མདོ་སྡེ་རྒྱན་གྱི་འགྲེལ་བཤད
Sanskrit title (Tibetan script, as in the text) སཱུ་ཏྲ་ཨ་ལཾ་ཀ་ར་བྲྀཏྟི་བྷཱ་ཥྱཾ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 126 · folio 111a
སྐྱེས་པ་མི་བསྐྱེད་པ་དང་། སྐྱེས་པ་སྤང་བ་དང་། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་སྤེལ་བར་བྱ་བའི་ཕྱིར། བརྩོན་འགྲུས་སུ་རྒྱུན་མི་འཆད་པ་དང་། རྟག་ཏུ་བརྩམས་པ་ལས་སེམས་རྩེ་གཅིག་ཏུ་གྱུར་པ་ནི་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ཞེས་
བྱའོ། །སེམས་ནི་ཞི་གནས་ལ་བྱ་སྟེ། ཚེ་སྔ་མ་ལ་ཞི་གནས་བསྒོམས་པའི་བག་ཆགས་སེམས་ལ་བརླན་པ་ལས་བག་ཆགས་དེ་ལ་བརྟེན་ནས། ཚེ་འདིར་འབད་པ་ཆེན་པོ་མེད་པར་སེམས་རྩེ་གཅིག་ཏུ་གྱུར་པ་ནི་སེམས་ཀྱི་ཏིང་ངེ་འཛིན་ཞེས་བྱའོ། །དཔྱོད་པ་ནི་ལྷག་མཐོང་ལ་བྱ་སྟེ། གང་
གཞན་དག་གིས་ཆོས་བསྟན་པ་རྣམས་ལ་ཤེས་རབ་ཀྱི་མཚན་ཉིད་རྣམ་པར་དབྱེ་བ་ལས། ཐེ་ཚོམ་དང་བྲལ་ནས་སེམས་རྩེ་གཅིག་ཏུ་གྱུར་པ་ནི་དཔྱོད་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཐབས་དང་མངོན་པར་བསྒྲུབ་པ་ལ་རྣམ་པ་ཡང་ནི་དྲུག་ཅེས་བྱའོ་ཞེས་བྱ་བ་ལ་རྫུ་འཕྲུལ་གྱི་རྐང་པ་
བཞི་བསྒྲུབ་པའི་ཐབས་ནི་རྣམ་པ་བཞིའོ། །མངོན་པར་བསྒྲུབ་པ་སྟེ་འབྲས་བུ་ནི་རྣམ་པ་དྲུག་གོ། །དང་པོ་སྤྲོ་བ་བྱེད་པ་སྟེ། །ཞེས་བྱ་བ་ལ། ཐབས་དང་པོ་ནི་སྤྲོ་བ་བྱེད་པའི་ཐབས་ཏེ་སྤྲོ་བ་བྱེད་པའི་ཐབས་ནི་བརྩོན་འགྲུས་ལ་བྱའོ། །གཉིས་པ་ཕན་འདོགས་བདག་ཉིད་དོ། །ཞེས་བྱ་བ་
ལ། ཐབས་གཉིས་པ་ནི་ཕན་འདོགས་པར་བྱེད་པའི་བདག་ཉིད་དེ། ལུས་དང་སེམས་ལ་དག་པར་བྱེད་པའོ། །གསུམ་པ་འཇོག་པར་བྱེད་པ་སྟེ། །ཞེས་བྱ་བ་ལ། ཐབས་གསུམ་པ་ནི་འཇོག་པར་བྱེད་པ་སྟེ། ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་པའོ། །བཞི་པ་ཉིད་ནི་གཉེན་པོའོ། །
ཞེས་བྱ་བ་ལ། ཐབས་བཞི་པ་ནི་གཉེན་པོའི་མཚན་ཉིད་དེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྤོང་བར་བྱེད་པའོ། །སྤོང་བའི་འདུ་བྱེད་རྣམ་པ་བརྒྱད་ལ་ཞེས་བྱ་བ་ལ་སོགས་པ་ལ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་བར་དུ་གཅོད་པའི་མི་མཐུན་པའི་ཕྱོགས་སྤོང་བར་བྱེད་པའི་
གཉེན་པོར་འགྱུར་བ་སྤོང་བའི་འདུ་བྱེད་རྣམ་པ་བརྒྱད་ཡོད་དོ། །མོས་པ་དང་། དད་པ་དང་། རྩོལ་བ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་སོ། །དེ་ལ་མོས་པ་དང་། རྩོལ་བ་དང་། དད་པ་གསུམ་ལ་ནི་སྤྲོ་བའི་ཐབས་ཞེས་
Vol. 126 · folio 111b
བྱའོ། །དེ་ཅིའི་ཕྱིར་དེ་གསུམ་ལ་སྤྲོ་བའི་ཐབས་ཞེས་བྱ་ཞེ་ན། དེའི་ཕྱིར། དད་པར་གྱུར་ན་མོས་དང་རྩོལ་བའི་ཕྱིར་རོ། །ཞེས་སྨོས་ཏེ། དེ་ལ་མྱ་ངན་ལས་འདས་པ་ནི་ཐོབ་པར་བྱར་རུང་བར་ཡིད་ཆེས། འཕགས་པའི་ལམ་ནི་བསྒྲུབ་པར་བྱར་རུང་བར་ཡིད་ཆེས་པ་ནི་དད་པའོ། །དེ་ལྟར་ཡིད་
ཆེས་པའི་དད་པ་ཡོད་ན། མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་དང་། ལམ་བསྒྲུབ་པར་བྱ་བ་ལ་འདོད་པ་སྐྱེ་སྟེ། དེ་བས་ན་མོས་པའི་རྒྱུ་ནི་དད་པ་ཡིན་ནོ། །དེའི་ཕྱིར་གཙུག་ལག་གཞན་དག་ལས་ཀྱང་། དད་པ་ནི་མོས་པའི་རྟེན་སྦྱིན་པའི་ལས་ཅན་ནོ་ཞེས་བཤད་དོ། །དེ་ལྟར་མོས་
པ་ནི་འགྱུར་ན་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་དང་། ལམ་བསྒོམ་པར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་སྟེ། དེ་ལྟར་བརྩོན་འགྲུས་ཀྱི་རྒྱུ་ནི་མོས་པའོ། །དེའི་ཕྱིར་གཙུག་ལག་གཞན་དག་ལས་ཀྱང་། མོས་པ་ནི་བརྩོན་འགྲུས་ཀྱི་གནས་སྦྱིན་པའི་ལས་ཅན་ནོ་ཞེས་བཤད་དོ། །དེ་
བས་ན་དེ་གསུམ་ནི་སྤྲོ་བའི་ཐབས་སུ་གཞག་གོ། །ཤིན་ཏུ་སྦྱངས་པ་ནི་ཕན་འདོགས་པའོ་ཞེས་བྱ་བ་ལ། ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ནི་ལུས་དང་སེམས་ལས་སུ་རུང་བ་ལ་བྱ་སྟེ། དེ་ནི་ཕན་འདོགས་པའི་ཐབས་སོ། །ཅིའི་ཕྱིར་ཞེ་ན། ལུས་ལས་སུ་རུང་བས་ནི་ལུས་ལ་ཕན་འདོགས་ཏེ། ལུས་
ཟོ་མདོག་བདེ་བ་དང་། ཡང་ན་སྐྱེད་པར་བྱེད་པའི་ཕྱིར་རོ། །སེམས་ལས་སུ་རུང་བ་ནི་སེམས་ལ་ཕན་འདོགས་ཏེ། སེམས་ཏིང་ངེ་འཛིན་གྱི་ཡུལ་ལ་མྱུར་དུ་འཇུག་པ་དང་། གཉིད་དང་རྨུགས་པ་ལ་སོགས་པས་མི་ནོན་པར་བྱེད་པའི་ཕྱིར་རོ། །དྲན་པ་དང་ཤེས་བཞིན་ནི་འཇོག་པར་བྱེད་པ་སྟེ་
ཞེས་བྱ་བ་ལ། དྲན་པ་ནི་ཏིང་ངེ་འཛིན་ལ་བྱ། ཤེས་བཞིན་ནི་ཤེས་རབ་ལ་བྱ་སྟེ། དེ་གཉིས་ནི་འཇོག་པར་བྱེད་པའི་ཐབས་ཞེས་བྱའོ། །ཅིའི་ཕྱིར་དེ་གཉིས་ལ་འཇོག་པར་བྱེད་པའི་ཐབས་ཞེས་བྱ་ཞེ་ན། དེའི་ཕྱིར། དང་པོས་ནི་སེམས་དམིགས་པ་ལ་མི་གཡེང་བ་དང་། གཉིས་
པ་ནི་གཡེང་བ་རབ་ཏུ་ཤེས་པའི་ཕྱིར་རོ་ཞེས་སྨོས་ཏེ། དང་པོ་ནི་ཞི་གནས་ཀྱི་རང་བཞིན་དྲན་པ་ལ་བྱ་སྟེ། དེས་ནི་སེམས་ཏིང་ངེ་འཛིན་གྱི་ཡུལ་ལས་སེམས་གཟུགས་ལ་སོགས་པའི་ཡུལ་ལ་འཕྲོས་ཤིང་གཡེངས་པ་ལས་སླར་བསྡུས་ནས་རྩེ་གཅིག་ཏུ་འཇོག་པས་ན་འཇོག་པའི་ཐབས་
Vol. 126 · folio 112a
ཞེས་བྱའོ། །གཉིས་པ་ནི་ཤེས་བཞིན་ཤེས་རབ་ཀྱི་རང་བཞིན་ཏེ། དེས་སེམས་ཡུལ་ལ་གཡེང་བར་གྱུར་ན་གཡེང་བར་ཤེས་ནས་མྱུར་བ་མྱུར་བར་ལྡོན་པར་བྱེད་པས་ན་འཇོག་པར་བྱེད་པའི་ཐབས་སོ། །སེམས་པ་དང་བཏང་སྙོམས་ནི་གཉེན་པོའི་ཐབས་ཏེ་ཞེས་བྱ་བ་ལ། སེམས་པ་དང་བཏང་སྙོམས་གཉིས་ལ་ནི་གཉེན་པོའི་
ཐབས་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། སེམས་པས་ནི་ཞུམ་པ་དང་རྒོད་པའི་ཉེ་བའི་ཉོན་མོངས་པ་གཉིས་ཀྱི་གཉེན་པོ་བྱེད། བཏང་སྙོམས་ཀྱིས་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཉོན་མོངས་པའི་གཉེན་པོ་བྱེད་དོ། །སེམས་ཞུམ་པར་གྱུར་པའི་དུས་ན་ནི་སེམས་པས་དེ་བཞིན་གཤེགས་པའི་ཡོན་ཏན་
ལ་སོགས་པ་ཡིད་ལ་བྱས་ནས་སེམས་གཟེངས་བསྟོད་དེ། ཞུམ་པ་སེལ་བར་བྱེད་དོ། །ནམ་སེམས་རྒོད་པར་གྱུར་པ་ན་འཁོར་བའི་སྐྱོན་ལ་སོགས་པ་ཡིད་ལ་བྱས་ནས་སེམས་ཞི་བར་བྱ་སྟེ། དགེ་བའི་ཕྱོགས་ལ་འཇུག་པར་བྱེད་པས་ན། སེམས་པ་ནི་ཉེ་བའི་ཉོན་མོངས་པ་གཉིས་ཀྱི་
གཉེན་པོའོ། །བཏང་སྙོམས་ཀྱང་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་གཉེན་པོ་སྟེ་ཇི་ལྟ་ཞེ་ན། བཏང་སྙོམས་ནི་ཉོན་མོངས་པའི་ཆོས་སྐྱེ་བ་དང་མི་མཐུན་པ་ཡིན་པས། ཇི་སྲིད་དུ་བཏང་སྙོམས་སུ་གནས་པ་དེ་སྲིད་དུ་ཉོན་མོངས་པ་རྣམས་སེམས་ལ་ཅུང་ཟད་ཀྱང་མི་འབྱུང་བའི་ཕྱིར་རོ། །
ལྟ་བ་དང་ནི་ལུང་ནོད་འདོད་དང་ཞེས་བྱ་བ་ལ་སོགས་པ་རྫུ་འཕྲུལ་གྱི་རྐང་པ་བཞི་འབྲས་བུ་དྲུག་མངོན་པར་སྒྲུབ་པ་དྲུག་གང་ཡིན་པ་སྟོན་ཏེ། མངོན་པར་སྒྲུབ་པ་དྲུག་ནི་ལྟ་བ་མངོན་པར་སྒྲུབ་པ་དང་། ལུང་ནོད་པ་མངོན་པར་སྒྲུབ་པ་དང་། གནས་པས་རྣམ་པར་རྩོམ་པ་མངོན་པར་སྒྲུབ་པ་དང་། སྨོན་པ་མངོན་
པར་སྒྲུབ་པ་དང་། དབང་བྱེད་པ་མངོན་པར་སྒྲུབ་པ་དང་། ཆོས་ཐོབ་པ་མངོན་པར་སྒྲུབ་པའོ། །དེ་ལ་བལྟ་བ་ནི་སྤྱན་རྣམ་པ་ལྔ་སྟེ་ཞེས་བྱ་བ་ལ། སྤྱན་ལྔ་བལྟ་བ་ཞེས་བྱ་སྟེ། སྤྱན་ལྔ་ནི་ཤའི་སྤྱན་ལ་སོགས་པའོ། །དེ་ལ་ཤའི་སྤྱན་ནི་བྱང་ཆུབ་སེམས་དཔའ་རྣམས་རྫུ་འཕྲུལ་གྱི་རྐང་པ་བསྒོམས་པའི་མཐུས་མིག་འདི་
ལྟ་བུ་རྣམ་པར་སྨིན་པར་འགྱུར་ཏེ། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཡོད་པའི་གཟུགས་ཆེ་ཕྲ་ཅི་ཡོད་ཐམས་ཅད་མཐོང་བའོ། །རྫུ་འཕྲུལ་གྱི་སྤྱན་ནི་བསམ་གཏན་དང་པོ་གཉིས་པ་ལ་སོགས་པ་བསྒོམས་པ་ལས་གྲུབ་པ་སྟེ། ཤའི་སྤྱན་བས་ཁྱད་ཞུགས་
Vol. 126 · folio 112b
པར་གྱུར་པས་ན་གང་གི་ཕྱོགས་བཅུ་དུས་གསུམ་གྱི་གཟུགས་ཆེ་ཕྲ་ཐམས་ཅད་མཐོང་བའོ། །འཕགས་པའི་ཤེས་རབ་ཀྱི་སྤྱན་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །ཆོས་ཀྱི་སྤྱན་ནི་མདོའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་ཐམས་ཅད་ལ་ཐོགས་
པ་མེད་པར་ཤེས་པའོ། །སངས་རྒྱས་ཀྱི་སྤྱན་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་ལ་སོགས་པའི་ཆོས་ཐམས་ཅད་ཐུགས་སུ་ཆུད་པའོ། །ཡང་ན་ཤའི་སྤྱན་ནི་ཕྱོགས་བཅུའི་འཇིག་རྟེན་མཐར་ཐུག་པ་མེད་པ་ན་ད་ལྟར་གྱི་དུས་ཀྱི་སེམས་
ཅན་གྱི་གཟུགས་ཆེ་ཕྲ་ཅི་ཡོད་པ་ཐམས་ཅད་ལ་ཐོགས་པ་མེད་པར་གཟིགས་ཏེ། དེའི་ཕྱིར་མདོ་ལས་ཀྱང་། དེའི་ཤའི་མིག་གིས་དཔག་ཚད་གཅིག་ཏུ་མཐོང་། དཔག་ཚད་བརྒྱ་ཚུན་ཆད་དུ་མཐོང་། འཛམ་བུའི་གླིང་ཐམས་ཅད་དུ་མཐོང་། ཤིན་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་
གྱི་ཁམས་ཐམས་ཅད་དུ་མཐོང་ངོ་ཞེས་གསུངས་པའོ། །དེ་ལ་རྫུ་འཕྲུལ་གྱི་སྤྱན་ལ་ཡང་རྣམ་པ་གཉིས་ཏེ། ལས་ལས་སྐྱེས་པའི་མིག་དང་བསྒོམས་པའི་འབྲས་བུ་དང་གཉིས་སོ། །དེ་ལ་ལས་ལས་སྐྱེས་པ་ནི་ལྷ་རྣམས་ཀྱི་མིག་སྟེ། རང་གི་ལས་ཀྱི་ཤིན་ཏུ་དབང་པོ་དང་མིའི་
མིག་ཐོབ་ན། གཟུགས་དག་ལ་ཐོགས་པ་མེད་པར་མངོན་པའོ། །བསྒོམས་པའི་འབྲས་བུ་ནི་རྣལ་འབྱོར་བྱེད་པས་ཏིང་ངེ་འཛིན་བསྒོམས་པའི་མཐུས་ལྷའི་མིག་ཐོབ་པ་སྟེ། དེས་ནི་སེམས་ཅན་དེ་དག་གི་ཐོག་མ་མེད་པའི་དུས་ཀྱི་གནས་གཟིགས་པ་སྟེ། སེམས་ཅན་དེ་དག་དེ་ནས་ཤི་
འཕོས་ནས་འདིར་སྐྱེས་སོ། །དེ་ནས་ཀྱང་ཤི་འཕོས་ནས་འདིར་སྐྱེས་སོ། །ཞེས་བྱ་བའི་ཚུལ་དུ་ད་ལྟར་གྱི་དུས་ལ་ཐུག་གི་བར་དུ་གཟིགས་པ་དང་། རྫུ་འཕྲུལ་གྱི་སྤྱན་གྱིས་ནི་འདས་པ་དང་། མ་འོངས་པའི་གཟུགས་གཟིགས་སོ། །དེ་ལ་འཕགས་པའི་ཤེས་རབ་ཀྱི་སྤྱན་གྱིས་ནི་ཆོས་
རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རྣམས་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་དོ། །དེ་ལ་ཆོས་ཀྱི་སྤྱན་ཞེས་བྱ་བ་ལ་ཆོས་ཀྱི་སྒྲས་ནི་གང་ཟག་ལ་བྱ་སྟེ། སོ་སོའི་སྐྱེ་བོའི་གང་ཟག་དང་། རྒྱུན་དུ་ཞུགས་པ་ལ་སོགས་པའི་གང་ཟག་བརྒྱད་དང་། ས་དང་པོ་ནས་ས་བཅུ་མན་ཆད་ཀྱི་བྱང་ཆུབ་
Vol. 126 · folio 113a
སེམས་དཔའི་གང་ཟག་རྣམས་ཀྱི་སེམས་རྒྱུད་ཅི་འདྲ་བ་དང་། གང་ཟག་ལ་ཕྱེ་ན་རྣམ་པ་དུ་ཡོད་པ་མཁྱེན་པ་ནི་ཆོས་ཀྱི་སྤྱན་ཞེས་བྱའོ། །ཤེས་པར་བྱ་བའི་ཡུལ་ཤེས་པའི་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་མཐོང་བ་ནི་སངས་རྒྱས་ཀྱི་སྤྱན་ཡིན་ནོ། །ཡང་
ན་སྤྱན་རྣམ་པ་ལྔ་རྣམ་པ་བཞིར་གཞག་སྟེ། གཟུགས་མཐོང་བ་དང་། དོན་དམ་པའི་ཆོས་མཐོང་བ་དང་། ཀུན་རྫོབ་ཀྱི་ཆོས་མཐོང་བ་དང་། ཤེས་བྱ་ཐམས་ཅད་ཁོང་དུ་ཆུད་པའོ། །དེ་ལ་གཟུགས་མཐོང་བ་རྣམ་པ་གཉིས་ཏེ། ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བ་དང་། བསམ་གཏན་གྱི་
འབྲས་བུའོ། །ལས་ཀྱི་རྣམ་པར་སྨིན་པ་ལས་གྲུབ་པའི་མིག་ལ་ནི་རྫུ་འཕྲུལ་གྱི་སྤྱན་ཞེས་བྱ་སྟེ། གང་སྟོང་གསུམ་གྱི་སྟོང་འཇིག་རྟེན་གྱི་ཁམས་གཅིག་གི་ནང་ན་ཡོད་པའི་གཟུགས་ཀུན་མཐོང་ངོ་། །བསམ་གཏན་གྱི་འབྲས་བུ་ནི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་སྒྲུབ་པ་ལས་ཐོབ་
པ་སྟེ། གང་གི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡོད་པའི་གཟུགས་ཀུན་མཐོང་བ་སྟེ། དེ་ལ་ནི་རྫུ་འཕྲུལ་གྱི་སྤྱན་ཞེས་བྱའོ། །གང་གིས་དོན་དམ་པ་གང་འགག་པ་མེད་པའི་ཆོས་མཐོང་བ་ལ་ནི་ཤེས་རབ་ཀྱི་སྤྱན་ཞེས་བྱའོ། །གང་གིས་ཀུན་རྫོབ་ཀྱི་ཆོས་མཐོང་བ་ལ་ནི་
ཆོས་ཀྱི་སྤྱན་ཞེས་བྱའོ། །གང་གིས་འདུས་བྱས་དང་འདུས་མ་བྱས་ལ་སོགས་པའི་ཆོས་ཐམས་ཅད་གཟིགས་པ་ལ་ནི་སངས་རྒྱས་ཀྱི་སྤྱན་ཞེས་བྱའོ། །ཡང་ན་ཤའི་སྤྱན་དང་རྫུ་འཕྲུལ་གྱི་སྤྱན་ནི་སྤྲུལ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ལ་མངའ་སྟེ། ཤའི་སྤྱན་གྱིས་ནི་ད་ལྟར་གྱི་
གཟུགས་ཐམས་ཅད་མཐོང་ངོ་། །རྫུ་འཕྲུལ་གྱི་སྤྱན་གྱིས་ནི་འདས་པ་དང་། མ་འོངས་པའི་གཟུགས་ཐམས་ཅད་མཐོང་ངོ་། །བསམ་གཏན་བཞི་དང་། སྙོམས་པར་འཇུག་པ་བཞི་དང་། ཏིང་ངེ་འཛིན་རྣམས་ཐུགས་སུ་ཆུད་པ་ནི་ཆོས་ཀྱི་སྤྱན་ནོ། །ཀུན་ཏུ་འགྲོ་བའི་ལམ་དང་། ལས་
བདག་གི་དང་། མོས་པ་སྣ་ཚོགས་དང་། ཁམས་སྣ་ཚོགས་མཁྱེན་པ་ནི་ཤེས་རབ་ཀྱི་སྤྱན་ནོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་འོག་ཏུ་འཕགས་པ་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པ་རྣམས་ཟག་པ་ཟད་པར་བྱ་བ་མཁྱེན་པ་ནི་སངས་རྒྱས་ཀྱི་སྤྱན་ནོ། །ལུང་ནོད་པ་ནི་མངོན་པར་
Vol. 126 · folio 113b
ཤེས་པ་སྟེ། རིམ་བཞིན་དུ་དེ་དག་ཀྱང་སྐད་དང་ཞེས་བྱ་བ་ལ་སོགས་པ་ལ། བདག་ཉིད་དེ་བཞིན་གཤེགས་པ་ལས་ལུང་ནོད་པ་དང་། བདག་གིས་མནོས་པའི་ལུང་སེམས་ཅན་ལ་བསྟན་པ་ཡང་། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། རྫུ་འཕྲུལ་གྱི་མིག་དང་། རྫུ་འཕྲུལ་གྱི་རྣ་བ་དང་། གཞན་
གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་དང་། འཆི་འཕོ་ཤེས་པ་དང་། ཟག་པ་ཟད་པ་ཤེས་པ་རྣམས་ཀྱིས་ལུང་མནོད་ཅིང་གཞན་ལ་སྟོན་པར་བྱེད་པའོ། །དེ་ཡང་རིམ་བཞིན་དུ་རྫུ་འཕྲུལ་གྱི་མངོན་པར་ཤེས་པས་ནི་སངས་རྒྱས་ཀྱི་ཞིང་སེམས་ཅན་གྱི་གནས་དེ་དང་དེ་
དག་ཏུ་འགྲོ་བར་བྱེད་པའོ། །རྫུ་འཕྲུལ་གྱི་མིག་གིས་ནི་དེ་བཞིན་གཤེགས་པའི་སྐུ་དང་སེམས་ཅན་གྱི་ལུས་དག་མཐོང་ངོ་། །རྫུ་འཕྲུལ་གྱི་རྣ་བས་ནི་དེ་བཞིན་གཤེགས་པའི་གསུང་དང་། སེམས་ཅན་གྱི་སྐད་སྣ་ཚོགས་ཐོས་སོ། །གཞན་གྱི་སེམས་ཤེས་པས་ནི་སེམས་ཅན་ཅི་དང་ཅི་
སེམས་པ་རྣམས་ཁོང་དུ་ཆུད་དོ། །སྔོན་གྱི་གནས་རྗེས་སུ་དྲན་པས་ནི་སེམས་ཅན་དག་འདས་པའི་དུས་ནས་གང་ནས་འཕོས་ཏེ་གང་ནས་གང་དུ་ཤི་འཕོས་ཏེ་གང་དུ་སྐྱེས་པ་མཐོང་ངོ་། །འཆི་འཕོ་ཤེས་པས་ནི་སེམས་ཅན་དག་འདི་ནས་ཤི་འཕོས་ནས་ཚེ་རབས་ཕྱི་མར་གང་ནས་གང་དུ་སྐྱེས་
པ་མཐོང་བའོ། །ཟག་པ་ཟད་པའི་མངོན་པར་ཤེས་པས་ནི་བདག་དང་གཞན་གྱི་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་ཡོད་པ་ཟད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལས་ཀྱང་ལུང་ནོད་ཅིང་སེམས་ཅན་ལ་ཡང་ལུང་སྟོན་པར་བྱེད་དོ། །གནས་པས་རྣམ་པར་རྩེན་པ་ནི། །ཞེས་བྱ་
བ་ལ་སོགས་པ་ལ། གནས་པས་རྣམ་པར་རྩེན་པ་མངོན་པར་བསྒྲུབ་པ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་རྫུ་འཕྲུལ་དང་སྤྲུལ་པ་རྣམ་པ་སྣ་ཚོགས་ཀྱི་མཐུས་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དུ་ཏིང་ངེ་འཛིན་རྣམ་པ་དུ་མ་ལ་འཇུག་པ་དང་ལྡན་པས་རོལ་པར་བྱེད་པའོ། །
སྨོན་པ་ནི་གང་། སྨོན་པས་ཤེས་པའི་སྨོན་པའི་མཐུས། །ཞེས་བྱ་བ་ལ་སོགས་པ་ལ། སྨོན་པ་མངོན་པར་སྒྲུབ་པ་ནི་གང་སྨོན་ལམ་གྱི་མཐུ་ལས་སྐྱེས་པའི་ཡེ་ཤེས་ཏེ། སྨོན་ལམ་གྱི་མཐུ་ལས་སྐྱེས་པའི་ཡེ་ཤེས་དེའི་དབང་གིས་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ། ལྷ་
Vol. 126 · folio 114a
དང་མི་ལ་སོགས་པའི་སྐྱེ་གནས་དེ་དང་དེ་དག་ཏུ་ཅི་དགར་འབྱུང་ཞིང་སེམས་ཅན་གྱི་དོན་སྣ་ཚོགས་མཛད་པས་རོལ་པའོ། །དེ་དག་གི་ལུས་དང་མཐུ་དང་སྒྲ་རྣམས་ཞེས་བྱ་བ་ལ་སོགས་པ་ལ། སྨོན་ལམ་གྱི་སྐྱེ་གནས་དེ་དང་དེ་དག་ཏུ་སྐྱེས་ནས་སེམས་ཅན་གྱི་དོན་མཛད་
པས་རྣམ་པར་རོལ་པ་ནི་ས་བཅུ་པའི་མདོ་ལས་ཀྱང་། དེ་དག་གི་ལུས་དང་མཐུ་དང་སྒྲ་རྣམས་བགྲང་བར་སླ་བ་མ་ཡིན་ནོ་ཞེས་བྱ་བ་རྒྱ་ཆེར་གསུངས་ཏེ། དེ་དག་གི་ཞེས་བྱ་བ་ལ་སྨོན་ལམ་གྱི་དབང་གིས་སྐྱེ་གནས་དེ་དང་དེ་དག་ཏུ་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དང་དེ་དག་གིས་ཞེས་
བྱ་བའི་དོན་ཏེ། དེ་དག་གི་ལུས་ཀྱི་ཡོན་ཏན་དང་། སེམས་ཀྱི་མཐུའི་ཡོན་ཏན་དང་། སྒྲ་དབྱངས་ཀྱི་ཡོན་ཏན་ལ་སོགས་པའི་བདེ་བར་བརྗོད་དུ་སླ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དབང་བྱེད་པ་ནི་དེ་ཉིད་ཇི་ལྟར་དབང་བཅུ་བསྟན་པ་ཉིད་དོ་ཞེས་བྱ་བ་ལ་དབང་མངོན་པར་སྒྲུབ་
པ་ནི་ས་བཅུ་པའི་མདོ་ཉིད་ལས་ཇི་ལྟར་དབང་བཅུ་བཤད་པ་རྣམས་བསྒྲུབས་ཏེ། ཚེ་ལ་དབང་བ་དང་། སེམས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་། ལས་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། རྫུ་འཕྲུལ་
ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་དང་། ཆོས་ལ་དབང་བའོ། །དེ་ལ་ཚེ་ལ་དབང་བ་ནི་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པའི་མཐུས་ཚེའི་འདུ་བྱེད་བྱིན་གྱི་རླབས་ཇི་སྲིད་འདོད་པ་དེ་སྲིད་དུ་གནས་པའོ། །སེམས་ལ་དབང་བ་ནི་ཇི་སྲིད་འདོད་པ་བཞིན་དུ་ཐེག་པ་
ཆེན་པོའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་སྙོམས་པར་འཇུག་པའོ། །ཡོ་བྱད་ལ་དབང་བ་ནི་བྱིན་གྱིས་བརླབས་ནས་ནམ་མཁའ་ལ་ཡོ་བྱད་སྣ་ཚོགས་ཀྱི་ཆར་ཕབ་སྟེ། སེམས་ཅན་རྣམས་ལ་ཕན་འདོགས་པའོ། །ལས་ལ་དབང་བ་ནི་ལུས་དང་ངག་གི་ལས་ཀྱིས་སྤྲུལ་པ་སྣ་ཚོགས་བྱེད་
པའམ། ཁམས་དང་། འགྲོ་བ་དང་། སྐྱེ་གནས་གཞན་དུ་སྐྱེས་པའི་ལས་དག་བྱིན་གྱིས་བརླབས་ནས་ཁམས་དང་འགྲོ་བ་གཞན་དུ་སྐྱེ་བར་བྱེད་པའོ། །སྐྱེ་བ་ལ་དབང་བ་ནི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་ལ་གནས་ཤིང་དེ་ཡང་ཡོངས་སུ་མ་ཉམས་པར་སེམས་ཅན་གྱི་དོན་དུ་
Vol. 126 · folio 114b
འདོད་པའི་ཁམས་སུ་སྐྱེ་བའོ། །མོས་པ་ལ་དབང་བ་ནི་ས་ལ་སོགས་པ་ཆུ་ལ་སོགས་པར་མོས་པས་ནི་འགྱུར་རོ། །སྨོན་ལམ་ལ་དབང་བ་ནི་ཇི་ལྟར་འདོད་པ་བཞིན་དུ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པའི་སྨོན་ལམ་ཆེན་པོ་གྲངས་མེད་པ་མངོན་པར་བསྒྲུབ་པ་སྟེ། དེ་
ཡང་ཇི་ལྟར་ས་བཅུའི་མདོ་ལས། ས་དང་པོ་ལ་སྨོན་ལམ་ཆེན་པོ་བཅུ་གསུངས་པ་ལ་སོགས་པའོ། །རྫུ་འཕྲུལ་ལ་དབང་བ་ནི་སེམས་ཅན་རྣམས་དད་པ་བསྐྱེད་པའི་ཕྱིར། འབར་བ་དང་འཕུར་བ་ལ་སོགས་པའི་རྫུ་འཕྲུལ་དང་ཆོ་འཕྲུལ་དཔག་ཏུ་མེད་པ་སྟོན་པའོ། །ཡེ་ཤེས་ལ་དབང་བའི་
ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་རྣམས་རབ་ཀྱི་མཐར་ཕྱིན་པ་རྣམས་ཐོབ་པའོ། །ཆོས་ལ་དབང་བ་ནི་མདོ་སྡེ་ལ་སོགས་པའི་ཆོས་རྣམས་སེམས་ཅན་ཐམས་ཅད་ལ་མིང་དང་ཚིག་དང་ཡི་གེའི་ཚོགས་སྣ་ཚོགས་ཀྱིས་བཤད་ནས་སེམས་ཚིམ་པར་བྱེད་པའོ། །དེ་ལ་
ཚེ་ལ་དབང་བ་དང་། སེམས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་གསུམ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ལས་ཐོབ་སྟེ། མི་འཇིགས་པའི་སྦྱིན་པས་ནི་ཚེ་ལ་དབང་བ་ཐོབ་པའོ། །ཆོས་ཀྱི་སྦྱིན་པས་ནི་སེམས་ལ་དབང་བ་ཐོབ་པའོ། །ཟང་ཟིང་གི་སྦྱིན་པས་
ནི་ཡོ་བྱད་ལ་དབང་བ་ཐོབ་པའོ། །ལས་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་གཉིས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་མཐུ་ལས་འཐོབ་སྟེ། ལུས་ཀྱི་ལས་ཡོངས་སུ་དག་པས་ནི་ལུས་ཀྱི་སྤྲུལ་པ་སྣ་ཚོགས་བྱེད་དོ། །ངག་གི་ལས་ཡོངས་སུ་དག་པས་ནི་ངག་
གི་སྤྲུལ་པ་རྣམ་པ་སྣ་ཚོགས་བྱེད་དོ། །ཚུལ་ཁྲིམས་ཡོངས་སུ་དག་པས་ནི་གང་དུ་སྐྱེ་བར་འདོད་པ་དེར་སྐྱེ་བའི་ཕྱིར་རོ། །མོས་པ་ལ་དབང་བ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་མཐུ་ལས་འཐོབ་སྟེ། བཟོད་པས་སེམས་ཅན་གཞན་གྱི་སེམས་མ་དཀྲུགས་ཤིང་ཡིད་
དང་མཐུན་པར་བྱས་པས་གང་དང་གང་ཇི་ལྟར་མོས་པ་བརྒྱད་པ་དེ་བཞིན་དུ། དེ་དང་དེ་དག་དེ་བཞིན་དུ་འགྲུབ་པར་འགྱུར་བའི་ཕྱིར་རོ། །སྨོན་ལམ་ལ་དབང་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་མཐུ་ལས་འགྲུབ་སྟེ། བརྩོན་འགྲུས་ཀྱིས་སྔོན་བདག་དང་གཞན་
Vol. 126 · folio 115a
གྱི་དོན་འགྲུབ་པས་ཕྱིས་བདག་དང་གཞན་གྱི་དོན་འགྲུབ་པར་འགྱུར་བར་ཇི་ལྟར་སྨོན་ལམ་བཏབ་པ་དེ་བཞིན་དུ་འགྲུབ་པའི་ཕྱིར་རོ། །རྫུ་འཕྲུལ་ལ་དབང་བ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་མཐུ་ལས་འགྲུབ་པོ། །ཡེ་ཤེས་ལ་དབང་བ་དང་། ཆོས་ལ་
དབང་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་མཐུ་ལས་འགྲུབ་པོ། །ཆོས་ཐོབ་པ་ནི་ཞེས་བྱ་བ་ལ་སོགས་པ་ལ་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་མ་འདྲེས་པ་བཅོ་བརྒྱད་ཀྱི་ཆོས་སྒྲུབ་པ་ནི་ཆོས་ཐོབ་པ་མངོན་པར་གྲུབ་པ་ཞེས་བྱའོ། །དབང་པོ་རྣམ་པར་དབྱེ་བ་ལ་ཚིགས་སུ་
བཅད་པ་ཞེས་བྱ་བ་ལ། རྫུ་འཕྲུལ་གྱི་རྐང་པའི་སྐབས་བཤད་པའི་འོག་ཏུ་དབང་པོའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན་དེ་ལྟར་རྫུ་འཕྲུལ་གྱི་རྐང་པ་བསྒོམས་པས་སེམས་རྩེ་གཅིག་ཏུ་གྱུར་པ་དེ་དེའི་འོག་ཏུ་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པར་འགྱུར་བའི་དབང་པོ་ལྔ་སྐྱེ་བར་འགྱུར་ཏེ། དེ་
བས་ན་རྫུ་འཕྲུལ་གྱི་རྐང་པའི་འོག་ཏུ་དབང་པོའི་སྐབས་བཤད་པར་འབྲེལ་ཏོ། །དེ་ལ་དབང་པོ་ནི་ལྔ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །དེ་ལ་ཡོད་པ་དང་། ཡོན་ཏན་ཅན་དང་། ནུས་པའི་དངོས་
པོ་ལ་རིམ་བཞིན་དུ་ཡིད་ཆེས་པ་དང་། སེམས་དད་པ་དང་། མངོན་པར་འདོད་པ་ནི་དད་པའི་དབང་པོ་ཞེས་བྱའོ། །ལས་དང་འབྲས་བུ་ལ་སོགས་པ་ཡོད་པ་ལ་ནི་ཡིད་ཆེས་པའོ། །དཀོན་མཆོག་གསུམ་ལ་སོགས་པ་ཡོན་ཏན་ཅན་ལ་ནི་སེམས་དང་ངོ་། །མྱ་ངན་ལས་འདས་པ་ནི་བསྒྲུབ་པར་ནུས།
འཕགས་པའི་ལམ་ནི་བསྒྲུབ་པར་ནུས་པ་ལ། བསྒྲུབ་པ་དང་བསྒོམ་པ་ལ་འདོད་པ་སྐྱེའོ། །ཡང་ན་ཆོས་བཞི་ལ་དད་པ་ནི་དད་པའི་དབང་པོ་ཞེས་བྱ་སྟེ། ཆོས་བཞི་ནི་དགེ་བ་དང་། མི་དགེ་བ་དང་། དེའི་འབྲས་བུ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། གང་ཟག་དང་ཆོས་ལ་བདག་མེད་
པའི་ཆོས་ཟབ་མོ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་རྒྱ་ཆེ་བའི་ཆོས་སོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་དད་པའི་དབང་པོ་གང་ཞེ་ན། དད་པ་གང་གིས་ཆོས་བཞི་ལ་དད་པ་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། འཁོར་བ་ལ་སྤྱོད་པའི་འཇིག་རྟེན་
Vol. 126 · folio 115b
པའི་ཡང་དག་པའི་ལྟ་བ་ལ་དད་དེ། དེ་ལས་ཀྱི་རྣམ་པར་སྨིན་པའི་ཕྱིར་འབྲང་བ་ཡིན་པས་དགེ་བའམ་སྡིག་པའམ་ལས་གང་བྱས་པ་དེ་དང་དེའི་རྣམ་པར་སྨིན་པ་མྱོང་བར་འགྱུར་རོ་སྙམ་སྟེ། སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དད་པ་ལ་སྟེ། སྤྱོད་པ་དེ་
ལ་ཞུགས་ནས་ཀྱང་ཐེག་པ་གཞན་ལ་འདོད་པ་སྐྱེད་པ་དང་། ཆོས་ཐམས་ཅད་ལ་དོན་དམ་པར་ངེས་པའི་དོན་ཟབ་མོ་རྟེན་ཅིང་འབྲེལ་པ་སྟེ། འབྱུང་བ་བདག་མེད་པ་སེམས་ཅན་མེད་པ། སྲོག་མེད་པ། གསོ་བ་མེད་པ། གང་ཟག་མེད་པ། རྣམ་པར་སྤྱོད་ཅིང་སྟོང་པ་ཉིད་དང་། མཚན་མ་མེད་པ་
དང་། སྨོན་པ་མེད་པའི་མཚན་ཉིད་དུ་དད་པ་སྟེ། ལྟ་བར་འགྱུར་བ་ཐམས་ཅད་བག་ལ་ཉལ་བར་མི་བྱེད་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དད་པ་སྟེ། དད་པའི་ཕྱིར་ཐེ་ཚོམ་དང་བྲལ། ནེམ་ནུར་དང་བྲལ་བས་སངས་རྒྱས་ཀྱི་ཆོས་དེ་དག་
ཡང་དག་པར་བསྒྲུབ་པ་སྟེ། འདི་ནི་དད་པའི་དབང་པོ་ཞེས་བྱའོ་ཞེས་གསུངས་སོ། །ཡང་དག་པར་སྤོང་བ་བཞི་ལ་གནས་པ་ནི་བརྩོན་འགྲུས་ཀྱི་དབང་པོ་ཞེས་བྱའོ། །ཡང་ན་དད་པའི་དབང་པོས་ཡིད་ཆེས་པར་བྱ་བའི་ཆོས་དེ་ལ་བརྩོན་འགྲུས་ཀྱི་དབང་པོས་སྒྲུབ་པར་བྱེད་དེ། དེ་བས་ན་འཕགས་
པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན། ཆོས་གང་ལ་དད་པའི་དབང་པོས་དད་པར་གྱུར་པའི་ཆོས་དེ་དག་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་བསྒྲུབས་ཏེ། འདི་ནི་བརྩོན་འགྲུས་ཀྱི་དབང་པོ་ཞེས་གསུངས་སོ། །དྲན་པ་ཉེ་བར་གཞག་པ་བཞི་
ཐོབ་པ་ནི་དྲན་པའི་དབང་པོ་ཞེས་བྱའོ། །ཡང་ན་བརྩོན་འགྲུས་ཀྱི་དབང་པོས་བསྒྲུབས་པའི་ཆོས་ལ་དྲན་པའི་དབང་པོས་མི་བརྗེད་པར་བྱེད་པ་ནི་དྲན་པའི་དབང་པོ་ཞེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་དྲན་པའི་དབང་པོ་གང་ཞེ་ན། ཆོས་གང་བརྩོན་
འགྲུས་ཀྱི་དབང་པོས་ཡང་དག་པར་བསྒྲུབ་པའི་ཆོས་དེ་དག་གི་དྲན་པའི་དབང་པོས་ཆུད་མི་གསོན་ཏེ། འདི་ནི་དྲན་པའི་དབང་པོ་ཞེས་བྱའོ། །གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཐོབ་པ་ནི་ཏིང་ངེ་འཛིན་གྱི་དབང་པོ་ཞེས་
Vol. 126 · folio 116a
བྱའོ། །ཡང་ན་ཏིང་ངེ་འཛིན་གྱི་དབང་པོ་ནི་དྲན་པའི་དབང་པོས་མ་བརྗེད་པར་བྱས་པའི་ཆོས་ལ་རྒྱུན་དུ་རྩེ་གཅིག་ཏུ་འཇོག་པ་སྟེ། དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་ཏིང་ངེ་འཛིན་གྱི་དབང་པོ་གང་ཞེ་ན། དྲན་པའི་དབང་པོས་ཆུད་མི་གསོན་པའི་ཆོས་དེ་
དག་ཏིང་ངེ་འཛིན་གྱི་དབང་པོས་སེམས་རྩེ་གཅིག་ཏུ་བྱེད་དེ། འདི་ནི་ཏིང་ངེ་འཛིན་གྱི་དབང་པོ་ཞེས་བྱའོ། །འཕགས་པའི་བདེན་པ་བཞི་ཤེས་པ་ནི་ཤེས་རབ་ཀྱི་དབང་པོ་ཞེས་བྱའོ། །ཡང་ན་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་གཞག་པའི་ཆོས་ཀྱི་རང་དང་སྤྱིའི་མཚན་ཉིད་ཤེས་པ་ནི་ཤེས་རབ་ཀྱི་
དབང་པོའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་ཤེས་རབ་ཀྱི་དབང་པོ་གང་ཞེ་ན། ཆོས་གང་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱས་པའི་ཆོས་དེ་དག་ཤེས་རབ་ཀྱི་དབང་པོས་རབ་ཏུ་རྟོགས་ཤིང་ཞིབ་ཏུ་རྟོགས་པར་བྱེད་དེ། གང་ཆོས་དེ་དང་དེ་དག་ལ་གཞན་གྱི་དྲིང་
ལ་མི་འཇོག་པར་ཤེས་ཤིང་སོ་སོ་རང་གིས་ཤེས་པ་འདི་ནི་ཤེས་རབ་ཀྱི་དབང་པོ་ཞེས་གསུངས་སོ། །བྱང་ཆུབ་སྤྱོད་དང་ཐོས་པ་མཆོག །ཞི་གནས་དང་ནི་ལྷག་མཐོང་ངོ་། །དད་པ་རྣམས་ལ་སོགས་པའི་གནས། །ཞེས་བྱ་བ་ལ། གནས་ཞེས་བྱ་བ་ནི་དམིགས་པར་བྱ་བའི་ཡུལ་ལ་བྱ་སྟེ། དད་པའི་དབང་
པོའི་དམིགས་པར་བྱ་བའི་ཡུལ་ནི་བྱང་ཆུབ་སྟེ། བྱང་ཆུབ་ཀྱི་སྒྲས་ནི་ས་དང་པོའི་གཉིས་སུ་མེད་པའི་ཡེ་ཤེས་སམ། ཟད་ལ་མི་སྐྱེ་བའི་ཡེ་ཤེས་ལ་བྱ་སྟེ། དད་པས་ནི་དེ་ཇི་ལྟར་ཐོབ་པར་བྱ་ཞེས་དམིགས་སོ། །བརྩོན་འགྲུས་ཀྱི་དབང་པོའི་དམིགས་པར་བྱ་བའི་ཡུལ་ནི་ས་དང་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་
ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་ཤེས་རབ་ཀྱིས་བསྡུས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དམིགས་ཏེ། བརྩོན་འགྲུས་ཀྱིས་སྤྱོད་པ་དེ་དག་སྒྲུབ་པའི་ཕྱིར་རོ། །དྲན་པའི་དབང་པོའི་དམིགས་པར་བྱ་བའི་ཡུལ་ནི་ཇི་ལྟར་ཐོས་པ་དང་། ཇི་ལྟར་བཟུང་བ་དང་། ཇི་ལྟར་ཚིག་གིས་རྒྱས་པར་
བྱས་པའི་ཆོས་རྣམས་ཏེ། དྲན་པས་ཇི་ལྟར་ཐོས་པའི་ཆོས་མི་བརྗེད་པར་བྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་དམིགས་པར་བྱ་བའི་ཡུལ་ནི་ཞི་གནས་ཏེ། མོས་པས་སྤྱོད་པའི་ཏིང་ངེ་འཛིན་གྱི་དབང་པོས་ནི་ས་དང་པོའི་ཞི་གནས་ཁྱད་པར་ཅན་དེ་ཇི་ལྟར་ཐོབ་པར་བྱ་ཞེས་དམིགས་པའི་ཕྱིར་རོ། །ཤེས་རབ་ཀྱི་དབང་པོའི་
Vol. 126 · folio 116b
དམིགས་པར་བྱ་བའི་ཡུལ་ནི་ལྷག་མཐོང་སྟེ། ཤེས་རབ་ཀྱིས་ནི་ས་དང་པོར་རྟོགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཇི་ལྟར་ཐོབ་པར་བྱ་ཞེས་དམིགས་པར་བྱེད་པའི་ཕྱིར། ཅིའི་ཕྱིར་དེ་དག་ལ་དབང་པོ་ཞེས་བྱ་ཞེ་ན། དེའི་ཕྱིར། དོན་གྲུབ་ཕྱིར་ནི་ཤེས་པར་བྱ། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དད་པའི་དབང་པོས་ནི་བྱང་
ཆུབ་ལ་དབང་སྟེ། བརྩོན་འགྲུས་ཀྱི་དབང་པོས་ནི་སྤྱོད་པ་ལ་དབང་སྟེ། དྲན་པའི་དབང་པོས་ནི་མི་བརྗེད་པ་ལ་དབང་སྟེ། ཏིང་ངེ་འཛིན་གྱི་དབང་པོས་ནི་ཞི་གནས་ལ་དབང་སྟེ། ཤེས་རབ་ཀྱི་དབང་པོས་ནི་ཤེས་རབ་ཀྱི་དབང་པོ་ལ་དབང་བྱེད་ཅིང་བདག་དང་གཞན་གྱི་དོན་སྒྲུབ་པར་བྱེད་པས་ན་དབང་པོ་ཞེས་བྱའོ། །སྟོབས་རྣམ་
པར་དབྱེ་བ་ལ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དབང་པོ་ལྔའི་འོག་ཏུ་སྟོབས་ལྔ་བཤད་པ་ལ་འབྲེལ་པ་ཅི་ཡོད་ཅེ་ན། ཇི་སྲིད་དུ་མ་དད་པ་དང་། ལེ་ལོ་ལ་སོགས་པ་དབང་པོ་ལྔའི་མི་མཐུན་པའི་ཕྱོགས་ཀྱིས་སྐབས་སྐབས་སུ་བར་ཆད་བྱེད་པ་དེ་སྲིད་དུ་ནི་དབང་པོ་ཞེས་བྱའོ། །དེ་ནས་དབང་པོ་ལྔ་ཉིད་ལ་ཡུལ་ཡུན་
རིང་དུ་བསྒོམས་པས་མ་དད་པ་ལ་སོགས་པས་བར་ཆད་བྱེད་མི་ནུས་པར་གྱུར་པ་དེ་ལ་དབང་པོ་ལྔ་ཉིད་ལ་སྟོབས་ལྔ་ཞེས་བྱ་བས་དབང་པོའི་འོག་ཏུ་སྟོབས་བཤད་པར་འབྲེལ་ཏོ། །སར་འཇུག་ཉོན་མོངས་མེད་པར་འདོད། །ཅེས་བྱ་བ་ལ། ཇི་ལྟར་ས་དང་པོ་ཐོབ་པར་བྱ་ཞིང་ས་དང་པོར་འཇུག་པར་བྱ་བ་ལ་མ་དད་པ་
དང་། ལེ་ལོ་དང་དྲན་པ་ཉམས་པ་དང་། སེམས་ཉམས་པ་དང་། འཆལ་བའི་ཤེས་རབ་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་མི་གོས་ཤིང་ཉོན་མོངས་པས་ཟིལ་གྱིས་མི་ནོན་པར་འགྱུར་བ་ན་སྟོབས་ཞེས་བྱ་བར་འདོད་དོ། །དེ་ཉིད་ཀྱི་དོན་བསྟན་པའི་ཕྱིར། དད་པ་རྣམས་ལ་སོགས་པ་ཡང་། །ཀུན་ནས་ཉོན་མོངས་ཅན་དུ་
འདོད། །མི་མཐུན་ཕྱོགས་ནི་ཉམ་ཆུང་བས། །དེ་ཉིད་སྟོབས་སུ་ཤེས་པར་བྱ། །ཞེས་བྱ་བ་སྨོས་ཏེ། དད་པའི་མི་མཐུན་པའི་ཕྱོགས་ནི་མ་དད་པ་སྟེ། ནམ་མ་དད་པ་མཐུ་ཆུང་བར་གྱུར་པས་དད་པ་ལ་ཟིལ་གྱིས་མི་ནོན་ཅིང་འཇིག་རྟེན་འདིར་ལྷའམ་བདུད་དམ་ཚངས་པའམ། གནས་ཀྱང་འཇིག་རྟེན་ན་ཆོས་མཐུན་པར་
གྱུར་པ་ཡང་ཉོན་མོངས་པའི་ཀུན་ནས་དཀྲིས་པ་རྣམས་ཀྱིས་བཟློག་པར་མི་ནུས་པས་ན་དད་པའི་སྟོབས་ཞེས་བྱ་སྟེ། དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་དད་པའི་སྟོབས་གང་ཞེ་ན། འདི་མོས་པ་དང་དད་པ་མི་བརྫི་བ་སྟེ། གལ་ཏེ་བདུད་སྡིག་ཅན་སངས་རྒྱས་ཀྱི་གཟུགས་སུ་བསྒྱུར་
Vol. 126 · folio 117a
ཏེ། བདག་གི་དྲུང་དུ་འོངས་ཏེ། ཆོས་ལ་རྟོག་པའི་མོས་པ་གང་ཡང་རུང་བ་ལས་འབྲལ་བར་བྱེད་ཅིང་མོས་པ་ཟློག་པར་བྱེད་ན་ཡང་དད་པའི་སྟོབས་ལ་མོས་པའི་བྱང་ཆུབ་སེམས་དཔའ་ནི་སྟོབས་ལས་བསྐྱེད་པའམ། བསྒུལ་བའམ་བསླང་བར་མི་ནུས་ཏེ། འདི་ནི་དད་པའི་སྟོབས་ཞེས་གསུངས་སོ། །
དེ་ལ་བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ནི་ལེ་ལོ་སྟེ། ནམ་ལེ་ལོའི་དབང་དུ་མི་འགྱུར་ཞིང་། དགེ་བའི་ཕྱོགས་ལ་རྒྱུན་མི་གཅོད་པར་སྒོམ་པ་ནི་བརྩོན་འགྲུས་ཀྱི་སྟོབས་ཞེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་བརྩོན་འགྲུས་ཀྱི་སྟོབས་གང་ཞེ་ན། བྱང་ཆུབ་སེམས་དཔའ་
བརྩོན་འགྲུས་རྩོམ་པ་ལ་གང་དང་གང་ལ་རྩོམ་པ་དང་། དགེ་བའི་ཆོས་གང་དང་གང་ལ་སྦྱོར་བ་དེ་དང་དེ་ལ་སྟོབས་སྐྱེས་པར་གྱུར་ཏེ། སྟོབས་སྐྱེས་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་གནས་དེ་ལས་མ་རྒལ་གྱི་བར་དུ་ཡི་དམ་དེ་ལྟར་བཅས་པ་ལ་འཇིག་རྟེན་གྱིས་ཀྱང་བསྐྱོད་པའམ། བསྒུལ་བའམ། བསླང་
བར་མི་ནུས་པ་འདི་ནི་བརྩོན་འགྲུས་ཀྱི་སྟོབས་ཞེས་བྱའོ་ཞེས་གསུངས་སོ། །དྲན་པའི་སྟོབས་ཀྱི་མི་མཐུན་པའི་ཕྱོགས་ནི་དྲན་པ་ཉམས་པ་སྟེ། མི་མཐུན་པའི་ཕྱོགས་མཐུ་ཆུང་བས་ཉོན་མོངས་པ་གང་གིས་ཀྱང་བྱང་ཆུབ་སེམས་དཔའི་དྲན་པ་ཉམས་པར་བྱེད་མི་ནུས་ཤིང་མཉན་ཅིང་བསམས་པའི་ཆོས་
རྣམས་ནམ་དུ་མི་བརྗེད་པ་ནི་དྲན་པའི་སྟོབས་སོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་དྲན་པའི་སྟོབས་གང་ཞེ་ན། དེ་ཆོས་དྲན་པའི་གནས་གང་དང་གང་ལ་སེམས་འཇོག་པ་དེ་ལས་ཉོན་མོངས་པ་གཞན་གང་ཡང་རུང་བས་གཏོང་བར་མི་ནུས་ཏེ། དེའི་དྲན་པའི་སྟོབས་སྐྱེས་པ་
དེས་ཉོན་མོངས་པ་ཐམས་ཅད་འཇོམས་ཤིང་བྱང་ཆུབ་སེམས་དཔའི་དྲན་པ་དེ་ནི་ཉོན་མོངས་པ་ཐམས་ཅད་ཀྱིས་མི་བརྫི་བ་ཡིན་ཏེ། འདི་ནི་དྲན་པའི་སྟོབས་ཞེས་བྱའོ་ཞེས་གསུངས་སོ། །དེ་ལ་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ནི་ཡུལ་སེམས་གཡེངས་པ་སྟེ། མི་མཐུན་པའི་ཕྱོགས་མཐུ་ཆུང་བས་
ཡུལ་གང་གིས་ཀྱང་སེམས་གཡེངས་པར་བྱེད་མི་ནུས་ཤིང་ཞུམ་པ་དང་རྒོད་པའི་དབང་དུ་མི་འགྱུར་བ་ནི་ཏིང་ངེ་འཛིན་གྱི་སྟོབས་ཞེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་ཏིང་ངེ་འཛིན་གྱི་སྟོབས་གང་ཞེ་ན། གང་འདུ་འཛི་ཐམས་ཅད་ལས་དབེན་པར་གནས་
Vol. 126 · folio 117b
ཤིང་སྤྱོད་པ་སྟེ། དེ་སྒྲ་དང་ཚིག་གི་ལམ་ཐམས་ཅད་ཀྱིས་ཤིན་དུ་སྟོན་ཀྱང་། དེ་བསམ་གཏན་དང་པོ་ལ་སྒྲིབ་པར་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་རབ་ཀྱི་མི་མཐུན་པའི་ཕྱོགས་ནི་འཆལ་པའི་ཤེས་རབ་སྟེ། མི་མཐུན་པའི་ཕྱོགས་ཉམ་ཆུང་བས་གང་ལ་ཡང་ཐེ་ཚོམ་མེད་པར་གྱུར་ཅིང་འཇིག་
རྟེན་ལས་འདས་པའི་ཆོས་ཐམས་ཅད་ཤེས་པ་ནི་ཤེས་རབ་ཀྱི་སྟོབས་ཞེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་ཤེས་རབ་ཀྱི་སྟོབས་གང་ཞེ་ན། གང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ལ་མི་ཐུལ་བར་ཤེས་པ་སྟེ། སྐྱེས་ཤིང་བྱུང་ན་ཡང་སློབ་དཔོན་མེད་པར་
བཟོའི་གནས་དང་རིག་པ་དང་སྔགས་དང་སྟོབས་ཀྱིས་བསམ་གཏན་མངོན་སུམ་དུ་འགྱུར་རོ་ཞེས་གསུངས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་བདུན་ཏེ་ཞེས་བྱ་བ་ལ། སྟོབས་ལྔའི་འོག་ཏུ་བྱང་ཆུབ་ཀྱི་ཡན་ལག་གི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། དེ་ལྟར་སྟོབས་ཀྱི་སྐབས་
སུ་མ་དད་པ་དང་། ལེ་ལོ་དང་། དྲན་པ་ཉམས་པ་དང་། གཡེངས་པ་དང་། འཆལ་བའི་ཤེས་རབ་རྣམས་ཀྱིས་བར་དུ་གཅོད་པར་བྱ་བར་མི་ནུས་པར་འགྱུར་ན། དེ་མ་ཐག་ཏུ་ས་དང་པོ་ཐོབ་ནས་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པར་འགྱུར་བས་ན། སྟོབས་ཀྱི་འོག་ཏུ་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་
སྐབས་བཤད་པར་འབྲེལ་ཏེ། བྱང་ཆུབ་ཀྱི་ཡན་ལག་བདུན་ཡང་ཚིགས་སུ་བཅད་པ་བདུན་གྱིས་བསྟན་ཏོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་དྲན་པ་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་བྱང་ཆུབ་ཀྱི་ཡན་
ལག་དང་། ཤིན་དུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་གོ། །དེ་ལ་དྲན་པ་ནི་ཞི་གནས་ཀྱི་ཕྱོགས་ཡིན་པས་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་བསྒོམས་ཤིང་མངོན་སུམ་དུ་བྱས་པ་རྣམས་སེམས་ལ་གསལ་བར་ཡོད་
ཅིང་མ་བརྗེད་པ་ནི་དྲན་པ་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་མདོ་ལས་ཀྱང་། དེ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། དྲན་པ་གང་གིས་ཆོས་རྟོགས་པར་འགྱུར་བ་དང་། ཆོས་རྣམས་ལ་སོ་སོར་རྟོགས་པར་འགྱུར་རོ་ཞེས་བྱ་བ་ལ་
Vol. 126 · folio 118a
སོགས་པ་གསུངས་ཏེ། རྟོགས་པར་འགྱུར་བ་ལ་སོགས་པའི་དོན་ཀྱང་མ་བརྗེད་པ་ཉིད་ལ་བྱའོ། །ཆོས་རྣམ་པར་འབྱེད་པ་ནི་ལྷག་མཐོང་གི་ཕྱོགས་ཡིན་ཏེ། མཐོང་བའི་ལམ་གྱི་དུས་ན་སྤང་བར་བྱ་བའི་ཆོས་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་། བླང་བར་བྱ་བའི་ཆོས་རྣམ་
པར་བྱང་བའི་ཕྱོགས་རྣམས་ཀྱི་མཚན་ཉིད་མ་འདྲེས་པར་ཤེས་པ་ནི་ཆོས་རབ་ཏུ་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་
རྩ་བཞི་རྣམ་པར་འབྱེད་པར་ཤེས་པ་སྟེ། ཆོས་གང་དང་གང་ཇི་ལྟ་བུར་རྣམ་པར་འབྱེད་པ་ངེས་པའི་དོན་ཡང་ངེས་པའི་དོན་དྲང་བའི་དོན་ཡང་དྲང་བའི་དོན་དུ། ཀུན་རྫོབ་ཀྱི་དོན་ཡང་ཀུན་རྫོབ་ཀྱི་དོན་དུ། དོན་དམ་པའི་དོན་ཡང་དོན་པར་བརྡའང་བརྡར། གདོན་མི་ཟ་བ་ཡང་གདོན་མི་ཟ་བར་ཆོས་དེ་དང་དེ་དག་དེ་
ལྟ་བུར་རྣམ་པར་འབྱེད་པ་འདི་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ་ཞེས་གསུངས་སོ། །དེ་ལ་ཡོན་ཏན་གོང་མ་ཁྱད་པར་ཅན་རྣམས་ལེན་པར་བྱེད་ཅིང་ཡོན་ཏན་དེ་ཐོབ་པར་བྱ་བ་ལ་བར་དུ་གཅོད་པའི་ཉེས་པ་རྣམས་སྤོང་བར་བྱེད་པ་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་
ཡན་ལག་ཅེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་དྲན་པ་འདི་དང་། ཆོས་རྣམ་པར་འབྱེད་པ་དང་ཞེས་བྱ་བ་ནས། ལམ་མངོན་པར་རྟོགས་པར་བྱ་བའི་ཕྱིར། བརྩོན་འགྲུས་ཡང་དག་བྱང་ཆུབ་
ཀྱི་ཡན་ལག་ཅེས་བྱའོ་ཞེས་གསུངས་སོ། །ས་དང་པོས་གང་ཟག་དང་ཆོས་ལ་བདག་མེད་པར་ཁོང་དུ་ཆུད་ནས་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་རྟོགས་ཏེ། མཐོང་བས་སྤང་བར་བྱ་བའི་སྒྲིབ་པ་དང་བྲལ་ནས་ལུས་དང་སེམས་ལ་དགའ་བའི་མཆོག་སྐྱེས་པ་ནི་དགའ་
བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་བས་ན་ས་དང་པོ་ལ་ཡང་ས་རབ་ཏུ་དགའ་བ་ཞེས་བཏགས་སོ། །དེའི་ཕྱིར་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། ཆོས་ལ་དགའ་བ་དང་། ཆོས་ལ་མོས་པ་དང་ཞེས་བྱ་
Vol. 126 · folio 118b
བ་ལ་སོགས་པ་གསུངས་སོ། །ལུས་ལས་སུ་རུང་སེམས་ལས་སུ་རུང་བར་གྱུར་ན་ལུས་དང་སེམས་ལས་སུ་མི་རུང་བའི་གནས་ངན་ལེན་དང་བྲལ་ཏེ། ལུས་ལས་སུ་རུང་བར་བྱས་པ་ལ་ཟོ་མདོག་བདེ་བ་དང་། སེམས་ལས་སུ་རུང་བས་དམིགས་པའི་ཡུལ་ལ་ཐོགས་པ་མེད་པར་འཇུག་པ་ནི་ཤིན་ཏུ་སྦྱངས་
པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་ལུས་ཤིན་ཏུ་བྱང་བར་གྱུར་པ་དང་། སེམས་ཤིན་ཏུ་བྱང་བར་གྱུར་པས་ཉོན་མོངས་པ་བསལ་བ་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ལ་དམིགས་པའི་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་སེམས་
མཉམ་པར་བཞག་པས་ཆོས་ཀྱི་ཡེ་ཤེས་མངོན་པར་འཚང་རྒྱའི་སེམས་མཉམ་པར་མ་བཞག་པས་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཞུམ་པ་དང་རྒོད་པའི་ཉེས་པ་ཐམས་ཅད་སྤངས་ནས་ཞུམ་པ་དང་རྒོད་པ་མེད་པར་གནས་པ་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་
ཅེས་བྱའོ། །དེའི་ཕྱིར་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། གང་འདི་ཡིད་བདེ་བ་དང་། ཡིད་མི་བདེ་བའི་ཕྱོགས་ཀྱིས་སེམས་ཀུན་ནས་མི་གཟུང་བ་དང་། འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་པ་དང་། མཐོན་
དམན་དུ་མི་གནས་པའི་ཕྱིར་མི་བསྒུལ་བ་ཡིན་ཏེ་ཞེས་པ་ལ་སོགས་པ་གསུངས་སོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་ཞི་གནས་ཀྱི་ཕྱོགས་དང་། ལྷག་མཐོང་གི་ཕྱོགས་དང་། གཉི་གའི་ཕྱོགས་སུ་གཞག་གོ། །ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་གསུམ་ནི་
ལྷག་མཐོང་གི་ཕྱོགས་སོ། །ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་གསུམ་ནི་ཞི་གནས་ཀྱི་ཕྱོགས་སོ། །དྲན་པ་ནི་གཉི་གའི་ཕྱོགས་ཏེ་ཀུན་དུ་འགྲོ་བས་སོ། །སར་ཞུགས་པ་ཡི་བྱང་ཆུབ་ཀྱི། །ཡན་ལག་རྣམ་གཞག་ཤེས་པར་བྱ། །ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་གཅིག་
Vol. 126 · folio 119a
གིས་གང་གི་དུས་ན་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་གཞག་པ་དང་། གང་ཤེས་པས་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་གཞག་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་ནི་ས་དང་པོ་ལ་ཞུགས་ཤིང་ས་རབ་ཏུ་དགའ་བ་ཐོབ་པའི་ཚེ་ཡན་ལག་བདུན་ལ་བསྒོམ་པ་རྣམ་པར་གཞག་པ་ཤེས་
པ་སྟེ། འདིས་ནི་གང་གི་དུས་ན་རྣམ་པར་གཞག་པ་སྟེ་དེ་བསྟན་ཏོ། །ཆོས་དང་སེམས་ཅན་ཐམས་ཅད་ཀྱི། །མཉམ་པ་ཉིད་ནི་ཤེས་པའོ། །ཞེས་བྱ་བ་ལ། ཅིའི་ཕྱིར་ས་དང་པོའི་དུས་ན་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བསྒོམ་པར་གཞག་ཅེ་ན། དེའི་ཚེ་ཆོས་དང་གང་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པ་དང་།
བདག་དང་གཞན་དུ་མཉམ་པ་ཉིད་ཁོང་དུ་ཆུད་དེ། དེའི་ཕྱིར་ཆོས་རྣམས་ལ་མཉམ་པ་ཉིད་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་མཉམ་པ་ཉིད་ཤེས་པས་ན་ས་དང་པོའི་ཚེ་ན་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བསྒོམ་པ་རྣམ་པར་གཞག་གོ། །དེ་ཆོས་ལ་བདག་མེད་པར་ཁོང་དུ་ཆུད་པས་ཆོས་ལ་མཉམ་པ་ཉིད་
ཤེས་སོ། །གང་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པས་སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་ཤེས་སོ། །ཡང་ན་ཆོས་དང་གང་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པས་ན་ཆོས་རྣམས་ཀྱི་མཉམ་པ་ཉིད་ཤེས་སོ། །བདག་དང་གཞན་དུ་མཉམ་པ་ཉིད་ཁོང་དུ་ཆུད་པས་ན་སེམས་ཅན་གྱི་མཉམ་པ་ཉིད་ཤེས་སོ། །
ཡང་ན་ས་དང་པོའི་ཚེ་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་མཚན་ཉིད་དུ་རྟོགས་པས་ན་ཆོས་རྣམས་ཀྱི་མཉམ་པ་ཉིད་ཁོང་དུ་ཆུད་དོ། །དེ་ལྟར་ཁོང་དུ་ཆུད་པས་བདག་གང་ཡིན་པ་སེམས་ཅན་ཐམས་ཅད་ཀྱང་དེ་ཉིད་ཡིན། སེམས་ཅན་ཐམས་ཅད་གང་ཡིན་པ་བདག་ཀྱང་དེ་ཉིད་ཡིན་ཏེ། ཇི་ལྟར་བདག་གི་སྡུག་
བསྔལ་ཞི་བར་བྱ་བ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡང་ཞི་བར་བྱའོ་ཞེས་ཁོང་དུ་ཆུད་པས་ན་སེམས་ཅན་ཐམས་ཅད་ཀྱི་མཉམ་པ་ཉིད་ཤེས་སོ་ཞེས་བྱ་སྟེ། འདིས་ནི་གང་ཤེས་པས་བྱང་ཆུབ་ཀྱི་ཡན་ལག་རྣམ་པར་གཞག་པ་དེ་བསྟན་ཏོ། །དེའི་འོག་ཏུ་བྱང་ཆུབ་ཀྱི་ཡན་ལག་རྣམས་
འཁོར་ལོ་ལ་སོགས་པ་རིན་པོ་ཆེ་བདུན་དང་འདྲ་བས་བསྟན་ཏོ་ཞེས་བྱ་བ་ལ་འདི་མན་ཆད་ཀྱི་ཚིགས་སུ་བཅད་པས་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བཙུན་མོ་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། ཀུན་
Vol. 126 · folio 119b
མགོན་རིན་པོ་ཆེ་དང་ལྡན་པ་དེ་བཞིན་དུ། ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འདྲ་བར་དྲན་པ་ལ་སོགས་པའི་བྱང་ཆུབ་ཀྱི་ཡན་ལག་བདུན་ནི་འཁོར་ལོ་རིན་པོ་ཆེ་ལ་སོགས་པ་དང་འདྲ་བར་སྟོན་ཏོ། །ཤེས་བྱ་ཀུན་ལ་དྲན་སྤྱོད་པ། །མ་རྒྱལ་བ་ལས་རྒྱལ་བའི་ཕྱིར། །ཞེས་བྱ་བ་ལ། དྲན་
པ་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོ་རིན་པོ་ཆེ་དང་འདྲ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེས་རྫོང་དང་མཁར་ལ་གནས་པའི་རྒྱལ་ཕྲན་མ་རྒྱལ་བ་རྣམས་ལས་རྒྱལ་བར་བྱ་བའི་ཕྱིར་གནས་ཏེ། དེ་དག་ཏུ་འཇུག་པ་དེ་བཞིན་དུ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གིས་ཀྱང་ཤེས་བྱ་མ་རྒྱལ་བ་
ལས་རྒྱལ་ཏེ། མངོན་སུམ་དུ་མི་ཤེས་པ་རྣམས་ཤེས་ཤིང་རྒྱལ་བར་བྱ་བའི་ཕྱིར་འཇུག་སྟེ། ཤེས་བྱ་རྒྱལ་བའི་ས་དང་པོའོ། །མ་རྒྱལ་བ་ནི་མོས་པས་སྤྱོད་པའི་ས་སྟེ་དྲན་པས་མོས་པས་སྤྱོད་པའི་ས་སྤངས་ནས་ས་དང་པོ་མངོན་སུམ་དུ་བྱེད་པས་ན་ཤེས་བྱ་མ་རྒྱལ་བ་ལས་རྒྱལ་བར་བྱེད་པས་སོ། །རྟོག་པའི་མཚན་མ་ཀུན་འཇོམས་
པ། །དེ་ནི་རབ་ཏུ་འབྱེད་པ་ཡིན། །ཞེས་བྱ་བ་ལ། ཆོས་རབ་ཏུ་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོས་སྒྱུར་བའི་གླང་པོ་རིན་པོ་ཆེ་དང་འདྲ་སྟེ། ཇི་ལྟ་ཞེ་ན། དཔེར་ན་གླང་པོ་རིན་པོ་ཆེས་ཕས་ཀྱི་རྒོལ་བའི་དཔུང་དམག་གི་སྡེ་རྣམས་འཇོམས་པར་བྱེད་པ་དེ་བཞིན་དུ། ཆོས་རབ་ཏུ་འབྱེད་པའི་བྱང་ཆུབ་ཀྱི་ཡན་ལག་
གིས་ཀྱང་གང་ཟག་ཏུ་རྣམ་པར་རྟོག་པའི་མཚན་མ་དང་། ཆོས་སུ་རྣམ་པར་རྟོག་པའི་མཚན་མ་ཐམས་ཅད་འཇོམས་པར་བྱེད་པས་ན་གླང་པོ་རིན་པོ་ཆེ་དང་འདྲའོ། །ཡང་ན་རྟོག་པའི་སྒྲས་ནི་མིག་གི་དབང་པོ་ལ་སོགས་པའི་འཛིན་པའི་ཆོས་ལ་བྱ་ལ། མཚན་མའི་སྒྲས་ནི་གཟུགས་ལ་སོགས་པ་གཟུང་ཆ་ལ་བྱ་
སྟེ། ཆོས་རབ་ཏུ་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་གིས་གང་ཟག་དང་ཆོས་ལ་བདག་མེད་པར་རྟོགས་པས་གཟུང་བ་དང་འཛིན་པའི་མཚན་མ་ཐམས་ཅད་སྤོང་བར་བྱེད་པས་ན་གླང་པོ་རིན་པོ་ཆེ་དང་འདྲའོ། །མྱུར་དུ་མ་ལུས་ཤེས་བྱའི་ཕྱིར། །དེ་ཡི་བརྩོན་འགྲུས་རབ་ཏུ་འཇུག །ཅེས་བྱ་བ་ལ། བརྩོན་འགྲུས་ཡང་དག་
བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྟ་རིན་པོ་ཆེ་དང་འདྲ་སྟེ། ཇི་ལྟ་ཞེ་ན། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྟ་རིན་པོ་ཆེས་ཇི་སྲིད་དུ་འཁོར་བར་བྱ་བའི་གནས་རྒྱ་མཚོའི་མཐའི་བར་དུ་མྱུར་དུ་འགྲོ་བར་བྱེད་པ་དེ་བཞིན་དུ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་
Vol. 126 · folio 120a
གིས་ཀྱང་རྫུ་འཕྲུལ་གྱི་མིག་ལ་སོགས་པའི་མངོན་པར་ཤེས་པ་རྣམས་ཐོབ་པར་བྱ་བ་མྱུར་དུ་འཐོབ་པར་བྱེད་པས་ན་རྟ་རིན་པོ་ཆེ་དང་འདྲའོ། །ཆོས་ཀྱི་སྣང་བ་རྣམས་འཕེལ་བས། །རྟག་ཏུ་དགའ་བས་གང་བར་བྱེད། །ཅེས་བྱ་བ་ལ། དགའ་བ་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོས་སྒྱུར་བའི་རྒྱལ་
པོའི་ནོར་བུ་རིན་པོ་ཆེའི་སྣང་བའི་ཁྱད་པར་གྱིས་མུན་པ་ལ་སོགས་པ་བསལ་བའི་སྒོ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ལ་དགའ་བའི་ཁྱད་པར་རྟག་ཏུ་སྐྱེད་པ་དེ་བཞིན་དུ། ས་དང་པོའི་ཚེ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་དུ་རྟོགས་ནས་དགའ་བའི་ཁྱད་པར་སྐྱེ་སྟེ། དགའ་བ་དེས་ཀྱང་བྱང་ཆུབ་
སེམས་དཔའི་ལུས་དང་སེམས་ལ་མཆོག་ཏུ་དགའ་བའི་ཤེས་པ་སྐྱེས་པས་ན་ནོར་བུ་རིན་པོ་ཆེ་སྣང་བའི་ཁྱད་པར་དང་འདྲའོ། །སྒྲིབ་པ་ཀུན་ལས་ཐར་པའི་ཕྱིར། །ཤིན་ཏུ་སྦྱངས་ལས་བདེ་བ་ཐོབ། །ཅེས་བྱ་བ་ལ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོ་རིན་པོ་
ཆེ་དང་འདྲའོ། །དཔེར་ན་འཁོར་ལོས་སྒྱུར་བའི་བཙུན་མོ་རིན་པོ་ཆེ་དགུན་ལ་སོགས་པའི་གྲང་བའི་དུས་ན་ནི་ལུས་ཀྱི་མཐང་དྲོ་བར་གྱུར་ནས་གྲང་བ་བསལ་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དགའ་བ་རྗེས་སུ་མྱོང་བར་བྱེད་དོ། །དབྱར་ལ་སོགས་པ་དྲོ་བའི་དུས་ན་ནི་ལུས་ཀྱི་མཐང་བསིལ་བར་གྱུར་ནས་དྲོ་བ་བསལ་བས་
འཁོར་ལོས་སྒྱུར་བའི་རྒྱལ་པོ་དགའ་བ་རྗེས་སུ་མྱོང་བར་བྱེད་དོ། །དེ་བཞིན་དུ་ཤིན་ཏུ་སྦྱངས་པ་ནི་ལུས་ལས་སུ་རུང་བ་དང་སེམས་ལས་སུ་རུང་བ་ལ་བྱ་སྟེ། དེ་གཉིས་ཀྱིས་ལུས་ལས་སུ་མི་རུང་བ་དང་། སེམས་ལས་སུ་མི་རུང་བ་བསལ་ནས་ལུས་ལས་སུ་རུང་བ་དང་སེམས་ལས་སུ་རུང་བའི་བདེ་བ་རྗེས་སུ་མྱོང་
བར་བྱེད་པས་ན་བཙུན་མོ་རིན་པོ་ཆེ་དང་འདྲའོ། །བསམས་པའི་དོན་རྣམས་འགྲུབ་པ་ནི། །ཏིང་ངེ་འཛིན་ལས་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། ཏིང་ངེ་འཛིན་གྱི་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྱིམ་བདག་རིན་པོ་ཆེ་དང་འདྲ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྱིམ་བདག་
རིན་པོ་ཆེས་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཇི་དང་ཇི་བསམས་པ་དང་ཇི་དང་ཇི་འདོད་པ་ཐམས་ཅད་བསམས་པ་བཞིན་དུ་འགྲུབ་པར་བྱེད་པ་དེ་བཞིན་དུ། ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་གིས་ཀྱང་རྫུ་འཕྲུལ་གྱི་མིག་དང་རྣ་བ་ལ་སོགས་པ་མངོན་པར་ཤེས་པ་གང་དང་གང་བསྒྲུབ་པར་བསམས་པ་དེ་དང་དེ་
Vol. 126 · folio 120b
དག་ཐམས་ཅད་འགྲུབ་པར་བྱེད་པས་ཁྱིམ་བདག་རིན་པོ་ཆེ་དང་འདྲའོ། །ཇི་ལྟར་འདོད་བཞིན་བཏང་སྙོམས་ཀྱིས། །དེ་དག་ཀུན་དུ་རབ་ཏུ་གནས། །རྒྱབ་ནས་ཐོབ་དང་མི་རྟོགས་ལ། །གནས་པས་རྟག་ཏུ་མཆོག་ཡིན་ནོ། །ཞེས་བྱ་བ་ལ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཀུན་
མགོན་རིན་པོ་ཆེ་དང་འདྲའོ། །དེ་ལ་བཏང་སྙོམས་ཀྱི་སྒྲས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱ་སྟེ། ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཀུན་མགོན་རིན་པོ་ཆེས་ཕ་རོལ་གྱི་སྡེ་གཞོམ་པར་བྱ་བའི་ཕྱིར་འཇོམས་པ་དང་། ནོར་དང་རྫས་ལ་སོགས་པ་རྣམས་བླང་བར་བྱ་བ་རྣམས་སྡུད་པ་དང་། བསྐྲད་པར་འོས་
པ་རྣམས་སྐྲོད་པར་བྱེད་པ་དང་། བསྐྱང་ཞིང་བསྡུ་བར་འོས་པ་རྣམས་སྡུད་པར་བྱེད་པ་དང་། དམག་གི་དཔུང་རེས་འཁོར་ནས་འགྱེད་པར་བྱེད་པ་རྣམས་འགྱེད་པར་བྱེད་པ་དང་། རེས་མི་འཁོར་བ་རྣམས་སྡུད་ཅིང་གཏོང་བར་བྱས་ན་གནས་གང་དུ་དམག་གི་དཔུང་རྣམས་འཚེ་བ་མེད་པ་དང་། གནོད་པ་
མེད་པར་འགྱུར་བའི་གནས་དེར་གནས་པར་བྱེད་པ་དེ་བཞིན་དུ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། དེའི་རྒྱབ་ནས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་གནས་པར་བྱེད་དེ། དེ་ལ་ཡང་དག་པའི་འཇིག་རྟེན་པའི་ཡེ་ཤེས་
ལ་གནས་པས་ནི་ས་གོང་མ་དང་ཡོན་ཏན་ཁྱད་པར་ཅན་མ་ཐོབ་པ་རྣམས་ཐོབ་པར་བྱེད་ལ། ཉེས་པ་མ་སྤངས་པ་རྣམས་ནི་སྤོང་བར་བྱེད་ཅིང་ས་འོག་མ་ཡང་འདོར་བར་བྱེད་དོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཅི་ཡང་མི་བྱེད་པར་གནས་པར་བྱེད་དེ། དེ་བས་ན་ས་བཅུ་ཀུན་དུ་ཡང་ཡེ་ཤེས་དེ་
གཉིས་ལ་གནས་པ་ནི་གནས་པའི་མཆོག་ཡིན་པར་བཤད་དོ། །དེ་ལ་གནས་པས་གཞན་ཐོབ་པར་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་ལ། དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་གནས་པས་ཡོན་ཏན་ཁྱད་པར་ཅན་དང་། ས་མ་ཐོབ་པ་རྣམས་ཐོབ་པར་བྱེད་ལ། ཉེས་པ་དང་སྐྱོན་སྤང་བར་བྱ་བ་རྣམས་ནི་སྤོང་བར་བྱེད་དོ། །
རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཅི་ཡང་བྱེད་པ་མེད་པར་གནས་ཏེ། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ནི་བླང་བར་བྱ་བ་བླངས་ཟིན་ལ་སྤང་བར་བྱ་བ་སྤངས་ཟིན་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་བླང་དོར་ཅུང་ཟད་ཀྱང་མི་
Vol. 126 · folio 121a
བྱེད་པར་འབད་པ་དང་བརྩལ་བ་མེད་པའི་མཚན་ཉིད་དུ་གནས་སོ། །གང་དུ་ཡན་ལག་བཞི་པའི་སྟོབས་ཀྱི་ཚོགས་སྐྱོ་བར་མི་འགྱུར་བ་དེར་སོང་ནས་གནས་པར་རྟོག་པར་བྱེད་དོ་ཞེས་བྱ་བ་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཀུན་མགོན་རིན་པོ་ཆེས་རྟའི་ཚོགས་དང་། གླང་པོའི་ཚོགས་དང་། ཤིང་
རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་ཀྱིས་གཞོམ་ཞིང་བསྐྲད་པར་བྱ་བ་རྣམས་སྐྲོད་པར་བྱེད་པ་དང་། བསྡུ་ཞིང་བསྐྱང་བར་བྱ་བ་རྣམས་སྡུད་ཅིང་བསྐྱང་བར་བྱས་ནས། གནས་གང་དུ་དམག་སྡེ་བཞི་རྣམས་འཚེ་བ་མེད་པ་དང་། གནོད་པར་མི་འགྱུར་བའི་གནས་དེར་གནས་པར་བྱ་བར་སེམས་སོ། །དེ་ལ་དམག་
གི་སྡེ་བཞིས་བསྡུ་བ་སྡུད་པ་དང་། བསྐྲད་པ་སྐྲོད་པར་བྱེད་པ་ལྟ་བུ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་སོ། །དམག་སྡེ་བཞི་འཚེ་བ་མེད་པའི་གནས་སུ་གནས་པ་ལྟ་བུ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཡོན་ཏན་ལྡན། །འཁོར་ལོས་སྒྱུར་བ་བཞིན་དུ་འཇུག་པ་ཡིན། །རྟག་ཏུ་བྱང་ཆུབ་ཡན་
ལག་བདུན་པོས་ནི། །རིན་པོ་ཆེ་དང་འདྲ་བས་ཡོངས་སུ་བསྐོར། །ཞེས་གོང་དུ་བཤད་པ་ལྟར་ན་ས་དང་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ཡོན་ཏན་དང་ལྡན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འདྲ་བར་གནས་ཏེ། ཅིའི་ཕྱིར་ཞེ་ན། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་
ཆེ་བདུན་དང་ལྡན་ཞིང་རིན་པོ་ཆེ་བདུན་གྱིས་བསྐོར་བ་དེ་བཞིན་དུ། ས་དང་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་ཀྱི་ཡན་ལག་བདུན་དང་ལྡན་ཞིང་ཡན་ལག་བདུན་གྱིས་བསྐོར་བས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འདྲའོ། །གནས་ཀྱི་ཡན་ལག་རང་བཞིན་ཡན་ལག་དང་། །འབྱུང་བའི་ཡན་
ལག་དེ་ནི་གསུམ་པའོ། །བཞི་པ་རྗེས་སུ་བསྔགས་པའི་ཡན་ལག་སྟེ། །ཉོན་མོངས་མེད་པའི་ཡན་ལག་གསུམ་གྱི་དངོས། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས། བྱང་ཆུབ་ཀྱི་ཡན་ལག་བདུན་ལྔར་སྡུད་ཅིང་། བྱང་ཆུབ་ཀྱི་ཡན་ལག་གང་ཡིན་པ་དང་། ཇི་ལྟར་བྱང་ཆུབ་ཀྱི་ཡན་ལག་གང་ཡིན་པ་བསྟན་ཏེ། དེ་ལ་དྲན་པ་
ནི་གནས་ཀྱི་ཡན་ལག་ཅེས་བྱའོ། །ཆོས་རབ་ཏུ་འབྱེད་པ་ནི་རང་བཞིན་གྱི་ཡན་ལག་ཅེས་བྱའོ། །གསུམ་པ་བརྩོན་འགྲུས་ནི་འབྱུང་བའི་ཡན་ལག་ཅེས་བྱའོ། །བཞི་པ་དགའ་བ་ནི་རྗེས་སུ་བསྔགས་པའི་ཡན་ལག་ཅེས་བྱའོ། །ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་གསུམ་ནི་ཉོན་མོངས་པ་མེད་པའི་
Vol. 126 · folio 121b
ཡན་ལག་ཅེས་བྱའོ། །དེ་ལ་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། བྱང་ཆུབ་ཀྱི་ཡན་ལག་བདུན་ནམ་ཆོས་རབ་ཏུ་འབྱེད་པ་ནི་བྱང་ཆུབ་ཀྱི་ཡན་ལག་གོ། །ཇི་ལྟར་ཡན་ལག་ཏུ་འགྱུར་ཞེ་ན། དྲན་པ་ནི་གནས་པའི་ཡན་ལག་ཏུ་གྱུར་པ་ནས་བཏང་སྙོམས་ལ་སོགས་པ་ནི་ཉོན་མོངས་པ་མེད་པའི་ཡན་ལག་ཏུ་གྱུར་པས་སོ། །ཐམས་
ཅད་དེ་ལ་བརྟེན་ཞིང་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ལ། དྲན་པ་ནི་གནས་པའི་ཡན་ལག་སྟེ། ཇི་ལྟར་གནས་པའི་ཡན་ལག་ཏུ་འགྱུར་ཞེ་ན། ཆོས་རབ་ཏུ་འབྱེད་པ་ལ་སོགས་པ་ཡོན་ཏན་ཐམས་ཅད་ནི་དྲན་པ་ལ་བརྟེན་ཞིང་དྲན་པ་ལས་བྱུང་བའི་ཕྱིར་རོ། །བྱང་ཆུབ་དེ་ཉིད་དེའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་
བ་ལ་ཆོས་རབ་ཏུ་འབྱེད་པ་ནི་རང་བཞིན་གྱི་ཡན་ལག་ཅེས་བྱ་སྟེ། བྱང་ཆུབ་ཅེས་བྱ་བ་ཡང་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་མ་ནོར་བར་བྱེད་ཅིང་ཤེས་པ་ལ་བྱ་སྟེ། བྱང་ཆུབ་ཀྱི་རང་བཞིན་ཡང་ཆོས་རབ་ཏུ་འབྱེད་པའི་བདག་ཉིད་ཡིན་པས་ཆོས་རབ་ཏུ་འབྱེད་པ་ནི་རང་བཞིན་གྱི་ཡན་ལག་ཏུ་གཞུག་
གོ། །དེ་མཐར་ཐུག་པ་ཐོབ་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། བརྩོན་འགྲུས་ནི་འབྱུང་བའི་ཡན་ལག་སྟེ། བརྩོན་འགྲུས་ཀྱིས་ཇི་སྲིད་དུ་བགྲོད་པར་བྱ་བའི་གནས་སུ་ཕྱིན་གྱི་བར་དུ་འགྲོ་ཞིང་མ་ཕྱིན་གྱི་བར་དུ་བར་མ་དོར་མི་འཇུག་པའི་ཕྱིར་རོ། །སེམས་བདེ་བའི་ཕྱིར་རོ་ཞེས་བྱ་བ་ལ། དགའ་བ་དེ་རྗེས་སུ་
བསྔགས་པའི་ཡན་ལག་སྟེ། ཆོས་ཀྱི་དབྱིངས་མཐོང་བའི་སྒོ་ནས་དགའ་བ་དེ་སེམས་ལ་དགའ་བའི་ཁྱད་པར་སྐྱེད་པའི་ཕྱིར་རོ། །ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཆོས་དེ་གསུམ་ནི་ཉོན་མོངས་པ་མེད་པའི་ཡན་ལག་ཅེས་བྱ་སྟེ། ཇི་ལྟར་ཉོན་མོངས་
པ་མེད་པའི་ཡན་ལག་ཅེ་ན། གང་གིས་ཉོན་མོངས་པ་མེད་པར་བྱེད་པ་དང་། གང་ལ་གནས་ན་ཉོན་མོངས་པ་མེད་པར་བྱེད་པ་དང་། ཉོན་མོངས་པ་མེད་པ་གང་ཡིན་པའོ། །དེ་ལ་གང་གིས་ཉོན་མོངས་པ་མེད་པར་བྱེད་ཅེ་ན། ཤིན་ཏུ་སྦྱངས་པས་ཉོན་མོངས་པ་མེད་པར་བྱེད་དེ། ལུས་དང་སེམས་ལས་སུ་
རུང་བར་གྱུར་ན་དེས་ལུས་དང་སེམས་ལས་སུ་མི་རུང་བའི་གནས་ངན་ལེན་དང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་སྤྱོད་པ་མེད་པའི་ཕྱིར་རོ། །གང་ལ་གནས་ནས་ཉོན་མོངས་པ་མེད་པར་བྱེད་ཅེ་ན། ཏིང་ངེ་འཛིན་ལ་གནས་ནས་ཉོན་མོངས་པ་མེད་པར་བྱེད་དེ། ཏིང་ངེ་འཛིན་ལ་གནས་
Vol. 126 · folio 122a
པའི་དུས་ན་ཞུམ་རྒོད་ཀྱི་ཉེ་བའི་ཉོན་མོངས་པ་སེལ་བར་བྱེད་པའི་ཕྱིར་རོ། །གང་ཉོན་མོངས་པ་མེད་པ་ནི་བཏང་སྙོམས་ཏེ། ཉོན་མོངས་པ་དང་བཏང་སྙོམས་གཉིས་སུ་འགལ་བས་བཏང་སྙོམས་ལ་གནས་པའི་དུས་ན་ཉོན་མོངས་པ་སྐྱེ་བའི་སྐབས་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །ལམ་གྱི་ཡན་ལག་
དབྱེ་བ་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་འོག་ཏུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། ས་དང་པོ་མཐོང་བའི་ལམ་དུ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས་མཐོང་བས་སྤོང་བར་བྱ་བའི་ཉོན་མོངས་པ་སྤངས་ནས། དེ་བསྒོམ་
པས་སྤང་བར་བྱ་བའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤང་བར་བྱ་བའི་ཕྱིར། ས་གཉིས་པ་ཡན་ཆད་ས་བཅུ་པ་མན་ཆད་བསྒོམ་པའི་ལམ་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་དེ་བས་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་འོག་ཏུ་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་བཤད་པར་འབྲེལ་ཏོ། །དེ་ལ་
ལམ་གྱི་ཡན་ལག་བརྒྱད་ནི་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །དེ་ལ་མཐོང་བའི་ལམ་ན་ཆོས་རབ་ཏུ་འབྱེད་
པ་བྱང་ཆུབ་ཀྱི་ཡན་ལག་གིས་གང་ཟག་དང་ཆོས་ལ་བདག་མེད་པར་ཁོང་དུ་ཆུད་པ་དེ་ཉིད་ལ་དམིགས་ཤིང་བསྒོམ་པ་ནི་ཡང་དག་པའི་ལྟ་བའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་ཡང་དག་པའི་ལྟ་བ་གང་ཞེ་ན། གང་འདི་འཕགས་པའི་འཇིག་རྟེན་ལས་འདས་ཏེ། བདག་ཏུ་
ལྟ་བ་ལས་བླངས་པ་མ་ཡིན་སྲོག་ཏུ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་དག་པའི་ལྟ་བ་དེས་རྒྱུ་བྱས་ནས་ཁམས་གསུམ་ལས་བྱུང་བའི་རྒྱུ་ལྷག་པའི་ཚུལ་ཁྲིམས་དང་། སེམས་དང་། ལྷག་པའི་ཤེས་རབ་རྟོག་ཅིང་འདོད་པ་དང་། གནོད་སེམས་ལ་རྟོག་པ་སྤངས་ན་འདོད་པ་དང་། གནོད་སེམས་མེད་
པའི་རྟོག་པ་ནི་ཡང་དག་པའི་རྟོག་པ་ཞེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་ཡང་དག་པའི་རྟོག་པ་གང་ཞེ་ན། རྟོག་པ་གང་གིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཉོན་མོངས་པ་འབྱུང་བར་འགྱུར་བའི་ཀུན་དུ་རྟོག་པ་དེ་ལ་མི་རྟོག་གོ། །རྟོག་པ་གང་གིས་ཚུལ་
Vol. 126 · folio 122b
ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་འབྱུང་བར་འགྱུར་བའི་རྟོག་པ་དེ་དག་ལ་རྟོག་པ་ནི་ཡང་དག་པའི་རྟོག་པ་ཞེས་བྱའོ་ཞེས་གསུངས་སོ། །ཡང་དག་པའི་ལྟ་བ་དང་། རྟོག་པ་ཁོང་དུ་ཆུད་པ་ནི་ཆོས་དེ་དག་སེམས་ཅན་
ལ་ཕན་པར་བྱ་བའི་ཕྱིར་གཞན་ལ་འཆད་ཅིང་སེམས་ཅན་ལ་གནོད་པར་འགྱུར་བ་བརྫུན་དང་། ཚིག་རྩུབ་པོ་དང་། ཚིག་འཁྱལ་བ་དང་ཕྲ་མ་ལ་སོགས་པ་སྤངས་པ་ནི་ཡང་དག་པའི་ངག་ཅེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་ཡང་དག་པའི་ངག་གང་ཞེ་ན། ངག་གང་
གིས་བདག་ལ་ཡོངས་སུ་མི་གདུང་ཞིང་གཞན་ལ་ཡང་མ་ཡིན་པ་དང་། བདག་ཀྱང་ཉོན་མི་མོངས་ལ་གཞན་ལ་ཡང་མ་ཡིན་པ་དང་། བདག་ལ་ཡང་མི་གནོད་ཅིང་གཞན་ལ་ཡང་མ་ཡིན་ཏེ། ངག་གང་གིས་འཕགས་པའི་ལམ་ལ་འཇུག་པ་དེ་ལྟ་བུའི་མཉམ་པར་གཞག་པ་ལ་སྦྱོར་བའི་ངག་དང་ལྡན་པ་ཡིན་
ཏེ། འདི་ནི་ཡང་དག་པའི་ངག་ཅེས་གསུངས་སོ། །ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་སྤངས་པ་ལ་བརྟེན་ནས། དེ་མ་ཐག་པ་དང་། རྣམ་པར་གྲོལ་བའི་ལམ་ལ་འཇུག་པ་ནི་ཡང་དག་པའི་ལས་ཀྱི་མཐའ་ཞེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་
པའི་མདོ་ལས་ཀྱང་། དེ་ལ་ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན། གང་ལས་ཀྱང་གནག་ལ་རྣམ་པར་སྨིན་པ་ཡང་གནག་པ་དེ་ལྟ་བུའི་ལས་མི་བྱེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་གོས་དང་། ལྷུང་བཟེད་ལ་སོགས་པ་ཁ་གསག་དང་། ཚུལ་འཆོས་པས་ཚོལ་བ་སྤངས་ནས་ཚུལ་
བཞིན་དུ་འཚོ་བ་ནི་ཡང་དག་པའི་འཚོ་བ་ཞེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་ཡང་དག་པའི་འཚོ་བ་གང་ཞེ་ན། གང་འཕགས་པའི་རིགས་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་གཏོང་བ་དང་། ཚུལ་འཆོས་པ་མེད་པ་དང་། ཁ་གསག་
མེད་པ་དང་། གཞོགས་སློང་མེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་ལ་བརྟེན་ནས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤང་བར་བྱ་བའི་ཕྱིར་འཕགས་པའི་ལམ་ལ་
Vol. 126 · folio 123a
རྒྱུན་དུ་སྒོམ་པར་བྱེད་པ་ནི་ཡང་དག་པའི་རྩོལ་བ་ཞེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་ཡང་དག་པའི་འབད་པ་གང་ཞེ་ན། འབད་པ་གང་ལོག་པ་སྟེ་འཕགས་པས་མ་གནང་བར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཉོན་མོངས་པའི་
བག་ལ་ཉལ་གྱི་འབད་པ་དེ་མི་འདོད་ཅིང་འབད་པ་གང་ཡང་དག་པ་འཕགས་པའི་ལམ་དང་། བདེན་པ་ལ་འཇུག་པ་མྱ་ངན་ལས་འདས་པར་འགྲོ་བའི་ལམ་དུ་གཏོང་བའི་འབད་པ་དེའི་རྗེས་སུ་འགྲོ་བ་འདི་ནི་ཡང་དག་པའི་འབད་པ་ཞེས་བྱའོ་ཞེས་གསུངས་སོ། །ཇི་ལྟར་ཁོང་དུ་ཆུད་པའི་ཆོས་
རྣམས་ཀྱི་དོན་མ་བརྗེད་ཅིང་སེམས་ལ་གསལ་བར་སྣང་བ་དེ་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་ཡང་དག་པའི་དྲན་པ་གང་ཞེ་ན། དྲན་པ་གང་ཤིན་ཏུ་ཉེ་བར་གཞག་པ་དང་། མི་བསྒུལ་བ་དང་ཞེས་བྱས་ནས་གཞུངས་པ་དང་། འཕགས་
པའི་ལམ་མི་བརྗེད་པ་འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ་ཞེས་གསུངས་སོ། །དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་
ན། ཡང་དག་པར་མཉམ་པ་དང་ཆོས་ཐམས་ཅད་མཉམ་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་དེ་དག་མདོར་བསྡུ་ན་རྣམ་པ་གཉིས་སུ་གཞག་སྟེ། སྤྱོད་པའི་ཚེ་གང་བྱ་བ་དང་གནས་པའི་ཚེ་གང་བྱ་བའོ། །དེ་ལ་སྤྱོད་པ་ནི་བསོད་ནམས་ལ་འཇུག་པ་དང་།
འཆག་པ་ལ་སོགས་པ་བྱེད་པ་སྟེ། དེའི་ཚེ་ན་ནི་ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་གསུམ་ལ་གནས་པར་བྱའོ། །གནས་པའི་ཏིང་ངེ་འཛིན་དུ་སྙོམས་པར་འཇུག་པ་སྟེ། དེའི་ཚེ་ན་ནི་ཞི་གནས་བསྒོམ་པ་དང་། ལྷག་མཐོང་བསྒོམ་པ་གཉིས་
བྱའོ། །དེ་ལ་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་རྩོལ་བ་གསུམ་ནི་ལྷག་མཐོང་གི་ཕྱོགས་འཁོར་དང་བཅས་པ་སྟེ། ཡང་དག་པའི་ལྟ་བ་ནི་ལྷག་མཐོང་ཉིད་དོ། །ཡང་དག་པའི་རྟོག་པ་དང་རྩོལ་བ་ནི་ལྷག་མཐོང་གི་འཁོར་ཞེས་བྱའོ། །ཡང་དག་པའི་
Vol. 126 · folio 123b
དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ནི་ཞི་གནས་ཀྱི་ཚོགས་འཁོར་དང་བཅས་པ་སྟེ། ཏིང་ངེ་འཛིན་ནི་ཞི་གནས་ཉིད་དོ། །དྲན་པ་ནི་ཞི་གནས་ཀྱི་འཁོར་ཏོ། །ཇི་ལྟར་ཤེས་བཞིན་རྗེས་སུ་འཇུག །དེ་ནས་ཀྱང་ནི་སྐྱེ་བར་འགྱུར། །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་འོག་ཏུ་ཞེས་བྱ་བའི་དོན་ཏོ། །ས་
དང་པོ་མཐོང་བའི་ལམ་དུ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པའི་རྗེས་ལ། ཤེས་བྱའི་སྒྲིབ་པ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་སྒྲིབ་པ་སྤང་བར་བྱ་བའི་ཕྱིར། ས་གཉིས་མན་ཆད་ན་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ལ་སྒོམ་པར་བྱེད་དེ། དེ་ཡང་ས་དང་པོར་
ཆོས་རབ་ཏུ་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་གིས་གང་ཟག་དང་ཆོས་ལ་བདག་མེད་པའི་དེ་ཁོ་ན་ཁོང་དུ་ཆུད་པ་ལ། ས་གཉིས་པ་མན་ཆད་ཆོས་དེ་ཉིད་ལ་འཇུག་ཅིང་ཆོས་དེ་ཉིད་ལ་སྒོམ་པར་བྱེད་པ་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཇི་ལྟར་ཤེས་པ་རྣམ་པར་གཞག །ཅེས་བྱ་བ་ལ། ཡང་
དག་པའི་ལྟ་བས་དེ་ཁོ་ན་ཁོང་དུ་ཆུད་པ་དེ་ལ་ཡང་དག་པའི་རྟོག་པས་དེ་ཉིད་རྣམ་པར་འཇོག་པར་བྱེད་དེ། ཇི་ལྟར་རྣམ་པར་འཇོག་པར་བྱེད་ཅེ་ན། བདག་གིས་དེ་ཁོ་ན་ཉིད་ནི་མཉམ་པ་དང་བཅས་པ་དང་། བསྒོམ་པའི་རིམ་པས་ཁོང་དུ་ཆུད། །ཅེས་རྟོག་ཅིང་ཇི་ལྟར་ཁོང་དུ་ཆུད་པའི་ཆོས་རྣམས་
གཙུག་ལག་ཏུ་ཡང་བྱེད་པ་གཞན་ལ་ཡང་འཆད་པར་བྱེད་ན་ཡང་དག་པའི་རྟོག་པ་ཞེས་བྱའོ། །དོན་དེ་ཉིད་བསྟན་པར་བྱ་བའི་ཕྱིར། རྣམ་པར་གཞག་པ་ལ་འཇུག་པ་དང་ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་བཤད་པ་ནི་རྣམ་པར་གཞག་
པ་ཞེས་བྱ་སྟེ། ཡང་དག་པའི་རྟོག་པས་མདོ་སྡེ་དག་གི་དོན་ཁོང་དུ་ཆུད་པས་རྣམ་པར་གཞག་པ་ལ་འཇུག་པ་ཞེས་བྱའོ། །ལས་གསུམ་རྣམ་པར་དག་པ་དང་། །ཞེས་བྱ་བ་ལ་ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་གསུམ་གྱིས་ནི་ལས་གསུམ་རྣམ་པར་
དག་པར་བྱེད་དེ། ངག་གི་ལས་དང་། ལུས་ཀྱི་ལས་དང་། ལུས་དང་ངག་གི་ལས་དག་པར་བྱེད་དོ། །དེ་ལ་བརྫུན་དང་། ཚིག་རྩུབ་པོ་དང་། ཚིག་འཁྱལ་པ་དང་། ཕྲ་མ་སྤངས་པའི་ཡང་དག་པའི་ངག་གིས་ནི་ངག་གི་ལས་རྣམ་པར་དག་པར་བྱེད་དོ། །སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་
Vol. 126 · folio 124a
དང་། མི་ཚངས་པར་སྤྱོད་པ་སྤངས་པ་ཡང་དག་པའི་ལས་ཀྱི་མཐའ་ནི་ལུས་ཀྱི་ལས་རྣམ་པར་དག་པར་བྱེད་དོ། །ངག་གི་སྒོ་ནས་ཁ་གསག་དང་གཅམ་བུ་ལ་སོགས་པ་སྤངས་པ་དང་། ལུས་ཀྱི་སྒོ་ནས་ཚུལ་འཆོས་པ་ལ་སོགས་པར་འཚོ་བ་སྤངས་པ་ཡང་དག་པའི་འཚོ་བས་ནི་ལུས་དང་ངག་གཉིས་ཀའི་
ལས་དག་པར་བྱེད་དོ། །གཉེན་པོ་ཡང་སྒོམ་པ་སྟེ། ཤེས་པར་བྱ་བ་ལམ་རྣམས་ནི། །ཁྱད་པར་ཅན་གྱི་ཡོན་ཏན་སྒྲིབ། །ཅེས་བྱ་བ་ལ་ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་གསུམ་གྱིས་ནི་རིམ་བཞིན་དུ་ཤེས་བྱའི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་དང་། ཁྱད་པར་ཅན་གྱི་
ཡོན་ཏན་གྱི་སྒྲིབ་པའི་གཉེན་པོར་བསྒོམ་སྟེ། ཡང་དག་པའི་རྩོལ་བ་ནི་ཤེས་བྱའི་སྒྲིབ་པའི་གཉེན་པོར་བསྒོམ་མོ། །ཡང་དག་པའི་དྲན་པ་ནི་ལས་ཀྱི་སྒྲིབ་པའི་གཉེན་པོར་བསྒོམ་མོ། །ཡང་དག་པའི་ཏིང་ངེ་འཛིན་ནི་ཁྱད་པར་ཅན་གྱི་ཡོན་ཏན་གྱི་སྒྲིབ་པའི་གཉེན་པོར་བསྒོམ་མོ། །བྱང་ཆུབ་ཀྱི་ཡན་ལག་
བདུན་རྣམས་ཀྱི་འོག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། ས་དང་པོར་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བསྒོམ་སྟེ། དེའི་འོག་ཏུ་ས་གཉིས་པ་ཡན་ཆད་ན་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ལ་བསྒོམ་མོ། །དེ་ལ་ཡང་ཆོས་རབ་ཏུ་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་གིས་གང་ཟག་དང་ཆོས་ལ་བདག་མེད་
པར་ཁོང་དུ་ཆུད་པའི་ཆོས་དེ་ཉིད་ལ་ལྟ་ཞིང་དེ་ཉིད་ཀྱི་དོན་ཁོང་དུ་ཆུད་པ་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ། །ཤེས་པ་དེ་རྣམ་པར་བཞག་ནས་ཞེས་བྱ་བ་ལ་སོགས་པ་ལ། ཤེས་པ་ནི་བཅོམ་ལྡན་འདས་ཀྱིས་དེ་བཞིན་ཉིད་ཐུགས་སུ་ཆུད་པའོ། །རྣམ་པར་གཞག་པ་ནི་གསུང་རབ་ཡན་ལག་བཅུ་
གཉིས་གསུངས་ཏེ་འཇིག་རྟེན་དུ་གཞག་པའོ། །ཡང་ན་ཆོས་རབ་ཏུ་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་གིས་ཆོས་ཀྱི་དོན་ཇི་ལྟར་ཁོང་དུ་ཆུད་པ་ནི་ཤེས་པ་དེ་རྣམ་པར་གཞག་པ་ཞེས་བྱ་སྟེ། དེ་ལ་གང་བདག་གིས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པས་ཡང་ཉན་པ་དང་། བསམ་པ་དང་། བསྒོམ་པ་
ལ་སོགས་པའི་ལས་བྱས་པས་ཁོང་དུ་ཆུད་དོ་ཞེས་རྟོག་པ་ནི་ཡང་དག་པའི་རྟོག་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཞེས་པ་ནི་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། མདོ་སྡེ་ལ་སོགས་པའི་ནང་ནས་ཀྱང་དེ་
Vol. 126 · folio 124b
ཁོ་ན་ཁོང་དུ་ཆུད་པར་བྱ་བ་དེ་འབྱུང་ངོ་། །དེས་ནི་དེའི་དོན་ཁོང་དུ་ཆུད་པའི་ཕྱིར་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་ཡང་དག་པའི་རྟོག་པ་དེས་སོ། །དེའི་དོན་ཁོང་དུ་ཆུད་པ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བས་དེ་ཁོ་ན་ཉིད་སྔར་ཁོང་དུ་ཆུད་ནས་ཡང་དག་པའི་རྟོག་པས་ཀྱང་གསུང་རབ་ཀྱི་དོན་རྣམས་ཁོང་དུ་ཆུད་
དེ་མངོན་སུམ་དུ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །ཡང་དག་པའི་རྩོལ་བས་ཡུན་རིང་པོར་མི་སྐྱོ་བར་ཞེས་བྱ་བ་ལ། ཤེས་བྱའི་སྒྲིབ་པ་སྤང་བར་བྱ་བའི་ཕྱིར་ཡང་དག་པའི་རྩོལ་བས་ཡུན་རིང་པོར་མི་སྐྱོ་བར་བསྒོམས་པས་ཤེས་བྱའི་སྒྲིབ་པ་སྤོང་བར་འགྱུར་ཏེ། དེ་བས་ན་ཡང་དག་པའི་རྩོལ་བ་ནི་ཤེས་
བྱའི་སྒྲིབ་པའི་གཉེན་པོར་བསྒོམ་མོ། །ཡང་དག་པའི་དྲན་པས་ནི་ཞི་གནས་དང་རབ་ཏུ་འཛིན་པ་ཞེས་བྱ་བ་ལ་སོགས་པ་ལ། ལམ་བསྒོམ་པ་ནི་ཞུམ་པ་དང་རྒོད་པ་སྤང་བའི་ཕྱིར་ཡང་དག་པའི་དྲན་པས་ཞི་གནས་ཀྱི་མཚན་མ་དང་། རབ་ཏུ་འཛིན་པའི་མཚན་མ་དང་། བཏང་སྙོམས་ཀྱི་མཚན་མ་
དག་ཡིད་ལ་བྱས་ནས་ཞུམ་པ་དང་རྒོད་པ་སྤངས་ཏེ། ཞུམ་པ་དང་རྒོད་པ་མེད་པར་འཕགས་པའི་ལམ་ལ་བསྒོམ་པས་ན། ཡང་དག་པའི་དྲན་པ་ནི་ལམ་གྱི་སྒྲིབ་པའི་གཉེན་པོར་བསྒོམ་པར་གཞག་གོ། །དེ་ལ་ནམ་ཞུམ་པ་བྱུང་བའི་ཚེ་ན་ནི་དེ་བཞིན་གཤེགས་པའི་ཡོན་ཏན་ལ་སོགས་པ་སེམས་
གཟེངས་བསྟོད་པར་འགྱུར་བ་རབ་ཏུ་འཛིན་པའི་མཚན་མ་ཡིད་ལ་བྱས་ནས་ཞུམ་པ་སེལ་བར་བྱེད་དོ། །ནམ་སེམས་རྒོད་པར་འགྱུར་བའི་དུས་ན་སེམས་ཞི་བར་བྱེད་པའི་རྒྱུའོ། །འཁོར་བའི་སྐྱོན་ཡིད་ལ་བྱེད་པ་ཞི་གནས་ཀྱི་མཚན་མ་ཡིད་ལ་བྱས་ནས་རྒོད་པ་མེད་པར་བྱེད་དོ། །ནམ་ཞུམ་པ་དང་
རྒོད་པ་དང་བྲལ་བའི་དུས་ན་བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱས་ནས་སེམས་མི་སྐྱོ་བར་འཇོག་པར་བྱེད་དོ། །ཡང་དག་པའི་ཏིང་ངེ་འཛིན་གྱིས་ནི་ཞེས་བྱ་བ་ལ་སོགས་པ་ལ། འཕྲུལ་གྱི་མིག་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་ཐོབ་པར་བྱ་བ་ལ་བར་དུ་གཅོད་པའི་སྒྲིབ་པ་དང་། བགེག་རྣམས་བསལ་
པར་བྱ་བའི་ཕྱིར་ཡང་དག་པའི་ཏིང་ངེ་འཛིན་གྱིས་རྟག་ཏུ་སེམས་རྩེ་གཅིག་པར་འཇོག་སྟེ། རྩེ་གཅིག་ཏུ་གཞག་ན་ཡོན་ཏན་ཁྱད་པར་ཅན་ཐོབ་པ་ལ་སྒྲིབ་པའི་བར་དུ་གཅོད་པ་དང་བྲལ་ནས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་ཐོབ་པར་འགྱུར་བས་ན། ཡང་དག་པའི་ཏིང་ངེ་འཛིན་ནི་
Vol. 126 · folio 125a
ཁྱད་པར་ཅན་གྱི་ཡོན་ཏན་མངོན་དུ་སྒྲུབ་པ་ལ་སྒྲིབ་པའི་གཉེན་པོ་བསྒོམ་པར་གཞག་གོ། །ཞི་གནས་དང་ལྷག་མཐོང་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་ཕྱོགས་ཀྱི་འོག་ཏུ་ཞི་གནས་དང་ལྷག་མཐོང་གི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན།
ཞི་གནས་དང་ལྷག་མཐོང་ནི་བྱང་ཆུབ་ཀྱི་ཕྱོགས་ཐམས་ཅད་གྲུབ་པར་བྱེད་པའི་ཐབས་ཡིན་ཏེ་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་ཐམས་ཅད་ལ། ཞི་གནས་དང་ལྷག་མཐོང་ནི་མེད་དུ་མི་རུང་ལ། བྱང་ཆུབ་ཀྱི་ཕྱོགས་ཀྱི་སྐབས་སུ་ཞི་གནས་དང་ལྷག་མཐོང་བཤད་ཟིན་མོད་ཀྱི་མཚན་ཉིད་མ་འདྲེས་པར་བསྟན་ཏེ། ད་ཞི་གནས་
ཀྱི་མཚན་ཉིད་ནི་འདི། ལྷག་མཐོང་གི་མཚན་ཉིད་ནི་འདིའོ་ཞེས་མ་འདྲེས་པར་བསྟན་དགོས་ཏེ། དེ་བས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་འོག་ཏུ་ཞི་གནས་དང་ལྷག་མཐོང་གི་སྐབས་བཤད་པར་འབྲེལ་ཏོ། །སེམས་ལ་སེམས་ནི་གཞག་པ་དང་། །ཆོས་རྣམས་རབ་ཏུ་འབྱེད་པ་དང་། །ཡང་དག་གནས་ལ་ཉེར་གནས་པ། །ཞི་གནས་
དང་ནི་ལྷག་མཐོང་ངོ་། །ཞེས་བྱ་བ་ལ། ཡང་དག་པར་གནས་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ལ་བྱ་སྟེ། གཟུགས་ཀྱི་ཁམས་ཀྱི་ཟག་པ་མེད་པའི་ཏིང་ངེ་འཛིན་བཞི་ལ་བརྟེན་ནས། སེམས་ལ་སེམས་གཞག་པ་སྟེ། ཁམས་གསུམ་ཐམས་ཅད་ནི་སེམས་ཙམ་དུ་ཟད་པ་སྟེ། སེམས་ལས་གཞན་མེད་དོ་ཞེས་སེམས་རྩེ་གཅིག་ཏུ་
འཇོག་པ་ནི་ཞི་གནས་ཞེས་བྱ་སྟེ། དེ་ཙམ་གྱིས་ན་ཞི་གནས་ཡོངས་སུ་གྲུབ་པ་སྟེ། སེམས་མཉམ་པར་གཞག་པ་རྙེད་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་འབྱུང་སྟེ། ཆོས་གང་རྣམས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཤེས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ལྷག་མཐོང་ཞེས་བྱ་སྟེ། འདི་དག་ནི་ཐེག་པ་ཆེན་པོའི་ཞི་གནས་
དང་ལྷག་མཐོང་གི་མཚན་ཉིད་མདོར་བསྟན་ཏོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་ཞི་གནས་མི་ཟད་པ་གང་ཞེ་ན། གང་སེམས་ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་མཐོང་མི་ཟད་པ་གང་ཞེ་ན། གང་
ཤེས་རབ་ཀྱི་ཆའི་བསྒོམ་པའི་ལམ་སྟེ། ཆོས་རྣམས་ལ་གཡོ་བ་མེད་པར་ཤེས་པ་དང་། བདག་པོ་མེད་པ་དང་། སེམས་ཅན་མེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་དོ། །ཞི་གནས་དང་ལྷག་མཐོང་གི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། དེ་དག་ཀུན་དུ་རབ་ཏུ་འགྲོ། །
Vol. 126 · folio 125b
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བའི་སྒྲ་ནི་ཞི་གནས་དང་ལྷག་མཐོང་ལ་བྱ་སྟེ། ཞི་གནས་དང་ལྷག་མཐོང་ནི་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་དང་། བསམ་གཏན་དང་ཏིང་ངེ་འཛིན་ཐོབ་པར་འདོད་པ་དང་། མངོན་པར་ཤེས་པ་ལ་སོགས་པ་ཐོབ་པར་འདོད་པ་དེ་དག་ཀུན་གྱིས་ཞི་གནས་དང་ལྷག་མཐོང་
བསྒོམ་དགོས་ཏེ། ཡོན་ཏན་སྒྲུབ་པ་ལ་ཞི་གནས་དང་ལྷག་མཐོང་མེད་དུ་མི་རུང་བས་ན། ཞི་གནས་དང་ལྷག་མཐོང་ནི་ཀུན་དུ་འགྲོ་བ་ཞེས་བྱའོ། །ཆ་གཅིག་ཆ་མེད་རྒྱུར་འདོད་དེ། །ཞེས་བྱ་བ་ལ། གང་གི་ཚེ་ཞི་གནས་འབའ་ཞིག་བསྒོམ་གྱི། ལྷག་མཐོང་ཤས་ཆུང་བ་དེ་ན་ཡང་ཆ་གཅིག་ལ་བསྒོམ་པ་ཞེས་བྱ་སྟེ། འདི་ལྟར་
གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་བསྒོམ་པའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་ནི་ཞི་གནས་ཤས་ཆེ་ལ་ལྷག་མཐོང་ཤས་ཆུང་ངོ་། །གང་གི་ཚེ་ལྷག་མཐོང་འབའ་ཞིག་བསྒོམ་ལ། ཞི་གནས་ཤས་ཆུང་བ་དེ་ཡང་ཆ་གཅིག་ལ་བསྒོམ་པ་ཞེས་བྱ་སྟེ། འདི་ལྟར་གཟུགས་ཀྱི་ཁམས་ཀྱིས་
ནི་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་ལ་བསྒོམ་པའོ། །དེ་གསུམ་གྱི་དུས་ན་ལྷག་མཐོང་ཤས་ཆེ་ལ། ཞི་གནས་ཤས་ཆུང་ངོ་། །ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་བསྒོམ་པ་ནི་ཆ་མེད་པ་ཞེས་བྱ་སྟེ། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་པ་ལ་བསྒོམ་པའི་དུས་ནའོ། །མོས་
པས་སྤྱོད་པའི་ཆའི་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་ནི་རྒྱུར་འདོད་པ་ཞེས་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། མོས་པས་སྤྱོད་པའི་སར་ཞི་གནས་དང་ལྷག་མཐོང་བསྒོམ་པས། ས་དང་པོ་རྟོགས་པར་འགྱུར་ཏེ། མོས་པས་སྤྱོད་པའི་ཞི་གནས་དང་ལྷག་མཐོང་ནི་ས་དང་པོར་འཇུག་པའི་གནས་ཡིན་པས་ན་རྒྱུ་ཞེས་
བྱའོ། །ཞི་གནས་དང་ལྷག་མཐོང་གཉིས་ཀུན་ཏུ་འགྲོ་བར་ཅི་མངོན་ཞེ་ན། དེའི་ཕྱིར། ཇི་སྐད་དུ་མདོ་སྡེ་ལས་ཀྱང་། ཨེ་མའོ་དགེ་སློང་དག་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མདོ་ལས་ཀྱང་འདོད་པ་ལས་དབེན། སྡིག་པ་མི་དགེ་བའི་ཆོས་ལས་དབེན། རྟོག་པ་དང་བཅས་པའི་བསམ་གཏན་དང་པོ་ཐོབ་པར་འདོད་པས་
ཞི་གནས་དང་ལྷག་མཐོང་བསྒོམ་པར་བྱ་བ་ནས་བསམ་གཏན་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། མངོན་པར་ཤེས་པ་ལ་སོགས་པ་ཐོབ་པར་འདོད་པས་ཞི་གནས་དང་ལྷག་མཐོང་བསྒོམ་པར་བྱའོ་ཞེས་གསུངས་པས་ན་ཀུན་དུ་འགྲོ་བ་ཡིན་ནོ། །རབ་ཏུ་རྟོགས་དང་ཞེས་བྱ་བ་ལ། ས་དང་པོའི་ཞི་གནས་དང་ལྷག་མཐོང་
Vol. 126 · folio 126a
ལ་ནི་རབ་ཏུ་རྟོགས་པའི་ཞི་གནས་དང་ལྷག་མཐོང་ཞེས་བྱ་སྟེ། དེའི་ཚེ་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་མཚན་ཉིད་དུ་རྟོགས་པའི་ཕྱིར་རོ། །འབྱུང་བ་ཞེས་བྱ་བ་ལ། ས་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པའི་དུས་ན་ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་ནི་
འབྱུང་བའི་ཞི་གནས་དང་ལྷག་མཐོང་ཞེས་བྱ་སྟེ། དེའི་དུས་ཀྱི་ཞི་གནས་དང་ལྷག་མཐོང་གི་མཚན་མ་ཅན་དུ་སྤྱོད་པ་མཐར་འབྱིན་པར་བྱེད་ཅིང་། མཚན་མ་ཅན་ཐམས་ཅད་སྤོང་བར་བྱེད་པའི་ཕྱིར་རོ། །མཚན་མ་མེད་པ་དང་ཞེས་བྱ་བ་ལ། ས་བདུན་པའི་དུས་ན་ཞི་གནས་དང་ལྷག་མཐོང་བསྒོམ་པ་ནི་མཚན་མ་
མེད་པའི་ཞི་གནས་དང་ལྷག་མཐོང་ཞེས་བྱ་སྟེ། དེའི་དུས་ན་མདོ་སྡེ་ལ་སོགས་པའི་ཆོས་རྣམ་པ་སྣ་ཚོགས་ལ་མཚན་མ་ཐ་དད་པར་མི་བྱེད་ཀྱི། ཐམས་ཅད་ཀྱང་རོ་གཅིག་པར་བསྒོམ་པའི་ཕྱིར་རོ། །འདུས་མ་བྱས་ཞེས་བྱ་བ་ལ། ས་བརྒྱད་པ་དང་། དགུ་པ་དང་། བཅུ་པའི་དུས་ཀྱི་ཞི་གནས་དང་ལྷག་མཐོང་ལ་ནི་
འདུས་མ་བྱས་ཀྱི་ཞི་གནས་དང་ལྷག་མཐོང་བསྒོམ་ཞེས་བྱ་སྟེ། དེ་ནི་བརྩལ་བ་དང་འབད་པ་མེད་པར་ལྷུན་གྱིས་གྲུབ་པ་ཉིད་དུ་ཞི་གནས་དང་ལྷག་མཐོང་ལ་གནས་པའི་ཕྱིར་རོ། །ཡོངས་སུ་དག་དང་རྣམ་པར་དག །ཅེས་བྱ་བ་ལ། ས་བརྒྱད་པ་དང་། དགུ་པ་དང་། བཅུ་པའི་དུས་ཀྱི་ཞི་གནས་དང་ལྷག་མཐོང་
དེས་སངས་རྒྱས་ཀྱི་ས་གཞི་ཤེལ་གྱི་ཁ་དོག་ལ་སོགས་པ་སྦྱོང་བར་བྱེད་པས་ན་ཡོངས་སུ་དག་པ་ཞེས་བྱའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ལ་ཉལ་ཚུན་ཆད་སྤངས་པའི་སངས་རྒྱས་ཐོབ་པར་བྱེད་པས་ན། རྣམ་པར་དག་པ་ཞེས་བྱ་སྟེ། འདི་ནི་ཞི་གནས་དང་ལྷག་མཐོང་གི་རབ་ཏུ་དབྱེ་
བའོ། །ཞི་གནས་དང་ནི་ལྷག་མཐོང་རྣམས། །བརྟན་པས་ས་རྣམས་ཐམས་ཅད་ལ། །དེ་ནི་རྣལ་འབྱོར་ཀུན་སྒྲུབ་པའོ། །ཞེས་བྱ་བ་ལ། རྣལ་འབྱོར་གྱི་སྒྲ་ནི་ཐབས་ལ་བྱ་སྟེ། བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ས་བཅུ་ཐམས་ཅད་ལ་ཞི་གནས་དང་ལྷག་མཐོང་བསྒོམ་པ་ནི་བདག་དང་གཞན་གྱི་དོན་ཐམས་
ཅད་སྒྲུབ་པར་བྱེད་པའི་ཐབས་ཡིན་ཏེ། དེ་ནི་ཞི་གནས་དང་ལྷག་མཐོང་གི་ལས་སོ། །འདུས་བྱས་ཡོད་པ་ནི་འདུས་བྱས་ཡིན་ལ་ཞེས་བྱ་བ་ལ། གང་ལ་བརྩལ་བ་དང་འབད་པ་ཡོད་པ་དེ་ལ་ནི་འདུས་བྱས་ཞེས་བྱ་ན། ས་བརྒྱད་པ་དང་། དགུ་པ་དང་། བཅུ་པའི་དུས་ན་བརྩལ་བ་དང་འབད་པ་མེད་པར་ཞི་
Vol. 126 · folio 126b
གནས་དང་ལྷག་མཐོང་ལྷུན་གྱིས་གྲུབ་པར་བསྒོམ་པའི་ཕྱིར་འདུས་མ་བྱས་ཞེས་བྱའོ། །ཐབས་མཁས་པ་རྣམ་པར་བྱེད་པ་ལ་ཚིགས་སུ་བཅད་པ་རྣམ་པ་གཉིས་སོ་ཞེས་བྱ་བ་ལ། ཞི་གནས་དང་ལྷག་མཐོང་གི་འོག་ཏུ་ཐབས་མཁས་པའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། ཞི་གནས་དང་ལྷག་
མཐོང་ནི་དོན་ཐམས་ཅད་གྲུབ་པར་བྱེད་པའི་ཐབས་ཡིན་ལ། ཞི་གནས་དང་ལྷག་མཐོང་བསྒོམས་པ་དེ་ཡང་། ཐབས་ལ་མཁས་པས་ཐེག་པ་གཞན་དུ་མི་འཇུག་པར་བྱ་བའི་ཕྱིར་ཐེག་པ་ཆེན་པོའི་དོན་རྟོགས་པར་བྱ་བར་ཡོངས་སུ་བསྔོ་བར་བྱ་སྟེ། དེ་བས་ན་ཞི་གནས་དང་ལྷག་མཐོང་གི་འོག་
ཏུ་ཐབས་ལ་མཁས་པའི་སྐབས་བཤད་པར་འབྲེལ་ཏོ། །དེ་ལ་བྱང་ཆུབ་སེམས་དཔའི་ཐབས་ཀྱང་རྣམ་པ་ལྔའོ། །སངས་རྒྱས་ཆོས་རྣམས་རྫོགས་བྱེད་དང་། །ཞེས་བྱ་བ་ལ། སངས་རྒྱས་ཀྱི་ཆོས་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་། སྟོབས་དང་། མི་འཇིགས་པ་དང་། རྣམ་པ་
ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་ལ་བྱ་སྟེ། དེ་ཡོངས་སུ་རྫོགས་པར་བྱེད་པའི་ཐབས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། འདི་ནི་ཐབས་རྣམ་པ་གཅིག་གོ། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་ཀྱང་གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འདོད་ན་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་སོ། །སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར་རོ་ཞེས་བྱ་བ་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཐབས་ནི་
བསྡུ་བའི་དངོས་པོ་བཞི་སྟེ། དེས་སེམས་ཅན་མི་དགེ་བའི་གནས་ནས་བསླངས་ནས། དགེ་བའི་གནས་སུ་འཇོག་པར་བྱེད་པའི་ཕྱིར་ཏེ། འདི་ནི་ཐབས་རྣམ་པ་གཉིས་པའོ། །མྱུར་དུ་ཐོབ་པ་དང་ཞེས་བྱ་བ་ལ། མངོན་པར་ཤེས་པ་མྱུར་དུ་ཐོབ་ཅིང་། མྱུར་དུ་མངོན་པར་འཚང་རྒྱ་བར་བྱེད་པའི་
ཐབས་ནི་མདོ་ལས། སྡིག་པ་ཐམས་ཅད་བཤགས་པར་བྱའོ། །བསོད་ནམས་ཀུན་གྱི་རྗེས་སུ་ཡི་རང་བར་བྱའོ། །སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །བདག་གི་ཤེས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་གྱུར་ཅིག་ཅེས་བྱ་བ་སྟེ། མདོ་སྡེའི་ཚིག་དེ་བཞིས་རིམ་
Vol. 126 · folio 127a
བཞིན་དུ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་གསོལ་བ་དང་། བསྔོ་བ་རྣམས་བསྟན་ཏོ། །འདི་ནི་ཐབས་རྣམ་པ་གསུམ་པའོ། །བྱ་བ་གྲུབ་པ་དང་ཞེས་བྱ་བ་ལ། བྱ་བ་གྲུབ་པའི་ཐབས་ནི་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་ཏེ། དེ་གཉིས་ཀྱིས་བདག་དང་གཞན་གྱི་དོན་རྣམས་
འགྲུབ་པར་བྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་གྱིས་རྫུ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་པའི་སྒོ་ནས་གཞན་གྱི་དོན་འགྲུབ་པར་བྱེད་དོ། །གཟུངས་ཀྱིས་ནི་བཤད་པའི་དོན་དང་ཚིག་འཛིན་པས་བདག་གི་དོན་འགྲུབ་པར་བྱེད་དེ། འདི་ནི་ཐབས་བཞི་པའོ། །ལམ་མི་གཅོད་པར་མཁས་པ་ནི། །ཞེས་བྱ་བ་ལ། ལམ་མི་
གཅོད་པ་ནི་དེ་བཞིན་གཤེགས་པའི་གདུང་མི་གཅོད་པ་སྟེ། དེའི་ཐབས་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་མོ། །དེ་ལ་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ནི་རྣམ་པ་གཉིས་ཏེ། ཤེས་རབ་དང་སྙིང་རྗེའོ། །དེ་ལ་ཤེས་རབ་དང་ལྡན་པ་ནི་འཁོར་བ་ན་གནས་ཀྱང་འཁོར་བའི་ཉེས་པས་མི་གོས་ཏེ།
དཔེར་ན་པདྨོ་ཆུ་ལས་སྐྱེས་ཀྱང་ཆུའི་ཉེས་པ་འདམ་གྱིས་མི་གོས་པ་བཞིན་ནོ། །སྙིང་རྗེ་དང་ལྡན་པས་ནི་འཕགས་པ་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པ་འབའ་ཞིག་ཏུ་མི་འཇུག་གི། འཁོར་བར་སེམས་ཅན་གྱི་དོན་བྱེད་དེ། འདི་ནི་ཐབས་རྣམ་པ་ལྔ་པའོ། །དེ་ཡན་ཆད་ཀྱིས་ཐབས་ཀྱི་རབ་ཏུ་དབྱེ་བ་བསྟན་ཏོ། །བྱང་
ཆུབ་སེམས་དཔའ་རྣམས་ཀྱི་ཐབས། །ས་རྣམས་ཀུན་ལ་མཉམ་པ་མེད། །ཅེས་བྱ་བ་ལ། འཇིག་རྟེན་པ་དག་རང་གི་དོན་གྲུབ་པར་བྱ་བའི་ཕྱིར་ཐབས་ལ་གནས་པ་ཡོད། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དག་ཀྱང་རང་གི་འབྲས་བུ་ཐོབ་པར་བྱ་བའི་ཐབས་ལ་གནས་པ་ཡོད་མོད་ཀྱི། བྱང་ཆུབ་སེམས་
དཔའ་རྣམས་ས་བཅུ་དག་ན་ཐབས་ལ་མཁས་པ་རྣམ་པ་ལྔ་ལ་གནས་པ་ནི་གནས་པས་ཁྱད་ཞུགས་པས་ན་མཉམ་པ་མེད་པ་ཞེས་བྱའོ། །ཐབས་གང་ལ་ནི་གནས་ནས་སུ། །དོན་རྣམས་ཐམས་ཅད་འགྲུབ་པར་བྱེད། །ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཐབས་མཁས་པ་རྣམ་པ་ལྔ་ལ་གནས་ན།
བདག་གི་དོན་དང་གཞན་གྱི་དོན་གཉི་ག་འགྲུབ་པར་བྱེད་དེ། དེ་ནི་ཐབས་མཁས་པའི་ལས་སོ། །གཟུངས་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་གསུམ་སྟེ་ཞེས་བྱ་བ་ལ། ཐབས་ཀྱི་འོག་ཏུ་གཟུངས་ཀྱི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། གཟུངས་ཀྱི་བྱང་ཆུབ་སེམས་དཔའ་བྱང་ཆུབ་
Vol. 126 · folio 127b
ཀྱི་ཕྱོགས་ཐམས་ཅད་ཀྱང་ཐོབ་ལ། གཟུངས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསུངས་པའི་དོན་དང་ཚིག་རྣམས་ཀྱང་མ་ལུས་པར་འཛིན་པར་བྱེད་ཅིང་། སྔོན་མ་ཐོས་པའི་ཆོས་དང་དོན་རྣམས་ཀྱང་སེམས་ལ་སྣང་བར་འགྱུར་ཏེ། དེ་བས་ན་ཐབས་དང་ལྡན་ན་ཆོས་དང་
གཟུངས་དང་དོན་འཛིན་པའི་གཟུངས་ཐོབ་པའི་ཕྱིར། ཐབས་ཀྱི་འོག་ཏུ་གཟུངས་བཤད་པར་འབྲེལ་ཏོ། །ཡང་ན་ཐབས་མཁས་པ་དང་གཟུངས་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་ནང་དུ་གཏོགས་པས། དེའི་དོན་མི་བཤད་དུ་མི་རུང་བའི་ཕྱིར་བཤད་དོ། །ཡང་ན་གཙུག་ལག་འདི་ནི་མདོ་
སྡེའི་དོན་འཆད་པ་ཡིན་ཏེ། ཐེག་པ་ཆེན་པོའི་མདོ་སྡེ་ལས། ཐབས་དང་། གཟུངས་དང་། སྨོན་ལམ་དག་འབྱུང་སྟེ་དེའི་དོན་བཤད་དགོས་པས་གཟུངས་ཀྱི་དོན་བཤད་དོ། །རྣམ་སྨིན་ཐོས་པ་གོམས་པ་དང་། ཏིང་ངེ་འཛིན་གཟུངས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། གཟུངས་ཀྱི་རབ་ཏུ་དབྱེ་བ་དང་ལས་བསྟན་
ཏེ། འདིར་གཟུངས་ཀྱི་རང་བཞིན་མ་བཤད་མོད་ཀྱི། གཟུངས་ཀྱི་རང་བཞིན་ནི་དྲན་པ་དང་ཤེས་རབ་ཀྱི་རང་བཞིན་ཏེ། དྲན་པ་དང་ཤེས་རབ་ཁྱད་པར་ཅན་ལ་གཟུངས་ཞེས་བྱའོ། །དེ་ལ་གཟུངས་རྣམ་པ་གསུམ་སྟེ། རྣམ་པར་སྨིན་པ་ལས་བྱུང་བའི་གཟུངས་དང་། ཐོས་པ་གོམས་པ་ལས་བྱུང་བའི་
གཟུངས་དང་། ཏིང་ངེ་འཛིན་གྱི་གཟུངས་སོ། །དེ་ལ་ཚེ་རབས་གཞན་དུ་དམ་པའི་ཆོས་དྲིས་པ་དང་། མཆོད་པ་དང་། བཅངས་པ་དང་། ཀླགས་པ་ལ་སོགས་པ་གཟུངས་ཐོབ་པར་འགྱུར་བའི་ལས་དགེ་བ་བསགས་པས་གང་དུ་སྐྱེས་པར་འདི་ལྟ་བུའི་ཕུང་པོ་མངོན་པར་འགྲུབ་པར་འགྱུར་ཏེ། ཕུང་
པོ་གང་གྲུབ་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་བཤད་པའི་དོན་དང་ཚིག་རྣམས་ལན་ཅིག་བཤད་པས་ཀུན་འཛིན་པར་ནུས་ཏེ། འདི་ནི་རྣམ་པར་སྨིན་པ་ལས་བྱུང་བའི་གཟུངས་ཞེས་བྱའོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་གཟུངས་མི་
ཟད་པ་གང་ཞེ་ན། གཟུངས་ཞེས་བྱ་བ་ནི་གང་དགེ་བའི་རྩ་བའི་ཚོགས་བསགས་པ་དྲན་པས་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འཛིན་པ་དང་། ཀུན་འཛིན་པ་དང་། མི་བརྗེད་པ་དང་། དྲན་པས་ཀུན་འཛིན་པ་འདི་ནི་གཟུངས་ཞེས་བྱའོ་ཞེས་གསུངས་སོ། །ཚེ་འདིར་དགེ་བའི་
Vol. 126 · folio 128a
བཤེས་གཉེན་མང་པོ་ལ་ཆོས་མང་པོ་ལན་མང་དུ་མཉན་པ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པས་བཤད་པ་དང་། མཁན་པོ་དང་། སློབ་དཔོན་ལ་སོགས་པས་བཤད་པའི་ཆོས་ཀྱི་དོན་ཚིག་མ་ལུས་པར་འཛིན་ནུས་པར་འགྱུར་ཏེ། འདི་ནི་ཐོས་པ་ལ་གོམས་པ་ལས་
བྱུང་བའི་གཟུངས་ཞེས་བྱའོ། །གཟུངས་དེའི་དབང་དུ་བྱས་ནས། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། ཡང་གཟུངས་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཐམས་ཅད་འཛིན་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་།
ཉན་ཐོས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱིས་སྨྲས་པ་དང་། ལེགས་པར་སྨྲས་པ་ཐམས་ཅད་མ་ལུས་པར་འཛིན་པ་སྟེ། འདི་ནི་གཟུངས་ཞེས་བྱའོ་ཞེས་གསུངས་སོ། །གང་གིས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་དང་གང་
ཡང་རུང་བ་ཅིག་བསྒོམས་ཏེ་མངོན་དུ་བྱས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཤད་པའི་དོན་དང་ཚིག་རྣམས་ལ་ལན་ཅིག་གིས་འཛིན་པར་ནུས་པ་ནི་ཏིང་ངེ་འཛིན་གྱི་གཟུངས་ཞེས་བྱའོ། །ཆུང་བ་དང་ནི་ཆེན་པོ་དང་། །ཞེས་བྱ་བ་ལ། གོང་དུ་བཤད་པའི་གཟུངས་
གསུམ་ལས། རྣམ་པར་སྨིན་པ་ལས་བྱུང་བ་དང་། ཐོས་པ་གོམས་པ་ལས་བྱུང་བའི་གཟུངས་ནི་ཆུང་ངུ་ཞེས་བྱའོ། །ཏིང་ངེ་འཛིན་གྱི་གཟུངས་ནི་ཆེན་པོ་ཞེས་བྱའོ། །ཆེན་པོ་ལ་ཡང་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ། ཏིང་ངེ་འཛིན་གྱི་གཟུངས་ཆེན་པོར་བཤད་པ་ལ་ཆེན་པོ་དེ་ལ་ཡང་རྣམ་པ་གསུམ་དུ་
གཞག་སྟེ། ཆུང་ངུ་དང་། འབྲིང་དང་། ཆེན་པོའོ། །མ་ཞུགས་ཞུགས་པ་བརྟན་རྣམས་ཀྱི། །ཆུང་ངུ་དང་ནི་འབྲིང་པོ་དང་། །ས་དག་པ་ཡི་ས་ཡིན་ཏེ། །ཞེས་བྱ་བ་ལ། ས་དང་པོ་ལ་མ་ཞུགས་པ་མོས་པས་སྤྱོད་པ་རྣམས་ཏིང་ངེ་འཛིན་འགའ་ཞིག་བསྒོམས་པ་ལས་གཟུངས་ཐོབ་པ་ནི་ཆུང་
ངུ་ཞེས་བྱ་སྟེ། ཆུང་ངུ་ནི་ཆོས་དབྱིངས་མངོན་དུ་མ་བྱས་པའི་ཕྱིར་རོ། །ས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་བསྟན་པ་རྣམས་ཀྱི་གཟུངས་ལ་ཡང་ས་དང་པོ་ཡན་ཆད་ས་བདུན་པ་མན་ཆད་མ་དག་པའི་ཏིང་ངེ་འཛིན་ལས་གྲུབ་པའི་གཟུངས་ནི་འབྲིང་པོ་ཞེས་བྱ་སྟེ། ས་དེ་དག་ན་བརྩལ་བ་དང་འབད་པ་ཡོད་
Vol. 126 · folio 128b
པའི་ཕྱིར་རོ། །དག་པའི་ས་ནི་ཆེན་པོའོ་ཞེས་བྱ་བ་ལ་ས་བརྒྱད་པ་དང་། ས་དགུ་པ་དང་། ས་བཅུ་པ་དག་པའི་ས་ལ་གནས་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་གཟུངས་ནི་བརྩལ་འབད་མེད་པར་ལྷུན་གྱིས་གྲུབ་པར་འཇུག་པའི་ཕྱིར་ཏེ། དེས་ནི་གཟུངས་ཀྱི་རབ་ཏུ་དབྱེ་བ་བསྟན་ཏོ། །གཟུངས་རྣམས་ལ་ནི་རབ་གནས་
ཏེ། །ཡང་དང་ཡང་ནི་བྱང་ཆུབ་དག །དམ་པའི་ཆོས་ཀྱང་སྟོན་བྱེད་ཅིང་། །རྟག་པར་རབ་ཏུ་འཛིན་པར་བྱེད། །ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དག་གོང་དུ་བཤད་པའི་རྣམ་པར་སྨིན་པ་ལས་བྱུང་བའི་གཟུངས་དང་། ཐོས་པ་གོམས་པ་ལས་བྱུང་བའི་གཟུངས་དང་། ཏིང་ངེ་འཛིན་གྱི་གཟུངས་གསུམ་ལ་
གནས་ཤིང་བརྟེན་ནས་རྒྱུན་དུ་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་དམ་པའི་ཆོས་ཀྱི་ཚིག་དང་དོན་ཀྱང་སྟོན་ཅིང་བདག་ལ་ཕན་པར་བྱ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔས་གསུངས་པའི་དོན་དང་ཚིག་ཀྱང་འཛིན་པར་བྱེད་དེ། དེ་ནི་གཟུངས་ཀྱི་ལས་སོ། །ཡང་དང་ཡང་ཞེས་བྱ་བ་ནི་རྟག་པ་དང་
རྒྱུན་མ་ཆད་པར་ཞེས་བྱ་བའི་དོན་ཏོ། །ཐོས་པ་གོམས་པས་ནི་ཚེ་འདི་ལ་མང་དུ་ཐོས་པ་འཛིན་པ་དང་ཞེས་བྱ་བ་ལ་སོགས་པ་ལ། ཚེ་འདིར་དགེ་བའི་བཤེས་གཉེན་མང་པོ་ལ་ལན་མང་དུ་མཉན་པ་ལས་སངས་རྒྱས་ལ་སོགས་པས་བཤད་པའི་དོན་དང་ཚིག་འཛིན་ཅིང་མི་བརྗེད་པར་བཟུང་བའི་མཐུ་ཡོད་དེ། དེ་ནི་ཐོས་
པ་གོམས་པ་ལས་བྱུང་བའི་གཟུངས་ཞེས་བྱའོ། །སྨོན་ལམ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་གསུམ་སྟེ་ཞེས་བྱ་བ་ལ། གཟུངས་ཀྱི་འོག་ཏུ་སྨོན་ལམ་གྱི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། དེ་ལྟར་གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་བདག་དང་གཞན་གྱི་དོན་དུ་
སྨོན་ལམ་འདེབས་ཏེ། སྨོན་ལམ་བཏབ་པ་ཡང་སྨོན་ལམ་གང་དང་གང་བཏབ་པ་དེ་དང་དེ་དག་ཐམས་ཅད་དེ་བཞིན་དུ་འགྲུབ་པར་འགྱུར་ཏེ། དེ་བས་ན་གཟུངས་ཀྱི་འོག་ཏུ་སྨོན་ལམ་གྱི་སྐབས་བཤད་པར་འབྲེལ་ཏོ། །འདོད་དང་ལྡན་པའི་སེམས་པ་ནི། །ཞེས་བྱ་བ་ལ་སོགས་པས་སྨོན་ལམ་གྱི་རང་བཞིན་
དང་། རྒྱུ་དང་། ས་དང་། དབྱེ་བ་དང་། ལས་བསྟན་ཏོ། །དེ་ལ་འདོད་པ་ནི་འདོད་པར་བྱ་བའི་དངོས་པོ་ལ་འདོད་པ་སྐྱེ་བ་སྟེ། འདིར་ཡང་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཇི་ལྟར་ཐོབ་པར་བྱ་སྙམ་དུ་སེམས་ཤིང་འདོད་པ་ནི་འདོད་པ་ཞེས་བྱའོ། །སེམས་པ་ནི་སེམས་གཡོ་ཞིང་འགུལ་བར་བྱེད་པའི་མཚན་ཉིད་དེ་སེམས་བསྐྱེད་
Vol. 126 · folio 129a
ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཇི་ལྟ་བར་ཐོབ་པར་བྱ་སྙམ་དུ་སེམས་ཤིང་ཚིག་ཏུ་འབྱིན་པ་ནི་སྨོན་ལམ་གྱི་རང་བཞིན་ནོ། །ཡེ་ཤེས་ཀྱིས་ནི་དེ་བསྐུལ་ཏེ། །ཞེས་བྱ་བ་ལ། ཡེ་ཤེས་ནི་འདིའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱ་སྟེ། བྱང་ཆུབ་སེམས་དཔའ་
རྣམས་ཀྱི་སྨོན་ལམ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུ་ལས་བྱུང་བས་ན་ཡེ་ཤེས་ཀྱིས་བསྐུལ་བ་ཞེས་བྱའོ། །ཡང་ན་ཡེ་ཤེས་དེ་ཐོབ་པར་བྱ་བར་བསྔོས་པ་ནི་ཡེ་ཤེས་ཀྱིས་བསྐུལ་བ་ཞེས་བྱ་སྟེ། འདིས་ནི་རྒྱུ་བསྟན་ཏོ། །བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །ས་རྣམས་ཀུན་ལ་མཉམ་
པ་མེད། །ཅེས་བྱ་བ་ལ། བརྟན་པ་བྱང་ཆུབ་སེམས་དཔའ་རྣམས་ས་བཅུ་ཐམས་ཅད་དུ་སྨོན་ལམ་འདེབས་པ་དེ་ནི་འཇིག་རྟེན་པ་དག་ལྷ་དང་མིའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་འདེབས་པ་དང་། ཉན་ཐོས་དང་རང་སངས་རྒྱས་དག་གི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་
འདེབས་པ་ཡོད་མོད་ཀྱི། སྨོན་ལམ་དེ་དག་ཀུན་པས་ཀྱང་ཁྱད་ཞུགས་པས་ན་མཉམ་པ་མེད་པ་ཞེས་བྱ་སྟེ། འདིས་ནི་ས་བསྟན་ཏོ། །རྒྱུར་གྱུར་པ་ཡང་ཤེས་པར་བྱ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་ནི་དོན་ཐམས་ཅད་འགྲུབ་པའི་རྒྱུར་འགྱུར་བར་
ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དོན་ཐམས་ཅད་འགྲུབ་པར་བྱ་བ་ནི་རྣམ་པ་གཉིས་ཏེ། ཚེ་འདིར་བདག་དང་གཞན་གྱི་དོན་འགྲུབ་པར་བྱ་བ་དང་། ཚེ་རབས་གཞན་དུ་བདག་དང་གཞན་གྱི་དོན་འགྲུབ་པར་བྱ་བའོ། །སེམས་ལས་འཕྲལ་དུ་འབྲས་བུའང་དེ། །ཞེས་བྱ་
བ་ལ། དེ་ཞེས་བྱ་བའི་སྒྲ་ནི་སྨོན་ལམ་དང་སྦྱར་ཏེ། བྱང་ཆུབ་སེམས་དཔའི་སྨོན་ལམ་དེ་ཞེས་བྱ་བའི་དོན་ཏོ། །སེམས་ལས་ཞེས་བྱ་བ་ནི་སེམས་ཙམ་ལས་ཤེའམ། །སྨོན་ལམ་བཏབ་པ་ཙམ་གྱིས་ཞེས་བྱ་བའི་དོན་ཏོ། །འཕྲལ་དུ་ཞེས་བྱ་བ་ནི་ཚེ་འདི་ལ་བྱ་བའི་དོན་ཏོ། །དོན་དུ་ན་ལུས་
དང་ངག་གི་སྒོ་ནས་ལས་སུ་བྱས་པ་མེད་པར་ཚེ་འདིར་ཡང་སྨོན་ལམ་བཏབ་པ་ཙམ་གྱིས་བདག་དང་གཞན་གྱི་དོན་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མ་འོངས་དོན་རྣམས་འགྲུབ་པའི་ཕྱིར། །སེམས་ཙམ་ལས་ནི་འགྲུབ་པར་འགྱུར། །ཞེས་བྱ་བ་ལ། མ་འོངས་པ་ནི་ཚེ་ཕྱི་མ་ལ་
Vol. 126 · folio 129b
བྱ་སྟེ། ལུས་དང་ངག་གི་སྒོ་ནས་གཡོས་པ་མེད་ལ། སེམས་ཙམ་གྱིས་བསམས་པའམ། སྨོན་ལམ་བཏབ་པ་ཙམ་གྱིས་ཚེ་ཕྱི་མར་ཡང་བདག་དང་གཞན་གྱི་དོན་ཀུན་སྒྲུབ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་ཞེས་བྱ་བ་ལ་མོས་པས་སྤྱོད་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་
རྣམས་ཀྱི་སྨོན་ལམ་ནི་སྣ་ཚོགས་ཞེས་བྱ་སྟེ། དེའི་དུས་ན་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་མཚན་ཉིད་མི་རྟོགས་པས། འདི་དང་འདི་ལྟ་བུར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་ཡང་ཐ་དད་པ་ནི་མི་མཐུན་པར་འདེབས་པས་སྣ་ཚོགས་ཞེས་བྱའོ། །ཆེན་པོ་ཞེས་བྱ་བ་ལ། ས་དང་
པོར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་ནི་ཆེན་པོ་ཞེས་བྱ་སྟེ། སྨོན་ལམ་ཆེན་པོ་བཅུ་མངོན་པར་སྒྲུབ་པའི་ཕྱིར་རོ། །རྣམ་དག་གོང་མ་གོང་མའི་ས་རྣམས་ལ། །བྱང་ཆུབ་བར་དུ་སེམས་པ་རྣམས། །ཞེས་བྱ་བ་ལ། ས་གཉིས་ནས་བརྩམས་ཏེ། སངས་རྒྱས་
ཀྱི་ས་ལ་མ་ཐུག་གི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་ནི་རྣམ་པར་དག་པ་ཞེས་བྱ་སྟེ། ཇི་ལྟ་ཞེ་ན་ས་འོག་མ་འོག་མ་ལ་ལྟོས་ནས། ས་གོང་མ་གོང་མ་རྣམས་ཀྱི་སྨོན་ལམ་འཕགས་ཤིང་ཁྱད་ཞུགས་པའི་ཕྱིར་ཏེ། འདིས་ནི་སྨོན་ལམ་གྱི་རབ་ཏུ་དབྱེ་བ་བསྟན་ཏོ། །
བདག་དང་གཞན་དོན་རབ་ཏུ་སྒྲུབ། །ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱིས་ནི་བདག་གི་དོན་ཡང་སྒྲུབ་པར་བྱེད། གཞན་གྱི་དོན་ཡང་སྒྲུབ་པར་བྱེད་དེ། དེ་ནི་ལས་སོ། །སྨོན་ལམ་གྱི་མཐུས་བསོད་ནམས་ཀྱི་སྟོབས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ལ། བསོད་
ནམས་ཀྱི་ཚོགས་བསགས་པའི་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་སྟོབས་དང་ལྡན་པས་སྨོན་ལམ་བཏབ་པའི་མཐུས་བྱང་ཆུབ་སེམས་དཔའ་རྣམས་ལུས་དཔག་ཏུ་མེད་པ་དང་། འོད་ཟེར་དཔག་ཏུ་མེད་པ་དང་། རྫུ་འཕྲུལ་དཔག་ཏུ་མེད་པས་བདག་དང་གཞན་གྱི་དོན་སྒྲུབ་པ་ནི་ཚིག་
གིས་བརྗོད་པར་སླ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་མདོ་ལས་གསུངས་པས་ན། སྨོན་ལམ་གྱིས་བདག་དང་གཞན་གྱི་དོན་སྒྲུབ་པར་མངོན་ནོ། །ཏིང་ངེ་འཛིན་གསུམ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་གསུམ་སྟེ་ཞེས་བྱ་བ་ལ། སྨོན་ལམ་གྱི་འོག་ཏུ་ཏིང་ངེ་འཛིན་གསུམ་
Vol. 126 · folio 130a
བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། དེ་ལྟར་གཟུངས་དང་སྨོན་ལམ་དུ་ལྡན་པའི་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་སྤང་བར་བྱ་བའི་ཕྱིར་ཏིང་ངེ་འཛིན་གསུམ་ལ་སྒོམ་པར་བྱེད་དེ། དེ་གསུམ་ལ་བསྒོམས་ན་བདག་དང་གཞན་གྱི་དོན་ཕྱིན་ཅི་མ་ལོག་པ་
རྣམས་སྤོང་བར་འགྱུར་བས་ན། སྨོན་ལམ་གྱི་འོག་ཏུ་ཏིང་ངེ་འཛིན་གསུམ་རྣམ་པར་དབྱེ་བའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་སྨོན་ལམ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ལུས་ཀྱི་ལས་སམ། ངག་གི་ལས་སམ། ཡིད་ཀྱི་ལས་གང་སྒྲུབ་པར་བསམས་པ་དེ་
དང་དེ་དག་ཐམས་ཅད་དེ་བཞིན་དུ་སྒྲུབ་སྟེ། ལས་གསུམ་ལ་ཡང་སེམས་ཀྱི་ལས་ཏིང་ངེ་འཛིན་བསྒྲུབ་པ་གཙོ་བོ་ཡིན་པས་ན། སྨོན་ལམ་གྱི་འོག་ཏུ་ཏིང་ངེ་འཛིན་གྱི་སྐབས་བཤད་པར་འབྲེལ་ཏོ། །བདག་མེད་གཉིས་པོ་དག་དང་ནི། །བདག་འཛིན་གནས་སུ་ཤེས་པར་བྱ། །དེ་དག་
རྟག་ཏུ་ཉེ་བར་ཞི། །ཏིང་འཛིན་གསུམ་གྱི་སྤྱོད་ཡུལ་ལོ། །ཞེས་བྱ་བ་ལ། སྤྱོད་ཡུལ་ནི་དམིགས་པའི་ཡུལ་ལ་བྱ་སྟེ། དེ་ལ་ཀུན་དུ་བརྟགས་པའི་གང་ཟག་ལ་བདག་མེད་པ་དང་། ཀུན་དུ་བརྟགས་པའི་ཆོས་ལ་བདག་མེད་པ་གཉིས་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཏེ།
སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ནི་ཀུན་བརྟགས་ཀྱི་གང་ཟག་དང་ཆོས་ལ་བདག་མེད་པའི་སྟོང་པ་ཉིད་ལ་དམིགས་པའི་ཕྱིར་རོ། །གང་ཟག་ལ་བདག་མེད་པ་དང་ཆོས་ལ་བདག་མེད་པའི་གནས་དང་རྟེན་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དམིགས་ནས་
གང་ཟག་དང་ཆོས་ཡོད་པར་རྟོགས་པའི་ཕྱིར་རོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་དམིགས་ཏེ། དེ་ཇི་ལྟར་དམིགས་ཤེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ནི་བདག་དང་ཆོས་སུ་འཁྲུལ་པ་མེད་པར་འབྱུང་བའི་གནས་དང་རྟེན་ཡིན་ཞིང་
སྐྱེ་བ་དང་རྒ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་དང་ལྡན་པ་ཡིན་པས་སྨོན་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བར་དམིགས་སོ། །ཀུན་བརྟགས་ཀྱི་གང་ཟག་དང་། ཀུན་བརྟགས་ཀྱི་ཆོས་ཉེ་བར་ཞི་ཞིང་སྤངས་པ་དང་། དེ་གཉིས་ཀྱི་གཞི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཉེ་བར་ཞི་ཞིང་
Vol. 126 · folio 130b
སྤངས་པའི་འགོག་པའི་བདེན་པ་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་དམིགས་ཏེ། ཇི་ལྟར་དམིགས་ཤེ་ན། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་མིག་དང་གཟུགས་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ཡིན་ནོ་ཞེས་དམིགས་
སོ། །ཏིང་ངེ་འཛིན་རྣམ་པ་གསུམ་པོ་ནི། གཟུང་འཛིན་དངོས་པོར་ཤེས་པར་བྱ། །ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་ན་སྟོང་པ་ཉིད་དང་། སྨོན་པ་མེད་པ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་གསུམ་ནི་གཟུང་བ་དང་འཛིན་པའི་ངོ་བོ་ལྟ་བུར་གྱུར་པར་ཤེས་པར་བྱ་སྟེ།
བདག་མེད་པ་རྣམ་པ་གཉིས་དང་། དེའི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་དང་། དེ་དག་ཉེ་བར་ཞི་བ་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་གཟུང་བའི་དངོས་པོ་ལྟ་བུའོ། །སྟོང་པ་ཉིད་དང་སྨོན་པ་མེད་པ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་གསུམ་ནི་འཛིན་པའི་དངོས་པོ་ལྟ་
བུར་ཤེས་པར་བྱའོ། །གཟུང་བའི་སྤྱོད་ཡུལ་གསུམ་ལ་འཛིན་པ་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཡུལ་དུ་གྱུར་པ་བདག་མེད་པ་གཉིས་དང་། དེའི་གནས་སུ་གྱུར་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་དང་། དེ་དག་ཉེ་བར་ཞི་བའི་མཚན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་དམིགས་
པ་ནི་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གསུམ་སྟེ། དེ་བས་ན་བདག་མེད་པ་རྣམ་པ་གཉིས་ལ་སོགས་པ་ནི་གཟུང་བར་གཞག །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གསུམ་ནི་འཛིན་པར་གཞག་སྟེ། བདག་མེད་པ་གཉིས་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལོ། །འཛིན་པ་
གཉིས་ཀྱི་གནས་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལོ། །དེ་དག་ཉེ་བར་ཞི་བ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཏེ། ཚིག་དེ་དག་གིས་ཏིང་ངེ་འཛིན་གསུམ་གྱི་སྤྱོད་ཡུལ་གང་ཡིན་པ་བསྟན་ཏོ། །རྣམ་མི་རྟོག་དང་རྒྱབ་ཀྱིས་ཕྱོགས། །དགའ་བ་དང་ནི་
རྟག་ཏུ་ལྡན། །ཞེས་བྱ་བ་ལ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གསུམ་ནི་རྣམ་པར་མི་རྟོག་པའི་མཚན་ཉིད་དེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེས་ཀུན་བརྟགས་ཀྱི་ཆོས་དང་། ཀུན་བརྟགས་ཀྱི་གང་ཟག་ལ་ཡོད་པར་མི་རྟོག་པའི་ཕྱིར་རོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་ནི་རྒྱབ་ཀྱིས་ཕྱོགས་
Vol. 126 · folio 131a
པའི་མཚན་ཉིད་དེ། ཀུན་བརྟགས་ཀྱི་གང་ཟག་དང་ཆོས་རྣམས་བྱུང་བའི་རྒྱུར་གྱུར་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་སྣ་ཚོགས་ཀྱི་རྟེན་དུ་གྱུར་པར་ཁོང་དུ་ཆུད་པས་ཆགས་པ་མི་སྐྱེ་བའི་ཕྱིར་རོ། །མཚན་མ་མེད་པའི་ཏིང་ངེ་འཛིན་ནི་རྟག་ཏུ་དགའ་བ་དང་ལྡན་
པའི་མཚན་ཉིད་དེ། ཀུན་བརྟགས་ཀྱི་གང་ཟག་དང་། ཆོས་སུ་འཁྲུལ་པ་སྤངས་པ་དང་། དེ་དག་གི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་སྤངས་པའི་མྱ་ངན་ལས་འདས་པ་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་རྟག་ཏུ་སེམས་དགའ་བ་སྐྱེ་བའི་ཕྱིར་ཏེ། ཚིག་དེ་དག་གིས་ཏིང་ངེ་འཛིན་
གྱི་མཚན་ཉིད་བསྟན་ཏོ། །ཏིང་ངེ་འཛིན་གསུམ་དུ་ཅིའི་ཕྱིར་བཤད་ཅེ་ན། དེའི་ཕྱིར། ཡོངས་སུ་ཤེས་དང་སྤང་བ་དང་། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །རྣམ་པ་གསུམ་དུ་རབ་ཏུ་བཤད། །ཅེས་སྨོས་ཏེ། སྟོང་པ་ཉིད་དང་། སྨོན་པ་མེད་པ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་
གསུམ་ནི་ཡོངས་སུ་ཤེས་པར་བྱ་བ་དང་། སྤང་བར་བྱ་བ་དང་། མངོན་སུམ་དུ་བྱ་བའི་ཕྱིར་ཏིང་ངེ་འཛིན་གསུམ་བཤད་དོ། །དེ་ལ་ཀུན་བརྟགས་ཀྱི་ཆོས་དང་གང་ཟག་ལ་བདག་མེད་པའི་སྟོང་པ་ཤེས་པར་བྱ་བའི་ཕྱིར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བཤད་དེ། སྟོང་པ་ཉིད་ཀྱི་ཏིང་
ངེ་འཛིན་གྱིས་ནི་ཀུན་བརྟགས་ཀྱི་ཆོས་དང་གང་ཟག་གི་སྟོང་པ་ཁོང་དུ་ཆུད་པའི་ཕྱིར་རོ། །དེའི་གནས་སུ་གྱུར་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་སྤང་བར་བྱ་བའི་ཕྱིར་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་བཤད་དོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་གྱི་
རང་བཞིན་ཅན་ཡིན་པར་ཤེས་ནས་སྤོང་བར་བྱེད་པའི་ཕྱིར་རོ། །ཀུན་བརྟགས་ཀྱི་གང་ཟག་དང་། ཆོས་སུ་བརྟགས་པ་དང་ཡང་བྲལ། དེའི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་སྤངས་པའི་ཡོངས་སུ་གྲུབ་པའི་མཚན་ཉིད་མངོན་སུམ་དུ་བྱ་བའི་ཕྱིར་མཚན་མ་མེད་པའི་ཏིང་ངེ་འཛིན་བཤད་
དོ། །མྱ་ངན་ལས་འདས་པ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །མདོ་སྡེ་རྒྱན་བམ་པོ་དྲུག་པའི་བཤད་པ་རྫོགས་སོ།། །།ཆོས་ཀྱི་མདོ་རྣམ་པར་དབྱེ་བ་ལ་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། ཏིང་ངེ་འཛིན་གསུམ་གྱི་འོག་ཏུ་ཆོས་
Vol. 126 · folio 131b
ཀྱི་མདོ་བཞིས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། གོང་དུ་ཏིང་ངེ་འཛིན་གྱི་ཡུལ་དང་། མཚན་ཉིད་ལ་སོགས་པ་བཤད་ན། ཆོས་གང་ལ་བསྒོམས་པའི་ཏིང་ངེ་འཛིན་གསུམ་འགྲུབ་པར་འགྱུར་བའི་རྒྱུ་མ་བསྟན་ཏེ། དེ་བས་ན་ཆོས་ཀྱི་མདོ་བཞི་ལ་བསྒོམས་ན་ཏིང་ངེ་འཛིན་གསུམ་
གྱི་རྒྱུ་ཆོས་ཀྱི་མདོ་བཞི་ཡིན་པར་བསྟན་པའི་ཕྱིར། ཏིང་ངེ་འཛིན་གྱི་འོག་ཏུ་ཆོས་ཀྱི་མདོ་བཞི་བཤད་པར་འབྲེལ་ཏོ། །ཏིང་ངེ་འཛིན་གྱི་རྒྱུ་ཡི་ཕྱིར། །ཆོས་ཀྱི་མདོ་ནི་རྣམ་པ་བཞི། །བྱང་ཆུབ་སེམས་དཔའ་བཤད་པ་ནི། །སེམས་ཅན་རྣམས་ལ་ཕན་འདོགས་ཕྱིར། །ཞེས་བྱ་བ་ལ།
སྟོང་པ་ཉིད་དང་། སྨོན་པ་མེད་པ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་གསུམ་དུ་མངོན་དུ་བྱ་བའི་རྒྱུར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པ་དང་། འདུས་བྱས་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། ཞི་བ་དང་
མྱ་ངན་ལས་འདས་པ་ཞེས་བྱ་བར་ཆོས་ཀྱི་མདོ་བཞི་བཤད་དེ། སུ་ལ་བཤད་ཅེ་ན། སེམས་ཅན་རྣམས་ལ་བཤད་དོ། །ཅིའི་ཕྱིར་བཤད་ཅེ་ན། སེམས་ཅན་རྣམས་ཕན་པ་དང་བདེ་བར་བྱ་བའི་ཕྱིར་བཤད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་འདུས་བྱས་ཐམས་ཅད་མི་རྟག་པའོ། །འདུས་བྱས་
ཐམས་ཅད་ནི་སྡུག་བསྔལ་ལོ་ཞེས་བྱ་བ་ལ་སོགས་པ་ལ། འདུས་བྱས་ཐམས་ཅད་མི་རྟག་པའོ་ཞེས་བྱ་བའི་ཆོས་ཀྱི་མདོ་དང་། འདུས་བྱས་ཐམས་ཅད་སྡུག་བསྔལ་བའོ་ཞེས་བྱ་བའི་ཆོས་ཀྱི་མདོ་གཉིས་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་མངོན་སུམ་དུ་བྱ་བའི་རྒྱུའི་དངོས་པོར་བཤད་དེ།
འདུས་བྱས་ཐམས་ཅད་མི་རྟག་པ་དང་། འདུས་བྱས་ཐམས་ཅད་སྡུག་བསྔལ་བ་ཡིན་ནོ་ཞེས་རྣམ་པ་གཉིས་ལྟར་བསྒོམས་ན་སོག་ལེའི་སོ་དང་འདྲ་བའི་འདུས་བྱས་རྣམས་ལ་ཆགས་ཤིང་སྨོན་ལམ་མི་འདེབས་པས་སྨོན་པ་མེད་པའི་ཏིང་ངེ་འཛིན་འགྲུབ་སྟེ། དེ་བས་ན་ཆོས་ཀྱི་
མདོ་གཉིས་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུའི་དངོས་པོར་བཤད་དོ། །ཆོས་ཐམས་ཅད་བདག་མེད་ཅེས་བྱ་བ་ལ་ནི་སྟོང་པ་ཉིད་ཀྱིའོ་ཞེས་བྱ་བ་ལ། ཆོས་ཐམས་ཅད་བདག་མེད་ཅེས་བྱ་བའི་ཆོས་ཀྱི་མདོ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་རྒྱུའི་དངོས་པོར་བཤད་དེ། ཀུན་བརྟགས་
Vol. 126 · folio 132a
ཀྱི་གང་ཟག་ལ་བདག་མེད་པ་དང་། ཀུན་བརྟགས་ཀྱི་ཆོས་ལ་བདག་མེད་པར་བསྒོམས་ན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་འགྲུབ་སྟེ། དེ་བས་ན་ཆོས་ཀྱི་མདོ་གསུམ་པ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་རྒྱུའི་དངོས་པོར་བཤད་དོ། །ཞི་བ་ནི་མྱ་ངན་ལས་འདས་པའོ་
ཞེས་བྱ་བ་ལ་སོགས་པ་ལ། ཞི་བ་ནི་མྱ་ངན་ལས་འདས་པའོ་ཞེས་བྱ་བའི་ཆོས་ཀྱི་མདོ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུའི་དངོས་པོར་བཤད་དེ། མྱ་ངན་ལས་འདས་པ་ནི་དབང་པོ་དང་ཡུལ་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བ་རྣམ་པར་རྟོག་པ་དང་། དཔྱོད་པ་
ཐམས་ཅད་ལས་འདས་པའི་རྣམ་པར་བསྒོམས་ན་མཚན་མ་མེད་པའི་ཏིང་ངེ་འཛིན་འགྲུབ་སྟེ། དེ་བས་ན་ཆོས་ཀྱི་མདོ་བཞི་པ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་རྒྱུའི་དངོས་པོར་བཤད་དོ། །ཇི་ལྟར་ན་མི་རྟག་པའི་དོན་ཞེས་བྱ་བ་ལ་སོགས་པ་ལ། མི་རྟག་པ་ལ་སོགས་པའི་
ཆོས་ཀྱི་མདོ་བཞི་བཤད་པ་ལ། མི་རྟག་པའི་དོན་ནི་ཇི་ལྟ་བུ་སྡུག་བསྔལ་བའི་དོན་ནི་ཇི་ལྟ་བུ། བདག་མེད་པའི་དོན་ནི་ཇི་ལྟ་བུ། ཞི་བའི་དོན་ནི་ཇི་ལྟ་བུ་ཞེ་ན་ཞེས་བྱ་བའི་དོན་ཏོ། །མེད་པའི་དོན་དང་ཞེས་བྱ་བ་ལ། མི་རྟག་ཅེས་བྱ་བའི་སྒྲ། རྒྱ་གར་སྐད་དུ། ཨ་ནི་ཏ་ཏ་ཞེས་བྱ་བ་འབྱུང་
སྟེ། ཨ་ནི་མེད་པའི་དོན་ཏོ། །ནི་ཏ་ཏ་ནི་རྟག་པའི་དོན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་དང་། འཇིག་པའི་དོན་ནི་མི་རྟག་པའི་དོན་མ་ཡིན་གྱི། གང་དུ་རྟག་ཏུ་མེད་པའི་དོན་ནི་མི་རྟག་པའི་དོན་ཏོ། །རྟག་ཏུ་མེད་པ་ཡང་གང་ཞེ་ན། འདུས་བྱས་རྣམས་ལ་ཀུན་དུ་བརྟགས་པའི་
གང་ཟག་དང་། ཀུན་བརྟགས་ཀྱི་ཆོས་རྣམས་ནི་རི་བོང་གི་རྭ་བཞིན་དུ་མེད་དེ་ཀུན་བརྟགས་ཀྱི་མཚན་ཉིད་རྟག་ཏུ་མེད་པའི་དོན་ནི་མི་རྟག་པའི་དོན་ཏོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་མི་རྟག་པའི་དོན་གང་ཞེ་ན། མེད་པའི་དོན་དང་མི་རྟག་པའི་དོན་ཏེ།
དངོས་པོ་འཇིག་པའི་དོན་ནི་མ་ཡིན་ནོ། །མི་རྟག་པའི་དོན་ནི་ཆོས་ལ་བདག་མེད་པ་སྟེ། ངོ་བོ་ཉིད་ཀྱིས་དབེན་པའི་ཕྱིར་དེ་ལ་འཇིག་པ་གང་ཡང་མེད། འདི་ནི་མི་རྟག་པའི་དོན་ཏོ་ཞེས་བྱ་བ་གསུངས་སོ། །དེས་ནི་འདུས་བྱས་ཐམས་ཅད་མི་རྟག་པའོ་ཞེས་བྱ་བའི་ཆོས་ཀྱི་མདོའི་དོན་བསྟན་
Vol. 126 · folio 132b
ཏོ། །རྣམ་རྟོག་དོན་ཞེས་བྱ་བ་ལ། གཟུང་བ་དང་འཛིན་པར་ཀུན་དུ་རྟོག་པའི་སེམས་དང་སེམས་ལས་བྱུང་བ་གཞན་གྱི་དབང་གི་མཚན་ཉིད་གང་ཡིན་པའི་དོན་ནི་སྡུག་བསྔལ་བའི་དོན་ཏེ། ཇི་ཙམ་དུ་གཞན་གྱི་དབང་གིས་གཟུང་བ་དང་། འཛིན་པར་ཀུན་དུ་རྟོག་པར་བྱེད་པའི་དེ་ཙམ་
དུ་འཁོར་བ་ན་སྡུག་བསྔལ་བར་འགྱུར་ཏེ། དེ་བས་ན་གཞན་དབང་ཕྱིན་ཅི་ལོག་ཏུ་རྟོག་པའི་དོན་ནི་སྡུག་བསྔལ་བའི་དོན་ཏོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་སྡུག་བསྔལ་གྱི་དོན་གང་ཞེ་ན། དགའ་བ་མེད་པའི་དོན་ནི་སྡུག་བསྔལ་གྱི་དོན་ཏོ། །དགའ་
བ་ཟད་པ་ནི་སྡུག་བསྔལ་བའི་དོན་ཏོ། །སྨོན་པ་མེད་པའི་དོན་ནི་སྡུག་བསྔལ་གྱི་དོན་ཏོ། །སྡུག་བསྔལ་གྱི་སྒྲ་རབ་ཏུ་བསྟན་པ་ནི་སྡུག་བསྔལ་གྱི་དོན་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་ནི་འདུས་བྱས་ཐམས་ཅད་སྡུག་བསྔལ་བའོ་ཞེས་བྱ་བའི་ཆོས་ཀྱི་མདོའི་དོན་བསྟན་ཏོ། །
ཡོངས་སུ་རྟོགས་དོན་དེ་བཞིན་ཏེ། །ཞེས་བྱ་བ་ལ། དེ་བཞིན་ཏེ་ཞེས་བྱ་བ་ནི་ངེས་པར་ཡོད་དེ་ཞེས་བྱ་བའི་དོན་ཏོ། །ཀུན་བརྟགས་པའི་གང་ཟག་དང་ཀུན་བརྟགས་པའི་ཆོས་ལ་ནི་བདག་དང་རང་བཞིན་མེད་ཀྱི། དེ་ལྟར་ཀུན་དུ་རྟོག་པར་བྱེད་པའི་གཞན་དབང་མེད་པ་མ་ཡིན་པའི་དོན་ནི་བདག་
མེད་པའི་དོན་ཏེ། དོན་དུ་ན་ཀུན་བརྟགས་ཀྱི་གང་ཟག་དང་། ཆོས་ལ་རང་བཞིན་མེད་པའི་དོན་ནི་བདག་མེད་པའི་དོན་ཏོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་བདག་མེད་པའི་དོན་གང་ཞེ་ན། བདག་ནི་ཤིན་ཏུ་བདག་མེད་པ་སྟེ། གང་བདག་མེད་
པའི་དོན་དེ་ནི་གསོབ་པོ། །གསོག་གོ །རག་ལུས་པའོ། །སྟོང་པའོ། །སྟོང་པའི་དོན་ནི་བདག་མེད་པའི་དོན་ཏེ། འདི་ནི་བདག་མེད་པའི་དོན་ཞེས་བྱའོ་ཞེས་གསུངས་སོ། །འདིས་ནི་ཆོས་ཐམས་ཅད་བདག་མེད་པ་ཞེས་བྱ་བའི་ཆོས་ཀྱི་མདོའི་དོན་བསྟན་ཏོ། །རྣམ་པར་རྟོག་པ་ཞི་བའི་དོན་
ཞེས་བྱ་བ་ལ། རྣམ་པར་རྟོག་པ་སེམས་དང་སེམས་ལས་བྱུང་བ་གཞན་དབང་གི་མཚན་ཉིད་ཀུན་བརྟགས་ཀྱི་གང་ཟག་དང་། ཀུན་བརྟགས་ཀྱི་ཆོས་སུ་རྟོག་པ་དང་བྲལ་ཏེ། གཟུང་འཛིན་གྱི་དྲི་མ་སྤངས་ནས་ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱི་དོན་གང་ཡིན་པ་ཞི་བ་མྱ་ངན་ལས་
Vol. 126 · folio 133a
འདས་པ་ཞེས་བྱ་བའི་དོན་ཀྱང་དེ་ཡིན་ནོ། །དེ་བས་ན་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། དེ་ལ་ཞི་བའི་དོན་གང་ཞེ་ན། ཞི་བས་ཞི་བར་མི་འགྱུར་ཏེ། ཞི་བ་ཉིད་ཞི་བའོ། །མ་ཞི་བ་ཡང་ཞི་བས་ཞི་བར་མི་འགྱུར་ཏེ། གང་ཞི་བའི་དོན་དེ་ནི་མཚན་མ་
ཐམས་ཅད་ཉེ་བར་ཞི་བ་སྟེ། འདི་ནི་ཞི་བ་ཞེས་བྱའོ་ཞེས་གསུངས་སོ། །འདིས་ནི་ཞི་བ་མྱ་ངན་ལས་འདས་པའོ་ཞེས་འབྱུང་བའི་ཆོས་ཀྱི་མདོའི་དོན་བསྟན་ཏོ། །དེ་དག་བཞི་ནི་བསྟན་པ་ཡི། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་མདོ་བཞིའི་དོན་ནི་གོང་དུ་བཤད་པ་དེ་
ལྟ་བུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མེད་པའི་དོན་ནི་མི་རྟག་པའི་དོན་ཏོ་ཞེས་བྱ་བ་ལ། མི་རྟག་པའི་དོན་ལ་རྣམ་པ་གཉིས་ཏེ། སྐྱེ་བ་དང་འཇིག་པའི་དོན་དང་མེད་པའི་དོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་རྟག་པའི་དོན་ནི་ཉན་ཐོས་
ལ་སོགས་པ་ལྟ་བུ་སྐྱེ་བ་དང་འཇིག་པའི་དོན་ནི་མི་རྟག་པའི་དོན་མ་ཡིན་གྱི། གང་མེད་པའི་དོན་ནི་མི་རྟག་པའི་དོན་དུ་འདོད་དོ། །གང་རྟག་ཏུ་མེད་པ་དེ་ནི་མི་རྟག་པ་སྟེ་ཞེས་བྱ་བ་ལ། དེ་བས་ན་གང་རྟག་ཏུ་མེད་པ་དེ་ལ་མི་རྟག་པ་ཞེས་བྱ་སྟེ། རྟག་ཏུ་མེད་པ་དེའང་གང་ཞེ་ན། ཀུན་དུ་
བརྟགས་པའི་གང་ཟག་དང་། ཀུན་དུ་བརྟགས་པའི་ཆོས་རྣམས་ཏེ། ཀུན་བརྟགས་ཀྱི་མཚན་ཉིད་ཐམས་ཅད་ནི་རི་བོང་གི་རྭ་བཞིན་དུ་རྟག་ཏུ་མེད་དེ། ཀུན་བརྟགས་རྟག་ཏུ་མེད་པ་ཉིད་ལ་མི་རྟག་པའོ་ཞེས་བྱའོ། །ཡང་དག་པ་མ་ཡིན་པ་ལ་རྟོག་པའི་དོན་ནི་སྡུག་བསྔལ་བའི་དོན་
ཏོ་ཞེས་བྱ་བ་ལ། ཀུན་བརྟགས་ཀྱི་གང་ཟག་དང་། ཀུན་བརྟགས་ཀྱི་ཆོས་ལ་ཡོད་པར་རྟོག་པའི་སེམས་དང་སེམས་ལས་བྱུང་བའི་དོན་ལ་སྡུག་བསྔལ་བའི་དོན་ཞེས་བྱ་སྟེ། དོན་དུ་གཞན་གྱི་དབང་གི་མཚན་ཉིད་ལ་སྡུག་བསྔལ་བ་ཞེས་བྱའོ། །དེ་ནི་མདོར་ན་འདི་སྐད་དུ་བསྟན་པ་ཡིན་ཏེ།
ཕྱིན་ཅི་ལོག་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་མེད་པའི་གང་ཟག་དང་ཆོས་ལ་ཡོད་པར་ཕྱིན་ཅི་ལོག་ཏུ་རྟོག་སྟེ། ཇི་ཙམ་དུ་ཕྱིན་ཅི་ལོག་པར་ཡོད་པ་དེ་སྲིད་དུ་སྐྱེ་བ་དང་། རྒ་བ་ལ་སོགས་པའི་སྡུག་བསྔལ་འབྱུང་ཞིང་བསླད་པའི་བདག་ཉིད་ཡིན་པས་སྡུག་བསྔལ་
Vol. 126 · folio 133b
བའོ་ཞེས་བྱའོ། །ཡང་ན་ཟག་པ་དང་བཅས་པའི་ཕྱིན་ཅི་ལོག་དང་ལྡན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་ཞིང་འཇིག་པའི་ཆོས་ཅན་ཏེ། གང་སྐྱེ་ཞིང་འཇིག་པར་འགྱུར་བའི་དོན་དེ་ནི་མི་རྟག་པའི་དོན་ཏོ། །གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་སྟེ། སྡུག་བསྔལ་བར་འགྱུར་
བ་དེ་ཉིད་སྡུག་བསྔལ་བའི་དོན་ཏེ། དེས་འདུས་བྱས་ཐམས་ཅད་མི་རྟག་ཅེས་བྱ་བ་དང་། འདུས་བྱས་ཐམས་ཅད་སྡུག་བསྔལ་བ་ཞེས་བྱ་བའི་ཆོས་ཀྱི་མདོ་གཉིས་ཀྱི་དོན་བསྟན་ཏོ། །ཡོངས་སུ་རྟོག་པ་ཙམ་གྱི་དོན་ནི་བདག་མེད་པའི་དོན་ཏོ་ཞེས་བྱ་བ་ལ། ཡོངས་སུ་རྟོག་པ་གཞན་
དབང་ཙམ་ནི་ཡོད་ཀྱི། ཀུན་བརྟགས་ཀྱི་གང་ཟག་དང་ཆོས་མེད་པའི་དོན་ནི་བདག་མེད་པའི་དོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་དེ་ཉིད་བསྟན་པའི་ཕྱིར་དེ་བཞིན་ཏེ་ཞེས་བྱ་བའི་སྒྲ་ནི་ངེས་པ་སྟེ་ཞེས་བྱ་བ་ལ། ཀ་རི་ཀཱ་ལས། དེ་བཞིན་ཏེ་ཞེས་བྱ་བའི་སྒྲ་འབྱུང་བ་ངེས་པར་ཡོད་པའི་དོན་
དུ་དྲངས་ཏེ། ཡོངས་སུ་བརྟགས་པའི་གང་ཟག་དང་། ཡོངས་སུ་བརྟགས་པའི་ཆོས་ནི་མེད་ཀྱི། དེ་ལ་ཀུན་དུ་རྟོག་པར་བྱེད་པའི་གཞན་དབང་གི་སེམས་ཙམ་ནི་ཡོད་པའི་དོན་ལ། བདག་མེད་པའི་དོན་ཞེས་བྱ་སྟེ། ཀུན་བརྟགས་ཀྱི་ཆོས་དང་། གང་ཟག་ལ་རང་བཞིན་མེད་པ་ཉིད་བདག་
མེད་པའི་དོན་ཏོ། །རྣམ་པར་རྟོག་པ་ཉེ་བར་ཞི་བའི་དོན་ནི་ཞེས་བྱ་བ་ལ་སོགས་པ་ལ། ནམ་གཞན་གྱི་དབང་གི་མཚན་ཉིད་ལ། ཀུན་དུ་བརྟགས་པའི་བདག་ཉིད་ཀུན་དུ་བརྟགས་པའི་ཆོས་དང་བྲལ་ནས་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་འགྱུར་བའི་དོན་ལ་ཞི་བ་མྱ་ངན་ལས་འདས་པ་ཞེས་བྱའོ། །
གཞན་གྱི་དབང་ནི་མཚན་ཉིད་སྐད་ཅིག་ཏུ་འཇིག་པའི་དོན་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། སྐྱེ་ཞིང་འཇིག་པའི་དོན་ལ་ཡང་མི་རྟག་པ་ཞེས་བྱ་སྟེ། དེ་བས་ན་གཞན་གྱི་དབང་གི་མཚན་ཉིད་སྐད་ཅིག་མ་སྔ་མ་ནི་འགག །ཕྱི་མ་མི་སྐྱེ་སྟེ། སྐད་ཅིག་མའི་དོན་ལ་ཡང་མི་རྟག་པའི་དོན་དུ་
བལྟའོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་སྒྲུབ་པའི་ཕྱིར་ཞེས་བྱ་བ་ལ། དེ་ལྟར་གཞན་དབང་རྣམས་སྐད་ཅིག་མ་ཡིན་པས་ན། ཇི་ལྟར་སྐད་ཅིག་མ་ཡིན་པ་བསྒྲུབ་པའི་ཕྱིར་ཚིགས་སུ་བཅད་པ་བཅུས་སྐད་ཅིག་མ་ཡིན་པའི་རྒྱུ་དང་གཏན་ཚིགས་སྟོན་ཏོ། །མི་རིགས་རྒྱུ་ལས་བྱུང་བའི་ཕྱིར། །
Vol. 126 · folio 134a
ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་རྣམས་ཚད་མས་བསྒྲུབ་པ་ལ་ནི་རྣམ་པ་གསུམ་གྱིས་བསྒྲུབ་པར་བྱ་སྟེ། དམ་བཅའ་བ་དང་། རྒྱུ་དང་དཔེའོ། །དཔེར་ན། དངོས་པོ་ཐམས་ཅད་རང་བཞིན་མེད། །ཅེས་བྱ་བ་ནི་དམ་བཅའ་བའོ། །གཅིག་དང་དུ་མའི་རང་
བཞིན་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་རྒྱུའོ། །གཟུགས་བརྙན་བཞིན་ཞེས་བྱ་བ་ནི་དཔེའོ། །དེ་དང་འདྲ་བར་འདིར་ཡང་ཚིགས་བཅད་བཅུའི་མཇུག་ནས་འདུས་བྱས་ཐམས་ཅད་མི་རྟག་པའོ་ཞེས་བྱ་བའི་ཚིག་ནི་དམ་བཅའ་བ་སྟེ། ཇི་ལྟར་དམ་བཅའ་ཞེ་ན། ཕྱི་ནང་གི་འདུས་བྱས་རྣམས་སྐད་ཅིག་
མ་རེ་རེ་ལ་འཇུག་པས་ན། མི་རྟག་པ་ཡིན་པར་དམ་བཅས་སོ། །དེ་ལ་ཡང་། མི་རིགས་རྒྱུ་ལས་བྱུང་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཕྱི་ནང་གི་དངོས་པོ་གཉི་ག་བསྡུས་ནས་མི་རྟག་པ་ཡིན་པར་གཏན་ཚིགས་ཀྱིས་སྟོན་ཏེ། དེ་ལ་གཏན་
ཚིགས་ནི་མི་རིགས་པའི་ཕྱིར་དང་། རྒྱུ་ལས་བྱུང་བའི་ཕྱིར་དང་། འགལ་བའི་ཕྱིར་དང་། བདག་ཉིད་མི་གནས་པའི་ཕྱིར་དང་། དངོས་པོ་མེད་པའི་ཕྱིར་དང་། མཚན་ཉིད་ངེས་པའི་ཕྱིར་དང་། རྗེས་སུ་འབྲང་བའི་ཕྱིར་དང་། འགོག་པའི་ཕྱིར་དང་། འགྱུར་བ་ཉེ་བར་དམིགས་
པའི་ཕྱིར་དང་། རྒྱུ་དང་འབྲས་བུའི་ཕྱིར་དང་། ཟིན་པའི་ཕྱིར་དང་། དབང་གི་ཕྱིར་དང་། དག་པའི་ཕྱིར་དང་། སེམས་ཅན་གྱི་རྗེས་སུ་འབྲང་བའི་ཕྱིར་དང་། ཕྱི་ནང་གི་འདུས་བྱས་རྣམས་མི་རྟག་གོ་ཞེས་དམ་བཅའ་སྟེ། མི་རིགས་པ་ལ་སོགས་པ་མི་རྟག་པར་སྒྲུབ་པའི་རྒྱུ་དང་གཏན་ཚིགས་ཡིན་ནོ། །
དེ་ཡང་ཇི་ལྟར་འགྲུབ་ཅེ་ན་ཞེས་བྱ་བ་ནི་ཕྱི་ནང་གི་འདུས་བྱས་རྣམས་མི་རྟག་པ་དང་། སྐད་ཅིག་མ་ཡིན་པར་རྒྱུ་གང་དང་། གཏན་ཚིགས་གང་དང་། ཚད་མ་གང་གིས་འགྲུབ་ཅེ་ན་ཞེས་བྱ་བའི་དོན་ཏོ། །སྐད་ཅིག་མ་མེད་པར་འདུས་བྱས་རྣམས་འཇུག་པར་མི་རིགས་པའི་ཕྱིར་ཏེ་ཞེས་
བྱ་བ་ལ། ཕྱི་ནང་གི་འདུས་བྱས་རྣམས་སྐད་ཅིག་མ་སྔ་མ་འགགས་ཤིང་ཕྱི་མ་སྐྱེ་བའི་ཚུལ་དུ་རྒྱུན་མ་ཆད་པར་འབྱུང་ཞིང་འཇུག་པར་མི་རིགས་ཏེ། འདུས་བྱས་རྣམས་ཏེ་རྒྱུན་དུ་འབྱུང་བས་ན་སྐད་ཅིག་མ་ཡིན་ནོ། །འཇུག་པ་མི་རིགས་ཞེས་སྨྲས་པའི་དོན་བསྟན་པའི་ཕྱིར། འཇུག་པ་
Vol. 126 · folio 134b
ནི་རྒྱུན་དུ་འབྱུང་བས་ན་འཇུག་པ་ཞེས་བྱའོ་ཞེས་བྱ་བ་སྨོས་ཏེ། འཇུག་པ་ཞེས་བྱ་བའི་དོན་ནི་བྲེང་མ་ཆད་པའམ། འདབ་ཆགས་སམ། སྔ་ཕྱིའི་རྒྱུན་འབྲེལ་པར་སྐད་ཅིག་མ་སྔ་མ་ནི་འགགས། ཕྱི་མ་ནི་སྐྱེ་བའི་ཚུལ་དུ་ཆུའི་རྒྱུན་བཞིན་དུ་བྲེང་མ་ཆད་པར་འབྱུང་བ་ལ་འཇུག་པ་ཞེས་བྱའོ། །
བྲེང་མ་ཆད་པ་ལ་འཇུག་པ་ཞེས་བྱ་བར་གྱུར་ཀྱང་དེ་སྐད་དུ་སྨྲས་པ་དང་། དེས་ཅི་ཞིག་བསྒྲུབ་པ་ཡིན་སྙམ་པ་ལ་དེའི་ཕྱིར། དེ་ཡང་སྐད་ཅིག་མ་རེ་རེ་ལ་སྐྱེ་བ་དང་། འགག་པ་མེད་པར་མི་རུང་ངོ་ཞེས་བྱ་བ་སྨོས་ཏེ། དེ་ལྟར་རྒྱུན་དུ་འཇུག་པ་དེ་ཡང་སྐད་ཅིག་མ་སྔ་མ་ནི་འགགས། ཕྱི་མ་
སྐྱེ་བའི་ཚུལ་དུ་སྐྱེ་བ་དང་འགག་པ་མེད་པ་རྒྱུན་དུ་འཇུག་པར་མི་རུང་སྟེ། དཔེར་ན་ཆུའི་སྐད་ཅིག་མའི་རྒྱུན་འབབ་པ་བཞིན་ནོ། །དེ་སྟེ་ཡང་དུས་གཞན་དུ་འཇུག་ཅིང་སྔ་མ་དང་ཕྱི་མ་འགོག་པ་དང་། སྐྱེ་བའི་རྒྱུན་གྱིས་འཇུག་པར་འདོད་ན་ཞེས་བྱ་བ་ནི་གལ་ཏེ་གཞན་དག་འདི་སྙམ་དུ་
སེམས་ཏེ། སྐད་ཅིག་མ་དང་པོ་དེ་རྒྱུས་སྐྱེས་ནས་དེ་མ་ཐག་ཏུ་མི་འགག་གི །ལོའམ་ཞག་གམ་ཟླ་བའི་བར་དུ་མ་འགགས་པར་འདུག་ནས། དེ་ནས་ཡང་དེ་འགགས་ཏེ། སྐད་ཅིག་མ་གཞན་རྒྱུས་བསྐྱེད་ནས་རྒྱུས་བསྐྱེད་པའི་སྐད་ཅིག་མ་དེ་ཡང་ལོའམ་ཟླ་བའམ་ཞག་འགགས་
ཏེ། ཡང་གཞན་སྐྱེ་བའི་ཚུལ་དུ་རྒྱུན་དུ་འཇུག་པར་རུང་ངོ་སྙམ་དུ་སེམས་པ་ལ། དེ་ཡང་མི་རུང་བར་སྟོན་ཏོ། །ཇི་ལྟར་མི་རུང་བར་རིགས་པ་བསྟན་པའི་ཕྱིར། རྒྱུ་མེད་པའི་ཕྱིར་དེ་མ་ཐག་ཏུ་འབྱུང་བ་མེད་པར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་སྐད་ཅིག་མ་དང་པོ་རྒྱུས་བསྐྱེད་ནས།
དེའི་བར་དུ་ལོའམ་ཟླ་བར་སྐྱེ་འགག་མེད་པར་གནས་ན་དེ་ལྟ་ན་ནི་བར་དེར་སྐྱེ་འགག་གི་རྒྱུན་ཆད་དེ་རྒྱུན་དུ་འཇུག་པ་མེད་པས་ན་དངོས་པོ་རྣམས་དེའི་བར་ན་དེ་མ་ཐག་ཏུ་རྒྱུན་དུ་འབྱུང་བ་ཡང་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དང་པོའི་སྐད་ཅིག་མ་རྒྱུས་བསྐྱེད་ནས་ཐག་གི་ཟད་ཅིག་ཏུ་
རྒྱུན་མེད་པར་གནས་པར་འདོད་དེ། དེ་ལྟར་ན་བར་ན་གནས་པའི་ཚེ་ན་ཡང་། རྒྱུ་གང་གིས་གནས་པའི་ཚེ་ཡང་བརྗོད་དགོས་ལ། དེ་འགགས་ནས་ཕྱིས་སྐད་ཅིག་མ་གཞན་སྐྱེ་བ་ཡང་རྒྱུ་གང་གིས་བསྐྱེད་པའི་རྒྱུ་ཡང་སྨྲ་དགོས་ཏེ། འདི་ཡན་ཆད་ཀྱིས་མི་རིགས་པ་ཞེས་བྱ་བའི་
Vol. 126 · folio 135a
དོན་བཤད་དོ། །སྐྱེས་ནས་དུས་རྒྱུན་མེད་པར་དངོས་པོ་དུས་གཞན་དུ་གནས་པར་མི་རུང་སྟེ་ཞེས་བྱ་བ་ལ། གཞན་ཡང་སྐད་ཅིག་མ་དང་པོ་རྒྱུས་བསྐྱེད་ནས། སྐད་ཅིག་མ་གཉིས་པ་ཕན་ཆད་མ་འགགས་ཀྱི་བར་དེ་ན་ཡང་། སྐད་ཅིག་མ་སྐྱེ་བ་དང་
འགག་པའི་ཚུལ་དུ་རྒྱུན་མི་འཆད་པར་འབྱུང་བ་མེད་པར་ནི་དངོས་པོ་རྣམས་དུས་གཞན་དུ་སྣང་ཞིང་རྒྱུན་དུ་འབྱུང་བར་མི་རུང་སྟེ། དཔེར་ན་ཆུ་སྐད་ཅིག་མའི་རྒྱུན་གྱིས་རྒྱུ་ཆུ་འབབ་པ་ཡོད་ན་ནི་ཆུའི་བྲེང་རྒྱུན་དུ་སྣང་ལ་སྐད་ཅིག་མ་རྒྱུན་དུ་འབབ་པ་ཆད་ནས་ཆུ་འབབ་པར་མི་སྣང་བ་
བཞིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུ་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ལ། སྐད་ཅིག་མའི་རྒྱུན་མེད་པར་དངོས་པོ་རྣམས་དུས་གཞན་དུ་སྣང་བར་ཅིའི་ཕྱིར་མི་རུང་ཞེ་ན། ཇི་ལྟར་དངོས་པོ་རྣམས་ནི་རྒྱུ་ལས་སྐྱེས་ཏེ། སྐད་ཅིག་མ་དང་པོ་ཇི་ལྟར་རྒྱུས་བསྐྱེད་པ་བཞིན་དུ། སྐད་ཅིག་མ་
གཉིས་པ་ཕན་ཆད་མ་འགགས་ཀྱི་བར་དུ་གནས་པར་འདོད་ན། དེའི་བར་ན་གནས་པར་བྱེད་པའི་རྒྱུ་ཡང་མི་རུང་སྟེ། གནས་པར་བྱེད་པའི་རྒྱུ་གང་ཡིན་པ་སྨྲ་བར་བྱ་དགོས་སོ། །ཡང་དངོས་པོ་གང་དུས་གཞན་དུ་ཡང་སྐད་ཅིག་མའི་རྒྱུན་གྱིས་རྒྱུན་མི་འཆད་པར་གནས་ཤིང་རྟག་ཏུ་ཡང་
སྣང་བའི་དངོས་པོ་དེ་དག་ནི་རྒྱུ་ལས་སྐྱེས་ཏེ། དཔེར་ན་མར་མེ་བཞིན་ནོ། །ཇི་ལྟར་མར་མེ་རྒྱུ་ལས་སྐྱེས་པས་སྐད་ཅིག་མའི་རྒྱུན་དུ་རྒྱུན་མི་འཆད་པར་སྣང་ལ། རས་དང་མར་མེ་ལ་སོགས་པའི་རྒྱུ་ཟད་དེ་མེད་པར་གྱུར་ན་ནི་མི་སྣང་བར་འགྱུར་བ་བཞིན་དུ་དངོས་པོ་འདི་དག་ཀྱང་རྒྱུན་དུ་སྣང་
བར་འདོད་ན་ནི་རྒྱུ་ལས་སྐྱེས་པ་ཡིན་ཏེ། ནམ་རྒྱུ་ཟད་དམ་མེད་པར་གྱུར་ན་རྒྱུན་དུ་སྣང་བ་ཡང་ཆད་པར་འགྱུར་ཏེ། དེ་བས་ན་བར་དུ་རྒྱུན་དུ་སྡང་བར་བྱེད་པའི་ཕྱིར་རྒྱུ་འགག་མེད་དུ་མི་རུང་ངོ་། །འདུས་བྱས་ཐམས་ཅད་ནི་རྒྱུ་ལས་སྐྱེས་ཏེ་འགྱུར་བའི་དོན་ཏོ་ཞེས་བྱ་བ་ལ། ཕྱི་དང་ནང་
གི་འདུས་བྱས་ཐམས་ཅད་ནི་རྒྱུ་རྐྱེན་ལས་སྐྱེས་ཏེ། རྒྱུ་རྐྱེན་ལས་སྐྱེས་པ་ཞེས་བྱ་བའི་དོན་ཅི་ཞེ་ན། རྒྱུ་རྐྱེན་ལས་བྱུང་བ་ཞེས་བྱ་བའི་དོན་ཏེ། གང་རྒྱུ་དང་རྐྱེན་ལས་སྐྱེས་པ་དེ་དག་ནི་རྟག་པའི་རང་བཞིན་མ་ཡིན་གྱི། སྐད་ཅིག་མའི་རང་བཞིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་གལ་ཏེ་བྱུང་
Vol. 126 · folio 135b
ནས་ཕྱིས་ཀྱང་འབྱུང་ན་ནི་དེ་ལ་ངེས་པར་རྒྱུ་ཡོད་པར་འགྱུར་རོ་ཞེས་བྱ་བ་ལ། སྐད་ཅིག་མ་དང་པོ་རྒྱུ་རྐྱེན་གྱིས་བསྐྱེད་དེ། བྱུང་ནས་སྐད་ཅིག་མ་གཉིས་པ་ལ་སོགས་པ་ཡང་འབྱུང་ཞིང་སྐྱེ་བར་འདོད་ན་ནི་ཇི་སྐད་ཅིག་མ་དང་པོས་རྒྱུས་བསྐྱེད་པ་བཞིན་དུ། སྐད་ཅིག་མ་གཉིས་པ་ལ་
སོགས་པ་ལ་ཡང་སྐྱེད་པར་བྱེད་པའི་རྒྱུ་དགོས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གཞན་དག་འདི་སྙམ་དུ་སེམས་ཏེ། སྐད་ཅིག་མ་དང་པོ་ལ་ནི་སྐྱེད་པར་བྱེད་པའི་རྒྱུ་ཡོད་མོད་ཀྱི། སྐད་ཅིག་མ་གཉིས་པ་ལ་སྐྱེད་པར་བྱེད་པའི་རྒྱུ་མེད་པར་རང་འཇིག་གོ་སྙམ་ན། དེ་མི་རིགས་པར་
བསྟན་པའི་ཕྱིར། རྒྱུ་མེད་ན་ནི་ཐོག་མ་ནས་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་སྐད་ཅིག་མ་ཕྱི་མ་ལ་སྐྱེད་པར་བྱེད་པའི་རྒྱུ་མེད་ན་ནི་སྐད་ཅིག་མ་དེ་ཐོག་མ་ནས་མེད་ཅིང་ཐོག་མ་ནས་མི་སྐྱེ་ལ་མི་སྣང་བར་འགྱུར་རོ། །དེ་ལ་གང་དང་གང་རྒྱུ་ཡོད་པ་དེ་དག་ནི་སྐྱེས་ཏེ། དཔེར་ན་མྱུ་
གུ་བཞིན་ནོ། །གང་དང་གང་རྒྱུ་མེད་པ་ནི་དེ་མི་སྐྱེ་སྟེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །ཡང་སྐད་ཅིག་མ་ཕྱི་མ་སྐྱེས་པ་ལ་རྒྱུ་མེད་ན་ནི་སྐད་ཅིག་མ་སྔ་མ་སྐྱེས་པ་ལ་ཡང་རྒྱུ་མེད་པར་འགྱུར་ཏེ། སྐད་ཅིག་མའི་རང་བཞིན་དུ་འདྲ་བས་སྐད་ཅིག་མ་ལ་ལ་ལ་ནི་རྒྱུ་ཡོད། ལ་ལ་ལ་
ནི་རྒྱུ་མེད་པར་མི་རིགས་སོ། །ལ་ལ་དག་སྐད་ཅིག་མ་དང་པོ་སྐྱེད་པ་རྒྱུ་དེ་ཉིད་ཀྱིས། སྐད་ཅིག་མ་ཕྱི་མ་ཡང་རྒྱུ་དེ་ཉིད་ཀྱིས་བསྐྱེད་དོ་སྙམ་ན། མི་རིགས་པར་བསྟན་པའི་ཕྱིར། རྒྱུ་དེ་ཉིད་ཀྱིས་འབྱུང་བར་མི་འོས་ཏེ། དེའི་རྒྱུས་དགོས་པར་སྤྱད་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྐད་
ཅིག་མ་སྔ་མ་སྐྱེད་པའི་རྒྱུ་ཉིད་ཀྱིས། ཕྱི་མ་དེ་ཉིད་ཀྱང་བསྐྱེད་པར་ནི་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། སྐད་ཅིག་མ་སྔ་མ་སྐྱེད་པའི་རྒྱུ་དེས། རང་གི་འབྲས་བུ་བསྐྱེད་ནས་འགགས་ཟིན་པས་འགགས་པ་དེས་ཕྱི་མ་བསྐྱེད་མི་ནུས་སོ། །རྒྱུ་གང་གིས་འབྲས་བུ་གང་བསྐྱེད་དེ་འགགས་པ་
དེས་གཞན་མི་སྐྱེད་པ་ནི་ས་བོན་བཞིན་ཏེ། དཔེར་ན་ས་བོན་གྱིས་མྱུ་གུ་བསྐྱེད་ནས་འགགས་པའི་ས་བོན་དེས་སྡོང་བུ་ཕྱི་མ་སྐྱེད་པའི་རྒྱུ་མི་བྱེད་པ་བཞིན་ནོ། །དགོས་པ་སྤྱད་ཟིན་ཞེས་བྱ་བ་ནི་འབྲས་བུ་བསྒྲུབས་ནས་འགགས་ཟིན་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་གཞན་
Vol. 126 · folio 136a
དག་འདི་སྙམ་དུ་སྐད་ཅིག་མ་སྔ་མ་སྐྱེད་པའི་རྒྱུ་དེས་ནི་རང་གི་འབྲས་བུ་བསྐྱེད་ནས་འགགས་ཟིན་པས་ན་དེས་སྐད་ཅིག་མ་ཕྱི་མ་མི་སྐྱེད་ཀྱི། སྐད་ཅིག་མ་ཕྱི་མ་དེ་རྒྱུ་གཞན་གྱིས་བསྐྱེད་དོ་ཞེ་ན་ཡང་མི་རིགས་པར་བསྟན་པའི་ཕྱིར། རྒྱུ་གཞན་ཡང་མི་དམིགས་
ཏེ། དེ་བས་ན་ངེས་པར་སྔོན་གྱི་རྒྱུ་ལས་གཞན་འབྱུང་བར་རིག་པར་བྱའོ་ཞེས་སྨོས་ཏེ། སྐད་ཅིག་མ་ཕྱི་མ་དེ་ལ། རྒྱུ་གཞན་གྱིས་སྐྱེད་པར་བྱེད་པའི་རྒྱུ་གཞན་ཡོད་པར་ཡང་མ་མཐོང་སྟེ། དེ་བས་ན་སྐད་ཅིག་མ་སྔ་མ་ནི་རྒྱུ། ཕྱི་མ་ནི་འབྲས་བུ་ལྟ་བུར་རྒྱུན་མི་འཆད་པར་
འབྱུང་བར་རིག་པར་བྱའོ། །གོང་དུ་བཤད་པའི་དོན་རྣམས་ཀྱི་མཇུག་བསྡུ་བའི་ཕྱིར། དེ་ལྟར་རྒྱུན་མེད་པར་དུས་གཞན་ན་ཡོད་པར་མི་རུང་ངོ་ཞེས་སྨོས་ཏེ། གོང་དུ་བཤད་པ་ལྟར་ན། སྐད་ཅིག་མ་སྔ་མ་སྔ་མ་ནི་རྒྱུ། ཕྱི་མ་ཕྱི་མ་ནི་འབྲས་བུའི་ཚུལ་དུ་ཆུའི་བྲེང་བཞིན་དུ་རྒྱུན་མ་ཆད་
པར་འབྱུང་བ་མེད་པར་དངོས་པོ་རྣམས་དུས་ཐག་གི་ཟད་ཅིག་ཏུ་སྣང་ཞིང་ཡོད་པར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །ཚིག་དེ་དག་གིས་ནི་རྒྱུ་ལས་བྱུང་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཇི་སྟེ་འདི་ལྟར་གང་གིས་རྒྱུ་དགོས་པ་སྐྱེས་ཟིན་པ་ནི་མི་སྐྱེའི། སྐྱེས་ནས་ཀྱང་དུས་གཞན་ལ་ཕྱིས་
འགག་པར་འགྱུར་ཏེ། སྐྱེས་མ་ཐག་ཏུ་མ་ཡིན་པར་འདོད་ན་ཞེས་བྱ་བ་ནི་གལ་ཏེ་གཞན་དག་འདི་སྙམ་དུ་སེམས་ཏེ། དངོས་པོ་དང་པོ་སྐྱེས་ལ་རྒྱུད་དགོས་པ་བཞིན་དུ། སྐད་ཅིག་མ་ཕྱི་མ་སྐྱེས་པ་ལ་ཡང་རྒྱུ་དགོས་སོ་ཞེས་སྨྲས་པ། གལ་ཏེ་དངོས་པོ་དང་དངོས་པོ་སྐྱེས་པ་བཞིན་
དུ། དེའི་འོག་ཏུ་ཡང་དངོས་པོ་དེ་དག་སྐྱེ་ན་ནི་རྒྱུ་དགོས་པ་བདེན་ན་རྒྱུ་དང་རྐྱེན་གྱི་དང་པོར་དངོས་པོ་གཅིག་བསྐྱེད་ནས་སྐྱེས་ཟིན་པའི་འོག་ཏུ་དང་པོ་དེས་ཕྱིས་ཡང་མི་སྐྱེ་སྟེ། སྐྱེས་ནས་ལོའམ་ཟླ་བའམ་ཞག་ལ་སོགས་པར་དུས་ཐག་གི་ཟད་ཅིག་གནས་ནས། དེ་ནས་གདོང་ཕྱིས་
བདག་གི་སྐྱེས་མ་ཐག་ཏུ་མི་འགག་སྟེ། དེ་བས་ན་བར་དུ་སྐྱེ་བ་མེད་པའི་ཕྱིར་རྒྱུ་མི་དགོས་སོ་སྙམ་དུ་སེམས་སོ། །དེ་ལྟར་ཡང་མི་རིགས་པར་བསྟན་པའི་ཕྱིར། ཡང་དེ་རྒྱུ་གང་གིས་འགག་པར་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་དང་པོ་རྒྱུས་བསྐྱེད་ནས། ཐ་
Vol. 126 · folio 136b
གི་ཟད་ཅིག་གནས་ཏེ། ཕྱིས་འགག་པར་འགྱུར་བ་དེའི་དངོས་པོ་གནས་པའི་རང་བཞིན་ཞིག་པ་ལས་ཕྱིས་འགག་པར་འགྱུར་རམ། འཇིག་པའི་རང་བཞིན་ཞིག་པ་ལས་འགག་པར་འགྱུར་བར་བརྟག་དགོས་སོ། །གལ་ཏེ་དངོས་པོའི་གནས་པའི་རང་བཞིན་ཞིག་ཡིན་ན་
གནས་པའི་རང་བཞིན་ལ་འཇིག་པའི་རང་བཞིན་མེད་པས་ན། དངོས་པོ་དེ་རྣམས་ཀྱང་མི་འཇིག་སྟེ། ཕྱིས་ཀྱང་འགག་པར་མི་འགྱུར་ཏེ། རྟག་ཏུ་གནས་པར་འགྱུར་རོ། །གལ་ཏེ་དངོས་པོ་དེ་འཇིག་པའི་རང་བཞིན་ཞིག་ཡིན་ན་ནི་འཇིག་པའི་རང་བཞིན་ལ་རྟག་པ་དང་གནས་
པའི་རང་བཞིན་མེད་པས་དང་པོ་ནས་འཇིག་པར་འགྱུར་གྱི་བར་དུ་གནས་པར་མི་སྲིད་དེ། དཔེར་ན་ནམ་མཁའ་མེད་པའི་རང་བཞིན་ཡིན་པས་དང་པོ་མེད་པ་བཞིན་དུ་ཕྱིས་ཀྱང་མེད་པ་ཁོ་ནར་གནས་ཀྱི། དང་པོ་ནི་མེད་པ་ལ། ཕྱིས་ཡོད་པ་ལྟ་བུར་མི་འགྱུར་བ་དང་འདྲའོ། །
གཞན་ཡང་དངོས་པོ་དེ་སྐྱེས་ནས་ཐ་གི་ཟད་ཅིག་གནས་ཏེ། ཕྱིས་འགག་པར་འགྱུར་བ་རྒྱུ་གང་གིས་འགག་པར་འགྱུར་བའི་འགག་པའི་རྒྱུ་བསྟན་དགོས་སོ་ཞེས་བྱ་བའི་དོན་ཏོ། །སྐྱེས་པའི་རྒྱུ་གང་ཡིན་པ་དེ་ཉིད་དོ་ཞེ་ན། དེ་ཡང་མི་རུང་ངོ་ཞེས་བྱ་བ་ལ། གལ་ཏེ་གཞན་
དག་ན་རེ་དངོས་པོ་དེ་ཕྱིས་འགག་པར་འགྱུར་བ་ནི་དང་པོ་སྐྱེད་སྐྱེད་པའི་རྒྱུ་དེ་ཉིད་ཀྱིས་ཕྱིས་འགག་གོ་ཞེ་ན་ཡང་དེ་ལྟར་མི་རིགས་སོ། །ཇི་ལྟར་མི་རིགས་པར་བསྟན་པའི་ཕྱིར། ཅིའི་ཕྱིར་ཞེ་ན། སྐྱེ་བ་དང་འགག་པར་འགལ་བའི་ཕྱིར་ཏེ་ཞེས་བྱ་བ་སྨོས་ཏེ། དང་པོ་སྐྱེ་བའི་རྒྱུ་དེས།
མཇུག་ཏུ་འགག་པའི་རྒྱུ་ཡང་བྱས་པར་ཇི་ལྟར་མི་རིགས་ཤེ་ན། ཇི་ལྟར་སྐྱེ་བ་ནི་དངོས་པོ་ཡོད་པ་ཡིན་ལ། འགག་པ་ནི་དངོས་པོ་མེད་པ་ཡིན་པས་གང་ན་སྐྱེ་བ་ཡོད་པ་དེ་ན་འགག་པ་མེད་ལ། གང་ན་འགག་པ་ཡོད་པ་དེ་ན་སྐྱེ་བ་མེད་དེ། དེ་བས་ན་སྐྱེད་པའི་རྒྱུ་ཉིད་ཀྱིས་འགག་པའི་
རྒྱུ་བྱེད་པར་མི་རུང་ངོ་། །སྨྲས་པ། སྐྱེ་བ་འགག་པ་གཉིས་འགལ་དུ་ཟིན་ཀྱང་། སྐྱེ་བའི་རྒྱུས་འགོག་པ་བྱས་ཀྱང་འགལ་བ་མེད་དོ་སྙམ་པ་ལ། མི་རིགས་པར་བསྟན་པའི་ཕྱིར། འགལ་བ་གཉིས་རྒྱུ་འདྲ་བ་ལས་མི་དམིགས་སོ་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་དང་འགག་པ་གཉིས་
Vol. 126 · folio 137a
ནི་འགལ་བ་ཡིན་ལ། འགལ་བའི་ཆོས་གཉིས་རྒྱུ་གཅིག་ལས་སྐྱེ་བར་ནི་མི་མཐོང་སྟེ། སྐྱེད་པར་བྱེད་པའི་རྒྱུས་ནི་དངོས་པོ་ཡོད་ཅིང་སྐྱེད་པར་བྱེད་ཀྱི། དངོས་པོ་མེད་ཅིང་འགག་པར་མི་བྱེད་དོ། །གལ་ཏེ་སྐྱེད་པའི་རྒྱུ་དེས་འགག་པར་བྱེད་ན་ནི་དེ་སྐྱེད་
པའི་རྒྱུར་མི་རུང་ངོ་། །འགག་པའི་རྒྱུས་ཀྱང་དངོས་པོ་མེད་ཅིང་འགག་པར་བྱེད་ཀྱི་དངོས་པོ་ཡོད་ཅིང་སྐྱེ་བར་མི་བྱེད་དེ། གལ་ཏེ་འགག་པའི་རྒྱུས་དངོས་པོ་སྐྱེད་པར་བྱེད་ན་ནི་དེ་འགག་པ་མ་ཡིན་ཏེ། དེ་བས་ན་སྐྱེད་པའི་རྒྱུ་དེས་འགོག་པར་བྱེད་པར་མི་རིགས་སོ། །འགལ་
བའི་ཆོས་གཉིས་རྒྱུ་གཅིག་ལ་མི་སྐྱེ་བའི་དཔེ་བསྟན་པའི་ཕྱིར། འདི་ལྟ་སྟེ། གྲིབ་མ་དང་། ཉི་མ་དང་། གྲང་བ་དང་། དྲོ་བ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། དེ་ལ་གྲིབ་མ་ནི་གང་ལ་ཉི་མའི་འོད་མེད་ཅིང་མི་གསལ་བའི་ཕྱོགས་ཏེ། དེའི་རྒྱུ་ནི་ཐོག་གཡོགས་པ་ལ་སོགས་པའི་སྐྱབས་ཡོད་པའོ། །
ཉི་མ་ནི་གང་དུ་ཉི་མའི་འོད་ཟེར་གྱིས་བབ་ཅིང་། གསལ་བའི་ཕྱོགས་ཏེ། དེའི་རྒྱུ་ནི་ཉི་མའི་དཀྱིལ་འཁོར་རོ། །འདི་ལྟར་གྲིབ་མའི་རྒྱུ་སྐྱབས་ཅན་གྱིས་ཀྱང་ཉི་མའི་འོད་ཟེར་ཡང་འབྱིན་པར་བྱེད། གྲིབ་མ་ལྟ་བུ་མི་གསལ་བ་ཡང་འབྱིན་པར་བྱེད་པའི་རྒྱུ་གཉིས་བྱེད་པར་ནི་མ་མཐོང་
ངོ་། །དེ་བཞིན་དུ་ཉི་མའི་དཀྱིལ་འཁོར་གྱིས་ཀྱང་ཉི་མའི་འོད་ཟེར་སྣང་བའི་རང་བཞིན་ཡང་འབྱིན་པར་བྱེད་གྲིབ་མ་དང་མི་གསལ་བའི་རང་བཞིན་ཡང་འབྱིན་པར་བྱེད་པའི་རྒྱུ་གཉིས་བྱེད་པ་ནི་མ་མཐོང་ངོ་། །འདི་ལྟར་ཡང་གྲང་བ་དང་དྲོ་བ་གཉིས་ཀྱང་ཕན་ཚུན་འགལ་བ་སྟེ། གང་ན་
གྲང་བ་ཡོད་པ་དེ་ན་དྲོ་བ་མེད་ལ། གང་ན་དྲོ་བ་ཡོད་པ་དེ་ན་གྲང་བ་མེད་དེ། དེ་ལ་གྲང་བ་ནི་སོ་ཐམས་པ་དང་སྤུ་ལྡང་བ་ལ་སོགས་པ་དྲོ་བ་ནི་རྔུལ་ཟག་པ་ལ་སོགས་པའོ། །དེ་ལ་གྲང་བའི་རྒྱུ་ནི་བ་མོ་དང་ཁ་བ་ལ་སོགས་པ་སྟེ། བ་མོ་དང་ཁ་བ་ལ་སོགས་པ་གྲང་བ་ཡང་སྐྱེད་པར་བྱེད། དྲོ་
བ་ཡང་སྐྱེད་པར་བྱེད་པ་མ་མཐོང་ངོ་། །དྲོ་བའི་རྒྱུ་ནི་མེ་དང་ཉི་མའི་འོད་ལ་སོགས་པ་སྟེ། དེས་ནི་གྲང་བ་ཡང་སྐྱེད་པར་བྱེད། དྲོ་བ་ཡང་སྐྱེད་པར་བྱེད་པ་མ་མཐོང་ངོ་། །ཚིག་དེ་དག་གིས་རྒྱུ་ལས་བྱུང་ངོ་ཞེས་བྱ་བའི་ཚིག་གི་དོན་བསྟན་ཏོ། །ཡང་ན་དུས་གཞན་འགགས་སོ་ཞེས་བྱ་བར་
Vol. 126 · folio 137b
ཡང་འགལ་བའི་ཕྱིར་ཏེ་ཞེས་བྱ་བ་ལ། རྣམ་པ་གཞན་དུ་ཡང་ཕྱི་དང་ནང་གི་འདུ་བྱེད་རྣམས་སྐྱེས་མ་ཐག་ཏུ་མི་འགག་གི །དུས་ཐ་གི་ཟད་ཅིག་གནས་ནས། ཕྱིས་འགོག་གོ་ཞེས་བྱ་བང་ཡང་འགལ་ལོ་ཞེས་བྱ་བའི་དོན་ཏོ། །ཅི་དང་འགལ་བ་བསྟན་པའི་ཕྱིར། ཅི་དང་འགལ་ཞེ་
ན། ལུང་དང་ངོ་ཞེས་བྱ་བ་སྨོས་ཏེ། འགལ་ཞེས་སྨྲས་པ་དེ་འགལ་བ་ལ་རྣམ་པ་གཉིས་ཏེ། ལུང་དང་འགལ་བ་དང་། རིགས་པ་དང་འགལ་བའོ། །དེ་ལ་གལ་ཏེ་དངོས་པོ་རྣམས་སྐྱེས་ནས་ཐ་གི་ཟད་ཅིག་གནས་ཏེ་འགག་གོ་ཞེས་སྨྲས་ན་ནི་བཅོམ་ལྡན་འདས་ཀྱི་བཀའ་ལུང་དང་
འགལ་བར་འགྱུར་རོ། །བཀའ་ལུང་དང་ཇི་ལྟར་འགལ་བ་བསྟན་པའི་ཕྱིར། གང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདུ་བྱེད་དག་ནི་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ལ། ཇི་ལྟར་སྒྱུ་མ་རྒྱུ་རྐྱེན་གྱི་མཐུ་ལས་སྐྱེ་བ་བཞིན་དུ། ཕྱི་ནང་གི་འདུ་བྱེད་ཀྱང་རྒྱུ་རྐྱེན་གྱི་མཐུ་ལས་
སྐྱེས་པས་ན་སྒྱུ་མ་ལྟ་བུའོ། །སྐྱེ་ཞིང་འགག་པའི་ཆོས་ཅན་ཡིན་པས་ན་འཇིག་པ་ཞེས་བྱའོ། །སྐྱེས་ནས་སྐད་ཅིག་མ་གཅིག་ལས་རིང་དུ་མི་གནས་པས་ན། རེ་ཞིག་པ་ཞེས་བྱའོ། །སྐད་ཅིག་མ་རེ་རེ་སྐྱེས་མ་ཐག་ཏུ་འཇིག་པས་ན། ཡུན་ཐུང་དུ་གནས་པ་ཞེས་བྱ་བ་སྟེ། དངོས་
པོ་རྣམས་དུས་ཐ་གི་ཟད་ཅིག་ཏུ་གནས་ན་ནི་དེ་སྐད་དུ་འབྱུང་བའི་ལུང་དང་འགལ་ལོ། །ཡང་ལུང་དང་འགལ་ཞིང་རིགས་པ་དང་འགལ་བ་བསྟན་པའི་ཕྱིར། རྣལ་འབྱོར་པ་ཡིད་ལ་བྱེད་པས་ཀྱང་། འདུ་བྱེད་དེ་དག་སྐྱེ་བ་དང་། འཇིག་པར་ཡིད་ལ་བྱེད་པ་ན་སྐད་ཅིག་མ་རེ་རེ་ལ་
འགག་པར་མཐོང་སྟེ་ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་པ་འཕགས་པའི་བདེན་པ་བཞི་སྒོམ་ཞིང་ཡིད་ལ་བྱེད་པས་ཀྱང་། ཕྱི་ནང་གི་འདུ་བྱེད་རྣམས་སྐྱེ་བ་དང་འཇིག་པའི་མཚན་ཉིད་དུ་ཡིད་ལ་བྱེད་པས་ན། འདུ་བྱེད་རྣམས་སྐད་ཅིག་མ་རེ་རེ་ལ་འཇིག་ཅིང་འགག་པར་མཐོང་སྟེ། དེ་ལྟར་
མཐོང་བས་ན་འདུ་བྱེད་རྣམས་ལས་སྐྱོ་བ་སྐྱེའོ། །སྐྱོ་བ་སྐྱེས་ནས་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ནས། གྲོལ་ཞིང་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ནི་དེ་དག་ལ་ཡང་སྐྱོ་བ་དང་འདོད་ཆགས་དང་བྲལ་བ་དང་། གྲོལ་བ་རྣམས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words