་བར་ཤེས་ནས་འབྱུང་བ་ཤེས་པ་ཡིན་ནོ། །གཉིས་པོ་དེ་ཡིས་འགོག་ཤེས་པ། །ཞེས་བྱ་བ་ལ། འགོག་པའི་བདེན་པ་

དང་། ལམ་གྱི་བདེན་པ་གཉིས་ལས་འཇིག་རྟེན་འགོག་པར་ཤེས་པ་ནི་འཇིག་རྟེན་འགོག་པར་ཤེས་པའོ། །དེའི་ཕྱིར་འཇིག་རྟེན་ཤེས་ཞེས་བྱ་བ་ལ། བདེན་པ་གཉིས་ལས་ནི་འཇིག་རྟེན་འབྱུང་བར་ཤེས། བདེན་པ་གཉིས་ཀྱིས་ནི་འཇིག་རྟེན་འགོག་པར་ཤེས་པས་ན་འཇིག་རྟེན་ཤེས་པ་ཞེས་

Vol. 126 · folio 95a

བྱའོ། །བདེན་པ་གཉིས་ཀྱིས་འཇིག་རྟེན་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་གཉིས་ཀྱིས་ནི་འཇིག་རྟེན་འབྱུང་བ་ཤེས་ཏེ། འདི་ལྟར་འཁོར་བ་ཡང་ནས་ཡང་དུ་འབྱུང་བས་ནི་གང་སྐྱེ་བ་དང་གང་གིས་བསྐྱེད་པ་ནི་འཇིག་རྟེན་འབྱུང་བའོ། །

དེ་ལ་གང་སྐྱེ་བ་ནི་སྡུག་བསྔལ་གྱི་བདེན་པ་སྐྱེའོ། །གང་གིས་སྐྱེད་པ་ནི་ཀུན་འབྱུང་གི་བདེན་པས་སྐྱེད་དོ། །གཉིས་ཀྱིས་འགོག་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། བདེན་པ་གཉིས་ཀྱིས་ནི་འཇིག་རྟེན་འགོག་པར་ཤེས་ཏེ། དེའང་འགོག་པ་དང་ལམ་གྱི་བདེན་པའོ། །དེའང་གང་འགོག་པ་དང་

གང་གིས་འགོག་པ་སྟེ། གང་འགོག་པ་ནི་འགོག་པའི་བདེན་པས་སྡུག་བསྔལ་རྣམས་འགོག་གོ། །གང་གིས་འགོག་པ་ནི་ལམ་གྱི་བདེན་པས་འགོག་པ་སྟེ། བདེན་པ་གཉིས་ཀྱིས་འཇིག་རྟེན་འབྱུང་བར་ཤེས་པ་དང་། བདེན་པ་གཉིས་ཀྱིས་འཇིག་རྟེན་འགོག་པར་ཤེས་པ་ནི་འཇིག་རྟེན་ཤེས་པ་

ཞེས་བྱའོ། །བསྐལ་པ་སྡུག་བསྔལ་དང་ཀུན་འབྱུང་ནི་འཇིག་རྟེན་གྱི་རང་བཞིན་ཡིན་པས། དེ་ཤེས་ཞེས་བྱ་བ་ནི་འཇིག་རྟེན་ཤེས་པ་ཞེས་བྱ་བར་རིགས་ན། འགོག་པ་དང་ལམ་ལྟ་བུར་འཇིག་རྟེན་ལས་འདས་པའི་ཆོས་ཡིན་ན། དེ་ཤེས་པ་ལ་འཇིག་རྟེན་ཤེས་བྱ་བར་རིགས་ཤེ་ན་དེའི་ལན་དུ་

སྨྲས་པ། འཇིག་རྟེན་སྐྱེ་བ་དང་། འགོག་པར་འགྱུར་བ་ཤེས་པ་དང་ལྡན་པས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུག་བསྔལ་དང་ཀུན་འབྱུང་ཞེས་བྱ་བ་ལ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉིད་ལ་བྱ་བར་ཟད་པ། འགོག་པ་དང་ལམ་ཞེས་བྱ་བ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉིད་ལ་

གནས་ཀྱི། དེ་ལས་ལོགས་ཤིག་ན་མི་གནས་པས་ན་བདེན་པ་བཞི་ཤེས་པ་དང་། འཇིག་རྟེན་གྱི་རང་བཞིན་ཐམས་ཅད་ཤེས་པར་འགྱུར་རོ། །ཞི་བར་བྱ་དང་ཐོབ་བྱའི་ཕྱིར། །བློ་ལྡན་དེ་དག་བདེན་ལ་བརྩོན། །གང་ཕྱིར་བདེན་པ་ཤེས་པ་ཡི། །བློ་ལྡན་འཇིག་རྟེན་ཤེས་ཞེས་བྱ། །ཞེས་བྱ་བ་

ལ། དེ་ལ་བདེན་པ་བཞི་ཤེས་པར་བྱ་བ་ཡང་། སྡུག་བསྔལ་དང་ཀུན་འབྱུང་ཞི་བར་བྱ་བ་དང་། འགོག་པ་དང་ལམ་གཉིས་ཐོབ་པར་བྱ་བའི་ཕྱིར་བདེན་པ་བཞིས་བརྩོན་པར་བྱེད་དེ། སྡུག་བསྔལ་དང་ཀུན་འབྱུང་ཞི་བར་བྱེད་དེ། འགོག་པ་དང་ལམ་ཐོབ་པར་བྱེད་པ་ནི་འཇིག་རྟེན་

Vol. 126 · folio 95b

ཤེས་པའི་ལས་སོ། །དེ་ལྟར་བདེན་པ་བཞི་ཤེས་ན་འཇིག་རྟེན་པའི་རང་བཞིན་ཐམས་ཅད་མ་ལུས་པར་ཤེས་པས་བདེན་བཞི་ཤེས་ན་འཇིག་རྟེན་ཤེས་པ་ཞེས་བྱའོ། །སོ་སོར་རྟོན་པ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་གསུམ་སྟེ་ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་གཙུག་ལག་ཀྱང་ཤེས་ལ་

འཇིག་རྟེན་གྱི་ཐ་སྙད་དང་། འཇིག་རྟེན་འབྱུང་བ་དང་། འཇིག་རྟེན་འགོག་པ་ཤེས་ཏེ། འཇིག་རྟེན་སྐྱབས་དང་མགོན་གྱི་རྟེན་དུ་འགྱུར་ཏེ། དེ་བས་ན་འཇིག་རྟེན་ཤེས་པའི་སྐབས་ཀྱི་འོག་ཏུ་སོ་སོར་རྟོན་པའི་སྐབས་བཤད་པར་འབྲེལ་ལོ། །དེ་ལ་སོ་སོར་རྟོན་པ་ནི་བཞི་སྟེ། ཆོས་ལ་རྟོན་གྱི་

གང་ཟག་ལ་མ་ཡིན་པ་དང་། དོན་ལ་རྟོན་གྱི་ཚིག་ལ་མ་ཡིན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་བཀྲི་བའི་དོན་གྱི་མདོ་སྡེ་ལ་མ་ཡིན་པ་དང་། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མ་ཡིན་པའོ། །ཞལ་ནས་གསུངས་པའི་ཆོས་སྟོན་དང་། །ཞེས་བྱ་བ་ལ། དྲང་སྲོང་ཆེན་པོ་

སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཤད་པའི་གསུང་རབ་ལས་ཇི་སྐད་འབྱུང་བ་བཞིན་དུ་དེའི་རྗེས་སུ་འབྲང་གི་གང་ཟག་སོ་སོ་ཐ་དད་པ་མི་མཐུན་པ་སྟོན་པའི་ཚིག་ལ་མི་སྙེགས་པ་ནི་ཞལ་ནས་གསུངས་པའི་ཆོས་སྟོན་པར་ཞེས་བྱ་སྟེ། འདི་ནི་ཆོས་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པ་ཞེས་བསྟན་

ཏོ། །དགོངས་པ་ཡི་ནི་དོན་རྣམས་དང་། །ཞེས་བྱ་བ་ལ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ལ་ཡང་རྣམ་པ་གཉིས་ཏེ། དོན་དང་ཚིག་གོ། །དེ་ལ་ཕ་བསད་མ་བསད་དགྲ་བཅོམ་པ་བསད་ན་འཚང་རྒྱའོ་ཞེས་བཤད་པ་ལ་སོགས་པ་དེའི་དོན་ཡིན་པ་ལ་རྟོག་པར་བྱེད་ཀྱི། །

ཕ་བསད་མ་བསད་འཚང་རྒྱ་བར་འགྱུར་བར་ཚིག་ཐད་ཀར་རྗེས་སུ་སྙེགས་པར་མི་བྱེད་པ་ནི་དགོངས་པའི་དོན་ལ་རྟོན་པ་ཞེས་བྱ་སྟེ། དེས་ནི་དོན་ལ་རྟོན་གྱི་ཚིག་ལ་མི་རྟོན་པ་བསྟན་ཏོ། །དེ་ལ་དགོངས་པའི་དོན་ནི་ཕ་ཞེས་བྱ་བ་མ་རིག་པ་ལ་བྱ་བར་དགོངས། མ་ཞེས་བྱ་བ་འདོད་ཆགས་ལ་བྱ་

བར་དགོངས་ཞེས་རྟོག་པ་ནི་དགོངས་པའི་དོན་ལ་རྟོན་པ་ཡིན་ནོ། །ཚད་མར་གྱུར་པས་བཤད་པའི་དོན། །ཞེས་བྱ་བ་ལ། མདོ་སྡེ་ལ་ཡང་རྣམ་པ་གཉིས་ཏེ། ངེས་པའི་དོན་གྱི་མདོ་སྡེ་དང་། བཀྲི་བའི་དོན་གྱི་མདོ་སྡེའོ། །དེ་ལ་ཚད་མར་གྱུར་པ་ནི་སངས་རྒྱས་བཅོམ་ལྡན་འདས་ལྟ་

Vol. 126 · folio 96a

བུའམ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཚད་མར་གྱུར་པའི་གང་ཟག་བྱང་ཆུབ་སེམས་དཔའ་འམ། ཉན་ཐོས་ཆེན་པོའམ། དེ་བཞིན་གཤེགས་པས་ལུང་བསྟན་པ་སློབ་དཔོན་ཀླུ་སྒྲུབ་ལ་སོགས་པ་ལྟ་བུས་གཉིས་སུ་མེད་པར་བཤད་པའི་དོན་ལ་རྟོན་པ་ནི་ཚད་མར་

གྱུར་པས་བཤད་པའི་དོན་ལ་རྟོན་པ་ཞེས་བྱ་སྟེ། འདིས་ནི་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་བཀྲི་བའི་དོན་གྱི་མདོ་སྡེ་ལ་མི་རྟོན་པ་བསྟན་ཏེ། ཕུང་པོ་དང་ཁམས་ལ་སོགས་པ་ཡོད་པར་བཤད་པ་ལ་མི་རྟོན་པའི་ཕྱིར་རོ། །བརྗོད་དུ་མེད་པ་ཐོབ་པའོ། །ཞེས་བྱ་བ་ལ། བརྗོད་དུ་མེད་པ་ཡིན་ནི་འཇིག་

རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཡེ་ཤེས་དེ་རྟོག་པ་ཐམས་ཅད་དང་བྲལ་བ་དང་ཚིག་གི་སྤྱོད་ཡུལ་མ་ཡིན་པས་ན་བརྗོད་དུ་མེད་པ་ཞེས་བྱའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་འབད་ཅིང་རྩོལ་བར་བྱེད་ཀྱི་ཟག་པ་དང་བཅས་པའི་རྣམ་པར་ཤེས་པ་

བརྒྱད་ཀྱི་རྗེས་སུ་མི་འབྲང་ཞིང་དེ་ལ་ཆགས་པ་མེད་པ་ནི་བརྗོད་དུ་མེད་པ་ཐོབ་པ་ལ་རྟོན་པ་ཞེས་བྱ་སྟེ། འདིས་ནི་ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མི་རྟོན་པར་བསྟན་ཏོ། །གང་ཚད་མར་གྱུར་པས་བཤད་ཅིང་རྣམ་པར་ཤེས་པས་སྟོན་པའམ་ཞེས་བྱ་བ་ལ། ཚད་མར་གྱུར་པ་ནི་སངས་

རྒྱས་བཅོམ་ལྡན་འདས་ཏེ། དེས་བཤད་ཅིང་སྟོང་པ་ཉིད་ཀྱི་མཚན་ཉིད་མ་ནོར་བར་ཕྱེ་བ་ནི་ངེས་པའི་དོན་གྱི་མདོ་སྡེ་ཞེས་བྱའོ། །དེས་ཚད་མར་བྱས་པ་ཞེས་པ་ལ། དེས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚད་མར་གཞག་པའི་གང་ཟག་བྱང་

ཆུབ་སེམས་དཔའ་འམ། ཉན་ཐོས་ལ་སོགས་པ་སྟོང་པ་ཉིད་བཤད་པའི་དོན་ལ་ཡང་ངེས་པའི་དོན་གྱི་མདོ་སྡེ་ཞེས་བྱ་བའི་དོན་ཏོ། །བརྗོད་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་སེམས་ཀྱི་རྟོག་པའི་སྤྱོད་ཡུལ་ལས་ཀྱང་འདས་ཤིང་། ཚིག་གིས་ཀྱང་

བརྗོད་དུ་མི་ནུས་པས་ན་བརྗོད་དུ་མེད་པ་ཞེས་བྱའོ། །ཚིགས་སུ་བཅད་པ་དེས་སོ་སོར་རྟོན་པའི་མཚན་ཉིད་བསྟན་ཏོ། །ཡང་ན་གང་ཟག་གི་རྗེས་སུ་འབྲང་བ་ནི་ཇི་ལྟ་བུ་ཆོས་ཀྱི་རྗེས་སུ་འབྲང་བ་ཡང་ཇི་ལྟ་བུ་ཞེ་ན། གང་ཟག་ཀྱང་ཡོད་པར་བལྟས། ཆོས་ཀྱང་ཡོད་པར་བལྟས་ནས་

Vol. 126 · folio 96b

གང་ཟག་འདིས་དགེ་བ་བྱས་ན་ནི་བདེན་པ་མཐོང་བར་འགྱུར། མི་དགེ་བ་བྱས་ན་ནི་སྡུག་བསྔལ་མཐོང་བར་འགྱུར་རོ་ཞེས་ལྟ་བ་ནི་གང་ཟག་གི་རྗེས་སུ་འབྲང་བ་ཞེས་བྱའོ། །གང་ཟག་དང་ཆོས་གཉི་ག་རང་བཞིན་མེད་པར་ཁོང་དུ་ཆུད་པས་གཉི་ག་ལ་མི་ལྟ་བ་ནི་ཆོས་ཀྱི་རྗེས་སུ་འབྲང་

བ་ཞེས་བྱ་སྟེ། དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་ཆོས་ནི་གང་། གང་ཟག་ནི་གང་ཞེ་ན། གང་ཟག་ཏུ་ལྟ་བ་ལ་གནས་ཏེ། ཆོས་ཁ་ཅིག་ལ་རྩོམ་པ་འདི་ནི་གང་ཟག་ཅེས་བྱའོ། །གང་ཟག་ཏུ་ལྟ་བ་དེའི་རྩོམ་པ་ཡོངས་སུ་ཤེས་པ་དེ་ནི་ཆོས་ཉིད་ཅེས་

བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལ་དོན་ནི་གང་། ཚིག་ནི་གང་ཞེ་ན། འཇིག་རྟེན་ལས་འདས་པའི་ཆོས་ནི་དོན་ཏེ། དེ་ལ་རྟོན་པ་ནི་དོན་ལ་རྟོན་པ་ཞེས་བྱའོ། །འཇིག་རྟེན་གྱི་ཆོས་ཐམས་ཅད་ནི་ཚིག་ཅེས་བྱ་སྟེ། དེ་ལ་རྟོན་པ་ནི་ཚིག་ལ་རྟོན་པ་ཞེས་བྱའོ། །དེ་བས་ན་

འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་དོན་ནི་གང་། ཡི་གེ་ནི་གང་ཞེ་ན། ཡི་གེ་ཞེས་བྱ་བ་ནི་གང་འཇིག་རྟེན་གྱི་ཆོས་དང་། བྱ་བ་ལ་འཇུག་པ་བསྟན་པའོ། །དོན་ཅེས་བྱ་བ་ནི་གང་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པའོ་ཞེས་གསུངས་སོ། །ཡང་ན་ཀུན་

རྫོབ་ཀྱི་ཆོས་ཐམས་ཅད་ལ་ནི་ཆོས་ཞེས་བྱའོ། །དོན་དམ་པའི་ཆོས་ཐམས་ཅད་ལ་ནི་དོན་ཞེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། ཡི་གེ་ཞེས་བྱ་བ་ནི་གང་སྦྱིན་པ་དང་། དུལ་བ་དང་། སྡོམ་པ་དང་། ངེས་པ་བསྟན་ཏོ། །དོན་ཅེས་བྱ་བ་ནི་སྦྱིན་པ་

དང་། དུལ་བ་དང་། སྡོམ་པ་དང་། ངེས་པའི་མཉམ་པ་ཉིད་ཤེས་པའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལ་ངེས་པའི་དོན་གྱི་མདོ་སྡེ་ནི་ཇི་ལྟ་བུ། དྲང་པོའི་དོན་གྱི་མདོ་སྡེ་ནི་ཇི་ལྟ་བུ་ཞེ་ན། མྱ་ངན་ལས་འདས་པའི་འབྲས་བུའམ། ཆོས་ཀྱི་དོན་རྟོགས་པར་བྱ་

བའི་ལམ་དང་ཐབས་སུ་བསྟན་པ་རྣམས་ནི་དྲང་བའི་དོན་གྱི་མདོ་སྡེ་ཞེས་བྱའོ། །གང་འབྲས་བུའི་ཆོས་གང་ཡིན་པ་ཉིད་དང་། ཆོས་ཀྱི་དོན་ཉིད་སྟོན་པ་ནི་ངེས་པའི་དོན་གྱི་མདོ་སྡེ་ཞེས་བྱའོ། །ཡང་ན་ཀུན་རྫོབ་ཀྱི་ཆོས་སྟོན་པ་ནི་བཀྲི་བའི་དོན་གྱི་མདོ་སྡེ་ཞེས་བྱའོ། །དོན་དམ་

Vol. 126 · folio 97a

པའི་མཚན་ཉིད་བསྟན་པ་ནི་ངེས་པའི་དོན་གྱི་མདོ་སྡེ་ཞེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་ངེས་པའི་དོན་གྱི་མདོ་སྡེ་ནི་གང་། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་གང་ལམ་ལ་འཇུག་པར་བསྟན་པ་དེ་དག་ནི་དྲང་བའི་དོན་

ཅེས་བྱའོ། །མདོ་གང་འབྲས་བུ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ། །མདོ་གང་ཀུན་རྫོབ་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་གང་དོན་དམ་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེ་ལ་རྣམ་

པར་ཤེས་པ་ནི་གང་ཡེ་ཤེས་ནི་གང་ཞེ་ན། འདོད་པའི་ཁམས་ཀྱི་སེམས་ཅན་གྱི་རྣམ་པར་ཤེས་པ་ནི་གཟུགས་ཀྱི་ཕུང་པོ་ལ་རྟེན་ཏོ། །གཟུགས་ཀྱི་ཁམས་ཀྱི་སེམས་ཅན་གྱི་རྣམ་པར་ཤེས་པ་ནི་ཚོར་བའི་ཕུང་པོ་ལ་རྟེན་ཏོ། །གཟུགས་མེད་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་རྣམ་

ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་གསུམ་གྱི་སེམས་ཅན་གྱི་རྣམ་པར་ཤེས་པ་ནི་འདུ་ཤེས་ཀྱི་ཕུང་པོ་ལ་རྟེན་ཏོ། །ཅུང་ཟད་མེད་མིན་སྐྱེ་མཆེད་ཀྱི་སེམས་ཅན་གྱི་རྣམ་པར་ཤེས་པ་ནི་འདུ་བྱེད་ཀྱི་ཕུང་པོ་ལ་རྟེན་ཏོ། །འདི་ནི་རྣམ་པར་ཤེས་པ་ཞེས་བྱའོ། །རྣམ་པར་

ཤེས་པ་དེ་དག་རང་བཞིན་གྱིས་སྟོང་པར་ཁོང་དུ་ཆུད་ཅིང་གཟུགས་ལ་སོགས་པའི་ཡུལ་ལ་མི་རྟོག་པ་ནི་ཡེ་ཤེས་ཞེས་བྱ་སྟེ། དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། རྣམ་པར་ཤེས་པ་ནི་གང་། ཡེ་ཤེས་ནི་གང་ཞེ་ན། རྣམ་པར་ཤེས་པ་ཞེས་བྱ་བ་ནི་རྣམ་པར་

ཤེས་པ་ལ་གནས་པ་བཞི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་ཤེས་པ་གནས་པ་ན་གཟུགས་ལ་ཉེ་བར་འགྲོ་ཞིང་གནས་སོ། །རྣམ་པར་ཤེས་པ་གནས་པ་ན་ཚོར་བ་ལ་ཉེ་བར་འགྲོ་བ་དང་། འདུ་ཤེས་ལ་ཉེ་བར་འགྲོ་བ་དང་། འདུ་བྱེད་ལ་ཉེ་བར་འགྲོ་ཞིང་གནས་པ་སྟེ། འདི་

ནི་རྣམ་པར་ཤེས་པ་ཞེས་བྱའོ། །དེ་ལ་ཡེ་ཤེས་གང་ཞེ་ན། གང་ཕུང་པོ་བཞི་ལ་གནས་པའི་རྣམ་པར་ཤེས་པའི་ཕུང་པོ་ཀུན་ཤེས་པ་སྟེ། འདི་ནི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སོ་སོར་རྟོན་པ་བཞི་བཤད་པ་ལ་དགོས་པ་ཅི་ཡོད་

Vol. 126 · folio 97b

ཅེ་ན་དེའི་ཕྱིར། སྨོད་པ་དང་ནི་ཇི་སྐད་གསུངས། །ཕྱིན་ཅི་ལོག་ཏུ་ཤེས་པ་དང་། །བརྗོད་པར་བཅས་པ་ཐོབ་པ་དང་། །འདིར་བདག་དགག་པར་བཤད་པའོ། །ཞེས་བྱ་བ་གསུངས་ཏེ། སོ་སོར་རྟོན་པ་བཞི་བཤད་པ་ཡང་གསུང་རབ་ལ་སྨོད་པའི་གང་ཟག་དགག་པ་དང་། ཇི་སྐད་དུ་

གསུངས་པ་འཛིན་པའི་གང་ཟག་དགག་པ་དང་། ཕྱིན་ཅི་ལོག་ཏུ་ཤེས་པའི་གང་ཟག་དགག་པ་དང་། བརྗོད་པ་དང་བཅས་པའི་ཡེ་ཤེས་ལ་ཆགས་པའི་གང་ཟག་དགག་པའི་ཕྱིར་སོ་སོར་རྟོན་པ་བཞི་བཤད་དོ། །དེ་ལ་སོ་སོར་རྟོན་པ་དང་པོ་ནི་བཅོམ་ལྡན་འདས་ཀྱི་ཞལ་ནས་

གསུངས་པའི་མདོ་སྡེ་ལ་མ་ཡིན་ནོ། །ནོར་རོ། །བདུད་ཀྱིས་སྨྲས་པའོ་ཞེས་སྨོད་པར་བྱེད་པའི་གང་ཟག་དགག་པར་བྱ་བ་གསུངས་ཏེ། གང་ཟག་སྐུར་བ་འདེབས་པ་རྣམས་ཀྱི་ཚིག་ནི་ཚད་མ་མ་ཡིན་གྱི་བཅོམ་ལྡན་འདས་ཀྱི་བཀའ་ཚད་མ་ཡིན་ཏེ། དེ་བས་ན་ཆོས་ཀྱི་རྗེས་སུ་འབྲང་བར་

བྱས་པའི་གང་ཟག་ལ་མ་ཡིན་ནོ་ཞེས་གསུངས་སོ། །སོ་སོར་རྟོན་པ་གཉིས་པ་ནི་མ་སྐྱེས་པ་དང་མ་བྱུང་བ་དང་། ཕ་བསད་པ་དང་མ་བསད་པ་ལ་སོགས་པའི་དོན་ལ་འབྲས་བུ་དང་སྒྲ་ཇི་བཞིན་དུ་འཛིན་གྱི། དེ་ལ་དགོངས་པའི་དོན་ལ་མི་རྟོག་པའི་གང་ཟག་དགག་པའི་ཕྱིར་གསུངས་ཏེ།

དེ་བས་ན་དོན་ལ་རྟོན་པར་བྱའི་ཚིག་ལ་ནི་མ་ཡིན་ཏེ་ཞེས་གསུངས་ཏེ། ཕ་བསད་མ་བསད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡང་། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པའི་ཚོགས་སྤང་བར་བྱ་བ་ལ་དགོངས་པ་ཡིན་གྱི། ཕ་དང་མ་དངོས་བསད་པར་བྱ་བ་ལ། ཇི་ལྟར་

ཚིག་ཐད་ཀར་དྲང་བ་ནི་མ་ཡིན་ནོ། །སོ་སོར་རྟོན་པ་གསུམ་པ་ནི་བཅོམ་ལྡན་འདས་ཀྱིས་སོ་སོའི་སྐྱེ་བོའི་གང་ཟག་དང་། དགྲ་བཅོམ་པའི་གང་ཟག་དང་། རང་སངས་རྒྱས་ཀྱི་གང་ཟག་དང་། གང་ཟག་གཅིག་འཇིག་རྟེན་དུ་འབྱུང་བ་ན་འཇིག་རྟེན་ཀུན་ལ་ཕན་པ་དང་བདེ་བར་

འགྱུར་ཏེ། གང་ཞེ་ན་དེ་བཞིན་གཤེགས་པའོ་ཞེས་གསུངས་པ་ལ་གང་ཟག་ཡོད་དོ་ཞེས་ལོག་པར་ཤེས་ནས་ཡོད་པའི་དོན་དུ་ལོག་པར་དྲངས་པ་དགག་པའི་ཕྱིར་གསུངས་ཏེ། དེ་བས་ན་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་བཀྲི་བའི་དོན་གྱི་མདོ་སྡེ་ལ་ནི་མ་ཡིན་ནོ་ཞེས་བཤད་

Vol. 126 · folio 98a

དོ། །དེ་ལ་གང་ཟག་ཡོད་པར་བཤད་པ་ནི་བཀྲི་བའི་དོན་ཏོ། །གང་ཟག་མེད་པར་བཤད་པ་ནི་ངེས་པའི་དོན་ཏོ། །གང་ཟག་མེད་པར་བཤད་པ་ཡང་བཅོམ་ལྡན་འདས་ཀྱིས་མདོ་གཞན་དག་ལས་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་སྟེ་ཞེས་བྱ་བ་

ལ་སོགས་པ་རྒྱ་ཆེར་གསུངས་པས་འདི་ཙམ་ལ་སེམས་ཅན་དང་། བདག་དང་། གང་ཟག་ཅེས་བྱ་བར་ཟད་ཀྱི། ཡང་དག་པར་ན་གང་ཟག་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །སོ་སོར་རྟོན་པ་བཞི་པས་ནི་གཟུང་བ་དང་འཛིན་པའི་བག་ཆགས་དང་བཅས་པ་སྔོན་པོ་དང་སེར་པོ་ལ་སོགས་

པའི་ཡུལ་ལ་རྣམ་པར་རྟོག་པའི་ཟག་པ་དང་བཅས་ཤིང་འཁོར་བའི་རྒྱུར་གྱུར་པའི་རྣམ་པར་ཤེས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་མ་ཡིན་པ་ལ་ཆགས་པ་དགག་པའི་ཕྱིར་གསུངས་ཏེ། དེ་བས་ན་ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མ་ཡིན་ནོ་ཞེས་གསུངས་སོ། །དད་དང་རྣམ་

པར་སྤྱོད་པ་དང་། །ཇི་བཞིན་གཞན་ལས་ཉན་པའི་ཕྱིར། །བརྗོད་དུ་མེད་པའི་ཡེ་ཤེས་ལས། །བློ་ལྡན་རྣམས་ནི་ཉམས་མི་འགྱུར། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་སོ་སོར་རྟོན་པ་བཞིའི་ཡོན་ཏན་བསྟན་ཏེ། སོ་སོར་རྟོན་པ་དང་པོས་ནི་ཞལ་ནས་གསུངས་པའི་ཆོས་ལ་དད་པར་

གྱུར་པས་ཉམས་པར་མི་འགྱུར་བའི་ཡོན་ཏན་བསྟན་ཏེ། གསུང་རབ་རྣམས་ལ་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེའམ། ནོར་ཏོ་ཞེས་སྐུར་པ་མི་འདེབས་ཤིང་ཞལ་ནས་གསུངས་པར་ཡིད་ཆེས་པས་བསོད་ནམས་མ་ཡིན་པ་མི་འཕེལ་བའི་ཕྱིར་ཉམས་པར་མི་འགྱུར་རོ། །སོ་སོར་རྟོན་

པ་གཉིས་པས་ནི་ཕ་བསད་མ་བསད་ཅེས་བྱ་བ་ལ་སོགས་པ་དགོངས་པ་བཞི་དང་། ལྡེམ་པོ་ངག་བཞི་ལས་ཕ་དང་མ་བསད་པ་ལ་སོགས་པ་ནི་འཇིག་རྟེན་ན་ཡང་ཁ་ན་མ་ཐོ་བར་བྱ་བ་ཡིན་ན་དེ་བཞིན་གཤེགས་པའི་གསུང་རབ་གཅིག་ཏུ་དཀར་བ་ལ་ཕ་བསད་པ་དང་མ་བསད་ན་འཚང་རྒྱ་བར་བཤད་

པ་སྒྲ་ཇི་བཞིན་གྱི་དོན་མ་ཡིན་གྱི། དགོངས་པ་གཞན་ཡོད་དོ། །བདག་ཉིད་ཀྱི་ཤེས་རབ་ཀྱིས་གང་ལ་དགོངས་པས་སྤྱོད་པ་ན་ཉམས་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། སྒྲ་ཇི་བཞིན་དུ་བཟུང་ནས་དགོངས་པ་ལོག་པར་དྲངས་པ་ནི་ཉམས་པར་འགྱུར་གྱི། དགོངས་པའི་དོན་ཕྱིན་ཅི་མ་ལོག་པར་

Vol. 126 · folio 98b

བཟུང་ན་ཉམས་པར་མི་འགྱུར་བའི་ཕྱིར་རོ། །སོ་སོར་རྟོན་པ་གསུམ་པས་ནི་སྟོང་པ་དང་བདག་མེད་པར་བཤད་པའི་ཆོས་དག་བདག་གིས་ཁོང་དུ་མ་ཆུད་ན་ང་རྒྱལ་མེད་པར་བྱས་ནས་དེའི་དོན་ཤེས་པ་དག་ལས་བདག་མེད་པ་དང་སྟོང་པའི་དོན་གྱི་ཚུལ་ཉན་པར་བྱེད་དེ། མཉན་ན་ངེས་པའི་དོན་གྱི་

མདོ་སྡེ་རྟོགས་པར་འགྱུར་བས་ན་ཉམས་པར་མི་འགྱུར་རོ། །སོ་སོར་རྟོན་པ་བཞི་པས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་འབད་ཅིང་རྩོལ་བར་བྱེད་ཀྱི་རྣམ་པར་ཤེས་པ་རྣམས་ལ་རྟེན་ཅིང་ཆགས་པར་མི་བྱེད་དེ། དེས་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མངོན་སུམ་དུ་

གྱུར་པའི་ཕྱིར་ཉམས་པར་མི་འགྱུར་རོ། །སོ་སོ་ཡང་དག་པར་རིག་པའི་ཚིགས་སུ་བཅད་པ་བཞི་སྟེ་ཞེས་བྱ་བ་ལ་སོ་སོར་རྟོན་པའི་སྐབས་བཤད་པའི་འོག་ཏུ་སོ་སོ་ཡང་དག་པའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། སོ་སོར་རྟོན་པ་བཞི་དང་ལྡན་ན་འཇིག་རྟེན་པ་རྣམས་ཀྱི་རྟེན་དུ་གྱུར་

པ་སྟེ། སོ་སོ་ཡང་དག་པར་རིག་པ་བཞིས་སེམས་ཅན་གྱི་དོན་དུ་ཆོས་སྟོན་པར་བྱེད་པས་ན་སོ་སོར་རྟོན་པའི་འོག་ཏུ་སོ་སོ་ཡང་དག་པར་རིག་པ་བཞི་བཤད་པ་འབྲེལ་ཏོ། །བྱང་ཆུབ་སེམས་དཔའི་མཉམ་མེད་པ། །སོ་སོ་ཡང་དག་རིག་པ་བཞི། །ཞེས་བྱ་བ་ལ། བྱང་ཆུབ་སེམས་

དཔའ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་ནི་བཞི་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་

ཡང་དག་པར་རིག་པ་བཞི་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སོ་སོ་ཡང་དག་པར་རིག་པ་བཞི་པས་འཕགས་ཤིང་ཁྱད་ཞུགས་པས་ན་མཉམ་པ་མེད་པ་ཞེས་བྱའོ། །རྣམ་གྲངས་མཚན་ཉིད་ཚིག་རྣམས་དང་། །ཡེ་ཤེས་ཤེས་པ་དེ་དག་འདོད། །ཅེས་བྱ་བ་ལ། ཆོས་གཅིག་ལ་

མིང་གི་རྣམ་གྲངས་དུ་ཡོད་པ་དང་། ཆོས་རྣམས་ལ་དགེ་བ་དང་མི་དགེ་བ་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་དུ་ཡོད་པ་ཤེས་པས་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་སྟེ། ཆོས་ཀྱི་མིང་གི་རྣམ་གྲངས་ཤེས་པ་ནི་དཔེར་ན་མ་རིག་པ་ལ་མིང་དུ་མ་རིག་པ་དང་། གཏི་མུག་

Vol. 126 · folio 99a

དང་། མི་ཤེས་པ་དང་། མུན་པ་དང་། མུན་ནག་ཅེས་བྱ་བ་ལ་སོགས་པའི་མིང་གི་རྣམ་གྲངས་དུ་ཡོད་པ་ཐམས་ཅད་ཤེས་པ་སྟེ། འདི་ནི་ཆོས་སོ་སོ་ཡང་དག་པར་རིག་པའི་མཚན་ཉིད་དོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། ཆོས་སོ་སོ་ཡང་

དག་པར་རིག་པ་གང་ཞེ་ན། གང་ཆོས་ཐམས་ཅད་ལ་རྗེས་སུ་འཇུག་པ་ཤེས་པ་སྟེ། དགེ་བ་དང་མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་ཞེས་བྱ་བ་ལ་སོགས་པ་

རྒྱ་ཆེར་གསུངས་སོ། །ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་ཐོགས་པ་མེད་པར་ཤེས་པ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་སྟེ། རང་གི་མཚན་ཉིད་ནི་སའི་རང་གི་མཚན་ཉིད་སྲ་བ་དང་། ཆུའི་རང་གི་མཚན་ཉིད་གཤེར་བ་ལ་སོགས་པའོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་དང་། སྡུག་

བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་སྟེ། འདི་ནི་དོན་སོ་སོ་ཡང་དག་པར་རིག་པའི་མཚན་ཉིད་དོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་དོན་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། གང་ཆོས་ཐམས་ཅད་ལ་དོན་དམ་པར་ཤེས་པ་སྟེ། ཆོས་ཤེས་པ་

དང་། སོ་སོར་རྟོག་པ་ཤེས་པ་དང་། རྗེས་སུ་འགྲོ་བ་ཤེས་པ་དང་། རྒྱུ་ཤེས་པ་དང་། རྐྱེན་ཤེས་པ་དང་། གཉིས་སུ་མེད་པ་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །སེམས་ཅན་སོ་སོའི་སྐད་དང་ཚིག་གི་རྣམ་པ་སྣ་ཚོགས་ལ་ཐོགས་པ་མེད་པར་ཤེས་པ་ནི་ངེས་

པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་སྟེ། ལྷ་དང་ཀླུ་ལ་སོགས་པ་སེམས་ཅན་ཀུན་གྱི་སྐད་ཤེས་པའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། གང་སེམས་ཅན་ཐམས་ཅད་ཀྱི་སྐད་ལ་འཇུག་པ་

ཤེས་པ་སྟེ། ལྷའི་སྐད་དང་། ཀླུའི་སྐད་དང་། དྲི་ཟ་དང་། ལྷ་མ་ཡིན་དང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །ཡང་ན་སྒྲའི་གཙུག་ལག་ཐམས་ཅད་ཀྱི་ཚིག་ལ་ཐོགས་པ་མེད་པར་ཤེས་པ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་སྟེ། དེ་བས་ན་འཕགས་

Vol. 126 · folio 99b

པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། གཞན་ཡང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་ཆོས་འདི་དག་འདི་ལྟ་བུར་བརྟག་པར་བྱ། ཆོས་འདི་དག་འདི་ལྟ་བུར་བརྟུལ་བར་བྱ། ཆོས་འདི་དག་འདི་ལྟ་བུར་མཚམས་སྦྱར་བར་བྱ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །

བསྐལ་པའམ་བསྐལ་པའི་མཐར་ཆོས་གཅིག་བཤད་པ་ལ་སོགས་ཏེ། བཤད་ཀྱང་ཚིག་ཟད་པར་མི་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱིས་བརྒལ་ཀྱང་རྒོལ་བ་ཀུན་གྱི་ལན་ཐེབས་པར་ནུས་པའི་ཡེ་ཤེས་དང་ལྡན་པ་ལ་སོགས་པ་ནི་སྤོབས་པ་སོ་སོ་ཡང་དག་པར་

རིག་པ་ཞེས་བྱ་སྟེ། དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། འདི་ལྟ་སྟེ། ཆགས་པ་མེད་པར་ལུང་བསྒོ་བ་ཤེས་པ་དང་། མ་ཚང་བ་མེད་པར་ལུང་བསྒོ་བ་བསྟན་པ་དང་། ཐོགས་པ་མེད་པར་ལུང་

བསྒོ་བ་བསྟན་པ་ཤེས་པ་དང་། སྤོབས་པ་མྱུར་བ་དང་། སྤོབས་པ་དྲང་བ་དང་། སྤོབས་པ་མགྱོགས་པ་དང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དང་པོ་ནི་རྣམ་གྲངས་ཤེས་པ་སྟེ་ཞེས་བྱ་བ་ལ། ཆོས་སོ་སོ་ཡང་དག་པར་རིག་པས་ནི་ཆོས་གཅིག་ལ་མིང་

གི་རྣམ་གྲངས་དུ་ཡོད་པ་ཤེས་པ་སྟེ། ཆོས་རྣམས་ལ་དགེ་བ་དང་མི་དགེ་བ་ལ་སོགས་པའི་རྣམ་གྲངས་དུ་ཡོད་པ་ཤེས་པའོ། །དོན་གང་གི་མིང་དེའིའོ་ཞེས་བྱ་བ་ལ། ཕུང་པོ་དང་ཁམས་ལ་སོགས་པའི་ཆོས་གང་ལ། མིང་གང་དང་གང་བཏགས་པའི་མིང་དེའི་དོན་ནི་གང་དང་

སྤྱིའི་མཚན་ཉིད་ཤེས་པ་ནི་དོན་ཤེས་པ་ཞེས་བྱའོ། །ལྗོངས་ཀྱིས་སྐད་དུ་ཐ་དད་པའོ་ཞེས་བྱ་བ་ལ། ལྷ་དང་མི་ལ་སོགས་པའི་སྐད་སྣ་ཚོགས་ཤེས་པ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །བདག་ཉིད་ཀྱི་སྤོབས་པའོ་ཞེས་བྱ་བ་ལ་མིང་དང་ཚིག་དང་།

ཡི་གེ་སྣ་ཚོགས་ཀྱིས་འཁོར་བའི་མཐའི་བར་དུ་ཆོས་བཤད་ཀྱང་ཟད་པར་མི་འགྱུར་བ་ནི་སྤོབ་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་སྟེ། ཚིག་དེ་དག་གིས་སོ་སོ་ཡང་དག་པར་རིག་པ་བཞིའི་མཚན་ཉིད་བསྟན་ཏོ། །དེ་ལ་སོ་སོ་ཡང་དག་པར་རིག་པ་ལྔ་ལ་སོགས་པར་མང་དུ་

Vol. 126 · folio 100a

མི་བཤད། གསུམ་པ་ལ་སོགས་པ་ཉུང་ངུ་ཡང་མི་བཤད་པར་ཅིའི་ཕྱིར་བཞི་ཁོ་ནར་གྲངས་ངེས་པར་བཤད་ཅེ་ན། དེའི་ཕྱིར། བསྟན་པ་ལ་ནི་རབ་བརྩོན་པའི། །གང་དང་གང་གིས་བསྟན་པ་ནི། །ཆོས་དང་དོན་དེ་རྣམ་པ་གཉིས། །ཚིག་དང་ཡེ་ཤེས་གཉིས་

སྟོན་པའོ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་སྨོས་སོ། །བྱང་ཆུབ་སེམས་དཔའ་འདུས་བྱས་དང་འདུས་མ་བྱས་དང་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་སེམས་ཅན་ལ་བསྟན་པ་ལ་ཞུགས་པ་ན་གང་སྟོན་པ་དང་། གང་གིས་སྟོན་པ་སྟེ། རྣམ་པ་གཉིས་ཀྱིས་སྟོན་

པས་ན་སོ་སོ་ཡང་དག་པར་རིག་པ་བཞི་ཁོ་ནར་བཤད་དེ་མི་མང་མི་ཉུང་ངོ་། །དེ་ལ་གང་འཆད་ཅིང་སྟོན་ཅེ་ན་ཆོས་དང་དོན་གཉིས་འཆད་དོ། །གང་གིས་འཆད་ཅིང་སྟོན་ཅེ་ན། ཚིག་དང་པོ་གཉིས་ཀྱིས་སྟོན་ཏེ། དོན་དུ་ན་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་

སོ་སོ་ཡང་དག་པར་རིག་པ་གཉིས་ཀྱིས་སྟོན་ཏེ་ཞེས་བྱ་བའི་དོན་ཏོ། །ཆོས་ནི་བསྟན་པ་དང་བཤད་པ་ལས་ཞེས་བྱ་བ་ལ་ཆོས་སྟོན་པ་ཡང་བྱང་ཆུབ་སེམས་དཔའ་དང་པོར་ཆོས་རྣམས་མདོ་ཙམ་དུ་བསྡུས་ནས་སྟོན་ཏེ། དེས་ན་དེའི་འོག་ཏུ་ཞིབ་ཏུ་ཕྱེ་ནས་འཆད་དོ། །དེ་ལ་མདོ་ཙམ་དུ་བསྟན་པ་ལ་

ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ཉིད་ཞིབ་ཏུ་ཕྱེ་སྟེ་བཤད་པ་ལ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །གཉིས་ཀྱང་རྣམ་ཀུན་ཤེས་བྱེད་ཕྱིར། །ཞེས་བྱ་བ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ནི་ཆོས་དང་དོན་གཉིས་སེམས་ཅན་ཀུན་ལ་ཤེས་པར་བྱེད་དེ།

ཇི་ལྟ་ཞེ་ན། སོ་སོའི་སྐད་གང་དང་གང་གིས་བསྟན་ན། བརྡ་ཕྲད་པར་འགྱུར་བའི་སྐད་དེ་དང་དེས་བཤད་པས་ཀུན་གྱི་ཁོང་དུ་ཆུད་པར་བྱེད་དོ། །བརྒལ་བ་ལ་ནི་ལན་གློན་པའི། །སོ་སོར་རིག་པ་རྣམ་པ་བཞི། །ཞེས་བྱ་བ་ལ། སྤོབས་པ་སོ་སོ་ཡང་དག་པར་རིག་པས་ནི་ཕས་ཀྱི་རྒོལ་བ་མུ་སྟེགས་

པ་ལ་སོགས་པ་དང་། འཁོར་རྣམས་ཀྱི་བརྒལ་བ་ཐམས་ཅད་ཀྱི་རྒོལ་བའི་ལན་གློན་པར་བྱེད་དེ། དེའི་ཕྱིར་ན་སོ་སོ་ཡང་དག་པར་རིག་པ་བཞི་ཉིད་དུ་གཞག་གོ་ཞེས་བྱ་བའི་དོན་ཏོ། །ཆོས་ནི་བསྟན་དང་བཤད་པའི་ཕྱིར། །ཞེས་བྱ་བ་ལ། མདོ་ཙམ་དུ་སྟོན་པ་ནི་དོན་སོ་སོ་ཡང་དག་

Vol. 126 · folio 100b

པར་རིག་པའོ། །དེ་ཉིད་ཞིབ་ཏུ་བཀྲོལ་ཏེ་བཤད་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ཚིག་གིས་བཤད་པས་ནི་ཞེས་བྱ་བ་ལ་སོགས་པ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ནི་ཆོས་དང་དོན་གཉིས་གཞན་གྱིས་ཤེས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་

ཀྱིས་བཤད་པ་ནི་ཞེས་བྱ་བ་ལ། སྤོབས་པ་སོ་སོ་ཡང་དག་པར་རིག་པས་ནི་རྒོལ་བ་རྣམས་ཀྱི་ལན་འདེབས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་གང་དང་གང་གིས་བཤད་པ་དེ་ཤེས་པའི་ཕྱིར་ཞེས་བྱ་བ་ལ་གོང་དུ་བཤད་པ་ལྟར་ན་གང་བཤད་པ་ནི་ཆོས་དང་དོན་བཤད་པའོ། །

གང་གིས་བཤད་ཅེ་ན་ངེས་པའི་ཚིག་དང་སྤོབས་པས་བཤད་དོ། །དེ་ཡང་ཇི་ལྟར་བཤད་ཅེ་ན་མདོར་བསྡུས་ཏེ་བཤད་པ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཡིན་ན། དེ་ཉིད་རྒྱས་པར་འཆད་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ནི་དེ་ཉིད་གཞན་ལ་བསྟན་ནས་གཞན་གྱིས་ཤེས་པར་བྱེད་པ་ནི་

ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །གཞན་གྱིས་བརྒལ་བའི་ལན་འདེབས་པར་བྱེད་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། དེའི་ཕྱིར་སོ་སོ་ཡང་དག་པར་རིག་པ་བཞི་ཉིད་དུ་བཤད་དོ། །སོ་སོ་རང་རིག་མཉམ་པ་ཉིད། །ཕྱིས་ཀྱང་རབ་ཏུ་ཤེས་པའོ། །ཐེ་ཚོམ་

ཐམས་ཅད་བསལ་བའི་ཕྱིར། །སོ་སོ་ཡང་དག་རིག་ཅེས་བྱའོ། །ཞེས་བྱ་བ་འདིས་སོ་སོ་ཡང་དག་པར་རིག་པ་བཞིའི་ངེས་པའི་ཚིག་དང་ལས་བསྟན་ཏོ། །དེ་ལ་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བའི་སྒྲས། རྒྱ་གར་སྐད་དུ་པྲ་ཏི་སི་བི་ཏ་ཞེས་འབྱུང་སྟེ། དེ་ལ་པྲ་ཏི་ཞེས་བྱ་བ་སོ་

སོར་ཞེས་བྱ་བའི་དོན་དུ་འགྲོ་སྟེ། དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱའོ། །སཾ་ཞེས་བྱ་བ་ནི་མཉམ་པ་ཉིད་ལ་བྱ་སྟེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྟོང་པ་ཉིད་ལ་བྱའོ། །བི་ཏ་ཞེས་བྱ་བ་ནི་ཤེས་པར་བྱ་སྟེ་དོན་དུ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མཉམ་པ་ཉིད་མངོན་

སུམ་དུ་བྱས་ནས་ཕྱིས་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་རྣམ་གྲངས་དང་། མཚན་ཉིད་ལ་སོགས་པ་གཞན་དུ་བསྟན་ནས་གཞན་གྱིས་དེ་དག་ཤེས་པར་བྱེད་གོ་བར་བྱེད་པས་ན་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་སྟེ། དེ་ནི་ངེས་པའི་ཚིག་གོ། །སོ་སོ་ཡང་དག་པར་རིག་པས་ཕུང་

Vol. 126 · folio 101a

པོ་དང་ཁམས་ལ་སོགས་པའི་ཆོས་ཀྱི་མཚན་ཉིད་ལ་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་དེ་འདི་ནི་ལས་སོ། །ཚོགས་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བཞི་སྟེ་ཞེས་བྱ་བ་ལ། ཚོགས་རྣམ་པར་དབྱེ་བའི་སྐབས་ཀྱི་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། དེ་ལྟར་སོ་སོ་

ཡང་དག་པར་རིག་པ་དང་ལྡན་པ་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་བསྒོམ་པར་བྱ་བའི་ཕྱིར། དེའི་རྟེན་དུ་གྱུར་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོགས་པར་བྱེད་དེ། དེ་བས་ན་སོ་སོ་ཡང་དག་པར་རིག་པ་བཤད་པའི་རྗེས་ལ་ཚོགས་ཀྱི་སྐབས་བཤད་པར་

འབྲེལ་ཏོ། །བྱང་ཆུབ་སེམས་དཔའི་ཚོགས་དག་ནི། །མི་མཉམ་བསོད་ནམས་ཡེ་ཤེས་སོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་ཚོགས་གང་ཡིན་པ་དང་། གང་གི་ཕྱིར་ཚོགས་སུ་གྱུར་པ་དེ་སྟོན་ཏེ། དེ་ལ་བྱང་ཆུབ་སེམས་དཔའི་ཚོགས་ནི་རྣམ་པ་གཉིས་ཏེ། བསོད་

ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་སོ། །བྱང་ཆུབ་སེམས་དཔའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསགས་པས་ནི་ཉན་ཐོས་ལ་སོགས་པའི་ཚོགས་ལས་འཕགས་པའི་ཕྱིར་མི་མཉམ་པ་ཞེས་བྱའོ། །དེ་བས་ན་དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང་།

བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ནི་ཕྱོགས་བཅུའི་ནམ་མཁའ་ལྟ་བུར་བལྟའོ། །ཉན་ཐོས་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ནི་ཡུངས་འབྲུ་སྲིན་བུས་ཟོས་པའི་ནང་གི་ནམ་མཁའི་ཁྱོན་ཙམ་དུ་བལྟའོ། །བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་ཚོགས་ནི་ཕྱོགས་བཞིའི་

རྒྱ་མཚོའི་ཆུ་ལྟ་བུར་བལྟའོ། །ཉན་ཐོས་ཀྱི་བསོད་ནམས་ཀྱི་ཚོགས་ནི་བའི་རྨིག་རྗེས་ཀྱི་ཆུ་ལྟ་བུར་བལྟའོ་ཞེས་གསུངས་སོ། །འདིས་ནི་ཚོགས་གང་ཡིན་པ་བསྟན་ཏོ། །གཅིག་ནི་འཁོར་བ་རྣམས་ལས་འབྱུང་། །ཞེས་བྱ་བ་ལ། གཅིག་ནི་བསོད་ནམས་ཀྱི་ཚོགས་ལ་བྱ་སྟེ། བསོད་ནམས་

ཚོགས་ཀྱིས་ནི་འཁོར་བ་སྐྱེ་བར་འཁོར་བ་ན་ཡང་སེམས་ཅན་ཀུན་ལས་འཕགས་པ་བརྒྱ་བྱིན་དང་ཚངས་པ་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའི་འབྱོར་པ་ཕུན་སུམ་ཚོགས་པ་འཐོབ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གཞན་ནི་འཁོར་བར་ཉོན་མོངས་པ། །ཞེས་བྱ་བ་ལ། བསོད་

Vol. 126 · folio 101b

ནམས་ཀྱི་ཚོགས་ལས་གཞན་པ་ནི་ཡེ་ཤེས་ཀྱི་ཚོགས་ལ་བྱ་སྟེ། ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་སེམས་ཅན་གྱི་དོན་དུ་བསམས་པ་བཞིན་དུ་འཁོར་བར་སྐྱེ་བ་ན་འཁོར་བའི་ཉེས་པས་མི་གོས་པར་བྱེད་དེ། ལས་དང་ཉོན་མོངས་པའི་དབང་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་གང་གི་ཕྱིར་

ཚོགས་བསགས་པ་བསྟན་ཏོ། །དེ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཚོགས་གཉིས་བསྡུས་པའམ། ཚོགས་གཉིས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྡུས་པར་བསྟན་པའི་ཕྱིར། སྦྱིན་པ་ཚུལ་ཁྲིམས་བསོད་ནམས་ཏེ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་སྨོས་སོ། །དེ་ལ་ཕ་རོལ་ཏུ་

ཕྱིན་པ་དྲུག་ལས་དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ནི་བསོད་ནམས་ཀྱི་ཚོགས་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྦྱིན་པས་ནི་ལོངས་སྤྱོད་ཆེན་པོར་འགྱུར་བར་བྱེད། ཚུལ་ཁྲིམས་ཀྱིས་ནི་ལྷ་དང་མིའི་ལུས་ཐོབ་པར་བྱེད་པའི་ཕྱིར་རོ། །

ཡེ་ཤེས་ཚོགས་ནི་ཤེས་རབ་པོ། །ཞེས་བྱ་བ་ལ། ཐ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ་ཤེས་ཀྱི་ཚོགས་ཞེས་བྱ་སྟེ། ཆོས་ཐམས་ཅད་སྟོང་པར་རྟོགས་པ་དང་། ཉོན་མོངས་པས་མི་གོས་པའི་ཕྱིར་རོ། །གསུམ་པ་གཞན་ནི་གཉིས་སུ་སྟེ། །ཞེས་བྱ་བ་ལ་བརྗོད་པ་དང་། བརྩོན་

འགྲུས་དང་། བསམ་གཏན་གསུམ་ནི་ཚོགས་གཉིས་སུ་གཞག་སྟེ། བསོད་ནམས་ཀྱི་ཚོགས་སུ་ཡང་གཞག་ཡེ་ཤེས་ཀྱི་ཚོགས་སུ་ཡང་གཞག་གོ། །ཇི་ལྟ་ཞེ་ན། གནོད་པ་ལ་ཇི་མི་སྙམ་པ་དང་། སྡུག་བསྔལ་ཉམས་སུ་ལེན་པའི་བཟོད་པ་གཉིས་ནི་བསོད་ནམས་ཀྱི་ཚོགས་སུ་

བསྡུའོ། །ཆོས་ལ་ངེས་པར་རྟོག་པའི་བཟོད་པ་ནི་ཡེ་ཤེས་ཀྱི་ཚོགས་སུ་བསྡུའོ། །བརྩོན་འགྲུས་ལ་ཡང་སེམས་ཅན་གྱི་ཞིང་རྨོ་བ་དང་ཚོང་བྱ་བ་ལ་སོགས་པའི་ལས་ལ་གྲོགས་བྱེད་པའི་བརྩོན་འགྲུས་ནི་བསོད་ནམས་ཀྱི་ཚོགས་སུ་བསྡུའོ། །དགེ་བའི་བཤེས་གཉེན་ལ་

བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། སེམས་པ་དང་། བསྒོམ་པ་ལ་སོགས་པ་བྱེད་པའི་བརྩོན་འགྲུས་ནི་ཡེ་ཤེས་ཀྱི་ཚོགས་སུ་བསྡུའོ། །བསམ་གཏན་པ་ཡང་འཇིག་རྟེན་པའི་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། ཟག་པ་

Vol. 126 · folio 102a

མེད་པའི་བསམ་གཏན་རྣམས་ཀྱིས་སེམས་ཅན་གྱི་དོན་བྱ་བ་ལ་ཞུགས་པ་དང་། བསོད་ནམས་ཀྱི་ཚོགས་སུ་བསྡུའོ། །བསམ་གཏན་ལ་བརྟེན་ནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་ན་ཡེ་ཤེས་ཀྱི་ཚོགས་སུ་བསྡུའོ། །ལྔ་ཆར་ཡེ་ཤེས་ཚོགས་སུའོ། །ཞེས་

བྱ་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ་ཤེས་ཀྱི་ཚོགས་ཉིད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་བསྔོས་སམ། འཁོར་གསུམ་

ཡོངས་སུ་དག་པའི་ཚུལ་དུ་སྤྱད་ན་ལྔ་ཆར་ཡང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་རོ། །གཞན་ཡང་སྡིག་པ་བཤགས་པ་དང་། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པ་ལ་སོགས་པ་ཡང་བསོད་ནམས་ཀྱི་ཚོགས་སུ་བསྡུ་སྟེ། དེ་

བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་མི་ཟད་པ་གང་ཞེ་ན། སྦྱིན་པ་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་དང་། བསྒོམ་པ་བསོད་ནམས་བྱ་བའི་དངོས་པོ་དང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་

གསུངས་སོ། །གཞན་ཡང་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་ལ་སོགས་པ་བྱེད་པ་ཡང་ཡེ་ཤེས་ཀྱི་ཚོགས་སུ་བསྡུ་སྟེ། དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་མི་ཟད་

པ་གང་ཞེ་ན། རྒྱུ་གང་དང་རྐྱེན་གང་གིས་ཡེ་ཤེས་རྟོགས་པར་འགྱུར་བའི་རྒྱུ་དེ་དག་དང་རྐྱེན་དེ་དག་བྱང་ཆུབ་སེམས་དཔའ་ཡང་དག་པར་བསྒྲུབ་སྟེ། དེ་ལ་རྒྱུ་ནི་གང་རྐྱེན་ནི་གང་ཞེ་ན། གང་འདི་ཡེ་ཤེས་ཡོངས་སུ་ཚོལ་བ་ལ་རབ་ཏུ་མོས་པ་དང་། ཡེ་ཤེས་རྟོགས་པའི་དགེ་བའི་

བཤེས་གཉེན་ལ་རྟག་ཏུ་བརྟེན་པ་དང་། འགྲོགས་པ་དང་། བསྙེན་བཀུར་བྱེད་པ་དང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །རྒྱུན་དུ་བསྒོམ་པ་ཐོབ་ནས་ནི་དགེ་བ་ལ་ཡང་དང་ཡང་དུའོ། །གང་ཀུན་སྒྲུབ་པ་དེ་ཚོགས་ཡིན། །ཞེས་བྱ་བས་ཚོགས་ཞེས་བྱ་བའི་ངེས་པའི་ཚིག་

Vol. 126 · folio 102b

སྟོན་ཏོ། །ཚོགས་ཞེས་བྱ་བ་ལ་རྒྱ་གར་སྐད་དུ་སཾ་བྷཱ་ར་ཞེས་འབྱུང་སྟེ། དེ་ལ་སཾ་ཞེས་བྱ་བ་ནི་སཾ་ཏང་དྷའི་དོན་ནི་རྒྱུན་ཏུ་ཞེས་བྱ་བར་འགྲོའོ། །བྷཱ་ཞེས་བྱ་བ་ནི་དོན་དུ་འདྲེན་པས་བསྒོམ་པའི་དོན་དུ་འགྲོའོ། །ར་ཞེས་བྱ་བ་ཨ་ཧ་ར་ཞེས་པའི་དོན་དུ་འགྲོ་བས་ཀུན་ཏུ་བསྒྲུབ་པའི་དོན་དུ་འགྲོའོ། །མདོར་

ན་སྦྱིན་པ་ལ་སོགས་པ་ལ་རྒྱུན་ཏུ་བསྒོམ་པ་ལ་བརྟེན་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དགེ་བ་ལ་ཡང་ནས་ཡང་དུ་བསྒོམས་པས་སངས་རྒྱས་ཀྱི་སྐུ་གསུམ་སྒྲུབ་པར་བྱེད་པ་ལ་ཚོགས་ཞེས་བྱ་སྟེ། འདི་ནི་ངེས་པའི་ཚིག་བསྟན་ཏོ། །བསྟན་པ་ཐམས་ཅད་དོན་སྒྲུབ་པ། །ཞེས་བྱ་བ་ལ། དེ་ལྟར་

སངས་རྒྱས་ཀྱི་སྐུ་གསུམ་ཐོབ་པར་བྱས་ནས་བདག་གི་དོན་ཡང་སྒྲུབ་པར་བྱེད་གཞན་གྱི་དོན་ཡང་སྒྲུབ་པར་བྱེད་དེ། དེ་ནི་ཚོགས་གཉིས་ཀྱི་ལས་སོ། །ཚོགས་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། འཇུག་པའི་ཕྱིར་དང་མཚན་མེད་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོ་སོའི་སྐྱེ་བོའི་

དུས་ནས་མོས་པས་སྤྱོད་པའི་ས་འཇིག་རྟེན་གྱི་ཆོས་མཆོག་མན་ཆད་ཀྱི་ཚེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི་ས་དང་པོ་ལ་འཇུག་ཅིང་ས་དང་པོ་ཐོབ་པར་བྱ་བའི་ཕྱིར་སོགས་པར་བྱེད་དོ། །ས་གཉིས་པ་ནས་དྲུག་པ་མན་ཆད་ཀྱི་ཚེ་ཚོགས་སོགས་པ་ནི་མཚན་མ་མེད་

པའི་ས་བདུན་པ་ལ་འཇུག་ཅིང་ས་བདུན་པ་ཐོབ་པར་བྱ་བའི་ཕྱིར་སོགས་པར་བྱེད་དེ། ས་བདུན་པའི་དུས་ན་ནི་མདོ་སྡེ་ལ་སོགས་པའི་ཆོས་རྣམ་པ་སྣ་ཚོགས་ལ་དོན་ཐ་དད་པར་ཡིད་ལ་མི་བྱེད་ཅིང་། མི་རྟོག་པས་ན་མཚན་མ་མེད་པ་ཞེས་བྱའོ། །ལྷུན་གྱིས་གྲུབ་ཕྱིར་ཚོགས་

རྣམས་ཏེ། །ཞེས་བྱ་བ་ལ་ས་བདུན་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་ས་བརྒྱད་པ་དང་དགུ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལྷུན་གྱིས་གྲུབ་པར་སྒྲུབ་པ་ནི་ས་དེ་ཐོབ་པར་བྱ་བའི་ཕྱིར་སོགས་པ་ཞེས་བྱ་བའི་དོན་ཏོ། །དབང་བསྐུར་ཕྱིར་དང་ཞེས་བྱ་བ་ལ།

ས་བརྒྱད་པ་དང་དགུ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་དབང་བསྐུར་བའི་ས་བཅུ་པ་ཐོབ་པར་བྱ་བའི་ཕྱིར་སོགས་ཏེ། ས་བཅུ་པར་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བའི་ཕྱིར་དབང་བསྐུར་བའི་ས་ཞེས་

Vol. 126 · folio 103a

བྱའོ། །མཐར་ཐུག་ཕྱིར་ཞེས་བྱ་བ་ལ། ས་བཅུ་པའི་ཚེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི་ཡེ་ཤེས་བཞི་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་ལྔས་བསྡུས་པ་མཐར་ཐུག་པའི་སངས་རྒྱས་ཀྱི་ས་ཐོབ་པར་བྱ་བའི་ཕྱིར་སོགས་པར་བྱེད་དོ་ཞེས་བྱ་བའི་

དོན་ཏོ། །དྲན་པ་ཉེ་བར་གཞག་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་སྟེ་ཞེས་བྱ་བ་ལ། ཚོགས་ཀྱི་སྐབས་བཤད་པའི་རྗེས་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བཤད་པར་འབྲེལ་པ་ཅི་ཡོད་སྙམ་ན་དེ་ལྟར་ཚོགས་བསགས་པ་དེས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤང་

བའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ལ་སྒོམ་པར་བྱེད་དེ་དེ་བས་ན་ཚོགས་ཀྱི་རྗེས་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་སྐབས་བཤད་པར་འབྲེལ་ཏོ། དེ་ལ་ཡང་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ནི་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཏོ། །རྣམ་པ་བཅུ་བཞིར་བློ་ལྡན་གྱིས། །དྲན་པ་ཉེ་བར་གཞག་

སྒོམ་པ། །དེ་ནི་མཉམ་པ་མེད་པའི་ཕྱིར། །དེ་དག་གཞན་ལ་ཁྱད་ཞུགས་སོ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་སྒོམ་པ་དེ་རྣམ་པ་བཅུ་བཞི་ལྟར་སྒོམ་པས། རྣམ་པ་བཅུ་བཞི་ལྟར་ནི་ཉན་ཐོས་ལ་སོགས་པ་མི་སྒོམ་པའི་ཕྱིར། ཉན་ཐོས་ལ་སོགས་པའི་

སྒོམ་པ་དང་མི་འདྲ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའི་དྲན་པ་ཉེ་བར་གཞག་པ་སྒོམ་པ་ནི་ཉན་ཐོས་ལ་སོགས་པ་གཞན་ལས་ཁྱད་ཞུགས་པའོ། །རྣམ་པ་བཅུ་བཞི་གང་ཞེ་ན། རྟེན་དང་གཉེན་པོ་རྣམ་དག་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་བཅུ་བཞི་ནི་རྟེན་གྱི་རྣམ་པ་ཁྱད་

ཞུགས་པ་དང་། གཉེན་པོའི་རྣམ་པ་ཁྱད་ཞུགས་པ་དང་། དེ་བཞིན་དུ་འཇུག་པའི་རྣམ་པ་ཁྱད་ཞུགས་པ་དང་། དམིགས་པའི་རྣམ་པ་ཁྱད་ཞུགས་པ་དང་། ཡིད་ལ་བྱེད་པའི་རྣམ་པ་ཁྱད་ཞུགས་པ་དང་། ཐོབ་པའི་རྣམ་པ་ཁྱད་ཞུགས་པ་དང་། རྗེས་སུ་མཐུན་པའི་རྣམ་པ་ཁྱད་ཞུགས་པ་

དང་། རྗེས་སུ་འཇུག་པའི་རྣམ་པ་ཁྱད་ཞུགས་པ་དང་། ཤེས་པའི་རྣམ་པ་ཁྱད་ཞུགས་པ་དང་། གཞན་ཡང་སྐྱེ་བའི་རྣམ་པ་ཁྱད་ཞུགས་པ་དང་། ཚད་ཀྱི་རྣམ་པ་ཁྱད་ཞུགས་པ་དང་། མཆོག་གི་རྣམ་པ་ཁྱད་ཞུགས་པ་དང་། སྒོམ་པའི་རྣམ་པ་ཁྱད་ཞུགས་པ་དང་། ཐོབ་པའི་རྣམ་

Vol. 126 · folio 103b

པ་ཁྱད་ཞུགས་པའོ། །ཇི་ལྟར་ན་བརྟེན་པ་ཞེ་ན། ཐེག་པ་ཆེན་པོ་ཉན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། ཉན་ཐོས་རྣམས་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ནི་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ཉན་པ་དང་། སེམས་པ་དང་། སྒོམ་པའི་ཤེས་རབ་ལ་བརྟེན་ནས་སྒོམ་པར་བྱེད་ཀྱི། བྱང་ཆུབ་སེམས་

དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ནི་ཐེག་པ་ཆེན་པོའི་ཆོས་ཉན་པ་དང་། སེམས་པ་དང་། སྒོམ་པའི་ཤེས་རབ་ལ་བརྟེན་ནས་སྒོམ་པས་ན་རྟེན་གྱི་ཁྱད་ཞུགས་སོ། །ཅིའི་ཕྱིར་གཉེན་པོ་ཞེ་ན། ཕྱིན་ཅི་ལོག་བཞིའི་གཉེན་པོར་མི་གཙང་བ་དང་། སྡུག་བསྔལ་བ་དང་ཞེས་

བྱ་བ་ལ་སོགས་པ་ལ། གཉེན་པོའི་རྣམ་པར་བསྒོམ་པ་ཡང་ཉན་ཐོས་ལ་སོགས་པས་ཇི་ལྟར་ཁྱད་ཞུགས་ཤེ་ན། ཉན་ཐོས་ལ་སོགས་པ་ནི་ཕྱིན་ཅི་ལོག་བཞིའི་གཉེན་པོར་ཕྱིན་ཅི་མ་ལོག་པ་བཞི་བསྒོམ་པ་སྟེ། གཙང་བར་འཛིན་པའི་གཉེན་པོར་ནི་ལུས་ལ་མི་གཙང་བ་བསྒོམ་པ་སྟེ།

གླད་པའི་རྒྱས་ནས་རྐང་པའི་རྟིང་པའི་བར་དུ་རྣག་དང་ཁྲག་ལ་སོགས་པ་སྒོམ་པའི་ཕྱིར་རོ། །བདེ་བར་འཛིན་པའི་གཉེན་པོར་ཚོར་བ་ཐམས་ཅད་སྡུག་བསྔལ་བར་བསྒོམ་སྟེ། གང་ཅུང་ཟད་ཚོར་བ་དེ་དག་སྡུག་བསྔལ་ལོ་ཞེས་བསྒོམ་པའི་ཕྱིར་རོ། །རྟག་པར་འཛིན་པའི་གཉེན་པོར་སེམས་

མི་རྟག་པ་བསྒོམ་སྟེ། སེམས་ནི་སྐད་ཅིག་སྐད་ཅིག་པར་འདོད་ཆགས་པར་འགྱུར་བ་དང་། ཞེ་སྡང་བར་འགྱུར་བའི་ཕྱིར་རོ། །བདག་ཏུ་འཛིན་པའི་གཉེན་པོར་ཆོས་ཐམས་ཅད་ལ་བདག་མེད་པར་བསྒོམ་སྟེ། འདོད་ཆགས་ལ་སོགས་པས་ནི་ཀུན་ནས་ཉོན་མོངས་པར་འགྱུར།

འདི་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་འགྱུར་བའི་བདག་གང་ཡང་མེད་ཅེས་བསྒོམ་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལས་ཁྱད་ཞུགས་ཏེ། དེ་བས་ན་ལུས་ལ་སོགས་པ་ལ་ཡང་། ཆོས་ལ་བདག་མེད་པར་རྟོག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ།

བྱང་ཆུབ་སེམས་དཔའ་རྣམས་ལ་ནི་མི་གཙང་བ་དང་། སྡུག་བསྔལ་པའི་རྣམ་པ་ལྟ་བུར་བསྒོམ་པ་ཉིད་མི་མཐུན་པའི་ཕྱོགས་ཡིན་ཏེ། དེ་བས་ན་དེའི་གཉེན་པོར་ལུས་དང་ཚོར་བ་ལ་སོགས་པ་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོས་གཟུང་བ་དང་། འཛིན་པའི་རྣམ་པ་ཡིད་ལ་བྱེད་པ་

Vol. 126 · folio 104a

བཞིན་དུ་མ་ཡིན་གྱི། ཐམས་ཅད་ཀྱང་ནམ་མཁའི་ངོས་བཞིན་དུ་ཆོས་ལ་བདག་མེད་པའི་རང་བཞིན་དུ་རྟོགས་པས་ན་གཉེན་པོའི་རྣམ་པས་ཁྱད་ཞུགས་སོ། །ཇི་ལྟར་ན་འཇུག་པ་ཞེ་ན། དྲན་པ་ཉེ་བར་གཞག་པ་བཞི་རྣམས་ཀྱིས་རིམ་བཞིན་དུ་སྡུག་བསྔལ་བ་དང་ཞེས་བྱ་བ་ལ་

སོགས་པ་ལ། ཇི་ལྟར་ན་འཇུག་པའི་རྣམ་པས་ཉན་ཐོས་ལ་སོགས་པ་ལས་ཁྱད་ཞུགས་ཤེ་ན། འདི་ལྟར་ལུས་དྲན་པ་ཉེ་བར་གཞག་པ་བསྒོམས་པས་ནི་སྡུག་བསྔལ་གྱི་བདེན་པ་ལ་འཇུག་སྟེ། ལུས་ཀྱི་རང་བཞིན་ཇི་ལྟ་བུ་ཡིན་པ་ཁོང་དུ་ཆུད་ནས་ལུས་འདི་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་

པའི་སྡུག་བསྔལ་མང་པོ་དང་ལྡན་པར་རྟོགས་པར་འགྱུར་བས་སྡུག་བསྔལ་གྱི་བདེན་པ་ལ་འཇུག་གོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་བསྒོམས་པས་ཀུན་འབྱུང་གི་བདེན་པ་ལ་འཇུག་པར་འགྱུར་ཏེ། ཇི་ལྟར་ན་ཚོར་བ་བདེ་བ་མྱོང་བ་ནི་འདོད་ཆགས་བག་ལ་ཉལ་བར་འགྱུར། ཚོར་བ་སྡུག་བསྔལ་

བར་མྱོང་ན་ནི་ཞེ་སྡང་བག་ལ་ཉལ་བར་འགྱུར། ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་ན་ནི་གཏི་མུག་བག་ལ་ཉལ་བར་འགྱུར་ཏེ། དེ་ལྟར་བག་ལ་ཉལ་བར་འགྱུར་བ་དེ་རྣམས་ཀྱིས་ཚེ་ཕྱི་མ་ལ་ལེན་པའི་རྒྱུ་བྱེད་པས་ན་ཀུན་འབྱུང་གི་བདེན་པ་ལ་འཇུག་པར་འགྱུར་རོ། །སེམས་

དྲན་པ་ཉེ་བར་གཞག་པ་བསྒོམས་པས་འགོག་པའི་བདེན་པ་ལ་འཇུག་པར་འགྱུར་ཏེ། ཇི་ལྟ་ཞེ་ན། འདི་དག་ནི་སེམས་ཙམ་དུ་ཟད་ཀྱི་བདག་ཅེས་བྱ་བ་གང་ཡང་མེད་ཀྱི། སེམས་དེ་སྐད་ཅིག་མ་སྟེ། རང་སྐྱེ་ཞིང་རང་འགག་པར་མཐོང་ན། འགོག་པའི་བདེན་པའི་དུས་ན་བདག་ཅེས་བྱ་བ་མེད་དེ།

འཆད་པར་འགྱུར་བའི་འཇིགས་པ་མི་སྐྱེ་བས་ན་འགོག་པའི་བདེན་པ་ལ་འཇུག་གོ། །ཆོས་དྲན་པ་ཉེ་བར་གཞག་པ་བསྒོམས་པས་ལམ་གྱི་བདེན་པ་ལ་འཇུག་སྟེ། ཇི་ལྟ་ཞེ་ན། འདོད་ཆགས་ལ་སོགས་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཡིན་ཏེ་འཁོར་བའི་རྒྱུ་ཡིན་པར་མཐོང་། དད་པ་ལ་སོགས་

པ་ནི་རྣམ་པར་བྱང་བའི་ཆོས་ཡིན་ཏེ་མྱ་ངན་ལས་འདས་པའི་རྒྱུ་ཡིན་པར་མཐོང་ནས་དད་པ་ལ་སོགས་པའི་ཆོས་ལ་སྒོམ་པར་བྱེད་པས་ན་ལམ་གྱི་བདེན་པ་ལ་འཇུག་གོ། །བདག་དང་གཞན་རྣམས་འཇུག་པར་བྱེད་པའི་ཕྱིར་ཏེ་ཞེས་བྱ་བ་ལ། ཉན་ཐོས་རྣམས་ནི་བདག་ཉིད་བདེན་པ་བཞི་ལ་

Vol. 126 · folio 104b

འཇུག་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་སྒོམ་གྱི་བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་གཞན་གཉི་ག་བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་བཞི་སྒོམ་པར་བྱེད་པས་ན་འཇུག་པ་ཁྱད་ཞུགས་སོ། །དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཇི་སྐད་བཤད་པ་བཞིན་

ནོ་ཞེས་བྱ་བ་ལ། དྲན་པ་ཉེ་བར་གཞག་པ་བཞི་བསྒོམས་ན་བདེན་པ་བཞི་ལ་འཇུག་པ་ཡང་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་འབྱུང་བ་བཞིན་དུ་བལྟ་སྟེ། དབུས་མཐའ་ལས་ཇི་སྐད་འབྱུང་ཞེ་ན། ལུས་ནི་གནས་ངན་ལེན་གྱིས་ཡོངས་སུ་བསྒོམས་ཏེ། དེ་བརྟགས་ན་སྡུག་བསྔལ་གྱི་

བདེན་པ་ལ་འཇུག་གོ། །དེ་ལ་གནས་ངན་ལེན་ནི་འདུ་བྱེད་ཀྱི་མཚན་ཉིད་ཡིན་པས། གང་གི་ཕྱིར་གནས་ངན་ལེན་རྣམས་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བའོ། །ཚོར་བ་ནི་སྲེད་པའི་རྒྱུ་སྟེ། དེ་བརྟགས་པས་ཀུན་འབྱུང་གི་བདེན་པ་ལ་འཇུག་གོ། །སེམས་

ནི་བདག་ཏུ་མངོན་པར་ཆགས་པའི་དངོས་པོ་སྟེ། དེ་བརྟགས་ན་འགོག་པའི་བདེན་པ་ལ་འཇུག་པ་སྟེ། བདག་ཆད་པར་འཇིགས་པ་དང་བྲལ་བའི་ཕྱིར་རོ། །ཆོས་ལ་བརྟགས་པས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ལ་ཀུན་དུ་གཏི་མུག་མེད་པས་ལམ་གྱི་བདེན་པ་ལ་

འཇུག་གོ། །ཇི་ལྟར་དམིགས་ཤེ་ན། སེམས་ཅན་རྣམས་ཀྱི་ལུས་ལ་སོགས་པ་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལ། ཇི་ལྟར་དམིགས་པའི་རྣམ་པས་ཁྱད་ཞུགས་ཤེ་ན། ཉན་ཐོས་ལ་སོགས་པ་ནི་བདག་གི་ལུས་དང་ཚོར་བ་ལ་སོགས་པ་ཙམ་ཞིག་ལ་དམིགས་ཤིང་སྒོམ་པར་བྱེད་ཀྱི།

བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་དང་། ཚོར་བ་ལ་སོགས་པ་ལ་དམིགས་པར་བྱེད་དོ། །དེ་བས་ན་དམིགས་པ་ཁྱད་ཞུགས་སོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལུས་ལ་ལུས་ཀྱི་

རྗེས་སུ་ལྟ་ཞིང་གནས་ཤེ་ན། དེ་བདག་གི་ལུས་དང་གཞན་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་ཡིད་ལ་བྱེད་པས་ཤེ་ན། ལུས་ལ་སོགས་པ་ལ་མི་དམིགས་པའོ་ཞེས་བྱ་བ་ལ། ཇི་ལྟར་ཡིད་ལ་བྱེད་པའི་རྣམ་པས་ཁྱད་ཞུགས་ཤེ་ན།

Vol. 126 · folio 105a

འདི་ལྟར་ཉན་ཐོས་དག་ནི་ལུས་ལ་མི་གཙང་བའི་ཚུལ་དུ་བྱེད། ཚོར་བ་ལ་སྡུག་བསྔལ་བར་ཡིད་ལ་བྱེད། སེམས་མི་རྟག་པར་ཡིད་ལ་བྱེད། ཆོས་ལ་བདག་མེད་པར་ཡིད་ལ་བྱེད་དོ། །བྱང་ཆུབ་སེམས་དཔའ་ལུས་ལ་སོགས་པ་ཐམས་ཅད་མི་གཙང་བ་ལ་སོགས་

པའི་རྣམ་པ་ཡིད་ལ་མི་བྱེད་ཀྱི། ཐམས་ཅད་ཀྱང་ནམ་མཁའི་ངོས་བཞིན་དུ་དམིགས་སུ་མེད་པ་ཉིད་དུ་ཡིད་ལ་བྱེད་པའི་ཕྱིར། ཡིད་ལ་བྱེད་པའི་ཁྱད་ཞུགས་སོ། །ཇི་ལྟར་ཐོབ་པ་ཞེ་ན། ལུས་ལ་སོགས་པ་དང་བྲལ་བ་ཡང་མ་ཡིན་མ་བྲལ་བ་ཡང་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། ཇི་ལྟར་

ཐོབ་པར་ཁྱད་ཞུགས་ཤེ་ན། ཉན་ཐོས་ལ་སོགས་པ་ནི་ལུས་དང་ཚོར་བ་ལ་སོགས་པ་དང་བྲལ་བར་བྱ་བའི་ཕྱིར་སྒོམ་གྱི། བྱང་ཆུབ་སེམས་དཔའ་རྣམས་ནི་བྲལ་བར་བྱ་བའི་ཕྱིར་སྒོམ་པ་ཡང་མ་ཡིན་ཏེ། མི་འབྲལ་བར་བྱ་བའི་ཕྱིར་སྒོམ་པ་ཡང་མ་ཡིན་པས་ཐོབ་པའི་རྣམ་པས་ཁྱད་ཞུགས་

སོ། །ཇི་ལྟར་འབྲལ་བ་ཡང་མ་ཡིན་ཞེ་ན། དེ་བཞིན་གཤེགས་པའི་སྐུ་གསུམ་དང་མི་འབྲལ་ཞིང་དེ་ཐོབ་པར་བྱ་བའི་ཕྱིར་བསྒོམས་པས་འབྲལ་བ་ཡང་མ་ཡིན་ནོ། །ཇི་ལྟར་མི་འབྲལ་བ་ཡང་མ་ཡིན་ཞེ་ན། ལས་དང་ཉོན་མོངས་པས་བསྐྱེད་པའི་ལུས་དང་བྲལ་བར་བྱ་བའི་ཕྱིར་

བསྒོམས་པས་མི་འབྲལ་བ་ཡང་མ་ཡིན་ནོ། །ཡང་ན་སྐུ་གསུམ་ཐོབ་པར་བྱ་བའི་ཕྱིར་ལུས་འདི་དང་ཡང་བྲལ་བར་མི་བྱེད་དེ། ལུས་ལ་བརྟེན་ནས་སྐུ་གསུམ་དགོས་པས་ནའོ་ཞེས་བྱ་བ་ལ་མི་འབྲལ་བ་ཡང་མ་ཡིན་ཏེ། ལུས་དང་ཉོན་མོངས་པས་བསྐྱེད་པའི་ལུས་སྡུག་བསྔལ་བའི་རང་བཞིན་

དབུ་བའི་གོང་བུ་ལྟ་བུ་འདི་ལ་ཆགས་པར་བྱས་ན་སོ་སོའི་སྐྱེ་བོ་བཞིན་དུ་རྟག་ཏུ་འཁོར་བར་གནས་པར་འགྱུར་བའི་ཕྱིར། ལུས་འདི་ནི་འདི་དང་འབྲལ་བར་ཡང་བྱེད་དོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། ལུས་ཀྱི་སྔོན་གྱི་མཐའ་ལ་ཡང་རྟོག །ལུས་ཀྱི་ཕྱི་མའི་

མཐའ་ལ་ཡང་རྟོག་ཅེས་བྱ་བ་ནས། ལུས་འདི་ལ་བདག་གིར་མི་བྱའི་བདག་ལུས་སྙིང་པོ་མེད་པ་འདི་ལ་སྙིང་པོ་མངོན་པར་འཚང་རྒྱ་བར་བྱའོ། །འདི་ལྟ་སྟེ། སྙིང་པོ་གང་ཞེ་ན། གང་འདི་དེ་བཞིན་གཤེགས་པའི་སྐུ། ཆོས་ཀྱི་སྐུ། རྡོ་རྗེའི་སྐུ། མི་ཤིགས་པའི་སྐུ། བརྟན་པའི་

Vol. 126 · folio 105b

སྐུ། ཁམས་གསུམ་ཐམས་ཅད་ལས་བྱེ་བྲག་ཏུ་འཕགས་པའི་སྐུ་དེ་བདག་གིས་བསྒྲུབ་པར་བྱའོ། །བདག་གི་ལུས་ཉེས་པ་དུ་མའི་སྐྱོན་ཆགས་མོད་ཀྱི། དེ་བཞིན་གཤེགས་པའི་སྐུ་ཉེས་པ་ཐམས་ཅད་དང་བྲལ་བ་རབ་ཏུ་ཐོབ་པར་བྱའོ། །དེས་ལེགས་པ་མཐོང་བས་ན་སོ་སོར་རྟོག་པའི་

སྟོབས་ཀྱིས་འབྱུང་བ་ཆེན་པོའི་གནས་ཀྱི་ལུས་ལ་སྤྱོད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་ལྟར་ན་རྗེས་སུ་མཐུན་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དང་རྗེས་སུ་མཐུན་པས་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ན་རྗེས་སུ་མཐུན་པའི་རྣམ་པས་ཁྱད་ཞུགས་ཤེ་ན། བྱང་ཆུབ་སེམས་

དཔའ་ལུས་ལ་སོགས་པ་དྲན་པ་ཉེ་བར་གཞག་པ་བསྒོམས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་སྤོང་བའི་གཉེན་པོར་འགྱུར་བས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་རྗེས་སུ་མཐུན་པར་འགྱུར་ཏེ། ཇི་ལྟ་ཞེ་ན། ལུས་དང་ཚོར་བ་ལ་སོགས་པ་སྒྱུ་མ་

དང་སྨིག་རྒྱུ་ལྟ་བུར་ཡང་དག་པ་མ་ཡིན་ཞིང་སྟོང་པར་མཐོང་ན་ཕྱི་ནང་གི་དངོས་པོ་ལ་ཆགས་པ་མི་སྐྱེའོ། །ཆགས་པ་མ་སྐྱེས་ན་ཕྱི་ནང་གི་དངོས་པོ་གཏོང་བར་བྱེད་པས་སྦྱིན་པ་དང་མཐུན་ནོ། །ཕྱི་ནང་གི་དངོས་པོ་གཏོང་བར་ནུས་ན་ཚུལ་ཁྲིམས་ཡང་དག་པར་ལེན་པས་ཚུལ་

ཁྲིམས་དང་མཐུན་ནོ། །ཚུལ་ཁྲིམས་ལ་གནས་པ་རྣམས་ནི་རྡེག་པ་ལ་སླར་མི་རྡེག་པ་དང་། གཤེ་བ་ལ་སླར་མི་གཤེ་བས་བཟོད་པ་གྲུབ་པའི་ཕྱིར་བཟོད་པ་དང་རྗེས་སུ་མཐུན་ནོ། །བཟོད་པ་ལ་གནས་པ་རྣམས་ནི་གྲང་བ་དང་ཚ་བ་བྱུང་ཡང་དགེ་བ་བྱེད་པ་མི་གཏོང་བས་བརྩོན་འགྲུས་

གྲུབ་པའི་ཕྱིར་བརྩོན་འགྲུས་དང་རྗེས་སུ་མཐུན་ནོ། །བརྩོན་འགྲུས་ལ་གནས་པ་རྣམས་ནི་ལུས་ལ་སོགས་པ་ལ་མི་རྟག་པ་དང་། སྟོང་པ་ཡིན་པར་ཁོང་དུ་ཆུད་ཅིང་དེ་ལ་ཡང་རྩེ་གཅིག་ཏུ་སྒོམ་པར་བྱེད་པས་ཏིང་ངེ་འཛིན་དང་ཤེས་རབ་དང་རྗེས་སུ་མཐུན་པ་ཡིན་ནོ། །ཇི་ལྟར་རྗེས་སུ་

འཇུག་པ་ཞེ་ན། འཇིག་རྟེན་པ་དང་ཉན་ཐོས་དང་། །ཞེས་བྱ་བ་ལ་སོགས་པ་ལ། རྗེས་སུ་འཇུག་པའི་རྣམ་པས་ཇི་ལྟར་ཉན་ཐོས་ལ་སོགས་པ་ལས་ཁྱད་ཞུགས་ཤེ་ན། དྲན་པ་ཉེ་བར་གཞག་པ་བཞི་ལ་འཇིག་རྟེན་པ་དག་ཀྱང་བསྒོམས། ཉན་ཐོས་དང་རང་སངས་རྒྱས་ཀྱང་བསྒོམས་

Vol. 126 · folio 106a

ཏེ། མདོ་ལས། འཇིག་རྟེན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་དྲན་པ་ཉེ་བར་གཞག་པ་ཇི་ལྟར་བསྒོམ་པ་བསྟན་པ་ལྟར། བྱང་ཆུབ་སེམས་དཔས་ཀྱང་དེ་ལྟར་བསྒོམས་ཏེ། ཅིའི་ཕྱིར་དེ་དག་གི་དྲན་པ་ཉེ་བར་གཞག་པ་སྒོམ་ཞེ་ན། འཇིག་རྟེན་པའི་དྲན་པ་ཉེ་

བར་གཞག་པའི་བསྒོམ་པའི་ལུང་འདོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་དྲན་པ་ཉེ་བར་གཞག་པ་བསྒོམ་པའི་ལུང་འདོད་པ་རྣམས་ལ་དེ་དག་གི་ལུང་བསྟན་ཅིང་སྒོམ་པའི་ཕྱིར། དེ་དག་དྲན་པ་ཉེ་བར་གཞག་པ་ལ་སྒོམ་པར་བྱེད་དེ། དེ་བས་ན་རྗེས་སུ་འཇུག་པའི་རྣམ་པས་ཁྱད་

ཞུགས་སོ། །ཇི་ལྟར་ཤེས་ཤེ་ན། ལུས་སྒྱུ་མ་ལྟ་བུར་ཤེས་པས་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཤེས་པའི་རྣམ་པས་ཁྱད་ཞུགས་ཤེ་ན། ལུས་ནི་སྒྱུ་མ་ལྟ་བུར་ཤེས་ཏེ། ཇི་ལྟ་ཞེ་ན། ཇི་ལྟར་སྒྱུ་མའི་རྟ་དང་གླང་པོའི་གཟུགས་སུ་མེད་ཀྱང་རྟ་དང་གླང་པོའི་གཟུགས་འདྲ་བ་ཡང་དག་

པ་མ་ཡིན་པར་སྣང་བ་དེ་བཞིན་དུ་གཟུགས་ཀྱི་ཕུང་པོ་དེ་ཡང་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་མ་ཡིན་ཡང་ཡོད་པ་འདྲ་བ་ཡང་དག་པ་མ་ཡིན་པར་སྣང་བས་ན་སྒྱུ་མ་ལྟ་བུའོ། །ཚོར་བ་རྨི་ལམ་ལྟ་བུར་ཤེས་པས་དེ་བཞིན་དུ་ལོག་པས་རྗེས་སུ་མྱོང་བ་དང་ཞེས་བྱ་བ་ལ། ཚོར་བ་ནི་རྨི་ལམ་ལྟ་

བུར་ཤེས་ཏེ། དཔེར་ན་རྨི་ལམ་གྱི་དུས་ན་དགྲ་ལ་སོགས་པ་མཐོང་ནས་འཇིགས་པ་དང་སྡུག་བསྔལ་སྐྱེས་པ་དང་། མཛའ་བ་ལ་སོགས་པ་མཐོང་ནས་དགའ་བ་དང་བདེ་བ་སྐྱེས་ཤིང་མྱོང་བ་དག་ཡོད་པ་མ་ཡིན་ཡང་རྗེས་སུ་མྱོང་བ་དེ་བཞིན་དུ། ཚོར་བ་བདེ་བ་དང་སྡུག་བསྔལ་དང་

བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་དག །ཡོད་པ་མ་ཡིན་ཡང་མྱོང་བས་ན་རྨི་ལམ་ལྟ་བུར་ཤེས་སོ། །སེམས་ཀྱི་རང་བཞིན་གསལ་བར་ཤེས་པས་ནམ་མཁའ་བཞིན་དང་ཞེས་བྱ་བ་ལ། སེམས་ཀྱི་རང་བཞིན་འདིའི་སྐབས་སུ་གཞན་དབང་གི་སེམས་ལ་མི་བྱའི། སེམས་ཀྱི་

ཆོས་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་བྱ་སྟེ། དཔེར་ན་ནམ་མཁའ་རང་བཞིན་གྱིས་གསལ་ཞིང་དག་པ་བཞིན་དུ། ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱང་རང་བཞིན་གྱིས་འོད་གསལ་ཞིང་དག་པར་ཤེས་སོ། །ཆོས་རྣམས་གློ་བུར་དུ་བྱུང་བར་ཤེས་པས་ནམ་མཁའ་ལ་རྡུལ་དང་

Vol. 126 · folio 106b

ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པའི་ཆོས་དང་། དད་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ནི་གློ་བུར་དུ་བྱུང་བར་ཤེས་ཏེ། དཔེར་ན་ནམ་མཁའ་ལ་སྤྲིན་དང་དུ་བ་དང་ཁུག་རྣ་ལ་སོགས་པ་སྣང་བ་ནམ་མཁའི་རང་བཞིན་མ་ཡིན་གྱི། བརྙན་

མ་གློ་བུར་དུ་བྱུང་བ་ཡིན་པ་དེ་བཞིན་དུ། སེམས་ལ་ཀུན་ནས་ཉོན་མོངས་པའི་ཆོས་དང་། རྣམ་པར་བྱང་བའི་ཆོས་བྱུང་བ་དེ་དག་ཀྱང་སེམས་ཀྱི་རང་བཞིན་མ་ཡིན་གྱི། བརྙན་མ་གློ་བུར་དུ་བྱུང་བ་ཡིན་པར་ཤེས་སོ། །ཇི་ལྟར་སྐྱེ་བས་ཤེ་ན། བསམས་བཞིན་དུ་སྲིད་པར་སྐྱེ་བ་ན་ཞེས་བྱ་

བ་ལ་སོགས་པ་ལ། ཇི་ལྟར་སྐྱེ་བའི་རྣམ་པས་ཁྱད་ཞུགས་ཤེ་ན། སོ་སོའི་སྐྱེ་བོ་བཞིན་དུ་ལས་དང་ཉོན་མོངས་པའི་དབང་གིས་ནི་མི་སྐྱེའོ། །དགོས་པའི་དབང་གིས་སེམས་ཅན་གྱི་དོན་དུ་བསམས་བཞིན་དུ་སྲིད་པར་སྐྱེ་བ་འཁོར་ལོས་སྒྱུར་བ་དང་། བརྒྱ་བྱིན་དང་། ཚངས་པ་ལ་

སོགས་པར་སྐྱེས་པའི་ལུས་ཕུན་སུམ་ཚོགས་པ་དང་། ཚོར་བ་བདེ་བ་མྱོང་བར་འགྱུར་བའི་རྒྱུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་ཡང་། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པའི་ཆོས་མི་སྐྱེ་སྟེ། ཉོན་མོངས་པས་མི་གོས་པས་ན་སྐྱེ་བའི་རྣམ་པས་ཁྱད་ཞུགས་སོ། །ཇི་

ལྟར་ཚད་ཅེ་ན། རང་བཞིན་གྱིས་དབང་པོ་རྣོ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཚད་ཀྱི་རྣམ་པས་ཁྱད་ཞུགས་ཤེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་དབང་པོ་རྣོ་བ་ཡིན་པས་ཡུན་ཐུང་ངུ་སྒོམ་ཞིང་སོ་སོ་སྐྱེ་བོའི་དུས་ན་བསྒོམས་པས། འཕགས་པའི་དུས་

ན་ཐོབ་པའི་སྒོམ་པ་མ་ཡིན་པས། སྒོམ་པ་ཆུང་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱིས་དྲན་པ་ཉེ་བར་གཞག་པ་བསྒོམ་པ་བས་ཁྱད་ཞུགས་པར་འཕགས་ཏེ། ཅིའི་ཕྱིར་ཞེ་ན། བདག་དང་གཞན་གྱི་དོན་དུ་བསྒོམ་པ་དང་གང་ཟག་དང་ཆོས་ལ་བདག་མེད་པའི་རྣམ་པར་བསྒོམ་པའི་

ཕྱིར་ཚད་ཀྱི་རྣམ་པས་ཁྱད་ཞུགས་སོ། །ཇི་ལྟར་མཆོག་ཅེ་ན། ཡོངས་སུ་རྫོགས་པ་རྣམས་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་མཆོག་གི་རྣམ་པས་ཁྱད་ཞུགས་ཤེ་ན། ས་བརྒྱད་པ་ལ་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ཡོངས་སུ་རྫོགས་ཏེ། བརྩལ་འབད་མེད་པར་

Vol. 126 · folio 107a

ལྷུན་གྱིས་གྲུབ་པར་བསྒོམས་པས་ན་འདྲེས་པ་དང་ཉེ་བར་འདྲེས་པའི་རྣམ་པས་བསྒོམས་པས་མཆོག་གི་རྣམ་པས་ཁྱད་ཞུགས་སོ། །དེ་ལ་ས་བརྒྱད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་གཅིག་གིས་དྲན་པ་ཉེ་བར་གཞག་པ་བཞི་བསྒོམས་ན་གཞན་གྱིས་ཀྱང་བསྒོམས་

པ་ཡིན་ལ། གཞན་གྱིས་བསྒོམས་པ་ཡང་བདག་གིས་བསྒོམས་པ་ཡིན་པས། འདྲེས་པ་དང་ཉེ་བར་འདྲེས་པ་ཞེས་བྱའོ། །ཡང་ན་ས་བདུན་པ་ལས་དང་པོར་ས་བརྒྱད་པ་ཐོབ་པའི་སྐད་ཅིག་མ་ལ་ནི་འདྲེས་པ་ཞེས་བྱའོ། །དེ་ནས་ས་བརྒྱད་པའི་སྐད་ཅིག་མ་གཉིས་པ་ནས་བརྩམས་ཏེ། ས་དགུ་

པ་ལ་མ་ཞུགས་ཀྱི་བར་ལ་ནི་ཉེ་བར་འདྲེས་པ་ཞེས་བྱའོ། །ཇི་ལྟར་བསྒོམ་པ་དང་ཤིན་ཏུ་བསྒོམ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་སྒོམ་པའི་རྣམ་པས་ཁྱད་ཞུགས་ཤེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་དྲན་པ་ཉེ་བར་གཞག་པ་བཞི་ཤེས་རབ་ཀྱི་ཁྱད་པར་དང་སྙིང་རྗེའི་ཁྱད་པར་གྱིས་

ཟིན་པར་བསྒོམས་པས་ན་ཕུང་པོའི་ལྷག་མ་མ་ལུས་པའི་མྱ་ངན་ལས་འདས་ཀྱང་དྲན་པ་ཉེ་བར་གཞག་པ་བསྒོམ་པ་མི་ཟད་པས་ན་སྒོམ་པའི་རྣམ་པས་ཁྱད་ཞུགས་པའོ། །དེ་ལ་ཤེས་རབ་ཀྱི་ཁྱད་པར་ནི་གང་ཟག་དང་ཆོས་བདག་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ། །སྙིང་རྗེའི་ཁྱད་པར་ནི་སེམས་

ཅན་ཡོངས་སུ་མི་གཏོང་བའི་སྙིང་རྗེ་དང་ལྡན་པའི་ཕྱིར་རོ། །ཇི་ལྟར་ཐོབ་པ་ཞེ་ན། ས་བཅུ་དང་། སངས་རྒྱས་ཀྱི་ས་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་ལ། ཉན་ཐོས་རྣམས་ཀྱིས་དྲན་པ་ཉེ་བར་གཞག་པ་བཞི་བསྒོམས་པས་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་།

དགྲ་བཅོམ་པའི་འབྲས་བུ་ཐོབ་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དྲན་པ་ཉེ་བར་གཞག་པ་བསྒོམས་པས་ནི་ས་བཅུ་ཐོབ་པ་དང་། སངས་རྒྱས་ཀྱི་ས་ཐོབ་སྟེ། དེ་བས་ན་ཐོབ་པའི་རྣམ་པས་ཁྱད་ཞུགས་སོ། །ཡང་དག་པར་སྤོང་བ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་ལྔ་སྟེ་ཞེས་བྱ་བ་ལ།

དྲན་པ་ཉེ་བར་གཞག་པའི་སྐབས་བཤད་པའི་འོག་ཏུ་ཡང་དག་པར་སྤོང་བའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། དྲན་པ་ཉེ་བར་གཞག་པའི་བསྒོམ་པ་ལ་གནས་པ་སྟེ། དྲན་པ་ཉེ་བར་གཞག་པ་བསྒོམས་པས་ཐོབ་པར་བྱ་བའི་བར་དུ་གཅོད་པའི་སྒྲིབ་པ་ཡོད་པས་སྒྲིབ་པ་དེ་བསལ་བར་

Vol. 126 · folio 107b

བྱ་བའི་གཉེན་པོར་ཡང་དག་པར་སྤོང་བ་བསྒོམ་སྟེ། དེ་བས་ན་དྲན་པ་ཉེ་བར་གཞག་པའི་འོག་ཏུ་ཡང་དག་པར་སྤོང་བའི་སྐབས་བཤད་པར་འབྲེལ་ཏོ། །བརྟན་པའི་ཡང་དག་སྤོང་བ་ནི། །ལུས་ཅན་ཀུན་དང་མཉམ་པ་མིན། །ཞེས་བྱ་བ་ལ། ཡང་དག་པའི་སྤོང་བ་ནི་རྣམ་པ་བཞི་སྟེ།

སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང་། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་སྤང་བ་དང་། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་། དགེ་བའི་ཆོས་སྐྱེས་པ་འཕེལ་བར་བྱ་བའོ། །དེ་ལ་བསྟན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་དག་པར་སྤོང་བ་བཞིའི་བསྒོམ་པ་

ནི་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྒོམས་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡང་དག་པར་སྤོང་བ་བཞི་བསྒོམ་པ་ལས་ཀྱང་ཁྱད་ཞུགས་པས་ན། ལུས་ཅན་ཀུན་དང་མཉམ་པ་མ་ཡིན་པ་ཞེས་བྱའོ། །དྲན་པ་ཉེ་བར་གཞག་ཉེས་པའི། །གཉེན་པོ་ཤིན་དུ་སྒོམ་པར་བྱེད། །

ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པའི་སྤོང་བ་བཞི་སྒོམ་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་ལ་ཉེས་པ་དང་སྐྱོན་ཡོད་པ་རྣམས་སྤང་བར་བྱ་བའི་ཕྱིར་གཉེན་པོ་བསྒོམ་སྟེ། དྲན་པ་ཉེ་བར་གཞག་པའི་ཉེས་པ་ནི་གོང་དུ་ཐེག་པ་ཆེན་པོའི་ཆོས་ཉན་པ་དང་

སེམས་པ་དང་བསྒོམ་པའི་ཤེས་རབ་རྟེན་དུ་བཤད་པ་ལ། ཐེག་པ་ཆེན་པོའི་ཆོས་མི་ཉན་མི་སེམས་མི་སྒོམ་པ་ནི་ཉེས་པའོ། །དེ་བཞིན་དུ་ཐོབ་པའི་རྣམ་པ་ལ་ས་བཅུ་དང་སངས་རྒྱས་ཀྱི་ས་མ་ཐོབ་ན་སྒྲིབ་པའོ་ཞེས་བྱ་བར་སྦྱར་ཏེ། ཚིགས་བཅད་འདིས་ནི་ཡང་དག་པར་སྤོང་བའི་དོན་གྱི་

ཕྱིར་བཤད་པའམ། མདོར་བསྡུས་ཏེ་བཤད་པའོ། །དྲན་པ་ཉེ་བར་གཞག་པ་ཇི་སྙེད་དུ་བཤད་པ་དེ་དག་གི་ཞེས་བྱ་བ་ལ་སོགས་པ་ལ། དྲན་པ་ཉེ་བར་གཞག་པ་ལ་བརྟེན་པ་ལ་སོགས་པ་རྣམ་པ་བཅུ་བཞིར་བཤད་པ་དེ་དག་གི་མི་མཐུན་པའི་ཕྱོགས་ཇི་སྙེད་ཡོད་པ་དེ་དག་སྤང་

བའི་ཕྱིར་དེའི་གཉེན་པོར་ཡང་དག་པར་སྤོང་བ་བསྒོམ་མོ། །རབ་ཏུ་དབྱེ་བ་ནི་ཞེས་བྱ་བ་ལ། ཡང་དག་པར་སྤོང་བ་བཞི་མདོར་བསྟན་ནས་དེ་ཡང་དག་པའི་སྤོང་བ་ཕྱེ་སྟེ་བསྟན་ན་ཞེས་བྱ་བའི་དོན་ཏོ། །འཁོར་བ་ལ་ནི་ལོངས་སྤྱོད་དང་། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་

Vol. 126 · folio 108a

སེམས་ཅན་གྱི་དོན་དུ་འཁོར་བ་ན་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལུས་བླངས་ནས་ལོངས་སྤྱོད་ཕུན་སུམ་ཚོགས་པ་མྱོང་བའི་དུས་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་མི་གོས་ཤིང་ཉོན་མོངས་པའི་དབང་དུ་མི་འགྱུར་བར་བྱ་བའི་ཕྱིར་ཡང་དག་པར་སྤོང་བ་

བཞི་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །སྒྲིབ་པ་དག་ནི་གཏོང་བ་དང་། །ཞེས་བྱ་བ་ལ། གཏོང་བ་ནི་སྤོང་བ་ལ་བྱ་སྟེ། སྒྲིབ་པ་ལྔ་སྤང་བར་བྱ་བའི་ཕྱིར་ཡང་དག་པར་སྤོང་བ་བཞི་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །སྒྲིབ་པ་ལྔ་ནི་འདོད་པའི་འདོད་ཆགས་དང་། གནོད་སེམས་དང་། གཉིད་དང་

རྨུགས་པ་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་མོ། །ཡིད་ལ་བྱེད་པ་གཏོང་བ་དང་། །ཞེས་བྱ་བ་ལ། འདིར་ཡང་གཏོང་བའི་སྒྲས་སྤོང་བ་ལ་བྱ་སྟེ། ཐེག་པ་ཆེན་པོའི་དོན་ཡིད་ལ་མི་བྱེད་ཀྱི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་སྤང་བའི་ཕྱིར། ཡང་དག་པར་

སྤོང་བ་བཞི་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །ས་ཉིད་ལ་ནི་འཇུག་པ་དང་། །ཞེས་བྱ་བ་ལ། མོས་པས་སྤྱོད་པའི་ས་ནས་ས་དང་པོ་ལ་འཇུག་པར་བྱ་བ་ལ་སྒྲིབ་པར་འགྱུར་བའི་ཆོས་སྤོང་བར་བྱ་བའི་ཕྱིར། ཡང་དག་པར་སྤོང་བ་བཞི་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །མཚན་མ་མེད་པར་

གནས་པ་དང་། །ཞེས་བྱ་བ་ལ། མཚན་མ་མེད་པ་ནི་ས་བདུན་པ་སྟེ། ས་གཉིས་པ་ནས་ས་དྲུག་པ་མན་ཆད་ལ་གནས་ཏེ། ས་བདུན་པ་ཐོབ་པར་བྱ་ཞིང་ས་བདུན་པ་ལ་གནས་པར་བྱ་བ་ལ་བར་དུ་གཅོད་པའི་ཉེས་པ་སྤོང་བར་བྱ་བའི་ཕྱིར་ཡང་དག་པར་སྤོང་བ་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །

ལུང་བསྟན་པ་ཡང་ཐོབ་པ་དང་། །ཞེས་བྱ་བ་ལ། ལུང་བསྟན་པ་ནི་ས་བརྒྱད་པ་སྟེ། ས་བརྒྱད་པ་ཐོབ་པར་བྱ་བའི་ཕྱིར། ས་བརྒྱད་པ་ཐོབ་པར་བྱ་བ་ལ་བར་དུ་གཅོད་པའི་ཉེས་པ་སྤང་བར་བྱ་བའི་ཕྱིར་ཡང་དག་པའི་སྤོང་བ་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཡོངས་སུ་

སྨིན་བྱེད་དང་། །ཞེས་བྱ་བ་ལ། སེམས་ཅན་ཡོངས་སུ་སྨིན་བྱེད་པ་ནི་ས་དགུ་པ་སྟེ། ས་དགུ་པའི་ཚེ་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པས་སེམས་ཅན་ལ་ཆོས་བསྟན་པའི་སྒོ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར། ས་དགུ་པ་ཐོབ་པར་བྱ་བ་ལ་བར་དུ་གཅོད་

Vol. 126 · folio 108b

པའི་སྒྲིབ་པ་སྤང་བར་བྱ་བའི་ཕྱིར་ཡང་དག་པའི་སྤོང་བ་བཞི་བསྒོམ་མོ། །བློ་ལྡན་རྣམས་ཀྱི་དབང་བསྐུར་དང་། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་རྒྱལ་ཚབ་ཏུ་དབང་བསྐུར་བ་ཐོབ་པ་ལ་ནི་ས་བཅུ་པ་རྣམས་ཏེ། ས་བཅུ་ཐོབ་པར་བྱ་བ་ལ་སྒྲིབ་པ་སྤང་བར་བྱ་བའི་ཕྱིར་ཡང་དག་

པར་སྤོང་བ་བཞི་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །ཞིང་རྣམས་རྣམ་པར་སྦྱོང་བའི་ཕྱིར། །ཞེས་བྱ་བ་ལ། ས་བརྒྱད་པ་དང་དགུ་པ་དང་བཅུ་པ་ཉིད་ལ་སངས་རྒྱས་ཀྱི་ཞིང་ས་གཞི་ཤེལ་ལ་སོགས་པའི་ཁ་དོག་ལྟ་བུར་ཡོངས་སུ་སྦྱོང་བར་བྱེད་དེ། ས་གསུམ་ལ་སངས་རྒྱས་ཀྱི་ཞིང་

ཡོངས་སུ་སྦྱོང་བར་བྱ་བ་ལ་བར་དུ་གཅོད་པའི་སྒྲིབ་པ་སྤང་བར་བྱ་བའི་ཕྱིར་ཡང་དག་པའི་སྤོང་བ་བཞི་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །མཐར་ནི་ཐུག་པར་འགྲོ་བ་དང་། །ཞེས་བྱ་བ་ལ། མཐར་ཐུག་པར་འགྲོ་བའི་ས་ནི་ས་བཅུ་གཅིག་པ་སངས་རྒྱས་ཀྱི་ས་སྟེ། སངས་རྒྱས་ཀྱི་ས་

ཐོབ་པར་བྱ་བ་ལ་བར་དུ་གཅོད་པའི་སྒྲིབ་པ་སྤང་བར་བྱ་བའི་ཕྱིར་ཡང་དག་པའི་སྤོང་བ་བཞི་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་བསྒོམ་པ་ནི། །མི་མཐུན་ཕྱོགས་ཀྱི་གཉེན་པོའོ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པའི་སྤོང་བ་བཞི་བསྒོམ་པ་

ནི་འཁོར་བ་ན་ལོངས་སྤྱོད་པ་ནས་བརྩམས་ཏེ། མཐར་ཐུག་པའི་འགྲོ་བ་དག་ལ་སྒྲིབ་པ་མི་མཐུན་པའི་ཕྱོགས་སྤོང་བའི་ཕྱིར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །འདི་དག་ནི་ཡང་དག་པའི་སྤོང་བ་བཞི་བསྒོམ་པའི་རབ་ཏུ་དབྱེ་བའོ། །དད་ལ་བརྟེན་ནས་རྣལ་འབྱོར་བསྒོམ། །མཚན་

མ་དང་ནི་བཅས་པའོ། །ཡང་དག་སྤོང་བ་ཐམས་ཅད་ལ། །གཉེན་པོ་གང་དུ་བཤད་པ་ཡིན། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་ཡང་དག་པའི་སྤོང་བ་བཞི་བསྒོམ་པ་བསྟན་ཏེ། དེ་ལ་དད་པ་ལ་བརྟེན་ཅིང་གནས་ནས་ཞི་གནས་དང་ལྷག་མཐོང་བསྒོམ་པ་ནི་རྣལ་འབྱོར་བསྒོམ་

པ་ཞེས་བྱའོ། །ཞི་གནས་དང་ལྷག་མཐོང་བསྒོམ་པ་ཡང་ཞི་གནས་ཀྱི་མཚན་མ་དང་། གཟེངས་བསྟོད་པའི་མཚན་མ་དང་། བཏང་སྙོམས་ཀྱི་མཚན་མ་དང་བཅས་པར་བསྒོམས་ཏེ། དེ་ལྟར་བསྒོམ་པ་ནི་གོང་དུ་ཡང་དག་པའི་སྤོང་བ་རབ་ཏུ་དབྱེ་བ་ལ་བར་དུ་གཅོད་པ་ཐམས་

Vol. 126 · folio 109a

ཅད་ཀྱི་གཉེན་པོ་ཡིན་པར་བཤད་དོ། །འདིས་ནི་དད་པ་བསྐྱེད་པ་དང་། །རྩོལ་བ་དང་ཞེས་བྱ་བ་ལ་སོགས་པ་ལ། དད་ལ་བརྟེན་ནས་རྣལ་འབྱོར་བསྒོམ། །ཞེས་བྱ་བ་ལ་སོགས་ཚིགས་སུ་བཅད་པ་གཅིག་གིས་མདོ་སྡེ་ལས་དད་པ་བསྐྱེད་པ་དང་། རྩོལ་བ་དང་

བརྩོན་འགྲུས་རྩོམ་པ་དང་། སེམས་རབ་ཏུ་འཛིན་ཅིང་། ཡང་དག་པར་འཇོག་ཅེས་བྱ་བའི་ཚིག་ལྔའི་དོན་འཆད་དེ་དེ་ལ་དད་པ་བསྐྱེད་པ་ནི་བརྩོན་འགྲུས་ཀྱི་གཞིའོ། །རྩོལ་བ་དང་། བརྩོན་འགྲུས་རྩོམ་པ་དང་། རབ་ཏུ་འཛིན་པ་དང་། ཡང་དག་པར་འཇོག་པ་བཞི་ནི་བརྩོན་འགྲུས་ཀྱི་རང་

བཞིན་ནོ། །དད་པ་ལ་བརྟེན་ནས་ཞི་གནས་དང་ལྷག་མཐོང་ཞེས་བྱ་བ་ལ་སོགས་པ་ལ། འདི་ལྟར་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང་། སྐྱེས་པ་སྤང་བ་དང་། དགེ་བ་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་སྤེལ་བར་འདོད་པའི་མོས་པ་ལ་བརྟེན་ནས། རྣལ་འབྱོར་པས་

ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར། དང་པོར་ཞི་གནས་དང་ལྷག་མཐོང་ཞེས་བྱ་བའི་རྣལ་འབྱོར་བསྒོམ་པ་ནི་རྩོལ་བ་ཞེས་བྱ་བའོ། །བསྒོམ་པ་དེ་དང་ཞི་གནས་དང་གཟེངས་བསྟོད་པ་དང་ཞེས་བྱ་བ་ལ་སོགས་པ་ལ། ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་ཡང་ཞི་གནས་དང་ལྷག་

མཐོང་བསྒོམ་པ་འབའ་ཞིག་བསྒོམ་པར་མ་ཟད་ཀྱི། ཞི་གནས་དང་ལྷག་མཐོང་གི་རྒྱུ་ཞི་གནས་ཀྱི་མཚན་མ་དང་། གཟེངས་བསྟོད་པའི་མཚན་མ་དང་། གཏང་སྙོམས་ཀྱི་མཚན་མ་དང་བཅས་པར་བསྒོམས་ཏེ། དེ་ལྟར་བསྒོམ་པ་ནི་མཚན་མ་དང་བཅས་པ་ཞེས་བྱ་བའོ། །ཇི་

ལྟར་བསྒོམ་པར་བྱ་ཞེ་ན། གང་ཉེ་བའི་ཉོན་མོངས་པ་ཞུམ་པ་དང་རྒོད་པའི་གཉེན་པོར་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ན་ཞི་གནས་དང་། གཟེངས་བསྟོད་པ་དང་། བཏང་སྙོམས་ཀྱི་མཚན་མ་དང་བཅས་པར་བསྒོམ་པ་ན་ཉེ་བའི་ཉོན་མོངས་པ་ཞུམ་པ་དང་རྒོད་པ་དག་

འབྱུང་ཞིང་བར་དུ་གཅོད་དེ། ནམ་གཉིད་དང་རྨུགས་པ་ལ་སོགས་པས་སེམས་ནོན་ན་ཞུམ་པར་འགྱུར་བ་དེ་ན་དེ་བཞིན་གཤེགས་པའི་ཡོན་ཏན་ནམ། བསམ་གཏན་གྱི་འབྲས་བུ་དག་ཡིད་ལ་བྱེད་པའི་གཟེངས་བསྟོད་པའི་མཚན་མ་ཡིད་ལ་བྱས་ནས་སེམས་སྤྲོ་བ་བསྐྱེད་པར་བྱའོ། །ནམ་འདོད་

Vol. 126 · folio 109b

པའི་ཡོན་ཏན་དག་ལ་སེམས་འཕྲོས་ནས་གཡེང་བར་འགྱུར་ན། འཁོར་བའི་སྐྱོན་སྐྱེ་རྒ་ན་འཆི་བ་ལ་སོགས་པ་ཡིད་ལ་བྱེད་པ་ཞི་གནས་ཀྱི་མཚན་མ་ཡིད་ལ་བྱས་ནས། སེམས་གཞིལ་བར་བྱ་སྟེ། དེ་ལྟར་བྱེད་པ་ནི་བརྩོན་འགྲུས་རྩོམ་པ་ཞེས་བྱའོ། །ཇི་ལྟར་རྩོམ་ཞེ་ན། སེམས་

རབ་ཏུ་འཛིན་པ་དང་། ཡང་དག་པར་འཇོག་པ་སྟེ་ཞེས་བྱ་བ་ལ་ཞུམ་པ་དང་རྒོད་པའི་གཉེན་པོ་ཞི་གནས་ཀྱི་མཚན་མ་དང་ལྷག་མཐོང་གི་མཚན་མ་ལ་བརྩོན་འགྲུས་རྩོམ་པ་ཡང་ཇི་ལྟར་བརྩོན་ཞེ་ན། སེམས་རབ་ཏུ་འཛིན་པ་དང་། ཡང་དག་པར་འཇོག་པའི་ཚུལ་དུ་བརྩོན་འགྲུས་རྩོམ་

སྟེ། །དེ་ལ་ཞུམ་པ་དང་རྒོད་པ་གཉིས་སྤངས་ནས། སེམས་མཉམ་པ་ཉིད་ཐོབ་པས་ནི་སེམས་རབ་ཏུ་འཛིན་པ་ཞེས་བྱའོ། །དེའི་འོག་ཏུ་སེམས་མི་བསྐྱོད་པ་བཏང་སྙོམས་ཉིད་དུ་འཇོག་པ་ནི་ཡང་དག་པར་འཇོག་པ་ཞེས་བྱའོ། །ཇི་སྐད་དུ་བཤད་པའི་རྣལ་འབྱོར་དུ་བསྒོམ་པ་

འདི་དག་ནི་ཞེས་བྱ་བ་ལ། དད་པ་བསྐྱེད་པ་དང་། རྩོལ་བ་ལ་སོགས་པ་རྣམ་པ་ལྔའི་ཚུལ་དུ་བསྒོམ་པ་དེ་དག་ནི་གོང་དུ་ཡང་དག་པའི་སྤོང་བ་རབ་ཏུ་དབྱེ་བ་བཤད་པ་ལ། བར་དུ་གཅོད་པའི་གཉེན་པོ་ཡིན་པར་བཤད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་

ལྔ་སྟེ་ཞེས་བྱ་བ་ལ། ཡང་དག་པའི་སྤོང་བའི་སྐབས་ཀྱི་རྗེས་ལ་རྫུ་འཕྲུལ་གྱི་རྐང་པའི་སྐབས་བཤད་པ་འབྲེལ་པ་ཅི་ཡོད་ཅེ་ན། དེ་ལྟར་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང་། སྐྱེས་པ་སྤང་བ་དང་། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་འཕེལ་

བར་བྱ་བའི་ཕྱིར། བརྩོན་འགྲུས་བརྩམས་པའི་སྡིག་པའི་ཆོས་ལ་སེམས་མི་འཇུག་པའི་ཏིང་ངེ་འཛིན་ཐོབ་སྟེ། དེ་བས་ན་ཡང་དག་པའི་སྤོང་བའི་འོག་ཏུ་རྫུ་འཕྲུལ་གྱི་རྐང་པའི་སྐབས་བཤད་པར་འབྲེལ་ཏོ། །དེ་ལ་རྫུ་འཕྲུལ་ནི་ནམ་མཁའ་ལ་འཕུར་བ་ལ་སོགས་པ་སྟེ། དེ་ཐོབ་པར་

བྱེད་པའི་རྒྱུ་མོས་པ་ལ་སོགས་པ་བཞི་ལ་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་སྟེ། རྐང་པ་ནི་རྒྱུ་ལ་བྱའོ། །ཡང་ན་གང་ཟག་གང་ལ་རྐང་པ་ཡོད་པ་དེས་གང་དུ་བགྲོད་པར་བྱ་བའི་གནས་སུ་ཕྱིན་པར་བྱེད་པ་དེ་བཞིན་དུ་གང་ལ་མོས་པ་ལ་སོགས་པའི་ཆོས་བཞི་ཡོད་པ་དེ་འཇིག་རྟེན་ལས་

Vol. 126 · folio 110a

འདས་པའི་ཆོས་ཐོབ་པར་འགྱུར་པས་ན་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམ་པར་དབྱེ་བ་ཡང་ཚིགས་སུ་བཅད་པ་ལྔས་སྟོན་ཏོ། །རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་ནི། བརྟན་པ་རྣམས་ཀྱི་མཚན་ཉིད་མཆོག །ཅེས་བྱ་བ་ལ། ཉན་ཐོས་དང་རང་

སངས་རྒྱས་ལ་སོགས་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་པས་བརྟེན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པ་དང་། བརྩོན་འགྲུས་དང་། སེམས་པ་དང་། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པའི་མཚན་ཉིད་མཆོག་ཡིན་ཏེ། དེ་དག་པས་ཁྱད་ཞུགས་སོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མཆོག་ཡིན་

ཞེ་ན། དེའི་ཕྱིར། བདག་དང་གཞན་དག་རྣམས་ཀྱི་ཡང་། །དོན་རྣམས་ཐམས་ཅད་འགྲུབ་འགྱུར་བ། །ཞེས་བྱ་བ་སྨོས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་རྣམས་ཀྱིས་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་ནི་བདག་གི་དོན་བསྒྲུབ་པར་བྱ་བའི་ཕྱིར་བསྒོམ་གྱི། བྱང་ཆུབ་སེམས་དཔའ་

རྣམས་ཀྱིས་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་ནི་བདག་དང་གཞན་གཉི་གའི་དོན་ཐམས་ཅད་འགྲུབ་པར་བྱ་བའི་ཕྱིར་བསྒོམ་སྟེ། དེ་བས་ན་ཉན་ཐོས་ལ་སོགས་པ་བས་འཕགས་སོ། །དོན་ཐམས་ཅད་ནི་འཇིག་རྟེན་གྱི་དོན་དང་། འཇིག་རྟེན་ལས་འདས་པའི་དོན་ཏེ། འཇིག་རྟེན་གྱི་དོན་ནི་བརྒྱ་

བྱིན་དང་ཚངས་པ་ལ་སོགས་པའི་འབྱོར་པ་འཐོབ་པའོ། །འཇིག་རྟེན་ལས་འདས་པའི་དོན་ནི་བྱང་ཆུབ་རྣམ་པ་གསུམ་འཐོབ་པའོ། །རྟེན་དང་རབ་ཏུ་དབྱེ་བ་དང་། །ཐབས་དང་མངོན་པར་བསྒྲུབ་པ་ཡིས། །བློ་ལྡན་རྫུ་འཕྲུལ་རྐང་པ་རྣམས། །ཐམས་ཅད་རྣམ་པར་གཞག་པར་

འདོད། །ཅེས་བྱ་བ་ལ། བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པ་དང་། བརྩོན་འགྲུས་དང་། སེམས་པ་དང་། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ཐམས་ཅད་ནི་རྣམ་པ་བཞི་ལྟར་རྣམ་པར་གཞག་ཅིང་། རྣམ་པ་བཞི་ལྟ་བུར་འདོད་དེ། རྣམ་པ་བཞི་ནི་རྟེན་དང་། རབ་ཏུ་

དབྱེ་བ་དང་། ཐབས་དང་། མངོན་པར་བསྒྲུབ་པའོ། །ཚིགས་སུ་བཅད་པ་འདིས་ནི་རྫུ་འཕྲུལ་གྱི་རྐང་པ་རྣམ་པར་གཞག་པའི་དོན་མདོར་བསྟན་ཏེ། ཚིགས་སུ་བཅད་པ་ལྷག་མ་རྣམས་ཀྱིས་ནི་དེའི་དོན་ཞིབ་ཏུ་བཤད་དོ། །བསམ་གཏན་ཕ་རོལ་ཕྱིན་ལ་གནས། །ཞེས་བྱ་བ་ལ།

Vol. 126 · folio 110b

འདིས་ནི་རྟེན་བསྟན་ཏེ། རྫུ་འཕྲུལ་གྱི་རྐང་པ་བཞིའི་གནས་དང་། རྟེན་ནི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་ཡིན་ཏེ། དེ་བས་ན། བསམ་གཏན་ཕ་རོལ་ཕྱིན་ལ་གནས། །ཞེས་བྱའོ། །དེའི་ཕྱིར་འཕགས་པ་བློ་གྲོས་མི་ཟད་

པའི་མདོ་ལས་ཀྱང་། གཞན་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་རྐང་པ་བཞི་མི་ཟད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། མོས་པ་དང་། བརྩོན་འགྲུས་དང་། སེམས་པ་དང་། དཔྱོད་པ་དང་། དེ་དག་གི་རྩ་བའི་རྟེན་དང་གནས་ནི་བྱམས་པ་དང་།

སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དང་ཚད་མེད་པ་བཞི་རྣམས་ཏེ། དེ་ཚད་མེད་པ་བཞི་པོ་དེ་དག་ལ་བསྙེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་སེམས་ལས་སུ་རུང་བ་ཐོབ་པར་འགྱུར་རོ། །དེ་སེམས་ལས་སུ་རུང་བ་ཐོབ་པས་བསམ་གཏན་དང་པོ་ལ་སེམས་མཉམ་པར་གཞག་

གོ། །དེ་བཞིན་དུ་གཉིས་པ་དང་། གསུམ་པ་དང་། དེ་བཞིན་བཞི་པ་ལ་སོགས་པ་ལ་ཡང་མཉམ་པར་གཞག་སྟེ། དེ་བསམ་གཏན་ཐོབ་པས་ལུས་དང་སེམས་ཡང་བ་འཐོབ་པར་འགྱུར་རོ། །དེ་ལུས་དང་སེམས་ཡང་བ་དང་ལྡན་པས་མངོན་པར་ཤེས་པ་ལ་འཇུག་པ་ལ་རབ་ཏུ་བསྒྲུབ་

པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རབ་ཏུ་དབྱེ་བ་རྣམ་པ་བཞི་ཞེས་བྱ་བ་ལ། རྫུ་འཕྲུལ་གྱི་རྐང་པ་ལ་ཕྱེ་ན་རྣམ་པ་བཞི་སྟེ། མོས་པའི་ཏིང་ངེ་འཛིན་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་འཛིན་དང་། དཔྱོད་པའི་ཏིང་ངེ་འཛིན་ཏོ། །དེ་ལ་ཆོས་

ཐམས་ཅད་སྟོང་པ་ཉིད་དང་། བདག་མེད་པར་མོས་ཤིང་ཡིད་ཆེས་པ་ལ་བརྟེན་ནས་སྤྲོ་ཞིང་གུས་པ་བསྐྱེད་དེ། བརྩོན་འགྲུས་བརྩམས་པ་ལས་སེམས་རྩེ་གཅིག་ཏུ་གྱུར་པ་ནི་མོས་པའི་ཏིང་ངེ་འཛིན་ཅེས་བྱའོ། །ཡང་ན་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང་། སྐྱེས་

པ་སྤང་བ་དང་། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་སྤེལ་བར་བྱ་བར་འདོད་པ་དང་མོས་པ་བསྐྱེད་ནས། གུས་པར་བརྩོན་འགྲུས་བརྩམས་པ་ལས། སེམས་རྩེ་གཅིག་པར་གྱུར་པ་ནི་མོས་པའི་ཏིང་ངེ་འཛིན་ཅེས་བྱའོ། །ཡང་ན་སྡིག་པ་མི་དགེ་བའི་ཆོས་མ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words