No title in the text — opening words: རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་བཞུགས
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 131 · folio 127a
༄། །རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་བཞུགས།
༄༅༅། །རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ། བམ་པོ་དང་པོ། གཞི་བསྡུ་བ་གང་ཞེ་ན། གནས་གསུམ་གྱིས་གཞི་བསྡུ་བར་འགྱུར་ཏེ། འདི་ལྟ་སྟེ། མདོ་སྡེའི་གཞི་དང་། འདུལ་བའི་གཞི་དང་། མ་མོའི་གཞིའོ། །མདོ་སྡེའི་
གཞི་གང་ཞེ་ན། གནས་ཉི་ཤུ་རྩ་བཞིས་མདོ་སྡེ་ཐམས་ཅད་བསྡུ་བར་འགྱུར་ཏེ། ཉི་ཤུ་རྩ་བཞི་པོ་གང་ཞེ་ན། འདི་ལྟ་སྟེ། སོ་སོར་ཐར་པའི་མདོ་སྡེ་དང་། གཞིའི་མདོ་སྡེ་དང་། ཉན་ཐོས་དང་ལྡན་པའི་མདོ་སྡེ་དང་། ཐེག་པ་ཆེན་པོ་དང་ལྡན་པའི་མདོ་སྡེ་དང་། མ་རྟོགས་པའི་
དོན་རྟོགས་པར་བྱེད་པ་དང་། རྟོགས་པའི་དོན་ཡོངས་སུ་བྱང་བར་བྱེད་པ་དང་། དུས་ཀྱི་དང་པོར་བྱ་བ་དང་། ཁྱད་པར་དུ་འགྲོ་བར་བྱེད་པ་དང་། ནག་པོའི་ཕྱོགས་བརྗོད་པ་དང་། དཀར་པོའི་ཕྱོགས་བརྗོད་པ་དང་། བཀྲི་བའི་དོན་དང་། ངེས་པའི་དོན་དང་། དོན་མདོར་བསྡུས་ལ་
Vol. 131 · folio 127b
ཚིག་དང་། ཡི་གེ་རྒྱས་པ་དང་། དོན་རྒྱས་ལ་ཚིག་དང་། ཡི་གེ་མདོར་བསྡུས་པ་དང་། དོན་ཡང་མདོར་བསྡུས་ལ། ཚིག་དང་ཡི་གེ་ཡང་མདོར་བསྡུས་པ་དང་། དོན་ཡང་རྒྱས་ལ་ཚིག་དང་ཡི་གེ་ཡང་རྒྱས་པ་དང་། དོན་ཟབ་ལ་ཚིག་དང་ཡི་གེ་གསལ་བ་དང་། དོན་
གསལ་ལ་ཚིག་དང་ཡི་གེ་ཟབ་པ་དང་། དོན་ཡང་ཟབ་ལ་ཚིག་དང་ཡི་གེ་ཡང་ཟབ་པ་དང་། དོན་ཡང་གསལ་ལ་ཚིག་དང་ཡི་གེ་ཡང་གསལ་བ་དང་། མ་འོངས་པའི་ཉེས་པ་བསལ་བ་དང་། ཉེ་བར་གནས་པའི་ཉེས་པ་བསལ་བ་དང་། ཐེ་ཚོམ་སྐྱེས་པ་བསལ་བའི་མདོ་སྡེ་
དང་། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱེད་པའི་མདོ་སྡེའོ། །དེ་ལ་སོ་སོར་ཐར་པའི་མདོ་སྡེ་ནི་གང་ལས་ཉེས་པ་སྡེ་ལྔ་དང་། ཉེས་པ་སྡེ་ལྔ་ལས་དབྱུང་བ་ལས་བརྩམས་ཏེ། བསླབ་པའི་གཞི་བརྒྱ་ལྔ་བཅུ་རྩ་གཅིག་གིས་བསྟན་པ་འབྱུང་བ་སྟེ། གང་ཡང་དག་ལ་
ཕན་པར་འདོད་པའི་རིགས་ཀྱི་བུ་རྣམས་སློབ་པ་ཡིན་ནོ། །གཞིའི་མདོ་སྡེ་ནི་ལུང་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ཡང་དག་པར་ལྡན་པ་དང་། བར་མ་དང་། རིང་པོ་དང་། གཅིག་ལས་འཕྲོས་པའོ། །ཡང་དག་པར་ལྡན་པ་ནི་གང་ལ་ཕུང་པོ་དང་། སྐྱེ་མཆེད་དང་། རྟེན་
ཅིང་འབྲེལ་བར་འབྱུང་བ་དང་ལྡན་པ་སྟེ། དེ་དང་དེར་འདུལ་བ་ལ་གཟིགས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། དེའི་འོག་ཏུ་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་སྡོམ་གྱི་ཚིགས་སུ་བཅད་པ་སྦྱར་བས་ཅི་རིགས་པར་གོ་
རིམས་སུ་ཕབ་སྟེ་གཏམ་དུ་སྦྱར་བ་དང་། དེ་བཞིན་དུ་ཟས་དང་བདེན་པ་དང་། ཁམས་དང་ཚོར་བ་དང་ལྡན་པ་དང་། ཉན་ཐོས་དང་། དེ་བཞིན་གཤེགས་པས་བསྟན་པ་དང་ལྡན་པ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་
དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་གྱི་ཡན་ལག་དང་། དབུགས་ཕྱི་ནང་དུ་རྒྱུ་བ་དྲན་པ་དང་། བསླབ་པ་རྣམས་དང་། ཤེས་ནས་དད་པ་དང་ལྡན་པ་དང་། འཁོར་བརྒྱད་ཀྱི་དབང་དུ་བྱས་ནས་འཁོར་དང་ལྡན་པའོ། །ཡང་དག་
Vol. 131 · folio 128a
པར་ལྡན་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། གསུམ་གང་ཞེ་ན། སུ་སྟོན་པ་དང་། ཅི་སྟོན་པ་དང་། གང་ལ་སྟོན་པ་དང་། ཉན་ཐོས་སམ་དེ་བཞིན་གཤེགས་པ་སྟོན་པ་ནི་འདི་ལྟ་སྟེ། ཉན་ཐོས་ཀྱིས་བསྟན་པ་དང་། སངས་
རྒྱས་ཀྱིས་བསྟན་པའི་སྡེ་ཚན་ནོ། །གང་ཤེས་པ་དང་གང་གིས་ཤེས་པ་དེ་ནི་བསྟན་པ་སྟེ། འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་དང་། སྐྱེ་མཆེད་དྲུག་དང་། རྒྱུ་དང་ལྡན་པ་རྣམས་ཀྱི་སྡེ་ཚན་དང་། ལམ་གྱི་ཚོགས་ཀྱི་སྡེ་ཚན་ནོ། །དགེ་སློང་དང་བདུད་ལ་སོགས་པའི་འཁོར་
དེ་དག་ཉིད་ཀྱི་ཕྱིར་བསྟན་ཏེ། འདི་ལྟ་སྟེ། ཡང་དག་པར་བརྗོད་པའི་སྡེ་ཚན་ལས་བྱུང་བ་བཞིན་ནོ། །འདི་དག་ནི་ཐམས་ཅད་ཅེས་བྱ་བ་ཡིན་ཏེ། འདི་ལྟ་སྟེ། སུ་སྟོན་པ་དང་། ཅི་སྟོན་པ་དང་། གང་ལ་སྟོན་པའོ། །གཞི་ཐམས་ཅད་དང་ལྡན་པའི་གཏམ་དེ་ཡང་དག་པར་
ལྡན་པ་ལས་འབྱུང་བས་ན་དེའི་ཕྱིར་ཡང་དག་པར་ལྡན་པ་ཞེས་བྱའོ། །དེ་དང་ལྡན་པའི་གཏམ་ཉིད་རྣམ་པ་གཞན་དུ་བར་གྱི་མདོ་སྡེ་རྣམས་ཀྱིས་བསྟན་པས་ན་དེའི་ཕྱིར་བར་མ་ཞེས་བྱའོ། །དེ་ཉིད་རྣམ་པ་གཞན་དུ་རྒྱུད་རིང་པོའི་མདོ་སྡེ་རྣམས་ཀྱིས་བསྟན་པས་ན་དེའི་ཕྱིར་རིང་པོ་ཞེས་
བྱའོ། །གཅིག་དང་གཉིས་དང་གསུམ་ལ་སོགས་པ་ནས་གཅིག་ནས་གཅིག་ཏུ་སྡེ་ཚན་གྱི་ཚུལ་གྱིས་འབྱུང་བས་ན་གཅིག་ལས་འཕྲོས་པ་ཞེས་བྱའོ། །དེ་དག་ནི་ལུང་བཞི་ཞེས་བྱ་བ་ཡིན་ཏེ། སློབ་དཔོན་དང་སློབ་མ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པས་ན་ལུང་ཞེས་བྱའོ། །
འདི་ནི་གཞིའི་མདོ་སྡེའོ། །གསུང་རབ་ཏུ་གཏོགས་པའི་ཡན་ལག་བཅུ་གཉིས་ལས་ཤིན་ཏུ་རྒྱས་པའི་ཡན་ལག་མ་གཏོགས་པ་རྣམས་ནི་ཉན་ཐོས་དང་ལྡན་པའོ། །ཤིན་ཏུ་རྒྱས་པའི་ཡན་ལག་དེ་ཉིད་ནི་ཐེག་པ་ཆེན་པོ་དང་ལྡན་པའི་མདོ་སྡེ་ཡིན་ཏེ། དེའི་རྣམ་པར་དབྱེ་བ་ཡང་སྔ་མ་
བཞིན་དུ་རིག་པར་བྱའོ། །མདོ་སྡེ་རྣམ་པ་བཞི་པོ་འདི་དག་ཀྱང་མ་རྟོགས་པའི་དོན་རྟོགས་པར་བྱ་བ་ལ་སོགས་པ་རྣམ་པ་ཉི་ཤུ་པོ་དག་གཞན་དག་ལས་ཅི་རིགས་པར་རིག་པར་བྱའོ། །མདོ་སྡེ་རབ་ཏུ་རྣམ་པར་དབྱེ་བར་བྱ་བའི་ཕྱིར་མདོ་སྡེ་རྣམ་པ་བཞི་པོ་འདི་དག་ལས་ལྷག་པར་བཤད་པ་
Vol. 131 · folio 128b
གང་ཡིན་པ་དེ་ལས་བརྩམས་ཏེ། མདོ་སྡེའི་མ་མོ་དེ་བཞིན་གཤེགས་པས་གསུངས་ཤིང་དེ་བཞིན་གཤེགས་པས་བསྟན་ལ་བསྔགས་ཤིང་བརྗོད་པའི་གཙུག་ལག་བསྟན་པར་བྱ་སྟེ། དཔེར་ན་མ་མོ་མེད་པའི་ཡི་གེ་རྣམས་གསལ་བ་མ་ཡིན་པ་དེ་བཞིན་དུ་མ་མོས་ཡོངས་སུ་མ་ཟིན་
པའི་མདོ་སྡེ་རྣམས་ནི་དོན་མི་མངོན་ཞིང་དོན་མི་གསལ་བ་ཡིན་ནོ། །དེ་ལས་བཟློག་པ་ནི་དོན་གསལ་བ་ཡིན་ཏེ། དེ་བས་ན་མ་མོ་ཞེས་བྱའོ། །སྤྱི་སྡོམ་ནི། ཁམས་དང་གདམས་ངག་བསྡུས་པ་དང་། །འདུ་ཤེས་རྣམ་པ་མངོན་ཤེས་འགྱུར། །རྒྱུ་དང་སྤོང་བའི་ཡན་ལག་དང་། །
ཕྱོགས་གཉིས་ཤེས་པ་གཞི་དང་བཅས། །དགྲ་བོ་དང་ནི་ཉེས་དམིགས་མེད། །ཐུགས་ཁྲལ་ཆུང་ངུར་བཞུགས་པའོ། །སྡོམ་ནི། ཁམས་དང་ལེགས་གསུངས་སྔོན་དུ་འགྲོ། །བརྟག་པ་དང་ནི་བྱིས་པའི་རྟགས། །མི་རྟག་ལ་སོགས་ངེས་པ་དང་། །གོ་རིམས་རྣམ་པ་གཉིས་
སུ་བསྟན། །རྟག་པ་མ་ཡིན་ཆད་པ་མིན། །ཀུན་ནས་ཉོན་མོངས་རྣམ་པར་བྱང་། །བཞི་པོ་འདི་དག་ནི་འདུལ་བ་རྣམས་ཀྱི་སྔོན་ལོག་པར་མོས་པ་དང་། ལྟ་བ་ལ་གོམས་པ་ལས་བྱུང་བའི་ཁམས་རྣམས་ཡིན་ཏེ། བཞི་གང་ཞེ་ན། སྔོན་གྱི་སྲིད་པའི་གནས་སུ་ཁོག་པ་དང་ལུས་
ཐོབ་པ་ན། རྟག་པར་ལྟ་བའི་དབང་གིས་དམ་པའི་ཆོས་མ་ཡིན་པ་ཐོས་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་དབང་དུ་བྱས་ནས། དེ་ལྟར་རྒྱུ་དེ་དང་རྐྱེན་དེས་ལོག་པར་མོས་པ་དང་། ལྟ་བ་ལ་གོམས་པ་ལས་བྱུང་བ་ནི་ཁམས་ཡིན་ཏེ། རྟག་པར་ལྟ་བ་ཇི་ལྟ་བ་
བཞིན་དུ། ཆད་པར་ལྟ་བ་དང་། ཚེ་འདི་ལ་མྱ་ངན་ལས་འདའ་བར་ལྟ་བ་དང་། འཇིག་ཚོགས་ལ་ལྟ་བ་ཡང་དེ་བཞིན་དུ་སྦྱར་རོ། །དེ་ལ་བཅོམ་ལྡན་འདས་ཀྱིས་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་ཀྱི་སྒོ་ནས་སྔོན་གྱི་མོས་པ་
ཡང་བརྟགས་ནས། ཕྱི་མའི་ཁམས་ཀྱང་ཅི་རིགས་པར་ལོག་པར་མོས་པའི་ཁམས་གདུལ་བའི་ཕྱིར་བསྟན་པ་རྣམ་པ་བཞི་ཕལ་ཆེར་འཇུག་པར་མཛད་དོ། །ཡང་ན་དེ་མ་ཡིན་པ་ཤེས་པ་ཡོངས་སུ་མ་སྨིན་པ་རྣམས་ཀྱི་ཤེས་པ་ཡོངས་སུ་སྨིན་པར་བྱ་བ་དང་། ཤེས་པ་ཡོངས་སུ་
Vol. 131 · folio 129a
སྨིན་པ་རྣམས་ཉོན་མོངས་པ་ལས་རྣམ་པར་ཐར་བར་བྱ་བའི་བསྟན་པ་འཇུག་པར་མཛད་དོ། །དེ་ལ་ལོག་པའི་ཁམས་དང་པོ་དང་ལྡན་པ་རྣམས་ལ་ནི་ལོག་པར་མོས་པའི་ཁམས་དེ་གདུལ་བའི་ཕྱིར་རྒྱུ་འགགས་པས་འདུ་བྱེད་འགག་གོ་ཞེས་འདུ་བྱེད་འཇིག་པའི་
སྒོ་ནས་མི་རྟག་པ་སྟོན་ཏོ། །དེའི་འོག་མ་ཁམས་གཉིས་པ་དང་ལྡན་པ་རྣམས་ལ་ནི་རྒྱུ་ཀུན་འབྱུང་བས་འདུ་བྱེད་ཀུན་འབྱུང་ངོ་ཞེས་འདུ་བྱེད་འབྱུང་བའི་སྒོ་ནས་མི་རྟག་པ་སྟོན་ཏོ། །དེའི་འོག་མ་ཁམས་གསུམ་པ་དང་ལྡན་པ་རྣམས་ལ་ནི་འདུ་བྱེད་སྡུག་བསྔལ་བའི་སྒོ་ནས་སྟོན་
ཏོ། །དེའི་འོག་མ་ཁམས་བཞི་པ་དང་ལྡན་པ་འདུ་བྱེད་རྣམས་ལས་ལོགས་ཤིག་ཏུ་འཇིག་ཚོགས་ལ་ལྟ་བ་ལ་སྤྱོད་པ་རྣམས་ལ་ནི་སྟོང་པ་ཉིད་ཀྱི་སྒོ་ནས་སྟོན་ཏོ། །འདུ་བྱེད་རྣམས་ཉིད་ལ་འཇིག་ཚོགས་ལ་ལྟ་བ་སྤྱོད་པ་རྣམས་ལ་ནི་བདག་མེད་པའི་སྒོ་ནས་བསྟན་པ་འཇུག་གོ། །མ་འདྲེས་
པའི་ཡན་ལག་གསུམ་གྱིས་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལས་ཕྱི་རོལ་པ་རྣམས་དང་ཐུན་མོང་མ་ཡིན་པ་བསྟན་ཏེ། དེ་ལེགས་པར་གསུངས་པ་ཞེས་བྱ་བའི་གྲངས་སུའང་འགྲོའོ། །དེ་ལ་ཡན་ལག་རྣམ་པ་གསུམ་ནི་ཡོངས་སུ་གྲུབ་པ་དང་། ཡོངས་སུ་
མཐར་ཐུག་པའི་ཐམས་ཅད་ལས་རྣམ་པར་གྲོལ་བ་བསྟན་པ་དང་། དེ་ཉིད་ཀྱི་ཐབས་བསྟན་པ་དང་། དེ་ཉིད་ཀྱིས་སོ་སོ་རང་རིག་པར་བྱའོ། །ཡོངས་སུ་གྲུབ་པ་དང་ཡོངས་སུ་མཐར་ཐུག་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་གང་ཞེ་ན། བྱ་བ་དང་བཅས་པ་དང་། བྱ་བ་མེད་པའི་ཕྱིར་
རྣམ་པར་གྲོལ་བ་རྣམ་པ་གསུམ་ཡོད་དེ། འཇིག་རྟེན་པའི་དང་། སློབ་པའི་དང་། མི་སློབ་པའིའོ། །དེ་ལ་འཇིག་རྟེན་པའི་ནི་ཕྱིར་ལྡོག་པས་ན་ཡོངས་སུ་གྲུབ་པ་མ་ཡིན་ནོ། །སློབ་པའི་བྱ་བ་དང་བཅས་པའི་ཕྱིར་མཐར་ཐུག་པ་མ་ཡིན་ཏེ། ཡོངས་སུ་གྲུབ་པ་ནི་མ་ཡིན་ནོ། །ལྷག་མ་
ནི་གཉི་ག་ཡིན་པར་རིག་པར་བྱའོ། །ཐབས་གང་ཞེ་ན། འདུ་བྱེད་རྣམས་ཀྱི་ཇི་ལྟ་བ་དང་ཇི་སྙེད་པ་ཡོད་པ་ལས་བརྩམས་ཏེ། མི་རྟག་པར་འདུ་ཤེས་པ་དང་། མི་རྟག་པ་ལ་སྡུག་བསྔལ་བར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་སྟོང་པ་དང་། བདག་མེད་པར་འདུ་ཤེས་པ་བསྒོམ་པ་
Vol. 131 · folio 129b
ལ་བརྟེན་ནས་བདེན་པ་མངོན་པར་རྟོགས་པའི་ཚེ་ཤེས་བྱ་མངོན་སུམ་དུ་བྱེད་པའི་ཕྱིར་ཡང་དག་པའི་ལྟ་བ་ཐོབ་པོ། །ལྟ་བ་དེ་ལ་བརྟེན་ནས་བསྒོམ་པའི་ལམ་ལ་འདུ་བྱེད་རྣམས་ལ་མི་མཐུན་པའི་འདུ་ཤེས་ཀྱི་གནས་པས་གནས་པར་གྱུར་པའི་དེ་དང་ལྡན་པའི་ཚོར་བ་ཡུལ་ལྐོག་ཏུ་གྱུར་པ་
དྲན་པ་ལ་རྟོག་པའི་སྣང་བ་ཉེ་བར་གནས་པས་དགའ་བ་མེད་པ་དང་། དགའ་བ་མེད་པ་དེའི་སྒོ་ནས་རྒྱུ་བ་ལ་གནས་པ་ན། ཚོར་བ་དེའི་དམིགས་པའི་ཡུལ་ལ་ལྷག་པར་ཞེན་པ་མེད་དེ། དེ་གང་གི་དོན་དུ་ཡུལ་ལ་ཞེན་པར་འགྱུར་བ་དེའི་དོན་དེ་ཉིད་ཀྱང་མེད་ན་མངོན་པར་ཞེན་པ་ལྟ་ག་ལ་ཡོད་
དེ། དེ་དེ་ལྟར་གནས་པ་དང་། རྒྱུ་བ་གཉིས་ཀྱི་དགའ་བ་དང་། འདོད་ཆགས་ཀྱི་ཀུན་ནས་དཀྲིས་པ་ཡང་དག་པར་ཟད་པའི་ཕྱིར་ཡོངས་སུ་དག་པའི་སེམས་ཀྱིས་གནས་ཤིང་ཇི་ལྟར་ཐོབ་པའི་ལམ་དེ་ཉིད་ལན་མང་དུ་བྱས་པའི་རྒྱུས་དེའི་ཕྱོགས་ཀྱིས་གནས་ངན་ལེན་གྱི་བག་ལ་ཉལ་
བཅོམ་པས་ཡོངས་སུ་གྲུབ་པ་དང་ཡོངས་སུ་མཐར་ཐུག་པའི་རྣམ་པར་གྲོལ་བ་རྗེས་སུ་འཐོབ་སྟེ། དེ་ཐོབ་ན་སེམས་ཤིན་ཏུ་རྣམ་པར་གྲོལ་བར་རིག་པར་བྱའོ། །སོ་སོར་རིག་པར་བྱ་བ་གང་ཞེ་ན། དེ་ནི་རྣམ་པ་བཞིར་རིག་པར་བྱ་སྟེ། གལ་ཏེ་སློབ་པའི་རྣམ་པར་གྲོལ་བ་ལ་གནས་
ན་ནི་དེ་རྣམ་པ་གཉིས་སུ་རང་གི་ཤེས་རབ་ཀྱིས་སོ་སོར་རིག་པར་འགྱུར་ཏེ། བདག་གི་ངན་སོང་རྣམས་སུ་འདུ་བྱེད་མངོན་པར་འགྲུབ་པ་ཟད་དོ། །སྐྱེ་བ་བདུན་ནམ་གཉིས་སམ་གཅིག་མ་གཏོགས་པ་དེ་ལས་གཞན་པ་ཡང་སྲིད་པར་སྐྱེ་བའི་འདུ་བྱེད་མངོན་པར་འགྲུབ་པར་ཟད་དེ། །
དེ་ཟད་པར་བྱེད་པའི་ལམ་ཡང་གཏན་དུ་ཡོངས་སུ་ཉམས་པར་མི་འགྱུར་བར་བདག་གིས་བསྟེན་ཏོ་སྙམ་མོ། །གལ་ཏེ་མི་སློབ་པའི་རྣམ་པར་གྲོལ་བ་ལ་གནས་ན་ནི་དེ་ཡང་རྣམ་པ་གཉིས་ཁོ་ནས་སོ་སོར་རིག་པར་འགྱུར་ཏེ། བདག་གིས་ཉོན་མོངས་པ་མ་ལུས་པར་སྤང་བའི་ཕྱིར་
བསླབ་པར་བྱ་བ་ཐམས་ཅད་བྱས་ཟིན་ཏོ། །བདག་གི་སྐྱེ་བ་གཅིག་ཀྱང་མ་ལུས་ན་གཉིས་སམ་བདུན་ལྟ་ག་ལ་ཡོད་སྙམ་པ་སྟེ། འདོད་ན་གཞན་དག་ལ་ཡང་ལུང་སྟོན་པར་བྱེད་དོ་ཞེས་བྱ་བ་འདི་ནི་སོ་སོ་རང་རིག་པ་ཞེས་བྱའོ། །རྣམ་པར་གྲོལ་བ་དེའི་སྔོན་དུ་འགྲོ་བའི་ཆོས་ནི་འདི་གཉིས་
Vol. 131 · folio 130a
ཡིན་ཏེ། ལྟ་བའི་སྔོན་དུ་འགྲོ་བ་དང་། ལམ་གྱི་འབྲས་བུའི་སྔོན་དུ་འགྲོ་བའོ། །ལྟ་བའི་སྔོན་དུ་འགྲོ་བ་ནི་རྣམ་པར་གྲོལ་བ་དེ་དང་། དེའི་ཐབས་དང་། དེའི་སོ་སོ་རང་རིག་པའི་དབང་དུ་བྱས་ནས་ཕ་རོལ་གྱི་སྒྲ་ཐོས་པ་དང་། བསམས་པ་དང་། བསྒོམས་
པ་ལས་བྱུང་བ། དགེ་བ་རིགས་དང་ལྡན་པ་ཡིད་ལ་བྱེད་པ་སྟེ། ཡང་དག་པའི་སྐྱོན་མེད་པ་ལ་མ་ཞུགས་པ་ཡང་དག་པའི་སྐྱོན་མེད་པ་ལ་འཇུག་པར་འགྱུར་བ་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ལྟ་བ་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ཐོབ་པར་འགྱུར་
བའོ། །ལམ་གྱི་འབྲས་བུའི་སྔོན་དུ་འགྲོ་བ་ནི་དེ་ལྟར་ཐོབ་པའི་ཡང་དག་པའི་ལྟ་བ་དེ་ཡིན་ཏེ། དེ་མ་ཡིན་པའི་ཡང་དག་པའི་རྟོག་པ་ལ་སོགས་པ་ལྷན་ཅིག་སྐྱེས་པ་དང་། དེའི་འོག་ཏུ་འབྱུང་བའི་ལམ་སྐྱེ་བ་དང་། ཉོན་མོངས་པ་ལྷག་མ་སྤོང་བ་རྣམས་ཀྱི་སྔོན་དུ་འགྲོ་བའོ། །
རྣམ་པར་གྲོལ་བ་དེ་མ་ཐོབ་པ་ཐོབ་པར་བྱ་བ་ལ་བརྟག་པའི་གཞི་རྣམ་པ་བརྒྱད་ཡོད་དེ། འདུ་བྱེད་རྣམས་ཀྱི་རོ་མྱང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་བརྟག་པ་དང་། ཐོས་པ་དང་། བསམས་པ་དང་། སོ་སོར་བརྟག་པའི་སྟོབས་དང་། མཐོང་བ་དང་བསྒོམ་པའི་
ལམ་བརྟག་པའོ། །དེ་ལ་འདུ་བྱེད་རྣམས་ཀྱི་རོ་མྱང་བ་ལ་རྟོག་ན་འདུ་བྱེད་རྣམས་ཀྱི་རོ་མྱང་བ་ལས་རང་གི་མཚན་ཉིད་མངོན་པར་རྟོགས་པར་འགྱུར་རོ། །དེ་དག་ཉིད་ཀྱི་ཉེས་དམིགས་ལ་རྟོག་ན་ཚོར་བ་གསུམ་གྱི་གནས་སྐབས་སུ་གཏོགས་པའི་ཉེས་དམིགས་དེ་ལ་ཉེས་དམིགས་
ཀྱི་སྒོ་ནས་སྤྱིའི་མཚན་ཉིད་དུ་ཡོངས་སུ་ཤེས་ཏེ། འདི་ལ་མནོག་ནི་ཆུང་ལ་ཉེས་དམིགས་འབའ་ཞིག་མང་བ་དང་རོ་ལ་ལྷག་པར་ཞེན་པའི་ཉེས་དམིགས་དང་ཡང་ལྡན་ནོ་སྙམ་དུ་རིག་ནས་རོའི་གནས་འདུ་བྱེད་རྣམས་ལ་འདུན་པའི་འདོད་ཆགས་བྱུང་ངོ་ཅོག་སེལ་བ་དང་། རྣམ་པར་
གནོན་པའི་སྤོང་བས་སྤངས་པས་ཀུན་ཏུ་མི་སྤྱོད་པར་སྤོང་བར་འགྱུར་རོ། །དེའི་འདུན་པའི་འདོད་ཆགས་དེ་ཀུན་ཏུ་མི་སྤྱོད་པར་སྤངས་པས་དེའི་དངོས་པོའི་སྒོ་ནས་འདོད་ཆགས་དང་བྲལ་བར་འགྱུར་ཏེ། སེམས་རྣམ་པར་གྲོལ་བ་ནི་མ་ཡིན་ནོ། །དེའི་བག་ལ་ཉལ་ལས་ཡང་དག་
Vol. 131 · folio 130b
པར་འདས་པས་ནི་འདོད་ཆགས་དང་བྲལ་བར་ཡང་འགྱུར་ལ་སེམས་རྣམ་པར་གྲོལ་བར་ཡང་འགྱུར་ཏེ། འདི་ནི་རྣམ་གྲངས་གཅིག་གོ། །གཞན་ཡང་རྣལ་འབྱོར་པ་འདུ་བྱེད་རྣམས་ལ་རྟོག་པ་ན་ཐོག་མ་ཁོ་ནར་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་འདུ་བྱེད་རྣམས་ལ་མི་རྟག་པའམ།
མི་རྟག་པ་ལ་སྡུག་བསྔལ་བའམ། སྡུག་བསྔལ་བ་ལ་སྟོང་པ་དང་། བདག་མེད་པར་ལུང་ཇི་ལྟ་བ་བཞིན་དུ་མོས་པ་ཁོ་ནས་མངོན་པར་རྟོགས་པར་འགྱུར་རོ། །དེས་དེ་ལྟར་མངོན་པར་རྟོགས་ནས་དཔྱོད་པ་དང་མཚུངས་པར་ལྡན་པའི་བསམས་པ་ལས་བྱུང་བའི་ཡིད་ལ་བྱེད་པ་
ཆེས་ཞིབ་པས་ཤེས་པ་དེ་ཉིད་ཡོངས་སུ་ཤེས་སོ། །མངོན་པར་རྟོགས་པ་དང་ཡོངས་སུ་ཤེས་པ་དེ་ཉིད་ཀྱི་སྒོ་ནས་དེ་དང་འབྲེལ་པའི་ཉོན་མོངས་པ་ཀུན་ཏུ་སྤྱོད་པ་ལ་ཚེ་འདི་དང་ཚེ་ཕྱི་མའི་ཉེས་དམིགས་ཡང་དག་པར་མཐོང་ནས་སོ་སོར་བརྟག་པའི་སྟོབས་ལ་བརྟེན་པས་བྱུང་
བ་དང་དུ་མི་ལེན་པར་སྤོང་བར་བྱེད་དོ། །དེས་མངོན་པར་རྟོགས་པ་དང་། ཡོངས་སུ་ཤེས་པ་དང་སོ་སོར་རྟོག་པ་མང་དུ་བྱེད་པའི་རྒྱུས་ཡང་དག་པའི་སྐྱོན་མེད་པ་ལ་འཇུག་གོ། །སྐྱོན་མེད་པ་ལ་ཞུགས་ནས་གང་བསྒོམ་པའི་ལམ་གྱི་སྟོབས་ཀྱིས་འདོད་ཆགས་དང་བྲལ་བར་བྱེད་
དེ་དེས་སོ་སོར་རྟོག་པའི་སྟོབས་དང་། མཐོང་བའི་ལམ་གཉིས་ཀྱིས་ཀུན་ཏུ་མི་སྤྱོད་པའི་སྤོང་བ་དང་། ཕྱོགས་གཅིག་སྤོང་བས་ཅི་རིགས་པར་སྤོང་བར་བྱེད་དོ། །བསྒོམ་པའི་ལམ་གྱིས་ནི་འདོད་ཆགས་དང་བྲལ་བར་བྱེད་དོ། །དེ་ལྟར་སྔ་མ་གཉིས་ཁོ་ནས་འདུན་པའི་འདོད་
ཆགས་དང་བྲལ་བར་བྱེད་ལ་བསྒོམ་པའི་ལམ་གྱིས་ནི་སེམས་རྣམ་པར་གྲོལ་བར་བྱེད་དོ། །ཉོན་མོངས་པ་སྤོང་བའི་འབྲས་བུ་ནི་རྣམ་པ་གཉིས་ཏེ། སྡུག་བསྔལ་འགོག་པ་མཐོང་བས་སྤང་བར་བྱ་བའི་འབྲས་བུ་ནི་གང་རྟོགས་པས་སེམས་ཅན་དམྱལ་བ་རྣམས་ཟད་པ་དང་། དུད་འགྲོ་
རྣམས་ཟད་པ་དང་། ཡི་དགས་རྣམས་ཟད་པ་རྒྱུན་དུ་ཞུགས་པ་ལོག་པར་ལྟུང་བ་མ་ཡིན་པའི་ཆོས་ཅན་ལ་ཞུགས་པ་ཡིན་ནོ་ཞེས་རྒྱས་པར་སྦྱར་བ་དང་། བསྒོམ་པས་སྤང་བར་བྱ་བ་སྤོང་བའི་འབྲས་བུ་ནི་གང་རྟོགས་པས་ལུས་ཐ་མ་འཛིན་པའི་དགྲ་བཅོམ་པར་འགྱུར་ཏེ། སྲིད་པ་
Vol. 131 · folio 131a
གཉིས་པ་མངོན་པར་འགྲུབ་པར་མི་འགྱུར་བའོ། །གཞན་ཡང་སྡུག་བསྔལ་འགོག་པ་ནི་རྣམ་པ་གཉིས་ཏེ། ད་ལྟར་གྱི་རྒྱུ་ཅན་མ་འོངས་པའི་སྡུག་བསྔལ་འགོག་པ་དང་། འདས་པའི་རྒྱུ་ཅན་ད་ལྟར་གྱི་སྡུག་བསྔལ་འགོག་པའོ། །གཞན་ཡང་རྣམ་པ་
གཉིས་ཏེ། སེམས་ལས་བྱུང་བའི་སྡུག་བསྔལ་འགོག་པ་དང་། ལུས་ཀྱི་སྡུག་བསྔལ་འགོག་པའོ། །གཞན་ཡང་རྣམ་པ་གཉིས་ཏེ། འགྱུར་བའི་སྡུག་བསྔལ་བ་དང་སྡུག་བསྔལ་གྱི་སྡུག་བསྔལ་བའི་སྡུག་བསྔལ་འགོག་པ་དང་། འདུ་བྱེད་ཀྱི་སྡུག་བསྔལ་བའི་སྡུག་བསྔལ་
འགོག་པའོ། །གཞན་ཡང་རྣམ་པ་གཉིས་ཏེ། མི་སྡུག་པའི་ལས་ཀྱི་འབྲས་བུའི་སྡུག་བསྔལ་འགོག་པ་དང་། སྡུག་པའི་ལས་ཀྱི་འབྲས་བུའི་སྡུག་བསྔལ་འགོག་པའོ། །འཕགས་པ་ཉན་ཐོས་ཞི་བ་མཐོང་བ་ནི་ངན་སོང་གི་སྡུག་བསྔལ་གྱི་འཇིགས་པ་ལས་འདས་པ་ཡིན་
མོད་ཀྱི་འོན་ཀྱང་དེའི་ཀུན་ཏུ་སྦྱོར་བ་ཡོངས་སུ་མ་ཟད་པའི་ཕྱིར་ཕྱི་མ་ལ་སོ་སོའི་སྐྱེ་བོ་དང་ཐུན་མོང་དུ་གྱུར་པའི་སྐྱེ་བ་དང་རྒ་ཤིའི་འཇིགས་པ་གང་སྤང་བར་བྱ་བའི་ཕྱིར་དེས་འདུན་པ་དྲག་པོ་ནས་དྲན་པ་དང་བག་ཡོད་པའི་བར་དུ་བརྩོན་པར་བྱ་བ་ཡང་ཡོད་དོ། །འདི་གཉིས་ནི་བྱིས་པའི་རྟགས་ཡིན་ཏེ།
གཉིས་གང་ཞེ་ན། འདོད་པ་གང་ཡིན་པ་དེ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་ལ་མི་འདོད་པ་གང་ཡིན་པ་དེ་ནི་མངོན་པར་འགྲུབ་པ་སྟེ། བྱིས་པ་ཅི་འདོད་ཅེ་ན། མྱ་ངན་ལས་འདས་པས་སྐྲག་ནས་ཕྱི་མ་ལ་འདུ་བྱེད་རྣམས་མངོན་པར་མི་འགྲུབ་པ་མི་འདོད་དེ་འདུ་བྱེད་རྣམས་
མངོན་པར་འགྲུབ་པ་འབའ་ཞིག་འདོད་པས་ན་དེ་འདོད་པ་ཡིན་ལ་འདུ་བྱེད་རྣམས་མངོན་པར་འགྲུབ་པ་དེ་ནི་སྡུག་བསྔལ་བ་ཡིན་ན་སྡུག་བསྔལ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མི་ཤེས་སོ། །མི་འདོད་པ་གང་ཡིན་པ་དེ་མངོན་པར་འགྲུབ་པ་ནི་རྒ་བ་དང་། ན་བ་དང་། འཆི་བ་དང་།
མི་སྡུག་པ་དང་ཕྲད་པ་དང་སྡུག་པ་དང་བྲལ་བ་དང་། འདོད་པས་ཕོངས་པ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ནི་མི་འདོད་ལ་དེ་འདུ་བྱེད་དེ་རྣམས་མངོན་པར་འགྲུབ་པ་ལ་མངོན་པར་མོས་ཤིང་སྐྱེ་བའི་རྩ་བ་
Vol. 131 · folio 131b
ཅན་གྱི་འདུ་བྱེད་རྣམས་ལ་མངོན་པར་དགའ་བས་སྐྱེ་བའི་རྩ་བ་ཅན་གྱི་ལས་རྣམས་བྱས་ཤིང་བསགས་པས་སྐྱེ་བར་འགྱུར་ཏེ། དེ་སྐྱེ་བའི་སྡུག་བསྔལ་དང་། སྐྱེ་བའི་རྩ་བ་ཅན་གྱི་རྒ་བ་ལ་སོགས་པའི་སྡུག་བསྔལ་གྱི་ཁྱད་པར་རྣམས་ལས་ཀྱང་ཡོངས་སུ་གྲོལ་བར་མི་འགྱུར་ཏེ། དེ་ལྟར་
ན་མི་འདོད་པ་གང་ཡིན་པ་དེ་མངོན་པར་འགྲུབ་ཅེས་བྱའོ། །འདུ་བྱེད་རྣམས་ཀྱི་ངེས་པ་ནི་བཞི་ཡོད་དེ། མི་རྟག་པར་ངེས་པ་དང་། སྡུག་བསྔལ་བར་ངེས་པ་དང་། སྟོང་པར་ངེས་པ་དང་། བདག་མེད་པར་ངེས་པའོ། །དེ་ལ་འདས་པ་དང་། མ་འོངས་པའི་འདུ་བྱེད་རྣམས་
ཀྱང་རྣམ་པ་གསུམ་གྱིས་མི་རྟག་པར་རིག་པར་བྱ་ན། ད་ལྟར་བྱུང་བ་རྣམས་ལྟ་ཅི་སྨོས་ཏེ། གསུམ་གང་ཞེ་ན། མེད་པ་སྔོན་དུ་འགྲོ་བའི་ཡོད་པ་དང་། ཡོད་པ་སྔོན་དུ་འགྲོ་བའི་མེད་པ་དང་། སྐྱེ་བ་དང་འཇིག་པ་དང་ལྡན་པའོ། །གལ་ཏེ་མ་འོངས་པའི་འདུ་བྱེད་མ་བྱུང་བ་རྣམས་
གཏན་མེད་པ་ཁོ་ན་ཡིན་ཏེ། མེད་པ་སྔོན་དུ་འགྲོ་བའི་ཡོད་པ་མ་ཡིན་ན་ནི་དེ་དག་མི་རྟག་པར་ངེས་པ་མ་ཡིན་པ་ཞིག་ན་གང་གི་ཕྱིར་དེ་དག་སྔ་མ་ནི་མེད་ལ་ཕྱིས་ནི་མེད་པ་སྔོན་དུ་འགྲོ་བའི་ཡོད་པར་འགྱུར་བར་སྣང་བས་ན་དེའི་ཕྱིར་དེ་དག་མི་རྟག་པར་ངེས་སོ། །གལ་ཏེ་ད་ལྟར་བྱུང་བའི་
འདུ་བྱེད་སྐྱེས་པ་རྣམས་ཡོད་པ་ཁོ་ན་ཡིན་ཏེ་ཡོད་པ་སྔོན་དུ་འགྲོ་བའི་མེད་པ་ཁོ་ན་མ་ཡིན་ན་ནི་འདི་དག་མི་རྟག་པར་ངེས་པ་མ་ཡིན་པ་ཞིག་ན་གང་གི་ཕྱིར་འདི་དག་སྔ་ན་ནི་ཡོད་ལ་ཕྱིས་ནི་ཡོད་པ་སྔོན་དུ་འགྲོ་བའི་མེད་པ་ཁོ་ནར་འགྱུར་བར་སྣང་བས་ན་དེའི་ཕྱིར་འདི་དག་མི་རྟག་པར་ངེས་སོ། །
གལ་ཏེ་འདས་པའི་འདུ་བྱེད་རྣམས་ཀྱི་སྐྱེ་བ་དང་འཇིག་པ་མི་སྣང་ན་ནི་དེ་དག་མི་རྟག་པར་ངེས་པ་མ་ཡིན་པ་ཞིག་ན་གང་གི་ཕྱིར་དེ་དག་སྐྱེས་པ་དང་ཞིག་པར་གྱུར་པས་ན་དེའི་ཕྱིར་དེ་དག་མི་རྟག་པར་ངེས་ཏེ། འདི་ནི་འདུ་བྱེད་རྣམས་ཀྱི་མི་རྟག་པར་ངེས་པ་ཞེས་བྱའོ། །དེ་ལྟར་མི་རྟག་པའི་
འདུ་བྱེད་རྣམས་ལ་སྡུག་བསྔལ་བའི་སྡུག་བསྔལ་བ་ཡང་སྣང་ལ་འགྱུར་བའི་སྡུག་བསྔལ་བ་དང་། འདུ་བྱེད་ཀྱི་སྡུག་བསྔལ་བ་ཡང་སྣང་བ་འདི་ནི་སྡུག་བསྔལ་བར་ངེས་པ་ཞེས་བྱའོ། །དེ་ལྟར་མི་རྟག་པ་དང་སྡུག་བསྔལ་བའི་འདུ་བྱེད་རྣམས་ཚོགས་པ་དེ་དང་དེ་ལ་བརྟེན་ནས་རྒྱུ་དང་
Vol. 131 · folio 132a
རྐྱེན་གྱི་སྟོབས་ཀྱིས་སྐྱེ་ལ་དབང་ཕྱུག་དང་སྐྱེ་དགུའི་བདག་པོའི་རྒྱུ་ལ་སོགས་པ་དང་བྲལ་བ་འདི་ནི་སྟོང་པར་ངེས་པ་ཞེས་བྱའོ། །བྱེད་པ་མེད་པའི་འདུ་བྱེད་རྣམས་འཇུག་པ་ཡོད་ལ་བྱེད་པ་པོ་དང་ཚོར་བ་པོ་མེད་ཅིང་། བདག་དང་བདག་གི་དང་བྲལ་བ་འདི་ནི་འདུ་
བྱེད་ཐམས་ཅད་ཀྱི་བདག་མེད་པ་ཞེས་བྱའོ། །དེ་ལ་འདུ་བྱེད་རྣམས་ཀྱི་མི་རྟག་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། འདས་པའི་དུས་དང་སྦྱར་ན་ནི་ཞིག་པར་གྱུར་པའི་ཕྱིར་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་དུས་དང་སྦྱར་ན་ནི་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །
དེ་ལ་འདུ་བྱེད་རྣམས་ཀྱིས་སྡུག་བསྔལ་བ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། སྐྱེ་བ་ལ་སོགས་པ་སྡུག་བསྔལ་བའི་ཆོས་ཅན་ཡིན་པ་དང་། སྡུག་བསྔལ་རྣམ་པ་གསུམ་གྱི་ཕྱིར་ཏེ་དེ་ཡང་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་སྟོང་པ་ཉིད་ནི་རྣམ་པ་གཉིས་སུ་རིག་པར་བྱ་
སྟེ། གཏན་མེད་པའི་སྟོང་པ་ཉིད་དང་། ཕྱིས་བྲལ་བའི་སྟོང་པའོ། །གཏན་མེད་པའི་སྟོང་པ་ནི་འདི་ལྟ་སྟེ་འདུ་བྱེད་རྣམས་བདག་དང་བདག་གིས་སྟོང་པའོ། །ཕྱིས་བྲལ་བའི་སྟོང་པ་ནི་ཉོན་མོངས་པ་ཐམས་ཅད་སྤངས་པའི་སེམས་འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་
ཀྱིས་སྟོང་ཞིང་རྣམ་པར་གྲོལ་བའོ། །དེ་ལ་བདག་མེད་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། འདུ་བྱེད་རྣམ་པ་སྣ་ཚོགས་སུ་འདུག་ཅིང་མང་པོའི་བདག་ཉིད་ཡིན་པའི་ཕྱིར་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རང་དབང་མེད་པའི་ཕྱིར་རོ། །རྣམ་པ་བཞི་པོ་འདི་དག་ནི་རྣམ་
པ་བཅུར་ཡང་རིག་པར་བྱ་སྟེ། འདི་ལྟ་སྟེ། འཇིག་པ་དང་། འགྱུར་བ་དང་། འགྱེས་པ་དང་། མ་བྱུང་བ་དང་། ཆོས་ཉིད་ཀྱི་རྣམ་པ་རྣམས་དང་། ཕྲད་པ་དང་། མི་སྡུག་པ་དང་། གྲུབ་པ་དང་། བདེ་བ་མེད་པ་དང་། འབྲལ་བ་དང་། མི་མཐུན་པའི་རྣམ་པ་རྣམས་
ཏེ། སྔར་ཉན་ཐོས་ཀྱི་སའི་འཇིག་རྟེན་ལས་འདས་པའི་ལམ་ནས་བརྩམས་ཏེ་ཡིད་ལ་བྱེད་པ་བསྐོམས་པ་ལས་བསྟན་པ་བཞིན་ནོ། །ལྔ་པོ་འདི་དག་ནི་འབྲལ་བའི་ཕྱོགས་ཀྱི་ཁམས་ཏེ། འདི་ལྟ་སྟེ། སྤོང་བའི་ཁམས་དང་། འདོད་ཆགས་དང་བྲལ་བའི་ཁམས་དང་། འགོག་
Vol. 131 · folio 132b
པའི་ཁམས་དང་། ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་ཁམས་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ཁམས་སོ། །དེ་ལ་མཐོང་བས་སྤང་བར་བྱ་བའི་འདུ་བྱེད་ཐམས་ཅད་སྤངས་པས་ན་སྤོང་བའི་ཁམས་སོ། །བསྒོམ་པས་སྤང་བར་བྱ་བའི་
འདུ་བྱེད་ཐམས་ཅད་སྤངས་པས་ན་འདོད་ཆགས་དང་བྲལ་བའི་ཁམས་སོ། །དེ་ཉིད་ཕུང་པོ་ཙམ་ཞིག་ལུས་པས་ན་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་ཁམས་སོ། །དེའི་ཕུང་པོ་འགག་པ་ནི་འགོག་པའི་ཁམས་དང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་
ཁམས་སོ། །འདུ་བྱེད་ཐམས་ཅད་ཉེ་བར་ཞི་བས་ན་ཁམས་ལྔ་པོ་འདི་དག་ལ་འདུ་བྱེད་ཞི་བ་ཞེས་བྱའོ། །བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པར་ཞེན་པ་དང་། བག་ལ་ཉལ་བ་དང་བྲལ་བས་ན་སྟོང་པ་ཉིད་ཅེས་བྱའོ། །
དེའི་མཚན་མ་དང་བྲལ་བས་ན་དམིགས་སུ་མེད་པ་ཞེས་བྱའོ། །སྤོང་བའི་ཁམས་ལ་ཟག་པའི་གནས་ཀྱི་ཆོས་ཐམས་ཅད་ལ་སྲེད་པ་དང་བྲལ་བས་ན་སྲེད་པ་ཟད་པ་ཞེས་བྱའོ། །འདོད་ཆགས་དང་བྲལ་བའི་ཁམས་ལ་འདོད་ཆགས་མེད་པར་གྱུར་པས་ན་འདོད་ཆགས་དང་བྲལ་བ་ཞེས་
བྱའོ། །འགོག་པའི་ཁམས་ཕུང་པོའི་ལྷག་མ་དང་བཅས་པ་དང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་གཉིས་ནི་གོ་རིམས་བཞིན་དུ་འགོག་པ་དང་། མྱ་ངན་ལས་འདས་པ་ཞེས་བྱའོ། །དེ་ལ་སྤོང་བའི་ཁམས་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་བརྩོན་པ་ནི་འདུ་བྱེད་རྣམས་
ལ་སྐྱོ་བར་བྱ་བ་ལ་བརྩོན་པ་ཞེས་བྱའོ། །འདོད་ཆགས་དང་བྲལ་བའི་ཁམས་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་བརྩོན་པ་ནི་འདུ་བྱེད་རྣམས་ལ་འདོད་ཆགས་དང་བྲལ་བར་བྱ་བ་ལ་བརྩོན་པ་ཞེས་བྱའོ། །འགོག་པའི་ཁམས་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་བརྩོན་པ་ནི་འདུ་བྱེད་རྣམས་
འགག་པར་བྱ་བ་ལ་བརྩོན་པ་ཞེས་བྱའོ། །སེམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་བརྩོན་པ་ལ་གོ་རིམས་རྣམ་པ་གཉིས་ཡོད་དེ། ཤེས་པའི་གོ་རིམས་དང་། ཤེས་པའི་འབྲས་བུའི་གོ་རིམས་སོམོ། །ཤེས་པའི་གོ་རིམས་གང་ཞེ་ན། ཐོག་མ་ཁོ་ནར་འདུ་བྱེད་རྣམས་ལ་སྐྱེ་
Vol. 131 · folio 133a
བ་དང་འཇིག་པ་རྣམ་པར་འབྱེད་པའི་ཚུལ་གྱིས་མི་རྟག་པའི་ཤེས་པ་སྐྱེའོ། །དེའི་འོག་ཏུ་སྐྱེ་བ་དང་འཇིག་པ་དང་ལྡན་པའི་འདུ་བྱེད་གང་ཡིན་པ་འདི་དག་ནི་སྐྱེ་བའི་ཆོས་ཉིད་དང་། རྒ་བའི་ཆོས་ཉིད་ནས་ཡིད་མི་བདེ་བ་དང་། འཁྲུག་པའི་ཆོས་ཉིད་ཀྱིས་སྡུག་
བསྔལ་ལོ་ཞེས་མི་རྟག་པར་ཤེས་པ་སྔ་མ་ལ་བརྟེན་ནས། སྡུག་བསྔལ་བར་ཤེས་པ་ཕྱི་མ་སྐྱེ་བར་འགྱུར་རོ། །སྐྱེ་བའི་ཆོས་ཅན་ནས་འཁྲུག་པའི་ཆོས་ཅན་གྱི་བར་གྱི་འདུ་བྱེད་གང་ཡིན་པ་འདི་དག་ནི་འཆི་འཕོ་དང་རྟེན་ཅིང་འབྲེལ་པར་འབྱུང་བ་གཅིག་ནས་གཅིག་ཏུ་བརྒྱུད་པར་ཞུགས་
པས་རང་དབང་མེད་པའི་རྣམ་པའི་ཚུལ་གྱིས་བདག་མེད་པའི་ཕྱིར་སྡུག་བསྔལ་ཤེས་པ་སྔ་མ་ལ་བརྟེན་ནས་ཕྱིས་བདག་མེད་པའི་ཤེས་པ་སྐྱེ་སྟེ། མི་རྟག་པ་གང་ཡིན་པ་དེ་ནི་སྡུག་བསྔལ་བའོ། །སྡུག་བསྔལ་བ་གང་ཡིན་པ་དེ་ནི་བདག་མེད་པ་སྟེ། དེ་ལྟར་ན་འདི་ནི་ཤེས་པའི་
གོ་རིམས་ཡིན་ནོ། །ཤེས་པའི་འབྲས་བུའི་གོ་རིམས་གང་ཞེ་ན། སྐྱོ་བ་དང་། འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བ་དང་། ཡོངས་སུ་གྲོལ་བའོ། །སྐྱོ་བ་གང་ཞེ་ན། གཉེན་པོ་མངོན་དུ་གྱུར་པ་ན་མི་མཐུན་པའི་འདུ་ཤེས་ཀྱིས་ཉོན་མོངས་པ་ཀུན་ཏུ་མི་སྤྱོད་པ་
གང་ཡིན་པའོ། །འདོད་ཆགས་དང་བྲལ་བ་གང་ཞེ་ན། སྐྱོ་བས་ཡོངས་སུ་བསྒོས་པའི་སེམས་ཀྱིས་གཉེན་པོ་ཡིད་ལ་མ་བྱས་སུ་ཟིན་ཀྱང་ཆགས་པར་བྱ་བའི་དངོས་པོ་ལ་འདོད་ཆགས་ཀུན་ཏུ་མི་སྤྱོད་པ་གང་ཡིན་པ་སྟེ། འདི་ལྟ་སྟེ། རྣམ་པར་གནོན་པའི་སྤོང་བའི་དབང་ལས་བྱུང་བའོ། །
རྣམ་པར་གྲོལ་བ་གང་ཞེ་ན། རྣམ་པར་གནོན་པའི་སྤོང་བ་དེ་ཉིད་མང་དུ་བྱས་པའི་རྒྱུས་དེའི་བག་ལ་ཉལ་བ་ཡང་དག་པར་བཅོམ་པ་གང་ཡིན་པ་སྟེ། འདི་ནི་རེ་ཞིག་སྐྱོ་བ་དང་། འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བ་རྣམས་ཀྱི་རྣམ་གྲངས་གཅིག་གོ། །གཞན་ཡང་སྐྱོ་བའི་
གནས་སྐབས་ནི་སྤོང་བའི་ཁམས་ཡིན་ཏེ། སྐྱོ་བ་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེས་སྐྱོ་བ་དེ་དག་ལ་བརྟེན་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་མ་གཏོགས་པར་དེ་མ་ཡིན་པའི་ས་རྣམས་ལ་མི་ཆགས་པ་དང་། ཆགས་པ་དང་བྲལ་བ་ནི་འདོད་ཆགས་དང་བྲལ་བའི་གནས་
Vol. 131 · folio 133b
སྐབས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བར་གྱུར་པ་ལས་ནི་རྣམ་པར་གྲོལ་བའི་གནས་སྐབས་སུ་གདགས་ཏེ་འདི་ནི་སྐྱོ་བ་དང་། འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བ་རྣམས་ཀྱི་རྣམ་གྲངས་གཉིས་པའོ། །ཡོངས་སུ་
གྲོལ་བ་གང་ཞེ་ན། དེ་དེ་ལྟར་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལས་ཀྱང་རྣམ་པར་གྲོལ་ལ། སྐྱེ་བ་ལ་སོགས་པ་སྡུག་བསྔལ་གྱི་ཀུན་ནས་ཉོན་མོངས་པ་ལས་ཀྱང་ཡོངས་སུ་གྲོལ་བ་འདི་ཡོངས་སུ་གྲོལ་བ་ཞེས་བྱའོ། །དེ་ལྟར་ཤེས་པའི་དབང་དུ་བྱས་ནས་འདུ་བྱེད་
རྣམས་ལ་སྐྱོ་བ་དང་། སྐྱོ་བའི་རྒྱུས་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བའི་རྒྱུས་རྣམ་པར་གྲོལ་བ་དང་། ཡོངས་སུ་གྲོལ་བར་འགྱུར་བ་འདི་ནི་ཤེས་པའི་འབྲས་བུའི་གོ་རིམས་སོམོ། །བཞི་པོ་འདི་དག་ནི་ཉེས་པར་བཟུང་བས་ཏེ། བཞི་པོ་གང་ཞེ་
ན། ལྟ་བ་ཉེས་པར་བཟུང་བ་དང་། ང་རྒྱལ་ཉེས་པར་བཟུང་བ་དང་། རང་གི་ཉེས་པར་བཟུང་བ་དང་། གཞན་གྱི་ཚིག་ལས་ཉེས་པར་བཟུང་བའོ། །དེ་ལ་ལྟ་བ་ཉེས་པར་བཟུང་བ་ནི་འདུ་བྱེད་རྣམས་ལ་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་གང་ཡིན་པའོ། །
དེ་ལ་ང་རྒྱལ་ཉེས་པར་བཟུང་བ་ནི་འདུ་བྱེད་རྣམས་ལ་ངའོ་སྙམ་དུ་འཛིན་པའོ། །དེ་ལ་ལྟ་བ་ཉེས་པར་བཟུང་བ་ནི་བདེན་པ་རྟོགས་པ་ལ་གེགས་བྱེད་པའོ། །ངའོ་སྙམ་པའི་ང་རྒྱལ་ཉེས་པར་བཟུང་བ་ནི་བསྒོམ་པས་སྤང་བར་བྱ་བ་སྤོང་བ་ལ་གེགས་བྱེད་པའོ། །དེ་ལ་རང་གི་ཉེས་པར་བཟུང་
བ་ནི་གཅིག་པུའི་རྟོག་པ་ངན་པ་ལ་བརྟེན་པ་འདི་ནི་བདག་ཡིན་ནོ་སྙམ་སྟེ་ལྟ་བ་ཉེས་པར་བཟུང་བའམ། ང་རྒྱལ་ཉེས་པར་བཟུང་བའོ། །དེ་ལ་གཞན་གྱི་ཚིག་ལས་ཉེས་པ་བཟུང་བ་ནི་གཞན་དག་གི་ཚིག་ལས་མངོན་པར་ཞེན་པར་གྱུར་ཏེ། འདི་ནི་བདག་གི་བདག་ཡིན་ནོ་སྙམ་དུ་
རྣམ་པ་དེ་ལྟ་བུ་ལ་ཞུགས་པ་གང་ཡིན་པའོ། །ཡང་འདི་ནི་བདག་གི་ཡིན་ནོ་ཞེས་བྱ་བ་ནི་བདག་ཏུ་ཉེས་པར་བཟུང་བ་ཡང་ཡིན། རང་གི་ཉེས་པར་བཟུང་བ་ཡང་ཡིན། གཞན་དག་གི་ཚིག་ལས་ཉེས་པར་བཟུང་བ་ཡང་ཡིན་ཏེ། འཛིན་པ་དེ་དག་ཐམས་ཅད་སྤོང་བ་གང་ཡིན་
Vol. 131 · folio 134a
པ་ནི་ཤེས་པའི་འབྲས་བུ་ཡིན་པར་རིག་པར་བྱའོ། །འདུ་བྱེད་ཐམས་ཅད་ནི་རྣམ་པ་གསུམ་གྱིས་ཆད་པ་མ་ཡིན་པ་དང་། རྟག་པ་མ་ཡིན་པར་རིག་པར་བྱ་སྟེ། གསུམ་གང་ཞེ་ན། འདུ་བྱེད་ཀྱི་རྒྱུ་མི་གནས་པ་དང་། སྐྱེས་པ་རྣམས་གནས་པའི་རྒྱུ་མེད་པ་
དང་། མ་འོངས་པ་རྣམས་ཀྱི་རྒྱུའི་ངོ་བོ་འགག་པའི་ཕྱིར་རོ། །དེ་ལ་རྒྱུ་མི་རྟག་པ་དང་། སྐྱེས་པ་གནས་པའི་རྒྱུ་མི་དམིགས་པའི་ཕྱིར་རྟག་པ་མ་ཡིན་ནོ། །མ་འོངས་པ་རྣམས་སྐྱེ་བ་ལ་ད་ལྟར་བྱུང་བ་རྒྱུའི་ངོ་བོ་རྣམས་འགག་པས་ན་ཆད་པ་མ་ཡིན་ནོ། །བཞི་པོ་འདི་དག་ནི་འདུ་བྱེད་
རྣམས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཇུག་པའི་རྐྱེན་ཡིན་ཏེ། བཞི་གང་ཞེ་ན། རྒྱུའི་རྐྱེན་དང་། མཚུངས་པ་དེ་མ་ཐག་པའི་རྐྱེན་དང་། དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་ཏོ། །རྐྱེན་བཞི་པོ་དེ་དག་ཀྱང་རྒྱུ་དང་རྐྱེན་གཉིས་སུ་འགྱུར་རོ། །དེ་ལ་རྒྱུའི་རྐྱེན་ཉིད་ནི་རྒྱུ་
ཡིན་ནོ། །ལྷག་མ་གསུམ་ནི་རྐྱེན་ཁོ་ནའོ། །དེ་ལ་རྒྱུའི་རྐྱེན་ནི་འདུ་བྱེད་ཐམས་ཅད་ཀྱི་ས་བོན་གང་ཡིན་པའོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི། རྣམ་པར་ཤེས་པའི་ཚོགས་དྲུག་པོ་མཚུངས་པར་ལྡན་པ་དང་བཅས་པ་རྣམས་ཀྱི་མཚུངས་པ་དེ་མ་ཐག་པ་འགག་པའི་རྣམ་
པར་ཤེས་པའི་ཚོགས་དྲུག་པོ་མཚུངས་པར་ལྡན་པ་དང་བཅས་པ་རྣམས་སོ། །དེ་ལ་དམིགས་པའི་རྐྱེན་ནི་རྣམ་པར་ཤེས་པའི་ཚོགས་ལྔའི་ངེས་པའི་ཡུལ་ལྔ་དང་། རྣམ་པར་ཤེས་པའི་ཚོགས་དྲུག་ནི་ཆོས་ཐམས་ཅད་དོ། །དེ་ལ་བདག་པོའི་རྐྱེན་ནི་རྣམ་པར་ཤེས་པའི་
ཚོགས་ལྔའི་ངེས་པའི་རྟེན་ཏེ། མིག་ལ་སོགས་པ་དང་། དེ་ལས་བྱུང་བའི་ཡིད་ལ་བྱེད་པ་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་བདག་པོའི་རྐྱེན་ནི་འབྱུང་བ་ཆེན་པོ་བཞིའི་ལུས་དང་། དེ་ལས་བྱུང་བའི་ཡིད་ལ་བྱེད་པའོ། །སྔོན་གྱི་ལས་སྡུག་པ་དང་མི་སྡུག་པའི་
འབྲས་བུ་འགྲུབ་པར་བྱེད་པ་གང་ཡིན་པ་དེ་ཡང་དེའི་བདག་པོའི་རྐྱེན་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་ཚོགས་ནི་ལམ་གྱི་བདག་པོའི་རྐྱན་ཡིན་ནོ། །ལམ་ནི་མྱ་ངན་ལས་འདས་པ་འཐོབ་པའི་བདག་པོའི་རྐྱེན་ཡིན་པར་རིག་པར་བྱའོ། །ཀུན་ནས་ཉོན་མོངས་པ་དང་། རྣམ་
Vol. 131 · folio 134b
པར་བྱང་བ་རྟག་པ་ནི་གཞི་གསུམ་དང་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། མནོག་ལ་མནོག་གི་སྒོ་ནས་རྟོག་པ་ན་འདུ་བྱེད་རྣམས་ལ་ཀུན་ནས་ཉོན་མོངས་པའི་རྒྱུར་རྟོག་པ་དང་། ཉེས་དམིགས་ལ་ཉེས་དམིགས་ཀྱི་སྒོ་ནས་རྟོག་པ་ན་འདུ་བྱེད་རྣམས་ལ་རྣམ་པར་བྱང་བའི་རྒྱུར་རྟོག་པ་
དང་། ངེས་པར་འབྱུང་བ་ལ་ངེས་པར་འབྱུང་བའི་སྒོ་ནས་རྟོག་པ་ན་འདུ་བྱེད་རྣམས་ལ་རྣམ་པར་བྱང་བར་རྟོག་པ་འདི་དག་གཅིག་ཏུ་བསྡུས་པ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྟག་པའི་གཞི་གསུམ་ཡིན་ནོ། །རྟག་པ་རྣམ་པ་གཉིས་གང་ཞེ་ན། འདི་ལྟ་སྟེ།
ཇི་ལྟ་བ་བཞིན་དུ་ཡོད་པ་དང་། ཇི་སྙེད་ཡོད་པའོ། །དེ་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ནི་འདུ་བྱེད་རྣམས་ཀྱི་མནོག་གང་ཡིན་པ་དང་། ཉེས་དམིགས་གང་ཡིན་པ་དང་། ངེས་པར་འབྱུང་བ་གང་ཡིན་པའོ། །དེ་ལ་ཇི་སྙེད་ཡོད་པ་ནི་འདུ་བྱེད་རྣམས་ཀྱི་མནོག་ཇི་སྙེད་པ་དང་།
ཉེས་དམིགས་ཇི་སྙེད་པ་དང་། ངེས་པར་འབྱུང་བ་ཇི་སྙེད་པའོ། །དེ་ལ་འདུ་བྱེད་རྣམས་ཀྱི་རྐྱེན་གྱིས་བདེ་བ་འབྱུང་བ་དང་། ཡིད་བདེ་བ་འབྱུང་བ་གང་ཡིན་པ་འདི་ནི་དེ་དག་གི་མནོག་ཡིན་ལ། མནོག་འདི་དག་ནི་ཆུང་ངུ་ཞེས་བྱ་བས་ཏེ། དེ་ལྟར་ན་རྣམ་པ་གཉིས་ཀྱིས་འདི་ལྟ་སྟེ།
མནོག་ཇི་ལྟ་བ་བཞིན་དུ་ཡོད་པ་ལ་ཉེ་བར་རྟོག་གོ། །དེ་ལ་འདུ་བྱེད་རྣམས་ཀྱིས་མི་རྟག་པ་དང་། སྡུག་བསྔལ་བ་དང་། རྣམ་པར་འགྱུར་བའི་ཆོས་ཅན་གང་ཡིན་པ་འདི་ནི་དེ་དག་གི་ཉེས་དམིགས་ཡིན་ལ་ཉེས་དམིགས་འདི་ནི་ཆེའོ་ཞེས་བྱ་བ་སྟེ། དེ་ལྟར་ན་རྣམ་པ་གཉིས་ཀྱིས་
འདི་ལྟ་སྟེ། ཉེས་དམིགས་ཇི་ལྟ་བ་བཞིན་དུ་ཡོད་པ་ལ་ཉེ་བར་རྟོག་གོ། །དེ་ལ་འདུ་བྱེད་རྣམས་ལ་འདུན་པའི་འདོད་ཆགས་འདུལ་བ་དང་། འདུན་པའི་འདོད་ཆགས་སྤོང་བ་དང་། འདུན་པའི་འདོད་ཆགས་ལས་ཡང་དག་པར་འདའ་བ་གང་ཡིན་པ་འདི་ནི་དེ་དག་ལས་ངེས་
པར་འབྱུང་བ་ཡིན་ལ་གྲུབ་པ་དང་བདེ་བ་དེ་ནི་ཞི་བ་དང་བླ་ན་མེད་པ་དང་གཞན་རྫས་ཡིན་ཏེ། དེ་ལྟར་ན་རྣམ་པ་གཉིས་ཀྱིས་འདི་ལྟ་སྟེ། ངེས་པར་འབྱུང་བ་ཇི་ལྟ་བ་བཞིན་དུ་ཡོད་པ་ལ་ཉེ་བར་རྟོག་གོ། །འདུ་བྱེད་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་དང་། ནང་
Vol. 131 · folio 135a
དང་། ཕྱི་རོལ་རྣམས་དང་། རགས་པ་དང་ཕྲ་བ་རྣམས་དང་། བཟང་པོ་དང་ངན་པ་རྣམས་དང་། རིང་བ་རྣམས་དང་། ཉེ་བ་རྣམས་ལ་འདི་ནི་མནོག་དང་ཉེས་དམིགས་སོ། །འདི་ནི་ངེས་པར་འབྱུང་བའོ་སྙམ་དུ་རྟོག་པ་གང་ཡིན་པ་འདི་ནི་འདི་ལྟ་སྟེ།
དེ་དག་གི་མནོག་དང་ཉེས་དམིགས་དང་ངེས་པར་འབྱུང་བ་རྣམས་ཇི་སྙེད་ཡོད་པ་ལ་རྟོག་པ་ཡིན་པར་རིག་པར་བྱའོ། །གཞི་གསུམ་པོ་འདི་དག་ཡོད་པར་བརྡ་སྤྲད་པར་བྱ་བ་ནི་སེམས་ཅན་གྱི་ཚོགས་གསུམ་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། འདོད་པ་དག་ལ་ལྷག་པར་ཞེན་པ་
རྣམས་དང་། འདོད་པ་དག་ལས་དབེན་པ་རྣམས་དང་། འདོད་པ་དག་དང་བྲལ་བ་རྣམས་སོ། །གནས་གསུམ་པོ་འདི་དག་ལ་ལྷར་བཅས་པའི་འཇིག་རྟེན་དང་དགེ་སྦྱོང་དང་བྲམ་ཟེར་བཅས་པ་དང་། ལྷ་དང་མིར་བཅས་པའི་འཇིག་རྟེན་གསུམ་ཀུན་ཏུ་རྨོངས་སོ། །འཇིག་རྟེན་
གསུམ་པོ་འདི་དག་ཀྱང་རྒྱུ་རྣམ་པ་གསུམ་གྱིས་རྣམ་པར་གཞག་པར་རིག་པར་བྱ་སྟེ། འདི་ལྟར་འདོད་པའི་དབང་ཕྱུག་དང་། དགའ་བའི་དབང་ཕྱུག་ཐོབ་པ་ནི་འདི་ལྟ་སྟེ། བདུད་དུ་བཅས་པ་དང་། ཚངས་པར་བཅས་པའི་འཇིག་རྟེན་གཉིས་སོ། །དེ་ཐོབ་པར་བྱ་བའི་རྒྱུ་ལ་
བརྩོན་པ་ནི་དགེ་སྦྱོང་དང་བྲམ་ཟེར་བཅས་པའོ། །ལས་དང་རྒྱུ་དང་འབྲས་བུ་རྣམ་པ་སྣ་ཚོགས་པ་ཁས་ལེན་པ་ནི་ལྷ་དང་མིར་བཅས་པའོ། །གནས་གསུམ་པོ་འདི་དག་ཅི་རིགས་པར་སྤང་བ་དང་། མངོན་སུམ་དུ་བྱས་པ་ལ་ལམ་གཉིས་ཡོད་དེ། མཐོང་བའི་ས་ལ་ཞུགས་པའི་ཕྱིན་ཅི་
ལོག་བཞི་སྤོང་བར་གཏོགས་པའི་སེམས་དང་། གོང་དུ་བསྒོམ་པའི་ལམ་ལ་དེ་ལ་ཤས་ཆེར་གནས་པའོ། །ལམ་རྣམ་པ་དེ་གཉིས་ཀྱིས་སེམས་རྣམ་པར་གྲོལ་བའི་འབྲས་བུ་ནི་རྣམ་པ་བཞི་ཡོད་དེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་འཆིང་བ་ལས་རྣམ་པར་གྲོལ་
བའི་རྣམ་པ་དང་། འདོད་པའི་འདུན་པ་འདུལ་བ་དང་། སྤོང་བ་དང་། ཡང་དག་པར་འདའ་བ་དང་། ངེས་པར་འབྱུང་བའི་རྣམ་པ་དང་། ཀུན་ཏུ་སྦྱོར་བ་དགུ་དང་བྲལ་བའི་རྣམ་པ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལས་རྣམ་པར་ཐར་པའི་རྣམ་པའོ། །དེ་ལ་རྒྱུ་ལྟ་བུའི་
Vol. 131 · folio 135b
རྣམ་པ་གསུམ་གྱིས་ནི་ཉོན་མོངས་པ་ལས་རྣམ་པར་གྲོལ་བ་བསྟན་ཏོ། །ཐ་མའི་འབྲས་བུ་ལྟ་བུའི་རྣམ་པ་གཅིག་གིས་ནི་སྡུག་བསྔལ་ལས་རྣམ་པར་གྲོལ་བ་བསྟན་ཏེ། དཔེར་ན་མི་ལ་ལ་ཞིག་བཅིང་བ་རྣམ་པ་སྣ་ཚོགས་ཤིང་སྒྲོག་གམ། རྩྭ་བལ་བ་ཛའི་ཐག་པའམ། ལྕགས་ཐག་
རྣམས་ཀྱིས་བཏགས་ལ་དེ་སྲུང་མའི་མི་གཞན་དག་ཀྱང་བཀོད་ནས་དེ་བཙོན་བྱེད་པ་དེ་ལས་བྲོས་ཏེ་རྒྱང་རིང་དུ་སོང་དུ་ཟིན་ཀྱང་ཕྱིར་ཁྲིད་དེ་འོང་བའམ། ཡང་ན་འགུལ་དུ་ཡང་མི་སྟེར་ན། འབྲོས་སུ་ལྟ་ག་ལ་ཡོད་པའམ། གཞན་ཡང་བཙོན་བྱེད་པ་དེ་ལ་འདོད་པའི་ཡོན་ཏན་རྒྱ་ཆེན་པོ་རྣམ་པ་
སྣ་ཚོགས་སུ་ཆགས་སུ་རུང་ཞིང་ཀུན་ཏུ་སྦྱོར་བར་བྱེད་པ་དག་དང་ལྡན་པར་བྱས་ན་དེ་དག་ལ་སེམས་ཆགས་པས་རང་ཉིད་འབྲོས་པར་མི་སེམས་ཏེ། དེ་ལྟར་མི་དེ་བཅིང་བ་རྣམ་པ་ཐམས་ཅད་ཀྱིས་ལེགས་པར་བསྲུང་བ་དང་། ལེགས་པར་བསྡམས་པའི་བཅིང་བས་དམ་པོར་བཅིངས་པ་ལ་ནི་དགྲས་
འདི་ལྟ་སྟེ། བརྡེག་པ་དང་། གནོད་པར་བྱ་བའམ། ཆད་པས་གཅད་པའམ། ཡང་ན་གཏན་དུ་གསད་པ་ལ་ཅི་དགའ་དགུར་བྱར་ཡོད་ལ། དེ་གང་གི་ཚེ་བཙོན་བྱེད་པ་དེ་ལས་ཤོར་བར་གྱུར་ན། བཅིང་བ་རྣམ་པ་བཞི་ལས་ཤོར་བ་ཞེས་བརྗོད་པར་འགྱུར་བ་དེ་བཞིན་དུ་གནས་
གསུམ་པོ་དག་ལ་ཀུན་ཏུ་རྨོངས་པའི་སེམས་ཅན་འདི་དག་ཀྱང་བཅིང་བ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་བཅིང་བ་རྣམས་ཀྱིས་བཅིངས་སོ། །དེ་དག་གི་བཙོན་སྲུང་ལྟ་བུ་ནི་རྟོག་པ་ངན་པ་རྣམས་དང་། ཉོན་མོངས་པའི་བག་ལ་ཉལ་མ་
བསལ་བའོ། །དེ་ལ་རྟོག་པ་ངན་པ་རྣམས་ཀྱིས་ནི་འགུལ་དུའང་མི་སྟེར་ན། འདོད་ཆགས་དང་བྲལ་བར་འགྱུར་བས་འབྲོས་སུ་ལྟ་ག་ལ་ཡོད། བག་ལ་ཉལ་རྣམས་ཀྱིས་ནི་འཇིག་རྟེན་པའི་ལམ་གྱིས་བྲོས་ཏེ། སྲིད་པའི་རྩེ་མོ་མན་ཆད་དུ་སོང་དུ་ཟིན་ཀྱང་ཕྱིར་ཁྲིད་དེ་འོང་ངོ་། །དེའི་
ཀུན་ཏུ་སྦྱོར་བ་དགུ་ནི་འདོད་པའི་ཡོན་ཏན་ལྟ་བུ་ཡིན་ཏེ། དེ་དག་གི་འདུ་བྱེད་རྣམས་ལ་རང་ཉིད་དགའ་བས་བདག་ཉིད་བཅིངས་པ་ལས་རྣམ་པར་ཐར་བར་མི་འདོད་པ་དེ་ནི་དེ་ལྟར་རྣམ་པ་སྣ་ཚོགས་སུ་ལེགས་པར་བསྲུངས་པ་དང་། ཤིན་ཏུ་ཐབས་ལེགས་པར་དམ་པོར་བཅིངས་པ་དང་།
Vol. 131 · folio 136a
ཤིན་ཏུ་བསྡོམས་ནས་བཅིངས་པ་ཡིན་ཏེ། བདུད་བཞིའི་དགྲ་རྣམས་ཀྱིས་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་བསྒྲུབ་པ་ལ་ཅི་དགའ་དགུར་བྱར་ཡོད་ལ་དེ་དེ་ལས་ཐར་བར་གྱུར་ན་དེ་ཁོ་ན་དང་འདྲ་བར་བཅིང་བ་རྣམ་པ་བཞི་ལས་རྣམ་པར་གྲོལ་བ་ཞེས་བརྗོད་དོ། །སྡོམ་
ནི། མན་ངག་བསྡུས་དང་མན་ངག་འབྲས། །འཆི་དང་གྲངས་སུ་འགྲོ་བ་དང་། །ཡོངས་སུ་ཤེས་དང་སྤོང་བ་གསུམ། །འཆིང་དང་ཤིན་ཏུ་རྣམ་པར་གྲོལ། །ལྟ་དང་ང་རྒྱལ་ཀུན་ཉོན་མོངས། །རྣམ་པར་བྱང་བ་བརྗོད་པའི་གནས། །རབ་ཏུ་དབེན་པ་རྣམ་བཞི་དང་། །
ཕུན་སུམ་ཚོགས་པ་རྣམ་པ་གསུམ། །ཉན་ཐོས་ནི་རྒྱུ་རྣམ་པ་གསུམ་གྱིས་སྟོན་པ་ལས་གདམས་ངག་བསྡུས་ཏེ་ཚོལ་བར་བྱེད་དོ། །གསུམ་གང་ཞེ་ན། ཐོས་པ་ལྷུར་བྱེད་ཅིང་དེ་མ་ཡིན་པའི་ནན་ཏན་དུ་བསྒྲུབ་པ་དག་ལ་མི་ཕྱོགས་པ་རྣམས་ནི་བསྡུས་པའི་ཆོས་ཐོས་པ་ཙམ་
གྱིས་ཀྱང་རང་གི་དོན་ཐོབ་པར་འགྱུར་བས་ན་ཐོས་པ་ལྷུར་ལེན་པ་དོན་མེད་པ་དང་། ནན་ཏན་དུ་བསྒྲུབ་པ་འབའ་ཞིག་གཅེས་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཐོས་པ་ལྷུར་ལེན་པ་ལས་མོས་པ་བཟློག་པའི་དོན་དང་། བྱ་བ་མང་པོའམ་སྐྲག་སྟེ་འཇུག་པ་ལ་མི་ཕྱོགས་པ་རྣམས་
ཐབས་ཀྱིས་འཇུག་པར་བྱ་བའི་དོན་དང་། ཡང་ན་དེ་ཉིད་ཆོས་མང་པོ་ལེགས་པར་ཐོས་ཤིང་ལེགས་པར་བསམས་པ་ཡིན་པས་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་ཆོས་མང་པོ་ལེགས་པར་ཐོས་ཤིང་ལེགས་པར་བསམས་པ་ཡིན་ཏེ། གལ་ཏེ་བདག་ཆོས་རྣམས་ཇི་སྙེད་བདག་
གིས་ཐོས་ཤིང་བསམས་པ་དེ་དག་ཐམས་ཅད་ལ་བརྟེན་ནས་སེམས་གནས་པའི་དམིགས་པའམ། རྣམ་པར་གྲོལ་བའི་དམིགས་པ་ལ་སེམས་ཉེ་བར་འདོགས་ན་ནི་བདག་གི་ཡིད་ལ་བྱེད་པ་ཡང་རྣམ་པར་འཁྲུག་པར་འགྱུར་ལ་སེམས་གནས་པ་ཡང་ཐོབ་པར་མི་འགྱུར་ན། རྣམ་
པར་གྲོལ་བར་ལྟ་ག་ལ་འགྱུར་སྙམ་སྟེ། ཐོས་པ་དང་བསམས་པའི་ཆོས་དེ་དག་ལས་གང་ལ་བརྟེན་ན་དམིགས་པ་ལ་སེམས་གནས་པའམ། རྣམ་པར་ཐར་པར་བྱ་བ་ལ་མངོན་པར་ཤེས་པ་མྱུར་བ་དང་། མྱུར་དུ་ངེས་པར་འབྱུང་བར་འགྱུར་བ་ཡང་ངེས་པ་མེད་དེ། དེ་དེ་ལྟར་
Vol. 131 · folio 136b
བདག་ཉིད་ལ་ངེས་པ་མེད་པར་སྟོན་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་མཁས་པ་མངོན་སུམ་དུ་གྱུར་པར་མཐོང་ནས་ཐད་དུ་སོང་སྟེ་གདམས་ངག་བསྡུས་པ་ཚོལ་བར་བྱེད་དོ། །ཡང་དག་པའི་གདམས་ངག་གི་འབྲས་བུ་ནི་རང་གི་དོན་ཐོབ་པ་རྣམ་པ་བཞིར་རིག་པར་བྱ་སྟེ།
འདི་ལྟ་སྟེ། གང་གི་དོན་དུ་རབ་ཏུ་འབྱུང་བ་དང་། ཇི་ལྟར་རབ་ཏུ་འབྱུང་བ་སྟེ། ཆ་ལུགས་ཕུན་སུམ་ཚོགས་པ་དང་། ལས་ཕུན་སུམ་ཚོགས་པ་དང་། བསམ་པ་ཕུན་སུམ་ཚོགས་པ་དང་། གནས་གཏོང་ཞིང་ལེན་པ་ཕུན་སུམ་ཚོགས་པ་དེ་ལ་བརྟེན་ནས་བླ་ན་མེད་པ་
འཐོབ་པ་དང་། ཚེ་འདི་ལ་འཐོབ་པ་དང་། བདག་གིས་འཐོབ་པ་དང་། སོ་སོ་རང་རིག་པ་འཐོབ་པར་འགྱུར་བའོ། །དྲུག་པོ་འདི་དག་ནི་འཆི་བ་ཡིན་ཏེ། འདི་ལྟ་སྟེ། འདས་པའི་འཆི་བ་དང་། ད་ལྟར་བྱུང་བའི་འཆི་བ་དང་། མ་དུལ་བའི་འཆི་བ་དང་། དུལ་བའི་འཆི་བ་དང་། འདྲ་བའི་འཆི་
བ་དང་། མི་འདྲ་བའི་འཆི་བའོ། །དེ་ལ་འདས་པའི་འཆི་བ་ནི་འདས་པའི་འདུ་བྱེད་རྣམས་འཕོ་བ་ནས། སྲོག་གི་དབང་པོ་འགག་པའི་བར་གྱི་འཆི་བ་གང་ཡིན་པའོ། །དེ་ལ་ད་ལྟར་བྱུང་བའི་འཆི་བ་ནི་ད་ལྟར་བྱུང་བའི་འདུ་བྱེད་རྣམས་འཕོ་བ་དང་།
སྲོག་གི་དབང་པོ་འགག་པའི་བར་གང་ཡིན་པའོ། །དེ་ལ་མ་དུལ་བའི་འཆི་བ་ནི་འདས་པའི་དུས་ན་མ་དུལ་ཞིང་མ་ཞི་ལ་བག་ལ་ཉལ་དང་བཅས་པའི་འདུ་བྱེད་རྣམས་གཅིག་ལ་གཅིག་བག་ལ་ཉལ་བ་དང་། ཐ་སྙད་དུ་གདགས་པའི་སྐྱེས་བུའི་བག་ལ་ཉལ་རྣམས་ཀྱིས་ཤི་ནས་ད་ལྟར་བྱུང་བའི་
དུས་ན་ཉིང་མཚམས་སྦྱོར་བར་བྱེད་དེ། བག་ལ་ཉལ་དང་བཅས་པའི་འདུ་བྱེད་ཀྱིས་ཡོངས་སུ་ཟིན་པའི་ལུས་མངོན་པར་འགྲུབ་པ་ལ་ད་ལྟར་བྱུང་བའི་དུས་ན་ཡང་ཚེའི་མཐའ་ཟད་པར་བྱས་ནས་དེ་བཞིན་དུ་མ་དུལ་ཞིང་རྣམ་པར་མ་དུལ་བ་ནས་རྒྱས་པར་ཤི་ནས་མ་འོངས་པ་ན་ལུས་མངོན་པར་
འགྲུབ་ཅིང་བག་ལ་ཉལ་དང་བཅས་པའི་འདུ་བྱེད་རྣམས་ཉེ་བར་ལེན་པ་གང་ཡིན་པ་སྟེ། དེ་དག་ཉེ་བར་བླངས་པའི་ཕྱིར་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་ཁྱད་པར་རྣམས་དང་། འདོད་ཆགས་ལ་སོགས་པའི་འཆིང་བ་ཆེན་པོ་རྣམས་ཀྱིས་བཅིངས་སོ། །དེ་ལ་དུལ་བའི་འཆི་བ་ནི་ད་
Vol. 131 · folio 137a
ལྟར་གྱི་དུས་ན་དུལ་ཞིང་རྣམ་པར་དུལ་ལ་བག་ལ་ཉལ་མེད་པ་ཤི་ནས་མ་འོངས་པ་ན་ལུས་མངོན་པར་འགྲུབ་པར་མི་འགྱུར་ཞིང་། བག་ལ་ཉལ་དང་བཅས་པའི་འདུ་བྱེད་རྣམས་ཉེ་བར་མི་ལེན་པ་སྟེ། དེ་དག་ཉེ་བར་མ་བླངས་པའི་ཕྱིར་སྐྱེ་བ་ལ་སོགས་པའི་སྡུག་
བསྔལ་གྱི་ཁྱད་པར་རྣམས་དང་། འདོད་ཆགས་ལ་སོགས་པའི་འཆིང་བ་ཆེན་པོ་རྣམས་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །དེ་ལ་འདྲ་བའི་འཆི་བ་ནི་གལ་ཏེ་འདས་པའི་དུས་ན་ཇི་ལྟར་མ་དུལ་བ་བཞིན་དུ་ཤི་བ་དེ་བཞིན་དུ་ད་ལྟར་བྱུང་བའི་དུས་ན་ཡང་འཆི་བ་དེ་ནི་དེ་འདྲ་བའི་འཆི་བ་ཡིན་
ཏེ། མཚུངས་པའི་འཆི་བ་དང་། མཐུན་པའི་འཆི་བ་ཡང་དེ་ཡིན་པར་རིག་པར་བྱའོ། །དེ་མ་ཡིན་པ་འདས་པའི་དུས་ན་མ་དུལ་བའི་འཆི་བའི་དུས་བྱས་ལ་ད་ལྟར་བྱུང་བའི་དུས་ན་དུལ་བར་འགྱུར་ཏེ། ཤི་བ་དེ་ནི་དེའི་མི་འདྲ་བའི་འཆི་བ་ཡིན་ཏེ། མི་མཚུངས་པའི་འཆི་བ་
དང་། མི་མཐུན་པའི་འཆི་བ་ཡང་དེ་ཡིན་པར་རིག་པར་བྱའོ། །དེ་ལ་ད་ལྟར་བྱུང་བའི་འདུ་བྱེད་བག་ལ་ཉལ་དང་བཅས་པ་རྣམས་ནི་གཅིག་ལ་གཅིག་བག་ལ་ཉལ་བཞིན་དུ་འཕོ་བ་སྟེ། འདས་པ་ནི་དེ་ཁོ་ན་བཞིན་དུ་འདྲ་བའི་འཆི་བས་འཆི་འཕོ་ཞིང་མཐུན་པར་འཆི་ལ། འདས་པ་ན་
མཐུན་པར་འཆི་བ་དེ་དང་འདྲ་བའི་འདུ་བྱེད་ཀྱི་རྒྱུད་ལ་ཉིང་མཚམས་སྦྱོར་ཞིང་མ་འོངས་པ་ཉེ་བར་ལེན་ཏོ། །འཆི་བ་རྣམ་པ་དྲུག་པོ་དེ་དག་ཀྱང་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། འདུ་བྱེད་འཇུག་པའི་ཉེས་དམིགས་དང་། འདུ་བྱེད་ལྡོག་པའི་ཕན་ཡོན་ནོ། །དེ་ལ་འདས་པ་དང་།
ད་ལྟར་བྱུང་བ་དང་། མ་དུལ་བ་དང་། འདྲ་བའི་འཆི་བ་རྣམས་དང་། མ་འོངས་པའི་ཉེ་བར་ལེན་པ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དང་། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་འཆིང་བའི་ཕྱིར་ནི་འདུ་བྱེད་འཇུག་པའི་ཉེས་དམིགས་སོ། །ད་ལྟར་བྱུང་བ་ན་
དུལ་བ་དང་མི་འདྲ་བའི་འཆི་བ་དང་། མ་འོངས་པ་ན་ཉེ་བར་མི་ལེན་པ་དང་། སྡུག་བསྔལ་དང་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་བའི་ཕྱིར་ནི་འདུ་བྱེད་ལྡོག་པའི་ཕན་ཡོན་ནོ། །འདུ་བྱེད་རྣམས་མངོན་པར་འགྲུབ་པ་ལ་ནི་རྣམ་པ་བརྒྱད་པོ་འདི་དག་གིས་གདགས་པའི་སྐྱེས་
Vol. 131 · folio 137b
བུའི་གྲངས་སུ་འགྲོ་བར་འགྱུར་ཏེ། མིང་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་ཉམས་སུ་མྱོང་། ཚེ་ནི་འདི་ལྟར་རིང་། ཡུན་ནི་འདི་སྲིད་དུ་གནས། ཚེའི་མཐའ་ནི་འདི་
ཙམ་ཞིག་ཅེས་བྱ་བ་སྟེ། རྣམ་པ་འདི་དག་གི་དབྱེ་བ་ནི་སྔ་མ་བཞིན་དུ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སའི་སྔོན་གྱི་གནས་ལས་བརྩམས་པ་བཞིན་དུ་རིག་པར་བྱའོ། །འདུ་བྱེད་རྣམས་ལ་བདག་མེད་པར་ཡོངས་སུ་ཤེས་པ་དང་། སྤོང་བ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ།
འདི་ལྟ་སྟེ། ནང་ཡོངས་སུ་ཤེས་པ་དང་། ཕྱི་རོལ་ཡོངས་སུ་ཤེས་པ་དང་། ནང་དང་ཕྱི་རོལ་ཡོངས་སུ་ཤེས་པ་སྟེ། སྤོང་བ་ཡང་དེ་དང་འདྲའོ། །དེ་ཡང་འདུ་བྱེད་འདི་དག་ནི་བདག་མ་ཡིན་ནོ། །འདི་དག་ནི་བདག་གི་མ་ཡིན་ནོ། །འདི་དག་ནི་གཞན་སུའི་ཡང་མ་ཡིན་ནོ་སྙམ་
དུ་ནང་དང་ཕྱི་རོལ་དང་གཉི་ག་ཡོངས་སུ་ཤེས་པ་དང་། སྤོང་བ་ལ་ཅི་རིགས་པར་རིག་པར་བྱའོ། །དེ་ལ་ཆོས་ཀྱི་ལུགས་ཤེས་པས་ངེས་པར་བྱས་པ་ནི་ཡོངས་སུ་ཤེས་སོ། །དེ་ལ་གོམས་པས་དེ་དང་མཚུངས་པར་ལྡན་པའི་བག་ལ་ཉལ་སྤངས་པ་ནི་དེ་སྤོང་བ་ཡིན་ནོ། །དེ་ལ་གང་
གིས་འདུ་བྱེད་རྣམས་ཡོངས་སུ་མ་ཤེས་པ་དེ་ལ་ནི་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྟོན་པ་ཆོས་སྟོན་པར་མཛད་དོ། །གང་གིས་ཡོངས་སུ་ཤེས་ལ་མ་སྤངས་པ་དེ་ནི་ཇི་ལྟར་ཐོབ་པའི་ཡོངས་སུ་ཤེས་པ་ལ་གོམས་པ་ཙམ་གྱིས་དེ་སྤང་བར་བྱ་བའི་ཕྱིར་ཡང་དག་པར་འཛུད་པར་མཛད་དོ། །གསུམ་
པོ་འདི་དག་ནི་འཁོར་བར་འཇུག་པ་ན་འཆིང་བ་ཡིན་ཏེ། དེ་དག་ལས་སེམས་རྣམ་པར་གྲོལ་བར་དཀའོ། །དེ་ཡང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རྣམ་པར་གྲོལ་བར་འགྱུར་གྱི་ཉེས་པར་བཤད་པས་ནི་མ་ཡིན་ནོ། །གསུམ་གང་ཞེ་ན། འདི་ལྟ་སྟེ་རྗེས་སུ་ཆགས་པའི་
ཀུན་ཏུ་སྦྱོར་བ་མ་གཏོགས་པ་དེ་མ་ཡིན་པའི་ཀུན་ཏུ་སྦྱོར་བ་རྣམས་ཀྱིས་ཀུན་ཏུ་སྦྱོར་བར་བྱེད་པ་སྟེ། ཟག་པ་དང་བཅས་པའི་དངོས་པོ་གང་ཡིན་པ་དང་། རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བས་ཀུན་ཏུ་ཆགས་པར་བྱེད་པ་སྟེ། ཟག་པ་དང་བཅས་པའི་དངོས་པོ་གང་ཡིན་པ་དང་། ཕྱི་
Vol. 131 · folio 138a
མ་ལ་ཡང་སྲིད་པ་འབྱུང་བའི་འདུ་བྱེད་རྣམས་མངོན་པར་འགྲུབ་པའོ། །འཆིང་བ་རྣམ་པ་གསུམ་པོ་འདི་དག་ལས་རྒྱུ་རྣམ་པ་གསུམ་གྱིས་སེམས་རྣམ་པར་གྲོལ་བར་དཀའ་སྟེ། དང་པོ་ནི་རྣམ་པ་སྣ་ཚོགས་ཀྱི་ཕྱིར་རོ། །གཉིས་པ་ནི་ཁོང་དུ་ཞེན་པ་དང་འདོད་པར་
བྱ་བ་ཡིན་པའི་ཕྱིར་རོ། །གསུམ་པ་ནི་ཆ་ཕྲ་བའི་ཕྱིར་རོ། །རྣམ་པ་ལྔས་ཡང་སྲིད་པར་འཆིང་བས་བཅིངས་པ་ནི་ངའོ་སྙམ་པའི་ང་རྒྱལ་རྣམ་པ་ལྔ་ཀུན་ཏུ་སྤྱོད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། རྟེན་དང་། དམིགས་པ་དང་། གྲོགས་དང་། ངོ་བོ་ཉིད་དང་། རྒྱུ་དང་འབྲས་བུའོ། །དེ་
ལ་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་ཡོད་པ་དང་མེད་པ་ལ་དམིགས་ཏེ། ཕྱི་མ་ལ་བདག་ཡོད་པར་འགྱུར་རམ། །འོན་ཏེ་མེད་པར་འགྱུར་སྙམ་པའོ། །དེ་ལ་མེད་པ་ལ་དམིགས་པ་ནི་རྣམ་པ་གཅིག་ཏུ་ཟད་དོ། །ཡོད་པ་ལ་དམིགས་པ་ནི་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། བདག་གཟུགས་
ཅན་དུ་འགྱུར་རམ། གཟུགས་མེད་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། འདུ་ཤེས་ཅན་ཡང་མ་ཡིན། འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པ་ཞིག་ཏུ་འགྱུར་རམ་སྙམ་པ་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་དམིགས་པ་རྣམ་པ་དྲུག་ཡིན་ནོ། །
དེ་ལ་གྲོགས་ནི་སེམས་བསྐྱོད་ཅིང་གཡེང་བར་བྱེད་པའོ། །དེ་ལ་ངོ་བོ་ཉིད་ནི་རང་གི་མཚན་ཉིད་ཀྱི་སྒོ་ནས་རློམ་སེམས་སུ་བྱེད་པ་དང་། ཉོན་མོངས་པ་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་སྤྲོས་པའི་ངོ་བོ་ཉིད་དོ། །དེ་ལ་རྒྱུ་དང་འབྲས་བུའི་ངོ་བོ་ནི་སྐྱེ་བ་དང་མངོན་པར་འགྲུབ་པའི་རྒྱུའི་ངོ་བོས་སྤྱོད་དེ།
ལས་མངོན་པར་འདུ་བྱེད་པ་དང་། སྲེད་པའི་རྗེས་སུ་སོང་བའི་ཕྱིར་རོ། །གཞན་ཡང་འབྲས་བུའི་ངོ་བོའི་སྒོ་ནས་ནི་དེ་ལ་བརྟེན་པའི་ངའོ་སྙམ་པའི་ང་རྒྱལ་ཀུན་ཏུ་སྤྱོད་པའི་ཕྱིར་རོ། །རྣམ་པ་གསུམ་གྱིས་ནི་སེམས་ཤིན་ཏུ་རྣམ་པར་གྲོལ་བར་རིག་པར་བྱ་སྟེ། འདུ་བྱེད་ཐམས་ཅད་ཡོངས་
སུ་ཤེས་པ་དང་། དེ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་སྤོང་བ་མངོན་སུམ་དུ་བྱེད་པ་དང་། ཉོན་མོངས་པ་སྤངས་པ་ནི་ཐམས་ཅད་དུ་སྲེད་པ་མེད་པར་གནས་པའི་ཕྱིར་རོ། །དེ་ལ་རྣམ་པ་བཞིས་ནི་ཇི་ལྟ་བ་བཞིན་དུ་ཡོད་པའི་འདུ་བྱེད་རྣམས་ཡོངས་སུ་ཤེས་ཏེ། འདི་ལྟ་སྟེ། མི་
Vol. 131 · folio 138b
རྟག་པ་ལ་སོགས་པའོ། །རྣམ་པ་བཅུ་གཅིག་གིས་ནི་ཇི་སྙེད་ཡོད་པ་ཡོངས་སུ་ཤེས་ཏེ། འདི་ལྟ་སྟེ། འདས་པ་དང་། མ་འོངས་པ་ལ་སོགས་པ་སྟེ་སྔ་མ་བཞིན་ནོ།། །།རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ། བམ་པོ་གཉིས་པ། འདི་གཉིས་ནི་རྣམ་པ་ལྔ་དང་
ལྡན་པའི་ཀུན་ནས་ཉོན་མོངས་པ་རྒྱུ་མཚན་རྣམ་པ་ལྔ་དང་བཅས་པ་སྟེ། དེ་གཉིས་ནི་སློབ་པས་ཡོངས་སུ་ཤེས་ནས། སྤང་བར་བྱ་བ་ཡིན་ལ་མི་སློབ་པས་ནི་སྤང་བ་ཡིན་ཏེ། འདི་ལྟ་སྟེ། ལྟ་བའི་ཀུན་ནས་ཉོན་མོངས་པ་དང་། ང་རྒྱལ་གྱི་ཀུན་ནས་ཉོན་མོངས་པའོ། །དེ་གཉིས་ཀྱང་
རྣམ་པ་དང་། ཀུན་ནས་དཀྲིས་པ་དང་། བག་ལ་ཉལ་གྱི་སྒོ་ནས་བྱེ་བྲག་རྣམ་པ་ལྔར་འགྱུར་ཏེ། འདི་ལྟ་སྟེ། བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པར་ཞེན་པ་དང་། བག་ལ་ཉལ་ལོ། །དེ་ལ་འདི་གཉིས་ནི་བདག་
ཏུ་འཛིན་པ་དང་། བདག་གིར་འཛིན་པ་དང་། ངའོ་སྙམ་པའི་ང་རྒྱལ་ལ་བརྟེན་ཏེ། དེའི་དམིགས་པའི་གཞི་ལ་ནན་གྱིས་མཆོག་ཏུ་བཟུང་ནས་མངོན་པར་ཞེན་ཏེ། འདི་འབའ་ཞིག་བདེན་གྱི་གཞན་ནི་དོན་མེད་དོ་སྙམ་སྟེ། དེ་ལྟར་ཀུན་ནས་དཀྲིས་པའི་ཚུལ་གྱིས་མངོན་པར་ཞེན་
པར་རིག་པར་བྱའོ། །དེའི་ས་བོན་རྒྱུད་ཀྱི་རྗེས་སུ་འབྲང་བ་ནི་བག་ལ་ཉལ་ལོ། །དེ་དག་ཀྱང་རྣམ་པར་ཤེས་པ་དང་བཅས་པའི་ལུས་འདི་དང་། ཕྱི་རོལ་ལ་བརྟེན་ནས་རྒྱུ་མཚན་རྣམ་པ་ལྔ་ཡོད་དེ། འདི་ལྟ་སྟེ། བདག་ཏུ་འཛིན་པའི་རྒྱུ་མཚན་ནས། བག་ལ་ཉལ་གྱི་རྒྱུ་མཚན་གྱི་
བར་རྣམས་སོ། །རྒྱུ་མཚན་དེ་ཡང་རྣམ་པ་གཉིས་ཏེ། དམིགས་པའི་རྒྱུ་མཚན་དང་། རྒྱུའི་རྒྱུ་མཚན་ནོ། །དེ་ལ་བདག་ཏུ་འཛིན་པ་དང་། ངའོ་སྙམ་པའི་ང་རྒྱལ་གཉིས་ཀྱི་དམིགས་པའི་རྒྱུ་མཚན་ནི་རྣམ་པར་ཤེས་པ་དང་བཅས་པའི་ལུས་འདི་ཡིན་ནོ། །བདག་གིར་འཛིན་པ་ནི་
གཉི་ག་ཡིན་ནོ། །དེ་ལ་མངོན་པར་ཞེན་པའི་རྒྱུའི་རྒྱུ་མཚན་ནི་དམ་པའི་ཆོས་མ་ཡིན་པ་ཐོས་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། དེའི་བག་ལ་ཉལ་ལོ། །དེའི་བག་ལ་ཉལ་གྱི་རྒྱུའི་རྒྱུ་མཚན་ནི་འདུ་བྱེད་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་མི་ཤེས་པ་དང་།
Vol. 131 · folio 139a
ཀུན་ནས་དཀྲིས་པ་ལ་གོམས་པའོ། །བཞི་པོ་འདི་དག་ནི་སེམས་ཅན་གྱི་རིགས་ཡིན་ཏེ། དེ་དག་ལ་ཀུན་ནས་ཉོན་མོངས་པ་འདི་རྣམ་པར་གཞག་པར་རིག་པར་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། ཕྱི་རོལ་གྱི་མུ་སྟེགས་ཅན་རྣམས་དང་། ཆོས་འདི་
པའི་སོ་སོའི་སྐྱེ་བོ་རྣམས་དང་། སློབ་པ་རྣམས་དང་། མི་སློབ་པ་རྣམས་སོ། །དེ་ལ་ཕྱི་རོལ་པ་རྣམས་ལ་ནི་ཐམས་ཅད་ཚང་བར་ཡོད་དོ། །ཆོས་འདི་པའི་སོ་སོའི་སྐྱེ་བོ་རྣམས་ལ་ནི་རྣམ་པ་བཞིའི་རྒྱུ་མཚན་དང་བཅས་པ་དང་། མངོན་པར་ཞེན་པའི་ཕྱོགས་གཅིག་ཡོད་དོ། །
མངོན་པར་ཞེན་པ་ནི་མེད་དོ། །སློབ་པ་ལ་ནི་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པ་གཉིས་དང་། རྒྱུ་དང་བཅས་པའི་མངོན་པར་ཞེན་པ་དང་། བག་ལ་ཉལ་གཉིས་དང་། ངའོ་སྙམ་པའི་ང་རྒྱལ་ལ་མངོན་པར་ཞེན་པ་རྒྱུ་མཚན་དང་བཅས་པ་ནི་མེད་དོ། །ངའོ་སྙམ་
པའི་ང་རྒྱལ་བག་ལ་ཉལ་དང་བཅས་པ་ནི་ཡོད་དོ། །མི་སློབ་པ་ལ་ནི་ཐམས་ཅད་མེད་དོ། །དེ་ལ་འདི་ལས་ཕྱི་རོལ་པ་ནི་དེ་དག་མི་སྤོང་བ་འབའ་ཞིག་ལ་ཞུགས་སོ། །ཆོས་འདི་པའི་སོ་སོའི་སྐྱེ་བོ་ནི་ཡང་དག་པར་སྤང་བའི་ཕྱིར་ཞུགས་ཏེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་མཐོང་
བའི་ཕྱིར་ད་དུང་སྤངས་པ་ནི་མ་ཡིན་ནོ། །སློབ་པ་ནི་ཁ་ཅིག་ནི་སྤངས། ཁ་ཅིག་ནི་སྤངས་པའི་ཕྱིར་ཞུགས་ཏེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་མཐོང་ལ་ཟད་པ་དང་མི་སྐྱེ་བའི་ཤེས་པ་མ་ཐོབ་པའི་ཕྱིར་བདག་གིས་མཐོང་ངོ་སྙམ་དུ་ནི་མི་ཤེས་སོ། །མི་སློབ་པ་ནི་ཐམས་
ཅད་ཀྱང་སྤངས་ལ་འདུ་བྱེད་དུ་གཏོགས་པ་མཐའ་དག་བདག་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ་སྙམ་དུ་ཡང་ཤེས་སོ། །བརྒྱད་པོ་འདི་དག་ནི་རྣམ་པར་བྱང་བ་བརྗོད་པའི་གནས་ཡིན་ཏེ། བརྒྱད་གང་ཞེ་ན། ལྟ་བ་དང་ང་རྒྱལ་ལས་ཡང་དག་པར་འདས་པའི་ཕྱིར་རྣམ་པ་
ལས་ཡང་དག་པར་འདས་པའི་ཡིད་ཅེས་བྱ་བ་རྣམ་པར་བྱང་བ་བརྗོད་པའི་གནས་དང་། དེའི་མཚན་མ་སྤངས་པའི་ཕྱིར་མཚན་མ་དང་བྲལ་བ་དང་། དེ་ལ་མངོན་པར་ཞེན་པ་སྤངས་པའི་ཕྱིར་ཞི་བར་གྱུར་པ་དང་། དེའི་བག་ལ་ཉལ་སྤངས་པའི་ཕྱིར་ཤིན་ཏུ་རྣམ་པར་གྲོལ་བ་དང་།
Vol. 131 · folio 139b
གཞན་ཡང་སློབ་པའི་རྣམ་པར་བྱང་བ་བརྗོད་པའི་གནས་གཉིས་ཏེ། འདི་ལྟ་སྟེ། སྲེད་པ་བཅད་པའམ། ཀུན་ཏུ་སྦྱོར་བ་གསུམ་བཟློག་ནས་འདི་ལྟ་སྟེ། ཡང་སྲེད་པ་སྐྱེད་པའི་འདུ་བྱེད་ཐམས་ཅད་ལ་ཀུན་ཏུ་མི་སྤྱོད་པའི་ཚུལ་དང་། མི་སློབ་པའི་རྣམ་པར་བྱང་བ་བརྗོད་པའི་
གནས་གཉིས་ཏེ། འདི་ལྟ་སྟེ། ང་རྒྱལ་ཡང་དག་པར་མངོན་པར་རྟོགས་པ་དང་། སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་སྲིད་པའི་བག་ལ་ཉལ་བཅོམ་པའི་ཕྱིར་སྡུག་བསྔལ་མཐར་བྱས་པ་སྟེ། དེ་རྣམས་གཅིག་ཏུ་བསྡུས་ཏེ། རྣམ་པར་བྱང་བ་བརྗོད་པའི་གནས་རྣམ་པ་
བརྒྱད་དུ་འགྱུར་རོ། །རབ་ཏུ་དབེན་པར་གནས་པ་རྫོགས་པ་ནི་ཡན་ལག་བཞིས་ཤིན་ཏུ་རྫོགས་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཟླ་མེད་པར་གནས་པ་དང་། བས་མཐར་གནས་མལ་འཆའ་ཞིང་ལུས་དབེན་པ་དང་། ཁྱིམ་ན་གནས་པ་དང་། ཡུལ་ལས་
སྐྱེས་པའི་མཚན་མ་དང་། རྟོག་པ་དང་། འདོད་པའི་འདུན་པ་དང་། གནོད་སེམས་རྣམས་ལ་བག་ཡོད་པ་ལ་བརྟེན་ཏེ། སེམས་ཀུན་ཏུ་སྲུང་བ་ནི་སེམས་དབེན་པ་དང་། རྣམ་པ་ལྔས་བརྩོན་འགྲུས་བརྩམས་པའི་མངོན་པར་ཤེས་པ་མྱུར་བར་འགྱུར་བ་ལ་མཐུ་དང་ལྡན་པ་སྟེ།
བརྩོན་འགྲུས་ཀྱི་གོ་ཆ་དང་བརྩོན་འགྲུས་དང་ལྡན་པ་སྟེ། སྦྱོར་བའི་བརྩོན་འགྲུས་དང་། སྤྲོ་བ་དང་ལྡན་པ་སྟེ། ཆོས་རྒྱ་ཆེན་པོ་དག་ལ་ཞུམ་པ་མེད་པའི་བརྩོན་འགྲུས་དང་། རྟུལ་ཕོད་པ་བརྟན་པ་སྟེ། གྲང་བ་དང་། ཚ་བ་དང་། ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་ལ་སོགས་
པས་འཁྲུག་པར་མི་འགྱུར་བའི་བརྩོན་འགྲུས་དང་བརྩོན་པ་མི་འདོར་བ་སྟེ། ངན་ངོན་གྱིས་ཆོག་པར་མི་འཛིན་པའི་བརྩོན་འགྲུས་སོ། །ཞི་གནས་དང་ལྷག་མཐོང་གི་ཕྱོགས་ཀྱི་ཉེ་བའི་ཉོན་མོངས་པ་གོ་རིམས་བཞིན་དུ་སྦྱར་ཏེ། རྨུགས་པ་དང་། གཉིད་དང་། རྒོད་པ་དང་།
འགྱོད་པ་སྤངས་ནས་ཆུད་མི་ཟ་བའི་ཚུལ་གྱིས་ཞི་གནས་དང་ལྷག་མཐོང་ལ་ཡང་དག་པར་ཞུགས་སོ། །གསུམ་པོ་འདི་དག་ནི་ལེགས་པར་གསུངས་པའི་ཆོས་འདུལ་བའི་ཕུན་སུམ་ཚོགས་པ་ཡིན་ཏེ། གསུམ་གང་ཞེ་ན། ནན་ཏན་དུ་སྒྲུབ་པ་ཕུན་སུམ་ཚོགས་པ་དང་། འབྲས་
Vol. 131 · folio 140a
བུ་ཕུན་སུམ་ཚོགས་པ་དང་། སྟོན་པ་ཕུན་སུམ་ཚོགས་པའོ། །དེ་ལ་ནན་ཏན་དུ་སྒྲུབ་པ་ཕུན་སུམ་ཚོགས་པ་ནི་སྤོང་བ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པའི་ཁམས་རྣམས་ཐོབ་པར་བྱ་བ་དང་། རེག་པར་བྱ་བའི་ཕྱིར་ཆོས་ཉན་ཞིང་
གཞན་དག་ལ་ཡང་སྟོན་པར་བྱེད་ལ་བདག་ཉིད་ཀྱང་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་དུ་སྒྲུབ་པ་ལ་ཞུགས་པ་ཡིན་ཏེ། འདི་ནི་ནན་ཏན་དུ་སྒྲུབ་པ་ཕུན་སུམ་ཚོགས་པའོ། །འབྲས་བུ་ཕུན་སུམ་ཚོགས་པ་གང་ཞེ་ན། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་དུ་སྒྲུབ་
པ་དེ་ཉིད་ཀྱི་དབང་དུ་བྱས་ནས། སེམས་ཤིན་ཏུ་རྣམ་པར་གྲོལ་བར་འགྱུར་ཏེ། ཚེ་དེ་ཉིད་ལ་མྱ་ངན་ལས་འདས་པ་འཐོབ་པ་འདི་ནི་འབྲས་བུ་ཕུན་སུམ་ཚོགས་པའོ། །དེ་ལ་སྟོན་པ་ཕུན་སུམ་ཚོགས་པ་ནི་ཚངས་པར་སྤྱོད་པ་དང་ལྡན་པའི་ཆོས་ཐམས་ཅད་ཀྱི་རྩ་བ་བཅོམ་ལྡན་འདས་ཡིན་
ལ། དེའི་ཚུལ་འཇུག་པར་མཛད་ཅིང་དེའི་རྗེས་སུ་འབྲང་བར་མཛད་དེ། དེ་བཞིན་གཤེགས་པ་བྱུང་ན་བསྟན་པ་དེ་དག་ཡོད་པར་འགྱུར་རོ། །དེ་བས་ན་དེ་དག་གི་རྩ་བ་ནི་བཅོམ་ལྡན་འདས་ཡིན་ནོ། །བྱུང་ནས་ཀྱང་དེ་དང་དེ་དག་ཏུ་འདུལ་བར་གཟིགས་ཏེ་བསྟན་པས་ན། གང་
གི་ཕྱིར་དམ་པའི་ཆོས་ཀྱི་ཚུལ་འདི་སློབ་དཔོན་དང་སློབ་མ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པ་དེའི་ཕྱིར་བཅོམ་ལྡན་འདས་ཀྱི་ཚུལ་ཅན་ནོ། །དེ་ལྟར་ཆོས་ཀྱི་ཚུལ་ཞུགས་པར་བྱས་པའི་ཐེ་ཚོམ་སྐྱེས་པ་ཐམས་ཅད་ལ་བཅོམ་ལྡན་འདས་འབའ་ཞིག་གི་རྗེས་སུ་འབྲང་བས་ན་དེའི་ཕྱིར་དེ་དག་
བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲང་བ་ཡིན་ནོ། །ཆོས་སྨྲ་བ་ནི་ལུང་དང་རྟོགས་པའི་སྒོ་ནས་རྣམ་པ་གཉིས་ཡོད་དེ་གཞན་ལས་ཐོས་ནས་སྟོན་པ་དང་། སློབ་པ་དང་མི་སློབ་པའོ། །སྟོན་པ་ནི་ཚུལ་བཞིན་དུ་ཞུགས་པའི་དུས་གསུམ་དུ་ལེགས་སོ་ཞེས་བྱ་བ་སྦྱིན་པར་མཛད་དེ་མངོན་པར་
འདུ་བྱེད་པ་དང་། ཐད་དུ་འོང་བ་དང་། ཞུ་བའི་དུས་རྣམས་སུའོ། །སྡོམ་ནི། འདུ་ཤེས་རྣམ་པ་བྱིས་པའི་རྟགས། །མིག་དང་ཕན་ཡོན་འགྱུར་བ་དང་། །ཤེས་པ་དགུ་དང་བརྗེད་མི་ངས། །ཁྱད་པར་དག་ཏུ་འགྲོ་བ་དང་། །བདག་ཏུ་ལྟ་བའི་བྱེ་བྲག་དང་། །འདུ་བྱེད་མཚན་ཉིད་
Vol. 131 · folio 140b
རྣམ་པ་གསུམ། །ཆོས་ཀྱི་མདོ་ལ་སོགས་པ་ཡི། །སྡེ་ཚན་རྒྱ་ཆེན་ཐ་མ་ཡིན། །ལྔ་པོ་འདི་དག་ནི་འདུ་བྱེད་རྣམས་ལ་མི་རྟག་པའི་འདུ་ཤེས་སྒོམ་པའི་རྣམ་པ་སྟེ། འདི་ལྟ་སྟེ། མི་རྟག་པ་དང་། མི་བརྟན་པ་དང་། ཐེར་ཟུག་མ་ཡིན་པ་དང་། ཡིད་བརྟན་དུ་མི་རུང་བ་དང་།
འགྱུར་བའི་ཆོས་ཅན་ནོ། །དེ་ལ་སྐད་ཅིག་རེ་རེ་ལ་འཇིག་པས་ན་མི་རྟག་པ་རྣམས་སོ། །ཚེའི་ཚད་ངེས་པ་དང་འབྲེལ་པའི་ལུས་སུ་གནས་པས་ན་མི་བརྟན་པ་རྣམས་སོ། །ཕྱི་རོལ་པ་རྣམས་ཀྱང་བསྐལ་པ་གཅིག་ལས་རིང་དུ་མི་གནས་པར་ངེས་པས་ན་ཐེར་ཟུག་མ་ཡིན་པ་རྣམས་སོ། །
ཚེའི་མཐར་མ་ཕྱིན་པར་ཡང་དུས་མ་ཡིན་པར་འཆི་བའི་རྐྱེན་རྣམས་ཀྱིས་འཇིག་པར་འགྱུར་སྲིད་པས་ན་ཡིད་བརྟན་དུ་མི་རུང་བ་རྣམས་སོ། །ཇི་སྲིད་ཙམ་གྱི་བར་དུ་འཁོར་བ་དེ་སྲིད་ཙམ་གྱི་བར་དུ་ཡང་གཅིག་ཏུ་ངེས་པར་བདེ་བ་མེད་པས་ན་དེའི་ཕྱིར་འགྱུར་བའི་ཆོས་ཅན་ནོ། །གསུམ་པོ་འདི་དག་ནི་བྱིས་
པ་རྣམས་ཀྱི་བྱིས་པའི་རྟགས་ཡིན་ནོ། །གསུམ་གང་ཞེ་ན། བྱིས་པས་དེ་ལྟར་འདུ་བྱེད་རྣམས་ཀྱི་མི་རྟག་པ་རྣམ་པ་ལྔ་ཡིད་ལ་མ་བྱས་པས་ངན་པ་དང་བཟང་པོ་ཡོངས་སུ་མ་གྲུབ་པ་རྣམས་ལ་ངན་པ་དང་བཟང་པོར་རྟོག་པའི་སྒོ་ནས་གཞན་རྣམས་དང་བདག་ལ་ཡོངས་སུ་འཇལ་བར་བྱེད་དེ།
བདག་ཆེའོ་སྙམ་དུ་རློམ་སེམས་སུ་བྱེད་པ་གང་ཡིན་པ་འདི་ནི་བྱིས་པའི་རྟགས་དང་པའོ། །ཆེ་བ་ཇི་ལྟ་བ་བཞིན་དུ་མཚུངས་པ་དང་། ཆུང་ངུ་ཡང་དེ་དང་འདྲ་སྟེ། སྔ་མ་བཞིན་དུ་སྦྱར་རོ། །དེ་ཉིད་ལས་བཟློག་པ་གསུམ་ནི་མཁས་པ་རྣམས་ཀྱི་མཁས་པའི་རྟགས་ཡིན་པར་རིག་པར་བྱའོ། །
འཕགས་པའི་ཤེས་རབ་ཀྱི་མིག་ནི་རྣམ་པ་གཉིས་ཀྱིས་རྣམ་པར་དག་པར་འགྱུར་བར་རིག་པར་བྱ་སྟེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་དང་བྲལ་བས་ན་རྡུལ་མེད་པའོ། །དེའི་བག་ལ་ཉལ་དང་བྲལ་བས་ན་དྲི་མ་དང་བྲལ་བའོ། །གཞན་ཡང་མངོན་
པར་རྟོགས་པའི་ཚེ་ཡིད་ལ་བྱེད་པ་ལ་ཞུགས་པ་ན་ངའོ་སྙམ་པའི་ང་རྒྱལ་རགས་པ་སྤེལ་མར་འདུག་སྟེ། དེའི་གཟུང་བའི་འཛིན་པ་ལ་དམིགས་པ་མགོ་མཉམ་དུ་ཡོངས་སུ་ཤེས་པས་སྤོང་བར་འགྱུར་ལ་དེ་སྤངས་པས་ན་རྡུལ་མེད་པའོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་བག་ལ་
Vol. 131 · folio 141a
ཉལ་ཐམས་ཅད་སྤངས་པས་ན་དྲི་མ་དང་བྲལ་བའོ། །རྡུལ་མེད་ཅིང་དྲི་མ་དང་བྲལ་བ་དེས་ཆོས་རྣམས་ལ་ཆོས་ཀྱི་མིག་ཐོབ་པའི་མོད་ལ་ཕན་ཡོན་བཅུ་འབྱུང་བར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། འཕགས་པའི་བདེན་པ་བཞི་པོ་རྣམས་ལེགས་པར་མཐོང་བས་
ན་ཆོས་མཐོང་བ་ཞེས་བྱའོ། །དགེ་སྦྱོང་གི་འབྲས་བུ་གང་ཡང་རུང་བ་ཐོབ་པས་ན་ཆོས་ཐོབ་པ་ཞེས་བྱའོ། །དེ་དག་ཉིད་ཀྱིས་ཐོབ་པར་རིག་པར་འགྱུར་ཏོ། །བདག་གི་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་དང་ཡི་དགས་རྣམས་ཟད་དོ། །བདག་ནི་རྒྱུན་དུ་ཞུགས་པ་ཡིན་ནོ་
སྙམ་པ་ནས་རྒྱས་པར་སྦྱར་ཏེ། དེ་ལྟར་ན་ཆོས་རིག་པ་ཞེས་བྱའོ། །ཤེས་ནས་དད་པ་ཐོབ་པའི་ཕྱིར་སངས་རྒྱས་དང་ཆོས་དང་། དགེ་འདུན་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་ན་ཆོས་ཀྱི་གཏིང་སླེབས་པ་ཞེས་བྱའོ། །དེ་ནི་བདག་གིས་ཐོབ་པ་ལ་ཡང་སོམ་ཉི་མེད་
ལ་གཞན་རྣམས་ཀྱིས་ཐོབ་པ་ལ་ཐེ་ཚོམ་མེད་དོ། །འཕགས་པའི་བདེན་པ་དང་ལྡན་པའི་གཏམ་བརྗོད་པ་ལ་ཡང་གཞན་གྱི་དྲིང་མི་འཇོག་སྟེ། གཞན་དག་གི་ངོར་ལྟ་ཞིང་ངོར་རྟོག་པ་མེད་དོ། །ཕ་རོལ་རྒོལ་བ་ལ་སོགས་པ་ཐམས་ཅད་ཀྱིས་ཀྱང་ཆོས་འདུལ་བ་འདི་ལས་མི་འཕྲོགས་
པར་འགྱུར་རོ། །དེ་ནི་བདག་གིས་ཐོབ་པའི་ཤེས་པ་བརྡ་སྤྲོད་པ་ལ་ཡང་འཇིགས་པ་མེད་དོ། །ཡང་དག་པའི་བརྡ་དང་། དོན་དམ་པའི་རྒྱུ་རྣམ་པ་གཉིས་ཀྱིས་ཀྱང་བསྟན་པ་ལ་ཞུགས་པ་ཡིན་ནོ། །ཤེས་པ་དགུ་པོ་འདི་དག་ནི་འདུ་བྱེད་རྣམས་ཡོངས་སུ་ཤེས་པ་དང་། ཡང་དག་
པར་འདའ་བར་འགྱུར་བ་སྟེ། འདི་ལྟ་སྟེ། འདུ་བྱེད་རྣམས་ཀྱི་འཇུག་པ་ཤེས་པ་དང་། ལྡོག་པ་ཤེས་པ་དང་། ཀུན་ནས་ཉོན་མོངས་པའི་རྒྱུ་ཤེས་པ་དང་། རྣམ་པར་བྱང་བའི་རྒྱུ་ཤེས་པ་དང་། རྣམ་པར་བྱང་བ་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་དང་།
འགོག་པ་དང་། ལམ་ཤེས་པའོ། །དེ་ལ་འཇུག་པ་ཤེས་པ་ནི་མདོར་བསྡུ་ན་རྒྱུ་རྣམ་པ་གསུམ་བྱུང་བས་འདུ་བྱེད་ཐམས་ཅད་ཀུན་འབྱུང་བར་འགྱུར་རོ་སྙམ་པའི་ཤེས་པ་གང་ཡིན་པ་སྟེ། འདི་ལྟ་སྟེ། དགའ་བ་བྱུང་བ་དང་། རེག་པ་བྱུང་བ་དང་། མིང་དང་གཟུགས་བྱུང་བ་སྟེ།
Vol. 131 · folio 141b
གཟུགས་དང་ཚོར་བ་ལ་སོགས་པ་དང་། རྣམ་པར་ཤེས་པ་དང་ཅི་རིགས་པར་སྦྱར་རོ། །རྒྱུ་རྣམ་པ་གསུམ་པོ་ཉིད་འགགས་པས་འདུ་བྱེད་རྣམ་པ་གསུམ་པོ་འགག་པར་འགྱུར་བས་ན་ལྡོག་པ་ཤེས་པའོ། །ཀུན་ནས་ཉོན་མོངས་པའི་རྒྱུ་དང་རྣམ་པར་བྱང་བའི་རྒྱུ་དང་རྣམ་པར་བྱང་བ་
ཤེས་པ་རྣམས་ནི་མནོག་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་རྣམས་ཀྱི་སྐབས་སུ་སྔར་བསྟན་པ་བཞིན་དུ་རིག་པར་བྱའོ། །སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་ཀྱི་ཤེས་པ་ཡང་སྔ་མ་ཁོ་ན་བཞིན་དུ་བདེན་པ་རྣམ་པར་འབྱེད་པའི་ཚུལ་དུ་རིག་
པར་བྱའོ། །དེ་ལ་ཤེས་པ་སྔ་མ་ལྔ་སོ་སོའི་སྐྱེ་བོའི་གནས་སྐབས་སུ་ཀུན་ཏུ་བསྟན་པ་ལས་ནི་ཕྱི་མའི་བདེན་པ་ཤེས་པ་བཞི་ཐོབ་པར་འགྱུར་ཏེ། དེ་དག་ཐོབ་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་བྱེད་རྣམས་ཡོངས་སུ་ཤེས་སོ། །ཤེས་པ་སྔ་མ་དེ་དག་མ་ཚང་བར་གྱུར་ན་ནི་
བདེན་པའི་ཚུལ་གྱིས། འདུ་བྱེད་རྣམས་ཡོངས་སུ་ཤེས་པར་འགྱུར་བའི་སྐལ་བ་མེད་དོ། །ཚང་བར་ཡོད་ན་ནི་བདེན་པའི་ཚུལ་གྱིས་སྐལ་བ་ཡོད་དེ། གཞན་ཡང་འདུ་བྱེད་ཡོངས་སུ་ཤེས་པ་མེད་ན་ནི་གོང་དུ་བསྒོམས་པའི་སྟོབས་ཀྱིས་ཉོན་མོངས་པ་ཐམས་ཅད་སྤངས་པས་འདུ་བྱེད་
ཐམས་ཅད་ལས་ཡང་དག་པར་འདའ་བའི་སྐལ་བ་མེད་དོ། །དེ་ལས་བཟློག་པ་ལ་ནི་སྐལ་བ་ཡོད་དེ། དེ་བས་ན་ཤེས་པ་དགུ་འདུ་བྱེད་རྣམས་ཡོངས་སུ་ཤེས་པ་དང་། ཡང་དག་པར་འདའ་བར་འགྱུར་བ་ཞེས་བྱའོ། །རྣལ་འབྱོར་པ་ནི་གནས་གསུམ་གྱིས་འདུ་བྱེད་ཐམས་ཅད་
ལ་བརྗེད་ངས་པ་མེད་པར་གནས་ཏེ། གསུམ་གང་ཞེ་ན། འདས་པའི་འདུ་བྱེད་རྣམས་ལ་ནི་མི་རྟག་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ད་ལྟར་བྱུང་བ་རྣམས་ལ་ནི་འཇིག་པའི་ཆོས་ཅན་དང་། མ་འོངས་པ་རྣམས་ལ་ནི་སྐྱེ་བ་དང་འཇིག་པར་ཡང་དག་པ་ཇི་ལྟ་བ་
བཞིན་དུ་རབ་ཏུ་ཤེས་སོ། །དེ་དེ་ལྟར་དུས་གསུམ་གྱི་འདུ་བྱེད་རྣམས་ལ་རྨོངས་པ་མེད་ཅིང་ཀུན་ནས་ཉོན་མོངས་པ་མེད་པས་བདེ་བ་ལ་རེག་པར་གནས་ཏེ། རེག་པ་དང་ལྡན་པ་ཞེས་བྱ་བའི་གྲངས་སུ་ཡང་འགྲོའོ། །དེ་ལས་བཟློག་པ་ནི་བརྗེད་ངས་པར་གནས་པ་དང་། མ་རིག་པ་དང་
Vol. 131 · folio 142a
ལྡན་པ་ཡིན་པར་རིག་པར་བྱའོ། །གསུམ་པོ་འདི་དག་ནི་ཉོན་མོངས་པའི་རྣམ་གྲངས་ཡིན་ཏེ། དེ་དག་ནི་ཕལ་ཆེར་ཀུན་ནས་ཉོན་མོངས་པའི་ཕྱོགས་སུ་བསྟན་པར་འགྱུར་བ་སྟེ། འདི་ལྟ་སྟེ། འདོད་ཆགས་ཀྱི་རྣམ་གྲངས་དང་། ཞེ་སྡང་གི་རྣམ་གྲངས་དང་།
གཏི་མུག་གི་རྣམ་གྲངས་སོ། །དེ་ལ་འདོད་ཆགས་ཀྱི་རྣམ་གྲངས་ནི། དགའ་བ་དང་། འདོད་ཆགས་དང་། ལྟ་བ་ཡོད་པ་དང་། མངོན་པར་དགའ་བ་དང་། འདུན་པ་དང་། བྱམས་པ་དང་། འཕངས་པ་དང་། ཀུན་གནས་པ་དང་། ངེས་པར་ཞེན་པ་དང་། ལྷག་པར་ཞེན་
པ་དང་། འདོད་པ་དང་། ཆགས་པ་དང་། སྲེད་པ་དང་། རྗེས་སུ་ཆགས་པ་དང་། སྐོམ་པའོ། །དེ་ལ་ཞེ་སྡང་གི་རྣམ་གྲངས་ནི། འདི་ལྟ་སྟེ། ཁོང་ཁྲོ་བ་དང་། ཞེ་སྡང་དང་། གནོད་སེམས་དང་། ཁྲོ་བ་དང་། ཀུན་ནས་མནར་སེམས་དང་། མི་བཟོད་པ་དང་། ཡིད་མི་
ཆེས་པ་དང་། དྲག་པ་དང་། འཆུར་བ་དང་། རྩུབ་པོར་སྨྲ་བ་དང་། ནང་པ་དང་། འཁྲུག་པ་དང་། གནོད་པར་སེམས་པ་དང་། ངོམ་ཟུམ་གནག་སྟེ་འདུག་པ་དང་། འཁྲུགས་པ་སྐྱེད་པའོ། །དེ་ལ་གཏི་མུག་གི་རྣམ་གྲངས་ནི་འདི་ལྟ་སྟེ། མི་ཤེས་པ་དང་། མི་མཐོང་བ་
དང་། མངོན་པར་མི་རྟོགས་པ་དང་། མུན་པ་ལྟ་བུ་དང་། རྨོངས་པ་དང་། མ་རིག་པ་དང་། མུན་ནག་ལྟ་བུ་སྟེ། དེ་རྣམས་ཀྱི་རྣམ་པར་དབྱེ་བ་ནི་རྣམ་གྲངས་བསྡུ་བ་ལས་རྒྱས་པར་རིག་པར་བྱའོ། །དགའ་བ་དང་འདོད་ཆགས་གཉིས་ཀྱི་ཁྱད་པར་ཡང་བསྟན་པར་བྱ་སྟེ། ལུས་ལ་
ཡོད་པའི་ཚོར་བའི་དམིགས་པ་ལ་ཀུན་ཏུ་དགའ་བ་ནི་དགའ་བའོ། །དམིགས་པ་གང་ཡིན་པ་དེའི་ཚོར་བ་སྐྱེས་པའི་ཡུལ་དེ་ལ་ལྷག་པར་ཞེན་པ་ནི་འདོད་ཆགས་སོ། །གཞན་ཡང་འཐོབ་ཏུ་ཆ་བའི་ཡུལ་གྱི་ཚེའི་ནི་དགའ་བའོ། །ཐོབ་ཟིན་པའི་ཚེའི་ནི་འདོད་ཆགས་སོ། །གཞན་ཡང་
ཐོབ་ཟིན་པ་ལ་ཉེ་བར་སྤྱོད་དུ་ཆ་བའི་ཚེ་ནི་དགའ་བའོ། །དེ་ཉིད་ལ་ཉེ་བར་སྤྱོད་པའི་ཚེ་ནི་འདོད་ཆགས་སོ། །གཞན་ཡང་ཡུལ་དང་ཕྲད་པར་བྱ་བའི་ཐབས་ཀྱི་ཚེའི་ནི་དགའ་བའོ། །ཡུལ་ཉིད་ཀྱི་ཚེའི་ནི་འདོད་ཆགས་པའོ། །གཞན་ཡང་སྲིད་པར་སྐྱེ་བའི་ཚེའི་ནི་དགའ་བའོ། །ཡུལ་གྱི་ཚེའི་
Vol. 131 · folio 142b
ནི་འདོད་ཆགས་སོ། །གཞན་ཡང་འདོད་པས་བྱ་བའི་སེམས་ཅན་གཞན་ཕུན་སུམ་ཚོགས་པར་གྱུར་པའི་ཚེའི་ནི་དགའ་བའོ། །བདག་ཕུན་སུམ་ཚོགས་པར་གྱུར་པའི་ཚེའི་ནི་འདོད་ཆགས་སོ། །བཞི་པོ་འདི་དག་ནི་འདུ་བྱེད་རྣམས་ལ་ཚུལ་བཞིན་དུ་བརྩོན་པའི་ཁྱད་པར་དུ་འགྲོ་བ་ཡིན་ནོ། །
ཁྱད་པར་དུ་འགྲོ་བའི་འདུ་ཤེས་ནི་གསུམ་སྟེ། འདི་ལྟ་སྟེ། མ་ཐོབ་པ་ཐོབ་པ་དང་། མ་རྟོགས་པ་རྟོགས་པ་དང་། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱེད་པ་དང་། ཚེ་འདི་ལ་བདེ་བར་གནས་པ་ནི་ཁྱད་པར་དུ་འགྲོ་བ་བཞི་པའོ། །དེ་ལ་སྔོན་མ་ཐོབ་པའི་རྒྱུན་དུ་ཞུགས་པའི་འབྲས་
བུ་དང་པོ་ཐོབ་པས་ན་མ་ཐོབ་པ་ཐོབ་པ་ཡིན་པར་རིག་པར་བྱའོ། །དེ་ཉིད་ལ་བརྟེན་ནས་སློབ་པ་གོང་མའི་འབྲས་བུ་རྟོགས་པས་ན་མ་རྟོགས་པ་རྟོགས་པ་ཡིན་པར་རིག་པར་བྱའོ། །དེ་ཉིད་ལ་བརྟེན་ནས། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་འཐོབ་པ་ནི་ཉོན་མོངས་པ་ཐམས་ཅད་སྤོང་བ་མངོན་
སུམ་དུ་བྱེད་པས་ན། མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱེད་པ་ཡིན་པར་རིག་པར་བྱའོ། །དགྲ་བཅོམ་པ་ཉིད་ཐོབ་པ་ནི་ཡང་མ་ཐོབ་པ་ཐོབ་པར་བྱ་བ་ནས་མངོན་སུམ་དུ་མ་བྱས་པ་མངོན་སུམ་དུ་བྱ་བའི་བར་གྱི་ཕྱིར་བརྩོན་པ་མེད་མོད་ཀྱི། འོན་ཀྱང་བརྩོན་པར་བྱེད་པ་ནི་རང་གི་དོན་གྱི་དབང་
དུ་བྱས་ནས། ཚེ་འདི་ལ་བདེ་བར་གནས་པར་བྱ་བའི་ཕྱིར་བརྩོན་པར་ཟད་དོ། །དེ་ལ་གསུམ་པོ་འདི་དག་ནི་ཁྱད་པར་དུ་འགྲོ་བའི་འདུ་ཤེས་ཡིན་ཏེ། འདི་ལྟ་སྟེ། འདུ་བྱེད་རྣམས་ལ་མི་མཐུན་པར་འདུ་ཤེས་པ་དང་། ཉེས་དམིགས་སུ་འདུ་ཤེས་པ་དང་། ཡང་དག་པའི་དོན་དུ་འདུ་ཤེས་
པའོ། །མི་མཐུན་པའི་འདུ་ཤེས་ནི་རྣམ་པ་བཞི་སྟེ། འདུ་ཤེས་རྣམས་ལ་ནད་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་ཡིན་པར་ཡིད་ལ་བྱེད་པ་སྟེ། དཔེར་ན་ལ་ལ་ཞིག་ཁམས་མ་སྙོམས་པའི་རྒྱུ་ལས་བྱུང་བའི་ནད་ཀྱི་སྡུག་བསྔལ་ལ་མི་མཐུན་པར་འདུ་ཤེས་པར་འགྱུར་བ་
དང་། སྔོན་གྱི་ལས་ཀྱི་རྒྱུ་ལས་བྱུང་བའི་འབྲས་བུ་སྡུག་བསྔལ་དང་། དགྲ་གཞན་གྱིས་བསྣུན་པའི་ཟུག་རྔུའི་རྒྱུ་ལས་བྱུང་བའི་སྡུག་བསྔལ་དང་། གཉེན་དང་ལོངས་སྤྱོད་ལ་སོགས་པ་ལས་གྱུར་པའི་ཕོངས་པ་རྣམས་ལ་རང་གི་ལོག་པར་རྟོག་པའི་སྡིག་པའི་རྒྱུ་ལས་བྱུང་བའི་སྡུག་
Vol. 131 · folio 143a
བསྔལ་ལ་མི་མཐུན་པར་འདུ་ཤེས་པར་འགྱུར་བ་དེ་བཞིན་དུ་རྣལ་འབྱོར་པ་ཡང་འདུ་བྱེད་རྣམས་ལ་མི་མཐུན་པར་འདུ་ཤེས་པར་འགྱུར་རོ། །དེ་ལ་ཉེས་དམིགས་སུ་འདུ་ཤེས་པ་ནི་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། འདུ་བྱེད་རྣམས་ལ་མི་རྟག་པའམ་སྡུག་བསྔལ་
བར་ཡིད་ལ་བྱེད་པའོ། །དེ་ལ་ཡང་དག་པའི་དོན་དུ་འདུ་ཤེས་པ་ཡང་རྣམ་པ་གཉིས་ཁོ་ན་སྟེ། འདུ་བྱེད་རྣམས་ལ་སྟོང་པའམ་བདག་མེད་པར་ཡིད་ལ་བྱེད་པའོ། །དེ་ལ་ཐོག་མ་ཉིད་དུ་ཉེས་དམིགས་དང་། ཡང་དག་པའི་དོན་དུ་འདུ་ཤེས་པ་ལ་ལེགས་པར་འདྲིས་པར་བྱས་པས་
ན། ཕྱིས་མི་མཐུན་པའི་འདུ་ཤེས་ཡང་དག་པར་གནས་པར་འགྱུར་ཏེ། འབྲས་བུ་ནི་སྔར་བསྟན་ཏོ། །རྒྱུ་ནི་ཕྱིས་བསྟན་ཏོ། །བདག་ཏུ་ལྟ་བ་རྣམ་པ་བཞི་ནི་ངའོ་སྙམ་པའི་ང་རྒྱལ་སྐྱེ་བའི་རྐྱེན་གྱི་བྱ་བ་བྱེད་པ་ཡིན་ཏེ། འདི་ལྟ་སྟེ། རྣམ་པར་བརྟགས་པ་ནི་འདི་ལས་ཕྱི་རོལ་
པའི་མུ་སྟེགས་ཅན་རྣམས་ཀྱི་གང་ཡིན་པའོ། །ལྷན་ཅིག་སྐྱེས་པ་ནི་ཐ་ན་རི་དགས་དང་བྱ་རྣམས་ལ་ཡང་ཡོད་པ་གང་ཡིན་པའོ། །རང་གི་གནས་ལ་དམིགས་པ་ནི་སོ་སོ་རང་གི་ལུས་རྣམས་ལ་ཡོད་པ་གང་ཡིན་པའོ། །གཞན་གྱི་གནས་ལ་དམིགས་པ་ནི་གཞན་གྱི་ལུས་
རྣམས་ལ་ཡོད་པ་གང་ཡིན་པ་སྟེ། གལ་ཏེ་རྣམ་པར་བརྟགས་པའི་བདག་ཏུ་ལྟ་བ་ལ་བརྟེན་ནས་ངའོ་སྙམ་པའི་ང་རྒྱལ་སྐྱེད་ན་ནི་དེ་ལྟ་བུ་དེས་རང་གི་ལུས་དང་གཞན་གྱི་ལུས་ལ་བདག་ཏུ་མཐོང་ནས་བདག་ཏུ་ལྟ་བ་རྣམ་པ་གཉིས་ལ་བརྟེན་ནས་སྐྱེད་པར་བྱེད་དེ། དཔེར་ན་བཞིན་
ལ་བརྟེན་ནས་ཡོངས་སུ་དག་པའི་མེ་ལོང་གི་ངོས་ལ་གཟུགས་བརྙན་སྐྱེ་བར་འགྱུར་ལ། གཟུགས་བརྙན་ལ་བརྟེན་ནས་རང་གི་གནས་ལ་ཐ་མ་དང་འབྲིང་དང་མཆོག་ཏུ་འདུ་ཤེས་པར་འགྱུར་བ་དེ་བཞིན་དུ་རྟོག་པ་ངན་པས་རང་གི་གནས་ལ་ཡོད་པའི་བདག་ཏུ་ལྟ་བའི་རྐྱེན་ལས་བྱུང་བའི་
བཞིན་ལྟ་བུ་དང་། གཞན་གྱི་གནས་ལ་དམིགས་པའི་གཟུགས་བརྙན་ལྟ་བུ་སྐྱེ་བར་འགྱུར་རོ། །དེའི་རྐྱེན་ལས་ཀྱང་གཞན་རྣམས་པས་བདག་ཆེའོ། །བདག་མཚུངས་སོ། །བདག་ཆུང་ངོ་སྙམ་དུ་ངའོ་སྙམ་པའི་ང་རྒྱལ་སྐྱེའོ། །དེ་སྟེ་ལྷན་ཅིག་སྐྱེས་པའི་བདག་ཏུ་ལྟ་བའི་
Vol. 131 · folio 143b
རྐྱེན་གྱིས་སྐྱེད་ན་ནི་དེ་ལ་ནི་དཔེའི་ཁྱད་པར་དུ་རིག་པར་བྱ་སྟེ། དཔེར་ན་མིག་དང་ལྡན་པའི་མི་སྣོད་ན་འདུག་པའི་ཆུ་དང་བའི་ནང་དུ་མིག་དང་རྣ་བ་གཉིས་ལ་ལྟ་བ་བཞིན་ནོ། །ལྷག་མ་རྣམས་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །འཇིག་ཚོགས་ལ་ལྟ་བ་དེ་ནི་རྣམ་པ་ཐམས་ཅད་ནི།
ལེགས་པར་གསུངས་པའི་ཆོས་འདུལ་བ་འབའ་ཞིག་གིས་སྤོང་བར་འགྱུར་གྱི་གཞན་གྱིས་ནི་མ་ཡིན་ནོ། །དེ་ལྟར་ན་དེ་བཞིན་གཤེགས་པ་རྣམས་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱི་ཕན་པའི་ལན་ནི་ཉན་ཐོས་སམ་ཚངས་པ་མཚུངས་པར་སྤྱོད་པས་སྟོན་པའམ།
ཚངས་པ་མཚུངས་པར་སྤྱོད་པས་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་རྣམ་པ་གཅིག་པུས་ལན་ལོན་པར་འགྱུར་གྱི་གཞན་གྱིས་ནི་མ་ཡིན་ནོ། །གལ་ཏེ་གཞན་ལ་ཕན་པའི་ཕྱིར་ལམ་དེ་ཁོ་ན་ལ་ཞུགས་པར་གྱུར་ན་ནི་དེ་ལྟ་ན་དེས་དེ་དག་གི་བཞེད་པ་ཡོངས་སུ་བསྐང་བས་ལན་དུ་ཕན་
བཏགས་པ་ཡིན་ནོ། །མཚན་ཉིད་གསུམ་པའི་འདུ་བྱེད་རྣམས་འགགས་པའི་ཕྱིར་རོ། །ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཞེས་བྱ་སྟེ། འདི་ལྟ་སྟེ། བསྐྱེད་པ་རྣམས་དང་། རང་བཞིན་གྱིས་འཇིག་པ་རྣམས་དང་། ཉོན་མོངས་པ་དང་བྲལ་བ་རྣམས་སོ། །
དེ་ལ་སྔོན་གྱི་ཡང་སྲིད་པར་སྐྱེ་བའི་ལས་དང་ཉོན་མོངས་པ་རྣམས་ཀྱིས་མངོན་པར་འདུས་བྱས་པ་དང་། སྔོན་གྱི་སྨོན་ལམ་གྱིས་མངོན་པར་འཕངས་པས་ན་ད་ལྟར་བསྐྱེད་པ་ཡིན་ནོ། །དེ་ལྟར་སྐྱེས་ནས་ཀྱང་རང་བཞིན་གྱིས་འཇིག་པའི་ཕྱིར་གཏན་དུ་མི་གནས་སོ། །ཉོན་མོངས་པ་
མ་ལུས་པར་སྤངས་པས་ན་ཉོན་མོངས་པ་དང་བྲལ་བ་ཡིན་ཏེ། གང་གི་ཕྱིར་ད་ལྟར་འགགས་ནས་ཕྱིས་མི་སྐྱེ་བའི་ཕྱིར་རོ། །དེ་བས་ན་མཚན་ཉིད་གསུམ་པའི་འདུ་བྱེད་འདི་འགག་པའི་ཕྱིར་འགོག་པ་ཞེས་བྱའི། མཚན་ཉིད་གང་ཡང་རུང་བ་མ་ཚང་ན་ནི་འགོག་པར་གདགས་སུ་མི་
རུང་ངོ་། །རྣམ་པར་ཐར་པའི་སྒོ་གསུམ་གྱི་སྒོ་ནས་ཆོས་ཀྱི་མདོ་བཞི་རྣམ་པར་གཞག་པར་རིག་པར་བྱའོ། །འདི་ལྟ་སྟེ། སྟོང་པ་ཉིད་དང་། སྨོན་པ་མེད་པ་དང་། མཆན་མ་མེད་པའོ། །དེ་ལ་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ་ཞེས་བྱ་བ་
Vol. 131 · folio 144a
ནི་སྨོན་པ་མེད་པའི་སྒོ་ནས་ཆོས་ཀྱི་མདོ་དང་པོ་དང་གཉིས་པ་རྣམ་པར་གཞག་པ་ཡིན་ནོ། །ཆོས་ཐམས་ཅད་བདག་མེད་པའོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་སྒོ་ནས་གསུམ་པ་རྣམ་པར་གཞག་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ནི་མཚན་མ་
མེད་པའི་སྒོ་ནས་བཞི་པ་རྣམ་པར་གཞག་པའོ། །ཆོས་ཀྱི་མདོའི་དབང་གིས་བྱུང་བའི་འདུ་བྱེད་འདོད་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། མོས་པ་དང་ལྡན་པ་དང་། བསམ་པ་དང་ལྡན་པའོ། །དེ་ལ་མོས་པ་དང་ལྡན་པའི་འདོད་པས་ནི་ཆོས་ཀྱི་མདོ་བཞིས་འདུ་བྱེད་རྣམས་
འདོད་དེ། འདུ་བྱེད་ཐམས་ཅད་ཉེ་བར་ཞི་བ་ནི་དེ་འདོད་པ་དེ་ལྐོག་དབེན་པར་སོང་ནས་བསམ་པ་ཐག་པ་ནས་ཡིད་ལ་བྱེད་པ་ནི། རྣམ་པ་བཞིས་དེ་ལས་ཡིད་ལྡོག་པར་འགྱུར་ཏེ། དེ་ལ་ཕན་ཡོན་མ་མཐོང་བས་མི་འཇུག་པའི་ཕྱིར་དང་། དེ་ཐོབ་པར་ཡིད་མི་ཆེས་པས་མ་དད་
པའི་ཕྱིར་དང་། དམིགས་པ་དེ་ལ་མངོན་པར་མི་དགའ་བས་མི་གནས་པའི་ཕྱིར་དང་། དེ་ལ་མངོན་པར་མི་དགའ་བས་རྣམ་པར་མ་གྲོལ་བའི་ཕྱིར་རོ། །དེ་ལས་བཟློག་པ་ནི་བསམ་པའི་སྒོ་ནས་འདོད་པ་ཡིན་པར་རིག་པར་བྱའོ། །རྒྱུ་གཉིས་ཀྱིས་ནི་མོས་པའི་བདག་མེད་པ་
འདོད་པ་ལ་བརྟེན་པས་མྱ་ངན་ལས་འདས་པ་ལས་སེམས་ཕྱིར་ལྡོག་པར་འགྱུར་ཏེ། ཡོངས་སུ་ཡི་འཆད་པའི་ཕྱིར་རོ། །དེ་ཡང་འདི་ལྟ་སྟེ། འདོད་པ་དེ་ཡང་ལེགས་པར་བྱང་བ་མ་ཡིན་ལ་ཚར་ཕྱིན་པར་ཡང་མ་གྱུར་པ་དང་། དེ་ཡིད་ལ་བྱེད་པའི་ཚེ་ཡང་རྒྱུ་དེ་ཉིད་ཀྱིས་བརྗེད་
ངས་པར་འགྱུར་བའི་ཕྱིར་ཏེ། བཟོད་པ་དེ་ལ་ཡོངས་སུ་མ་བྱང་བའི་ཕྱིར་ནི་དེའི་ཚེ་འདུ་བྱེད་རྣམས་ལ་འདུ་བྱེད་ཙམ་དུ་ཤེས་པ་ལ་སེམས་རྨོངས་པར་འགྱུར་ཏེ། བདག་གི་བདག་གང་ཡིན་ཞིག་གུ་སྙམ་དུ་བདག་ཡོངས་སུ་ཚོལ་བའི་རྣམ་པས་དེ་ཞིབ་པ་དང་ལྡན་པའི་བར་དུ་གཅོད་པ་
འཇུག་པར་འགྱུར་ཏེ། དེས་ན་དེ་འདི་སྙམ་དུ་བདག་ནི་མེད་པར་འགྱུར་རོ་སྙམ་དུ་སེམས་ཀྱི། འདི་སྙམ་དུ་འདུ་བྱེད་ཙམ་པོ་འདི་ནི་མེད་པར་འགྱུར་རོ་སྙམ་དུ་ནི་མི་སེམས་སོ། །དེ་དེ་ལྟར་རྗེས་སུ་འབྲེལ་བའི་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་རྣམ་པར་འགྱུར་བ་དང་། རྗེས་སུ་
Vol. 131 · folio 144b
འབྲེལ་བའི་རྣམ་པར་ཤེས་པ་བསྐྱེད་དེ། ཡོངས་སུ་ཡི་འཆད་པའི་ཕྱིར་འགོག་པ་ལས་ཡིད་ཕྱིར་ལྡོག་པར་འགྱུར་རོ། །ཡོངས་སུ་ཡི་འཆད་པ་དེ་སྤང་བ་ལ་དབེན་པའི་ཆོས་ནི་གཉིས་ཡོད་དེ། འདི་ལྟ་སྟེ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དག་ལ་བདག་ཉིད་ཡང་
དག་པ་ཇི་ལྟ་བ་བཞིན་རབ་ཏུ་སྟོན་པ་དང་། དགེ་བའི་ཆོས་ལ་འདུན་པའི་ཕྱིར་ཤེས་པར་འདོད་པའི་སེམས་དང་། མཉན་ཞིང་ལས་སུ་རུང་བའི་སེམས་སོ། །དེ་ལྟར་ཤེས་པར་འདོད་པའི་སེམས་ཀྱིས་ཆོས་ཉན་པ་ན་རྣམ་པ་གསུམ་གྱི་སྒོ་ནས་ཡིད་བདེ་བ་སྐྱེ་བར་འགྱུར་ཏེ། འདི་
ལྟ་སྟེ། གང་ཟག་གི་དབང་གིས་བྱུང་བ་དང་། ཆོས་ཀྱི་དབང་གིས་བྱུང་བ་དང་། བདག་གི་དབང་གིས་བྱུང་བའོ། །དེ་ལ་གང་ཟག་གི་ནུས་པ་དང་། མཐུ་ཡོད་པ་དང་། འཚམ་པ་དང་། སྟོན་པས་བསྔགས་པའི་སྟོན་པ་པོ་མཐོང་བའི་ཕྱིར་རོ། །ཆོས་བསྟན་
པ་གང་ཡིན་པ་དེ་ནི་སྡུག་བསྔལ་ངེས་པར་འབྱིན་པ་ཡིན་པའི་ཕྱིར་མཆོག་གི་དོན་ཡིན་ནོ་སྙམ་དུ་མངོན་པར་ཡིད་ཆེས་པའི་ཕྱིར་རོ། །བདག་ཉིད་ཀྱང་ཆོས་དེ་རྟོགས་པར་བྱ་བ་ལ་ནུས་པ་དང་། མཐུ་ཡོད་པར་རྟོགས་པའི་ཕྱིར་རོ། །དེ་ལྟར་སེམས་ཉམས་བདེ་བར་འགྱུར་བ་ལ་ནི་ལྟ་
བ་གསུམ་ཡོད་དེ། གང་ལ་གནས་པ་དང་། དེས་ཡོངས་སུ་ཤེས་པར་བྱ་བ་གང་ཡིན་པ་དང་། འདི་ལྟ་སྟེ། བདེན་པ་མངོན་པར་མ་རྟོགས་པ་རྣམས་མངོན་པར་རྟོགས་པར་བྱ་བའི་ཕྱིར་མངོན་པར་སྒྲུབ་པ་གང་ཡིན་པའོ། །དེ་ལ་མོས་པ་དང་ལྡན་པ་ཤིན་ཏུ་ཡོངས་སུ་བྱང་
བའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་མངོན་པར་རྟོགས་པ་དང་མཐུན་པ་ལ་ནི་གནས་སོ། །གཞི་གསུམ་ལ་བདག་ཏུ་མངོན་པར་ཞེན་པས་འཇིག་ཚོགས་ལ་ལྟ་བ་བག་ལ་ཉལ་དང་བཅས་པ་རྟག་པ་དང་ཆད་པར་ལྟ་བའི་རྟེན་དུ་གྱུར་པ་གང་ཡིན་པ་དེ་འབྲས་བུ་དང་བཅས་པར་ཡོངས་
སུ་ཤེས་ཏེ། གང་ལེན་པ་དང་། གང་གིས་ལེན་པ་དང་། ཇི་ལྟར་ལེན་པ་དེ་དག་ནི་གཞི་གསུམ་ཡིན་ནོ། །དེ་ལ་ཅི་ལེན་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་སོ། །གང་གིས་ལེན་ཞེ་ན། ལེན་པ་བཞི་པོ་རྣམས་ཀྱིས་སོ། །ཇི་ལྟར་ལེན་ཞེ་ན། རྣམ་པར་ཤེས་པའི་
Vol. 131 · folio 145a
གནས་བཞི་པོ་རྣམས་ཀྱི་སྒོ་ནས་སོ། །དེ་དག་ནི་གོ་རིམས་བཞིན་དུ་ཕུང་པོ་དང་། ཉེ་བར་ལེན་པ་དང་། སེམས་ཀྱི་གནས་རྣམས་ཡིན་ཏེ། དེ་དག་ལ་ཀུན་ནས་དཀྲིས་པ་མི་རིགས་པ་དང་ལྡན་པས་དེའི་དམིགས་པ་འཇིག་ཚོགས་ལ་ལྟ་བ་ལ་མངོན་
པར་ཞེན་པའོ། །བག་ལ་ཉལ་ནི་སྔ་མ་བཞིན་དུ་རིག་པར་བྱའོ། །དེ་ལ་ལམ་མངོན་པར་སྒྲུབ་པ་གང་ཞེ་ན། གང་ལ་གནས་ན་འཇིག་ཚོགས་ལ་ལྟ་བ་ལ་གཞི་གསུམ་ལ་མངོན་པར་ཞེན་པ་བག་ལ་ཉལ་དང་བཅས་པར་སྤོང་བར་འགྱུར་ལ་བདེན་པ་ཤེས་པ་ལ་ཡང་གཞན་གྱི་དྲིང་
མི་འཇོག་པར་འགྱུར་བའོ། །དེ་ལ་ཡོངས་སུ་ཤེས་པར་བྱ་བའི་ལྟ་བ་དེ་ལ་གནས་པ་གང་ཡིན་པ་དེ་ནི་བདག་གི་སྒོ་ནས་གནས་གསུམ་ལ་མངོན་པར་ཞེན་པ་ཡང་ཡིན་ལ་བག་ལ་ཉལ་དང་བཅས་པ་ཡང་ཡིན་ཏེ། འདུ་བྱེད་རྣམས་ཀྱི་ཀུན་འབྱུང་བ་དང་། ནུབ་པར་འགྱུར་བ་མི་ཤེས་
པས་དབུ་མའི་ལམ་ལ་འཇུག་པའི་སྐལ་བ་ཡང་མེད་ན། དེས་ངེས་པར་འབྱུང་བར་ལྟ་ག་ལ་འགྱུར། དེ་ལ་མངོན་པར་རྟོགས་པ་དང་མཐུན་པ་ལ་གནས་པ་ནི་གཞི་གསུམ་པོ་དག་ལ་བདག་གི་སྒོ་ནས་མངོན་པར་ཞེན་པ་དང་བྲལ་བ་ཡིན་ཏེ། དེའི་བག་ལ་ཉལ་དང་ལྡན་ནོ། །འདུ་
བྱེད་རྣམས་ཀྱི་ཀུན་འབྱུང་བ་དང་། ནུབ་པར་ཤེས་པ་ནི་མཐའ་གཉིས་སྤངས་པའི་དབུ་མའི་ལམ་ལ་ཞུགས་པར་འགྱུར་ཏེ། དེས་ངེས་པར་འབྱུང་བ་ནི་མ་ཡིན་ལ་ངེས་པར་འབྱུང་བའི་སྐལ་བ་ཅན་ནི་ཡིན་ནོ། །དེ་ལ་བདེན་པ་མངོན་པར་རྟོགས་པས་མངོན་པར་བསྒྲུབས་པའི་ཡང་དག་པའི་ལྟ་
བས་ནི་གཞི་གསུམ་པོ་རྣམས་ལ་བདག་གི་སྒོ་ནས་མངོན་པར་ཞེན་པ་མེད་ཅིང་བག་ལ་ཉལ་མེད་དེ་དབུ་མའི་ལམ་ལ་སྔ་ནས་ཀྱང་ཞུགས་ལ་དེས་ངེས་པར་འབྱུང་བར་འགྱུར་ཏེ་ལྟ་བ་དེ་རྣམས་ལ་གནས་པ་རྣམས་ཀྱི་ཁྱད་པར་ནི་དེ་ཡིན་པར་རིག་པར་བྱའོ། །སྡོམ་ནི། མངོན་ཤེས་མྱུར་དང་
ལུས་ཀུན་དང་། །ཤེས་དང་ཤེས་བྱ་འཁོར་བ་དང་། །ཆོག་འཛིན་སྤྱོད་དང་རྒྱུན་ཕྱོགས་དང་། །ཡོངས་སུ་ཤེས་པ་ཉམས་དང་རྟགས། །འདུ་ཤེས་རྣམ་པར་གཞག་པ་དང་། །ཚོགས་དང་མི་མཐུན་གང་ཡིན་དང་། །སྟོན་པའི་ཕྲིན་ལས་ལ་སོགས་པའི། །སྡེ་ཚན་ཆེན་པོ་ཐ་མ་
Vol. 131 · folio 145b
ཡིན། །ཡོངས་སུ་གྲུབ་ཅིང་ཡོངས་སུ་མཐར་ཐུག་པའི་རྣམ་པར་གྲོལ་བ་མ་ཐོབ་པ་ཐོབ་པར་བྱ་བ་ལ་ཆོས་གསུམ་གྱིས་མངོན་པར་ཤེས་པ་མྱུར་བར་བྱེད་དེ། འདི་ལྟ་སྟེ། ཤེས་པའི་སྟོབས་དང་། བག་ཡོད་པའི་སྟོབས་དང་། གོམས་པའི་སྟོབས་སོ། །དེ་ལ་ཤེས་པའི་
སྟོབས་ནི་གང་ལ་གནས་ན་དེའི་མོད་ལ་ཟག་པ་རྣམས་ཟད་པའི་སྐལ་བ་ཅན་དུ་འགྱུར་ཏེ། དེ་ཡང་སློབ་པའི་ཤེས་པ་དང་། མཐོང་བ་ཡིན་པར་རིག་པར་བྱའོ། །དེ་ལ་བག་ཡོད་པའི་སྟོབས་ནི་དེ་ལྟར་ཤེས་པ་དང་མཐོང་བ་ཐོབ་པ་དེ་ཉིད་ཀྱི་ལམ་དེ་ལྟར་ཐོབ་པ་བསྒོམ་པ་ལ་བརྩོན་
པ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་སེམས་ཀུན་ཏུ་སྲུང་བའོ། །དེ་ལ་གོམས་པའི་སྟོབས་ནི་བསྒོམ་པ་ལ་བརྩོན་པ་དེ་ཉིད་ལ་རྟག་ཏུ་བྱེད་པ་དང་། རྟག་ཏུ་གནས་པ་སྟེ། དེང་ངམ་སང་ངམ་གནངས་ཉིད་དུ་བདག་གི་སེམས་ལེན་པ་མེད་པར་ཟག་པ་རྣམས་ལས་
རྣམ་པར་གྲོལ་བར་གྱུར་ཅིག་སྙམ་ནས་ཕྱིན་ཅི་ལོག་གི་སེམས་མངོན་པར་འདུ་བྱེད་པས་སྐྱོ་བར་མི་འགྱུར་བའོ། །སྐྱོ་བ་མེད་ན་ཡོངས་སུ་ཡི་འཆད་པར་མི་འགྱུར་བའོ། །ཡོངས་སུ་ཡི་འཆད་པ་མེད་ན་ཟག་པ་ཟད་པར་བྱ་བའི་སྦྱོར་བ་མི་གཏོང་ངོ་། །དེ་ལ་ཤེས་པ་དང་མཐོང་
བ་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན། འདས་པ་དང་མ་འོངས་པ་ལྐོག་ཏུ་གྱུར་པའི་ཡུལ་ཅན་གྱི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པའོ། །ད་ལྟར་བྱུང་བའི་ཡུལ་ཅན་གང་ཡིན་པ་དེ་ནི་མཐོང་བའོ། །གཞན་ཡང་གཟུང་བ་ལ་དམིགས་པ་གང་ཡིན་པ་དེ་ནི་ཤེས་པའོ། །འཛིན་
པ་ལ་དམིགས་པ་གང་ཡིན་པ་དེ་ནི་མཐོང་བའོ། །གཞན་ཡང་ཐོས་པ་དང་བསམས་པ་ལས་བྱུང་བ་གང་ཡིན་པ་དེ་ནི་ཤེས་པའོ། །བསྒོམས་པ་ལས་བྱུང་བ་གང་ཡིན་པ་དེ་ནི་མཐོང་བའོ། །གཞན་ཡང་གང་གིས་ཉོན་མོངས་པ་སྤོང་བ་དེ་ནི་ཤེས་པའོ། །སྤོང་བ་དང་རྣམ་པར་
གྲོལ་བའི་ཤེས་རབ་གང་ཡིན་པ་དེ་ནི་མཐོང་བའོ། །གཞན་ཡང་རང་གི་མཚན་ཉིད་ལ་དམིགས་པ་གང་ཡིན་པ་དེ་ནི་ཤེས་པའོ། །སྤྱིའི་མཚན་ཉིད་ལ་དམིགས་པ་གང་ཡིན་པ་དེ་ནི་མཐོང་བའོ། །གཞན་ཡང་གདགས་པ་ལ་བརྟེན་ཏེ་ནང་དང་ཕྱི་རོལ་གྱི་འདུ་བྱེད་འདི་ལྟ་སྟེ། བདག་
Vol. 131 · folio 146a
ཅེས་བྱ་བའམ། སེམས་ཅན་ཞེས་བྱ་བའམ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཞེས་བྱ་བའམ། དམག་དང་། ནགས་ཚལ་དང་། ཁང་ཁྱིམ་དང་། རི་
ཞེས་བྱ་བའམ། དེ་ལ་སོགས་པའི་རྣམ་པའི་བརྡའི་ཚུལ་གྱིས་ཤེས་བྱ་དེ་དང་དེ་དག་ལ་དམིགས་པའི་ཤེས་རབ་གང་ཡིན་པ་དེ་ནི་ཤེས་པའོ། །རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ལ་འཛིན་པ་ནི་མཐོང་བའོ། །གཞན་ཡང་ཆོས་རྣམས་ཡོངས་སུ་ཚོལ་བ་གང་ཡིན་པ་
དེ་ནི་ཤེས་པའོ། །ཡོངས་སུ་བཙལ་ཟིན་པ་རྣམས་ལས་སོ་སོར་རྟོག་པ་ནི་མཐོང་བའོ། །གཞན་ཡང་རྣམ་པར་མི་རྟོག་པའི་གཟུགས་བརྙན་ལ་དམིགས་པ་ནི་ཤེས་པའོ། །རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ལ་དམིགས་པ་ནི་མཐོང་བའོ། །གཞན་
ཡང་ཤེས་བྱ་གཟུགས་ཅན་གྱི་གཟུགས་བརྙན་ལ་དམིགས་པ་ནི་མཐོང་བའོ། །ཤེས་བྱ་གཟུགས་ཅན་མ་ཡིན་པའི་གཟུགས་བརྙན་ལ་དམིགས་པ་ནི་ཤེས་པའོ། །དེ་དེ་ལྟར་ཤེས་པ་དང་མཐོང་བ་ལ་བརྟེན་པས་བསྒོམ་པ་ལ་ཞུགས་པ་ནི་མཁས་པའི་གཞི་བཞིས་
སྦྱོར་བར་བྱེད་དེ། འདི་ལྟ་སྟེ། ཉེ་བར་རྟོག་པའི་གཞི་དང་། གཏོང་བ་དང་ལེན་པའི་གཞི་དང་། ཚོར་བ་རྣམས་ལས་ངེས་པར་འབྱུང་བའི་གཞི་དང་། ཐབས་ཀྱི་གཞིས་སོ། །དེ་ལ་ཉེ་བར་རྟོག་པའི་གཞི་ནི་དྲན་པ་ཉེ་བར་གཞག་པ་བཞི་སྟེ། ཕྱིན་ཅི་ལོག་བཞིའི་གཉེན་པོའི་སྒོ་
ནས་ཤེས་བྱ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། །གཏོང་བ་དང་ལེན་པའི་གཞི་ནི་ཡང་དག་པར་སྤོང་བ་བཞི་སྟེ། མི་དགེ་བའི་ཆོས་སྤོང་བ་དང་། དགེ་བའི་ཆོས་ཡང་དག་པར་སྒྲུབ་པའི་ཕྱིར་རོ། །ཚོར་བ་རྣམས་ལས་ངེས་པར་འབྱུང་བའི་
གཞི་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་སྟེ། བསམ་གཏན་བཞི་པོ་རྣམས་ལ་ཡིད་མི་བདེ་བའི་དབང་པོ་ནས་བཟུང་སྟེ། བདེ་བ་དང་། སྡུག་བསྔལ་བ་ལས་ཡང་དག་པར་འདས་པའི་བར་གྱི་ཕྱིར་རོ། །ཐབས་ཀྱི་གཞི་ནི་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་
Vol. 131 · folio 146b
གྱི་ཡན་ལག་རྣམས་ཡིན་པར་རིག་པར་བྱ་སྟེ། །མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤང་བའི་ཐབས་ཡིན་པའི་ཕྱིར་རོ། །དེ་ལྟར་མཁས་པ་ལ་ཞུགས་པ་ལ་ནི་རྟེན་དང་། བརྟེན་པའི་དོན་བཞི་ཡོད་པར་རིག་པར་བྱ་སྟེ། དེ་ལ་རྟེན་གྱི་དོན་ནི་རྣལ་འབྱོར་པ་
ཡང་དག་པར་ཞུགས་པ་གང་ཡིན་པ་དེ་ཡིན་ནོ། །དེ་ལ་བརྟེན་པའི་དོན་ནི་སློབ་པའི་ཟག་པ་མེད་པའི་ཆོས་དེ་དག་དང་ནི་ལྡན་ལ་རྣམ་པར་དག་པ་རྣམས་དང་ལྡན་པ་ནི་མ་ཡིན་ཏེ། མ་རིག་པའི་ལྷག་མའི་སྦུབས་ཀྱིས་ཀུན་ནས་བསྐོར་བའི་ཕྱིར་རོ། །ཆོས་དེ་དག་ཉིད་རྣམ་པར་དག་
པའི་ལམ་གྱིས་ཕྱིས་རྣམ་པར་དག་པ་དང་ལྡན་ནོ། །དེ་ལ་རྣམ་པར་དག་པའི་ལམ་ཡང་རྣམ་པ་བཞིར་རིག་པར་བྱ་སྟེ། དམ་པའི་ཆོས་ཡང་དག་པར་བརྟག་པ་ནི་ལྷག་པར་བརྟེན་པའོ། །དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་ཡོངས་སུ་བསྟེན་པའོ། །ཚུལ་ཁྲིམས་
དང་དབང་པོ་བསྡམས་པ་དང་། འདོད་པ་ཉུང་བ་ལ་སོགས་པས་ནི་སེམས་བསྲོ་བར་བྱའོ། །ལྐོག་དབེན་པ་ན་གནས་ཤིང་ཞི་གནས་དང་ལྷག་མཐོང་གཉིས་ཀྱིས་ནི་ཡང་དག་པར་བདེ་བླག་ཏུ་བསྲུང་བར་བྱའོ། །དེ་ལ་རྣམ་པར་དག་པ་ནི་རྣམ་པར་དག་པའི་ལམ་དེ་ཉིད་ལན་མང་དུ་བྱས་པའི་
རྒྱུས་སློབ་པའི་ཆོས་དེ་དག་གིས་མ་རིག་པའི་སྦུབས་བརྟོལ་བས་མི་སློབ་པའི་སར་ངེས་པར་འབྱུང་བ་གང་ཡང་ཡིན་པའོ། །ཡོངས་སུ་གྲུབ་པ་དང་། ཡོངས་སུ་མཐར་ཐུག་པའི་རྣམ་པར་གྲོལ་བ་དེ་འཐོབ་པ་ལ་ཡང་རིམ་པ་ལྔ་ཡོད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། སྔོན་ཚོགས་
ཡང་དག་པར་བསྒྲུབས་པའི་རྟེན་དང་། དེ་ལ་བརྟེན་ནས་ཀྱང་ཞི་གནས་དང་། ལྷག་མཐོང་གཉིས་ལ་གོམས་པ་དང་། དེ་ལ་བརྟེན་ནས་ཀྱང་བདེན་པ་རྣམས་མངོན་པར་རྟོགས་ནས་མྱ་ངན་ལས་འདས་པ་ལ་མོས་པ་དང་། དེ་ལ་བརྟེན་ནས་ཀྱང་རྟོགས་པ་ཕལ་པ་ཙམ་གྱིས་ཆོག་
པར་མི་འཛིན་ཅིང་གནས་པར་མི་བྱེད་དེ། སྐྱོ་བར་བྱེད་པའི་ཆོས་རྣམས་ལ་སྐྱོ་བར་བྱེད་པ་དང་། དེ་ལ་བརྟེན་ནས་ཀྱང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་ལྡན་པའི་སློབ་པའི་སེམས་ཐ་མའོ། །ལུས་ཐམས་ཅད་ལ་ནི་རྒྱུ་རྣམ་པ་བཞིས་འདུ་བྱེད་ཐམས་ཅད་མི་རྟག་པར་རིག་པར་བྱ་སྟེ།
Vol. 131 · folio 147a
ལས་ཐམས་ཅད་ཀྱི་ཚེའི་ཚད་ངེས་པ་ཡོད་དེ། དཔེར་ན་ལ་ལ་ཞིག་གི་ཆེད་དུ་འཇིམ་པའི་གོང་བུའམ་བ་ལང་གི་ལྕི་བའི་གོང་བུ་ལག་ཏུ་བླངས་པ་ལ་ནི་དུས་འདི་ཙམ་ཞིག་ན་དོར་རོ་སྙམ་དུ་བསམས་ན་དེ་ལྟར་ཆེད་དུ་བླངས་པའི་གོང་བུ་དེ་ལ་མི་དེ་དེའི་ཚེ་ཅི་དགར་
འདོར་བའི་དབང་བྱེད་དེ། གང་གི་ཚེ་དོར་བར་འདོད་པ་ན་ཡང་དོར་དུ་ཡོད་ལ་ཇི་སྲིད་དུ་འཆང་བར་འདོད་པ་དེ་སྲིད་དུ་ཡང་བཅང་དུ་ཡོད་ཀྱི་འཆི་བའི་རྒྱུའི་ལུས་བླངས་ལ་ཚེ་ཡང་ཟད་པ་ལ་ནི་རང་དགར་སྐད་ཅིག་གནས་པར་བྱ་བར་མི་འགྲུབ་ན་དེ་ལས་ལྷག་པར་ལྟ་ག་ལ་ནུས། གཞན་
ཡང་ལུས་ཐམས་ཅད་ནི་རྒྱུ་ལས་བྱུང་བ་ཡིན་ལ་རྒྱུ་ཡང་བྱས་པ་ཡིན་པའི་ཕྱིར་མི་རྟོག་གོ། །གཞན་ཡང་ལུས་ཆེན་པོ་དང་ཕུན་སུམ་ཚོགས་པ་ཟད་པ་ཡོད་པའི་ཕྱིར་ཏེ། འདི་ལྟ་སྟེ། གཟུགས་ན་སྤྱོད་པ་རྣམས་དང་། ལྷ་ཡུལ་པ་འདོད་པ་ན་སྤྱོད་པ་རྣམས་དང་། མི་རྣམས་ཏེ་
ཚངས་པ་དང་། བརྒྱ་བྱིན་དང་། འཁོར་ལོས་སྒྱུར་བ་རྣམས་སོ། །གཞན་ཡང་ཡིད་ཆེས་པའི་མན་ངག་ལས་མངོན་པའི་ཕྱིར་ཏེ། གང་ལས་བཅོམ་ལྡན་འདས་མངོན་སུམ་དུ་གཟིགས་པ་ཉིད་ཀྱིས་མངོན་དུ་འགྱུར་བར་བསྟན་ཏོ། །གསུམ་པོ་འདི་དག་ནི་འདོད་པ་དང་ལྡན་པ་
རྣམས་ཀྱི་འདོད་པ་ཕུན་སུམ་ཚོགས་པ་ཡིན་ཏེ། དེ་དག་ནི་འདོད་པ་དང་ལྡན་པ་རྣམས་ཀྱིས་རྟག་ཏུ་རྒྱུན་མི་འཆད་པར་འདོད་པ་སྟེ། འདི་ལྟ་སྟེ། ལོངས་སྤྱོད་ཀྱི་གཞི་ཕུན་སུམ་ཚོགས་པ་དང་། ལུས་ཕུན་སུམ་ཚོགས་པ་དང་། སེམས་ཅན་རྒྱ་ཆེན་པོ་རྣམ་པ་སྣ་ཚོགས་ཕལ་
པོ་ཆེས་མདུན་གྱིས་ལྟ་བ་ཕུན་སུམ་ཚོགས་པའོ། །ཕུན་སུམ་ཚོགས་པ་གསུམ་པོ་འདི་དག་འཐོབ་པའི་རྒྱུ་ནི་རྣམ་པ་གསུམ་ཡོད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། སྦྱིན་པ་དང་། དབང་པོ་དུལ་བ་དང་ལྡན་པའི་ཚུལ་ཁྲིམས་དང་། བསྒོམས་པའི་འབྲས་བུའི་བྱམས་པའི་སྔོན་དུ་
འགྲོ་ཞིང་རྒྱུའི་ཚུལ་དུ་འདུག་པའི་འདོད་པ་ན་སྤྱོད་པའི་བྱམས་པ་སྟེ། སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་ཡང་དག་པར་བསྡམ་པའི་རྣམ་པས་འཇུག་པའི་ཕྱིར་རོ། །བདུན་པོ་འདི་དག་ནི་ཤེས་བྱའི་གཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱ་བའི་ཤེས་པའི་རྣམ་པ་
Vol. 131 · folio 147b
ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཐོབ་པའི་ཤེས་པས། ཐོབ་པ་མ་ཡིན་པའི་ཤེས་པ་དང་། ཕྱིན་ཅི་མ་ལོག་པའི་ཤེས་པ་དང་། གང་ན་མེད་པ་གང་ཡིན་པ་དེ་ནི་དེའི་སྒོ་ནས་མེད་དོ་ཞེས་བྱ་བའི་ཤེས་པ་དང་། འདིར་ལུས་གང་ཡིན་པ་དེ་ནི་དེའི་སྒོ་ནས་གསོག་ཅེས་བྱ་བའི་
ཤེས་པ་དང་། སྡུག་བསྔལ་བ་དང་མི་སྡུག་པའོ་ཞེས་བྱ་བའི་ཤེས་པ་དང་། འཇིགས་པའི་ཤེས་པའོ། །རྣམ་པ་བཅོ་ལྔས་ནི་འདུ་བྱེད་རྟོགས་པས་འདུ་བྱེད་ཐམས་ཅད་ལ་རྨོངས་པ་སྤོང་བར་འགྱུར་ཏེ། བཅོ་ལྔ་གང་ཞེ་ན། གཟུགས་ལ་ནི་ཆུའི་ཁམས་ལས་བྱུང་བ་དང་། བདག་
མེད་པ་ལ་བདག་ལྟ་བུར་སྣང་བ་དང་། ཇི་ལྟར་འདོད་པ་བཞིན་དུ་སྤྱད་པར་མི་ནུས་པའི་ཕྱིར་དབུ་བའི་གོང་བུ་ལྟ་བུར་རྟོགས་པ་དང་། ཚོར་བ་ལ་ནི་གསུམ་འདུས་པ་དང་འདྲ་བའི་སྒོ་ནས་སྤྲིན་དང་ས་གཞི་དང་ཆར་པ་གསུམ་འདུས་པའི་ཚུལ་གྱིས་ཆུ་བུར་ལྟ་བུར་རྟོགས་པ་དང་། འདུ་ཤེས་
རྣམས་ལ་ནི་ཤེས་བྱར་སྣང་བ་དང་། གདུངས་པ་དང་། རྨོངས་པར་འདྲ་བའི་སྒོ་ནས་སྨིག་རྒྱུ་བ་ལྟ་བུར་རྟོགས་པ་དང་། འདུ་བྱེད་རྣམས་ལ་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཆད་པ་དང་། ལུས་རྣམ་པ་དུ་མའི་རྒྱུའི་བྱེ་བྲག་ཡིན་པ་དང་། སྐད་ཅིག་ཙམ་ལས་ཡུན་རིང་དུ་མི་གནས་
པར་འདྲ་བའི་སྒོ་ནས་ཆུ་ཤིང་གི་སྡོང་པོ་ལྟ་བུར་རྟོགས་པ་དང་། རྣམ་པར་ཤེས་པ་ལ་ནི་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པའི་གནས་བཞི་དང་ལུས་སྣ་ཚོགས་ཀྱི་རྗེས་སུ་འཇུག་པའི་སྒོ་ནས་སྒྱུ་མ་ལྟ་བུར་རྟོགས་པ་དང་། རྒྱས་པར་རབ་ཏུ་བྱེད་པ་ནི་འདི་
ལྟ་སྟེ། རྣམ་གྲངས་བསྡུ་བ་ལས་འབྱུང་ངོ་།། །།རྣལ་འབྱོར་སྤྱོད་པའི་ས་ལ་གཞི་བསྡུ་བ། བམ་པོ་གསུམ་པ། འཇིག་རྟེན་གཉིས་ཀྱིས་ནི་འདུ་བྱེད་ཐམས་ཅད་བསྡུས་ཏེ། སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་ནོ། །དེ་ལ་སེམས་ཅན་གྱིས་
འཇིག་རྟེན་ནི་སྐྱེ་བའི་འཁོར་བ་ཞེས་བྱ་བ་ཡིན་ཏེ། གཞན་ལ་མི་བྱའོ། །སྐྱེ་བའི་འཁོར་བ་ནི་མི་འདྲ་བ་རྣམ་པ་ལྔས་སྣོད་ཀྱི་འཁོར་བ་དང་མི་འདྲ་བར་རིག་པར་བྱ་སྟེ། འདི་ལྟ་སྟེ། སྣོད་ཀྱི་འཁོར་བ་ནི་ཐུན་མོང་བའི་རྒྱུས་གྲུབ་པ་ཡིན་ལ། སྐྱེ་བའི་འཁོར་བ་ནི་སེམས་ཅན་རེ་རེ་ཉི་ཚེའི་
Vol. 131 · folio 148a
རྒྱུས་གྲུབ་པ་ཡིན་ཏེ། འདི་ནི་རྒྱུ་མི་འདྲ་བ་དང་པོའོ། །གཞན་ཡང་སྣོད་ཀྱི་འཁོར་བ་ནི་སྔོན་དང་ཕྱི་མའི་མཐའ་ཆད་པའི་ཕྱིར་ཐོག་མ་དང་ཐ་མ་ཡོད་ལ། སྐྱེ་བའི་འཁོར་བ་ནི་རྟག་ཏུ་མི་འཆད་པར་རྒྱུན་འཇུག་པའི་ཕྱིར་ཐོག་མ་དང་ཐ་མ་མེད་དེ། འདི་ནི་
མི་འདྲ་བ་གཉིས་པའོ། །གཞན་ཡང་སྣོད་ཀྱི་འཁོར་བ་ནི་མེ་འམ་ཆུ་འམ་རླུང་གིས་འཇིག་ཅིང་རྒྱུན་འཆད་པར་འགྱུར་ལ་སྐྱེ་བའི་འཁོར་བ་ནི་དེ་ལྟ་མ་ཡིན་ཏེ། འདི་ནི་མི་འདྲ་བ་གསུམ་པའོ། །གཞན་ཡང་སྣོད་ཀྱི་འཁོར་བའི་རྒྱུ་ནི་གཏན་དུ་རྒྱུན་ཆད་པར་འགྱུར་བ་མེད་ལ། སྐྱེ་བའི་
འཁོར་བ་ནི་ཡོད་དེ། འདི་ནི་མི་འདྲ་བ་བཞི་པའོ། །གཞན་ཡང་སྣོད་ཀྱི་འཁོར་བ་ནི་རྒྱུན་ཆད་དུ་ཟིན་ཀྱང་ཡང་ཉིང་མཚམས་སྦྱོར་བ་ཡོད་ལ། སྐྱེ་བའི་འཁོར་བ་ནི་ནམས་ཀྱང་ཉིང་མཚམས་སྦྱོར་བ་མེད་དེ། འདི་ནི་མི་འདྲ་བ་ལྔ་པའོ། །བྱིས་པ་རྣམས་ནི་རྣམ་པ་ལྔས་འཁོར་
བ་དེར་འཁོར་བར་འགྱུར་ཏེ། འདི་ལྟ་སྟེ། སྲེད་པའི་རྒྱུ་དང་། སྲེད་པའི་འབྲས་བུ་དང་། སྲེད་པའི་རང་བཞིན་དང་། རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་ཉིད་ཀྱང་སྔོན་གྱི་མཐའི་སྒོ་ནས་ཐོག་མ་མེད་པའོ། །དེ་ལ་མ་རིག་པ་ནི་
སྲེད་པའི་རྒྱུའོ། །བདེ་འགྲོ་དང་ངན་འགྲོར་འགྲོ་བའི་ལས་ནི་སྲེད་པའི་འབྲས་བུའོ། །དེ་ལ་བདེ་འགྲོར་འགྲོ་བའི་ལས་ཀྱིས་ནི་སྲེད་པས་བྱིས་པ་ཀུན་ཏུ་སྦྱོང་བར་བྱེད་དེ། རང་ཉིད་འགྲོ་བ་དེར་འགྲོ་འདོད་པའི་ཕྱིར་རོ། །ངན་འགྲོར་འགྲོ་བའི་ལས་ཀྱིས་ནི་སྲེད་པའི་ལྟུང་གིས་
བཏགས་ཏེ། དེ་ནི་འགྲོ་འདོད་པ་ན་མ་ཡིན་གྱི་མི་འདོད་བཞིན་དུ་ཁྲིད་དོ། །དེ་ལ་སྲེད་པ་རང་བཞིན་གྱི་སྒོ་ནས་ནི་དེའི་རང་བཞིན་མདོར་བསྡུ་ན་རྣམ་པ་གསུམ་ཡོད་དེ། ཡང་སྲིད་པ་སྐྱེ་བར་བྱེད་པ་དང་། དགའ་བ་དང་འདོད་ཆགས་དང་ལྡན་པ་དང་། དེ་དང་དེར་མངོན་པར་
དགའ་བ་སྟེ། དེ་དག་ཀྱང་མདོར་བསྡུ་ན། སྲིད་པའི་སྲེད་པ་དང་། ཡུལ་གྱི་སྲེད་པའོ། །དེ་ལ་ཡང་སྲིད་པར་སྐྱེ་བར་བྱེད་པ་གང་ཡིན་པ་དེ་ནི་སྲིད་པའི་སྲེད་པའོ། །དགའ་བ་དང་འདོད་ཆགས་དང་ལྡན་པ་གང་ཡིན་པ་དེ་ནི་ཡུལ་འཐོབ་ཏུ་ཆ་བ་རྣམས་དང་། ཐོབ་ཟིན་པ་རྣམས་
Vol. 131 · folio 148b
དང་། ད་དུང་ལོངས་མ་སྤྱད་པ་རྣམས་དང་། ལོངས་སྤྱོད་ཅིང་འདུག་པ་རྣམས་ལའོ། །དེ་དང་དེར་མངོན་པར་དགའ་བ་ནི་མ་འོངས་པའི་ཡུལ་ཡོངས་སུ་བཙལ་བ་རྣམས་ལའོ། །དེ་ལ་དགའ་བ་དང་འདོད་ཆགས་དང་ལྡན་པའི་སྲེད་པའི་སྒོ་ནས་ནི་སྲེད་པའི་ཀུན་ཏུ་སྦྱོར་བ་
ཞེས་བྱའོ། །ཡང་སྲིད་པར་སྐྱེ་བར་བྱེད་པ་དང་། དེ་དང་དེར་མངོན་པར་དགའ་བའི་སྒོ་ནས་ནི་སྲེད་པའི་ལྟུང་གིས་བཏགས་པར་རིག་པར་བྱ་སྟེ། དངོས་པོ་གང་ལ་སྲེད་པས་ཀུན་ཏུ་སྦྱར་བ་དེར་ཀུན་ཏུ་རྒྱུག་ལ། གང་དུ་སྲེད་པའི་ལྟུང་གིས་བཏགས་པ་དེར་ནི་འཁོར་རོ། །
དེ་ལ་འདུ་བྱེད་ཀྱི་རྒྱུད་མཐའ་མེད་པས་ན་ཡུན་རིང་ངོ་། །རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་དེ་བྱུང་བས་ན། སྔོན་གྱི་མཐའ་མེད་དོ། །རྣམ་པ་ལྔས་ནི་བྱིས་པའི་འཁོར་བའི་འཆིང་བ་རྣམ་པ་ལྔ་རི་རིག་པར་བྱ་སྟེ། འདི་ལྟ་སྟེ། གང་དུ་བཅིངས་པ་དང་། ཅིས་བཅིངས་པ་དང་། གང་
བཅིངས་པ་དང་། དེ་ལྟར་བཅིངས་པ་ཡང་རྟེན་གང་གིས་ཉམས་སུ་མྱོང་བ་དང་། གང་ཉམས་སུ་མྱོང་བའོ། །དེ་ལ་བདེ་འགྲོར་འགྲོ་བའི་ལས་ཀྱིས་ནི་བདེ་འགྲོ་ཀ་བ་དང་འདྲ་བ་ལ་བཅིངས་སོ། །ངན་འགྲོར་འགྲོ་བའི་ལས་ཀྱིས་ནི་ངན་འགྲོ་ཕུར་བུ་དང་འདྲ་བ་ལ་བཅིངས་སོ། །ཡང་
ན་དགའ་བ་དང་འདོད་ཆགས་དང་ལྡན་པའི་སྲིད་པས་ནི་རང་གི་དངོས་པོ་ཀ་བ་ལྟ་བུ་ལ་བཅིངས་སོ། །དེ་དང་དེར་མངོན་པར་དགའ་བ་དང་། ཡང་སྲིད་པར་སྐྱེ་བར་བྱེད་པས་ནི་རང་གི་དངོས་པོ་ཕུར་བུ་ལྟ་བུ་ལ་བཅིངས་སོ། །མ་རིག་པས་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་ཁྱི་བཞིན་དུ་སྡུག་
བསྔལ་ལ་སྐྱོ་བ་མེད་པའི་སྒོ་ནས་བཅིངས་ཏེ་ཕྱི་མ་ལ་ཕུང་པོ་རྣམས་ལ་བརྟེན་ནས། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །བཞི་པོ་འདི་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཟག་པ་དང་བཅས་པའི་དངོས་པོས་ཆོག་པར་འཛིན་པ་སྟེ། དེ་དག་ཀྱང་ཕལ་
ཆེར་ནི་འདི་ལས་ཕྱི་རོལ་པ་རྣམས་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། མིའི་ལུས་ཀྱིས་ཆོག་པར་འཛིན་པ་དང་། འདོད་པ་ན་སྤྱོད་པའི་ལྷའི་ལུས་ཀྱིས་ཆོག་པར་འཛིན་པ་དང་། ཚངས་པའི་འཇིག་རྟེན་དུ་སྐྱེ་བས་ཆོག་པར་འཛིན་པ་དང་། སྲིད་པའི་རྩེ་མོ་ཉིད་ནི་མཐར་ཐུག་པ་
Vol. 131 · folio 149a
ཡིན་ཏེ། ཆོག་པར་འཛིན་པ་བཞི་པའོ། །དེ་དག་ལ་ནི་གོ་རིམས་བཞིན་དུ་བྱིས་པ་རྒྱུག་གོ། །འགྲེང་ངོ་། །འདུག་གོ། །ཉལ་ལོ། །གཞན་ཡང་བཞི་པོ་འདི་དག་ནི་བྱིས་པ་སྲེད་པ་སྤྱོད་པའི་ལམ་ཡིན་ཏེ། འདི་ལྟ་སྟེ། ཡང་སྲིད་པར་སྐྱེ་བ་དང་། མ་འོངས་
པ་ན་བཙལ་བར་བྱ་བའི་ཡུལ་དང་འཐོབ་ཏུ་ཆ་བ་དང་། ཐོབ་ཟིན་པ་དང་། ལོངས་སྤྱོད་དུ་ཆ་བ་སྟེ། དེ་དག་ལ་གོ་རིམས་བཞིན་དུ་རྒྱུག་པ་ལ་སོགས་པའི་རྣམ་གྲངས་སྦྱར་བར་རིག་པར་བྱའོ། །དེ་ལ་ཡང་སྲིད་པར་སྐྱེ་བ་དང་། བཙལ་བར་བྱ་བའི་ཡུལ་གཉིས་ནི་རྒྱུག་པའི་རྣམ་གྲངས་
སུ་རིག་པར་བྱའོ། །གཞན་ཡང་རྣམ་པ་བཞིས་ཏེ། ཡིད་ཀྱི་ལས་ནི་ཡུལ་ཡོངས་སུ་ཚོལ་ལོ། །ངག་གི་ལས་དང་ལུས་ཀྱི་ལས་ཀྱིས་ནི་ཐོབ་པར་བྱེད་དོ། །ཐོབ་པ་རྣམས་ལ་ནི་ཅི་དགའ་མགུར་འཇུག་པ་དང་། བརྟེན་པར་བྱེད་དེ། སྤྱོད་པའི་ལམ་དེ་དག་ནི་ལས་འདི་རྣམས་འབྱུང་
བར་བྱེད་པའི་སྲེད་པའི་ཡིན་ནོ། །ཡང་ན་ཡུལ་ཡོངས་སུ་ཚོལ་བ་དང་། སྲིད་པའིའོ། །སྤྱོད་པའི་ལམ་བཞི་པོ་འདི་དག་ལ་ཡང་གོ་རིམས་བཞིན་དུ་རྒྱུག་པ་ལ་སོགས་པའི་རྣམ་གྲངས་སྦྱར་བར་རིག་པར་བྱའོ། །རྒྱུག་པ་ལ་སོགས་པ་ཇི་ལྟ་བ་དེ་བཞིན་དུ་ཇི་སྐད་བསྟན་པའི་ཟག་པ་
དང་བཅས་པའི་དངོས་པོས་ཆོག་པར་འཛིན་པ་རྣམས་དང་། སྲེད་པ་སྤྱོད་པའི་ལམ་རྣམས་ལ་ཡང་མངོན་པར་དགའ་བ་དང་། མངོན་པར་ཆགས་པ་དང་། ལྷག་པར་ཞེན་པ་དང་། ལྷག་པར་ཞེན་ནས་གནས་པའི་རྣམ་གྲངས་བཞི་གོ་རིམས་བཞིན་དུ་སྦྱར་བར་རིག་པར་བྱའོ། །
འདི་གཉིས་ནི་སྲེད་པ་སྤྱོད་པའི་ལམ་ལ་རྣམ་པར་སྤྱོད་པའི་འབྲས་བུ་སྣ་ཚོགས་ཡིན་ཏེ། འདི་ལྟ་སྟེ། སེམས་སྣ་ཚོགས་དང་ལུས་སྣ་ཚོགས་སོ། །དེ་ལ་སེམས་སྣ་ཚོགས་ནི་རྣམ་པ་གཉིས་ཏེ། རྣམ་པ་སྣ་ཚོགས་དང་། ཀུན་ནས་ཉོན་མོངས་པ་སྣ་ཚོགས་སོ། །དེ་ལ་རྣམ་པ་སྣ་
ཚོགས་ནི་འདི་ལྟ་སྟེ། རང་བཞིན་དང་། རྟེན་དང་། དམིགས་པ་དང་། གྲོགས་སོ། །ཀུན་ནས་ཉོན་མོངས་པ་སྣ་ཚོགས་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་སོ། །དེ་ལ་ལུས་སྣ་ཚོགས་ཀྱང་
Vol. 131 · folio 149b
རྣམ་པ་གཉིས་ཏེ། ལུས་ཐ་དད་པ་སྣ་ཚོགས་དང་། ལུས་གཅིག་གི་སྣ་ཚོགས་སོ། །དེ་ལ་སེམས་ཀྱི་ཀུན་ནས་ཉོན་མོངས་པ་སྣ་ཚོགས་གང་ཡིན་པ་དེ་ནི་ལུས་སྣ་ཚོགས་རྣམ་པ་གཉིས་པོ་གཉི་གའི་ཡང་རྒྱུ་ལྟ་བུ་ཡིན་པར་རིག་པར་བྱ་སྟེ། དེ་སྤང་བར་བྱ་བ་ལ་རྣལ་འབྱོར་
པས་ཕྱིན་ཅི་མ་ལོག་པ་དང་། རྒྱུན་མི་འཆད་པའི་ཡིད་ལ་བྱེད་པ་གཉིས་ཀྱིས་བརྩོན་པར་བྱའོ། །དེ་ལ་རྣམ་པ་བཞིས་ནི་རྒྱུ་སྣ་ཚོགས་ཀྱིས་འབྲས་བུ་སྣ་ཚོགས་སྒྲུབ་པར་བྱེད་དེ། གང་དུ་སྒྲུབ་པ་དང་། ཅིས་སྒྲུབ་པ་དང་། གང་སྒྲུབ་པ་དང་། ཇི་ལྟར་སྒྲུབ་པའོ། །དེ་བདེ་
འགྲོའམ་ངན་འགྲོར་སྒྲུབ་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱིས་ཉེ་བར་ཉོན་མོངས་པའི་སེམས་ཀྱིས་སྒྲུབ་པར་བྱེད་དོ། །འདུ་བྱེད་རྣམ་པ་ལྔར་གཏོགས་པའི་ལུས་སྣ་ཚོགས་ནི་སྒྲུབ་པར་བྱེད་དོ། །འདུ་བྱེད་རྣམས་ཀྱིས་འཇུག་པ་དང་། ལྡོག་པ་དང་།
ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རྒྱུ་དང་། རྣམ་པར་བྱང་བ་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་ནས་མངོན་པར་དགའ་བ་ལ་སོགས་པ་དང་། རྒྱུག་པ་ལ་སོགས་པའི་རྣམ་གྲངས་ཀྱི་སྒོ་ནས་ནི་སྒྲུབ་པར་བྱེད་དོ། །བྱིས་པ་འདུ་བྱེད་མི་རྟག་པར་མི་ཤེས་
པ་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་རྒྱུན་ཕྱོགས་སུ་ཞུགས་པ་ནི་རྣམ་པ་ལྔས་རྒྱུན་ཕྱོགས་སུ་ཁྱེར་བར་རིག་པར་བྱ་སྟེ། འདི་ལྟ་སྟེ། གང་དུ་ཁྱེར་བ་དང་། ཅིས་ཁྱེར་བ་དང་། གང་ལ་བརྟེན་ཏེ་ཁྱེར་བ་དང་། ཇི་ལྟར་ཁྱེར་བ་དང་། ཁྱེར་ན་ཅིར་འགྱུར་བའོ། །དེ་ལ་བདེ་འགྲོ་
དང་། ངན་འགྲོ་འགྲམ་དང་འདྲ་བ་གཉིས་སུ་ནི་ཚུ་རོལ་ནས་ཕ་རོལ་དང་། ཕ་རོལ་ནས་ཚུ་རོལ་དུ་ཁྱེར་རོ། །དེ་ལ་སྲེད་པའི་ཆུ་ཀླུང་རླན་པའི་རང་བཞིན་ཅན་གྱི་མཚན་ཉིད་ལྔ་དང་ལྡན་པས་ནི་ཁྱེར་བར་བྱེད་དེ། འདི་ལྟ་སྟེ། ཐུར་དུ་འབབ་པ་དང་། ཡུལ་རྒྱུ་བ་ལ་ཆ་ཤས་ཕྲ་མོར་རྒྱུ་
བ་ཤིན་ཏུ་རྟོགས་པར་དཀའ་བ་དང་། ཡུལ་ལས་བཟློག་པར་དཀའ་བ་དང་། སྲིད་པའི་རྩེ་མོ་མན་ཆད་ཐམས་ཅད་དུ་འདུ་བྱེད་རྒྱ་ཆེ་ཞིང་སྣ་ཚོགས་པའི་རྗེས་སུ་སོང་བ་དང་རབ་ཏུ་མ་ཞི་བའི་མཚན་ཉིད་ཡིན་པའི་ཕྱིར། ལུས་དང་སེམས་འཁྲུག་པར་བྱེད་པས་ཁྱེར་བར་བྱེད་དོ། །
Vol. 131 · folio 150a
དེ་ལ་གཟུགས་ལ་སོགས་པའི་འདུ་བྱེད་ལྔ་པོ་དག་ལ་བརྟེན་ནས་ཁྱེར་བར་བྱེད་པ་ནི་བདེ་འགྲོ་དང་། ངན་འགྲོ་འགྲམ་དང་འདྲ་བ་གཉིས་སུ་འདུ་བྱེད་རྣམ་པ་ལྔ་པོ་དེ་དག་སྐྱེས་ནས་དེ་དག་ལ་དམིགས་ཤིང་རྒྱུན་ཕྱོགས་སུ་ཁྱེར་རོ། །ཇི་ལྟར་ཁྱེར་བ་ནི་སྔ་མ་བཞིན་
དུ་འདུ་བྱེད་རྣམས་ཀྱི་འཇུག་པ་ལ་སོགས་པའི་གོ་རིམས་མ་ཤེས་ནས། བདག་གམ་བདག་གིར་འཛིན་པའི་སྒོ་ནས་ཁྱེར་རོ། །དེ་ལྟར་ཁྱེར་བ་དེའི་སྡུག་པའི་ལུས་རྣམས་ནི་རང་བཞིན་གྱིས་འཇིག་པས་མི་སྡོད་དོ། །ཇི་ལྟར་ཁྱེར་བ་དེ་ལས་བཟློག་པ་ནི་རྒྱུན་ཕྱོགས་མ་ཡིན་པར་འགྲོ་
བའི་ལམ་དུ་ཞུགས་པ་ཡིན་པར་རིག་པར་བྱའོ། །མཁས་པའི་རྣམ་པ་ཐམས་ཅད་དུ་མཁས་པ་ནི་རྣམ་པ་བཅུར་རིག་པར་བྱ་སྟེ། འདི་ལྟ་སྟེ། ལྷན་ཅིག་སྐྱེས་པའི་ཤེས་རབ་དང་ལྡན་པ་དང་། སྦྱོར་བ་ལས་བྱུང་བའི་ཐོས་པ་དང་། བསམས་པ་དང་བསྒོམས་པ་ལས་བྱུང་
བའི་ཡོངས་སུ་སྨིན་པ་དང་། རྒོད་བག་མེད་པའི་ཕྱིར་ལེགས་པའི་བསམ་པ་སེམས་པ་དང་། ལེགས་པར་སྨྲ་བ་བརྗོད་པ་དང་། ལེགས་པར་བྱ་བའི་ལས་བྱེད་པ་དང་། བདག་ལ་རང་དབང་ཡོད་པ་རྣམས་ཀྱང་འཚོ་བའི་ཕྱིར་གཞན་གྱི་དབང་དུ་མི་བྱེད་པ་དང་། ཆོས་དང་མཐུན་
པས་བདེ་བ་འདོད་ཀྱི་ཆོས་མ་ཡིན་པས་བདེ་བ་འདོད་པ་མ་ཡིན་པ་དང་། ཐ་མལ་པའི་ཚེའི་ཡོ་བྱད་རྣམས་ལེགས་པར་སྲུང་བར་བྱེད་དེ་མི་རིགས་པར་ཆུད་གཟོན་པར་མི་བྱེད་ལ། ཉེས་དམིགས་སུ་ལྟ་བཞིན་དུ་ཡོངས་སུ་སྤྱོད་པ་དང་། ན་བའི་ཡོ་བྱད་རྣམས་ལ་ལྟ་ཞིང་སོ་སོར་བརྟགས་
ནས་སྟེན་པར་བྱེད་པ་དང་། དུས་མ་ཡིན་པར་འཆི་བའི་རྐྱེན་རྣམས་བསྲུང་བ་སྟེ། རྣམ་པ་བཅུ་པོ་འདི་དག་ནི་མཁས་པའི་རྣམ་པ་ཐམས་ཅད་དུ་མཁས་པ་ཡིན་པར་རིག་པར་བྱའོ། །འདུ་བྱེད་རྣམས་ལ་བདག་མེད་པའི་སྒོ་ནས་ཡོངས་སུ་ཤེས་པ་དང་། སྤངས་པ་གཉིས་ནི་རྣམ་
པ་གསུམ་གྱིས་ཁྱད་ཞུགས་པར་ཤེས་པར་བྱ་སྟེ། འདུ་བྱེད་རྣམས་ལ་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་ལ། སྤངས་པ་ནི་མ་ཡིན་པ་གང་ཡིན་པ་དེ་ནི་ཤས་ཆེར་འདུ་བྱེད་རྣམས་ལ་བརྗེད་ངས་པ་ཀུན་ཏུ་སྤྱོད་དེ། བརྗེད་ངས་པ་མ་ཡིན་པའི་ཤས་ཆུང་ངོ་། །དེ་ལས་བཟློག་
Vol. 131 · folio 150b
པ་ནི་འཇིག་ཚོགས་ལ་ལྟ་བ་སྤངས་པ་ཡིན་པར་རིག་པར་བྱ་སྟེ། འདི་ནི་དེ་གཉིས་ཀྱི་ཁྱད་པར་དང་པོའོ། །གཞན་ཡང་འཇིག་ཚོགས་ལ་ལྟ་བ་མ་སྤངས་པ་ནི་བག་ཡོད་པ་ཡིན་དུ་ཟིན་ཀྱང་ཆགས་པར་འགྱུར་བའི་དངོས་པོ་བདེ་བ་དང་ཡིད་བདེ་བའི་གནས་རྒྱ་ཆེན་པོའམ་ཡང་ན་ཤས་
ཆེར་སྡུག་བསྔལ་བ་དང་ཡིད་མི་བདེ་བའི་གནས་ཀྱི་ཡུལ་མངོན་དུ་བྱུང་བ་ལ་དྲན་པ་ཉེ་བར་འཇོག་མི་ནུས་ན་བག་མེད་པ་ལྟ་ཅི་སྨོས། དེ་ནི་དེའི་ཚེ་འཇིག་ཚོགས་ལ་ལྟ་བས་སེམས་ཁྱབ་པར་འདུག་སྟེ། དེས་ན་སེམས་ཀྱི་ངོ་ཟིན་པར་མི་ནུས་སོ། །དེ་ལས་བཟློག་པ་ནི་འཇིག་ཚོགས་
ལ་ལྟ་བ་སྤངས་པ་ཡིན་པར་རིག་པར་བྱ་སྟེ། འདི་ནི་ཁྱད་པར་གཉིས་པའོ། །གཞན་ཡང་འཇིག་ཚོགས་ལ་ལྟ་བ་མ་སྤངས་པ་ནི་ཕྱི་རོལ་གྱི་རྩྭ་དང་། ལོ་མ་དང་། ཡལ་ག་དང་། འདབ་མ་རྣམས་ལ་ཇི་ལྟ་བ་བཞིན་དུ་ནང་གི་འདུ་བྱེད་རྣམས་ལ་སེམས་ཅན་མེད་པའི་འདུ་ཤེས་
ཉེ་བར་གནས་པར་མི་འགྱུར་རོ། །དེ་ལས་བཟློག་པ་ནི་འཇིག་ཚོགས་ལ་ལྟ་བ་སྤངས་པ་ཡིན་ཏེ། འདི་ནི་དུས་གཉིས་ཀྱི་ཁྱད་པར་གསུམ་པ་ཡིན་པར་རིག་པར་བྱའོ། །འཇིག་ཚོགས་ལ་ལྟ་བ་སྤངས་པ་དེ་ལ་ནི་ཁྱད་པར་གསུམ་པོ་ལས་མ་གཏོགས་པར་ཕན་ཡོན་གསུམ་
ཡང་ཡོད་དེ། དེ་ལ་བརྟེན་པས་ཕྱི་མ་ལ་ཡང་སྲིད་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་སྤོང་བ་རིང་པོ་མི་ཐོགས་པར་འགྱུར་རོ། །དེའི་གཉེན་པོའི་ལམ་ཡང་དག་པར་འགྲུབ་པོ། །རང་གི་དོན་བྱས་ནས་ཀྱང་ལམ་དེ་ལ་བརྟེན་པ་ཁོ་ནས་ཚེ་འདི་ལ་བདེ་བར་གནས་པའི་
སྦྱོར་བ་ལ་བརྩོན་པས་བདེ་བར་གནས་སོ། །རྣམ་པ་ཐམས་ཅད་དུ་མི་རྟག་པའི་འདུ་ཤེས་བསྒོམ་པའི་བྱེ་བྲག་ནི་རྣམ་པ་བཞི་ཡོད་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། འབྲས་བུ་དང་། རང་བཞིན་དང་། རྣམ་པ་དང་། ཐབས་སོ། །དེ་ལ་འབྲས་བུའི་སྒོ་ནས་ནི་
འདོད་པའི་འདོད་ཆགས་ཐམས་ཅད་ཡང་དག་པར་སྤོང་བ་དང་། གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་དང་། རྒོད་པ་དང་། ང་རྒྱལ་དང་། མ་རིག་པ་སྟེ། ཉོན་མོངས་པ་རྩ་བ་གསུམ་པོ་སྤོང་བར་བསྟན་ཏོ། །ཉེ་བའི་ཉོན་མོངས་
Vol. 131 · folio 151a
པ་གསུམ་པོ་ལས་རྒོད་པ་ནི་འདོད་པའི་འདོད་ཆགས་ཀྱི་གྲོགས་ཡིན་ནོ། །ང་རྒྱལ་ནི་གཟུགས་ཀྱི་འདོད་ཆགས་ཀྱི་གྲོགས་ཡིན་ནོ། །མ་རིག་པ་ནི་གཟུགས་མེད་པའི་འདོད་ཆགས་ཀྱི་གྲོགས་ཡིན་ནོ། །ཡང་ན་ཐ་མ་དང་གོང་མའི་ཆ་དང་མཐུན་པའི་ཀུན་ཏུ་
སྦྱོར་བ་མཐར་ཐུག་པ་བསྟན་ཏེ། འདི་ནི་རྣམ་གྲངས་གཞན་ནོ། །དེ་ལ་རང་བཞིན་གྱི་སྒོ་ནས་ནི་ཐོས་པ་ལས་བྱུང་བས་ནི་ཀུན་དུ་བསྟན་ཏོ། །བསམས་པ་ལས་བྱུང་བས་བསྒོམ་པ་ལ་ཞུགས་པ་ནི་བསྒོམ་པའོ། །བསྒོམས་པ་ལས་བྱུང་བས་ནི་མང་དུ་བྱེད་དོ། །མཚན་ཉིད་སོ་སོར་
རིག་པ་ཡིད་ལ་བྱེད་པས་ནི་ཀུན་ཏུ་བསྟན་ཏོ། །སྦྱོར་བའི་མཐར་ཐུག་པ་མ་གཏོགས་པ་ལྷག་མ་རྣམས་ཀྱིས་ནི་བསྒོམ་མོ། །སྦྱོར་བའི་མཐར་ཐུག་པས་ནི་མང་དུ་བྱེད་དེ། འདི་ནི་རྣམ་གྲངས་གཉིས་པའོ། །རྟེན་དང་དམིགས་པ་དང་། ཡིད་ལ་བྱེད་པའི་སྒོ་ནས་ནི་ཐེག་པར་
བྱས་པ་དང་། གཞིར་བྱས་པ་དང་ནན་ཏན་དུ་བསྒྲུབས་ཏེ་གོ་རིམས་བཞིན་དུ་རིག་པར་བྱའོ། །ཡུན་རིང་པོར་གོམས་པར་བྱས་པས་ནི་བྱང་བར་བྱས་སོ། །རྒྱུན་མ་ཆད་པ་དང་། ཕྱིན་ཅི་མ་ལོག་པའི་ཚུལ་གྱིས་ནི་ལེགས་པར་བླངས་པ་དང་། ལེགས་པར་བརྩམས་ཏེ་འདི་
ནི་རང་བཞིན་གྱི་བྱེ་བྲག་གོ། །དེ་ལ་རྣམ་པའི་བྱེ་བྲག་ནི་མི་རྟག་པའི་འདུ་ཤེས་དེ་དེ་ལྟར་གོམས་པར་བྱེད་པ་ནི་བག་ལ་ཉལ་ཐམས་ཅད་ཡང་དག་པར་འཇོམས་སོ། །ས་འོག་མའི་དགེ་བ་ཐམས་ཅད་ནི་འདོར་རོ། །ས་གོང་མའི་དགེ་བ་ཐམས་ཅད་ནི་ཡང་དག་པར་ལེན་ཏོ། །དེ་མ་ཡིན་
པ་མི་སྡུག་པ་ལ་སོགས་པའི་འདུ་ཤེས་ཐམས་ཅད་ཀྱི་ནང་ན་མཆོག་དང་རྒྱ་ཆེ་བའི་ཚུལ་གྱིས་གནས་པར་འགྱུར་རོ། །ཐམས་ཅད་དུ་འགྲོ་བར་ཡང་འགྱུར་ཏེ། ཇི་ལྟར་ཐམས་ཅད་དུ་འགྲོ་ཞེ་ན། ཇི་ལྟར་གཟུང་བའི་དངོས་པོ་ལ་ཡོངས་སུ་རྟོག་པ་དེ་བཞིན་དུ་འཛིན་པ་ལ་ཡང་དེ་དང་འདྲ་
སྟེ། དེའི་མཚན་ཉིད་དང་མ་བྲལ་བའི་ཕྱིར་རོ། །ཟག་པ་མེད་པའི་མི་རྟག་པའི་འདུ་ཤེས་ཀྱང་འཐོབ་པར་འགྱུར་རོ། །ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་འདུ་ཤེས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་མྱ་ངན་ལས་འདས་པར་གཞོལ་ཞིང་དེར་འབབ་ལ་དེར་བབ་སྟེ། མ་
Vol. 131 · folio 151b
རིག་པའི་མུན་པ་ཆེན་པོ་གཏན་དུ་སྤོང་བའི་གཉེན་པོར་ཡང་འགྱུར་རོ། །དེ་སྤངས་ནས་ཀྱང་མི་སློབ་པ་ཡོངས་སུ་དག་ཅིང་ཡོངས་སུ་བྱང་བར་འགྱུར་ཏེ། སློབ་པ་ཟག་པ་མེད་པ་ཐམས་ཅད་ཀྱི་བདག་པོ་ཡང་ཐོབ་པར་འགྱུར་རོ། །དེ་ལ་ཐབས་ཀྱི་སྒོ་ནས་ནི་གཅིག་པུ་ལྐོག་དབེན་པ་ན་
འདུག་ཅིང་འདུ་བྱེད་རྣམས་ལ་ཕྱིན་ཅི་མ་ལོག་པ་དང་། རྒྱུན་མི་འཆད་པར་ཡིད་ལ་བྱེད་པས་མི་རྟག་པར་ཉེ་བར་རྟོག་གོ། །མི་རྟག་པའི་འདུ་ཤེས་དང་ལྡན་པ་དེ་ནི་མཐོང་བའི་ལམ་ལ་བདག་ཏུ་འདུ་ཤེས་པས་མི་གནས་ཏེ། བདག་མེད་པའི་འདུ་ཤེས་ལ་གནས་པས་གང་དུ་བསྒོམ་
པའི་མི་སློབ་པའི་ལམ་ལ་ངའོ་སྙམ་པའི་ང་རྒྱལ་ཡང་དག་པར་བཅོམ་ནས་མྱ་ངན་ལས་འདས་པ་རྣམ་པ་གཉིས་ཀ་ཡང་ཐོབ་པར་འགྱུར་རོ། །མྱ་ངན་ལས་འདའ་བར་བྱ་བ་ལ་ཞུགས་ལ། ཚོགས་མ་བསགས་པ་ལ་ནི་ཚོགས་དང་མི་མཐུན་པའི་ཆོས་ལྔ་ཡོད་དེ། འདི་ལྟ་སྟེ། སྔོན་
བགད་པ་དང་། རྩེས་པ་དང་། དགའ་བ་དང་། དགའ་མགུར་སྤྱོད་པ་ལ་བརྟེན་ནས་ཡིད་སྨོན་དང་ལྡན་པའི་ཡིད་ལ་བྱེད་པའི་སྒོ་ནས་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པ་དང་དེ་དག་ལ་བརྟེན་ནས་ལུང་མནོས་པ་དང་། ཀུན་ཆུབ་པར་བྱས་པའི་ཆོས་རྣམས་ལ་བརྗེད་
ངས་ཤིང་ཆོས་རྣམས་མི་ལྕིགས་པ་དང་། ཧ་ཅང་མང་དུ་ཟོས་པ་དང་། ཧ་ཅང་ཉུང་དུ་ཟོས་པའམ། ལུས་ལྕི་བ་དང་། ལུས་ཉམ་ཆུང་བས་ཚངས་པར་སྤྱོད་པ་ལ་གནས་པར་མངོན་པར་མི་དགའ་བ་དང་། གཉིད་ཆེ་བའམ། དེ་སྤོང་བ་ལ་མ་གོམས་པས་ཤས་ཆེར་
གཉིད་ཀྱི་ཀུན་ནས་དཀྲིས་པ་ལ་ཀུན་ཏུ་བསྟེན་པ་དང་། འདུ་འཛིའི་ནང་ན་གནས་ཤིང་ཡང་དག་པར་སྤྱོད་པའི་སྦྱོར་བ་བཏང་བའོ། །ཚོགས་དང་མི་མཐུན་པའི་ཆོས་ལྔ་པོ་འདི་དག་དང་མཐུན་པའི་ཆོས་ཀྱང་ལྔ་ཡོད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། འདོད་ཆགས་དང་བྲལ་བ་
གཉིས་ལས་གང་ཡང་རུང་བས་འདོད་ཆགས་དང་བྲལ་བར་མ་གྱུར་པ་སྟེ། དགེ་བའི་ཕྱོགས་ལ་བརྩོན་པ་ན་ཀུན་ནས་དཀྲིས་པ་ཐག་བསྲིང་བའི་འདོད་ཆགས་དང་བྲལ་བ་དང་། གཉེན་པོ་ཐོབ་པའི་བག་ལ་ཉལ་ཡང་དག་པར་བཅོམ་པའི་འདོད་ཆགས་དང་བྲལ་བའི་སྒོ་ནས་
Vol. 131 · folio 152a
འདོད་ཆགས་དང་མ་བྲལ་བ་དང་། དབང་པོ་རྣམས་ཀྱི་སྒོ་མ་བསྡམས་པ་དང་། ཟས་ཀྱི་ཚོད་མ་རིག་པ་དང་། སྲོད་དང་ཐོ་རངས་མི་ཉལ་བར་བརྩོན་པས་བརྩོན་པར་མི་བྱེད་པ་དང་། དགེ་བའི་ཆོས་ཐོས་པ་དང་ཀུན་ཆུབ་པར་བྱས་པ་རྣམས་ལ་ལྷག་མཐོང་
མེད་པའོ། །དེ་ལས་བཟློག་པ་ནི་ཚོགས་དང་མཐུན་པ་དང་མཐུན་པའི་ཆོས་རྣམས་ཡིན་པར་རིག་པར་བྱའོ། །དེ་ལྟར་རྒྱུ་དང་བཅས་པའི་ཚོགས་དང་མཐུན་པའི་ཆོས་རྣམས་ལ་གནས་ཤིང་དགེ་སྦྱོང་གི་གྱེན་དུ་མྱ་ངན་ལས་འདས་པ་མངོན་པར་འདོད་པ་ལ་ནི་ཡང་དག་པའི་
ལམ་གྱི་གདམས་ངག་སྟོན་པས་བསྟན་པ་ལྔ་ཡོད་དེ། འདི་ལྟ་སྟེ། ཇི་ལྟར་ཐོས་པའི་ཆོས་མཐོང་བ་ལ་བརྟེན་ནས་འདུ་བྱེད་རྣམས་མི་རྟག་པ་དང་། ཆོས་བདག་མེད་པ་དང་། མྱ་ངན་ལས་འདས་པ་ཞི་བ་ལ་འཇིག་རྟེན་པའི་ཡིད་ལ་བྱེད་པ་ཉི་ཚེས་ཀྱང་སོམ་ཉི་མེད་ཅིང་ཐེ་
ཚོམ་མི་ཟ་བའོ། །གནས་ཤིང་འདུག་པ་ན་ཡང་དངོས་པོ་གསུམ་གྱི་རྟོག་པ་ངན་པ་དང་དུ་ལེན་པར་མི་བྱེད་དོ། །དེ་ལ་དངོས་པོ་གསུམ་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། འཚོ་བའི་ཡོ་བྱད་རྣམས་དང་། གཞན་གྱིས་གནོད་པ་བྱས་པའི་རྒྱུ་དང་། གཞན་དག་གིས་
འཁྲུགས་པར་བྱས་པའམ། ཡང་ན་མི་སྡུག་པ་གང་ཡང་རུང་བ་ཀུན་ཏུ་སྤྱད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་མི་མཐུན་པའི་ཆོས་ཅན་དུ་གྱུར་པའོ། །གདམས་ངག་སྔོན་དུ་འགྲོ་བའི་གཞན་གྱི་སྒྲའི་རྒྱུའི་རྗེས་སུ་འགྲོ་བས་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་
ནས་ཡང་དག་པའི་ལྟ་བ་ནི་སྐྱེད། ལོག་པར་ལྟ་བ་ནི་སྤོང་བ་དང་། གསུམ་པོ་འདི་དག་ནི་གནས་ཤིང་འདུག་པའི་ཡང་དག་པའི་ལམ་གྱི་གདམས་ངག་ཡིན་པར་རིག་པར་བྱའོ། །གཉིས་ནི་རྒྱུ་ཞིང་འགྲོ་བ་ཡིན་ཏེ། འདི་ལྟ་སྟེ། ཚངས་པ་མཚུངས་པར་སྤྱོད་པ་
ཤེས་པ་རྣམས་ཀྱི་གནས་དང་གནས་མ་ཡིན་པ་ལས་གླེངས་ན་མི་ཁྲོ་བ་དང་། འཚོ་བའི་ཡོ་བྱད་ངན་པ་རྙེད་པའམ་མ་རྙེད་པ་དང་། གྲང་བ་ལ་སོགས་པའི་གནོད་པ་རྣམས་ཀྱིས་སེམས་འཁྲུག་པར་མི་འགྱུར་བ་འདི་ནི་གཅིག་གོ། །རྙེད་པ་དང་བཀུར་སྟི་སྐྱེས་པ་ཟིལ་གྱིས་མནན་
Vol. 131 · folio 152b
ཏེ། དེས་ཡོངས་སུ་འཛིན་པའི་སེམས་སུ་མི་འགྱུར་བ་འདི་ནི་གཉིས་པ་ཡིན་ཏེ། དེ་ལྟར་དེ་ནི་རྒྱུ་ཞིང་འགྲོ་བ་དང་། གནས་ཤིང་འདུག་པས་མྱ་ངན་ལས་འདས་པའི་ལམ་ལ་ཡང་དག་པར་ཞུགས་ཏེ། ཆུད་མི་ཟ་བར་རིང་པོར་མི་ཐོགས་པར་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་
རོ། །ལྔ་པོ་འདི་དག་ནི་སྟོན་པ་ཉན་ཐོས་རྣམས་ལ་སྟོན་པའི་ཕྲིན་ལས་སུ་མཛད་པ་ཡིན་ཏེ། འདི་ལྟ་སྟེ། ཡང་དག་པར་ཚར་གཅད་པ་དང་། ཡང་དག་པར་བསྡུ་བ་དང་། ཡང་དག་པར་གླེང་བ་དང་། རྟོག་པ་ཡང་དག་པར་བསྟན་པ་དང་། རྣམ་པར་བྱང་བ་ཡང་དག་
པར་བསྟན་པའོ། །རྒྱུ་གཉིས་ཀྱིས་ནི་ཉན་ཐོས་རྩོད་པའི་འགལ་བ་བྱས་པ་རྣམས་ལ་རྩོད་པ་དེ་བསལ་བར་མ་བསྟན་པ་ཡིན་ཏེ། ལང་ལོང་དུ་གྱུར་ཅིང་ཕལ་ཆེ་བའམ། ཡང་ན་འདུལ་བ་དང་ལྡན་པའི་ཕྱིར་རོ། །སྟོན་པ་ནི་ཉན་ཐོས་རྣམས་ལ་རྒྱུ་རྣམ་པ་བདུན་གྱི་སྒོ་ནས་སྤོང་བར་
མཛད་དེ། རྣམ་པ་ཐམས་ཅད་དུ་ལོག་པར་སྒྲུབ་པར་གཟིགས་པའམ། མང་པོ་རྣམས་ལ་གཟིགས་པ་གནས་བརྟན་དང་། སློབ་དཔོན་དང་། མཁན་པོའི་ཚུལ་གྱིས་གཙོ་བོར་གྱུར་པ་རྣམས་ལ་གཟིགས་པའམ། བསྟན་དུ་མི་རུང་བའི་ཕྱིར་རམ། སྤང་བར་འོས་པའི་
ཕྱིར་རམ། ཉེས་པ་དངོས་སུ་བྱུང་བ་བསལ་བའི་ཕྱིར་རམ། མ་འོངས་པའི་ཉེས་པ་མི་སྐྱེ་བར་མཛད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་རྒྱུ་རྣམ་པ་བཅུས་གྲོང་དུ་བསོད་སྙོམས་ལ་གཤེགས་ཏེ། འདི་ལྟ་སྟེ། སྦྱངས་པའི་ཡོན་ཏན་བསྟན་པ་དང་། ཁ་ཅིག་
བསོད་སྙོམས་ལ་གཟུད་པའི་ཕྱིར་དང་། ཁ་ཅིག་དོན་མཐུན་པས་བསྡུ་བའི་ཕྱིར་དང་། མ་འོངས་པའི་སྐྱེ་བའི་སྣང་བ་བྱས་པར་འགྱུར་བ་དང་། དེ་དག་ཀྱང་ཐ་ན་འདོད་པ་ཙམ་ཡང་སྐྱེད་པར་འགྱུར་བ་དང་། མུ་སྟེགས་ཅན་ངན་ངོན་ཙམ་ལ་མོས་པ་རྣམས་བསྡུ་བའི་ཕྱིར་དང་།
གཏམ་ཐོས་པ་ཙམ་གྱིས་ཞེ་འགྲས་པ་རྣམས་སྤྱོད་ལམ་ཞི་བ་དང་གཟུགས་མཛེས་པ་ལེགས་པར་མཐོང་བས་སེམས་གཡོ་བར་བྱ་བའི་ཕྱིར་དང་། སྐྱེ་བོ་ཐ་མལ་པར་གནས་པ། ཚེགས་ཆུང་ངུས་བསོད་ནམས་ཀྱི་བྱ་བ་ལ་ཡང་དག་པར་གཟུད་པའི་ཕྱིར་དང་། དད་པ་ཅན་བག་
Vol. 131 · folio 153a
མེད་པ་རྣམས་ངོ་ཚ་བ་བསྐྱེད་པའི་ཕྱིར་དང་། ཚེགས་ཆུང་ངུས་བསོད་ནམས་ཀྱི་ལས་བྱེད་དུ་གཞུག་པའི་ཕྱིར་དང་། བག་མེད་པ་རྣམས་ཇི་ལྟ་བ་དེ་བཞིན་དུ་རང་བཞིན་གྱིས་ལེ་ལོ་ཅན་རྣམས་ཀྱང་དེ་དང་འདྲ་བ་དང་། སེམས་ཅན་ལོང་བ་དང་།
འོན་པ་དང་། སྨྱོན་པ་དང་། སེམས་འཁྲུགས་པ་ལ་སོགས་པའི་གནོད་པ་རྣམ་པ་སྣ་ཚོགས་ཡང་དག་པར་ཞི་བར་བྱ་བའི་ཕྱིར་དང་། དེ་བཞིན་གཤེགས་པ་ཁྱིམ་གང་དུ་གཤེགས་པ་དེ་དག་ཏུ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་
མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་མཐའ་ཡས་པ་རགས་པ་རྣམས་སྤྲོ་བར་འགྱུར་ལ་འཚེ་བར་ནི་མི་བྱེད་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་རྒྱུ་རྣམ་པ་བརྒྱད་ཀྱིས་ཉིན་མོ་བཞུགས་པར་མཛད་པའི་ཕྱིར་ནང་དུ་ཡང་དག་འཇོག་ལ་
འཇུག་སྟེ། འདྲེ་བར་གནས་པ་རྣམས་རབ་ཏུ་དབེན་པ་ལ་གཟུད་པའི་ཕྱིར་དང་། དབེན་པར་གྱུར་པ་རྣམས་དོན་མཐུན་པས་བསྡུ་བའི་ཕྱིར་དང་། ཉིད་སྐུ་ཚེ་འདི་ལ་བདེ་བར་བཞུགས་པར་མཛད་པའི་ཕྱིར་དང་། ལྷ་ཆེ་བར་གྲགས་པ་རྣམས་དང་ཐབས་ཅིག་ཏུ་ཚོགས་པར་
བཞེད་པ་དང་། སངས་རྒྱས་ཀྱི་སྤྱན་གྱིས་ཕྱོགས་བཅུ་དག་ཏུ་འཇིག་རྟེན་ལ་གཟིགས་ནས། མཐུན་མཐུན་དུ་སྤྲུལ་པ་དག་གིས་དོན་མཛད་པར་བཞེད་པའམ། ཉན་ཐོས་རྣམས་དེ་བཞིན་གཤེགས་པ་མཐོང་བའི་འདོད་པ་བསྐྱེད་པའི་ཕྱིར་རམ། ཉན་ཐོས་ཆེན་པོ་
རྣམས་བསྒྲགས་པའི་ཕྱིར་བསྟན་པ་མདོར་བསྡུས་ཏེ་བསྟན་ནས་ནང་དུ་གཤེགས་པ་དང་། རྣམ་པར་སྨྲ་བ་ལ་བརྩོན་ཞིང་རྣམ་པར་སྨྲ་བ་ལ་དགའ་བ་རྣམས་བསྐུལ་བའི་ཕྱིར་རོ། །ཉན་ཐོས་ནི་རྣམ་པ་ལྔས་སྟོན་པས་ཕན་གདགས་པར་བྱ་བ་ཡིན་ཏེ། འདི་ལྟ་སྟེ། ཆོས་
དང་། ཟང་ཟིང་དང་། གནས་སྦྱིན་པ་དང་། དང་པོར་ཡོངས་སུ་གཟུང་བ་དང་། སྤངས་པ་ལས་ཡོངས་སུ་གཟུང་བའོ། །ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷ་རྣམས་ནི་རྒྱུ་རྣམ་པ་བདུན་གྱི་ཕྱིར། དེ་བཞིན་གཤེགས་པའི་ཐད་དུ་འོང་བར་འགྱུར་ཏེ།
Vol. 131 · folio 153b
འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བར་འདོད་པ་དང་། དམ་པའི་ཆོས་མཉན་པར་འདོད་པ་དང་། ཐེ་ཚོམ་སྐྱེས་པ་བསལ་བར་འདོད་པ་དང་། ཆེ་བར་གྲགས་པ་རྣམས་ཀྱི་ཕྱི་བཞིན་འབྲང་བ་ཡིན་པའི་ཕྱིར་གཞན་གྱི་གཡམ་ལ་འོང་བ་དང་། སྙིང་བརྩེ་
བའི་ཕྱིར་གཞན་གྱི་དོན་ལ་འོང་བ་དང་། བསྟན་པ་ལ་དགའ་བའི་ཕྱིར་དང་། དེ་བཞིན་གཤེགས་པའི་འཇིག་རྟེན་པའི་ཐུགས་ཀྱིས་འོང་བར་བྱ་བའི་དགོངས་པ་བསྐྱེད་པ་རིག་པའི་ཕྱིར་རོ། །གསར་བུ་རྣམས་ཀྱི་གསར་བུའི་རང་བཞིན་ནི་རྣམ་པ་ཐམས་ཅད་དུ་རྣམ་པ་ལྔར་རིག་པར་བྱ་སྟེ།
འདི་ལྟ་སྟེ། ཕྱིས་རབ་ཏུ་བྱུང་བ་དང་། ན་སོ་གཞོན་ནུར་རབ་ཏུ་བྱུང་བ་དང་། ན་ཚོད་ཀྱི་ཡུལ་ལ་བབ་པ་ན་རབ་ཏུ་བྱུང་བ་དང་། དགེ་ཚུལ་བར་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པར་རབ་ཏུ་བྱུང་བའོ། །འགྱོད་པ་སྐྱེ་བ་ན་རྣམ་པ་གསུམ་གྱིས་སྐྱེ་བར་འགྱུར་ཏེ། འདི་
ལྟ་སྟེ། བསླབ་པ་ལས་འགལ་བར་བྱས་པའི་དབང་གིས་བྱུང་བ་དང་། ཆོས་འདུལ་བ་ཁས་བླངས་པའི་དབང་གིས་བྱུང་བ་དང་། ཁྱིམ་སྤངས་པའི་དབང་གིས་བྱུང་བའོ། །དེ་བཞིན་གཤེགས་པ་ནི་ཉན་ཐོས་རྣམས་ལ་ཆོས་སྟོན་པར་བཞེད་པ་ན་རྣམ་པ་བཞིའི་སྒོ་ནས་མཚན་
མ་སྟོན་པར་མཛད་དེ། གདན་ཆེས་དམའ་བ་ལས་བཞེངས་ནས་གདན་ཆེས་མཐོ་བ་ལ་བཞུགས་པ་དང་། ཆོས་སྟོན་པ་དང་འཚམ་པའི་སྤྱོད་ལམ་མཛད་པ་དང་། གསུང་སེལ་བ་དང་། སུ་ལ་ཆོས་སྟོན་པར་བཞེད་པ་དེའི་གདོང་དུ་གླང་པོ་ཆེའི་ལྟ་སྟངས་ཀྱིས་གཟིགས་
པའོ། །ཉན་ཐོས་འགལ་བ་བྱེད་བྱེད་པ་ནི་ངོ་ཚ་བའི་གནས་གསུམ་ལ་གནས་ནས་སྟོན་པའི་ཐད་དུ་འགྲོ་སྟེ། འདི་ལྟ་སྟེ། བདག་གིས་འགལ་བར་བྱས་པར་རྟོགས་པའི་དབང་གིས་བྱུང་བ་དང་། སྟོན་པ་མ་མཉེས་པར་བྱས་པའི་དབང་གིས་བྱུང་བ་དང་། སྤྱོད་ལམ་དུལ་བས་
སྟོན་པ་མཉེས་པར་མ་བྱས་པ་ན་ཐད་དུ་འགྲོ་བའི་ཚུལ་གྱིས་ངོ་ཚ་བའོ། །སྟོན་པ་ནི་ཉན་ཐོས་འགལ་བར་བྱེད་བྱེད་པ་ལ་རྣམ་པ་གསུམ་གྱི་སྒོ་ནས་ཡང་དག་པར་གླེང་བར་མཛད་དེ། འདི་ལྟ་སྟེ། འཚོ་བ་ངན་པ་ཁས་བླངས་པ་དང་། བསམ་པ་ཐག་པ་དང་། འཚོ་བའི་བསམ་
Vol. 131 · folio 154a
པ་འཚམ་པ་མ་ཡིན་པ་བསྒྲུབ་པའོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ལོག་པར་སྒྲུབ་པ་ནི་རྣམ་པ་ཐམས་ཅད་དུ་རྣམ་པ་དྲུག་ཡོད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ཀུན་ཏུ་སྤྱོད་པའི་ཉེས་པ་དང་། བསམ་པའི་ཉེས་པ་དང་། སྦྱོར་
བའི་ཉེས་པ་དང་། ཤེས་པའི་ཉེས་པ་དང་། རྟོག་པའི་ཉེས་པ་དང་། རྟེན་གྱི་ཉེས་པའོ། །དེ་ལ་འདོད་ཆགས་ཀྱི་ཀུན་ནས་དཀྲིས་པས་ཆགས་པ་དང་། ཞེ་སྡང་གི་ཀུན་ནས་དཀྲིས་པས་སྡང་བ་ནི་ཀུན་ཏུ་སྤྱོད་པའི་ཉེས་པའོ། །འདོད་ཆགས་ཤས་ཆེ་བ་དང་། ཞེ་སྡང་
ཤས་ཆེ་བ་དེས་ངོ་ཚ་མེད་པ་དང་། ངོ་ཚ་བ་མེད་པས་དང་དུ་ལེན་པར་བྱེད་པ་ནི་བསམ་པའི་ཉེས་པ་ཡིན་ཏེ། ཆགས་པ་བས་ནི་ཆགས་པའི་བསམ་པ་ཐ་ཆད་ཡིན་ནོ། །དེ་བཞིན་དུ་སྡང་བས་ནི་ཞེ་སྡང་གི་བསམ་པ་ཐ་ཆད་ཡིན་ནོ། །དེ་ལ་སྦྱོར་བའི་ཉེས་པ་ནི་བརྩོན་འགྲུས་མི་
རྩོམ་པའམ། ཡང་ན་བརྩོན་འགྲུས་ལྷོད་པའོ། །དེ་ལ་ཤེས་པའི་ཉེས་པ་ནི་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་ལ་བརྗེད་ངས་ཤིང་ཡིད་མི་གཞུངས་པར་གནས་ལ། བསྒོམས་པ་ལས་བྱུང་བ་ལ་ནི་མཉམ་པར་མ་བཞག་པའོ། །དེ་ལ་རྟོག་པའི་ཉེས་པ་ནི་
ཁྱིམ་པ་དང་མཐུན་པའི་སྡིག་པ་མི་དགེ་བའི་རྟོག་པ་ཆོས་འདུལ་བ་འདི་ལས་སེམས་འཁྲུལ་པར་བྱེད་པ་ལ་མང་དུ་རྟོག་པའོ། །དེ་ལ་རྟེན་གྱི་ཉེས་པ་ནི་དེའི་རྟེན་སྔོན་གྱི་རྒྱུས་ཡང་དག་པར་གྲུབ་པ་མ་ཡིན་ཏེ། ཡང་དག་པར་གྲུབ་པ་མ་ཡིན་པ་དེའི་རྒྱུས་དད་པ་ཕལ་པ་ཆུང་ངུ་
དང་ལྡན་ཞིང་ཚུལ་ཁྲིམས་རྣམས་ལ་གུས་པར་འདོད་པ་ཆུང་ངུ་དང་། དྲན་པ་ཆུང་ངུ་དང་། ལྷན་ཅིག་སྐྱེས་པའི་ཤེས་རབ་ཆུང་ངུ་ཕལ་པ་དང་ལྡན་པའོ། །བསྟན་པ་ལ་འཇུག་པ་ནི་རྣམ་པ་བཞིས་ལོག་པར་བསྒྲུབ་པར་འགྱུར་ཏེ། འདི་ལྟ་སྟེ། ཡིད་རྟུལ་བ་དང་། བསམ་པ་
མ་དག་པ་སྟེ། ཆོས་ལ་རྐུ་བའི་ཕྱིར་གླགས་ལྟ་བ་དང་། ཟས་དང་སྐོམ་དང་གོས་དང་འཚོ་བའི་ཕྱིར་དང་། རྒྱལ་པོ་དང་ཆོམ་རྐུན་གྱིས་ངེས་པར་བྱས་པ་དང་། བུ་ལོན་དང་འཇིགས་པས་གཟིར་བའོ། །དེ་ལྟར་ལོག་པར་སྒྲུབ་པ་ཡང་སླུ་བ་རྣམ་པ་གཉིས་ཀྱིས་བསླུས་ཏེ་ཁྱིམ་གྱི་
Vol. 131 · folio 154b
རང་གི་དོན་ལས་ཉམས་པས་བསླུས་པ་དང་། རབ་ཏུ་བྱུང་བའི་རང་གི་དོན་ལས་ཉམས་པས་བསླུས་པའོ། །ལོག་པར་བསྒྲུབ་པ་དེ་ལ་ཡང་རྒྱུ་རྣམ་པ་གཉིས་ཡོད་དེ། འདི་ལྟ་སྟེ། དངོས་པོ་གསུམ་གྱི་རྟོག་པ་ངན་པ་དང་། དེའི་སྔོན་དུ་འགྲོ་བའི་འདུ་ཤེས་ངན་པའོ། །
དངོས་པོ་གསུམ་ནི་སྔ་མ་བཞིན་དུ་རིག་པར་བྱ་སྟེ། དེ་དག་ལ་འདུ་ཤེས་ངན་པས་མཚན་མ་དང་མངོན་རྟགས་སུ་འཛིན་པའོ། །དེའི་འོག་ཏུ་དེ་དང་མཐུན་པའི་ཆོས་ལ་མང་དུ་རྗེས་སུ་རྟོག་ཅིང་རྗེས་སུ་དཔྱོད་པར་བྱེད་དོ། །ལོག་པར་སྒྲུབ་པའི་རྒྱུ་དེ་སྤང་བ་ལ་ཡང་གཉེན་པོ་རྣམ་
པ་གཉིས་ཁོ་ན་ཡོད་པར་རིག་པར་བྱ་སྟེ། རྟོག་པ་སྤང་བའི་ཕྱིར་ནི་ཕྱིན་ཅི་མ་ལོག་པ་དང་རྒྱུན་མི་འཆད་པ་གཉིས་ཀྱིས་དྲན་པ་ཉེ་བར་གཞག་པ་རྣམས་ལ་སེམས་ལེགས་པར་གནས་པའོ། །འདུ་ཤེས་སྤངས་པའི་ཕྱིར་ནི་མཚན་མ་མེད་པའི་སེམས་ཀྱིས་ཏིང་ངེ་འཛིན་བསྒོམ་
པའོ། །གཉེན་པོ་སྒོམ་པ་དེ་ཡང་གཉེན་པོ་བསྒོམ་པ་ལ་འདུན་པ་དྲག་པོར་བྱེད་པས་འགྲུབ་པར་གྱུར་གྱི་འདུན་པ་དྲག་པོ་མེད་པས་ནི་མ་ཡིན་ནོ། །འདུན་པ་དྲག་པོ་དེ་ཡང་རྒྱུ་རྣམ་པ་གཉིས་ལས་འབྱུང་སྟེ། གཉེན་པོ་དེ་ཉིད་ཀྱི་འབྲས་བུ་ཆེ་བའི་ཕྱིར་དང་། འདི་ལས་ཕྱི་རོལ་པ་
རྣམས་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དེ་ལ་འབྲས་བུ་ཆེ་བ་ནི་མཚན་མ་མེད་པའི་སེམས་ཀྱི་ཏིང་ངེ་འཛིན་ལ་གོམས་པར་བྱེད་པ་ན་ཁམས་གཉིས་ཀྱི་བདུད་རྩིའི་སྒོ་རྙེད་ནས་འདུག་སྟེ། འདི་ལྟ་སྟེ། སྤོང་བའི་ཁམས་དང་། འདོད་ཆགས་དང་བྲལ་བའི་ཁམས་ཏེ། ཕུང་པོའི་
ལྷག་མ་དང་བཅས་པ་དང་། ཕུང་པོའི་ལྷག་མ་མེད་པའོ། །དེ་ལ་གནས་པའི་དྲུང་ན་ནི་མྱ་ངན་ལས་འདས་པ་རྣམ་པ་གཉིས་འདུག་ལ་ད་དུང་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཐོབ་པ་ནི་མ་ཡིན་ནོ། །དེ་ལ་ཐུན་མོང་མ་ཡིན་པ་ནི་འདི་ཡིན་ཏེ། འདི་ལས་ཕྱི་རོལ་པ་རྣམས་ལ་ནི་མཚན་
མ་མེད་པའི་ཏིང་ངེ་འཛིན་མེད་ལ་ཆོས་འདི་པ་རྣམས་ལ་ནི་ཡོད་དེ། ཅིའི་ཕྱིར་ཞེ་ན། དེ་དག་ནི་གང་ལ་དམིགས་པ་དེ་ལ་སྒྲོ་འདོགས་པར་བྱེད་ཀྱི། དེ་ཉི་ཚེ་ཙམ་དུ་མཐོང་བ་མ་ཡིན་པ་དང་། གང་མི་དམིགས་པ་དེ་ལ་ནི་རྣམ་པར་རྟོག་པར་བྱེད་དེ། བདག་ཏུ་བལྟས་པ་དེས་འདུ་
Vol. 131 · folio 155a
བྱེད་རྣམས་ལ་ཀུན་ཏུ་རྨོངས་ཏེ། ཡང་ན་ནི་ལུས་ཙམ་ལ་བདག་ཏུ་མངོན་པར་ཞེན་ཏོ། །ཡང་ན་ནི་གཟུགས་མེད་པ་ལ་ཡང་ན་ནི་གཉི་གའི་སྤྱི་ལ་བདག་ཏུ་མངོན་པར་ཞེན་པའི་ཕྱིར་ཏེ། བདག་ཏུ་མངོན་པར་ཞེན་པ་དེ་དག་ནི་བདག་མེད་པར་འགྱུར་དུ་འོང་
ངོ་སྙམ་ནས་སེམས་ཀྱང་མྱ་ངན་ལས་འདས་པ་ལ་མི་འཇུག་ན་དགའ་བའི་ཚུལ་གྱིས་གནས་པར་ལྟ་ག་ལ་བྱེད་དེ། ཡོངས་སུ་ཡི་ཆད་པའི་ཕྱིར་སེམས་ཕྱིར་ལྡོག་པ་འབའ་ཞིག་ཏུ་འགྱུར་རོ། །དེ་ལས་ལྡོག་པ་ཆོས་འདི་པ་སྡུག་བསྔལ་ཙམ་ཞིག་འགོག་པར་ཟད་དོ་སྙམ་དུ་ཁོང་དུ་
ཆུད་པ་རྣམས་ནི་སེམས་ཀྱང་ཕྱིར་ལྡོག་པར་མི་འགྱུར་ལ་དེ་ལ་ཞི་བར་ཡང་ལྟ་བས་ན་དེ་གལ་ཏེ་སློབ་པ་ཞིག་ཡིན་ན་ནི་དེ་རང་ཉིད་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ཏེ། ལམ་བསྐྱེད་པའི་ཕྱིར་གཞན་ལས་གདམས་ངག་དང་རྗེས་སུ་བསྟན་པ་ནི་ཡོངས་སུ་མི་ཚོལ་བའི་ཕྱིར་རོ། །
གལ་ཏེ་མི་སློབ་པ་ཞིག་ཡིན་ན་ནི་དེ་ཡང་རང་ཉིད་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་གྱི་ཉོན་མོངས་པ་ཟད་པ་ནི་ཡོངས་སུ་མི་ཚོལ་ཏེ། སྔོན་གྱི་རྒྱུ་ལས་བྱུང་བའི་འདུ་བྱེད་རྣམས་རང་གི་ངང་གིས་འགག་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བ་ཁོ་ནར་ཟད་དོ། །སྡོམ་ནི། རྒྱུ་དང་
ཕན་ཡོན་ཤེས་པ་གཉིས། །བྱིས་པའི་གནས་སྐབས་རྣམ་པ་ལྔ། །ལྟ་བ་གཉིས་ཀྱི་ཁྱད་པར་དང་། །དེ་ལ་བསྟན་པར་འགྱུར་བའོ། །འདི་གཉིས་ནི་འདུ་བྱེད་རྣམས་ཀྱི་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ནོ། །དེ་ལ་ཐུན་མོང་བ་ནི་དགའ་བ་སྔོན་གྱི་རྒྱུ་ཡིན་ཏེ།
དགའ་བ་དེས་སྐྱེ་བའི་གནས་དེ་དང་དེར་སྐྱེད་པ་དང་མི་མཐུན་པའི་ཕྱོགས་ཀྱི་སྒོ་ནས་སྐྱེ་བའི་གནས་དེར་སྐྱེ་བར་འགྱུར་བར་ལུས་བརླན་པར་བྱེད་དེ། ཉོན་མོངས་པ་ཐམས་ཅད་ཀྱང་སྐྱེ་བའི་གནས་དེ་དང་དེར་སྐྱེ་བའི་རྒྱུ་ཡིན་མོད་ཀྱི་སྐྱེ་བའི་གནས་དེར་དགའ་བ་སྐྱེས་ན་སྐྱེ་བ་དང་མི་མཐུན་པའི་
འདུ་ཤེས་མེད་པའི་ཕྱིར་རོ། །དེ་ཡང་གཟུགས་ཁོ་ནའི་ཡིན་པར་བསྟན་ཏེ། སྔོན་གྱི་རྒྱུ་ལས་སྐྱེས་ན་རྒྱུ་གཞན་ལ་མི་ལྟོས་ཏེ། ཤིན་ཏུ་འབྲེལ་པའི་ཕྱིར་རོ། །དེ་ལ་ཐུན་མོང་མ་ཡིན་པའི་རྒྱུ་ནི་བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་
Vol. 131 · folio 155b
བར་ཚོར་བར་འགྱུར་བའི་རེག་པ་ཡིན་ཏེ། ཚོར་བ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་ཀྱིའོ། །རྣམ་པར་ཤེས་པ་དྲུག་གི་ནི་འགགས་མ་ཐག་པའི་ཡིད་དང་བཅས་པའི་མིང་དང་། གཟུགས་རྣམ་པ་བཅུ་ཡང་ཡིན་ཏེ། སྔོན་གྱི་རྒྱུ་གཞན་གྱིས་སྐྱེད་པ་རྣམས་ནི་སྐད་ཅིག་རེ་རེ་ལ་
རྒྱུ་ཡང་གཞན་ལ་ལྟོས་ཏེ་སྐྱེ་བའི་ཕྱིར་རོ། །དགྲ་བཅོམ་པ་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ་ཤིན་ཏུ་རྣམ་པར་དག་པ་ལ་ནི་འདི་ལས་ཕྱི་རོལ་པ་རྣམས་དང་ཐུན་མོང་མ་ཡིན་པའི་ཕན་ཡོན་བཞི་ཡོད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། རྒྱུ་ཞིང་འགྲོ་བའི་རྟག་ཏུ་གནས་པ་
དང་། གནས་ཤིང་འདུག་པའི་མཚན་མ་མེད་པར་གནས་པ་དང་། སྔོན་གྱི་རྒྱུ་ལས་བྱུང་བའི་འདུ་བྱེད་རྣམས་རང་གི་ངང་གིས་འགག་པ་དང་། ཡང་སྲིད་པར་སྐྱེ་བའི་འདུ་བྱེད་རྣམས་ཀྱི་རྒྱུད་ལྟར་ཡང་དག་པར་བཅོམ་པས་ཕྱི་མ་ལ་མི་སྐྱེ་བའོ། །ཕན་ཡོན་རྣམ་པ་བཞི་པོ་ཡང་
དག་པར་འགྲུབ་པ་ལ་ཡང་རིམ་པ་རྣམ་པ་གསུམ་ཡོད་དེ། འདི་ལྟ་སྟེ། སློབ་པའི་ཡེ་ཤེས་མཐོང་བ་ལ་བརྟེན་ནས་སྐྱོ་བ་ཐོབ་ན་འདུ་བྱེད་རྣམས་ལ་མངོན་པར་དགའ་བ་མེད་པ་ནས། མངོན་པར་ཞེན་ནས་འདུག་པ་མེད་པའི་བར་དུ་གནས་པ་དང་། སྐྱོ་བ་སྔོན་དུ་འགྲོ་བའི་འདོད་
ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བའི་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དང་། དེའི་འོག་ཏུ་དེ་ལྟར་སེམས་རྣམ་པར་གྲོལ་བས་རྒྱུ་ཞིང་འགྲོ་བའི་རྟག་ཏུ་གནས་པར་གྱུར་པ་རྣམས་ཀྱིས་ནི་རྗེས་སུ་ཆགས་པར་ཡང་མི་འགྱུར་མི་མཐུན་པར་ཡང་མི་འགྱུར་
ལ་གནས་ཤིང་འདུག་པའི་ནི་མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པ་དང་། མཚན་མ་མེད་པའི་དབྱིངས་ཡིད་ལ་བྱེད་པའི་ཕྱིར་རོ། །མཚན་མ་མེད་པ་ལ་གནས་པར་གྱུར་པས་དེ་ལ་བར་ཆད་བྱེད་པའི་ལྟ་བར་གྱུར་པ་ཐམས་ཅད་སྔ་ནས་ཀྱང་སྤངས་ན་བགེགས་བྱེད་པར་ལྟ་ག་ལ་ཞིག་
འགྱུར། དེ་རྒྱུ་ཞིང་འགྲོ་བ་དང་གནས་པ་དེ་གཉིས་ཀྱིས་མི་སློབ་པར་འགྱུར་ཏེ། ཚེའི་ཚད་ཅི་ཙམ་པ་ཟད་ནས་རང་ཉིད་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེའི་སྐྱེ་བ་དང་སྲིད་པ་སྔ་ནས་ཟད་པའི་ཕྱིར་ཕྱི་མ་ལ་འདུ་བྱེད་ཐམས་ཅད་མངོན་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words