No title in the text — opening words: རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་བཞུགས

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 131 · folio 156a

པར་འགྲུབ་པར་མི་འགྱུར་རོ། །འཇིག་ཆོགས་ལ་ལྟ་བའི་རྩ་བ་ལས་བྱུང་བའི་ལྟ་བར་གྱུར་པ་ཐམས་ཅད་ནི་ཆ་གསུམ་དུ་རྣམ་པར་གཞག་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། སྔོན་གྱི་མཐའ་དང་ལྡན་པ་རྣམས་དང་། ཕྱི་མའི་མཐའ་དང་ལྡན་པ་རྣམས་

དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ལྡན་པ་རྣམས་སོ། །དེ་ལ་སྔོན་གྱི་མཐའ་དང་ལྡན་པ་རྣམས་ནི་ཇི་ལྟར་འདི་ན་ཁ་ཅིག་འདི་སྙམ་དུ་སེམས་ཏེ། ཅི་བདག་སྔོན་གྱི་དུས་ན་བྱུང་བར་གྱུར་ཏམ། འོན་ཏེ་མ་བྱུང་སུ་ཞིག་ཏུ་ནི་གྱུར། ཇི་ལྟར་ནི་གྱུར་ཞིག་གུ་སྙོམ་

པའོ། །ཕྱི་མའི་མཐའ་དང་ལྡན་པ་རྣམས་ནི་ཅི་བདག་མ་འོངས་པའི་དུས་སུ་འབྱུང་བར་འགྱུར་རམ་འོན་ཏེ་འབྱུང་བར་མི་འགྱུར། སུ་ཞིག་ཏུ་ནི་འགྱུར། ཇི་ལྟར་ནི་འགྱུར་ཞིག་གུ་སྙམ་པའོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ལྡན་པ་རྣམས་ནི་བདག་ཅི་ཞིག་ཏུ་གྱུར་

ཇི་ཞིག་ཏུ་ནི་འགྱུར། སེམས་ཅན་འདི་གང་ནས་ནི་འོངས། འདི་ནས་ཤི་འཕོས་ནས་ནི་གང་དུ་འགྲོ་བར་འགྱུར་ཞིག་གུ་སྙམ་པའོ། །གཞན་ཡང་འདི་ལས་ཕྱི་རོལ་པ་རྣམས་ཀྱི་འཇིག་ཆོགས་ལ་ལྟ་བའི་རྩ་བ་ལས་བྱུང་བའི་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ཡོད་དེ། འདི་ལྟ་

སྟེ། རྟག་པར་སྨྲ་བ་རྣམས་ཀྱི་བཞི་དང་། ཁ་ཅིག་རྟག་པར་འཛིན་པ་རྣམས་ཀྱི་བཞི་དང་། རྒྱུ་མེད་པར་སྨྲ་བ་རྣམས་ཀྱི་གཉིས་དང་། མཐའ་དང་མཐའ་མེད་པར་འདུ་ཤེས་པ་རྣམས་ཀྱི་བཞི་དང་། རྣམ་པར་མི་གཡེང་བའི་ལྷ་རྣམས་ཀྱི་བཞི་དང་། ལྟ་བར་གྱུར་པ་བཅོ་

བརྒྱད་པོ་འདི་དག་ནི་སྔོན་གྱི་མཐའ་ལ་རྟོག་པའི་བདག་ཏུ་སྨྲ་བ་རྣམས་ཀྱིའོ། །དེ་ལ་སྲིད་པའི་ལྟ་བ་ཅན་འདུ་ཤེས་ཡོད་པར་སྨྲ་བ་རྣམས་ཀྱི་བཅུ་དྲུག་དང་། འདུ་ཤེས་མེད་པར་སྨྲ་བ་རྣམས་ཀྱི་བརྒྱད་དང་། འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པར་སྨྲ་བ་

རྣམས་ཀྱི་བརྒྱད་དང་། ཆད་པར་སྨྲ་བ་རྣམས་ཀྱི་བདུན་དང་། ཚེ་འདི་ལ་མྱ་ངན་ལས་འདས་པར་སྨྲ་བ་རྣམས་ཀྱི་ལྔ་དང་། ལྟ་བར་གྱུར་པ་བཞི་བཅུ་རྩ་བཞི་པོ་འདི་དག་ནི་ཕྱི་མའི་མཐའ་ལ་རྟོག་པའི་བདག་ཏུ་སྨྲ་བ་རྣམས་ཀྱི་ཡིན་ཏེ། ཕྱི་མའི་མཐའ་ལ་རྟོག་པ་རྣམས་ཀྱི་ལྟ་བ་འདི་དག་

Vol. 131 · folio 156b

བསྡུས་ན་ལྔར་འགྱུར་ཏེ། འདུ་ཤེས་ཡོད་པར་སྨྲ་བ་རྣམས་དང་། འདུ་ཤེས་མེད་པར་སྨྲ་བ་རྣམས་དང་། འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པར་སྨྲ་བ་རྣམས་དང་། ཆད་པར་སྨྲ་བ་རྣམས་དང་། ཚེ་འདི་ལ་མྱ་ངན་ལས་འདའ་བར་སྨྲ་བ་རྣམས་སོ། །

ལྔ་པོ་དེ་དག་ཀྱང་གསུམ་དུ་འགྱུར་ཏེ། རྟག་པ་དང་། ཆད་པ་དང་། ཚེ་འདི་ལ་མྱ་ངན་ལས་འདའ་བར་སྨྲ་བ་རྣམས་སོ། །དེ་ལ་ལྟ་བར་གྱུར་པ་འདི་དག་ཐམས་ཅད་ནི་རྒྱུ་རྣམ་པ་དྲུག་གིས་རྣམ་པར་གཞག་སྟེ། འདི་ལྟ་སྟེ། རྒྱུ་དང་། བསྟན་པ་དང་། བསམ་གཏན་ལ་བརྟེན་

པ་དང་། དུས་དང་ལྟ་བ་ལ་བརྟེན་པ་དང་། སྐྱེ་བའི་གནས་སོ། །དེ་ལ་ཐམས་ཅད་ཀྱི་རྒྱུ་ནི་འཇིག་ཚོགས་ལ་ལྟ་བའོ། །བསྟན་པ་ནི་ལྟ་བར་གྱུར་པ་སྟོན་པ་དམ་པའི་ཆོས་མ་ཡིན་པ་ཉན་པ་སྣོད་ཀྱི་ལུང་འདོགས་པ་བཞིན་དུ་ཉིན་ཐོར་ཐོས་པ་གང་ཡིན་པའོ། །དེ་ལ་བསམ་གཏན་ལ་བརྟེན་པ་

ནི་བསམ་གཏན་ལ་བརྟེན་ནས་སྔར་ཐོས་པ་ལ་མོས་པས་ངེས་པ་ཐོབ་པའོ། །བསམ་གཏན་དེ་ཡང་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ལྡན་པ་དང་། ལྷའི་མིག་དང་ལྡན་པའོ། །དེ་ལ་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ལྡན་པ་ནི་སྔོན་གྱི་མཐའ་ལ་རྟོག་པའི་རྟག་པར་སྨྲ་བ་རྣམས་ལས་ཆུང་

ངུ་དང་འབྲིང་དང་ཆེན་པོར་ཡོངས་སུ་དག་པ་དང་། མཐའ་དང་མཐའ་མེད་པ་རྣམ་པ་བཞི་ལས་གང་གིས་སྣོད་ཀྱི་འཇིག་རྟེན་འཇིག་པ་དང་འཆགས་པའི་བསྐལ་པ་ཚར་ཕྱིན་པའི་ཡུལ་གྱི་དྲན་པ་སྟེ། གང་གི་ཚེ་ཆགས་པའི་གནས་སྐབས་ཡང་དག་པར་རྗེས་སུ་དྲན་པ་དེའི་ཚེ་ནི་འདུ་

ཤེས་རྣམ་པ་གསུམ་གྱིས་གཅིག་ཏུ་ངེས་པར་སྟེང་དང་འོག་དྲན་ཏེ་ཐུར་དུ་མནར་མེད་པ་ལ་ཐུག་པ་དང་། གྱེན་དུ་བསམ་གཏན་བཞི་པ་ལ་ཐུག་པའི་འཇིག་རྟེན་གྱི་ཚད་ངེས་ཤིང་མུ་ཐུག་ངེས་པར་དྲན་ཏེ་དེའི་འདུ་ཤེས་ཅན་དུ་འགྱུར་རོ། །གཞན་ཡང་ཐད་ཀར་ནི་གཅིག་ཏུ་ངེས་པར་ཚད་

མེད་པའི་རྣམ་པར་ཡང་དག་པར་རྗེས་སུ་དྲན་ཏེ་མཐའ་ཡས་པའི་འདུ་ཤེས་ཅན་དུ་འགྱུར་རོ། །དེ་གཉིས་ཀ་དང་ལྡན་པའི་དྲན་པས་ནི་འཇིག་རྟེན་གཉི་གའི་འདུ་ཤེས་དང་ལྡན་པར་གནས་པར་འགྱུར་རོ། །འཇིག་རྟེན་པའི་གནས་སྐབས་རྗེས་སུ་དྲན་པ་ནི་མཐའི་འདུ་ཤེས་ཅན་ཡང་མ་

Vol. 131 · folio 157a

ཡིན་མཐའ་མེད་པའི་འདུ་ཤེས་ཅན་ཡང་མ་ཡིན་པར་གནས་ཏེ་སྣོད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་དམིགས་པའི་ཕྱིར་རོ། །ཁ་ཅིག་ནི་བསམ་གཏན་ལ་བརྟེན་པ་ཉི་ཚེའི་སྒོ་ནས་ཁ་ཅིག་རྟག་པ་རྣམས་དང་། རྒྱུ་མེད་པར་སྨྲ་བ་རྣམས་དང་། རྣམ་

པར་མི་གཡེང་བའི་ལྷ་རྣམས་ཡིན་པར་རིག་པར་བྱའོ། །འདི་གཉིས་ནི་རྣམ་པར་དག་པའི་ལྷ་ཡིན་ཏེ། ཤིན་ཏུ་རྣམ་པར་དག་པ་མ་ཡིན་པ་དང་ཤིན་ཏུ་རྣམ་པར་དག་པའོ། །དེ་ལ་འཇིག་རྟེན་པའི་སྙོམས་པར་ཞུགས་པ་གང་ཡིན་པ་དེ་དག་ནི་ཤིན་ཏུ་རྣམ་པར་དག་པ་མ་ཡིན་པའི་ལྷ་

ཡིན་ཏེ། བདེན་པ་རྣམས་མངོན་པར་མི་ཤེས་པ་དང་། སེམས་ཤིན་ཏུ་རྣམ་པར་གྲོལ་བ་མ་ཡིན་པའི་ཕྱིར་རོ། །ཆོས་འདི་པའི་སྙོམས་པར་འཇུག་པ་གང་ཡིན་པ་དེ་དག་ནི་ཤིན་ཏུ་རྣམ་པར་དག་པའི་ལྷ་ཡིན་ཏེ། བདེན་པ་རྣམས་མངོན་པར་ཤེས་པ་དང་སེམས་ཤིན་ཏུ་རྣམ་

པར་གྲོལ་བ་ཡིན་པའི་ཕྱིར་རོ། །རྣམ་པར་མི་གཡེང་བ་ནི་གཉིས་ཏེ། རྟོག་པ་དང་བཅས་མཚན་མ་དང་བཅས་པ་དང་མཚན་མ་མེད་པའོ། །དེ་ལ་གཅིག་ནི་ཤིན་ཏུ་རྣམ་པར་དག་པ་མ་ཡིན་པའི་ལྷ་རྣམས་ཀྱིའོ། །ཅིག་ཤོས་ནི་ཤིན་ཏུ་རྣམ་པར་དག་པའི་ལྷ་རྣམས་ཀྱིའོ། །

དེ་ལ་སྔ་མ་ཤིན་ཏུ་རྣམ་པར་དག་པ་མ་ཡིན་པའི་ལྷ་རྣམས་ནི་བདག་ཉིད་ལྷ་ཉིད་ཡིན་པ་དང་། རྣམ་པར་མི་གཡེང་བར་གནས་པའི་ཕྱིར་རྣམ་པར་མི་གཡེང་བའི་ལྷ་ཞེས་བྱ་སྟེ། དེ་དག་ནི་ཕྱི་མ་ཤོས་དག་གིས་རྣམ་པར་མི་གཡེང་བ་ལས་དྲི་བ་དྲིས་ན་བདེན་པ་རྣམས་དང་། མཚན་

མ་མེད་པའི་སེམས་ཀྱི་ཏིང་ངེ་འཛིན་ལ་མི་མཁས་པའི་ཕྱིར་གཞན་ནས་གཞན་དུ་གཏམ་རླུང་སྐུར་བར་བྱེད་དེ། དེ་དག་ནི་སྔ་ནས་སེམས་ཀྱིས་སེམས་ལ་མངོན་པར་འདུ་བྱེད་ཅིང་བདག་ཀྱང་རྣམ་པར་མི་གཡེང་བའི་ལྷ་ཡིན་མོད་ཀྱི་བདག་ཅག་མ་ཡིན་པ་གང་གཞན་རྣམ་པར་མི་གཡེང་

བའི་ལྷ་བདེན་པ་རྣམས་དང་། མཚན་མ་མེད་པ་ལ་ལྷག་པར་ཆེས་མཁས་པར་གྱུར་པ་དག་ཀྱང་ཡོད་དེ། དེ་དག་གིས་བདག་ཅག་ལ་དེའི་སྐབས་ནས་དྲི་བ་དྲིས་ན་ནི་དེ་ལ་བདག་ཅག་གིས་ལན་གདབ་པ། ལན་ལོག་པར་འདེབས་པར་འོང་སྟེ། ཡང་ན་ནི་ཡོད་པ་ལ་སྐུར་པ་འདེབས་

Vol. 131 · folio 157b

པར་འགྱུར་རོ། །ཡང་ན་ནི་མེད་བཞིན་དུ་ཁས་ལེན་པར་འགྱུར་རོ་སྙམ་སྟེ། དེ་དག་ལན་གདབ་པ་ལ་ཉེས་པ་དེ་ལྟ་བུ་དག་མཐོང་ནས་ཐམས་ཅད་ཀྱི་ཐམས་ཅད་དུ་ལན་མི་གདབ་པོ་སྙམ་དུ་རྟོག་ན་དེ་ལ་ཡང་ཉེས་པ་ཡོད་པར་མཐོང་སྟེ། གཞན་དག་གིས་མི་ཤེས་པ་ཙམ་དུ་འཛིན་

ཅིང་དེས་རྣམ་པར་མི་གཡེང་བའི་ལྷ་ལས་དམས་པར་འགྱུར་ལ་དེ་དག་གཡོ་སྤྱོད་ཅིང་འདི་སྙམ་དུ་རྟོག་སྟེ། བདག་ཅག་གི་ལན་ནི་འདི་སྐད་དུ་ཁོ་བོ་ཅག་རྣམ་པར་དག་པའི་ལྷ་རྣམས་ཀྱི་གསང་ཆེན་ནི། འདི་ལྟ་སྟེ། རང་གིས་རྟོགས་པའམ། རྣམ་པར་དག་པའི་ལམ་གྱི་སྒོ་

ནས་རླུང་སྤྲུགས་ཏེ་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་ལན་བཏབ་ན་ལེགས་སོ་སྙམ་སྟེ། དེ་དག་གིས་དེ་ལྟར་བརྟགས་ནས་སོ་སོར་བརྟགས་ཤིང་ཚིག་གིས་གཏམ་རླུང་སྐུར་བར་བྱེད་དོ། །དེ་ལྟར་ལོག་པར་ཀུན་ཏུ་རྟོག་པ་ལ་གནས་པ་དེ་དག་གི་སེམས་རྣམ་པར་དག་པའི་ལྷ་མཆོག་

ཏུ་གྱུར་པ་རྣམས་ཀྱི་སེམས་ཀྱིས་ཁྱབ་པར་བྱ་སྟེ། རབ་ཏུ་ཤེས་སོ། །དེ་དག་ནི་བདག་ཅག་དམའ་བར་འཛིན་པར་གྱུར་ན་མི་རུང་ངོ་སྙམ་པས་ཕལ་ཆེར་ལན་གློན་པར་མི་བྱེད་དེ་དེ་ཁོ་ནས་ཡོངས་སུ་གྲོལ་བ་མ་ཡིན་ལ། གནས་དེ་ལ་ཡང་གནས་པ་ཡིན་ནོ། །ཁ་ཅིག་ནི་བླུན་

ཏེ། ཞི་གནས་ཉི་ཚེ་ལ་སྤྱོད་པས་གཡོ་ཐབས་ཀྱིས་གཏམ་རླུང་སྐུར་བ་སྦྱོར་མི་ནུས་ཏེ། དེ་ཇི་སྐད་སྟོན་པ་དེ་བཞིན་དུ་ཚང་བར་ཁས་བླངས་ལ་དེ་ཉིད་བརྗོད་པར་བྱའོ་སྙམ་དུ་རྟོག་སྟེ། དེ་དག་ནི་རྟོག་པའི་ཁྱད་པར་ལས་རྣམ་པ་བཞིར་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་དུས་

ཀྱི་སྒོ་ནས་ནི་འདས་པ་དང་ད་ལྟར་བྱུང་བའི་དུས་ལ་བརྟེན་ཏེ་རྟོག་པ་གང་ཡིན་པ་དེ་དག་ནི་སྔོན་གྱི་མཐའ་ལ་རྟོག་པ་ཡིན་ནོ། །མ་འོངས་པའི་དུས་ལ་བརྟེན་ཏེ་རྟོག་པ་གང་ཡིན་པ་དེ་དག་ནི་ཕྱི་མའི་མཐའ་ལ་རྟོག་པ་ཡིན་ནོ། །དེ་ལ་ལྟ་བ་ལ་བརྟེན་པའི་སྒོ་ནས་ནི་ལྟ་བ་གསུམ་

ལ་བརྟེན་ཏེ་སྔ་མ་བཞིན་ནོ། །དེ་ལ་ལྟ་བ་ལ་བརྟེན་པ་དང་པོས་ནི་ཚེ་འདི་ལ་བདག་གཟུགས་ཅན་ཡིན་པར་རྟོག་ལ་དེ་ཕྱིན་ཆད་ཀྱང་གཟུགས་ཅན་ཉིད་དམ་འདུ་ཤེས་ཅན་ནམ། འདུ་ཤེས་ཅན་མ་ཡིན་པའམ། འདུ་ཤེས་ཅན་ཡང་མ་ཡིན་འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་

Vol. 131 · folio 158a

པར་རྟོག་གོ། །གཉིས་པས་ནི་ཚེ་འདི་དང་ཕྱི་མ་ལ་གཟུགས་ཅན་མ་ཡིན་པར་སྔ་མ་བཞིན་དུ་རྟོག་གོ། །ལྟ་བ་ལ་བརྟེན་པ་གསུམ་པས་ནི་བདག་ཏུ་སྨྲ་བ་རྣམ་པ་གཉིས་སུ་འགྱུར་ཏེ་ཁ་ཅིག་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པར་སྨྲའོ། །ཁ་ཅིག་ནི་གཟུགས་

ཅན་ཡང་མ་ཡིན་གཟུགས་ཅན་མ་ཡིན་པ་ཡང་མ་ཡིན་པར་སྨྲའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །གཟུགས་ཅན་དེ་ཉིད་ཀྱང་ཆུང་ངུ་འམ་ཚད་མེད་པར་རྟོག་གོ། །གཟུགས་ཅན་མ་ཡིན་པ་ཡང་དེ་དང་འདྲའོ། །ལྟ་བ་གསུམ་ལ་བརྟེན་པས་བདག་ཏུ་སྨྲ་བ་གཉིས་སུ་གྱུར་པ་གང་ཡིན་པའི་སྨྲ་བ་དེ་

གཉིས་ལས་ཀྱང་ཁ་ཅིག་ནི་ཆུང་ངུར་རྟོག་གོ། །ཁ་ཅིག་ནི་ཚད་མེད་པར་རྟོག་གོ། །དེ་ལྟར་ན་བདག་ཏུ་སྨྲ་བ་རྣམ་པ་བཞི་པོ་འདི་དག་ལས་བདག་མཐའ་དང་ལྡན་པ་དང་། མཐའ་དང་མི་ལྡན་པ་དང་། མཐའ་དང་ལྡན་པ་ཡང་ཡིན་ལ་མཐའ་དང་མི་ལྡན་པ་ཡང་ཡིན་པ་དང་། མཐའ་དང་ལྡན་པ་

ཡང་མ་ཡིན་མཐའ་དང་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་དང་། གོ་རིམས་བཞིན་དུ་སྦྱར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ལྟ་བ་ལ་བརྟེན་པ་དེ་ཉིད་ཀྱིས་བདག་ཏུ་སྨྲ་བ་ལ་བརྟེན་ནས་བདག་དག་ཅིང་འགྲོལ་བར་གྱུར་ལ་འདོད་པ་དང་བསམ་གཏན་ལ་དབང་ཐོབ་སྟེ། རྣམ་པར་དག་པ་ནི་ཚེ་འདི་ལ་

རྣམ་པར་རྩེ་བའི་ཚུལ་གྱིས་ཅི་འདོད་པར་སྤྲུལ་ནས་དེ་ལ་ཤས་ཆེར་གནས་པ་དང་། ཅི་འདོད་པར་བསམ་གཏན་ལ་གནས་ཏེ་དེ་ལྟར་ན་ལྟ་བ་ལ་བརྟེན་པའི་སྒོ་ནས་རྣམ་པར་གཞག་པར་རིག་པར་བྱའོ། །དེ་ལ་སྐྱེ་བའི་གནས་ཀྱི་སྒོ་ནས་ནི་འདི་ལྟ་སྟེ། བདག་ནི་འདུ་ཤེས་གཅིག་དང་ལྡན་པ་ཡིན་ནོ་

ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་ལ་འདུ་ཤེས་གཅིག་དང་ལྡན་པ་ནི་གཟུགས་མེད་པ་དག་གི་ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་གཉིས་སོ། །འདུ་ཤེས་སྣ་ཚོགས་དང་ལྡན་པ་ནི་དེ་མན་ཆད་དེ། ཇི་སྐད་བསྟན་པ་དེ་དག་ལས་གོ་རིམས་བཞིན་དུ་ཆུང་ངུའི་འདུ་ཤེས་ཅན་

དང་། ཚད་མེད་པའི་འདུ་ཤེས་ཅན་དུ་རིག་པར་བྱའོ། །བསམ་གཏན་གསུམ་པོ་རྣམས་ན་ནི་གཅིག་ཏུ་ངེས་པར་བདེ་བ་དང་ལྡན་ནོ། །སེམས་ཅན་དམྱལ་བ་རྣམས་ན་ནི་གཅིག་ཏུ་ངེས་པར་སྡུག་བསྔལ་བ་དང་ལྡན་ནོ། །དུད་འགྲོ་རྣམས་དང་། ཡི་དགས་རྣམས་དང་། མི་རྣམས་དང་།

Vol. 131 · folio 158b

འདོད་པ་ན་སྤྱོད་པའི་ལྷ་རྣམས་ན་ནི་བདེ་བ་དང་སྡུག་བསྔལ་བ་དང་ལྡན་ནོ། །བསམ་གཏན་བཞི་པ་ཡན་ཆད་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་མན་ཆད་ན་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྡན་ནོ།། །།རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་

བ། བམ་པོ་བཞི་པ། གསུམ་པོ་འདི་དག་ནི་འདི་ལས་ཕྱི་རོལ་པའི་མུ་སྟེགས་ཅན་གྱི་གནས་རྣམས་ཀྱི་ཐམས་ཅད་དུ་རྒུད་པ་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། ལྟ་བ་དང་འདོད་པ་ཐ་དད་པ་དང་མི་མཐུན་པར་སྨྲ་བའི་རྒུད་པ་དང་། བདག་ཤེས་པར་བརྗོད་པའི་སྒོ་ནས་འདྲི་བ་

ལ་ལན་འདེབས་པའི་རྒུད་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའི་སྒོ་ནས་རྟོགས་པའི་རྒུད་པའོ། །དེ་ལ་འདུ་ཤེས་ཅན་དང་། འདུ་ཤེས་ཅན་མ་ཡིན་པ་དང་། འདུ་ཤེས་ཅན་ཡང་མ་ཡིན་འདུ་ཤེས་ཅན་མ་ཡིན་པ་ཡང་མ་ཡིན་པར་སྨྲ་བ་གསུམ་དང་། ཆད་པར་སྨྲ་

བ་རྣམས་ཀྱིས་གླག་བཙལ་བ་དང་། ཕན་ཡོན་བརྗོད་པ་དང་། གལ་འཛིན་པ་ལས་རྒྱལ་བའི་ཕན་ཡོན་བརྗོད་པའི་སྒོ་ནས་ནི་རྒུད་པ་དང་པོར་རིག་པར་བྱ་སྟེ། འདི་དག་ནི་ཕྱི་མའི་མཐའ་ལ་རྟོག་པ་ཡིན་ཏེ། མ་འོངས་པའི་དུས་ལ་བརྟེན་ནས་བདག་ཉིད་ཡོད་པ་དང་མེད་པར་རྟོག་

པའི་ཕྱིར་རོ། །དེ་ལ་གང་ཀུན་ནས་ཉོན་མོངས་པར་འགྱུར་བ་དང་། གང་དུ་ཀུན་ནས་ཉོན་མོངས་པར་འགྱུར་བ་དང་། གང་གིས་ཀུན་ནས་ཉོན་མོངས་པར་འགྱུར་བ་དེ་དག་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་གཉིས་ཀྱི་སྒོ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་

ཏུ་མི་ཤེས་པ་རྣམས་ནི་དང་པོར་མི་ཤེས་པ་ཁས་ལེན་པའི་ཕྱིར་དེ་ལས་གཞན་པའི་མི་ཤེས་པ་ལས་མི་ཤེས་པའི་ལྷག་མ་ལུས་པ་ཡིན་ནོ། །གང་ཁས་ལེན་ཞེ་ན། འདི་ལྟ་སྟེ། རྣམ་པ་གསུམ་ལན་བཞིར་བསྒྱུར་བ་རྣམས་ཏེ། རྟག་པ་དང་རྟག་པ་མ་ཡིན་པ་ལ་སོགས་པ་

རྣམས་དང་། མཐའ་དང་ལྡན་པ་དང་མཐའ་དང་ལྡན་པ་མ་ཡིན་པ་ལ་སོགས་པ་དང་། རང་གིས་བྱས་པ་དང་གཞན་གྱིས་བྱས་པ་ལ་སོགས་པ་སྟེ། འདི་ལྟར་དེ་དག་ནི་མི་ཤེས་པའི་ཕྱིར་ཐོག་མར་འདི་དག་དེ་ལྟར་ཁས་བླངས་ནས་དེའི་འོག་ཏུ་འདྲི་བའི་ལན་འདེབས་པར་བྱེད་དེ་འདི་དག་

Vol. 131 · folio 159a

ནི་འཕགས་པའི་ཆོས་འདུལ་བ་ལ་འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པའི་ཚུལ་ལམ་དོན་དམ་པའི་བདེན་པའི་ཚུལ་གཉི་ག་ལྟར་ཡང་ལན་གདབ་ཏུ་མེད་པའི་ཕྱིར་ཤེས་པ་དང་ལྡན་པ་རྣམས་ཀྱི་ལན་མི་གདབ་པའི་གཞི་ཡིན་ནོ། །དེ་ལ་གཅིག་ཏུ་ངེས་པར་རྟག་པར་སྨྲ་

བ་བཞི་ནི་སྔོན་གྱི་མཐའ་ལ་རྟོག་པ་ཡིན་ནོ། །སྔོན་གྱི་མཐའ་ལ་རྟོག་པ་གང་ཡིན་པ་དེ་ཉིད་ནི། རྒྱུ་མེད་པར་སྨྲ་བ་རྣམ་པ་གཉིས་ཀྱི་སྒོ་ནས་རྒྱུ་མེད་པར་སྨྲ་བ་ཡིན་ཏེ་སྔར་ནི་བདག་མེད་པར་རྟོག་ལ་ཕྱིས་ནི་ཡོད་པར་རྟོག་སྟེ། གཅིག་ཏུ་ངེས་པར་མི་རྟག་པར་སྨྲ་བ་ལ་དམིགས་སོ། །དེ་ལ་

བཞི་པོ་འདི་དག་ནི་སྔོན་གྱི་མཐའ་ལ་རྟོག་པ་ཉིད་ལས་ཁ་ཅིག་ནི་རྟག་པར་ལྟ་སྟེ། དེ་དག་གི་བྱེ་བྲག་ལས་ཁ་ཅིག་ནི་རྟག་པ་དང་རྟག་པ་མ་ཡིན་པར་སྨྲ་བ་ལ་དམིགས་སོ། །ཁ་ཅིག་ནི་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པར་སྨྲ་བ་ལ་དམིགས་སོ། །མཐའ་དང་ལྡན་པ་དང་མཐའ་དང་

མི་ལྡན་པ་བསྒྱུར་བ་ནི་འདི་ལྟ་སྟེ། མཐའ་དང་ལྡན་པ་དང་མཐའ་དང་མི་ལྡན་པའི་སྐབས་སུ་སྔར་བསྟན་པ་བཞིན་ནོ། །ཐམས་ཅད་སྔོན་བྱས་པའི་རྒྱུ་ལས་བྱུང་བར་འདོད་པ་གང་ཡིན་པ་དེ་དག་ནི་རང་གིས་བྱས་པར་སྨྲ་བ་ཡིན་ནོ། །ཐམས་ཅད་དབང་ཕྱུག་གིས་སྤྲུལ་པའི་རྒྱུ་ལས་བྱུང་བར་

འདོད་པ་གང་ཡིན་པ་དེ་དག་ནི་གཞན་གྱིས་བྱས་པར་སྨྲ་བ་ཡིན་ནོ། །ཤས་ཀྱིས་ནི་དབང་ཕྱུག་གིས་སྤྲུལ་པ་ཡིན་པར་འདོད་ལ་ཤས་ཀྱིས་ནི་མི་འདོད་པ་གང་ཡིན་པ་དེ་དག་ནི་གཉི་གར་སྨྲ་བ་ཡིན་ནོ། །རྒྱུ་མེད་པར་སྨྲ་བ་གང་ཡིན་པ་དེ་དག་ནི་གཉི་གར་སྨྲ་བ་མ་ཡིན་པ་སྟེ། དེ་ནི་དེ་དག་

གི་བདག་ཤེས་པར་སྨྲ་བའི་སྒོ་ནས་རྒུད་པ་གཉིས་པ་ཡིན་པར་རིག་པར་བྱའོ། །འདི་དག་ནི་སྔོན་གྱི་མཐའ་ལ་རྟོག་པ་ཡིན་ཏེ་འདས་པ་དང་། ད་ལྟར་བྱུང་བའི་དུས་ཀྱི་སྒོ་ནས་རྟོག་པའི་ཕྱིར་རོ། །དེ་ལ་དགེ་སྦྱོང་དང་བྲམ་ཟེ་གང་གླགས་ཚོལ་བ་དང་། ཕན་ཡོན་ལ་ལྟ་བ་དང་། གལ་

འཛིན་པ་ལས་རྒྱལ་བའི་ཕན་ཡོན་ལ་ལྟ་བ་དང་། རྙེད་པ་དང་བཀུར་སྟིའི་ཕྱིར་བདག་ཤེས་པར་བརྗོད་པ་བསྒྲགས་པར་འདོད་པ་ཁོ་ན་ཡིན་པས་ཉེས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དེ་དག་ནི་ངེས་པར་འབྱུང་བར་འདོད་པ་དང་། ཐར་པ་འབའ་ཞིག་འདོད་པ་ཡིན་ཏེ།

Vol. 131 · folio 159b

དེ་དག་ནི་ཉོན་མོངས་པའི་ཤས་ཆུང་བའི་རང་བཞིན་ཅན་བླུན་ཞིང་ཞི་བར་སྤྱོད་པ་ཡིན་ནོ། །དེ་དག་ནི་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་མན་ངག་སྟོན་པ་དང་། རྗེས་སུ་སྟོན་པ་ལ་བརྟེན་ནས་ཕྱི་མའི་མཐའ་དང་ལྡན་པ་དང་། སྔོན་གྱི་མཐའ་དང་ལྡན་པའི་ལྟ་བར་གྱུར་པ་དེ་

དག་ཁས་མི་ལེན་ཞིང་ཡང་དག་པར་འདས་ནས་ཚེ་འདི་ལ་ཡང་འདོད་པའི་ཀུན་ཏུ་སྦྱོར་བ་ལས་ཡང་དག་པར་འདས་ཏེ་རབ་ཏུ་དབེན་པའི་དགའ་བ་ལ་རེག་པར་འགྱུར་ལ། དེའི་གང་མའི་ནི་མ་ཐོས་ཤིང་མི་ཤེས་ཏེ། དེ་ནི་དེ་ཉིད་ལ་མྱ་ངན་ལས་འདས་པར་འཛིན་ཏོ། །རབ་ཏུ་དབེན་པའི་དགའ་

བ་ལ་ཇི་ལྟ་བ་བཞིན་དུ་བསམ་གཏན་གཉིས་པ་དང་། གསུམ་པའི་ཟང་ཟིང་མེད་པའི་དགའ་བ་དང་། བསམ་གཏན་བཞི་པའི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་། དེ་ཡན་ཆད་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཐུག་པ་ཡང་དེ་དང་འདྲ་སྟེ། འདུ་

ཤེས་སྣ་ཚོགས་དང་ལྡན་པའི་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །འདི་ནི་ཉེ་བར་ལེན་པ་ཐམས་ཅད་དུ་འགྲོ་བའི་ལམ་ལས་མ་ལོག་པ་ཕྱིར་ལྡོག་པའི་ཆོས་ཅན་ཡོངས་སུ་མྱ་ངན་ལས་མ་འདས་པ་མྱ་ངན་ལས་འདས་སོ་སྙམ་

པའི་ང་རྒྱལ་ཅན་དེ་དག་གི་རྒུད་པ་གསུམ་པ་ཡིན་པར་རིག་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པས་ནི་ཞི་བའི་གོ་འཕང་མཆོག་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་རྣམ་པ་ཐམས་ཅད་དུ་རྒུད་པ་གསུམ་པོ་དེ་དག་རྣམ་པ་ལྔས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་

མཁྱེན་ཏོ། །འདི་ལྟ་སྟེ། རང་བཞིན་གང་ཡིན་པ་དང་། ལྟ་བ་གང་ཡིན་པ་དང་། མི་ཤེས་པ་གང་གིས་སྐྱེ་བར་འགྱུར་བ་དང་། གང་ལ་དམིགས་ཏེ་འཇུག་པ་དང་། དམིགས་པ་དེའི་ཉེས་དམིགས་ཀྱི་སྒོ་ནས་རགས་པ་དང་གང་དུ་ངེས་པར་འབྱུང་བ་སྟེ། དེ་དེ་ལྟར་ཡང་དག་པ་ཇི་ལྟ་བ་

བཞིན་དུ་ཡང་རབ་ཏུ་མཁྱེན་ལ་ངེས་པར་འབྱུང་བ་དེར་ཡང་བདག་ཉིད་གཏན་དུ་ངེས་པར་འབྱུང་བར་འགྱུར་རོ། །ཤེས་པ་གཉིས་ནི་མཐོང་བ་དག་པ་དང་། མཐོང་བ་ཤིན་ཏུ་རྣམ་པར་དག་པར་འགྱུར་བ་སྟེ། འདི་ལྟ་སྟེ། ཆོས་ཀྱི་ལུགས་ཤེས་པ་དང་། དེ་སྔོན་དུ་འགྲོ་བའི་མྱ་ངན་ལས་འདས་

Vol. 131 · folio 160a

པའི་ཤེས་པའོ། །དེ་ལ་ཆོས་ཀྱི་ལུགས་ཤེས་པ་ནི་གང་གིས་འདུ་བྱེད་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་རབ་ཏུ་དབྱེ་བའི་སྒོ་ནས་ཤེས་ལ། སྤྱིའི་མཚན་ཉིད་ཀྱང་ཉེས་དམིགས་ཀྱི་སྒོ་ནས་ཤེས་པ་སྟེ། འདི་ལྟ་སྟེ། གནས་སྐབས་གསུམ་དུ་གཏོགས་པའི་འདུ་

བྱེད་རྣམས་ཀྱི་བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་མཐུན་པ་རྣམས་ཀྱིས་ཡིན་ཏེ། སྡུག་བསྔལ་གསུམ་པོའི་ཚུལ་གྱིས་སོ། །དེ་ལ་མྱ་ངན་ལས་འདས་པའི་ཤེས་པ་ནི་དེ་དེ་ལྟར་འདུ་བྱེད་རྣམས་ལ་སྡུག་བསྔལ་བར་འདུ་ཤེས་པ་

ནི་འདི་སྙམ་དུ་སེམས་ཏེ། འདི་ལྟར་སྡུག་བསྔལ་བའི་འདུ་བྱེད་འདི་དག་མ་ལུས་པར་སྤོང་བ་ནི་ཞེས་བྱ་བ་ནས་རྒྱས་པར་མྱ་ངན་ལས་འདས་པའི་བར་དུ་སྦྱར་ཏེ། འདི་ནི་མྱ་ངན་ལས་འདས་པའི་ཤེས་པའོ། །མཐོང་བ་རྣམ་པར་དག་པ་དང་། ཤིན་ཏུ་རྣམ་པར་དག་པ་དེ་གཉིས་

ཀྱང་སྒོ་གཉིས་ནས་སྦྱོར་བས་རྣམ་པར་དག་པར་འགྱུར་ཏེ། གང་ཟག་བདག་ཉིད་ལ་མཐུ་མེད་དེ་གཞན་གྱི་ཚིག་ལ་བརྟེན་པའམ། མཐུ་ཡོད་པ་བདག་ཉིད་ཀྱིས་མང་དུ་ཐོས་པ་ཡོངས་སུ་བཙལ་ནས་རྣམ་པར་དག་པར་འགྱུར་རོ། །དེ་ལ་གང་ཟག་སྔ་མ་ནི་དད་པ་ལ་སོགས་པའི་

དབང་པོ་རྣམས་མི་གསལ་བ་དང་། ཞི་གནས་དང་ལྷག་མཐོང་གི་དམིགས་པ་རོ་གཅིག་ཏུ་གྱུར་པའི་ཕྱིར་ཚད་ངེས་པའི་ཆོས་ལ་སྤྱོད་པའི་བཟོད་པ་འཇུག་པར་འགྱུར་རོ། །དེ་ལས་བཟློག་པ་ནི་ཅིག་ཤོས་ཀྱི་ཡིན་པར་རིག་པར་བྱའོ། །གསུམ་པོ་འདི་དག་ནི་མངོན་པར་རྟོགས་པའི་

མཐའ་ལས་བྱུང་བའི་ཤེས་པ་ཡིན་ཏེ། འདི་དག་གིས་མཐོང་བ་རྣམ་པར་དག་པ་རབ་ཏུ་ཕྱེ་སྟེ། འདི་ལྟ་སྟེ། ཟག་པ་མེད་པའི་ཤེས་པ་སྐྱེ་བ་དང་མཐུན་པ་དང་། ཟག་པ་མེད་པ་དང་། ཟག་པ་མེད་པའི་རྒྱུན་ལས་བྱུང་བའོ། །དེ་ལ་དང་པོ་ནི་འཇིག་རྟེན་གྱི་ཆོས་ཀྱི་མཆོག་

ཏུ་གཏོགས་པའོ། །གཉིས་པ་ནི་གང་ལ་གནས་པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤོང་བའོ། །གསུམ་པ་ནི་ཉོན་མོངས་པ་སྤོང་བའི་སྟེང་དུ་རྣམ་པར་གྲོལ་བའི་རྒྱུན་ལས་བྱུང་བའོ། །དེ་ལ་ཤེས་པ་བར་མ་ལ་གནས་པའི་ཚེ་ནི་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་

Vol. 131 · folio 160b

ཡིན་ཏེ། སོ་སོའི་སྐྱེ་བོའི་ས་ལས་ནི་འདས། རྒྱུན་དུ་ཞུགས་པའི་འབྲས་བུ་ནི་མ་ཐོབ་པའོ། །གསུམ་པ་སྟེ་རྣམ་པར་གྲོལ་བའི་རྒྱུན་ལ་གནས་པའི་ཤེས་པ་མ་ཐོབ་པའི་བར་དུ་ནི་དེས་དེ་མ་ཐོབ་ཀྱི་བར་དུ་དེའི་སྐད་ཅིག་ལ་གནས་པ་ནི་འཆི་བར་གྱུར་པའི་རྒྱུ་མ་ཡིན་ཏེ། ཡུན་ཐུང་བའི་

ཕྱིར་རོ། །དེའི་རྗེས་ལ་ནི་གདོན་མི་ཟ་བར་གསུམ་པ་ཐོབ་པར་འགྱུར་རོ། །དེ་ལ་གནས་པའི་མཐོང་བ་ནི་རྣམ་པར་དག་པ་ཡིན་ཏེ། ཤེས་བྱ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །ཤིན་ཏུ་རྣམ་པར་དག་པས་ནི་མ་ཡིན་ཏེ། ཉོན་མོངས་པའི་ལྷག་མ་ཡོད་པའི་ཕྱིར་རོ། །དེ་ཉིད་ལན་

མང་དུ་བྱས་པའི་རྒྱུས་དགྲ་བཅོམ་པ་ཤིན་ཏུ་རྣམ་པར་དག་པ་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །དེ་ལ་མ་ལུས་པར་སྤོང་བ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཀུན་དུ་མི་སྤྱོད་པ་དང་། ཁམས་དང་། དངོས་པོའོ། །དེ་ལ་བྱུང་ངོ་ཅོག་དང་དུ་མི་ལེན་ཞིང་ཤིན་ཏུ་

སྤངས་ནས་ཀྱང་དགེ་བ་ལ་གོམས་པས་ཐག་རིང་བར་བྱེད་དོ། །ཀུན་ནས་དཀྲིས་པ་ཀུན་དུ་མི་སྤྱོད་པའི་ཕྱིར་དང་། ཁམས་ནི་སྔ་མ་བཞིན་དུ་གསུམ་དུ་རིག་པར་བྱའོ། །དངོས་པོ་ནི་གཉིས་ཏེ། ཉོན་མོངས་པའི་དངོས་པོ་དང་། སྡུག་བསྔལ་གྱི་དངོས་པོའོ། །བདེ་བ་དང་།

ཕན་པ་དང་འབྲེལ་པའི་བྲལ་བའི་ཕྱོགས་ཀྱི་ཁམས་ལྔའི་ནི་ཞི་བ་དང་། གྱ་ནོམ་པ་ལ་སོགས་པ་ནས་མྱ་ངན་ལས་འདས་པ་ལ་ཐུག་པ་རྣམས་ཡིན་པར་རིག་པར་བྱའོ། །ཕུང་པོ་ཐམས་ཅད་སྤངས་པ་ནི་འདིར་ཕ་མ་ལ་སོགས་པ་ལས་བྱུང་བའི་ཕུང་པོ་འདོར་བའི་སྒོ་ནས་རིག་པར་

བྱའོ། །བར་མ་དོའི་སྲིད་པ་དང་། སྐྱེ་བའི་སྲིད་པ་དང་། དེ་ཕྱིན་ཆད་ཀྱི་སྲིད་པ་མངོན་པར་མི་འགྲུབ་པའི་ཕྱིར་གཞན་དག་གི་གོ་རིམས་བཞིན་དུ་ཉིང་མཚམས་སྦྱོར་བ་མེད་པ་དང་། ཉེ་བར་ལེན་པ་མེད་པ་དང་། འབྱུང་བ་མེད་པ་ཡིན་པར་རིག་པར་བྱའོ། །དེ་ལ་ཕྱོགས་

གསུམ་དུ་སྒོ་གསུམ་གྱིས་བགེགས་བྱེད་པའི་ཕྱིར་ནི་ཀུན་དུ་སྦྱོར་བ་གསུམ་དུ་རྣམ་པར་གཞག་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། མི་གཡོ་བ་དང་། གཡོས་སུ་ཟིན་ཀྱང་ལོག་པར་འཛིན་པ་དང་། ཆོས་རྣམས་ནི་རྟོགས་པར་བྱེད་པའི་ཕྱིར་ཏེ། ཁྱིམ་པའི་ཕྱོགས་དང་། ཉེས་

Vol. 131 · folio 161a

པ་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བའི་ཕྱོགས་རྣམས་དང་། ལེགས་པར་བཤད་པའི་ཆོས་འདུལ་བ་ལ་ཞུགས་པ་རྣམས་སོ། །རྒྱུན་ལས་བཟློག་པའི་ཕྱོགས་སུ་འགྲོ་བའི་ལམ་ལ་ནི་ཞུགས་སོ། །ངན་སོང་ལས་རྣམ་པར་ཐར་པ་གཅིག་དང་ཡང་

ལྡན་ནོ། །རྣམ་པར་ཐར་པའི་ངེས་པ་གཉིས་དང་ཡང་ལྡན་ཏེ། འདི་ལྟ་སྟེ། ཉོན་མོངས་པ་ལས་རྣམ་པར་ཐར་པའི་ངེས་པ་དང་། ཡང་སྲིད་པར་སྐྱེ་བ་ལས་རྣམ་པར་ཐར་པའི་ངེས་པ་སྟེ། དེ་བས་ན་རྒྱུན་དུ་ཞུགས་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དགྲ་བཅོམ་པ་ཉིད་མ་ཐོབ་

པའི་སྔ་རོལ་སློབ་པའི་ས་ལ་ནི་འདུ་བྱེད་ཐམས་ཅད་ལ་བདག་གམ་བདག་གིར་ཉེ་བར་ལེན་པ་མེད་དེ་དེའི་འོག་ཏུ་ཟག་པ་རྣམས་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་ལ་དགྲ་བཅོམ་པ་ཉིད་ཀྱི་རྣམ་པ་ནི་དོན་དང་འབྲལ་པ་རྣམ་པ་བཞིར་རིག་པར་བྱ་སྟེ། རང་གི་དོན་མཐར་ཕྱིན་པས་གཞན་གྱི་

དོན་བྱ་བར་འོས་པའི་དོན་དང་། བདག་ཉིད་རྫོགས་པ་དང་། རིགས་པའི་དོན་ཐོབ་པར་བྱ་བའི་དོན་དང་། མ་འོངས་པའི་འདུ་བྱེད་ཀྱི་རྒྱུ་ཡང་དག་པར་བཅོམ་སྟེ་ཚེ་འདི་ལ་བདེ་བར་གནས་པའི་དོན་དང་། སློབ་པའི་ས་ལས་ཡང་དག་པར་འདས་ནས་མི་སློབ་པའི་ས་ལ་འཇུག་པའི་དོན་ཏོ། །

ལྔ་པོ་འདི་དག་ནི་བྱིས་པ་རྣམས་ཀྱི་བྱིས་པའི་གནས་སྐབས་ཡིན་ཏེ། དེ་དག་ལ་བྱིས་པ་གནས་ན་བྱིས་པའི་གྲངས་སུ་འགྲོ་བར་འགྱུར་ཏེ། འདི་ལྟ་སྟེ། དང་པོ་ནས་ལྷན་ཅིག་སྐྱེས་པའི་ཤེས་རབ་མ་ཐོབ་པ་དང་། གཞན་གྱི་སྒྲའི་རྒྱུ་ལས་བྱུང་བའི་ཤེས་རབ་མ་ཐོབ་པ་དང་། འཕགས་པའི་

ཤེས་རབ་མ་ཐོབ་པ་དང་། རྨོངས་པའི་ཀུན་ནས་དཀྲིས་ནས་ཀུན་ནས་དཀྲིས་ཤིང་འདུག་པ་དང་། དེའི་བག་ལ་ཉལ་དང་ཡང་འབྲེལ་པའོ། །བཞི་པོ་འདི་དག་ནི་བདག་ཏུ་སྨྲ་བ་ཡིན་ཏེ། འདུ་བྱེད་རྣམས་ནི་བདག་ཡིན་ནོ། །བདག་ནི་འདུ་བྱེད་རྣམས་དང་ལྡན་ནོ། །འདུ་བྱེད་རྣམས་ནི་བདག་

གིའོ། །བདག་ནི་འདུ་བྱེད་རྣམས་ལ་ཡོད་དོ་ཞེས་སྨྲ་བའོ། །བདག་ཏུ་སྨྲ་བ་ནི་རྒྱུ་རྣམ་པ་གཉིས་ཀྱིས་ཀུན་ནས་ཉོན་མོངས་པར་བྱེད་པ་ཡིན་ཏེ། མངོན་པར་ཞེན་པ་དང་། བག་ལ་ཉལ་གྱི་སྒོ་ནས་སོ། །དེ་ལ་མངོན་པར་ཞེན་པའི་སྒོ་ནས་ནི་འདི་ལྟ་སྟེ། འདི་ལས་ཕྱི་རོལ་པ་ཐར་པ་འདོད་

Vol. 131 · folio 161b

པ་རྣམས་ཏེ། ཉོན་མོངས་པ་ཐམས་ཅད་ཀྱི་ཐོབ་པ་དང་འབྲེལ་པའི་ཚུལ་གྱིས་སོ། །དེ་ལ་བག་ལ་ཉལ་གྱི་སྒོ་ནས་ནི་འདི་ལྟ་སྟེ། ཆོས་འདི་པ་རྣམས་ཏེ་ཡུལ་ལ་ཡོངས་སུ་ཞེན་པས་ཐང་ཅིག་ཙམ་དུ་བར་ཆད་བྱེད་ལ་གཏན་དུ་ནི་མ་ཡིན་ནོ། །བདག་ཏུ་ལྟ་བ་དང་བདག་མེད་པར་ལྟ་བ་གཉིས་

ནི་འདྲ་བར་འདུ་བྱེད་ཀྱི་གཞི་ལ་དམིགས་པས་ན་མཚུངས་པར་རིག་པར་བྱའོ། །གཞི་དེ་ཉིད་ལ་ལོག་པ་དང་ཡང་དག་པར་འཛིན་པ་ལས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་གྱུར་པས་ན་ནི་མི་མཚུངས་པར་རིག་པར་བྱའོ། །དེ་ལ་རྣམ་པ་བཞིས་དངོས་པོ་ལ་ལོག་པར་ཞེན་པའི་ཕྱིར་

ནི་བདག་ཏུ་ལྟ་བ་ཀུན་ནས་ཉོན་མོངས་པར་འགྱུར་ཏེ། འདི་ལྟ་སྟེ། རྒྱུ་དང་། རང་བཞིན་དང་། འབྲས་བུ་དང་། རྒྱུ་མཐུན་པའོ། །དེ་ལ་རྒྱུ་ནི་རྨོངས་པ་རྣམ་པ་གཉིས་ལས་འགྱུར་ཏེ། དངོས་པོ་ལ་རྨོངས་པ་དང་། ལྟ་བ་ལ་རྨོངས་པའོ། །དེ་ལ་དམ་པའི་ཆོས་མ་

ཡིན་པའི་ཐོས་པ་སྔོན་དུ་འགྲོ་བའི་དངོས་པོ་ལ་རྨོངས་པས་ན་བདག་ཏུ་ལྟ་བ་སྐྱེ་བར་འགྱུར་རོ། །ལྟ་བ་དེ་ལ་རྨོངས་པས་ལྟ་བ་དེ་དང་ལྡན་པའི་མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བྱུང་ངོ་ཅོག་ལ་བདག་གོ་སྙམ་དུ་འཛིན་ཏོ། །དེའི་རྐྱེན་གྱིས་ཀྱང་དེའི་ལུས་སྲེད་པ་དང་

འབྲེལ་པར་འགྱུར་ཏེ་དེས་ན་བདག་ཏུ་ལྟ་བ་སྤོང་མི་ནུས་སོ། །དེ་ལ་རང་བཞིན་ནི་དེ་གཞི་གཉིས་ཡོངས་སུ་བཟུང་བའི་ལྟ་བ་དེ་བག་ལ་ཉལ་གྱི་སྒོ་ནས་འབྲལ་བར་མི་འགྱུར་བའོ། །དེ་ལ་འབྲས་བུ་ནི་འཇིག་ཚོགས་ལ་ལྟ་བ་དེ་ཉིད་ལ་བརྟེན་ནས་དེ་བག་ལ་ཉལ་གྱི་སྒོ་ནས་ངའོ་སྙམ་པའི་ང་རྒྱལ་

དང་བྲལ་བར་མི་འགྱུར་བ་ཡིན་ཏེ། དེ་ཡང་བག་ལ་ཉལ་རྣམ་པ་གཉི་གའི་སྒོ་ནས་ཕྱི་མ་ལ་དབང་པོ་རྣམས་མངོན་པར་འགྲུབ་པར་འགྱུར་རོ། །དེ་རྣམས་ཀྱིས་ཀྱང་བདེ་བ་དང་སྡུག་བསྔལ་བ་ཉམས་སུ་མྱོང་བར་འགྱུར་རོ། །དེ་དག་ཉིད་ལ་བདག་དང་བདག་གིར་བཟུང་བ་ལ་བརྟེན་ནས་ཚུལ་

བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པའི་ཡིད་ཀྱི་རྣམ་པར་རྟོག་པས་བདག་དང་བདག་གིས་ཉམས་སུ་མྱོང་བར་འགྱུར་རོ། །དེ་ལ་རྒྱུ་མཐུན་པ་ནི་སྔོན་གྱི་རྒྱུའི་སྟོབས་བསྐྱེད་པས་ལྟ་བའི་ས་བོན་དང་ལྡན་པ་ཡིན་ཡང་སྲིད་པར་སྐྱེ་བར་བྱེད་པ་གང་ཡིན་པ་དེ་ནི་ཡིད་ཀྱི་ཁམས་སོ། །དེ་སྔོན་

Vol. 131 · folio 162a

གྱི་རྒྱུས་ཡོངས་སུ་བསྒོམས་པས་ཡོངས་སུ་གྲུབ་པ་ཡང་སྲིད་པར་སྐྱེ་བར་བྱེད་པའི་ཡིད་དེ་ཉིད་ལ་མ་རིག་པའི་ས་བོན་ཡོད་པ་ནི་མ་རིག་པའི་ཁམས་སོ། །ས་བོན་རྣམ་པ་གཉིས་དང་ལྡན་པའི་ཡིད་ཀྱི་དམིགས་པ་ནི་ཆོས་ཀྱི་ཁམས་སོ། །དེ་སྔོན་ཉེས་པར་བཤད་

པའི་ཆོས་འདུལ་བ་ལ་བརྟེན་པས་རྣམ་པར་བཏགས་པའི་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་པས་ད་ལྟར་ཁམས་ཡང་དག་པར་གྲུབ་སྟེ། དེས་ན་དེའི་ད་ལྟར་ཁམས་དེའི་དབང་གིས་བྱུང་བ་ནི་ལྷན་ཅིག་སྐྱེས་པའི་འཇིག་ཆོགས་ལ་ལྟ་བ་སྟེ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ཡང་

ཀུན་ཏུ་སྤྱོད་པའི་སྒོ་ནས་བགེགས་བྱེད་པར་འགྱུར། དེ་ཡང་རྣམ་པ་གཉིས་རྣམ་པ་དྲུག་ཏུ་བསྐོར་བ་དང་བཅས་པས་ཀུན་ཏུ་སྤྱོད་དེ་དུས་དང་ང་རྒྱལ་ལོ། །དེ་ལ་དུས་ནི་ཅི་བདག་སྔོན་གྱི་དུས་ན་བྱུང་ངམ། འོན་ཏེ་མ་བྱུང་ཞིག་གུ་ཞེས་བྱ་བ་ནས་རྒྱས་པར་ཅི་རིགས་པར་རིག་པར་

བྱའོ། །དེ་ལ་ང་རྒྱལ་ནི་བདག་ཆེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེས་དེ་དག་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཤིང་མི་མཐོང་སྟེ། དེ་ཉིད་ཀྱིས་ན་ཚུལ་བཞིན་མ་ཡིན་པ་ལོག་པར་མཐོང་ངོ་། །གསུམ་པོ་འདི་དག་ནི་རིག་པའི་གནས་སྐབས་ཡིན་ཏེ།

གཞན་གྱི་སྒྲ་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པའི་ནི་རིག་པའི་གནས་སྐབས་དང་པོའོ། །ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པའི་ནི་རིག་པའི་གནས་སྐབས་གཉིས་པའོ། །དགྲ་བཅོམ་པ་སེམས་རྣམ་པར་གྲོལ་བའི་ནི་རིག་པའི་གནས་སྐབས་གསུམ་པའོ། །མ་རིག་པའི་གནས་

སྐབས་ནི་གཉིས་ཏེ་སྔ་མ་དང་ཕྱི་མའོ། །དེ་ལ་སྔ་མ་ནི་བག་ལ་ཉལ་གྱི་གནས་སྐབས་སོ། །ཀུན་ནས་དཀྲིས་པའི་གནས་སྐབས་ནི་ཕྱི་མའོ། །རྣམ་གྲངས་གཞན་ཡང་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་བྱེ་བྲག་གིས་རིག་པར་བྱའོ། །གང་དུ་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་

བསྟན་པ་ལེགས་པར་གསུངས་པའི་སྒོ་ནས་ནི་འབྱོར་པར་འགྱུར་བར་བཞེད་ལ། ཕ་རོལ་གྱི་བསྟན་པ་ཉེས་པར་བཤད་པའི་སྒོ་ནས་ནི་མི་རིགས་པས་མ་རུང་བར་འགྱུར་བར་བརྡ་སྤྲད་པར་བཞེད་པའི་ཆོས་ཀྱི་རྣམ་གྲངས་དེ་ལ་ཡང་དག་པར་སྡུད་པ་རྣམས་བཅོམ་ལྡན་འདས་ཀྱིས་ཆེད་དུ་བརྗོད་པ་

Vol. 131 · folio 162b

ཆེད་དུ་བརྗོད་དོ་ཞེས་བརྗོད་དོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་ནི་རྒྱུ་རྣམ་པ་གཉིས་ཀྱིས་འབྲས་བུ་ཆེ་ཞིང་ཕན་ཡོན་ཆེ་བ་ཡིན་ནོ། །ཉེས་པར་བཤད་པ་ནི་གཏི་མུག་པ་ཡིན་ཏེ། འདི་ལྟ་སྟེ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ནི་སྡུག་བསྔལ་ཐམས་ཅད་ལས་ངེས་

པར་འབྱུང་བ་ཡང་ཡོད་དེ། འདི་ལྟ་སྟེ། སྡུག་བསྔལ་གསུམ་པོ་རྣམས་ལས་སོ། །ཀུན་ཏུ་སྦྱོར་བ་ཐམས་ཅད་སྤོང་བ་ཡང་ཡོད་དེ། འདི་ལྟ་སྟེ། ཐ་མ་དང་གོང་མའི་ཆ་དང་མཐུན་པ་རྣམས་ལས་སོ། །ཉེས་པར་བཤད་པ་ལ་ནི་གཉི་ག་ཡང་མེད་དེ་དེ་དག་ནི་འཇིག་ཚོགས་

ལ་ལྟ་བ་ལ་བརྟེན་ནས་སྤོང་བའི་འདུན་པ་ལ་གནས་པས་འདུ་བྱེད་རྣམས་ལ་སྡུག་བསྔལ་བའི་ཡང་སྡུག་བསྔལ་ལས་སེམས་སྐྱོ་བར་འགྱུར་ཏེ། དེ་ལྟར་མོས་པར་བྱེད་པ་ན་བདག་སྡུག་བསྔལ་དང་ལྡན་པར་མ་གྱུར་ཅིག་བདག་ལ་སྡུག་བསྔལ་འོང་བར་མ་གྱུར་ཅིག་སྙམ་མོ། །ཡང་ན་སྡུག་

བསྔལ་དེ་རྒྱུའི་སྒོ་ནས་སྤངས་པས་ཕྱི་མ་ལ་འབྲས་བུ་འོང་བར་འགྱུར་བ་ལ་རྣམ་པ་གཉིས་ཀྱིས་མོས་པར་བྱེད་དེ། འདི་ལྟ་སྟེ། བདག་སྡུག་བསྔལ་དང་ལྡན་པར་མི་འགྱུར། བདག་ལ་སྡུག་བསྔལ་འོང་བར་མི་འགྱུར་སྙམ་པའི་ཕྱིར་རོ། །དེ་དག་དེ་ལྟར་སྤོང་བའི་འདུན་པ་ལ་

བརྟེན་པ་རྣམ་པ་བཞིས་འདོད་པའི་འདོད་ཆགས་དང་བྲལ་བ་དང་། བསམ་གཏན་དང་པོར་སྐྱེས་པ་ནས་རིམ་གྱིས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པའི་བར་དུ་སྐྱེས་པས་སྡུག་བསྔལ་བའི་ཡང་སྡུག་བསྔལ་བ་ལས་ཡང་དག་པར་འདས་སུ་ཟིན་ཀྱང་ཐ་

མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་ནི་སྤོང་བར་མི་འགྱུར་ཏེ། དེ་དག་མ་སྤངས་པས་ན་དེ་དག་སྡུག་བསྔལ་བའི་ཡང་སྡུག་བསྔལ་ལས་ཡང་དག་པར་མ་འདས་པ་ཉིད་དུ་རིག་པར་བྱའོ། །འགྱུར་བ་དང་འདུ་བྱེད་ཀྱི་སྡུག་བསྔལ་སྤང་བའི་ཕྱིར་ནི་དེ་དག་འདུན་པ་ཡང་སྐྱེད་པར་མི་

བྱེད་ན་སྤང་བར་ལྟ་ག་ལ་བྱེད་དེ། དེ་མ་སྤངས་པའི་རིམ་གྱིས་ནི་གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་ཀྱང་མ་སྤངས་པ་ཁོ་ནར་རིག་པར་བྱའོ། །ཆོས་འདི་པ་རྣམས་ནི་ཐོག་མ་ཉིད་དུ་འདོད་པའི་ཁམས་ཀྱི་འདོད་ཆགས་དང་མ་བྲལ་བར་ཡང་འདུ་བྱེད་རྣམས་ལ་བདག་མེད་པར་ལྟ་

Vol. 131 · folio 163a

བ་ལ་བརྟེན་ནས་སྤོང་བའི་འདུན་པ་ལ་གནས་པས་སྤྱིར་སྡུག་བསྔལ་གསུམ་པོ་རྣམས་ལས་སྐྱོ་བར་བྱེད་དེ། དེ་ལྟར་མོས་པར་བྱེད་པ་ན་བདག་སྡུག་བསྔལ་རྣམ་པ་གསུམ་གྱིས་སྡུག་བསྔལ་བར་མ་གྱུར་ཅིག །བདག་ལ་སྡུག་བསྔལ་རྣམ་པ་གསུམ་འོང་བར་མ་གྱུར་ཅིག་

སྙམ་སྟེ། དེ་ལྟར་ཞུགས་པ་དེ་ཐོག་མ་ཁོ་ནར་འདོད་པའི་འདོད་ཆགས་དང་བྲལ་བ་ཐོབ་ནས། སྡུག་བསྔལ་བའི་ཡང་སྡུག་བསྔལ་བ་སྤངས་པ་ན་སྔ་མ་བཞིན་དུ་བདག་དེ་ལྟར་མི་འགྱུར་རོ། །བདག་ལ་འོང་བར་མི་འགྱུར་རོ་སྙམ་དུ་སེམས་ཏེ། དེ་ནི་སྡུག་བསྔལ་བའི་

ཡང་སྡུག་བསྔལ་བ་དེ་ལས་གཏན་དུ་རྣམ་པར་གྲོལ་བར་འགྱུར་ལ་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལས་ཀྱང་ཡང་དག་པར་འདས་སོ། །ལམ་དེ་ཉིད་ཀྱང་སྒོམ་པར་བྱེད་པ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཡང་ཐོབ་པར་འགྱུར་རོ། །བྱིས་པ་ནི་འཇིག་ཚོགས་ལ་ལྟ་བ་ལ་

བརྟེན་པས་འདུ་བྱེད་དང་འགྱུར་བའི་སྡུག་བསྔལ་ལས་ཡང་དག་པར་འདའ་བ་དང་། གོང་མའི་ཀུན་དུ་སྦྱོར་བ་ལས་ཡང་དག་པར་འདའ་བ་ལ་བདག་མེད་པར་འོང་ངོ་སྙམ་དུ་སྐྲག་པར་བྱ་བ་མ་ཡིན་པ་ལ་སྐྲག་པར་འགྱུར་ཏེ། འདུན་པ་ཙམ་ཡང་སྐྱེད་པར་མི་བྱེད་ན་སྤོང་བར་ལྟ་ག་ལ་

བྱེད། དེ་ཡང་རྒྱུ་རྣམ་པ་གཉིས་ཀྱིས་སྐྲག་པར་མི་བྱ་བ་ཡིན་ཏེ། འདི་ལྟ་སྟེ། སེམས་ཙམ་ཞིག་རྣམ་པར་ཤེས་པའི་གནས་བཞི་པོ་རྣམས་ལ་འཇུག་པའི་ཀུན་ནས་ཉོན་མོངས་པར་འགྱུར་བར་ཟད་པ་དང་། སེམས་ཙམ་ཞིག་རྣམ་པར་ཤེས་པའི་གནས་བཞི་པོ་རྣམས་སྤོང་བའི་

ཕྱིར་འཇུག་པ་མེད་པའི་ཀུན་ནས་ཉོན་མོངས་པར་མི་འགྱུར་བར་ཟད་པའི་ཕྱིར་རོ། །གཞི་ནི་བཞི་སྟེ། གཟུགས་དང་། ཚོར་བ་དང་། །འདུ་ཤེས་དང་། འདུ་བྱེད་རྣམས་སོ། །ཉེ་བར་ལེན་པ་ནི་བཞི་སྟེ། འདོད་པ་བལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་།

བདག་ཏུ་སྨྲ་བ་རྣམས་ལ་འདུན་པའི་འདོད་ཆགས་སོ། །དམིགས་པ་ནི་གཉིས་ཏེ། གང་ལ་དམིགས་པ་དང་། གང་གིས་དམིགས་པའོ། །རྣམ་པར་ཤེས་པ་ནི་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པའོ། །རྣམ་པར་ཤེས་པ་ལ་གནས་པ་ནི་གཉིས་ཏེ། ཉོན་

Vol. 131 · folio 163b

མོངས་པའི་ཀུན་ནས་དཀྲིས་པའི་གནས་པ་དང་། དེའི་བག་ལ་ཉལ་གྱི་གནས་པའོ། །དེ་ལ་ཉེ་བར་ལེན་པའི་དབང་དུ་བྱས་ནས་ཚུལ་བཞིན་མ་ཡིན་པའི་རྟོག་པ་སྔོན་དུ་བཏང་བས་བདག་དང་བདག་གིར་དམིགས་པ་ལ་ལོག་པར་འཛིན་པ་དང་། རང་གི་མཚན་ཉིད་ལ་

དམིགས་པ་འཛིན་པ་དང་། ལྷན་ཅིག་འབྱུང་བའི་རྟེན་དང་། རྒྱུ་འདི་གསུམ་གྱིས་རྣམ་པར་ཤེས་པ་དེ་འཇུག་ཅིང་ཀུན་ནས་ཉོན་མོངས་པར་འགྱུར་རོ། །གཞན་ཡང་གསུམ་སྟེ། ཚེ་འདི་ལ་ཀུན་འབྱུང་བའི་བདེན་པ་འཛིན་པ་དང་། ཕྱི་མའི་སྡུག་བསྔལ་ལ་དམིགས་པ་སྟེ། ཤི་ནས་

བདག་འདི་དང་འདི་ལྟ་བུར་མི་འགྱུར་རོ་སྙམ་པ་དང་། སྔོན་གྱི་རྒྱུ་ལས་བྱུང་བའི་ད་ལྟར་བྱུང་བའི་སྡུག་བསྔལ་ལ་གནས་པའི་སྒོ་ནས་སོ། །གཞན་ཡང་གསུམ་སྟེ། བདེ་བའི་གནས་སྐབས་འཛིན་པ་དང་། སྡུག་བསྔལ་གྱི་གནས་སྐབས་ལ་དམིགས་པ་དང་། སྡུག་བསྔལ་ཡང་མ་

ཡིན་བདེ་བ་ཡང་མ་ཡིན་པའི་གནས་སྐབས་ལ་གནས་པའི་སྒོ་ནས་སོ། །གཞན་ཡང་གསུམ་སྟེ། མ་འོངས་པའི་དུས་འཛིན་པ་དང་། འདས་པའི་དུས་ལ་དམིགས་པ་དང་། ད་ལྟར་གྱི་དུས་ལ་གནས་པའི་སྒོ་ནས་སོ། །གཞན་ཡང་གསུམ་སྟེ། ཡང་སྲིད་པར་སྐྱེ་བར་བྱེད་པའི་

སྲིད་པའི་སྒོ་ནས་ཡང་སྲིད་པར་སྐྱེ་བ་འཛིན་པ་དང་། དེ་དང་དེ་ལ་མངོན་པར་དགའ་བའི་སྒོ་ནས་མ་འོངས་པའི་ཡུལ་ལ་དམིགས་པ་དང་། དགའ་བ་དང་འདོད་ཆགས་དང་ལྡན་པས་ད་ལྟར་བྱུང་བའི་ཡུལ་ཐོབ་པ་ལ་གནས་པའི་སྒོ་ནས་སོ། །གཞན་ཡང་གསུམ་སྟེ། བརྣབ་སེམས་

ལུས་ཀྱི་མདུད་པའི་སྒོ་ནས་བརྣབ་སེམས་དང་མཐུན་པའི་དངོས་པོ་འཛིན་པ་དང་། གནོད་སེམས་ལུས་ཀྱི་མདུད་པའི་སྒོ་ནས་དེའི་དངོས་པོ་ལ་དམིགས་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། འདི་ནི་བདེན་ནོ་སྙམ་དུ་མཆོག་ཏུ་འཛིན་པ་དང་ལུས་ཀྱི་མདུད་པ་གཉིས་ཀྱི་སྒོ་

ནས་དེའི་དངོས་པོ་ལ་གནས་པའོ། །བར་སྡོམ་ནི། འབྲས་བུ་རྒྱུ་དང་ཚོར་བ་དང་། །དུས་དང་སྲེད་དང་མདུད་པའོ། །དགའ་བས་ཉེ་བར་བརླན་པ་ནི་སྔ་མ་བཞིན་དུ་འདུ་བྱེད་རྣམས་ཀྱི་རྒྱུ་བསྟན་པ་དང་འདྲ་བར་རིག་པར་བྱའོ། །དེ་ལྟར་ཞུགས་པའི་རྣམ་པར་ཤེས་པ་དེ་ནི་སྐྱེ་བའི་གནས་

Vol. 131 · folio 164a

གཉིས་སུ་ཉིང་མཚམས་སྦྱོར་བ་དང་འབྲེལ་པར་རིག་པར་བྱ་སྟེ། གཟུགས་ཅན་དང་། །གཟུགས་ཅན་མ་ཡིན་པའི་བར་རོ། །དེ་ལ་གཟུགས་ཅན་ནི་བར་མ་དོའི་སྲིད་པ་ལ་བརྟེན་པའི་སྒོ་ནས་འོང་བ་དང་འགྲོ་བའོ། །གཟུགས་ཅན་མ་ཡིན་པའི་ནི་འཆི་འཕོ་བ་དང་

སྐྱེ་བ་ཉི་ཚེའོ། །གནས་པ་ནི་གཉི་གའི་ཚེའི་ཚད་ཇི་སྲིད་དུ་གནས་པའི་གནས་སྐབས་སོ། །གནས་པ་དེ་ཡང་འདོད་པའི་ཁམས་ན་མི་རྣམས་ཀྱི་ནི་གནས་སྐབས་གསུམ་དུ་རིག་པར་བྱ་སྟེ། ཐོག་མར་མངལ་དུ་རྣམ་པར་ཤེས་པ་བརླན་པ་དང་མངལ་ན་གནས་པ་ཡོངས་སུ་རྫོགས་པ་དང་

མངལ་ནས་བྱུང་བའོ། །རྣམ་གྲངས་གཞན་ཡང་འདོད་པ་དང་གཟུགས་དང་གཟུགས་མེད་པ་རྣམས་སུ་གོ་རིམས་བཞིན་དུ་རིག་པར་བྱའོ། །དེ་ལ་གང་དེ་བཞིན་གཤེགས་པས་གསུངས་པའི་རྣམ་པར་ཤེས་པ་འཇིག་པའི་ལམ་བོར་ནས་འདི་སྐད་དུ་བདག་གིས་ཐ་དད་པར་གདགས་པར་བྱའོ་

ཞེས་ཟེར་བ་ནི་དེས་བཏགས་པ་དེ་ཡང་ཚིག་ཐ་དད་པར་ཟད་པ་དང་། དོན་ཐ་དད་པ་མ་ཡིན་པས་ན། ཚིག་གི་གཞི་ཙམ་དུ་ཟད་དོ། །ཡང་ན་ཤེས་པ་གཞན་དག་གིས་རིགས་པས་བསྟན་པའི་ཚིག་ཐ་དད་པ་དེ་ལ་ཁྱོད་ཀྱིས་ཐ་དད་པར་བཏགས་པ་དེ་གང་ཡིན་ཞེས་ཕྱིས་དྲིས་ན་ཡང་མི་ཤེས་

པའམ་ཡང་ན་རང་ཉིད་ཀྱིས་ཕྱིས་ཤེས་པར་གྱུར་ཏེ། ཚུལ་བཞིན་དུ་བརྟགས་པ་ན། སྔར་རྨོངས་པ་དེ་ལ་རྨོངས་པ་ཡིན་པར་ཤེས་པས་ཁོང་དུ་ཆུད་ནས་བདག་གིས་ནི་སྔར་ལོག་པར་ཟིན་པར་འགྱུར་གྱི་ལེགས་པར་ཟིན་པ་མ་ཡིན་ནོ་སྙམ་མོ། །གཟུགས་ཀྱི་ཁམས་ནི་གཟུགས་

ཅན་གྱི་ཁམས་བཅུའོ། །ཚོར་བའི་ཁམས་དང་། འདུ་ཤེས་ཀྱི་ཁམས་དང་། འདུ་བྱེད་ཀྱི་ཁམས་རྣམས་ནི་རྣམ་པ་དྲུག་ཏུ་རིག་པར་བྱའོ། །དེ་ལ་རྣམ་པར་ཤེས་པ་ནི་གནས་སྐབས་གསུམ་དུ་ཉོན་མོངས་པ་རྣམས་ལས་རྣམ་པར་གྲོལ་བར་འགྱུར་བར་རིག་པར་བྱ་སྟེ། འདི་ལྟ་སྟེ།

འདུ་བྱེད་རྣམས་ལ་ཉེས་དམིགས་སུ་ལྟ་བས་ཀུན་ནས་དཀྲིས་པ་དང་ཐག་རིང་ཞིང་འབྲལ་བར་འགྱུར་བའི་ཕྱིར་དང་། མཐོང་བའི་ས་ལ་འདི་ལས་ཕྱི་རོལ་པའི་མདུད་པའི་བག་ལ་ཉལ་ཐམས་ཅད་སྤང་བའི་ཕྱིར་དང་། བསྒོམ་པའི་ལམ་ལ་བརྟེན་པས་མཐར་ཐུག་པ་ཐོབ་པའི་ཕྱིར་རོ། །དེ་ལ་

Vol. 131 · folio 164b

འདི་ལས་ཕྱི་རོལ་པ་རྣམས་ཀྱིས་སྐྱེ་བའི་གནས་རྣམ་པར་བརྟགས་པ་འདི་ལྟ་སྟེ། དབང་ཕྱུག་ཆེན་པོར་འགྱུར་བ་དང་། སྲེད་མེད་ཀྱི་བུར་འགྱུར་བ་དང་། ཚོགས་ཀྱི་བདག་པོར་འགྱུར་བ་ལ་སོགས་པ་རྣམ་པ་དུ་མ་དག་ཏུ་སྐྱེ་བར་འདོད་པས་ན་བརྣབ་སེམས་ཀྱི་ལུས་ཀྱི་མདུད་པ་དང་།

གཞན་ལྟ་བ་མི་མཐུན་པའི་ཆོས་ཅན་ལ་སྡང་བས་གནོད་སེམས་ལུས་ཀྱི་མདུད་པ་སྟེ། ལོག་པར་སྨོན་ལམ་བཏབ་སྟེ་ཚངས་པར་སྤྱོད་པ་ལ་གནས་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་དགའ་བར་བྱ་བའི་ཆོས་ལ་མི་ཕྱོགས་པའི་ཕྱིར་ཏེ། རྒྱུ་འདི་ཉིད་ཀྱིས་ནི་དེ་དག་གི་ལྷག་

པའི་ཚུལ་ཁྲིམས་ཀྱི་བསླབ་པའི་ཀུན་ནས་ཉོན་མོངས་པར་འགྱུར་བར་རིག་པར་བྱའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལུས་ཀྱི་མདུད་པས་ནི་ལྷག་པའི་སེམས་ཀྱི་བསླབ་པའི་ཀུན་ནས་ཉོན་མོངས་པར་འགྱུར་རོ། །འདི་ནི་བདེན་ནོ་སྙམ་དུ་མངོན་པར་ཞེན་པ་མཆོག་ཏུ་

འཛིན་པའི་ལུས་ཀྱི་མདུད་པས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པའི་ཀུན་ནས་ཉོན་མོངས་པར་འགྱུར་ཏེ། ཆོས་བཞི་པོ་འདི་རྣམས་ཀྱིས་ནི་གཟུགས་ཀྱི་ལུས་དང་མིང་གི་ལུས་སུ་གཏོགས་པ་རྣམས་ལ་འཛིན་པ་དང་། དམིགས་པ་དང་། གནས་པའི་དངོས་པོ་རྣམས་ལ་དེའི་སེམས་མདུད་

པར་འགྱུར་ཏེ། དེ་བས་ན་ལུས་ཀྱི་མདུད་པ་ཞེས་བྱའོ། །དེ་དག་ཀྱང་ཡིད་ཀྱི་ས་པ་ཡིན་པ་དང་། ཡིད་ཀྱིས་རྣམ་པར་བརྟགས་པ་དང་། ཡིད་དང་མཚུངས་པར་ལྡན་པ་དང་། ཡིད་ལ་བག་ལ་ཉལ་བར་འགྱུར་བ་དང་། ཡིད་ཀུན་ནས་ཉོན་མོངས་པར་བྱེད་པའི་ཕྱིར་ན་ཡིད་དང་འབྲེལ་

པ་ཞེས་བྱའོ། །དེ་རྣམས་སྤངས་པས་ནི་ཉོན་མོངས་པ་གང་གིས་དམིགས་པའི་དམིགས་པར་བྱེད་པ་དེ་ཆད་པར་འགྱུར་གྱི་གང་ལ་དམིགས་པ་དེ་ནི་མ་ཡིན་ཏེ། དེ་ཕྱིན་ཅི་མ་ལོག་པར་ཡང་དག་པར་རྟོགས་པའི་ཕྱིར་རོ། །ཡང་སྲིད་པ་སྐྱེ་བར་བྱེད་པའི་ལས་དང་ཉོན་མོངས་པས་ཡོངས་སུ་ཟིན་

པའི་ཡང་སྲིད་པར་སྐྱེ་བའི་ས་བོན་རྣམ་པར་ཤེས་པ་ནི་གནས་དེར་མི་གནས་པར་རིག་པར་བྱའོ། །དེ་མེད་པས་ཕྱི་མ་ལ་ཚུལ་རྣམ་པ་གསུམ་གྱིས་སྔ་མ་བཞིན་དུ་སྐྱེ་བ་དང་། འཕེལ་བ་དང་རྒྱས་པ་འགག་པར་རིག་པར་བྱའོ། །མི་གནས་པའི་རྣམ་པར་ཤེས་པ་དེ་ཡང་རྒྱུའི་རང་བཞིན་དང་

Vol. 131 · folio 165a

འབྲས་བུའི་རང་བཞིན་གཉིས་ཀྱི་སྒོ་ནས་མངོན་པར་སྐྱེ་བ་མེད་དོ། །ལམ་གྱིས་ཡོངས་སུ་ཟིན་པས་མངོན་པར་སྐྱེ་བ་གང་ཡིན་པ་དེ་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་ལ་བརྟེན་པས་ནི་མངོན་པར་འདུ་མ་བྱས་པའོ། །སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་ལ་བརྟེན་པས་ནི་

ཆོག་ཤེས་པའོ། །མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་ལ་བརྟེན་པས་ནི་གནས་པའོ། །དེ་ལ་མངོན་པར་དགའ་བ་ལ་གོམས་པས་ནི་ཤིན་ཏུ་རྣམ་པར་གྲོལ་བའོ། །བག་ལ་ཉལ་ཐམས་ཅད་གཏུགས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བའི་འོག་ཏུ་རྟག་པར་གནས་པར་གྱུར་ན་འདུ་བྱེད་

འགྱུར་བ་ལ་ཡོངས་སུ་ཡི་ཆད་པ་མེད་དེ་ཕུང་པོ་ཐོབ་པར་གྱུར་པ་རྣམས་རང་གི་ངང་གིས་འགག་ལ་གཞན་དག་གི་ཡང་རྒྱུ་ཡང་དག་པར་ཆད་པས་སྐྱེ་བ་མེད་དོ། །ཟག་པ་དང་བཅས་པའི་རྣམ་པར་ཤེས་པ་འགགས་པ་དེ་ནི་ཕྱོགས་བཅུ་དག་ཏུ་འགྲོ་བ་མེད་དེ། རྣམ་པར་ཤེས་པའི་ཕུང་པོ་རྣམ་

པར་ཤེས་པའི་ཤིང་དེ་གྲིབ་མ་དང་འདྲ་བའི་ཚོར་བ་ཐམས་ཅད་དང་། །མགོ་མཉམ་དུ་མར་མེ་ལྟར་མྱ་ངན་ལས་འདའ་བར་རིག་པར་བྱའོ། །ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ནི་ཀུན་ནས་དཀྲིས་པ་སྤོང་བ་དང་པོའི་སྒོ་ནས་ནི་ཞི་བའོ། །སྤོང་བ་གཉིས་པའི་སྒོ་

ནས་ནི་བསིལ་བར་གྱུར་པའོ། །སྤོང་བ་གསུམ་པའི་སྒོ་ནས་ནི་ཚངས་པར་འགྱུར་བའོ། །རྣམ་པ་གསུམ་གྱིས་ནི་རྣམ་པར་ཤེས་པ་འཛིན་པའི་རྣམ་པར་ཤེས་པའི་གནས་མེད་དེ། འདི་ལྟ་སྟེ། རང་ཉིད་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དང་། གཞན་གྱི་ཀུན་ནས་ཉོན་མོངས་

པའི་རྒྱུར་མ་གྱུར་པ་དང་། དེ་ལས་གཞན་པའི་རྣམ་པར་ཤེས་པའི་གྲོགས་མེད་པའི་ཕྱིར་རོ། །སྡོམ་ལ། སྤོང་བའི་ཡན་ལག་ཡང་དག་སྣང་། །རྣམ་པ་དང་ནི་དམིགས་པ་དང་། །བསྟན་པ་མཚུངས་པ་མེད་པ་དང་། །སེམས་ཅན་རིས་ནི་བཞི་དག་དང་། །ལམ་གྱི་རྣམ་པ་བཞི་

པོ་དང་། །མཐར་ཐུག་པ་ནི་རྣམ་པ་ལྔ། །སྤོང་བར་བྱེད་པའི་སྤོང་བ་ནི་ཡན་ལག་ལྔས་བསྡུས་ཏེ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་འདུ་བྱེད་ཡང་དག་པར་སྣང་བར་བྱེད་པར་འགྱུར་ཏེ། འདི་ལྟ་སྟེ། ལུས་དབེན་པ་དང་། སེམས་དབེན་པ་དང་། ཞི་གནས་ཀྱི་ཕྱོགས་ཀྱི་ཏིང་ངེ་འཛིན་དང་།

Vol. 131 · folio 165b

ལྷག་མཐོང་གི་ཕྱོགས་ཀྱི་ཏིང་ངེ་འཛིན་དང་རྟག་ཏུ་བྱང་བར་བྱེད་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྣང་བར་བྱེད་པ་ནི་རྣམ་པ་བཅུ་གཉིས་སུ་རིག་པར་བྱ་སྟེ། འདི་ལྟ་སྟེ། རྣམ་གྲངས་བསྡུ་བ་ལས་འབྱུང་བ་བཞིན་ཏེ། ཐོས་པ་དང་། རང་གིས་ལེགས་པར་ཟིན་པ་དང་།

ལོག་པར་ཟིན་པ་དང་། ཡིད་ཆེས་པའི་ལུང་དང་། མངོན་སུམ་དང་། རྗེས་སུ་དཔག་པའི་ཡུལ་དང་། རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་དང་། ཇི་སྙེད་ཡོད་པ་དང་མཐོང་བ་དང་། མཐར་ཐུག་པའི་ས་ལ་འཇུག་པའོ། །ཡང་དག་

པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྣང་བར་བྱེད་པའི་རྣམ་པ་དང་ལྡན་པའི་ཤེས་པའི་དམིགས་པའི་གཞི་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ། ཆོས་འདི་པའི་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡུལ་ཉེ་བར་སྦྱོར་བ་ལས་བྱུང་བའི་ཚོར་བ་རྣམས་མི་ཤེས་པའི་དབང་གིས་འདུ་བྱེད་རྣམས་འཇུག་པའི་ཀུན་

ནས་ཉོན་མོངས་པ་དང་། དེ་ཤེས་པས་རྣམ་པར་བྱང་བར་འགྱུར་བ་དང་། གཞན་ཡང་ཁྱིམ་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡང་སྲིད་པར་སྐྱེ་བ་ལ་མངོན་པར་དགའ་བ་ལ་སོགས་པ་ལ་བརྟེན་པའི་མི་ཤེས་པའི་དབང་གིས་འདུ་བྱེད་རྣམས་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། དེ་ལས་

བཟློག་པས་རྣམ་པར་བྱང་བར་འགྱུར་བ་དང་། གཞན་ཡང་ཕྱི་རོལ་གྱི་མུ་སྟེགས་ཅན་རྣམས་ཀྱིས་འདོད་ཅིང་བརྟགས་པའི་སྙོམས་པར་འཇུག་པ་དང་། སྐྱེ་བ་རྣམས་ཀྱིས་དགའ་བ་ལ་བརྟེན་ནས་འདུ་བྱེད་རྣམས་ལ་མི་ཤེས་པའི་དབང་གིས་འདུ་བྱེད་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་།

དེ་ལས་བཟློག་པས་རྣམ་པར་བྱང་བར་འགྱུར་བ་དང་། གཞན་ཡང་ཆོས་འདི་པའི་སློབ་པ་རྣམས་ཀྱི་དབང་པོ་དང་ཡུལ་དང་བརྗེད་ངས་པའི་སྒོ་ནས་འདུ་བྱེད་རྣམས་མི་ཤེས་པའི་ལྷག་མ་ཡོད་པའི་དབང་གིས་འདུ་བྱེད་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་ལྷག་མ་དེ་སྤངས་པས་རྣམ་པར་བྱང་

བར་འགྱུར་བའོ། །དེ་ལ་ཕྱོགས་ཐམས་ཅད་ཀྱི་རྣམ་པར་བྱང་བའི་ཕྱོགས་ནི་ཆོས་འདི་པ་རྣམས་ཀྱི་ཉི་ཚེ་ཡིན་པར་རིག་པར་བྱ་སྟེ། འདི་དག་ནི་དམིགས་པའི་གཞི་རྣམ་པ་བཞི་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་བསྟན་པ་ནི་རྒྱུ་རྣམ་པ་གསུམ་གྱིས་མཚུངས་པ་མེད་པ་ཡིན་ཏེ།

Vol. 131 · folio 166a

འདི་ལྟ་སྟེ། ཐུན་མོང་མ་ཡིན་པའི་ཆོས་སྟོན་པ་དང་། ཕྱིན་ཅི་མ་ལོག་པར་སྟོན་པ་དང་། ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པར་སྟོན་པའོ། །དེ་ལ་དེ་འཇིག་ཚོགས་ཀུན་འབྱུང་བར་འགྱུར་བའི་ལམ་གང་ཡིན་པ་དེ་ནི་སྡུག་བསྔལ་ཀུན་འབྱུང་བར་

འགྱུར་བ་ཡིན་ལ། འཇིག་ཚོགས་འགོག་པར་འགྱུར་བ་གང་ཡིན་པ་དེ་ནི་སྡུག་བསྔལ་འགོག་པར་འགྱུར་བ་ཡིན་པས་ན་ཐུན་མོང་མ་ཡིན་པར་སྟོན་པའོ། །དེ་ཡང་ཡོད་པས་ན་ཕྱིན་ཅི་མ་ལོག་པར་སྟོན་པ་ཡིན་ནོ། །དེ་ཡང་རབ་ཏུ་ཤེས་པས་ན་ཉིད་ཀྱིས་མངོན་པར་རྫོགས་པར་སངས་

རྒྱས་པར་སྟོན་པ་ཡིན་ནོ། །གསུམ་པོ་འདི་དག་ནི་འདུ་བྱེད་རྣམས་འཇུག་པའི་རྣམ་གྲངས་ཡིན་ནོ། །འདི་ལྟ་སྟེ། འཇིག་ཚོགས་ནི་སེམས་ཅན་རྣམས་ཀྱི་ཆགས་པའི་གནས་ཀྱི་དོན་གྱི་ཕྱིར་རོ། །འཇིག་རྟེན་ནི་གང་ལ་ཆགས་པ་དེ་འཇིག་པའི་དོན་གྱི་ཕྱིར་རོ། །སྲིད་པ་ནི་ཞིག་པ་དེ་

ཡང་འབྱུང་བར་འགྱུར་བའི་དོན་གྱིས་སོ། །བཞི་པོ་འདི་དག་ནི་སེམས་ཅན་གྱི་རིས་ཡིན་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། གཅིག་ཏུ་ངེས་པར་སྡུག་པའི་ལས་ཀྱི་འབྲས་བུ་ལ་གནས་པ་རྣམས་ནི་འབྲས་བུ་ཉེ་བར་སྤྱོད་པ་སྟེ། འདི་ལྟ་སྟེ། ལྷའི་སྐྱེ་གནས་དག་ན་བག་མེད་པར་སྤྱོད་པ་གང་ཡིན་

པ་རྣམས་དང་། གཅིག་ཏུ་ངེས་པར་རྒྱུ་ལ་གནས་པ་སྟེ། འདི་ལྟ་སྟེ། དེ་འདོད་པའི་དགེ་སྦྱོང་དང་། བྲམ་ཟེ་རྣམས་དང་། སེམས་ཅན་གྱི་རིས་གསུམ་པ་སྟེ་ཡོངས་སུ་མྱ་ངན་ལས་འདས་པ་དང་། འདྲེན་མ་སྟེ་འདི་ན་གནས་པ་རྣམས་འབྲས་བུ་ལ་ཡང་གནས་ཤིང་སྤྱོད་ལ་ཕྱི་མ་ལ་

ཡང་སྡུག་པའི་འབྲས་བུ་ཡོངས་སུ་གཟུང་བ་དང་། མྱ་ངན་ལས་འདས་པའི་ཚོགས་ལ་ཡང་དུས་དུས་སུ་བག་ཡོད་པར་བྱེད་པ་གང་ཡིན་པ་རྣམས་སོ། །དེ་ལ་སེམས་ཅན་གྱི་རིས་གསུམ་པོ་དག་ལས་ཅི་རིགས་པར་འཇིག་རྟེན་དང་། དེའི་ཀུན་འབྱུང་བ་དང་། འགོག་པའི་མཐའ་རྣམས་དང་།

འཇིག་ཚོགས་དང་། དེའི་ཀུན་འབྱུང་བ་དང་། འགོག་པའི་མཐའ་རྣམས་སུ་རིག་པར་བྱའོ། །རིས་ཐ་མ་བཞི་པ་ལས་ནི་འཇིག་ཚོགས་དང་། དེའི་ཀུན་འབྱུང་བ་དང་། དེའི་འགོག་པ་དང་། དེའི་འགྲོ་བའི་ལམ་གྱི་རྣམ་གྲངས་སུ་རིག་པར་བྱའོ། །ལམ་གཉིས་ཀྱིས་རྣམ་པ་བཞི་གདགས་

Vol. 131 · folio 166b

པ་ཡང་རིག་པར་བྱ་སྟེ། འདི་ལྟ་སྟེ། མཐོང་བའི་ལམ་དང་། བསྒོམ་པའི་ལམ་གྱིའོ། །དེ་དག་གི་རྣམ་པ་བཞི་གང་ཞེ་ན། ཡོངས་སུ་ཤེས་པར་བྱ་བ་དང་། སྤང་བར་བྱ་བ་དང་། མངོན་སུམ་དུ་བྱ་བ་དང་། བསྒོམ་པར་བྱ་བའི་རྣམ་པ་རྣམས་སོ། །དེ་ལ་གསུམ་ནི་མཐོང་བའི་

ལམ་གྱིའོ། །གཅིག་ནི་བསྒོམ་པའི་ལམ་གྱིའོ། །མཐོང་བའི་ལམ་ལ་ཞུགས་ཏེ་བདེན་པ་མངོན་པར་རྟོགས་པའི་མོད་ལ་ནི་སྡུག་བསྔལ་ཡོངས་སུ་ཤེས་སོ། །ཀུན་འབྱུང་བའི་ཕྱོགས་གཅིག་ནི་སྤོང་ངོ་། །འགོག་པའི་ཕྱོགས་གཅིག་ནི་མངོན་སུམ་དུ་བྱེད་དོ། །ཕྱོགས་གཅིག་མ་སྤངས་པ་

དང་། མངོན་སུམ་དུ་མ་བྱས་པ་དེ་མ་ལུས་པར་སྤང་བ་དང་། མངོན་སུམ་དུ་བྱ་བའི་ཕྱིར་བདག་གིས་ལམ་ཇི་ལྟར་ཐོབ་པ་བསྒོམ་པར་བྱའོ་སྙམ་སྟེ། བསྒོམ་པའི་ལམ་ལ་དེ་ལྟར་སོ་སོར་བརྟགས་ནས་ལམ་བསྒོམ་པ་ལ་བརྟེན་ཏེ་ལྷག་མ་སྤང་བ་དང་། མངོན་སུམ་དུ་བྱ་བ་ཐོབ་པར་འགྱུར་

རོ། །དེས་དེ་ལྟར་མཐར་ཐུག་པ་ཐོབ་པའི་མཐར་ཐུག་པ་དེ་ཡང་རྣམ་པ་ལྔར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། སྡུག་བསྔལ་རྒྱུ་དང་བཅས་པ་མ་ལུས་པར་ཟད་པ་ཐོབ་པ་དང་། གཞན་གྱི་དོན་ལ་མཐུ་ཡོད་པ་དང་། རང་གི་དོན་རྣམ་པ་ཐམས་ཅད་དུ་ཕུན་སུམ་ཚོགས་པ་དང་། གཏན་

དུ་སྤངས་པའི་ཤེས་པ་ཐོབ་པ་དང་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཞུགས་པ་དང་། དེར་ཞུགས་ནས་ཀྱང་འཕགས་པའི་གནས་པས་དེ་ལྟར་ལྷག་པར་གནས་པའི་ཕྱིར་རོ། །དེ་ལ་རྣམ་པ་དང་པོ་ལ་ནི་སྲིད་པ་ལ་སོགས་པའི་རྒྱུན་ཆད་དེ། སྔ་མ་བཞིན་དུ་རྣམ་གྲངས་བཞིར་རིག་པར་བྱའོ། །

རྣམ་པ་གཉིས་པ་ལ་ནི་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་སུ་སྔ་མ་བཞིན་དུ་རིག་པར་བྱའོ། །རྣམ་པ་གསུམ་པ་ལ་ནི་འདུ་བྱེད་ཀྱི་དངོས་པོ་ཐམས་ཅད་སྤངས་པའི་ཕྱིར་གཏན་དུ་མཐར་ཐུག་པ་དང་། ཉོན་མོངས་པ་ཐམས་ཅད་གཏན་སྤངས་པའི་ཕྱིར་གཏན་དུ་དྲི་

མ་མེད་པར་གྱུར་པ་དང་། དེའི་གཉེན་པོའི་ལམ་ཐོབ་པའི་ཕྱིར་གཏན་དུ་ཚངས་པར་སྤྱོད་པ་མཐར་ཕྱིན་པའོ། །རྣམ་པ་བཞི་པ་ལ་ནི་དཔེར་ན་འཇིག་རྟེན་ན་ཡང་རྣམ་པ་ལྔས་གྲོང་ཁྱེར་དུ་འཇུག་པར་འགྱུར་ཏེ། གང་ཡང་རུང་བ་མ་ཚང་བས་ནི་མ་ཡིན་པ་དེ་བཞིན་དུ་དེ་དང་འདྲ་བར་མྱ་ངན་ལས་

Vol. 131 · folio 167a

འདས་པའི་གྲོང་ཁྱེར་དུ་ཡང་རྣམ་པ་ལྔས་འཇུག་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། གྲོང་ཁྱེར་གྱི་སྒོ་ཡང་ཕྱེ་ལ་འོབས་ཀྱང་བཀང་སྟེ། གཡང་ས་མ་ཡིན་ཞིང་ཟབ་པ་མ་ཡིན་པ་དང་། རྒལ་བར་ནུས་པ་དང་། འོབས་དེ་རྒལ་ནས་ཀྱང་སྒོ་དྲུང་དུ་ཐུག་པར་གྱུར་

པ་དང་། གྲོང་ཁྱེར་དེར་འགྲོ་བར་བདག་ཉིད་ཀྱིས་གསོལ་བ་གདབ་ཀྱང་མི་དགོས་ལ། གཞན་དག་གི་དོན་དུ་རྒྱལ་མཚན་བསྒྲེངས་ནས་འཇུག་པར་ཡང་མི་བྱེད་དེ། དེ་ལྟར་ན་དེ་གྲོང་ཁྱེར་དུ་འཇུག་པ་ལ་བར་དུ་ཆོད་པ་མེད་དོ། །དེ་བཞིན་དུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་

འཇུག་པ་ལ་ཡང་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པས་སྒོ་ཕྱེ་བར་གྱུར་ལ་མྱ་ངན་ལས་འདས་པ་ལ་གཡང་སར་འདུ་ཤེས་པས་སྐྲག་པར་བྱེད་པའི་མ་རིག་པ་སྤངས་པས་ནི་འོབས་བཀང་བ་ཡིན་ནོ། །འཇིག་ཚོགས་ཀྱི་ཕ་རོལ་ཏུ་འགྲོ་བ་དང་། ལུས་ཀྱི་ཐ་མ་འཛིན་པས་ནི་ཕུང་པོའི་ལྷག་

མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་པ་ལ་སྒོ་དྲུང་དུ་ཐུག་པར་གྱུར་པ་ཡིན་ཏེ། སྲིད་པའི་སྲེད་པ་སྤངས་པ་དེ་ནི་ཡུལ་རྣམས་ལ་ཡང་སྲིད་པ་མི་འཇུག་ལ། བདེན་པ་རྣམས་ལ་ཡང་ང་རྒྱལ་མི་འཇུག་སྟེ། དེ་ནི་སྔ་མ་བཞིན་དུ་རྒྱུ་རྣམ་པ་ལྔ་པོ་འདི་དག་གིས་མྱ་ངན་

ལས་འདས་པའི་གྲོང་ཁྱེར་དུ་ཞུགས་པར་རིག་པར་བྱའོ། །དེ་ལ་ཞུགས་པ་ནི་རྣམ་པ་གཉིས་ཀྱིས་འཕགས་པའི་གནས་པ་ཡིན་ཏེ། འདི་ལྟ་སྟེ། འགྲོ་ཞིང་རྒྱུ་བ་དང་། གནས་པའོ། །དེ་ལ་འགྲོ་ཞིང་རྒྱུ་བ་ཡང་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ཐུན་མོང་མ་ཡིན་པ་དང་། ཀུན་

ནས་ཉོན་མོངས་པ་ཅན་མ་ཡིན་པ་དང་། ཡང་དག་པའི་གནས་ལ་གནས་པའོ། །དེ་ལ་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་ནི་འདོད་པ་རྣམས་ལ་གཏན་དུ་འདོད་ཆགས་དང་བྲལ་བ་དེ་དག་ཉིད་ལ་སྤྱོད་པས་ན་ཐུན་མོང་མ་ཡིན་པའོ། །རྟག་ཏུ་གནས་པ་དྲུག་གིས་ཡོངས་

སུ་ཟིན་པས་ན་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའོ། །བརྟགས་ནས་ཆོས་ཁ་ཅིག་ཡོངས་སུ་སྤོང་བ་ནི་འདི་ལྟ་སྟེ། གླང་པོ་ཆེ་དང་། རྟ་མ་རུངས་པ་ལ་སོགས་པའོ། །བརྟགས་ནས་ཁ་ཅིག་རྟེན་པར་བྱེད་པ་འདི་ནི་འདི་ལྟ་སྟེ། གོས་དང་ཟས་ལ་སོགས་པ་སྟེ། དེ་ནི་

Vol. 131 · folio 167b

ཡང་དག་པའི་གནས་ལ་གནས་པ་ཡིན་ནོ། །དེ་ལ་དེ་ལྟར་རྒྱུ་ཞིང་འགྲོ་བ་དག་པར་གྱུར་པའི་གནས་པ་ནི་རྣམ་པ་ལྔར་རིག་པར་བྱ་སྟེ། འདི་ལྟ་སྟེ། གང་གིས་གནས་པ་དང་། གང་ལ་གནས་པ་དང་། གང་དང་བྲལ་བ་དང་། གང་ལ་བརྟེན་པ་དང་། གང་དང་ལྡན་པའོ། །

དེ་ལ་མི་བསྐྱོད་པའི་སེམས་རྣམ་པར་གྲོལ་བས་ནི་གནས་སོ། །བརྟགས་ནས་ཆོས་ཁ་ཅིག་སེལ་བར་བྱེད་པ་སྟེ། འདི་ལྟ་སྟེ། རྒྱུ་ཞིང་འགྲོ་བས་གཡེང་བའི་ངལ་བ་ལ་སོགས་པས་ལུས་དུབ་པའོ། །བརྟགས་ནས་ཁ་ཅིག་དང་དུ་ལེན་པར་བྱེད་དེ། འདི་ལྟ་སྟེ། གྲང་བ་དང་།

ཚ་བ་ལ་སོགས་པའོ། །ཀུན་ནས་ཉོན་མོངས་པ་གསུམ་དང་ནི་བྲལ་ཏེ། འདི་ལྟ་སྟེ། ལྟ་བའི་ཀུན་ནས་ཉོན་མོངས་པ་དང་། སྲེད་པའི་ཀུན་ནས་ཉོན་མོངས་པ་དང་། རྟོག་པའི་ཀུན་ནས་ཉོན་མོངས་པའོ། །དེ་ལ་ལྟ་བའི་ཀུན་ནས་ཉོན་མོངས་པ་དང་བྲལ་བས་ནི་ཡང་སྲིད་

པར་སྐྱེ་བར་སེམས་གཡོ་བ་མེད་དོ། །སྲེད་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བས་ནི་ཡུལ་རྣམས་ལ་འཕྲོགས་པ་མེད་དོ། །རྟོག་པའི་ཀུན་ནས་ཉོན་མོངས་པ་དང་བྲལ་བས་ནི་རྟོག་པ་ན་དགེ་བ་འབའ་ཞིག་ལ་རྟོག་པར་བྱེད་ཀྱི་མི་དགེ་བ་ལ་མ་ཡིན་ནོ། །དེ་ནི་བསམ་གཏན་བཞི་པའི་

མི་གཡོ་བའི་ཏིང་ངེ་འཛིན་ལ་བརྟེན་ནས་ཚེ་འདི་ལ་བདེ་བར་གནས་པའི་མཆོག་གིས་བདེ་བར་གནས་སོ། །མི་སློབ་པའི་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་དང་། སྲེད་པ་མེད་པའི་ལུས་ཕྱི་མ་མངོན་པར་འགྲུབ་པར་མི་འགྱུར་བ་དང་། མྱ་ངན་ལས་འདས་

པའི་གནས་ལ་ལྷག་པར་གནས་པ་དང་། ཕུན་སུམ་ཚོགས་པ་བླ་ན་མེད་པ་ཐོབ་པ་དང་ནི་ལྡན་ནོ། །དེ་ལྟར་ན་དེ་རྣམ་པ་ལྔ་པོ་དེ་དག་གིས་གནས་པ་ཕུན་སུམ་ཚོགས་པའི་མཆོག་ཡིན་པར་རིག་པར་བྱའོ། །སྡོམ་ནི། ཕྱོགས་གཉིས་པོ་ནི་མདོར་བསྡུ་དང་། མི་འདྲ་བ་ནི་རྣམ་པ་

གསུམ། །མོས་པ་སྤོང་དང་འཇུག་པ་དང་། །ཡོད་དང་ཤིན་ཏུ་རྣམ་དག་དང་། །ལེགས་པར་གསུངས་དང་ཉེས་བཤད་ལ། །སྟོན་པ་ལ་སོགས་ཁྱད་པར་རྣམས། །ནག་པོའི་ཕྱོགས་དང་དཀར་པོའི་ཕྱོགས་ཀྱི་ཆོས་རྣམས་ནི་གནས་གསུམ་གྱིས་བསྡུས་ཏེ། འདི་ལྟ་སྟེ། ཡོངས་སུ་

Vol. 131 · folio 168a

ཤེས་པར་བྱ་བའི་ཆོས་རྣམས་དང་། ཡོངས་སུ་ཤེས་པ་དང་། ཡོངས་སུ་ཤེས་པ་བསྲུང་བའོ། །དེ་ལ་ཡོངས་སུ་ཤེས་པར་བྱ་བ་ནི་སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་བའི་བདེན་པ་སྟེ། ནག་པོའི་ཕྱོགས་སུ་འདུས་པར་རིག་པར་བྱའོ། །ཡོངས་

སུ་ཤེས་པ་ནི་འགོག་པའི་བདེན་པ་སྟེ། དཀར་པོའི་ཕྱོགས་སུ་འདུས་སོ། །ཡོངས་སུ་ཤེས་པ་བསྲུང་བའི་གང་ཟག་ནི་ལམ་གྱི་བདེན་པ་ལ་གང་ཟག་ཏུ་བཏགས་པ་སྟེ། དེ་ཡང་དཀར་པོའི་ཕྱོགས་སུ་འདུག་པ་ཁོ་ནར་རིག་པར་བྱའོ། །དེ་ཡང་འཕགས་པ་ཉན་ཐོས་ཀུན་རྫོབ་ཀྱི་

བདེན་པ་ལ་མཁས་པ་དང་། དོན་དམ་པའི་བདེན་པ་ལ་མཁས་པ་ཡིན་ཏེ། དེས་ནི་གཉི་གའི་ཚུལ་གྱིས་ཀྱང་ལན་གདབ་པའི་མི་རིགས་པར་ཡང་དག་པར་མཐོང་ནས་ཤི་བའི་འོག་ཏུ་ཡོད་དོ་ཞེས་ཀྱང་ཁས་མི་ལེན་ཞིང་ལན་མི་འདེབས་སོ། །མེད་ཅེས་བྱ་བ་དང་། ཡོད་ཀྱང་ཡོད་

ལ་མེད་ཀྱང་མེད་ཅེས་བྱ་བ་དང་། ཡོད་པ་ཡང་མ་ཡིན་ལ་མེད་པ་ཡང་མ་ཡིན་ནོ་ཞེས་ཀྱང་ཁས་མི་ལེན་ཞིང་ལན་མི་འདེབས་ཏེ། དོན་དམ་པར་ནི་ཤི་བའི་འོག་ཏུ་ཡོད་པའམ། མེད་པ་གང་ཡིན་པ་དེ་ནི་མི་དམིགས་སོ། །ཀུན་རྫོབ་ཏུ་ནི་འདུ་བྱེད་རྣམས་སམ་མྱ་ངན་ལས་འདས་

པ་ལ་དེ་བཞིན་འོངས་པ་ཞེས་གདགས་གྲང་ན། དེ་ལ་ཤི་བའི་འོག་ཏུ་ནི་དེ་བཞིན་འོངས་པའི་འདུ་བྱེད་གཅིག་ཀྱང་འཇུག་པ་མེད་ན་དེའི་ཚེ་ཅི་ལ་བརྟེན་ཏེ་དེ་བཞིན་འོངས་པ་གདགས་པར་འགྱུར། མྱ་ངན་ལས་འདས་པ་སྤྲོས་པ་མེད་པ་སོ་སོ་རང་རིག་པ་ནི་འདུ་བྱེད་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་

བར་ཟད་པས་ན་དངོས་པོར་གདགས་སུ་མི་རུང་ངོ་། །མེད་པར་གདགས་པའི་སྒོ་ནས་ཀྱང་གདགས་སུ་མི་རུང་སྟེ། མྱ་ངན་ལས་འདས་པར་གདགས་པ་ཡོད་པ་དང་། ཞི་བ་ཡིན་བཞིན་དུ། སྐུར་བ་བཏབ་པར་འགྱུར་བའི་ཕྱིར་རོ། །དེ་ཡང་ཤིན་ཏུ་རྟོགས་པར་དཀའ་བ་དང་ཆ་ཕྲ་བས་ན་ཟབ་

བོ། །འཁོར་བའི་འདུ་བྱེད་ཀྱི་ཀུན་ནས་ཉོན་མོངས་པ་རྣམ་པ་སྣ་ཚོགས་དུ་མ་སྤངས་པས་རབ་ཏུ་ཕྱེ་བས་ན་རྒྱ་ཆེ་བའོ། །མངོན་སུམ་དང་རྗེས་སུ་དཔག་པ་དང་། ཡིད་ཆེས་པའི་ལུང་གི་ཚད་མ་རྣམས་ཀྱིས་དཔག་ཏུ་མི་རུང་བས་ན་དཔག་ཏུ་མེད་དོ། །ཕྱི་རོལ་གྱི་ཁུར་ཁྱེར་བའི་སྡུག་

Vol. 131 · folio 168b

བསྔལ་བས་ནི་ནང་གི་ཁུར་ཁྱེར་བའི་སྡུག་བསྔལ་རྒྱུ་གསུམ་གྱིས་ཁྱད་ཞུགས་ཏེ། ཁུར་གང་ལེན་པ་དང་། གང་གིས་ལེན་པ་དང་། ཇི་སྲིད་ཀྱི་བར་དུ་ལེན་པའོ། །དེ་ལ་ཕྱི་རོལ་གྱི་ཁུར་ཁྱེར་བ་ནི་གཟུགས་ཀྱི་ཕྱོགས་འགར་གཏོགས་པ་ཙམ་ཞིག་ཁྱེར་བར་ཟད་དེ་སོག་མའི་ཁུར་

རམ་ཤིང་ཁུར་རམ། གཞན་ཡང་དེ་དང་མཐུན་པ་ལེན་པར་བྱེད་ལ་བྱིས་པ་ནི་འདུ་བྱེད་ཐམས་ཅད་ཀྱི་ཁུར་ལེན་པར་བྱེད་དོ། །གཞན་ཡང་ཕྱི་རོལ་གྱི་ཁུར་ཁྱེར་བ་ནི་ལུས་སུ་གཏོགས་པའི་ཕྲག་པས་ཁུར་ཁྱེར་བར་བྱེད་ལ་བྱིས་པ་ནི་སྲིད་པའི་ཕྲག་པས་ཁུར་ཁྱེར་བར་བྱེད་དོ། །གཞན་

ཡང་ཕྱི་རོལ་གྱི་ཁུར་ཁྱེར་བ་ནི་ཕྲག་པ་དེ་ཉིད་ཡོད་བཞིན་པས་ཕྱོགས་གཅིག་ཏུ་ཁུར་འདོར་བར་བྱེད་ལ་བྱིས་པ་ནི་སྲིད་པའི་ཕྲག་པ་ཇི་སྲིད་ཡོད་ཀྱི་བར་དུ་ཁུར་ཁྱེར་བར་བྱེད་དོ། །དེ་ནི་ཁུར་འདོར་བར་འདོད་ན་ཡང་ཕྲག་པ་དང་བཅས་པས་འདོར་ནུས་ཀྱི་དེ་མ་ཡིན་གྱི་བར་དུ་མི་ནུས་སོ། །དེ་ནི་

ཇི་སྲིད་འདོར་མི་ནུས་པ་དེ་སྲིད་དུ་ཁུར་ཆེན་པོ་བླངས་པ་དང་། ཕྲག་པ་ཉམ་ཆུང་བ་དང་། དེན་མོ་མ་ཡིན་པ་དང་། མ་ཞི་བ་བླངས་པ་དང་། ཡུན་རིང་པོར་རྒྱུན་མི་འཆད་པར་ཁུར་ཁྱེར་བས་ན་ཁུར་སུམ་རིམ་དུ་ཁྱེར་བའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་གྱི་ཅིག་ཤོས་ནི་དེ་

ལྟ་མ་ཡིན་ཏེ། འདི་ནི་དེ་གཉིས་ཀྱིས་མི་འདྲ་བ་ཡིན་ནོ། །ཕྱི་རོལ་གྱི་འཆིང་བ་པས་ནི་ནང་གི་བྱིས་པའི་འཆིང་བ་རྣམ་པ་ལྔས་ཁྱད་ཞུགས་ཏེ། ཕྱི་རོལ་གྱི་འཆིང་བ་ནི་གཟུགས་ཀྱི་ཕྱོགས་གཅིག་གིས་བཅིངས་པ་སྟེ། ཤིང་ངམ། ལྕགས་སམ། རྩྭ་བལ་བ་ཛའི་བཅིང་བས་བཅིངས་

པར་ཟད་ལ་བྱིས་པ་ནི་འདུ་བྱེད་ཐམས་ཅད་ཀྱིས་བཅིངས་སོ། །གཞན་ཡང་ཕྱི་རོལ་གྱི་ནི་གཞན་གྱིས་བཅིངས་པ་ཡིན་ལ་བྱིས་པ་ནི་བདག་གིས་བདག་བཅིངས་སོ། །ཕྱི་རོལ་གྱི་ནི་བཅིངས་པར་གྱུར་ན་འཆིང་བ་དེའི་གཞི་ཡང་ཤེས། ཐར་པ་དང་ཐར་བར་བྱ་བའི་ཐབས་ཀྱང་ཤེས་

ལ་བྱིས་པ་ནི་ཐམས་ཅད་མི་ཤེས་སོ། །ཕ་རོལ་གྱི་ནི་ཤི་ཕན་ཆད་འཆིང་བ་དང་བྲལ་བར་འགྱུར་ལ་བྱིས་པའི་ནི་ཤི་བའི་འོག་ཏུ་འཁོར་བ་ན་འོང་བ་དང་། འགྲོ་བ་བྱས་ཀྱང་འཆིང་བ་དང་རྗེས་སུ་འབྲེལ་པར་འདུག་གོ། །ཕྱི་རོལ་གྱི་ནི་རབ་ཏུ་བྱུང་སྟེ་འདོད་པ་སྤངས་པས་འཆིང་བ་དེ་ལས་

Vol. 131 · folio 169a

ཐར་བར་འགྱུར་ཏེ། དགྲ་རྣམས་ཀྱང་དེ་འཆིང་བར་མི་བྱེད་ལ་བྱིས་པ་ནི་སྲིད་པའི་རྩེ་མོ་མན་ཆད་འཐོབ་པའི་འདོད་ཆགས་དང་བྲལ་བར་གྱུར་ཀྱང་ཐར་བར་མི་འགྱུར་ན་རབ་ཏུ་བྱུང་བ་ཙམ་ལྟ་ཅི་སྨོས་དེ་ལ་འདོད་ཆགས་དང་བྲལ་བའི་གནས་སྐབས་རྣམས་སུ་ཡང་ཤས་

ཀྱི་བདུད་ཀྱི་དབང་དུ་འགྱུར་རོ། །འདོད་ཆགས་དང་མ་བྲལ་བའི་གནས་སྐབས་རྣམས་སུ་ནི་དབང་འབའ་ཞིག་ཏུ་འགྱུར་རོ། །རབ་ཏུ་བྱུང་བའི་གནས་སྐབས་རྣམས་སུ་ནི་ཆད་པ་ན་འདུག་པ་ཡིན་ནོ། །ཁྱིམ་ན་གནས་པའི་གནས་སྐབས་རྣམས་སུ་ནི་ཅི་དགའ་མགུར་བྱ་བ་ཡིན་ནོ། །

དེ་ལ་འདོད་ཆགས་དང་མ་བྲལ་བའི་གནས་སྐབས་རྣམས་སུ་ནི་བདུད་ཀྱི་འཆིང་བ་རྣམས་ཀྱིས་བཅིངས་པ་ཡིན་ཏེ། འཇིག་རྟེན་གྱི་ལམ་གྱིས་སྲིད་པའི་རྩེ་མོར་སྐྱེས་ན་ཡང་བདུད་ཀྱི་ཞགས་པ་རྣམས་ལས་ཡོངས་སུ་མ་གྲོལ་ལོ། །དེ་བཞིན་གཤེགས་པ་དང་དགྲ་བཅོམ་པ་ཤེས་རབ་

རྣམ་པར་གྲོལ་བ་ནི་སྤྱིར་ན་རྣམ་པ་བཞིས་འདྲ་བ་དང་། མི་འདྲ་བར་རིག་པར་བྱའོ། །དེ་ལ་རྣམ་པ་གཅིག་གིས་ནི་འདྲ་སྟེ། འདི་ལྟ་སྟེ། སྤྱིར་རྣམ་པར་གྲོལ་བས་སོ། །རྣམ་པ་གསུམ་གྱིས་ནི་མི་འདྲ་སྟེ། འདི་ལྟ་སྟེ། མངོན་པར་བྱང་ཆུབ་པ་དང་། སྟོན་པའི་མཐུ་དང་། ནན་ཏན་དུ་སྒྲུབ་པས་སོ། །དེ་ལ་

དེ་བཞིན་གཤེགས་པ་ནི་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་ནས་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ལ་དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་གཞན་གྱི་དོན་མ་ལུས་པ་ལས་བརྩམས་ཏེ་ཚེ་འདི་ཉིད་ལ་སྐལ་བ་ཡོད་པ་གང་ཡིན་པ་རྣམས་དང་།

སྐལ་བ་མེད་པ་གང་ཡིན་པ་རྣམས་དང་། ཆོས་མཐོང་བ་གང་ཡིན་པ་རྣམས་དང་། ཆོས་མ་མཐོང་བ་གང་ཡིན་པ་རྣམས་དེ་དག་གི་རྣམ་པ་ཐམས་ཅད་མངོན་པར་མཁྱེན་ཏོ། །དེ་ཉིད་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ལ་དེ་ལྟར་གཞན་གྱི་དོན་ཀྱང་མངོན་པར་མཁྱེན་ན་སྒྲིབ་པ་

གཉིས་པོ་ཉོན་མོངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་ཏེ། ཟླ་མེད་པ་དང་། ལྷར་བཅས་པའི་འཇིག་རྟེན་གྱི་ཐར་པའི་སློབ་དཔོན་དུ་ཡང་འགྱུར་རོ། །དེའི་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་

Vol. 131 · folio 169b

པ་བཞི་པོ་འདི་དག་ནི་ཉན་ཐོས་དང་ཐུན་མོང་མ་ཡིན་པར་རིག་པར་བྱའོ། །དེའི་གཞན་གྱི་དོན་མཛད་པའི་སྒོ་ནས་བསྟན་པའི་མཐུ་ཡང་རྣམ་པ་ལྔས་ཐུན་མོང་མ་ཡིན་པར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། འདི་ལ་དེ་བཞིན་གཤེགས་པ་ནི་ལམ་ལ་ཡང་ལམ་ཡིན་པར་རྣམ་པ་ཐམས་ཅད་དུ་

ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ལ་ལམ་མ་ཡིན་པ་ལ་ཡང་ལམ་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ། །མཁྱེན་ནས་ཀྱང་ལམ་མ་ཡིན་པར་འགྲོ་བར་མི་འགྱུར་བ་དང་། ལམ་དུ་འགྲོ་བར་མཛད་པའི་ཕྱིར་ལམ་དང་ལམ་མ་ཡིན་པ་ཇི་ལྟ་བ་བཞིན་དུ་སྟོན་ཏོ། །ལམ་ཇི་ལྟར་

བསྟན་པ་བཞིན་དུ་འགྲོ་འདོད་པ་གང་ཡིན་པ་དེ་དག་ལ་ནི་ལམ་དེ་ལ་ཡང་དག་པར་ནན་ཏན་དུ་བསྒྲུབ་ཏུ་གཞུག་པའི་ཕྱིར་ཐབས་ཀྱིས་ཡོངས་སུ་ཟིན་ཅིང་རིགས་པས་བསྐྱེད་པའི་ཡིད་ལ་བྱེད་པའི་གདམས་ངག་བསྟན་པའི་སྒོ་ནས་གསུངས་སོ། །ཇི་སྐད་དུ་རྗེས་སུ་བསྟན་ཅིང་ནན་ཏན་དུ་བསྒྲུབ་པ་དེའི་

བར་དུ་གཅོད་པ་ཞི་གནས་དང་ལྷག་མཐོང་གི་སྐྱོན་གང་ཡིན་པ་དེ་དག་ནི་སེལ་བར་བྱེད་ལ་མཐུན་པ་གང་ཡིན་པ་དེ་དག་ནི་སྒྲུབ་པར་བྱེད་པ་འདི་ནི་བསྟན་པའི་མཐུ་མི་འདྲ་བའོ། །དེ་ལ་ནན་ཏན་དུ་སྒྲུབ་པ་མི་འདྲ་བ་ནི་དེ་དག་དེ་བཞིན་གཤེགས་པ་ལ་བརྟེན་ནས། དེའི་འོག་ཏུ་ཡང་དག་པར་ནན་ཏན་དུ་

སྒྲུབ་པར་བྱེད་ཀྱི་དེ་བཞིན་གཤེགས་པ་ནི་སུ་ལ་ཡང་བརྟེན་པ་མེད་དོ། །དེ་དག་ནི་ཉན་ཐོས་ཀྱི་རིགས་དང་ལྡན་པས་ནན་ཏན་དུ་སྒྲུབ་པར་བྱེད་ཀྱི་དེ་བཞིན་གཤེགས་པ་ནི་ཉིད་ཀྱི་རིགས་དང་ལྡན་པས་སོ། །དེ་དག་ལས་ཁ་ཅིག་ནི་ཡོངས་སུ་སྨིན་པ་ཡིན་ལ་ཁ་ཅིག་ནི་ཕྱི་མ་ལ་ཡོངས་སུ་སྨིན་པར་

བྱ་བ་ཡིན་གྱི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པའི་རྒྱུད་ལ་ནི་རྣམ་པ་གཉིས་སུ་དབྱེ་བ་མེད་དོ། །ཡོངས་སུ་མ་སྨིན་པ་གང་ཡིན་པ་དེ་དག་ནི་ལམ་གྱི་རྗེས་སུ་འགྲོ་བ་ཡིན་ཏེ། རྒྱུད་ཡོངས་སུ་མ་སྨིན་པ་ཕྱི་མ་ལ་ཡོངས་སུ་སྨིན་པར་བྱེད་དོ། །ཡོངས་སུ་སྨིན་པ་གང་ཡིན་པ་དེ་དག་ནི་

ཚེ་འདི་ཉིད་ལ་སྟོན་པའི་བསྟན་པ་བཞིན་དུ་བྱེད་དེ། གཉི་ག་ཡང་ཇི་སྐད་དུ་བསྟན་པ་དེ་ཁོ་ན་བཞིན་དུ་ནན་ཏན་དུ་སྒྲུབ་པར་བྱེད་དེ། ལམ་གྱི་རྗེས་སུ་འགྲོ་བ་གང་ཡིན་པ་དེ་དག་ནི་ཕྱི་མ་ལ་མྱ་ངན་ལས་འདས་པ་གྲུབ་པར་བྱེད་དོ། །ཚེ་དེ་ཉིད་ལ་སྟོན་པའི་བསྟན་པ་བཞིན་དུ་བྱེད་པ་གང་ཡིན་

Vol. 131 · folio 170a

པ་དེ་དག་ནི་ལུས་དེ་ཉིད་ཀྱིས་ལམ་དང་ལམ་གྱི་འབྲས་བུ་མྱ་ངན་ལས་འདས་པ་གྲུབ་པ་ཁོ་ནར་བྱེད་དོ། །དེ་ལ་འཕགས་པའི་ལམ་ནི་གནོད་པ་མེད་པ་དང་། བདེ་བ་ཡིན་པས་ན་འབྲས་བུ་དང་བཅས་པའི་རིགས་པ་དང་མི་འགལ་བ་དང་། ཆོས་ཤེས་བྱ་ལ་ཕན་པའི་

ཕྱིར་ན་དག་པ་ཞེས་ཀྱང་བྱའོ། །འདུ་བྱེད་རྣམས་ལ་བདག་མེད་པར་མོས་པ་ནི་རྣམ་པ་གཉིས་ཡོད་དོ། །ཐོས་པ་དང་བསམས་པའི་དབང་གིས་བྱུང་བ་དང་། བསྒོམས་ནས་རྟོགས་པའི་དབང་གིས་བྱུང་བའོ། །དེ་ལ་ཐོས་པ་དང་བསམས་པའི་དབང་གིས་བྱུང་བ་ནི་བསྒོམས་ནས་

རྟོགས་པའི་དབང་གིས་བྱུང་བ་སྐྱེ་བའི་རྟེན་གྱི་བྱ་བ་བྱེད་དེ། དེ་ཡང་ལེགས་པ་ཡང་ཡིན་ལ་རབ་ཀྱང་ཡིན་མོད་ཀྱི་འོན་ཀྱང་དད་པས་རབ་ཏུ་བྱུང་བའི་རིགས་ཀྱི་བུས་ནི་དེ་ཙམ་གྱིས་ཆོག་པར་གཟུང་བར་མི་རིགས་ཏེ། དེ་ལ་བརྟེན་ནས་འདུ་བྱེད་རྣམས་ལ་མི་རྟག་པའི་འདུ་ཤེས་ལ་སོགས་

པ་བསྒོམ་པའི་རིམ་པས་རྟོགས་པའི་དབང་གིས་བྱུང་བ་བདག་མེད་པ་ལ་མོས་པ་རྟོགས་པར་བྱ་བའི་ཕྱིར་བརྩོན་པ་ཁོ་ནར་བྱའོ། །འདུ་བྱེད་རྣམས་ཀྱི་སྤང་བ་ནི་རྣམ་པ་བཞིའི་སྒོ་ནས་རྣམ་པ་གཉིས་ཡོད་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཀུན་ནས་དཀྲིས་པ་སྤང་བ་དང་། བག་ལ་ཉལ་

སྤང་བ་དང་། ཡང་སྲིད་པར་སྐྱེ་བའི་འདུ་བྱེད་ཀྱི་རྒྱུ་སྤང་བ་དང་། ད་ལྟར་གྱི་འདུ་བྱེད་ཀྱི་ཉོན་མོངས་པ་ཅན་དུ་གྱུར་པའི་སྤྱོད་པ་སྤང་བའོ། །དེ་ལ་རྣམ་པ་བཞི་པོ་འདི་དག་གིས་ནི་རྣམ་པ་གཉིས་སྤང་བར་རིག་པར་བྱ་སྟེ། ཉོན་མོངས་པ་སྤང་བ་དང་། དངོས་པོ་སྤང་བའོ། །དེ་ལ་རྣམ་པ་སྔ་

མ་གཉིས་ཀྱིས་ནི་ཉོན་མོངས་པ་སྤོང་ངོ་། །ཕྱི་མ་གཉིས་ཀྱིས་ནི་དངོས་པོ་སྤོང་ངོ་། །འདོད་པའི་ཁམས་ན་ནི་འདུ་བྱེད་འཇུག་པ་རྣམ་པ་གསུམ་ཡོད་དེ། ཐོག་མ་དང་། བར་མ་དང་། ཐ་མ་རྣམས་སུ་སྡུག་བསྔལ་གྱིས་དཀྲིས་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། སྐྱེ་བའི་ཚེ་ནི་

མངལ་གྱིས་བཅུམ་པའི་སྡུག་བསྔལ་གྱིས་དཀྲིས་སོ། །སྐྱེས་ནས་བྱིས་པའི་གནས་སྐབས་རྣམས་སུ་ནི་ནད་མང་པོའི་སྡུག་བསྔལ་གྱིས་དཀྲིས་སོ། །རྒས་པའི་རྒྱུ་དང་དབང་པོ་རྣམས་ཡོངས་སུ་སྨིན་པར་འགྱུར་བས་ནི་རྒ་ཤིའི་སྡུག་བསྔལ་གྱིས་དཀྲིས་སོ། །འདུ་བྱེད་རྣམས་མངོན་པར་མི་

Vol. 131 · folio 170b

འགྲུབ་པའི་ཕྱིར་ཐོག་མ་དང་། བར་མ་དང་ཐ་མར་འགོག་པར་འགྱུར་བས་ནི་སྡུག་བསྔལ་རྣམ་པ་གསུམ་འགོག་པར་འགྱུར་བར་རིག་པར་བྱའོ། །ཡོད་པ་ནི་གསུམ་སྟེ། དེ་དག་སྤང་བའི་ཕྱིར་འཕགས་པ་ཉན་ཐོས་འབད་པར་བྱེད་དེ། འདི་ལྟ་སྟེ། འདས་པའི་དུས་ཀྱི་སྒོ་ནས་ནི་ཁྱིམ་

ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ན་དེ་ཉིད་ཀྱི་ཉེས་དམིགས་མཐོང་ནས་འདོད་པ་སྤང་བ་གང་ཡིན་པ་དེ་དག་ཕྱིས་ཡང་ལེན་པར་འགྱུར་བའི་རྒྱུ་ཡོད་པ་དང་། མ་འོངས་པའི་དུས་ཀྱི་སྒོ་ནས་ནི་འདུ་བྱེད་མངོན་པར་འགྲུབ་པར་འགྱུར་བའི་རྒྱུ་ཡོད་པ་དང་། ད་ལྟར་གྱི་དུས་ཀྱི་སྒོ་ནས་ནི་མ་སྤངས་པའི་

བག་ལ་ཉལ་གྱི་ཀུན་ནས་ཉོན་མོངས་པ་ཡོད་དོ། །དེ་ལ་ཡོད་པ་རྣམ་པ་གསུམ་པོ་དེ་སྤང་བའི་ཕྱིར། འདི་ལྟ་སྟེ། མི་ལྟ་བ་དང་། མངོན་པར་མི་དགའ་བ་དང་། ལྷག་པར་ཞེན་པ་མེད་པ་རྣམ་པ་གསུམ་གྱིས་འབད་པར་བྱེད་དེ། སྤོང་བ་དང་། འདོད་ཆགས་དང་བྲལ་བ་

དང་འགོག་པའི་ཁམས་ཡང་དག་པར་སྒྲུབ་པའི་ཕྱིར་རོ།། །།རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ། བམ་པོ་ལྔ་པ། འདི་གཉིས་ནི་འདུ་བྱེད་རྣམས་ལ་མངོན་པའི་ང་རྒྱལ་མེད་པའི་བདག་མེད་པ་མཐོང་བ་ཡིན་ཏེ། གཉིས་གང་ཞེ་ན། ཤིན་ཏུ་རྣམ་

པར་དག་པ་མ་ཡིན་པ་དང་། ཤིན་ཏུ་རྣམ་པར་དག་པའོ། །ཤིན་ཏུ་རྣམ་པར་དག་པ་མ་ཡིན་པ་གང་ཞེ་ན། ཇི་ལྟར་འདི་ན་ཁ་ཅིག་དབེན་པ་ན་གནས་ཏེ། འདུ་བྱེད་རྣམས་མི་རྟག་པའི་བཟོད་པ་ལ་བརྟེན་ནས་འཇིག་རྟེན་པའི་ཤེས་པས་བདག་མེད་པ་ལ་མོས་པར་འགྱུར་ལ། དེས་

ཀྱང་མོས་པའི་རྒྱུས་མིག་གིས་ཤེས་པར་བྱ་བའི་གཟུགས་རྣམས་ནས་ཡིད་ཀྱིས་ཤེས་པར་བྱ་བའི་ཆོས་རྣམས་ཀྱི་བར་དག་ལ་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པའི་མཚན་མ་ཀུན་ཏུ་སྤྱོད་པའི་སྒོ་ནས་སྤངས་པར་ཡང་དག་པར་མཐོང་ངོ་། །ཕྱི་རོལ་པའི་མདུད་པ་བཞིར་

བསྡུས་པ་ཡང་དེ་དང་འདྲ་སྟེ། འདོད་ཆགས་ཐ་ཆད་དང་། ཞེ་སྡང་ཐ་ཆད་དང་། གཏི་མུག་ཐ་ཆད་དེ། དེ་ལ་བརྣབ་སེམས་ལུས་ཀྱི་མདུད་པས་ནི་འདོད་ཆགས་ཐ་ཆད་བསྡུས་སོ། །གནོད་སེམས་ཀྱི་མདུད་པས་ནི་ཞེ་སྡང་ཐ་ཆད་བསྡུས་སོ། །དེ་མ་ཡིན་པ་གཉིས་ཀྱིས་ནི་

Vol. 131 · folio 171a

གཏི་མུག་ཐ་ཆད་བསྡུས་སོ། །ཐ་ཆད་ཀྱི་དོན་ནི་ངན་པའི་དོན་དུ་རིག་པར་བྱའོ། །འདི་ནི་མངོན་པའི་ང་རྒྱལ་མེད་པའི་བདག་མེད་པ་ཤེས་པ་སྟེ། ཚུལ་བཞིན་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་ཕྱིར་དང་། མཉམ་པར་གཞག་པའི་ས་པ་ཡིན་པའི་ཕྱིར་

རོ། །དེ་ཡང་རྒྱུ་རྣམ་པ་གཉིས་ཀྱིས་ཤིན་ཏུ་རྣམ་པར་དག་པ་མ་ཡིན་ཏེ། དེ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ལ་འཇུག་པ་དེའི་ཚེ་ངའོ་སྙམ་པའི་ང་རྒྱལ་རགས་པ་ལ་ཆ་ཕྲ་བའོ་སྙམ་དུ་སྤྱོད་པ་ཡིད་ལ་བྱེད་པ་ལ་ཞུགས་པ་སྤེལ་མར་འདུག་སྟེ། དེས་ན་དེ་འདི་

སྙམ་དུ་སེམས་ཏེ་བདག་ནི་སྟོང་པ་ཉིད་བསྒོམ་པའོ། །བདག་ནི་དེ་ཐོབ་པ་ཡིན་ནོ། །བདག་ལ་ནི་སྟོང་པ་ཉིད་ཡོད་དོ། །བདག་ནི་སྟོང་པ་ཉིད་འདིས་འཕགས་སོ་སྙམ་པ་གང་ཡིན་པ་སྟེ་སྟོང་པ་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་མཚན་མ་མེད་པ་དང་། ཅི་ཡང་མེད་པས་ཀྱང་དེ་དང་འདྲའོ། །དེ་

ཀུན་ཏུ་སྤྱོད་པའི་རྒྱུ་འདོད་པ་རྣམས་སམ་འཇིག་ཚོགས་ལ་རྗེས་སུ་ཆགས་པ་དང་བཅས་པའི་རྣམ་པར་ཤེས་པའི་རྗེས་སུ་ཆགས་པ་དང་བཅས་པའི་རྣམ་པར་ཤེས་པ་དེ་ཡོངས་སུ་མ་ཤེས་པའི་ཕྱིར་འདོད་པ་དང་། འཇིག་ཚོགས་ལ་ཆགས་པས་བསྒྱུར་བ་ནས་བསམ་པ་ཐག་པ་ནས་མྱ་ངན་

ལས་འདས་པ་ལ་མི་འཇུག་ཅིང་སེམས་ཀྱང་ཕྱིར་ལྡོག་པ་གང་ཡིན་པ་སྟེ་སྔ་མ་བཞིན་ནོ། །དེ་ཡང་དེས་རྣམ་པ་བརྒྱད་ཀྱིས་ཡོངས་སུ་ཤེས་པར་བྱ་བ་ཡིན་ཏེ། དེ་ཡོངས་སུ་ཤེས་པའི་མོད་ལ་དེའི་ཉེས་པ་དང་བྲལ་བར་གྱུར་པས་བདག་མེད་པ་མཐོང་བ་ཤིན་ཏུ་རྣམ་པར་དག་ཅིང་མངོན་པའི་ང་

རྒྱལ་མེད་པར་རིག་པར་བྱའོ། །དེ་ལ་ཞིག་པར་གྱུར་པ་དང་། འཇིག་པའི་ཆོས་ཅན་ཡིན་པས་ན་མི་རྟག་པའོ། །ལས་དང་ཉོན་མོངས་པ་ལས་ཡང་དག་པར་གྲུབ་པས་ན་འདུས་བྱས་སོ། །སྔོན་གྱི་སྨོན་ལམ་ལས་ཡང་དག་པར་འགྲུབ་པས་ན་བསམས་པའོ། །རང་གི་ས་བོན་དང་ད་

ལྟར་གྱི་ཕྱི་རོལ་གྱི་རྐྱེན་ལས་ཡང་དག་པར་གྲུབ་པས་ན་རྟེན་ཅིང་འབྲེལ་པར་འབྱུང་བའོ། །མ་འོངས་པའི་དུས་ཀྱི་སྒོ་ནས་རྒ་བའི་ཆོས་ཅན་ཡིན་པས་ན་ཟད་པའི་ཆོས་ཅན་ནོ། །འཆི་བའི་ཆོས་ཅན་ཡིན་པས་ན་མེད་པར་འགྱུར་བའི་ཆོས་ཅན་ནོ། །རྒ་བ་དང་འཆི་བའི་སྔ་རོལ་ན་ཡང་ནད་ལ་

Vol. 131 · folio 171b

སོགས་པའི་གནོད་པ་རྣམ་པ་སྣ་ཚོགས་ཀྱི་སྣོད་དུ་གྱུར་པས་ན་འགྱུར་བའི་ཆོས་ཅན་ནོ། །གཉེན་པོ་ལ་བརྟེན་པས་འདོད་ཆགས་དང་བྲལ་བར་བྱར་རུང་བ་དང་། འགོག་པར་བྱར་རུང་བས་ན་ཚེ་འདི་ལ་འདོད་ཆགས་དང་བྲལ་བའི་ཆོས་ཅན་དང་། འགོག་པའི་ཆོས་ཅན་ཡིན་ནོ། །དེ་དག་

ཀྱང་མདོར་བསྡུ་ན། དུས་གསུམ་དུ་གཏོགས་པའི་ཉེས་དམིགས་བརྟག་པ་སྟེ། འདོད་ཆགས་དང་བྲལ་བ་དང་། འགོག་པའི་ཆོས་ལས་མ་གཏོགས་པ་དེ་ལས་གཞན་པའི་རྣམ་པ་དག་གིས་རིག་པར་བྱའོ། །དེ་གཉིས་ཀྱིས་ནི་ངེས་པར་འབྱུང་བ་བརྟག་པར་རིག་པར་བྱའོ། །དེས་ཉེས་

དམིགས་དང་ངེས་པར་འབྱུང་བ་གཉིས་ཀྱིས་རྣམ་པར་ཤེས་པ་དེ་ཡོངས་སུ་ཤེས་པ་ནི་ཤིན་ཏུ་ཡོངས་སུ་ཤེས་པ་ཡིན་ནོ། །དེ་ལ་ཆོས་ཐམས་ཅད་ཀྱི་ཆོས་ལ་བདག་མེད་པ་ཐམས་ཅད་ནི་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཁོ་ན་ཡིན་ནོ། །དེ་ཡང་སྟོན་པ་ཆོས་ཀྱི་རྒྱལ་པོ་བླ་ན་མེད་པས་གསུངས་པ་འཕགས་

པ་ཐམས་ཅད་ཀྱི་རྒྱུད་ལ་རྡུགས་པ་མེད་པ་འཕགས་པའི་ནོར་ཐམས་ཅད་ཐོབ་པས་དགའ་བར་འགྱུར་བ་ཡིན་ཏེ། དེས་ནི་བདག་ཉིད་འཁོར་བའི་གཅོང་རོང་ཆེན་པོ་ལམ་རིང་པོ་ལས་བདེ་ལེགས་དང་། བདེ་བ་གཉིས་ཀྱིས་ཡང་དག་པར་འདའ་བར་འགྱུར་རོ། །བདེ་བས་ན་དེ་ལས་

འཕགས་པའི་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་སྟེ། དེ་ནི་ཤེས་པ་སྔ་མ་ཤོས་ཀྱིས་རྟོགས་པར་རིག་པར་བྱའོ། །ཕྱི་མ་ཤིན་ཏུ་རྣམ་པར་དག་པ་ཤོས་ཀྱིས་ནི་མཐོང་བར་རིག་པར་བྱའོ། །ཆོས་འདི་པ་རྣམས་དང་། ཕྱི་རོལ་པ་རྣམས་ཀྱི་སྟོན་པ་རྣམས་དང་སློབ་མ་རྣམས་ནི་རྣམ་པ་ལྔས་མཐོ་བ་

དང་དམའ་བར་རིག་པར་བྱ་སྟེ། འདི་ལྟ་སྟེ། གནས་པ་དང་། ཚོགས་ཡོངས་སུ་བསྐྱང་བ་དང་། འབེལ་བའི་གཏམ་རྣམ་པར་ངེས་པར་འབྱེད་པར་བྱེད་པ་དང་། ལམ་གདགས་པ་ཡང་དག་པར་བསྟན་པ་དང་། ནན་ཏན་དུ་སྒྲུབ་པའོ། །དེ་ལ་འདི་ལས་ཕྱི་རོལ་པའི་སྟོན་པ་སློབ་མར་བཅས་

པ་རྣམས་ནི་རྟག་ཏུ་རྒྱུན་མི་འཆད་པར་འདྲེས་པར་གནས་པ་ཡིན་ལ་ཆོས་འདི་པ་རྣམས་ཀྱིས་ནི་དུས་དུས་སུ་ནང་དུ་ཡང་དག་འཇོག་པ་ལྷུར་ལེན་པར་བྱེད་དེ་འདི་ནི་མཐོ་བ་དང་དམའ་བ་དང་པོ་ཡིན་ནོ། །གཞན་ཡང་ཕྱི་རོལ་པའི་སྟོན་པ་རྣམས་ནི་རང་གི་སློབ་མ་རབ་ཏུ་བྱུང་བའི་ཚོགས་ཚད་ངེས་པའི་ཚོགས་

Vol. 131 · folio 172a

ཅན་དང་སློབ་མ་ཁྱིམ་པའི་སྡེ་ཚན་གྱི་སྡེ་ཚན་ཅན་ཡིན་ཏེ། དེ་དག་ཐམས་ཅད་ཀྱི་ནང་ན་སློབ་དཔོན་དུ་བཀུར་བས་ན་ཚོགས་ཀྱི་སློབ་དཔོན་རྣམས་ཞེས་བྱ་བ་དང་། སྐྱེ་བོ་བྱིས་པའི་རང་བཞིན་ཅན་རྣམས་ཀྱིས་ཡོན་ཏན་ཡོད་དུ་རེ་བས་ན་ཤིན་ཏུ་དགེ་བར་བཀུར་བ་ཡིན་

ལ། དེ་བཞིན་གཤེགས་པ་ནི་དེ་ལས་བཟློག་པར་རིག་པར་བྱ་སྟེ། ལྷར་བཅས་པའི་འཇིག་རྟེན་གྱི་ཡང་སློབ་དཔོན་ཉིད་ཡིན་པའི་ཕྱིར་སློབ་དཔོན་དུ་བཀུར་བ་ཡིན་ནོ། །གཞན་ཡང་ཕྱི་རོལ་པའི་སློབ་དཔོན་རྣམས་ནི་རང་རང་གི་སློབ་མ་རྣམས་དང་ལྷན་ཅིག་ཏུ་འབེལ་བའི་གཏམ་རྣམ་པར་

ངེས་པར་བྱེད་པ་ལ་ཞུགས་ཤིང་ཕན་ཚུན་མི་མཐུན་པ་དང་། འབྲེལ་པ་མེད་པའི་གཏམ་དང་། རྨོངས་པར་བྱེད་པ་དང་ཤེས་པ་རྣམ་པར་དག་པར་བྱེད་པ་མ་ཡིན་པའི་གཏམ་གྱིས་དུས་འདའ་བར་བྱེད་ལ། ཆོས་འདི་པ་རྣམས་ནི་དེ་ལས་བཟློག་པར་རིག་པར་བྱའོ། །གཞན་ཡང་

ཕྱི་རོལ་པ་རྣམས་ཀྱི་སྟོན་པ་རྣམས་ནི་སློབ་མ་རྣམས་ལ་རྒྱུ་མེད་པའམ་རྒྱུ་མི་མཐུན་པའི་སྒོ་ནས་ལམ་འདོགས་པར་བྱེད་ཅིང་སྟོན་པར་བྱེད་དེ། ཆོས་ངན་པ་ཐོས་པའི་སྲིན་པོ་ཆེན་པོས་སེམས་དཀྲུགས་པ་རྟོག་པ་ངན་པ་ཚུལ་བཞིན་མ་ཡིན་པའི་སེམས་དང་མཚུངས་པར་ལྡན་པ་རྣམས་

ཀྱིས་སེམས་དཀྲུགས་པ་གཞན་དག་ལ་གླགས་ཚོལ་བའི་བསམ་པ་ཅན་ཡིན་ཏེ། དེས་ན་དེ་དག་གཞན་དག་གིས་དྲིས་ན་གྱ་ཚོམ་དུ་ཐོག་ཏུ་མ་བབ་ཅིང་མ་བརྟགས་པའི་ཚིག་སྨྲ་བར་བྱེད་དེ། བདག་ཉིད་ཀྱིས་ཀྱང་རྒྱུ་མེད་པའམ། རྒྱུ་མི་མཐུན་པ་བཟུང་བས་ཀུན་ནས་ཉོན་མོངས་པ་

ཅན་དུ་གྱུར་བས་ན་དེའི་ཕྱིར་བྱིས་པའོ། །བདག་དང་གཞན་རྣམས་ཀྱི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་ན་དེའི་ཕྱིར་རྨོངས་པའོ། །རྣམ་པར་བྱང་བ་རྣམ་པར་སྤངས་པས་ན་མི་གསལ་བའོ། །རྣམ་པར་བྱང་བའི་རྒྱུ་ལ་མི་མཁས་པས་ན་མི་

མཁས་པའོ། །ཚིག་ཅི་ཙམ་ཞིག་སྨྲ་བར་བྱ་བ་དང་། ཇི་སྐད་སྨྲ་བར་བྱ་བ་དང་། གང་དུ་སྨྲ་བར་བྱ་བ་དེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་ན་ཚོད་མི་ཤེས་པ་དང་། ཞིང་མི་ཤེས་པའོ། །དེ་ལས་བཟློག་པ་ནི་ཆོས་འདི་པ་རྣམས་ཡིན་པར་རིག་པར་བྱའོ། །གཞན་ཡང་

Vol. 131 · folio 172b

ཕྱི་རོལ་བ་རྣམས་ཀྱི་སྟོན་པ་རྣམས་ཀྱི་སློབ་མ་རྣམས་ནི་མ་ཉམས་པ་རྣམས་དང་ཕྱི་ཅི་མ་ལོག་པར་སྨྲ་བའི་ཕྱིར་སྟོན་པ་ལ་ཡང་སྐུར་པ་མི་འདེབས་པ་དང་། ལྷག་མ་མེད་པ་དང་སྒྲོ་འདོགས་པ་མེད་པར་སྨྲ་བའི་ཕྱིར་འགལ་བར་མི་བྱེད་པ་དང་། དོན་མཐུན་པའི་ཕྱིར་ཇི་སྐད་བསྟན་པ་

བཞིན་དུ་སྨྲ་བ་དང་། ཚིག་མཐུན་པའི་ཕྱིར་ཆོས་བཞིན་དུ་སྨྲ་བ་ཡང་ཡིན་པ་དང་། ཆོས་མཐུན་པ་དེ་དག་གི་འདོད་པའི་ཕྱོགས་སུ་སྨྲ་བའི་ཕྱིར་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱིས་ལན་འདེབས་པ་དང་། བག་ཡོད་པ་ཡིན་དུ་ཟིན་ཀྱང་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ནན་ཏན་དུ་སྒྲུབ་པའི་

རང་གི་དོན་ཐོབ་པར་བྱ་བ་ལ་བསླུ་བ་འབའ་ཞིག་བྱེད་པར་རིག་པར་བྱ་ན། བག་མེད་པ་རྣམས་ལ་ལྟ་ཅི་སྨོས་ཏེ། དེ་དག་གི་ནི་དེ་ལྟར་རང་གི་དོན་ལ་ཡང་བསླུས་པར་འགྱུར་ལ་ཕ་རོལ་སྨྲ་བ་རྣམས་ཀྱིས་ཀྱང་ཚར་གཅོད་པར་འགྱུར་བ་དང་། ལོག་པར་བཟུང་བའི་ཆོས་དེ་དང་བཅས་པར་

ཡང་སྨོད་པར་འགྱུར་རོ། །དེ་ལས་བཟློག་པ་ནི་ཆོས་འདི་པ་རྣམས་ཡིན་པར་རིག་པར་བྱ་སྟེ། འདི་ནི་མཐོ་བ་དང་དམའ་བ་ལྔ་པ་ཡིན་པར་རིག་པར་བྱའོ། །དེ་ལ་འདུ་བྱེད་རྣམས་ནི་རྣམ་པ་བཞིས་སྡུག་བསྔལ་བ་ཡང་གཅིག་ཏུ་ངེས་པར་ཀུན་ནས་ཉོན་མོངས་པར་འགྱུར་བ་མ་ཡིན་

ལ་རྣམ་པ་བཞིས་ནི་བདེ་བ་ཡང་གཅིག་ཏུ་ངེས་པར་རྣམ་པར་བྱང་བར་འགྱུར་བ་མ་ཡིན་པར་རིག་པར་བྱའོ། །རྣམ་པ་བཞི་པོ་དེ་དག་ཀྱང་གཞི་གསུམ་གྱི་སྐབས་སུ་རིག་པར་བྱ་སྟེ། སྐྱེ་བའི་གནས་དང་། ཚོར་བ་དང་། དུས་སོ། །དེ་ལ་བདེ་བ་ནི་བསམ་གཏན་གསུམ་

པའིའོ། །བདེ་བ་དང་འབྲེལ་པ་ནི་མི་རྣམས་ཀྱི་ཡིན་ཏེ། གང་ན་གཉི་ག་ཡོད་པའོ། །བདེ་བ་དང་ཡིད་བདེ་བ་དང་ལྡན་པ་ནི་བསམ་གཏན་དང་པོ་དང་གཉིས་པའིའོ། །བདེ་བ་ལས་མ་འདས་པ་ཁོ་ན་ནི་བསམ་གཏན་བཞི་པ་ཡན་ཆད་དོ། །དེ་ལ་སྡུག་བསྔལ་བ་ནི་དུད་འགྲོ་

དང་ཡི་དགས་རྣམས་ཀྱིའོ། །སྡུག་བསྔལ་དང་འབྲེལ་པ་ནི་མི་རྣམས་ཀྱིའོ། །སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་ལྡན་པ་ནི་སེམས་ཅན་དམྱལ་བ་རྣམས་ཀྱིའོ། །སྡུག་བསྔལ་བ་ལས་མ་འདས་པ་ནི་སྟེང་གི་ལྷའི་རིས་རྣམས་ཀྱི་ཡིན་ཏེ། ཕྱི་མ་ལ་སྡུག་བསྔལ་བ་དང་འབྲེལ་

Vol. 131 · folio 173a

བའི་ཕྱིར་རོ། །དེ་ལ་བདེ་བའི་འདུ་བྱེད་རྣམས་ནི་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་མངོན་སུམ་དུ་གྱུར་པའི་ཚེའོ། །བདེ་བ་དང་འབྲེལ་པ་ནི་སྡུག་བསྔལ་བའི་ཚེའོ། །བདེ་བ་དང་ཡིད་བདེ་བ་དང་ལྡན་པ་ནི་བདེ་བའི་ཚོར་བ་མངོན་སུམ་

དུ་གྱུར་པའི་ཚེའོ། །བདེ་བ་ལས་མ་འདས་པ་ནི་ཐམས་ཅད་ལ་ཡང་བདེ་བའི་རྒྱུ་དང་རྗེས་སུ་འབྲེལ་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་སྡུག་བསྔལ་བའི་རྣམ་གྲངས་ཡིན་པར་རིག་པར་བྱའོ། །དེ་ལ་བདེ་བའི་འདུ་བྱེད་རྣམས་ནི་བདེ་བ་དང་བཅས་པའི་བདེ་བའི་གནས་འགགས་པ་གང་

ཡིན་པ་དེ་དག་གོ། །བདེ་བ་དང་འབྲེལ་པ་ནི་བདེ་བའི་རྒྱུ་ཡོད་པས་མ་འོངས་པའི་དུས་ན་སྐྱེ་བར་འགྱུར་བ་གང་ཡིན་པའོ། །ད་ལྟར་གྱི་དུས་ཀྱི་སྒོ་ནས་བདེ་བ་དང་མཐུན་པ་གང་ཡིན་པ་དེ་དག་ནི་བདེ་བ་དང་ཡིད་བདེ་བ་དང་ལྡན་པ་རྣམས་སོ། །དེ་ལས་གཞན་པའི་དུས་གསུམ་པ་རྣམས་

ནི་བདེ་བ་ལས་མ་འདས་པའོ། །དེ་ལས་བཟློག་པ་ནི་སྡུག་བསྔལ་གྱི་རྣམ་གྲངས་བཞི་སྟེ་ཅི་རིགས་པར་རིག་པར་བྱའོ། །སྡོམ་ནི། ཤེས་པ་གཉིས་ནི་གཞི་དང་བཅས། །བདེ་བ་ཡོངས་སུ་འགྱུར་བ་དང་། །ཆེད་དུ་གསུངས་པའི་མདོ་སྡེ་དང་། །མྱ་ངན་འདས་པ་གཉིས་སུ་

འགྱུར། །ཤེས་པ་ནི་གཉིས་ཏེ། ཡང་དག་པའི་ཤེས་པ་དང་། ལོག་པའི་ཤེས་པའོ། །དེ་ལ་ཡང་དག་པའི་ཤེས་པ་ཡང་གཞི་དང་བཅས་པར་འབྱུང་བ་ལ་ལོག་པའི་ཤེས་པ་ཡང་གཞི་དང་བཅས་པར་འབྱུང་སྟེ། དེ་གཉི་ག་ཡང་གཞི་དང་བཅས་པ་ཡིན་མོད་ཀྱི་ཡང་དག་པའི་ཤེས་པ་

ནི་ཡང་དག་པ་ཇི་ལྟ་བའི་གཞི་ལ་འཛིན་པ་ཡིན་ལ། ལོག་པའི་ཤེས་པ་ནི་རྣམ་པར་བརྟགས་པས་ཡང་དག་པ་ཇི་ལྟ་བ་མ་ཡིན་པའི་གཞི་ལ་འཛིན་པ་ཡིན་ནོ། །ཤེས་བྱ་སྔོན་དུ་འགྲོ་བ་ཡོད་ན་ཡང་དག་པར་བསྟན་པ་ཡིད་ལ་བྱེད་པའི་རྒྱུས་ཡང་དག་པའི་ཤེས་པ་འབྱུང་ལ་ཤེས་བྱ་ཡོད་ན་ལོག་

པར་བསྟན་པ་ཡིད་ལ་བྱེད་པའི་རྒྱུས་ལོག་པའི་ཤེས་པ་འབྱུང་བ་ཡིན་མོད་ཀྱི་ཡང་དག་པའི་ཤེས་པ་ནི་བྱུང་ནས་ཀྱང་ཤེས་བྱ་འཇིག་པར་མི་བྱེད་དེ། ཤེས་བྱ་ཡོད་པ་དེ་ཉིད་ལ་ལོག་པར་མངོན་པར་ཞེན་པ་སྤངས་ནས། ཡང་དག་པ་ཉི་ཚེ་ལ་མངོན་དུ་གནས་པ་ཁོ་ནར་ཟད་དེ་དཔེར་ན་མུན་པའི་

Vol. 131 · folio 173b

ནང་དུ་འདུག་པའི་གཟུགས་རྣམས་ལ་མར་མེ་བྱུང་ན་གཟུགས་རྣམས་འཇིག་པར་མི་བྱེད་ཀྱི་ཡོད་པ་ཉིད་གསལ་བར་བྱེད་པར་ཟད་དེ་དེ་དང་འདྲ་བར་རིག་པར་བྱའོ། །བདེ་བར་ཚོར་བའི་འདུ་བྱེད་རྣམས་ནི་མི་རྟག་པའི་མཚན་ཉིད་ཀྱི་ཚུལ་གྱིས་གང་གི་ཚེ་སྡུག་བསྔལ་བའི་གནས་སྐབས་སུ་གྱུར་ན་

དེའི་ཚེ་གནོད་པར་གྱུར་ཏོ་ཞེས་བྱའོ། །གང་གི་ཚེ་སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་གནས་སྐབས་སུ་གྱུར་ན་ནི་དེའི་ཚེ། འདུ་བྱེད་ཀྱི་སྡུག་བསྔལ་ལ་བརྟེན་ནས་སྡུག་བསྔལ་བར་གྱུར་ཏོ་ཞེས་བྱ་སྟེ། བདེ་བའི་ཚོར་བ་འབའ་ཞིག་གཏན་དུ་ཡོད་པར་གྱུར་ཅིག །གཞན་

དག་གི་གནས་སྐབས་ནི་ཡེ་འབྱུང་བར་མ་གྱུར་ཅིག་ཅེས་བྱ་བའི་གནས་འདི་ནི་རྙེད་པར་མི་འགྱུར་རོ། །སྐྱེ་བ་དང་རྒ་བ་ལ་སོགས་པའི་ཆོས་ཉིད་དང་འབྲེལ་པའི་འདུ་བྱེད་གང་ཡིན་པ་དེ་དག་ནི་སྡུག་བསྔལ་བའོ། །དེ་དག་ལས་ཀྱང་ནད་ཀྱི་གནས་སྐབས་སུ་གྱུར་བ་ནི་གནོད་པར་གྱུར་ཏོ་

ཞེས་བྱའོ། །སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་གནས་སྐབས་སུ་གྱུར་པ་ན་ནི་སྡུག་བསྔལ་བར་གྱུར་ཏོ་ཞེས་བྱ་སྟེ་འདུ་བྱེད་དེ་རྣམས་ལ་སྐྱེ་བ་ལ་སོགས་པ་སྡུག་བསྔལ་གྱི་རྒྱུ་དང་འབྲེལ་པ་བཞིན་དུ་འབྲས་བུའི་གནས་སྐབས་སུ་ཡེ་མ་གྱུར་ཅིག་ཅེས་བྱ་བའི་གནས་འདི་ནི་རྙེད་པར་མི་

འགྱུར་རོ། །འདུ་བྱེད་ཐམས་ཅད་ནི་རང་བཞིན་གྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པས་ན་རང་དབང་མེད་པ་དང་བདག་པོ་མེད་པ་ཡིན་ཏེ། གང་བདག་པོར་གྱུར་པ་དེ་ནི་འདུ་བྱེད་འདི་དག་མི་རྟག་པ་ཡིན་དུ་ཟིན་ཀྱང་ཇི་ལྟར་འདོད་པ་བཞིན་དུ་རྒྱུན་དུ་འཇོག་པར་འགྱུར་བའམ། ཡང་ན་

ནམ་མ་ཤིའི་བར་དུ་གཞན་རྣམས་སྐྱེད་པར་མི་བྱེད་པའི་རིགས་སོ། །མདོ་སྡེ་འདི་གཉིས་ཡོད་དེ། ཆེད་དུ་བསྟན་པ་དང་། ཆེད་དུ་བསྟན་པ་མ་ཡིན་པའི་མདོ་སྡེའོ། །དེ་ལ་ཆེད་དུ་བསྟན་པ་ནི་གང་ཟག་གང་འདུ་བྱེད་བསྟན་པའི་རྣམ་པ་གང་གིས་གདུལ་བར་བྱ་བ་དེའི་ཆེད་དུ་དེའི་རྣམ་པའི་

འདུ་བྱེད་བསྟན་པ་འཇུག་པར་མཛད་པའོ། །ཆེད་དུ་བསྟན་པ་མ་ཡིན་པ་ནི་གང་དུ་འཁོར་བརྒྱ་ཕྲག་དུ་མའི་ནང་དུ་རྣམ་གྲངས་དུ་མར་དགའ་བར་འགྱུར་བའི་གཏམ་མཛད་པའམ་ཡང་ན་སྟོན་པའི་དྲུང་དུ་གནས་པ་ཀུན་དགའ་བོའི་མདུན་དུ་གཏམ་མཛད་པ་གང་ཡིན་པ་སྟེ། འདི་ལྟ་སྟེ། དམ་

Vol. 131 · folio 174a

པའི་ཆོས་ཡུན་རིང་དུ་གནས་པར་མཛད་པའི་ཕྱིར་རོ། །ཡན་ལག་གསུམ་གྱིས་ཡོངས་སུ་ཟིན་ན་མྱ་ངན་ལས་འདས་པ་ཡོངས་སུ་རྫོགས་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། མཐུན་པའི་གདམས་ངག་དང་འདུ་བྱེད་ཐམས་ཅད་ཡང་དག་པར་བརྟགས་པ་དང་

ཉོན་མོངས་པ་ཐམས་ཅད་སྤངས་པའོ། །དེ་ལ་མཐུན་པའི་གདམས་ངག་ནི་ཀུན་བརྗོད་པའི་རྗེས་སུ་སྟོན་པ། ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་བསྡུས་པའི་བསྟན་པ་སྟེ། དེ་ལ་དེ་བཞིན་གཤེགས་པ་གང་གི་སེམས་ཀུན་བརྗོད་པར་བཞེད་པ་ན་ཉིད་ཀྱི་ཐུགས་མཉམ་པར་

བཞག་པས་གཞན་གྱི་སེམས་མ་ལུས་པར་རྣམ་པ་གསུམ་གྱི་སྒོ་ནས་ཁྱད་པར་མཛད་དེ། གཅིག་ནས་གཅིག་ཏུ་བརྒྱུད་པ་འགགས་ནས་ཡུན་རིང་དུ་ལོན་པ་གང་ཡིན་པ་དང་། འགགས་མ་ཐག་པ་གང་ཡིན་པ་དང་། ད་ལྟར་གྱི་དམིགས་པ་ལ་འཇུག་པ་གང་ཡིན་པ་སྟེ།

དེ་ཏིང་ངེ་འཛིན་དེ་ལས་བཞེངས་ནས། ཏིང་ངེ་འཛིན་གྱིས་ཉམས་སུ་མྱོང་བའི་ཕ་རོལ་གྱི་སེམས་ཐུགས་ལ་དགོངས་ནས་ཇི་ལྟར་མྱོང་བ་དེ་ཁོ་ན་བཞིན་དུ་མ་ཚང་བ་མེད་པར་ལུང་སྟོན་པར་མཛད་དེ་སེམས་འདི་ནི་འདི་ལྟ་བུ་ཞིག་གོ་ཞེས་བྱ་བ་ནི་འགགས་ནས་ཡུན་རིང་དུ་ལོན་པའོ། །ཡིད་

ནི་འདི་ལྟ་བུ་ཞིག་གོ་ཞེས་བྱ་བ་ནི་འགགས་མ་ཐག་པ་གང་ཡིན་པའོ། །རྣམ་པར་ཤེས་པ་ནི་འདི་ལྟ་བུ་ཞིག་གོ་ཞེས་བྱ་བ་ནི་ད་ལྟར་གྱི་ཡིན་པ་སྟེ། དེ་ཡང་རིགས་ངེས་པའི་སྒོ་ནས་ཡིན་གྱི། སྐད་ཅིག་པ་ངེས་པའི་སྒོ་ནས་ནི་མ་ཡིན་ནོ། །དེ་ཡང་དེ་བཞིན་དུ་ཀུན་དུ་བརྗོད་

པའི་ཆོ་འཕྲུལ་ལ་བརྟེན་ནས་གནས་གསུམ་དུ་གདམས་ངག་སྟོན་པར་མཛད་དེ། འགྲོ་ཞིང་རྒྱུ་བར་གཏོགས་པ་ལ་ནི་ཡུལ་མངོན་སུམ་དུ་གྱུར་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལ་ནི་གནང་བར་མཛད་དོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་འགོག་པར་མཛད་དོ། །

གནས་པར་གཏོགས་པ་ལ་ནི་རྟོག་པ་ངན་པ་ནི་འགོག་པར་མཛད་དོ། །རྟོག་པ་བཟང་པོ་ནི་གནང་བར་མཛད་དོ། །ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་བརྩོན་པ་ལ་ནི་སྤང་བར་བྱ་བའི་འདུ་བྱེད་ཐམས་ཅད་སྤོང་བ་དང་། ཉོན་མོངས་པ་ཐམས་ཅད་སྤངས་པས་མྱ་ངན་ལས་འདས་པ་

Vol. 131 · folio 174b

མངོན་སུམ་དུ་བྱེད་པ་གནང་བར་མཛད་དོ། །གནས་གསུམ་དུ་གཏོགས་པའི་ཉེ་བའི་ཉོན་མོངས་པ་ལས་སེམས་ཡོངས་སུ་དག་པ་དེ་ནི་གདམས་ངག་བསྟན་པ་ཡིན་ཏེ། འདི་ལྟ་སྟེ། རྒྱུ་ཞིང་འགྲོ་བར་གཏོགས་པ་དང་། གནས་པར་གཏོགས་པ་དང་། རྟན་དུ་གཏོགས་པ་དང་།

འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་འདུ་བྱེད་རྣམས་རྟག་པ་ན་འདུ་བྱེད་ཐམས་ཅད་རྟག་པ་ཞེས་བྱའོ། །ཟག་པ་གསུམ་དང་། ཟག་པ་སྔོན་དུ་འགྲོ་བའི་འདུན་པའི་ཕོངས་པ་དང་། འདུན་པའི་ཕོངས་པ་སྔོན་དུ་འགྲོ་བའི་རྟོག་པས་གདུངས་པ་དང་རྟོག་པས་གདུངས་པ་སྔོན་

དུ་འགྲོ་བའི་ཡུལ་དུ་ཚོལ་བས་འཁྲུགས་པ་ཡང་དག་པར་སྤངས་པས་ན་ཉོན་མོངས་པ་ཐམས་ཅད་སྤངས་པ་ཞེས་བྱའོ། །ཉོན་མོངས་པ་ཐམས་ཅད་སྤངས་པས་ནི་སེམས་རྣམ་པར་གྲོལ་ཏེ་ཡོངས་སུ་ཡི་འཆད་པ་མེད་པས་མཚན་མ་མེད་པའི་བདེ་བར་གནས་པས་གནས་ཤིང་ཚེ་འདི་

ཉིད་ལ་ཡོངས་སུ་རྫོགས་པའི་མྱ་ངན་ལས་འདས་པས་མྱ་ངན་ལས་འདས་པའི་གྲངས་སུ་འགྲོའོ། །ཆོས་གསུམ་ལ་རང་གི་དོན་གྱི་སྒོ་ནས་དེ་ལ་སྐྱབས་སུ་གནས་པ་དང་། གཞན་གྱི་དོན་གྱི་སྒོ་ནས་དེ་ལ་གླིང་དུ་གནས་ཏེ། གསུམ་གང་ཞེ་ན། ནང་གི་ཡིད་ལ་བྱེད་པ་སྔོན་དུ་འགྲོ་བའི་

ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་དུ་བསྒྲུབ་པ་དང་། དེ་བཞིན་གཤེགས་པས་གསུངས་པའི་དམ་པའི་ཆོས་ཉན་པ་དང་། ཆོས་མཐུན་པའི་སྐྱེས་བུ་དམ་པ་ལ་ཡང་དག་པར་བརྟེན་པར་བྱ་བ་ཡིན་གྱི། གཞན་དག་ལ་ནི་བརྟེན་པར་མི་བྱ་སྟེ། འདི་ལྟ་སྟེ། སྐྱེས་བུ་དམ་པ་མ་

ཡིན་པའམ། འདི་ལས་ཕྱི་རོལ་པ་ལས་བརྩམས་ཏེ། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་བསྟེན་པར་མི་བྱ་བ་སྟེ། ཆོས་གསུམ་པོ་འདི་དག་གིས་ནི་མིར་གྱུར་པ་ལ་དབེན་པའི་ཆོས་བཞི་བསྟན་པ་ཡིན་ཏེ། འདི་ལྟ་སྟེ། སྐྱེས་བུ་དམ་པ་ལ་ཡང་དག་པར་བརྟེན་པ་དང་། དམ་པའི་ཆོས་

མཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ནན་ཏན་དུ་བསྒྲུབ་པའོ། །ཡན་ལག་དེས་མྱ་ངན་ལས་འདས་པ་ནི་རྒྱུ་གསུམ་དུ་རིག་པར་བྱའོ། །རྣམ་པ་ལྔས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། སྡུག་བསྔལ་གྱི་གནས་འདུ་བྱེད་ཐམས་ཅད་ཀྱི་ཉེས་

Vol. 131 · folio 175a

དམིགས་མཐོང་བ་དང་། མྱ་ངན་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་ལས་འདས་པའོ། །དེ་ལ་སྡུག་བསྔལ་བའི་རིགས་ལ་བརྟེན་པས་མྱ་ངན་ལ་སོགས་པ་སྐྱེ་བར་འགྱུར་བ་འདི་ནི་དེ་དག་གི་རང་བཞིན་ཡོངས་སུ་ཤེས་པའོ། །རང་གི་ས་བོན་ཡོད་ན་སྐྱེ་བར་

འགྱུར་བ་འདི་ནི་རྒྱུ་ཡོངས་སུ་ཤེས་པའོ། །རང་གི་སྤྱོད་ཡུལ་གྱི་ཡུལ་ལ་བརྟེན་པ་འདི་ནི་རྐྱེན་ཡོངས་སུ་ཤེས་པའོ། །སྡུག་བསྔལ་གྱི་གནས་འདུ་བྱེད་དེ་དག་ལ་བདག་གིར་མངོན་པར་ཞེན་པ་དང་། བདག་ཏུ་ཡང་དག་པར་མཐོང་བ་འདི་ནི་གྲོགས་ཡོངས་སུ་ཤེས་པའོ། །དུས་གསུམ་

དུ་འདོད་པ་དང་ལྡན་པའི་འདུ་བྱེད་རྣམས་ཀྱི་ཉེས་དམིགས་ཡང་དག་པར་མཐོང་ན་མྱ་ངན་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་སྤངས་པ་ནི་ཡན་ལག་དེས་མྱ་ངན་ལས་འདས་པ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །དེ་ལ་སྡུག་པའི་དངོས་པོ་རྣམ་པར་འགྱུར་བ་ལ་མྱ་ངན་བྱེད་པའི་སྒོ་

ནས་སེམས་གཟིར་བ་ནི་མྱ་ངན་ཞེས་བྱའོ། །དེ་ལས་བྱུང་བའི་ཚིག་བརྗོད་པ་ནི་སྨྲེ་སྔགས་འདོན་པའོ། །བྲང་བརྡུང་བའི་ཕྱིར་ནི་སྡུག་བསྔལ་བའོ། །ནང་གི་ཡིད་གདུང་བའི་ཕྱིར་ནི་ཡིད་མི་བདེ་བའོ། །ཀུན་ཏུ་རྨོངས་པར་འགྱུར་བ་ནི་འཁྲུག་པའོ། །གཞན་ཡང་ལོངས་སྤྱོད་དང་ནད་

མེད་པ་དང་། གཉེན་གྱི་སྡུག་བསྔལ་ལས་གང་ཡང་རུང་བའི་སྡུག་བསྔལ་གསར་དུ་འབྱུང་བ་ལ་བརྟེན་ཏེ། ཡིད་མི་བདེ་བར་གྱུར་པ་གང་ཡིན་པ་དེ་ནི་མྱ་ངན་ཞེས་བྱའོ། །དེ་ལ་བརྟེན་ནས་དེའི་རྗེས་ཐོགས་སུ་ཚིག་ཏུ་བརྗོད་པ་དང་ལུས་ཡོངས་སུ་གདུངས་པ་ནི་སྨྲེ་སྔགས་འདོན་པ་དང་

སྡུག་བསྔལ་བའི་གནས་སྐབས་ཡིན་ནོ། །སྨྲེ་སྔགས་འདོན་པ་དང་། ལུས་ཡོངས་སུ་གདུང་བར་བྱེད་པའི་ཡིད་མི་བདེ་བ་ལས་འདས་པ་དེའི་ཉིན་པར་ཅུང་ཟད་ཞི་བར་གྱུར་ཏེ། སེམས་མི་དགའ་བར་གྱུར་པ་གང་ཡིན་པ་དེ་ནི་ཡིད་མི་བདེ་བའི་གནས་སྐབས་སོ། །དང་པོའི་ཉིན་

མོ་ལས་འདས་པའི་འོག་ཏུ་ཡང་དེའི་རྒྱུས་ཉིན་ཞག་གཉིས་སམ་གསུམ་མམ། ལྔའམ་བཅུའམ། ཟླ་བ་ཕྱེད་དམ། ཟླ་བ་གཅིག་གམ། དེ་ལས་ལྷག་པའི་བར་དུ་སེམས་མི་དགའ་བ་ནི་འཁྲུག་པ་ཞེས་བྱའོ། །སྡོམ་ནི། དགྲ་དང་མྱུ་གུ་ལྟ་བུ་ཡི། །ཀུན་ནས་ཉོན་མོངས་རྒྱ་ཆེ་བ། །

Vol. 131 · folio 175b

བགྲོད་པ་གཅིག་དང་དེ་བཞིན་སློབ། །ཡོངས་སུ་ཡི་ཆད་རྣམ་པ་བཞི། །ལེགས་པར་གསུངས་དང་ཉེས་བཤད་ལ། །དྲན་པའི་ཁྱད་པར་ཡོད་པ་ཡིན། །དེ་བཞིན་གཤེགས་པ་ནི་རྣམ་པ་བཞིས་འཇིག་རྟེན་སྡང་བའི་དགྲ་མ་ཡིན་མོད་ཀྱི་འོན་ཀྱང་འཇིག་རྟེན་ནི་དགྲ་ཡིན་ནོ་སྙམ་

དུ་འཛིན་ཏེ། བཞི་གང་ཞེ་ན། རིགས་པའི་དོན་སྟོན་པ་དང་། ཡང་དག་པའི་དོན་སྟོན་པ་དང་། ཕན་པའི་དོན་སྟོན་པ་དང་། ལ་ལར་ཡིད་དང་སྦྱོར་བར་མཛད་པའོ། །འདི་ལ་དེ་བཞིན་གཤེགས་པ་ནི་རིགས་པ་རྣམ་པ་བཞི་ལ་བརྟེན་ནས་ཆོས་སྟོན་པར་མཛད་དེ། སྔ་མ་བཞིན་

དུ་ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། གཏན་ཚིགས་ཀྱིས་བསྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ་སྟེ། དེས་ན་ཆོས་སྨྲ་བ་ཞེས་བྱའོ། །དེ་བཞིན་གཤེགས་པ་ནི་འདི་ལྟ་སྟེ། བརྩད་པར་བྱ་བའི་དོན་དུ་ཀླན་ཀ་བཙལ་བའི་གཞི་ཅུང་ཟད་ཙམ་གྱི་ཕྱིར་

ཆོས་སྟོན་པ་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་པ་རྣམས་ནི་གཞན་གྱི་དོན་ལས་བདག་གི་དོན་ཕྱིན་ཅི་ལོག་པ་དང་། མི་མཐུན་པ་ཡིན་པར་འཛིན་པས་རྩོད་པར་བྱེད་ཀྱི། དེ་བཞིན་གཤེགས་པ་ནི་གཞན་གྱི་དོན་ཉིད་རང་གི་དོན་ཡིན་པས་དེ་རྩོད་པར་ག་ལ་མཛད་དེ།

ཐུགས་བརྩེ་ནས་དེ་ཉིད་ཀྱི་དོན་ཐོབ་པར་མཛད་པའི་ཕྱིར་ཆོས་སྟོན་པ་འབའ་ཞིག་མཛད་དོ། །སྡང་བའི་འཇིག་རྟེན་རྣམས་ནི་འདིའི་དོན་ནི་གཞན་ཁོ་ན་ཡིན་ལ་བདག་ཅག་གི་དོན་ཡང་གཞན་ཡིན་ནོ་སྙམ་དུ་ཕྱིན་ཅི་ལོག་ཏུ་འཛིན་པས་ན་རྩོད་པར་བྱེད་དེ། འདི་ནི་དེ་བཞིན་གཤེགས་པའི་

རིགས་པར་གསུངས་པ་ཡིན་པར་རིག་པར་བྱའོ། །དེ་ལ་དེ་བཞིན་གཤེགས་པའི་ཡང་དག་པར་གསུངས་པ་ནི་འདི་ཡིན་ཏེ། འཇིག་རྟེན་ལ་མཁས་པ་རྣམས་ཡོད་པར་འཛིན་པ་གང་ཡིན་པ་དེ་ལ་ནི་དེ་བཞིན་གཤེགས་པ་ཡང་ཡོད་དོ་ཞེས་གསུངས་ཏེ། འདི་ལྟ་སྟེ། འདུ་བྱེད་རྣམས་ནི་

མི་རྟག་ཅེས་བྱ་བ་ལྟ་བུའོ། །མེད་པར་འཛིན་པ་གང་ཡིན་པ་དེ་ལ་ནི་མེད་དོ་ཞེས་གསུངས་ཏེ། འདི་ལྟ་སྟེ། འདུ་བྱེད་རྟག་པ་ལྟ་བུའོ། །དེ་ལ་དེ་བཞིན་གཤེགས་པའི་ཕན་པར་གསུངས་པ་ནི་འདི་ཡིན་ཏེ། འཇིག་རྟེན་དག་གི་འཇིག་རྟེན་ནི་ཆོས་རྣམས་འཇིག་རྟེན་ལོང་བ་རང་གིས་མི་

Vol. 131 · folio 176a

ཤེས་པ་གང་ཡིན་པ་དེ་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ནས་སྟོན་པར་མཛད་པ་ལྟ་བུའོ། །དེ་ལ་དེ་བཞིན་གཤེགས་པའི་ཁ་ཅིག་ཏུ་འཇིག་རྟེན་གྱི་ཡིད་དང་སྦྱོར་བ་ནི་འདི་ཡིན་ཏེ། ཁ་ཅིག་ནི་རྔ་བཙའ་དང་། ཐུན་བུ་ཐུ་བ་ལ་

བརྟེན་ཏེ་འཚོ་བར་བྱེད་པ་དེ་ལ་སྐྱེ་བོ་དག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བར་འཛིན་ཏེ། སྐྱེ་བོ་དག་ཇི་ལྟར་འཛིན་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་དེ་དང་མཐུན་པར་ཐ་སྙད་འདོགས་པར་མཛད་པ་དང་། འདི་ལྟ་སྟེ། ཡུལ་ཁམས་ཁ་ཅིག་ན་རྫས་གཅིག་པུ་དེ་ཉིད་ལ་མིང་ཐ་དད་

པར་འདོགས་པ་ལ་གང་དུ་ཇི་སྐད་དུ་མིང་འདོགས་པ་དེ་ལ་དེ་ཁོ་ན་བཞིན་དུ་དེ་བཞིན་གཤེགས་པ་ཡང་དེ་དང་མཐུན་པར་ཐ་སྙད་འདོགས་པར་མཛད་པ་ལྟ་བུའོ། །དགྲ་ལ་ནི་དགྲ་ལ་རིགས་པར་སྨྲ་བར་ཡང་མི་བྱེད། ཡང་དག་པར་སྨྲ་བར་ཡང་མི་བྱེད། ཕན་པར་སྨྲ་བར་ཡང་མི་བྱེད།

ཡིད་དང་སྦྱོར་བར་ཡང་མི་བྱེད་དེ་དེ་བས་ན་དེ་བཞིན་གཤེགས་པ་ནི་དགྲ་མ་ཡིན་པར་རིག་པར་བྱའོ། །མ་དྲིས་པར་ཡང་ཉིད་ཀྱིས་དོན་ཡང་དག་པར་གཟིགས་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་སྟོན་ཅིང་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་

འཚམ་པ་དག་གིས་འདོགས་པར་མཛད་དེ། དེ་ནི་འདི་ལྟ་སྟེ། རྣམ་གྲངས་བསྡུ་བ་ལས་ཡང་དག་པར་སྟོན་པ་ཞེས་བྱ་བའི་བར་དུ་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ། །ཡང་སྲིད་པར་སྐྱེ་བའི་མྱུ་གུ་འབྱུང་བ་ལ་ནི་རྒྱུ་གཅིག་དང་རྐྱེན་གཉིས་ཡོད་དེ། འདུ་བྱེད་རྣམ་པ་ལྔ་པོ་དག་ལ་ཉོན་མོངས་

པའི་ས་བོན་དང་ལྡན་པའི་རྣམ་པར་ཤེས་པ་ནི་རྒྱུའོ། །རྣམ་པར་ཤེས་པའི་གནས་གཞི་ཞིང་དང་འདྲ་བ་དང་། དགའ་བ་དང་འདོད་ཆགས་དེས་རྣམ་པར་ཤེས་པ་སྐྱེ་བ་དེ་དང་དེར་ཉིང་མཚམས་སྦྱོར་བའི་ཕྱིར་རླན་པར་བྱེད་པ་ནི་རྐྱེན་ཡིན་ནོ། །དེ་ལ་ཁ་ཅིག་ནི་རྣམ་པར་ཤེས་པའི་གནས་གཞི་ཕུང་པོར་གཏོགས་

པར་འགྱུར་ལ་དགའ་བ་དང་འདོད་ཆགས་ནི་དེས་ཚེ་འདི་ལ་གསར་དུ་བསགས་ཤིང་བསྡུས་ན་དེ་ཡང་དེའི་འོག་ཏུ་དགྲ་བཅོམ་པ་ཐོབ་ནས་རྣམ་པར་ཤེས་པ་ས་བོན་དང་བཅས་པ་དེ་རུལ་བར་བྱེད་ཅིང་མེད་པར་བྱེད་དེ། དེ་ལྟར་ན་དེའི་མྱུ་གུ་འབྱུང་བར་མི་འགྱུར་རོ། །གཞན་ཡང་འདི་ན་ཁ་ཅིག་ནི་འཆིང་བ་ཐམས་

Vol. 131 · folio 176b

ཅད་ཀྱང་ཡོད་ལ་ཡང་དག་པར་ཞུགས་པ་མྱ་ངན་ལས་འདས་པའི་བསམ་པ་ཅན་ཡང་ཡིན་ཏེ། སྐྱེ་བའི་གནས་ཐམས་ཅད་ལ་མི་མཐུན་པའི་འདུ་ཤེས་ཅན་དེ་ནི་འཆིང་བ་ཐམས་ཅད་ཡོད་པའི་ཕྱིར་ས་བོན་ཡང་མེད་པར་མ་གྱུར་ལ་རྣམ་པར་ཤེས་པའི་གནས་ཀྱང་ཉེ་བར་གནས་ཏེ། སྲིད་པ་ཐམས་ཅད་

ལ་ཡང་མི་མཐུན་པའི་འདུ་ཤེས་ཅན་ཡིན་ཏེ། དགའ་བ་དང་འདོད་ཆགས་ནི་མེད་དོ། །དེ་ལྟར་ནན་ཏན་དུ་སྒྲུབ་པ་དེ་ནི་ཚེ་འདི་ཉིད་ལ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བའི་སྐལ་བ་ཅན་ཡིན་ཏེ། དེ་ལ་ཡང་མྱུ་གུ་འབྱུང་བ་མེད་དོ། །གཞན་ཡང་ཁ་ཅིག་ནི་སློབ་པ་ཕྱིར་མི་འོང་བ་ཡིན་

ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷག་མ་སྲིད་པའི་རྩེ་མོ་བསྒྲུབས་ནས་གནས་ཏེ། དེའི་ས་བོན་ནི་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་གྱུར་པ་མ་ཡིན་ཏེ། དེས་ནི་རྣམ་པར་ཤེས་པའི་གནས་དེ་ཡོངས་སུ་ཤེས་ཤིང་ཁོང་དུ་ཆུད་དོ། །བརྗེད་ངས་པའི་དབང་ལས་བྱུང་

བའི་གོང་མའི་སྲིད་པ་ཤས་ཙམ་ནི་ཡོད་དེ། དེ་ལྟར་ན་ཕྱིར་མི་འོང་བ་དེའི་ཕྱི་མ་ལ་འོག་མའི་མྱུ་གུ་འབྱུང་བར་མི་འགྱུར་རོ། །དེ་ལས་བཟློག་པ་ཐམས་ཅད་ལ་ནི་ཡང་སྲིད་པར་སྐྱེ་བའི་མྱུ་གུ་ཡོད་པར་རིག་པར་བྱའོ། །ཀུན་ནས་ཉོན་མོངས་པ་ནི་གཉིས་ཏེ། ལྟ་བའི་ཀུན་ནས་ཉོན་མོངས་

པ་དང་། དེ་མ་ཡིན་པའི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའོ། །དེ་ལ་ལྟ་བའི་ཀུན་ནས་ཉོན་མོངས་པ་ནི་འདུ་བྱེད་རྣམས་ལ་བདག་དང་བདག་གི་རྣམ་པར་ལོག་པར་བཟུང་བས་འཇུག་པའི་འཇིག་ཚོགས་ལ་ལྟ་བ་སྟེ། དེས་ན་འདུ་བྱེད་རྣམས་ལ་བདག་གམ་བདག་གིར་ཁས་ལེན་པ་

དང་། རྩ་བ་དེ་ལས་བྱུང་བ་དེ་དེ་མ་ཡིན་པའི་ཕྱི་རོལ་པའི་ལྟ་བར་གྱུར་པ་རྣམས་ཁས་ལེན་པའོ། །དེ་མ་ཡིན་པའི་ཉོན་མོངས་པར་འདོད་ཆགས་ལ་སོགས་པ་ནི་ཀུན་ནས་ཉོན་མོངས་པ་གཉིས་པ་ཡིན་པར་རིག་པར་བྱའོ། །དེ་ལ་ལྟ་བའི་ཀུན་ནས་ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་ཚེ་

ནི་དེ་མ་ཡིན་པ་རྣམས་ལ་གཏན་དུ་རྣམ་པར་གྲོལ་བར་འགྱུར་བའི་སྐལ་བ་ཅན་དུ་འགྱུར་གྱི། དེ་མ་ཡིན་པ་རྣམས་ལས་རྣམ་པར་གྲོལ་བའི་ཚེ་ནི་ལྟ་བའི་ཀུན་ནས་ཉོན་མོངས་པ་ལས་རྣམ་པར་གྲོལ་བར་འགྱུར་བའི་སྐལ་བ་ཅན་དུ་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདིར་སྐྱེས་པ་

Vol. 131 · folio 177a

ཅི་ཡང་མེད་པའི་སྐྱེ་མཆེད་མན་ཆད་ཀྱི་འདོད་ཆགས་དང་བྲལ་བ་ནི་ས་འོག་མ་པའི་དེ་མ་ཡིན་པའི་ཉོན་མོངས་པ་རྣམས་ལས་འཇིག་རྟེན་པའི་ལམ་གྱི་སེམས་རྣམ་པར་གྲོལ་བར་འགྱུར་གྱི་འཇིག་ཚོགས་ལ་ལྟ་བ་ལས་ནི་མ་ཡིན་ནོ། །དེ་ཡང་དེས་ན་ས་འོག་མ་པ་དང་། ས་

གོང་མ་པའི་འདུ་བྱེད་འདྲེས་པའི་ལུས་ལ་བྱེ་བྲག་མེད་པར་བདག་གམ་བདག་གིར་ཁས་ལེན་ཏེ། དེས་ན་སྲིད་པའི་རྩེ་མོར་སོང་དུ་ཟིན་ཀྱང་ཕྱིར་ལྡོག་པར་འགྱུར་གྱི། འཇིག་རྟེན་ལས་འདས་པའི་ལམ་གྱི་ལུས་ཐམས་ཅད་ལ་སྡུག་བསྔལ་བར་ཡོངས་སུ་ཤེས་པས་འཇིག་ཚོགས་ལ་ལྟ་བ་

སྤོང་བ་སྔོན་དུ་འགྲོ་བའི་ཉོན་མོངས་པ་སྤོང་བས་ཕྱིར་ལྡོག་པར་མི་འགྱུར་ཏེ། དེ་བས་ན་འདིར་ནི་ལྟ་བའི་ཀུན་ནས་ཉོན་མོངས་པ་འབའ་ཞིག་ཀུན་ནས་ཉོན་མོངས་པ་ཆེན་པོ་ཡིན་པར་རིག་པར་བྱའོ། །ལམ་གྱི་བགྲོད་པ་གཅིག་པ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། སོ་སོའི་སྐྱེ་བོའི་ས་ལ་

འདུ་བྱེད་བརྟག་པ་རྣམ་པ་ལྔ་ཡོད་དོ། །བརྟག་པ་དེ་ཉིད་ཀྱང་ཞུགས་པའི་སློབ་པའི་ས་དང་། མི་སློབ་པའི་སའི་དུས་གཉིས་སུ་རྣམ་པར་དག་པར་འགྱུར་བའི་ཕྱིར་རོ། །གནས་ལྔ་བརྟག་པ་གང་ཞེ་ན། འདུ་བྱེད་རྣམས་ཀྱི་རང་བཞིན་བརྟག་པ་དང་། རྒྱུ་བརྟག་པ་དང་། ཀུན་ནས་ཉོན་མོངས་པའི་

རྒྱུ་བརྟག་པ་དང་། རྣམ་པར་བྱང་བའི་རྒྱུ་བརྟག་པ་དང་། རྣམ་པར་བྱང་བ་བརྟག་པའོ། །སྔོན་སོ་སོའི་སྐྱེ་བོའི་གནས་སྐབས་རྣམས་སུ་གནས་ལྔ་ལ་མཁས་པར་གྱུར་ནས་སློབ་པས་གནས་ལྔ་པོ་དེ་དག་ཉིད་ལ་དེ་མ་ཡིན་པ་རྣམ་པ་ལྔས་རྟོག་པ་ནས་མངོན་པར་ཤེས་པ་མྱུར་བར་འགྱུར་ཏེ།

ལྔ་གང་ཞེ་ན། འདུ་བྱེད་རྣམས་ཀྱི་འདུ་བྱེད་ཀྱི་རྒྱུ་དང་། ཀུན་ནས་ཉོན་མོངས་པའི་རྒྱུ་དང་། རྣམ་པར་བྱང་བའི་རྒྱུ་འགོག་པ་ལ་ཞི་བ་དང་། རྣམ་པར་བྱང་བར་འགྱུར་བའི་ལམ་ལ་ངེས་པར་འབྱིན་པ་དང་། འདུ་བྱེད་ཐམས་ཅད་ལ་ཡང་སྣ་ཚོགས་མང་བའི་བདག་ཉིད་ཅན་དང་། རང་

གི་ས་བོན་ལས་སྐྱེ་བ་དང་། དེ་མ་ཡིན་པའི་རྐྱེན་ལས་སྐྱེ་བའོ། །གནས་གཉིས་ལ་སྒྲིབ་པར་བྱེད་པའི་ཡོངས་སུ་ཡི་འཆད་པ་རྣམ་པ་བཞིར་རིག་པར་བྱ་སྟེ། བཞི་གང་ཞེ་ན། གང་གི་གནས་སྐབས་སུ་སྐྱེ་བ་དང་། གང་ལ་བརྟེན་ཏེ་སྐྱེ་བ་དང་། ཇི་ལྟར་སྐྱེ་བ་དང་། རྣམ་པ་ཇི་ལྟ་བུ་

Vol. 131 · folio 177b

སྐྱེ་བའོ། །དེ་ལ་འཕགས་པ་མ་ཡིན་པ་བདེན་པ་རྣམས་ལ་མི་མཁས་པ་ཉི་ཚེའི་སྐྱེ་བར་འགྱུར་ཏེ། འཕགས་པ་མ་ཡིན་པ་དེའི་ཡང་གནས་ལྔ་ལ་མི་མཁས་པ་ལ་སྐྱེ་བར་འགྱུར་རོ། །དེ་ལ་འདུ་བྱེད་རྣམས་ལས་བདག་དང་བདག་གིར་ཁས་ལེན་པའི་རྣམ་པའི་འཇིག་ཚོགས་ལ་ལྟ་

བ་ལས་ནི་བརྟེན་ཏེ་སྐྱེ་བའོ། །དེ་ལ་འདུ་བྱེད་ཡོངས་སུ་འགྱུར་བ་རྣམ་པ་གཉིས་ཀྱིས་ནི་སྐྱེ་བར་འགྱུར་ཏེ། རྐྱེན་གཞན་ཡོངས་སུ་འགྱུར་བ་དང་། རང་གི་སེམས་ཀྱི་ལོག་པར་རྟོག་པ་ཡོངས་སུ་འགྱུར་བའོ། །དེ་ལ་སྡུག་པ་ལས་ཡོངས་སུ་འགྱུར་བ་མ་འོངས་པའི་དོགས་པས་སྐྲག་

པའི་རྣམ་པ་དང་། གྱུར་ཟིན་པའི་འོག་ཏུ་ཕོངས་པའི་རྣམ་པ་དང་། གྱུར་ཟིན་ནས་ཀྱང་སྡུག་པ་དེ་ཡང་འབྱུང་བར་འགྱུར་བ་ལ་ལྟ་བའི་རྣམ་པ་དང་། མྱ་ངན་ལས་འདས་ན་ལུས་ཡོངས་སུ་འགྱུར་བ་ལ་རྟོག་པས་ཡོངས་སུ་ཡི་འཆད་པའི་རྣམ་པ་སྟེ་དེ་དེ་ལྟར་ཞུགས་པས་བསྟན་པ་ལ་

མངོན་པར་དགའ་བ་ལ་ཡང་སྒྲིབ་པར་བྱེད་ལ་མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བ་ལ་ཡང་སྒྲིབ་པར་བྱེད་དོ། །དམིགས་པ་དང་རང་གི་སྤྱོད་ཡུལ་ལ་ནི་སྒོ་གཉིས་ནས་བདག་དང་བདག་གིར་འཛིན་པ་འཇུག་སྟེ། འདི་ལྟ་སྟེ། རྟོག་པ་དང་མྱོང་བའི་སྒོ་ནས་འཇིག་ཚོགས་ལ་ལྟ་བ་

དང་ཚོར་བ་དང་སྦྱར་རོ། །ལེགས་པར་གསུངས་པ་དང་ཉེས་པར་བཤད་པའི་ཆོས་ཅན་གཉིས་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་གཞི་མཚུངས་མོད་ཀྱི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་བྱ་བ་ལ་རྣམ་པ་གསུམ་གྱིས་ཁྱད་པར་ཡོད་པར་རིག་པར་བྱ་སྟེ། གསུམ་གང་ཞེ་ན།

འདི་ན་ཉེས་པར་བཤད་པའི་ཆོས་ཅན་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་ན། འདུ་བྱེད་རྣམས་ཀྱི་རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཏེ། འདུ་བྱེད་དེ་དག་ལ་རྟག་པའམ། ཁ་ཅིག་རྟག་པའམ། མི་རྟག་པའམ། རྒྱུ་མེད་པར་རྟོག་གོ། །

ལེགས་པར་གསུངས་པའི་ཆོས་ཅན་གྱིས་ནི་ཤེས་པས་ན་རྟོག་པར་མི་བྱེད་དེ། འདི་ནི་ཁྱད་པར་དང་པོའོ། །གཞན་ཡང་ཉེས་པར་བཤད་པའི་ཆོས་ཅན་ནི་སྙོམས་པར་འཇུག་པ་གང་ལ་བརྟེན་ཏེ་དྲན་པ་དེ་ལ་སྡུག་བསྔལ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པས་རོ་མྱོང་བར་བྱེད་དེ་རོ་

Vol. 131 · folio 178a

མྱང་བས་འདས་པའི་འདུ་བྱེད་རྣམས་ལ་ནི་ལྟའོ། །མ་འོངས་པ་རྣམས་ལ་ནི་མངོན་པར་དགའོ། །ད་ལྟར་བྱུང་བ་རྣམས་ལ་ནི་སྐྱོ་བར་བྱ་བ་དང་། འདོད་ཆགས་དང་བྲལ་བར་བྱ་བ་དང་། འགོག་པའི་ཕྱིར་མི་འཇུག་གོ། །ལེགས་པར་གསུངས་པའི་ཆོས་

ཅན་དེ་ལས་བཟློག་པར་རིག་པར་བྱ་སྟེ། འདི་ནི་ཁྱད་པར་གཉིས་པའོ། །གཞན་ཡང་ཉེས་པར་བཤད་པའི་ཆོས་ཅན་ནི་དེ་ལྟར་ལོག་པར་ཞུགས་པས་ཀུན་ནས་ཉོན་མོངས་པ་རྣམ་པ་བཞིས་ཀུན་ནས་ཉོན་མོངས་ཤིང་ཡང་སྲིད་པར་སྐྱེ་བ་མངོན་པར་འགྲུབ་པར་བྱེད་དེ། འདི་ལྟ་སྟེ། ལས་ཀྱི་ཀུན་

ནས་ཉོན་མོངས་པ་དང་། ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་གྱི་ཀུན་ནས་དཀྲིས་པའི་ཀུན་ནས་ཉོན་མོངས་པ་དང་། སྲེད་པའི་ཀུན་ནས་དཀྲིས་པའི་ཀུན་ནས་ཉོན་མོངས་པ་དང་། དེ་རྣམས་ཀྱི་བག་ལ་ཉལ་གྱི་ཀུན་ནས་ཉོན་མོངས་པའོ། །དེ་ནི་ལས་གསར་ཡང་བྱེད་ཅིང་སོགས་ལ་ལས་རྙིང་

རྣམས་ལ་ཡང་རེག་ཅིང་འདོར་བར་མི་བྱེད་དེ། འདི་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པའོ། །འདུ་བྱེད་རྣམས་ལ་འཇིག་ཚོགས་ལ་ལྟ་ཞིང་སེམས་ཅན་གཞན་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་ཡོངས་སུ་འཇལ་བར་བྱེད་ཅིང་བརྟགས་ནས་བདག་ནི་ཆེའོ་སྙམ་པའམ། བདག་ནི་མཉམ་མོ་སྙམ་

པའམ་བདག་ནི་ཆུང་ངོ་སྙམ་དུ་འཛིན་པ་འདི་ནི་ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་གྱིས་ཀུན་ནས་དཀྲིས་པའི་ཀུན་ནས་ཉོན་མོངས་པའོ། །སྲེད་པའི་ཀུན་ནས་དཀྲིས་པའི་ཀུན་ནས་ཉོན་མོངས་པ་ནི་ནང་ངམ་ཕྱི་རོལ་ལ་བརྟེན་ནས་སྲེད་པ་སྤྱོད་པ་རྣམས་ལས་རིག་པར་བྱའོ། །དེ་རྣམས་ཀྱི་བག་ལ་

ཉལ་གྱི་ཀུན་ནས་ཉོན་མོངས་པ་ནི་དེ་རྣམས་ཀྱི་རྒྱུ་དང་འབྲེལ་བའི་ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་དང་སྲེད་པའི་ཕྱོགས་ཀྱི་གནས་ངན་ལེན་ཡིན་ནོ། །རྣམ་པ་བཞི་པོ་དེ་རྣམས་ནི་བསྡུས་ན་གཉིས་སུ་འགྱུར་ཏེ། ལས་དང་ཉོན་མོངས་པ་རྣམས་སོ། །ཀུན་ནས་ཉོན་མོངས་པ་རྣམས་ཀྱང་ཀུན་ནས་དཀྲིས་པ་

དང་། བག་ལ་ཉལ་ལོ། །དེ་མ་ཡིན་པའི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཡང་ཡོད་མོད་ཀྱི་འདུ་བྱེད་རྣམས་ལ་ལོག་པར་འཛིན་པ་སྔོན་དུ་འགྲོ་བའི་མངོན་པར་ཆགས་པའི་དབང་དུ་བྱས་ནས་ཉོན་མོངས་པ་འདི་དག་ཉི་ཚེ་སྨོས་སོ། །དེ་ལ་གཞན་ལ་མི་རྟོག་པར་རང་གི་འདུ་བྱེད་རྣམས་ལ་ལྟ་བས་ལོག་

Vol. 131 · folio 178b

པར་འཛིན་པ་དང་། གཞན་ལ་བརྟགས་ནས་ངའོ་སྙམ་པའི་ང་རྒྱལ་གྱིས་ལོག་པར་འཛིན་པའོ། །ལོག་པར་འཛིན་པ་དེ་ཡང་མ་རིག་པའི་ཕྱོགས་སུ་གཏོགས་པ་ཡིན་ནོ། །དེ་སྔོན་དུ་འགྲོ་བའི་མངོན་པར་ཆགས་པ་ནི་སྲེད་པའི་ཕྱོགས་སུ་གཏོགས་པའོ། །འདི་གཉིས་ནི་རྩ་བའི་ཉོན་

མོངས་པ་ཡིན་ཏེ། འདི་གཉིས་ཀྱིས་འཁོར་བའི་རྒྱུན་འཇུག་པར་འགྱུར་རོ། །ལེགས་པར་གསུངས་པའི་ཆོས་འདུལ་བ་ཅན་ནི་དེ་ལྟར་ཡང་དག་པར་ཞུགས་པས་ཀུན་ནས་ཉོན་མོངས་པ་རྣམ་པ་བཞི་སྤངས་ནས་ཚེ་འདི་ལ་ཡོངས་སུ་མྱ་ངན་ལས་འདས་ཤིང་ཡོངས་སུ་རྫོགས་པའི་མྱ་ངན་

ལས་འདས་པ་དེ་ལ་ཡང་གཏན་དུ་གནས་པར་འགྱུར་རོ། །ཅིག་ཤོས་ནི་ཡན་ལག་དེས་མྱ་ངན་ལས་འདས་པ་ལ་ཡང་གཏན་དུ་གནས་པ་མ་ཡིན་ཏེ་འདི་ནི་ཁྱད་པར་གསུམ་པའོ། །དེ་ལ་ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་གཉིས་ནི་ཆེ་བ་ཞེས་བྱའོ། །སྲེད་པ་ནི་དུད་པ་ཞེས་བྱའོ། །

དེ་ཅིའི་ཕྱིར་ཞེ་ན། འདུ་བྱེད་རྣམས་ལ་ལྟ་བ་དང་ངའོ་སྙམ་པའི་ང་རྒྱལ་གཉིས་ཀྱིས་བསྒྲིབས་པས་འདུ་བྱེད་རྣམས་རང་བཞིན་གྱིས་ཐ་ཆད་ཡིན་པར་མ་ཤེས་ནས་ལྷ་དང་མི་རྣམས་ཀྱི་ནང་དུ་ལུས་དང་ལོངས་སྤྱོད་ཆེ་བར་འདོད་དེ། །དེ་བས་ན་ཆེ་བ་ཞེས་བྱའོ། །དུད་པ་དང་འདྲ་བར་སེམས་ཐ་

མལ་པར་གནས་པར་རབ་ཏུ་མི་བྱེད་ཅིང་རྣམ་པར་འཁྲུག་པར་བྱེད་པས་ན་དེའི་ཕྱིར་དུད་པ་ཞེས་བྱའོ། །སྡོམ་ནི། ཉེས་དམིགས་མེད་དང་འདུན་པ་མེད། །འདྲི་བའི་ལན་ལ་ནོར་བ་མེད། །མཚན་ཉིད་དང་ནི་བར་དུ་གཅོད། །ངོ་མཚར་དང་ནི་རྒྱུ་འཇིག་དང་། །ཀུན་ནས་ཉོན་མོངས་གཅིག་

ཏུ་ངེས། །གཉི་ག་ཡང་ནི་ཐ་མ་ཡིན། །འདི་གཉིས་ནི་དད་པ་ཅན་ཡིན་ཡང་དད་པ་དང་འཚམ་པའི་སྤྱོད་པ་དང་ལྡན་པ་མ་ཡིན་ཏེ། གཉིས་གང་ཞེ་ན། ཁྱིམ་པ་དད་པ་ཅན་མྱ་ངན་ལས་འདས་པ་དང་། འདུ་བྱེད་མི་རྟག་པ་ལ་ནི་དད་ལ་འདུ་བྱེད་རྣམས་ཉེས་དམིགས་སུ་མི་ལྟ་བར་གནས་

པ་དང་། ངེས་པར་འབྱུང་བ་མི་ཤེས་པས་ཡོངས་སུ་སྤྱོད་པ་གང་ཡིན་པ་དང་། ཁྱིམ་སྤངས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དད་པ་ཅན་ཡིན་དུ་ཟིན་ཀྱང་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་འདུན་པ་དྲག་པོས་གནས་པ་མེད་པ་དང་། ཚེ་འདི་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་

Vol. 131 · folio 179a

བར་བྱ་བའི་ཕྱིར་འདུན་པ་ལ་བརྟེན་པས་དགེ་བའི་ཆོས་རྣམས་བསྒོམ་པ་ལ་རྟག་ཏུ་སྦྱོར་བར་ཡང་མི་བྱེད་པ་གང་ཡིན་པའོ། །དེ་ལས་བཟློག་པ་ནི་དད་པ་དང་འཚམ་པའི་སྤྱོད་པ་གཉིས་ཡིན་པར་རིག་པར་བྱའོ། །འདི་གཉིས་ནི་ཆོས་འདི་པ་མཁས་ཤིང་གསལ་བ་

ལ་དད་པ་ཅན་ནམ། མུ་སྟེགས་ཅན་གྱིས་དྲིས་པའི་ལན་འདེབས་པ་ལ་ནོར་བ་མེད་པ་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། དབུ་མའི་ལམ་ལ་བརྟེན་ནས་འདུ་བྱེད་རྣམས་ཀྱི་འབྱུང་བ་དང་འཇིག་པ་ལས་བརྩམས་ཏེ་སེམས་ཅན་དུ་སྒྲོ་མི་འདོགས་པ་དང་། དངོས་པོ་ཡོད་པ་བདེན་པ་ལ་

ཡང་སྐུར་པ་མི་འདེབས་པར་འདུ་བྱེད་ཙམ་ཉི་ཚེ་སྐྱེ་བའམ་འཇིག་པ་ཡོད་པར་སྟོན་པ་དེ་ནི་འདྲི་བའི་ལན་འདེབས་པ་ལ་ནོར་བ་མེད་པ་ཡིན་ནོ། །སེམས་ཅན་རྣམས་སྐྱེ་བའམ་འཇིག་པ་ཡོད་དོ་ཞེས་བྱ་བ་འདི་ནི་སྒྲོ་འདོགས་པའི་མཐའ་སྟེ་མཐའ་གཅིག་གོ། །ཅི་ཡང་སྐྱེ་བའམ་འཇིག་པ་

མེད་དོ་ཞེས་བྱ་བ་ནི་སྐུར་པ་འདེབས་པའི་མཐའ་སྟེ་གཉིས་པའོ། །འདུ་བྱེད་ཙམ་གྱི་སྐྱེ་བའམ་འཇིག་པ་ཡོད་དོ་ཞེས་བྱ་བ་ནི་དབུ་མའི་ལམ་སྟེ་མཐའ་གཉིས་ལས་རྣམ་པར་གྲོལ་བ་ཡིན་ནོ། །དེ་བས་ན་དེས་ལན་འདེབས་པ་ནི་ལན་གདབ་པ་ལེགས་པ་ཡིན་ཏེ། དེ་བཞིན་གཤེགས་པས་

བསྟོད་པ་ཡིན་ནོ། །ཡང་ན་ཅིའི་ཕྱིར་དགེ་སྦྱོང་གཽ་ཏ་མའི་ཐད་དུ་ཚངས་པར་སྤྱོད་པ་ཉམས་སུ་ལེན་པར་བྱེད་ཅེས་དྲིས་ན་སྔ་མ་བཞིན་དུ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་གཉིས་སྤངས་པའི་དབུ་མའི་ལམ་གྱིས་ལན་འདེབས་པ་ནི་ལན་འདེབས་པ་ལ་ནོར་བ་མེད་པ་ཡིན་ནོ། །

སེམས་ཅན་ཀུན་ནས་ཉོན་མོངས་པ་ཅན་རྣམས་རྣམ་པར་བྱང་བར་བྱ་བའི་ཕྱིར་ཉམས་སུ་ལེན་ཏོ་ཞེས་བྱ་བ་འདི་ནི་མཐའ་གཅིག་གོ། །ཅིའི་དོན་གྱི་ཕྱིར་ཡང་ཉམས་སུ་ལེན་པ་མེད་དོ་ཞེས་བྱ་བ་འདི་ནི་མཐའ་གཉིས་པའོ། །འདུ་བྱེད་རྣམས་ལ་སྐྱོ་བར་བྱ་བའི་ཕྱིར་དང་། འདོད་ཆགས་དང་

བྲལ་བར་བྱ་བའི་ཕྱིར་དང་། འགོག་པར་བྱ་བའི་ཕྱིར་ཉམས་སུ་ལེན་ཏོ་ཞེས་བྱ་བ་འདི་ནི་དབུ་མའི་ལམ་སྟེ། དེ་བས་ན་དེས་ལན་འདེབས་པ་ནི་མ་ནོར་ཞིང་ལེགས་པ་ཡིན་ནོ། །དེ་བཞིན་གཤེགས་པས་བསྔགས་པ་ཡིན་པར་རིག་པར་བྱའོ། །འདི་གཉིས་ནི་འདུས་བྱས་དང་། འདུས་མ་

Vol. 131 · folio 179b

བྱས་པ་སྟེ། དེ་ལ་འདུས་བྱས་ཀྱི་མི་རྟག་པ་ནི་འདུས་བྱས་ཀྱི་མཚན་ཉིད་གསུམ་གྱིས་ཤེས་པར་འགྱུར་ཏེ། འདི་ལྟ་སྟེ། སྐྱེ་བ་དང་འཇིག་པ་དང་གནས་པ་ལས་གཞན་དུ་འགྱུར་བའོ། །མཚན་ཉིད་གསུམ་པོ་དེ་དག་ཀྱང་འདུ་བྱེད་ཀྱི་རྒྱུན་གཉིས་ལ་བརྟེན་ནས་ཤེས་པར་འགྱུར་ཏེ། འདི་ལྟ་སྟེ།

ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་དང་། སྐད་ཅིག་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒྱུན་ནོ། །དེ་ལ་རྒྱུན་སྔ་མ་ཤོས་ཀྱི་སེམས་ཅན་གྱི་རིས་དེ་དང་དེར་སྐྱེ་བ་གང་ཡིན་པ་དེ་ནི་སྐྱེ་བའོ། །ཐ་མར་འཆི་བ་ནི་འཇིག་པའོ། །ཐོག་མ་དང་ཐ་མའི་བར་གཞོན་ནུ་ལ་སོགས་པའི།

གནས་སྐབས་རྣམས་སུ་ནི་གནས་པ་ལས་གཞན་དུ་འགྱུར་བ་སྟེ། ཚེའི་ཚད་ཇི་ཙམ་པར་གནས་པས་ན་གནས་པའོ། །གནས་སྐབས་ཕྱི་མ་ཕྱི་མའི་བྱེ་བྲག་ཡོད་པས་ན་གཞན་དུ་འགྱུར་བའོ། །དེ་ནས་རྒྱུན་ཕྱི་མ་ཤོས་ཀྱི་སྐད་ཅིག་སྐད་ཅིག་ལ་འདུ་བྱེད་རྣམས་སར་པ་སར་པ་སྐྱེ་བ་གང་ཡིན་པ་

དེ་ནི་སྐྱེ་བའོ། །སྐྱེ་བའི་སྐད་ཅིག་པ་དེ་ལས་ལྷག་པར་མི་གནས་པ་ནི་འཇིག་པའོ། །སྐྱེ་བའི་སྐད་ཅིག་པ་ཙམ་ལ་གནས་པ་ནི་གནས་པའོ། །གཞན་དུ་འགྱུར་བ་ནི་གཉིས་ཏེ། ཐ་དད་པའི་གཞན་དུ་འགྱུར་བ་དང་། ཐ་དད་པར་འགྱུར་བའི་གཞན་དུ་འགྱུར་བའོ། །དེ་ལ་ཐ་དད་པའི་གཞན་དུ་

འགྱུར་བ་ནི་འདུ་བྱེད་རྒྱུན་འདྲ་བར་འཇིག་པ་གང་ཡིན་པའོ། །ཐ་དད་པར་འགྱུར་བའི་གཞན་དུ་འགྱུར་བ་ནི་རྒྱུན་མི་འདྲ་བར་འཇུག་པ་གང་ཡིན་པའོ། །གཞན་དུ་འགྱུར་བའི་ལུས་ནི་གནས་པ་ལས་ལོགས་ཤིག་ན་མེད་དེ་དེ་བས་ན་འདི་གཉིས་གཅིག་ཏུ་བསྡུས་ནས་མཚན་ཉིད་གཅིག་ཏུ་འདོགས་སོ། །

དེ་ལས་བཟློག་པ་ལས་ནི་འདུས་མ་བྱས་པའི་མཚན་ཉིད་གསུམ་དང་རྟག་པ་ཉིད་དུ་རིག་པར་བྱའོ། །གསུམ་པོ་འདི་དག་ནི་མྱ་ངན་ལས་འདས་པའི་ཚོགས་བསགས་པའི་བར་དུ་གཅོད་པ་ཡིན་པར་རིག་པར་བྱ་སྟེ། ལས་ཀྱི་མཐའ་རྒྱ་ཆེན་པོས་ལོངས་སྤྱོད་ཕུན་སུམ་ཚོགས་པའི་སྒོ་ནས་བག་མེད་པར་གྱུར་

བ་དང་། དགེ་བའི་བཤེས་གཉེན་གྱིས་སྐུལ་བ་མེད་པ་དང་། ཆོས་མ་ཐོས་ཤིང་ཆོས་མ་ཐོབ་པར་དུས་མ་ཡིན་པར་འཆི་བའི་རྐྱེན་གང་ཡང་རུང་བ་དང་ཕྲད་ནས་འཆི་བའོ། །དེ་ལས་བཟློག་པ་ནི་བར་དུ་གཅོད་པ་མེད་པ་གསུམ་དུ་རིག་པར་བྱའོ། །འདི་གཉིས་ནི་འཕགས་པ་ཤི་བ་དང་དུས་ལས་

Vol. 131 · folio 180a

འདས་པའི་འཕགས་པའི་རྟགས་ཡིན་ཏེ། འདི་ལྟ་སྟེ། འཆི་བའི་ཚེ་དབང་པོ་དང་བ་དང་། སྟོན་པས་ལུང་བསྟན་པའོ། །སྟོན་པ་ནི་འཕགས་པ་འདས་པ་ན་རྣམ་པ་གསུམ་གྱིས་འཕགས་པ་ཡིན་པར་ལུང་སྟོན་པར་མཛད་དེ། རིགས་དང་ལྡན་པའི་ཕྱིར་ནོར་དུ་གྱུར་པར་ལུང་

སྟོན་པ་དང་། ངའི་ཆོས་ཀྱི་རྗེས་སུ་མཐུན་པ་རྟོགས་སོ་ཞེས་བྱ་བ་ལ་ཆོས་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་སྔོན་དུ་འགྲོ་བའི་ལམ་མོ། །དེའི་རྗེས་སུ་མཐུན་པའི་ཆོས་ནི་ཆོས་དེ་ལས་བརྩམས་པའི་ཕ་རོལ་གྱི་སྒྲ་སྟེ། ཚུལ་བཞིན་ཡིད་ལ་བྱེད་པའི་རྟེན་ཏོ། །འདི་ལྟ་སྟེ། ཆོས་ཀྱི་

སྐབས་ནས་ང་ལ་འཚེ་བར་མི་བྱེད་པའོ་ཞེས་བྱ་བའོ། །དེའི་དོན་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བཀའ་སྩལ་པའི་དོན་དང་། གསུངས་པའི་དོན་ནི་འདི་ལྟ་སྟེ། ཟག་པ་རྣམས་ཟད་པར་བྱ་བ་དེའི་ཕྱིར་ཡིན་ལ་ཟག་པ་ཟད་པ་དེ་ཡང་དེས་ཐོབ་བོ། །འདི་གཉིས་ནི་དེ་བཞིན་གཤེགས་

པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཡིན་ཏེ། འདི་ལྟ་སྟེ། མ་དད་པ་རྣམས་དད་པར་བྱ་བ་དང་། དད་པ་རྣམས་ཕྱིར་ཞིང་འཕེལ་བར་བྱ་བ་དང་། བསྟན་པ་འདི་ལ་མྱུར་དུ་འཇུག་པར་བྱ་བའི་ཕྱིར། འདི་ལྟ་སྟེ། སྟོན་པ་ཡིན་པའི་རྣམ་པའམ། ཆོས་བསྟན་པའི་རྣམ་པའམ། མཆོག་

གི་ཐོབ་པ་བརྙེས་པའི་རྣམ་པ་ལས་བརྩམས་ཏེ་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དགེ་བ་དང་རྒྱ་ཆེ་བར་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་དང་ལྡན་པ་དང་རྒྱུ་མེད་པར་སྨྲ་བ་དང་མི་མཐུན་པར་སྨྲ་བ་སྤངས་ནས་ཡང་དག་པའི་རྒྱུ་གསུངས་པ་སྟེ། འདི་ལྟར་རྒྱུ་མེད་པ་དང་། རྒྱུ་མི་མཐུན་

པར་སྨྲ་བ་ནི་འདི་ལྟ་སྟེ། མཁས་པ་རྣམས་ཀྱིས་བདེ་འགྲོར་འགྲོ་བ་དང་། ཐར་པར་འགྲོ་བའི་ཕྱིར་མོས་པའི་གནས་ཀྱང་མ་ཡིན་ན་འཇུག་པར་འགྱུར་བ་དང་ནན་ཏན་དུ་སྒྲུབ་པར་ལྟ་ག་ལ་འགྱུར། ཡང་དག་པའི་རྒྱུ་སྨྲ་བ་ནི་དེ་ལས་བཟློག་པ་ལས་རིག་པར་བྱའོ། །དེ་ལ་སྟོན་པའི་རྣམ་པ་རྣམས་

ནི་འདི་ལྟ་སྟེ། འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཞེས་བྱ་བའི་བར་དག་ཡིན་ཏེ། རྒྱས་པར་རྣམ་གྲངས་བསྡུ་བ་ལས་འབྱུང་བ་བཞིན་ནོ། །བསྟན་པའི་རྣམ་པ་རྣམས་ནི་འདི་ལྟ་སྟེ། དམ་པའི་ཆོས་བསྟན་པ་སྟེ།

Vol. 131 · folio 180b

ཐོག་མར་ཡང་དགེ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ་དེ་དག་ཀྱང་རྣམ་གྲངས་བསྡུ་བ་ཉིད་ལས་རིག་པར་བྱའོ། །དེ་ལ་མཆོག་གི་ཐོབ་པ་བརྙེས་པའི་རྣམ་པ་རྣམས་ནི་འདི་ལྟ་སྟེ། དེས་ནི་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཡང་ཉིད་ཀྱི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་

རྒྱས་སོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་ལ་འདོད་པའི་ཁམས་ནི་འཇིག་རྟེན་འདིའོ། །གཟུགས་དང་གཟུགས་མེད་པའི་ཁམས་ནི་འཇིག་རྟེན་ཕ་རོལ་ལོ། །རྣམ་གྲངས་གཉིས་པ་ནི་ད་ལྟར་དང་། མ་འོངས་པ་དང་། འདས་པའི་དུས་ཀྱི་བྱེ་བྲག་ལས་རིག་པར་བྱའོ། །སློབ་

དཔོན་མེད་པས་ན་ཉིད་དོ། །མངོན་པར་ཤེས་པ་ཞེས་བྱ་བ་ནི་རྣམ་པ་དྲུག་པས་སོ། །མངོན་སུམ་དུ་བྱས་ཞེས་བྱ་བ་ནི་མངོན་སུམ་དུ་དམིགས་པའི་ཕྱིར་རོ། །བསྒྲུབས་ཏེ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ཕྱིར་རོ། །མཆོག་དེ་ཉིད་ཀྱིས་ཀྱང་མཁྱེན་ལ་གཞན་

དག་ལ་ཡང་སྟོན་པས་ན་བརྡ་སྤྲོད་པའོ། །རྒྱུ་མེད་པར་སྨྲ་བ་རྣམས་ནི་རྣམ་པ་གཉིས་ཀྱིས་འདུ་བྱེད་རྣམས་ལ་རྒྱུ་མེད་པར་འཛིན་པ་འཇུག་པར་འགྱུར་ཏེ། དེ་དག་ནི་འདུ་བྱེད་རྣམས་ཀྱི་སྐྱེ་བའི་རྒྱུ་དང་། འཇིག་པའི་རྒྱུ་ཡང་རབ་ཏུ་མི་ཤེས་ཏེ། གང་སྐྱེས་པས་འདུ་བྱེད་གང་དག་སྐྱེ་

བར་འགྱུར་བ་དང་། གང་འགགས་པས་གང་དག་འགག་པར་འགྱུར་བའོ། །དེ་དག་གིས་དེ་གཉིས་ནི་མི་དམིགས་ལ་འདུ་བྱེད་རྣམས་ནི་དམིགས་པས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། ཡོད་པ་གང་ཡིན་པ་དེ་ནི་ཡོད་པ་ཁོ་ནའོ། །མེད་པ་གང་ཡིན་པ་དེ་ནི་མེད་པ་ཁོ་ནའོ། །

མེད་པ་ལ་ནི་སྐྱེ་བ་མེད་དོ། །ཡོད་པ་ལ་ནི་འཇིག་པ་མེད་དོ་སྙམ་མོ། །དེ་སྐད་དུ་སྨྲ་བ་དེ་དག་ནི་གནས་སྐབས་གསུམ་དུ་འདུ་བྱེད་རྣམས་ཀྱི་སྐྱེ་བ་དང་འཇིག་པའི་དམིགས་པ་འཇིག་རྟེན་ཐམས་ཅད་ཀྱིས་ཤེས་པ་རགས་པ་མངོན་སུམ་གྱི་ཚད་མར་གྱུར་པ་ལ་སྐུར་པ་འདེབས་ཏེ། འདི་ལྟ་སྟེ།

རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་ཀྱི་གནས་དེ་དང་དེར་སྐྱེས་པ་དང་བུད་མེད་ཕྲད་པའི་རྒྱུས་ཟླ་བ་བརྒྱད་དམ་དགུ་འདས་པ་ན་ཁྱེའུ་འམ་བུ་མོ་འབྱུང་བར་འགྱུར་བ་དང་། དེ་ལྟར་བྱུང་ནས་ཀྱང་ཁ་ཅིག་ནི་དེ་ཉིད་ཀྱི་མོད་ལ་ཚེ་ཟད་དེ་བར་མ་དོར་འཆི་བ་དང་།

Vol. 131 · folio 181a

གཞན་ཡང་འདི་ན་ཁ་ཅིག་ནི་ཚེའི་ཚད་ཇི་ཙམ་པར་གནས་པ་དང་། གསོན་ཞིང་འདུག་ལ་སྡོད་ཅིང་འཚོ་སྟེ་བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བའི་གནས་སྐབས་ཀྱི་བྱེ་བྲག་གིས་སེམས་ལས་བྱུང་བའི་

ཆོས་རྣམས་སར་པ་སར་པ་ཡིན་གྱི། རྙིང་པ་རྙིང་བ་མ་ཡིན་ནོ། །འདི་གཉིས་ནི་བདག་བསྟོད་པ་དང་། གཞན་སྨོད་པ་སྟེ། འདི་ལྟ་སྟེ། ཚིག་ཙམ་གྱིས་བྱེད་པ་དང་། སྟོན་ཅིང་ནན་ཏན་དུ་སྒྲུབ་པས་བྱེད་པའོ། །དེ་ལ་ཚིག་ཙམ་གྱིས་བདག་བསྟོད་པ་དང་གཞན་སྨོད་པ་གང་

ཡིན་པ་དེ་དག་ནི་སྐྱེས་བུ་དམ་པ་མ་ཡིན་པའི་ཆོས་དེས་ཟིལ་གྱིས་ནོན་ཅིང་ཡོངས་སུ་ཟིན་པའི་སེམས་ཀྱིས་དམ་པ་རྣམས་ཀྱི་ནང་དུ་བདག་ཉིད་སྨད་པར་འགྱུར་གྱི། བསྟོད་པར་མི་འགྱུར་རོ། །བསྟོད་ཅིང་ནན་ཏན་དུ་སྒྲུབ་པས་བྱེད་པ་ནི་མ་བསྟོད་པ་དང་མ་སྨད་པ་རྣམས་ཀྱིས་བདག་ཉིད་བསྟོད་

པ་དང་གཞན་དག་སྨད་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་ནི་མི་ཤེས་པ་རྣམ་པ་གཉིས་མྱུར་དུ་སེལ་བར་བྱེད་པ་སྟེ། དམ་པའི་ཆོས་མ་ཡིན་པ་ལ་མོས་པས་ཡུན་རིང་པོ་ནས་སྐྱེས་པ་དང་། ཉེ་བར་སྐྱེས་པའོ། །དེ་བཞིན་དུ་ལྷན་ཅིག་སྐྱེས་པ་བདེ་

འགྲོར་འགྲོ་བའི་ལམ་མི་ཤེས་པ་དང་། ཚེ་འདི་ལ་མྱ་ངན་ལས་འདའ་བར་འགྲོ་བའི་ལམ་མི་ཤེས་པའོ། །འདུ་བྱེད་དུ་གཏོགས་པ་རྣམ་པ་བཅུ་གཅིག་གཅིག་ཏུ་བསྡུས་ན་འདུ་བྱེད་ཀྱི་ཚོགས་སུ་འགྱུར་ཏེ། ཚོགས་ཀྱི་དོན་ནི་ཕུང་པོའི་དོན་དུ་རིག་པར་བྱའོ། །ཀུན་ནས་ཉོན་མོངས་

པའི་རྒྱུ་གཅིག་ཏུ་ངེས་པའི་དབང་དུ་བྱས་ནས་ཉེ་བར་ལེན་པའི་ཕུང་པོ་རྣམ་པར་གཞག་པར་རིག་པར་བྱའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུ་རྣམ་པ་གཉིས་ཀྱི་དབང་དུ་བྱས་ནས་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་འདུ་བྱེད་རྣམ་པར་གཞག་པར་རིག་པར་བྱའོ། །

འདུ་བྱེད་རྣམས་ལ་ཉོན་མོངས་པ་སྐྱེ་བ་ནི་རྣམ་པ་གསུམ་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ། རྟེན་དང་། དམིགས་པ་དང་གྲོགས་སོ།། །།རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ། བམ་པོ་དྲུག་པ། སྡོམ་ནི། མཛད་པ་ཉུང་དང་རང་བཞིན་སོགས། །འཕགས་པའི་

Vol. 131 · folio 181b

བསྟན་པ་རྣམ་པ་གསུམ། །དམ་ཆོས་ལྟ་བུར་བཅོས་པ་དང་། །སེམས་ཉིད་ཀུན་དུ་རྨོངས་པའི་གནས། །ལན་མི་འདེབས་དང་རྣམ་པར་འགྱུར། །སྟོན་པ་ལ་ནི་བརྗོད་པ་དང་། །ལྟ་བ་ཕུན་སུམ་ཚོགས་པ་གསུམ། །ཕྱི་རོལ་རྣམས་ཀྱི་བྱིས་པའི་རྟགས། །དེ་བཞིན་གཤེགས་པ་

རྣམས་ནི་རྒྱུ་གསུམ་གྱིས་མཛད་པ་ཉུང་ངུར་གནས་པ་ལ་ཐུགས་འཇུག་པར་མཛད་དེ། དེའི་མོད་ལ་འདུལ་བའི་དོན་རྫོགས་པར་གྱུར་ནས་ཚེ་འདི་ལ་བདེ་བར་གནས་པ་གནས་པར་བཞེད་པ་དང་། ཉན་ཐོས་རྣམས་ཀྱིས་ནན་ཏན་དུ་སྒྲུབ་པ་ཉམས་སུ་ལེན་པ་དང་། འདུལ་བ་དོན་མང་ཞིང་བྱ་བ་

མང་བ་ལ་ཞུགས་པ་རྣམས་གདུལ་བའི་ཕྱིར་རོ། །ཉིན་པར་གནས་ཤིང་ནང་དུ་ཡང་དག་འཇོག་པའི་རྒྱུ་ཐམས་ཅད་ནི་སྔ་མ་བཞིན་དུ་འདིར་ཡང་རིག་པར་བྱའོ། །བཞི་པོ་འདི་དག་ནི་འདུལ་བ་རྣམས་ཀྱིས་འདུལ་བའི་རང་བཞིན་ཡིན་ཏེ། འདི་ལྟ་སྟེ། ཀུན་དུ་རྨོངས་པ་རྣམས་དང་། བག་

མེད་པ་རྣམས་དང་། སེམས་ཞུམ་པ་རྣམས་དང་། ཡང་དག་པར་ཞུགས་པ་རྣམས་སོ། །རྣམ་པ་བཞིས་ནི་གནས་བཞི་ལ་གུས་པ་སྐྱེས་ཏེ། གནས་པས་མྱུར་བ་ཉིད་དུ་བླ་ན་མེད་པ་ཐོབ་པར་འགྱུར་ཏེ། ཐོབ་པར་བྱ་བ་གང་ཡིན་པ་དེ་ལ་འདུན་པ་དྲག་པ་དང་། ཐོབ་པར་བྱ་བའི་ཐབས་

འདི་ལྟ་སྟེ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་དུ་སྒྲུབ་པ་གང་ཡིན་པ་དེ་ལ་སྡུག་པར་འཛིན་པ་དྲག་པ་དང་། སྟོན་པ་ལ་ཕངས་པར་འཛིན་པ་དྲག་པ་དང་། དེས་བསྟན་པའི་ཆོས་ལ་དད་པ་དྲག་པའོ། །བླ་ན་མེད་པ་ནི་གསུམ་སྟེ། འདི་ལྟ་སྟེ། ཤེས་པ་བླ་ན་མེད་པ་དང་།

ལམ་བླ་ན་མེད་པ་དང་། རྣམ་པར་གྲོལ་བ་བླ་ན་མེད་པའོ། །དེ་ལ་ཤེས་པ་བླ་ན་མེད་པ་ནི་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། མི་སློབ་པའི་ཡང་དག་པའི་ལྟ་བའོ། །མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་ནི་ལམ་བླ་ན་མེད་པའོ། །སེམས་རྣམ་པར་གྲོལ་བ་ཉམས་པ་མེད་

པ་ནི་རྣམ་པར་གྲོལ་བ་བླ་ན་མེད་པ་སྟེ། དེ་རྣམས་བསྡུས་པ་ནི་ཤེས་པ་དང་། སྤོང་བ་དང་། ཚེ་འདི་ལ་བདེ་བར་གནས་པ་ཞེས་བྱ་བར་རིག་པར་བྱའོ། །སློབ་པའི་ཤེས་པ་གང་ཡིན་པ་དང་། ལམ་གང་ཡིན་པ་དང་། རྣམ་པར་གྲོལ་བ་གང་ཡིན་པ་དེ་དག་ནི་བླ་ན་མེད་པ་མ་ཡིན་ཏེ། བླ་

Vol. 131 · folio 182a

ན་ཡོད་པའི་ཕྱིར་རོ། །དགྲ་བཅོམ་པའི་ལམ་ཐམས་ཅད་ནི་མངོན་པར་ཤེས་པ་སླ་བ་དང་། མྱུར་བར་རིག་པར་བྱ་སྟེ། གནས་ངན་ལེན་ཐམས་ཅད་བཅོམ་པ་དང་བྱ་བ་བྱས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་བརྟེན་པ་འདུ་བྱེད་རྣམས་རབ་ཏུ་

རྣམ་པར་འབྱེད་པ་ན་དུས་གཉིས་སུ་རྣམ་པ་བཞིས་འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་ན་དུས་གཉིས་ཀྱི་རྗེས་ཐོགས་སུ་ཟག་པ་ཟད་པ་ཐོབ་པར་འགྱུར་ཏེ། དུས་གཉིས་པོ་གང་ཞེ་ན། སོ་སོའི་སྐྱེ་བོའི་ས་དང་། མཐོང་བའི་སའོ། །རྣམ་པ་བཞི་པོ་གང་ཞེ་ན། འདི་ལྟ་སྟེ། རང་བཞིན་

དང་། གནས་དང་། ཀུན་ནས་སློང་བ་དང་། འབྲས་བུའོ། །དེ་ལ་འཇིག་ཚོགས་ལ་ལྟ་བའི་རང་བཞིན་ནི་འདུ་བྱེད་དོ། །འདུ་བྱེད་རྣམ་པ་ལྔ་ནི་དེའི་བདག་གམ་བདག་གིར་དམིགས་པའི་གནས་ཡིན་ནོ། །ལྟ་བའི་ཉེ་བར་ལེན་པས་བསྡུས་པ་དེའི་ཀུན་ནས་སློང་བ་ནི་མ་རིག་པའི་

འདུས་ཏེ་རེག་པ་ལས་བྱུང་བའི་རྐྱེན་གྱིས་བྱུང་བའི་སྲེད་པའོ། །དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་རིམ་པ་རྣམ་པ་ལྔས་འབྱུང་སྟེ་འདི་ལྟ་སྟེ། ཁམས་སྣ་ཚོགས་ཀྱི་རྐྱེན་གྱིས་ནི་རེག་པ་སྣ་ཚོགས་འབྱུང་ངོ་། །རེག་པ་སྣ་ཚོགས་ཀྱི་རྐྱེན་གྱིས་ནི་ཚོར་བ་སྣ་ཚོགས་འབྱུང་ངོ་། །ཚོར་བ་

སྣ་ཚོགས་ཀྱི་རྐྱེན་གྱིས་ནི་སྲེད་པ་སྣ་ཚོགས་འབྱུང་ངོ་། །སྲེད་པ་སྣ་ཚོགས་ཀྱི་རྐྱེན་གྱིས་ནི་ལེན་པ་སྣ་ཚོགས་འབྱུང་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་དེ་ནི་མི་རྟག་པའོ། །དེ་ལ་འབྲས་བུ་ནི་དུས་སྐབས་གསུམ་དུ་འཇིག་ཚོགས་ལ་ལྟ་བས་སྒྲིབ་པར་བྱེད་པ་སྟེ། འདི་ལྟ་

སྟེ། བདག་མེད་པ་ལས་བརྩམས་ནས་ཆོས་ལ་རྟོག་པའི་བཟོད་པའི་དུས་དང་། མངོན་པར་རྟོགས་པའི་དུས་དང་། དགྲ་བཅོམ་པ་ཉིད་འཐོབ་པའི་དུས་ཀྱི་ཚེའོ། །དེ་ལ་དུས་གཅིག་ཏུ་ནི་བག་ལ་ཉལ་གྱི་འཇིག་ཚོགས་ལ་ལྟ་བའི་སྒོ་ནས་སོམ་ཉི་ཟ་བ་དང་། ཐེ་ཚོམ་ཅན་དུ་འགྱུར་

རོ། །ཆོས་ལ་རྟོག་པ་ལན་མང་དུ་བྱས་པའི་རྒྱུས་སོམ་ཉི་བསལ་དུ་ཟིན་ཀྱང་མངོན་པར་རྟོགས་པའི་དུས་ན་བསམ་པ་ཐག་པ་ནས་མྱ་ངན་ལས་འདས་པ་ལ་གཏོང་བའི་ཚེ་བག་ལ་ཉལ་གྱི་འཇིག་ཚོགས་ལ་ལྟ་བ་དེ་ཉིད་ཀྱི་སྒོ་ནས་ལོག་པའི་འདུ་བྱེད་ལ་ཡོངས་སུ་བརྟགས་ནས་བདག་ནི་

Vol. 131 · folio 182b

ཆད་པར་འགྱུར། ཞིག་པར་འགྱུར། མེད་པར་འགྱུར་རོ་ཞེས་མྱ་ངན་ལས་འདས་པ་ལ་ཆད་པར་ལྟ་ཞིང་མེད་པར་ལྟ་བར་འགྱུར་ཏེ། དེས་ན་དེའི་ཡིད་མྱ་ངན་ལས་འདས་པ་ལས་ཕྱིར་ལྡོག་སྟེ་འཇུག་པར་མི་འགྱུར་རོ། །དེ་ཕྱིས་ཉེས་པ་དེ་ལས་སེམས་རྣམ་པར་སྦྱངས་ནས་བདེན་པ་རྣམས་

མངོན་པར་རྟོགས་ཏེ། མངོན་པར་རྟོགས་པ་དང་ལྡན་དུ་ཟིན་ཀྱང་དེ་བག་ལ་ཉལ་གྱི་སྒོ་ནས་ངའོ་སྙམ་པའི་ང་རྒྱལ་གང་ཡིན་པ་དེ་དང་བྲལ་བར་མི་འགྱུར་ཏེ། བརྒྱ་ལ་ལན་འགའ་བརྗེད་ངས་པར་འགྱུར་བས་ང་རྒྱལ་གྱི་ཀུན་ནས་དཀྲིས་པའི་སྒོ་ནས་བདག་གི་བདག་ནི་འདིའོ་སྙམ་དུ་ཡང་དག་

པར་མཐོང་སྟེ། འདི་ལྟ་སྟེ། བདག་ནི་ཆེའོ། །བདག་ནི་མཉམ་མོ། །བདག་ནི་ཆུང་ངོ་སྙམ་མོ། །དེ་ལ་གནས་སྐབས་གཉིས་སུ་ནི་བག་ལ་ཉལ་གྱི་སྟོབས་ཀྱིས་སྒྲིབ་པར་བྱེད་དོ། །གསུམ་པའི་སྐབས་སུ་ནི་བག་ཆགས་ཀྱི་སྟོབས་ཀྱིས་སྒྲིབ་པར་བྱེད་དོ། །འདུ་བྱེད་རྣམས་ནི་རྒྱུ་

རྣམ་པ་གསུམ་གྱིས་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། སྔོན་གྱི་ལས་དང་ཉོན་མོངས་པའི་སྟོབས་དང་། སྨོན་ལམ་གྱི་སྟོབས་དང་། ད་ལྟར་བྱུང་བའི་རྒྱུ་དང་རྐྱེན་གྱི་སྟོབས་སོ། །དེ་ལ་སོ་སོའི་སྐྱེ་བོའི་ས་ལ་ནི་ཡོངས་སུ་ཤེས་ནས་མཐོང་བའི་སའི་རྗེས་ཐོགས་སུ་མཐོང་བས་སྤང་བར་བྱ་

བའི་ཟག་པ་རྣམས་ཟད་པ་འཐོབ་པར་འགྱུར་རོ། །མཐོང་བའི་ས་ལ་ནི་ཡོངས་སུ་ཤེས་ཤིང་སྤང་བ་བྱས་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་རྗེས་ཐོགས་སུ་ཟག་པ་རྣམས་ཟད་པ་ཐོབ་པར་འགྱུར་རོ། །འདུ་བྱེད་རྣམས་ལ་ནི་རྣམ་པ་ལྔས་ཚུལ་བཞིན་དུ་འདྲི་ཞིང་ལན་འདེབས་ཏེ། ལྔ་གང་ཞེ་ན།

རང་བཞིན་དང་། ལྡོག་པ་དང་འཇུག་པའི་རྩ་བ་དང་། ལྡོག་པ་དང་འཇུག་པ་དང་། ལྡོག་པ་དང་། འཇུག་པའི་ཐབས་སོ། །དེ་ལ་རང་བཞིན་ནི་རྣམ་པ་ལྔ་སྟེ་གཟུགས་ལ་སོགས་པའོ། །དེ་ལ་ལྡོག་པ་དང་འཇུག་པའི་རྩ་བ་ནི་འདུན་པ་སྟེ། དགེ་བའི་ཆོས་ལ་འདུན་པ་ཡན་ཆད་ཟག་པ་

ཟད་པ་ཐོབ་པའི་བར་གང་ཡིན་པ་སྟེ། འདི་ནི་ལྡོག་པའི་རྩ་བའོ། །འདུན་པ་ནས་བཟུང་སྟེ། ཀྱེ་མ་བདག་ནི་སྐལ་བ་ངན་པ་རྣམས་ནས་ཚངས་རིས་པ་རྣམས་ཀྱི་བར་དུ་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་སྙམ་སྟེ། དེར་སེམས་ཀྱང་ཀུན་དུ་བསྟེན་ཅིང་བསྒོམ་ལ་མང་དུ་བྱེད་དེ་དེ་ནས་དེར་སྐྱེ་བར་འགྱུར་

Vol. 131 · folio 183a

བ་གང་ཡིན་པ་འདི་ནི་འཇུག་པའི་རྩ་བའོ། །དེ་ལ་ལྡོག་པ་ནི་འདུ་བྱེད་རྣམས་ལ་འདུན་པ་དང་འདོད་ཆགས་ཀྱི་ཉེ་བར་ལེན་པ་ཙམ་སྤངས་པའི་ཕྱིར་རོ། །གལ་ཏེ་འདུ་བྱེད་རྣམས་ཉེ་བར་ལེན་པ་ཡིན་དུ་ཟིན་ན་ནི་ལྡོག་པ་མེད་པར་ཡང་མི་འགྱུར་ཏེ། དགྲ་བཅོམ་པ་ལ་ཡང་འདུ་

བྱེད་ཡོད་པའི་ཕྱིར་རོ། །གལ་ཏེ་འདུ་བྱེད་རྣམས་ལ་ཉེ་བར་ལེན་པ་ཐ་དད་པ་ཞིག་ཡིན་ན་ནི་དེས་འདུས་མ་བྱས་སུ་འགྱུར་ཏེ། འདུས་མ་བྱས་ཡིན་པས་རྟག་པར་ཡང་འགྱུར་ལ་དེ་ལྟ་ན་ནི་ལྡོག་པར་ཡང་མི་འགྱུར་རོ། །དེ་བས་ན་ཉེ་བར་ལེན་པ་ནི་འདུ་བྱེད་རྣམས་ཀྱི་ཕྱོགས་གཅིག་བཟུང་

བ་ཡིན་ཏེ། དེའི་ཕྱོགས་གཅིག་ཀུན་དུ་སྤྱོད་པ་གཏན་སྤངས་པས་ལྡོག་ཏུ་བཏུབ་པོ། །དེ་ལ་འཇུག་པ་ནི་ཡང་སྲིད་པར་སྐྱེ་བའི་རྒྱུ་དང་། རྣམ་པ་དང་། ད་ལྟར་བྱུང་བའི་རྒྱུའོ། །དེ་ལ་ཡང་སྲིད་པར་སྐྱེ་བའི་རྒྱུ་ནི་ཇི་ལྟར་འདི་ན་ཁ་ཅིག་ཕྱི་མ་ལ་སྨོན་ནས་ལས་བྱེད་པར་འགྱུར་ཏེ། །མ་

འོངས་པའི་དུས་སུ་བདག་འདུ་བྱེད་འདི་ལྟ་བུ་ཞིག་དང་ལྡན་པར་གྱུར་ཅིག་སྙམ་སྟེ། དེས་ཡང་སྲིད་པར་སྐྱེ་བའི་འདུ་བྱེད་རྣམས་ཀྱི་རྒྱུ་ཡང་ཕངས་པར་འགྱུར་ལ་ད་ལྟར་བྱུང་བ་རྣམས་ཀྱང་མ་སྤངས་ཏེ། དེ་ལྟར་ན་འདུ་བྱེད་རྣམས་ཀྱི་བྱེ་བྲག་ཡོད་དོ། །དེ་ལ་རྣམ་པ་ནི་འདུ་བྱེད་དུ་གཏོགས་

པ་རྣམ་པ་བཅུ་གཅིག་པོ་རྣམས་ཡིན་ཏེ་སྔ་མ་བཞིན་དུ་རིག་པར་བྱའོ། །འདི་ལ་ད་ལྟར་བྱུང་བའི་རྒྱུ་ནི་འདི་ལྟ་སྟེ། འབྱུང་བའི་རྒྱུ་ལས་བྱུང་བའི་གཟུགས་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་པོ་རྣམས་ལ་བརྟེན་ནས་རེག་པའི་རྐྱེན་གྱིས་ཚོར་བ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་འབྱུང་བ་དང་

མིང་དང་གཟུགས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་འབྱུང་བའོ། །དེ་ལ་འཇུག་པའི་ཐབས་ནི་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་ནས་འདུ་བྱེད་རྣམས་ལ་ངའོ་སྙམ་པའི་ང་རྒྱལ་དང་། རོ་མྱོང་བར་བྱེད་པ་གང་ཡིན་པ་དང་། བདག་དང་བདག་གིར་ལྟ་བ་གང་ཡིན་པའོ། །དེ་ལ་ལྡོག་པའི་

ཐབས་ནི་འདུ་བྱེད་རྣམས་ལ་ངའོ་སྙམ་པའི་ང་རྒྱལ་མེད་པ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་དང་། བདག་དང་བདག་གིར་མི་ལྟ་བ་གང་ཡིན་པའོ། །དེ་ལ་འཇུག་པའི་ཐབས་ནི་མཐུན་མཐུན་དུ་མ་རིག་པ་དང་སྲེད་པའི་ཕྱོགས་སུ་གཏོགས་པར་རིག་པར་བྱའོ། །དེའི་གཉེན་

Vol. 131 · folio 183b

པོ་ལས་ནི་ལྡོག་པའི་ཐབས་སོ། །ཉན་ཐོས་མི་མཁས་པ་ནི་རྒྱུ་གཉིས་ཀྱིས་སྟོན་པའི་བསྟན་པ་ལས་འདས་ནས་སྡིག་པའི་ལྟ་བར་ལྟུང་བའམ། ཚིག་ཏུ་སྨྲ་བ་དང་། ཀུན་རྫོབ་ཀྱི་བདེན་པ་ལ་རྣམ་པར་རྨོངས་པ་དང་། དོན་དམ་པའི་བདེན་པ་ལ་རྣམ་པར་རྨོངས་པར་འགྱུར་རོ། །དེ་དེ་

ལྟར་རྣམ་པར་རྨོངས་པས་ཀུན་རྫོབ་ཀྱི་བདེན་པའི་ཚུལ་ལས་གཅིག་ཏུ་ངེས་པར་འདས་པ་དང་། དོན་དམ་པའི་བདེན་པའི་ཚུལ་ལས་གཅིག་ཏུ་ངེས་པར་འདས་ནས་འདུ་བྱེད་རྣམས་ཀྱི་འཇུག་པ་ལ་ཚུལ་བཞིན་མ་ཡིན་པར་རྟོག་པར་བྱེད་དོ། །འཕགས་པ་འབའ་ཞིག་བཞེད་ན་སྟོན་པར་

མཛད་པ་ནི་གནས་གསུམ་ཡོད་དོ། །བྱིས་པ་སོ་སོའི་སྐྱེ་བོ་ནི་དེ་ལྟ་མ་ཡིན་ཏེ་གཞན་ལས་ཐོས་པ་ཉི་ཚེའོ། །འདི་ལྟ་སྟེ། འདུ་བྱེད་རྣམས་ལ་བདག་དང་བདག་གིར་མེད་པར་མཐོང་བར་བདག་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་དང་། གང་ལ་བརྟེན་པས་ངའོ་སྙམ་པའི་ང་རྒྱལ་

འཇུག་པ་དེ་སྤངས་ན་ཡང་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་སྤངས་པ་ཡང་སྟོན་པ་དང་། འཇུག་པའི་རྟེན་མེད་དུ་ཟིན་ཀྱང་ངའོ་སྙམ་པའི་ང་རྒྱལ་མ་སྤངས་པས་ཇི་ལྟར་ཀུན་དུ་སྤྱོད་པ་ཇི་ལྟ་བུ་ཡིན་པ་སྟོན་ཏོ། །དེ་ལ་འདུ་བྱེད་རྣམས་ལ་ངའོ་སྙམ་པའི་ང་རྒྱལ་ནི་རྣམ་པ་གཉིས་ཏེ།

མངོན་པར་ཞེན་པས་ཀུན་དུ་སྤྱོད་པ་དང་། བརྗེད་ངས་པས་ཀུན་དུ་སྤྱོད་པའོ། །དེ་ལ་མངོན་པར་ཞེན་པས་ཀུན་དུ་སྤྱོད་པ་ནི་འཕགས་པས་སྤངས་ཏེ་ཀུན་དུ་མི་སྤྱོད་དོ། །གཉིས་པ་ནི་བག་ལ་ཉལ་གྱི་སྒོ་ནས་སྤྱོད་དེ། འཇིག་ཚོགས་ལ་ལྟ་བ་སྤངས་སུ་ཟིན་ཀྱང་འཕགས་པའི་ལམ་

ལེགས་པར་མ་བསྒོམས་པའི་ཕྱིར་ཀུན་དུ་སྤྱོད་དོ། །དེ་ནི་འཇིག་ཚོགས་ལ་ལྟ་བའི་བག་ཆགས་ཙམ་དང་འབྲེལ་བའི་ཚུལ་གྱིས་བརྗེད་ངས་པས་ཀུན་དུ་སྤྱོད་པའི་ངའོ་སྙམ་པའི་ང་རྒྱལ་གྱིས་རྟེན་གྱི་བྱ་བ་བྱེད་དོ། །དེ་བས་ན་སྤངས་ཀྱང་ཀུན་དུ་སྤྱོད་པ་ཡོད་དོ། །དེ་ལ་འཕགས་པ་ནི་རང་གི་

མཚན་ཉིད་ཀྱི་སྒོ་ནས་འདུ་བྱེད་རྣམས་ཡིད་ལ་བྱེད་པ་ན་ཡང་ངའོ་སྙམ་པའི་ང་རྒྱལ་ཀུན་དུ་སྤྱོད་པར་མི་འགྱུར་ན་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ལྟ་ཅི་སྨོས། གདགས་པའི་སྒོ་ནས་ཡིད་ལ་བྱེད་པ་ན་ཡང་དྲན་པ་ཉེ་བར་གནས་ན་ནི་ངའོ་སྙམ་པའི་ང་རྒྱལ་ཀུན་དུ་མི་སྤྱོད་དོ། །གདགས་པ་ཉིད་ཡིད་ལ་བྱེད་པ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words