དོན་གསང་བ་རྣམ་པར་ཕྱེ་བ་བསྡུས་ཏེ་བཤད་པ
Sanskrit title (Tibetan script, as in the text) པི་པྲྀ་ཏྟི་གུ་ཧྱཱརྠ་པིཎྜ་བྱཱ་ཁྱཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 134 · folio 296b
༄༅༅། །རྒྱ་གར་སྐད་དུ། པི་པྲྀ་ཏྟི་གུ་ཧྱཱརྠ་པིཎྜ་བྱཱ་ཁྱཱ། བོད་སྐད་དུ། དོན་གསང་བ་རྣམ་པར་ཕྱེ་བ་བསྡུས་ཏེ་བཤད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྤྱོད་པའི་ས་ནི། ཉན་ཐོས་ལ་སོགས་པ་དང་། ཐུན་མོང་དང་། ཐུན་མོང་
མ་ཡིན་པའི་ཡང་དབང་དུ་མཛད་ནས་མཛད་དོ། །རབ་ཏུ་བྱེད་པ་འདི་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཚིག་གི་དོན་བཅུས་ཐེག་པ་ཆེན་པོ་མཐའ་དག་བསྡུ་བར་བཞེད་ནས་བརྩམས་ཏེ། གཞི་གཅིག་གིས་ཀྱང་མ་ཡིན། ཀུན་རྫོབ་དང་དོན་དམ་པའི་བདེན་པ་དང་གཉིས་ཀྱིས་ཀྱང་
མ་ཡིན། བརྟགས་པ་ལ་སོགས་པ་གསུམ་གྱིས་ཀྱང་མ་ཡིན། དུས་གསུམ་དང་འདུས་མ་བྱས་དང་བཞིས་ཀྱང་མ་ཡིན། མིང་ལ་སོགས་པ་ལྔས་ཀྱང་མ་ཡིན་ནོ། །ཐེག་པ་ཆེན་པོ་ལ་ཤིན་ཏུ་ཞུགས་པ་ཞེས་བྱ་བ་ནི། བརྟགས་པའམ་ཡོན་ཏན་ཕུན་སུམ་ཚོགས་པ་ཡིན་ཏེ། ཐེག་པ་ཆེན་པོ་
ཉིད་ནི་དེར་འགྲོ་བས་ན་དེ་བཞིན་ཉིད་ཅེས་བྱ་བའི་དམིགས་པ་ཡིན་ནོ། །དེར་ཞུགས་པ་ནི་ས་དང་པོ་ཉིད་ལའོ། །ཤིན་ཏུ་ཞུགས་པ་ནི། ཀུན་དུ་འགྲོ་བ་ལ་སོགས་པའི་སྒྲིབ་པ་སྤངས་པའི་ཕྱིར་ས་བཅུ་པ་ལ་ཡིན་ནོ། །རྗོད་པ་དང་བརྗོད་པར་བྱ་བའི་བདག་ཉིད་ཀྱི་ཐེག་པ་ཆེན་པོ་ནི་མི་བཟུང་སྟེ། མཐར་མ་
ཕྱིན་པ་ཡང་དེ་ལ་ཞུགས་པའི་ཕྱིར་རོ། །གཞན་ཡང་ཆོས་ཀྱི་དབྱིངས་ལ་ཞུགས་པ་ཁོ་ནས་དེ་ལ་ལེགས་པར་ཞུགས་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་མ་ཡིན་ཏེ། དེ་ལ་འཇུག་པའི་ཐབས་ཡིན་པའི་ཕྱིར་རོ། །གཞན་ཡང་དེ་དག་ཀྱང་དེ་རྟོགས་པ་ཁོ་ནས་རྣམ་པར་དག་པར་འགྱུར་རོ། །བྱང་
ཆུབ་སེམས་དཔའི་སྐབས་ཡིན་པའི་ཕྱིར་འབྲས་བུའི་བདག་ཉིད་ནི་མ་ཡིན་ནོ། །དེ་ལྟར་ན་ཤིན་ཏུ་ཞུགས་པ་ཞེས་སྨོས་པ་ཡང་གཞན་དུ་མི་སྨྲ་བའི་ཕྱིར་ཏེ། ཡང་དག་པར་མ་ཞུགས་པ་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཡང་བརྒྱ་བྱིན་བཞིན་དུ་ལོག་པར་ཡང་སྨྲ་སྟེ། ཇི་སྐད་དུ། བརྒྱ་བྱིན་གྱིས། མཇུག་
ཏུ་བདག་ནི་ཉམས་གྱུར་ནས། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལྟ་བུའོ། །གལ་ཏེ་རྫས་གཅིག་བསྟན་པ་མཛད་ན་ནི་དེ་འབའ་ཞིག་བཅུ་པ་སྟོན་ནུས་པར་ཡིད་ཆེས་ཀྱིས། ས་བཅུའི་དབང་ཕྱུག་གཞན་ལ་ནི་མ་ཡིན་ནོ། །སྤྱིར་བརྗོད་ན་ནི་དེ་འདྲ་བའི་ཕྱིར་གཞན་ལ་ཡང་ཡིད་ཆེས་པར་འགྱུར་རོ། །
Vol. 134 · folio 297a
བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི། བྱང་ཆུབ་དང་སེམས་ཅན་ལ་དམིགས་པས་ན་ཐ་སྙད་དུ་བཏགས་ཏེ། མི་སྡུག་པ་ལ་སོགས་པ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་འདི་ལ་བྱང་ཆུབ་ཏུ་སེམས་དཔའ་ཡོད་པ་སྟེ། སེམས་དཔའ་ཞེས་བྱ་བའི་སྒྲ་བསམ་པ་ཡིན་པའི་ཕྱིར་བྱང་ཆུབ་སེམས་
དཔའོ། །ཐེག་པ་ཆེན་པོའི་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར་ཞེས་བྱ་བ་འདིར་ཐེག་པ་ཆེན་པོ་སྨོས་པ་ནི། རྗོད་པ་དང་བརྗོད་པར་བྱ་བ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་དེ་བཞིན་ཉིད་དང་། འབྲས་བུ་ལ་ཡོད་པ་ཡོངས་སུ་བཟུང་སྟེ། འདི་ཐམས་ཅད་ཀྱི་ཆེ་བའི་བདག་ཉིད་ནི་ཟབ་པ་དང་རྒྱ་ཆེ་བ་བདག་གིས་
བླ་ན་མེད་པ་ཉིད་དོ། །བདག་ཉིད་ཅེས་བྱ་བའི་སྒྲ་ནི་རང་བཞིན་དང་འབྲས་བུའི་ཚིག་ཏུ་གྲགས་ཏེ། དཔེར་ན་མེ་ནི་ཚ་བའི་བདག་ཉིད། དུག་ནི་གསོད་པའི་བདག་ཉིད་ཅེས་བྱ་བ་ལྟ་བུའོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཞེས་བྱ་བ་ནི། སངས་རྒྱས་ཀྱིས་གནང་བ་ཉིད་ཀྱིས་ཡིད་ཆེས་པ་ཉིད་དུ་སྟོན་ཏེ། སྟོན་
པ་དང་ཉེན་གཞན་དུ་མི་སྨྲ་བའི་ཕྱིར་རོ། །སྟོན་པ་དང་མི་ཉེ་བ་ནི་སྒྲིབ་པའི་ལྷག་མ་དང་བཅས་པའི་ཕྱིར་ལོག་པར་སྨྲ་བར་ཡང་འགྱུར་རོ། །འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་ནི་ཚིག་གི་དོན་བཅུ་པོ་ཉེ་བར་དགོད་པའི་ཕྱིར་རོ། །འདིར་ཡང་ཐེག་པ་ཆེན་པོ་ཞེས་སྨོས་པ་ནི། བརྗོད་པའི་བདག་ཉིད་ཀྱི་ཐེག་པ་ཆེན་
ཆེན་པོ་ལ་བསྙག་སྟེ། འཆད་པར་འགྱུར་བའི་ཁྱད་པར་རྣམ་པ་བཅུས་ཐ་དད་པའི་དེ་བཞིན་གཤེགས་པའི་བཀའ་ཐེག་པ་ཆེན་པོ་གང་ཡིན་པ་དེའི་དབང་དུ་མཛད་པ་ཡིན་པས། དེ་བས་ན་འདིར་ནི་ཚིག་གི་རང་བཞིན་གྱི་ཐེག་པ་ཆེན་པོ་ལ་བྱ་བར་མངོན་ནོ། །འོན་ཀྱང་ཅིའི་ཕྱིར་ཡང་ཐེག་པ་ཆེན་པོ་ཞེས་བྱ་བ་
སྨོས་ཤེ་ན། ཚིག་གི་དོན་བཅུས་ཐུན་མོང་མ་ཡིན་པར་བསྡུ་བར་བསྟན་པའི་ཕྱིར་རོ། །གལ་ཏེ་དེ་ནི་དོན་གྱི་བདག་ཉིད་ལ་ཡང་མཚུངས་པས་འོན་ཀྱང་སྨོས་པར་མི་བྱ་སྟེ། ཐེག་པ་ཆེན་པོའི་ཆེ་བའི་བདག་ཉིད་བརྗོད་ན་གདོན་མི་ཟ་བར་བཅུ་པ་ཡང་དེ་སྡུད་པ་ཡིན་པ་ཁོ་ནར་འགྱུར་རོ་ཞེ་ན། མ་ཡིན་ཏེ། འབྲས་
བུའི་སྒོ་ནས་ཀྱང་ཆེ་བའི་བདག་ཉིད་དུ་སེམས་སོ། །འདི་ལྟར་ཐེག་པ་ཆེན་པོའི་འབྲས་བུ་ནི་རྣམ་པ་བཅུ་ལ་མ་གཏོགས་པ་ཉན་ཐོས་ཀྱི་ཐེག་པ་མུ་སྟེགས་ཅན་དང་ཐུན་མོང་མ་ཡིན་པ་ཞིག་ཡོད་ལ་དེས་ཁྱད་པར་དུ་འཕགས་སོ་ཞེས་བྱ་བར་ཡང་འཛིན་པས། ཉན་ཐོས་དང་ཐུན་མོང་མ་ཡིན་པར་
Vol. 134 · folio 297b
ངེས་པར་འཆད་པར་འགྱུར་བས་ཐེག་པ་ཆེན་པོ་ཁོ་ན་བསྡུས་སོ་ཞེས་བྱ་བར་དེའི་དོན་དུ་ཡང་ཐེག་པ་ཆེན་པོ་ཞེས་སྨོས་པར་བྱ་སྟེ། དེ་བསྡུས་པར་བསྟན་པའི་ཕྱིར་རོ། །ཆོས་མངོན་པ་ཐེག་པ་ཆེན་པོའི་མདོ་ལས་ཞེས་བྱ་བ་འདིས་ནི་ཚིག་གི་དོན་བཅུ་པོ་ལུང་དང་ལྡན་པ་ཉིད་དུ་སྟོན་ཏེ། གཞི་མཐུན་པ་ཉིད་ཀྱི་གཞིའི་
བདུན་པ་ཡིན་ནོ། །འདི་ལྟར་གསུང་རབ་ལས་མདོ་ནི་སངས་རྒྱས་ཀྱི་བཀའ་ཉིད་དུ་གྲགས་ལ། ཆོས་མངོན་པ་ཡང་སྨོས་པའི་དོན་སྟོན་པར་བྱེད་པ་ཉིད་དུ་གྲགས་སོ། །གལ་ཏེ་དེ་ལྟར་ན་མདོ་ཞེས་སྨོས་པ་ཁོ་ནས་ཆོག་མོད་ཅེ་ན། དེ་ནི་མ་ཡིན་ཏེ། མདོ་རྣམས་ནི་དྲང་བའི་དོན་གྱི་ཕྱིར་ཡང་ཡིན་པས་ཚིག་
གི་དོན་བཅུ་པོ་ཡང་དེ་བཞིན་དུ་གདུལ་བའི་དབང་གིས་དགོངས་པ་ཅན་གྱི་དོན་སྟོན་པས་དྲང་བའི་དོན་ཉིད་ཡིན་པར་འཛིན་པར་འགྱུར་རོ། །ཆོས་མངོན་པ་ནི་སྨོས་པའི་དོན་སྟོན་པ་ལྷུར་ལེན་པའི་ཕྱིར་ངེས་པའི་དོན་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཆོས་མངོན་པ་ཞེས་སྨོས་པ་ཁོ་ནས་ཆོག་མོད་ཅེ་ན། དེ་ནི་མ་ཡིན་ཏེ། ཡེ་
ཤེས་ལ་འཇུག་པ་ལ་སོགས་པ་བཞིན་དུ་གཙུག་ལག་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །རྣམ་པ་གཅིག་ཏུ་ན་གང་གི་ཕྱིར་ཆོས་མངོན་པ་ཟག་པ་མེད་པའི་ཤེས་རབ་ཡིན་པ་དེའི་ཕྱིར་ཆོས་མངོན་པ་ནི་ཕྱིའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། ཟག་པ་མེད་པའི་ཤེས་རབ་ཀྱི་ཡུལ་ནི་ཕྱིའི་
མཚན་ཉིད་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །རང་གི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་གང་ཡིན་པ་དེ་ནི་མདོ་ཡིན་ཏེ། གདུལ་བའི་དབང་གིས་ཐུན་མོང་མ་ཡིན་པ་ཡང་གཙོ་བོར་བསྟན་པའི་ཕྱིར་རོ། །དེ་བས་ན་ཆོས་མངོན་པའི་མདོ་ནི་གཉི་གའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ལ། དེ་དང་འབྲེལ་པས་
རབ་ཏུ་བྱེད་པ་ཡང་གཉི་གའི་བདག་ཉིད་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །རྣམ་པ་གཅིག་ཏུ་ན་ཆོས་མངོན་པ་ནི་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར་ལྷག་པའི་ཤེས་རབ་ཀྱི་བསླབ་པས་རབ་ཏུ་ཕྱེ་བ་ཡིན་ལ། དེ་ཡང་གཙོ་བོར་མྱ་ངན་ལས་འདས་པ་འདྲེན་པར་བྱེད་པ་ཡིན་གྱི། བསླབ་པ་གཞན་གཉིས་ནི་
གཙོར་འདྲེན་པར་བྱེད་པ་ཉིད་མ་ཡིན་ནོ། །མདོ་ནི་བསླབ་པ་གསུམ་ཆར་གྱིས་རབ་ཏུ་ཕྱེ་བ་ཡིན་ཏེ། གདུལ་པའི་དབང་གིས་གསུམ་ཆར་བསྟན་པའི་ཕྱིར་རོ། །དེ་བས་ན་དེ་ནི་ཆོས་མངོན་པ་དང་མདོ་ཞེས་བྱ་བའི་ཚིག་གཉི་གས་ཐ་སྙད་གདགས་ཀྱི་འདུལ་བས་ནི་མ་ཡིན་ནོ། །དེ་ནི་གཅིག་
Vol. 134 · folio 298a
ཏུ་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་ཏེ། ཚུལ་ཁྲིམས་ཀྱིས་ནི་རང་གི་དངོས་སུ་ཡིན་ལ། མཉམ་པར་གཞག་པས་ནི་འབྲས་བུའི་སྒོ་ནས་ཡིན་གྱི་བར་དུ་ཆོད་པའི་ཕྱིར་ཤེས་རབ་ཀྱིས་ནི་མ་ཡིན་ནོ། །དེ་བས་ན་རབ་ཏུ་ཕྱེད་པ་འདི་ནི་ཆོས་
མངོན་པའི་མདོ་དང་འབྲེལ་གྱི། འདུལ་པའི་སྡེ་སྣོད་དང་འབྲེལ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཐེག་པ་ཆེན་པོ་ཞེས་སྨོས་པ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པ་ཉིད་དུ་བསྟན་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཕྱིར་རྣམ་པ་བཅུ་པོ་འཆད་
པར་འགྱུར་བས་དེ་དག་ཉིད་ཁྱད་པར་དུ་ཞུགས་པ་ཡིན་ཏེ། དེ་དག་གི་ཁྱད་པར་དུ་འཕགས་པའི་གསུང་ངོ་། །བརྗོད་པར་བྱ་བ་མེད་པའི་བརྗོད་པ་ནི་ཐམས་ཅད་ཁྱད་པར་མེད་དེ། དེ་ལྟ་བས་ན་ཤེས་བྱའི་གནས་ཞེས་བྱ་བ་ལ་སོགས་པ་དོན་རྣམས་ཀྱིས་ཁྱད་པར་དུ་བྱེད་དོ། །ཤེས་བྱ་ནི་ཡོངས་
སུ་གྲུབ་པ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །ཡོངས་སུ་གྲུབ་པ་ཡང་རྣམ་པ་གཉིས་ཏེ། རྟག་པ་དང་མི་རྟག་པའོ། །རྟག་པ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ཅེས་བྱ་སྟེ། དེ་ནི་ཆོས་ཅན་གྱི་ཆོས་ཉིད་ཡིན་པའི་ཕྱིར་གནས་ནི་ཆོས་ཅན་ནོ། །ཆོས་ཅན་དུ་འདྲ་ཡང་བརྟན་པའི་
ཕྱིར་ཀུན་གཞི་རྣམ་པར་ཤེས་པ་ཁོ་ནས་གནས་སུ་རྣམ་པར་གཞག་གི །མི་བརྟན་པའི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་འདིས་ནི་དེ་བཞིན་ཉིད་ནི་ཆོས་ཅན་གྱི་ཆོས་ཉིད་ཡིན་པའི་ཕྱིར། ནམ་མཁའི་མེ་ཏོག་ལ་སོགས་པ་བཞིན་དུ་གཏན་མེད་པ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །
མི་རྟག་པ་གང་ཡིན་པ་དེ་ཡང་རྣམ་པ་གཉིས་ཏེ། ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་དང་ས་བོན་གྱི་བདག་ཉིད་དོ། །ཡང་དག་པའི་ཡེ་ཤེས་གང་ཡིན་པ་དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་རག་ལས་ཏེ། འབྱུང་བའི་ཕྱིར་གནས་ཁོ་ན་ཡིན་ནོ། །ས་བོན་གྱི་བདག་ཉིད་ཀྱང་རང་
བཞིན་དུ་གནས་པ་དང་ཡང་དག་པར་བསྒྲུབས་པ་དང་རྣམ་པ་གཉིས་ཏེ། གཉིས་ཀ་ཡང་ལེན་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་འཇུག་པའི་ཕྱིར་དེ་དག་གི་གནས་ཡིན་པ་ཉིད་དོ། །གཞན་གྱི་དབང་ཡང་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པ་དང་དག་པ་འཇིག་རྟེན་པའོ། །
Vol. 134 · folio 298b
དག་པ་འཇིག་རྟེན་པ་ནི་ལེན་པའི་རྣམ་པར་ཤེས་པ་དང་འབྲེལ་པའི་ཕྱིར་དེའི་གནས་ཡིན་པ་ཁོ་ནའོ། །ཀུན་ནས་ཉོན་མོངས་པ་ཡང་རྣམ་པ་གཉིས་ཏེ། རྣམ་པར་ཤེས་པ་བདུན་གྱི་ཚོགས་ཀྱིས་བསྡུས་པ་དང་། ཀུན་གཞི་རྣམ་པར་ཤེས་པས་བསྡུས་པའོ། །རྣམ་པར་ཤེས་པ་བདུན་གྱི་ཚོགས་
ཀྱིས་བསྡུས་པ་གང་ཡིན་པ་དེ་ནི། ཀུན་གཞི་རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས་པ་དག་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོ་དག་ཡིན་ཡང་ལེན་པའི་རྣམ་པར་ཤེས་པ་ནི་བརྟན་པའི་ཕྱིར། ལེན་པའི་རྣམ་པར་ཤེས་པ་ཁོ་ན་གནས་ཡིན་གྱི་རྣམ་པར་ཤེས་པ་གཞན་ནི་མ་ཡིན་ཏེ། མི་
བརྟན་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་ཡང་ས་བོན་དང་རྣམ་པར་སྨིན་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་དབྱེ་སྟེ། དེ་གཉིས་ལས་གང་ཡང་རུང་བ་ཞིག་གནས་ཉིད་དུ་རྣམ་པར་གཞག་ལ་ཅིག་ཤོས་ནི་དེ་ལ་བརྟེན་པར་རྣམ་པར་བརྟག་པར་བྱའོ། །ཡང་ན་སྐད་ཅིག་མ་སྔ་ཕྱི་འཇུག་པའི་སྒོ་ནས་
གནས་དང་བརྟེན་པ་ཉིད་དང་། རྒྱུ་ཉིད་དང་། འབྲས་བུ་ཉིད་ཀྱིས་ཐ་དད་པ་ཉིད་ཡིན་ནོ། །སེམས་ལས་བྱུང་བ་གང་དག་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་དེ་དག་གི་གནས་ཀྱང་རྣམ་པར་ཤེས་པ་ཁོ་ན་ཡིན་ཏེ། དེས་ཉེ་བར་བསྟན་པའི་ཡུལ་ལ་ཁྱད་པར་འཛིན་པ་ཉིད་དུ་ཞུགས་པས་དེ་
དག་གཙོ་བོ་མ་ཡིན་པའི་ཕྱིར་དང་དེ་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་བས་ན་བརྟེན་པ་ཡིན་པའི་ཕྱིར་དེ་དག་ཁོ་ནས་དེ་ལ་བསྒོ་པར་བྱེད་ཀྱི། དེས་ནི་དེ་དག་ལ་མ་ཡིན་ནོ། །ཀུན་བརྟགས་པ་ཡང་ཀུན་བརྟགས་པར་བྱ་བའི་དངོས་པོའི་གཞི་ཅན་ཉིད་ཡིན་པས་ཀུན་གཞི་རྣམ་པར་ཤེས་
པའི་གཞི་གང་ལ་བརྟགས་པ་དེ་ནི་དངོས་སུ་དེའི་གནས་ཉིད་ཡིན་ནོ། །རྣམ་པར་ཤེས་པ་གཞན་གྱི་གཞི་ཅན་གྱི་གནས་སུ་ཡང་བརྟན་པ་ཉིད་ཡིན་པའི་ཕྱིར་བརྒྱུད་པའི་སྒོ་ནས་དེ་ཉིད་རྣམ་པར་གཞག་གོ། །འདིར་རྣམ་པ་བཅུ་པོ་དག་གི་རྣམ་པར་དབྱེ་བ་ནི་འདི་ཡིན་ཏེ། འཇུག་པ་དང་
རྒྱུ་དང་འབྲས་བུ་དག་དང་དེ་དག་བསྒོམ་པའི་རབ་ཏུ་དབྱེ་བ་དང་། བསླབ་པ་གསུམ་ཞེས་བྱ་བ་རྣམ་པ་འདི་དྲུག་ནི་ཐེག་པ་ཆེན་པོའི་སྤྱོད་པའི་ངོ་བོ་ཉིད་ཡིན་ནོ། །དེ་ཡི་དམིགས་པ་ནི་ཤེས་བྱའི་གནས་དང་ཤེས་བྱའི་མཚན་ཉིད་དོ། །དེ་ལ་ཡང་ཤེས་བྱའི་མཚན་ཉིད་ནི་གདོན་མི་ཟ་བར་ཤེས་པར་
Vol. 134 · folio 299a
བྱ་བ་ཡིན་པ་ཉིད་ཀྱིས་དངོས་སུ་རང་གི་ངོ་བོས་དམིགས་པ་ཡིན་ནོ། །ཤེས་བྱའི་གནས་ནི་དེའི་གནས་ཡིན་པ་ཉིད་ཀྱིས་སོ། །སྤྱོད་པ་དེ་ཉིད་ཀྱི་འབྲས་བུ་ནི་སྤངས་པ་དང་ཡེ་ཤེས་ཀྱི་ཁྱད་པར་གྱི་རྣམ་པ་དག་ཡིན་པས་དེའི་ཕྱིར་ཐ་མར་བསྟན་ཏོ། །དེ་ལྟ་བས་ན་འདི་ལས་ནི་ཐེག་པ་
ཆེན་པོའི་དམིགས་པ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། ཐེག་པ་ཆེན་པོའི་འབྲས་བུ་གང་ཡིན་པ་དེ་དག་བསྟན་ཏོ། །དཀྱུས་མ་ཉིད་དཔྱད་པར་བྱ་སྟེ། ཤེས་བྱའི་མཚན་ཉིད་ནི་ངོ་བོ་ཉིད་གསུམ་མོ། །དེ་ལ་ཡོངས་སུ་གྲུབ་པ་ནི་རྟག་པ་དང་མི་རྟག་པའི་མཚན་ཉིད་དེ་
བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དེ། དོན་དམ་པ་དང་རང་རིག་པའི་སྒོ་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཤེས་པར་བྱ་བ་ཡིན་ནོ། །གཞན་གྱི་དབང་ནི་འཇིག་རྟེན་ལས་འདས་པའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་ཤེས་པར་བྱ་བ་དང་སོ་སོའི་སྐྱེ་བོའི་ཤེས་པས་ཀྱང་
རང་རིག་པའི་སྒོ་ནས་ཤེས་པར་བྱ་བ་ཡིན་ནོ། །འོ་ན་ཡོངས་སུ་གྲུབ་པ་དེ་མ་མཐོང་བར་གཞན་གྱི་དབང་མི་མཐོང་ངོ་ཞེས་འབྱུང་བ་གང་ཡིན་པ་དེ་ཇི་ལྟ་བུ་ཞེ་ན། དེ་ནི་གཞན་གྱི་དབང་མ་ལུས་པར་མངོན་སུམ་པ་དགག་པ་ལྷུར་བྱ་བ་ཡིན་པས་ཉེས་པ་མེད་དོ། །རྣམ་པ་གཅིག་ཏུ་ན་ཀུན་
བརྟགས་པས་དབེན་པར་ངེས་པར་མི་བཟུང་བའི་ཕྱིར་ཏེ། གཞན་གྱི་དབང་རང་རིག་པ་ཡོད་ཀྱང་གཅིག་ཏུ་ངེས་པར་མ་ཟིན་པའི་ཕྱིར། ཡོངས་སུ་གྲུབ་པ་འདི་མ་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀུན་བརྟགས་པ་ནི་སོ་སོའི་སྐྱེ་བོའི་ཤེས་པས་ཤེས་པར་བྱ་བ་ཁོ་ན་ཡིན་ཏེ། དེ་ནི་
གཅིག་ཏུ་མངོན་པར་ཞེན་པའི་ཡུལ་ཡིན་པའི་ཕྱིར་རོ། །རྣམ་པར་གཏན་ལ་དབབ་པ་བསྡུས་པ་ལས། བརྟགས་པ་ནི་ཤེས་པ་གང་གི་དམིགས་པ་ཡང་མ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་ནི། མེད་པའི་ཕྱིར་གང་གི་རྟེན་དུ་ཡང་མི་འགྱུར་རོ་ཞེས་བྱ་བའི་དོན་ཡིན་གྱི། སྒྲོ་བཏགས་པར་
(མང་‚ཡང་)ཡུལ་དུ་མི་འགྱུར་བ་ནི་མ་ཡིན་ཏེ། འདི་ལྟར་དེ་ཉིད་ལས་སོ་སོའི་སྐྱེ་བོའི་ཤེས་པའི་དམིགས་པའོ་ཞེས་འབྱུང་བ་དེའི་ཕྱིར་ཡང་དེ་ལྟ་བུ་ཡིན་ནོ། །ཐེག་པ་ཆེན་པོའི་སྐབས་མ་ཡིན་ནམ། སོ་སོའི་སྐྱེ་བོའི་སྐབས་སུ་ཅི་འབབ་ཅེ་ན། ཞར་ལ་སྨོས་པའི་ཕྱིར་ཉེས་པ་མེད་དོ། །རྣམ་པ་གཅིག་ཏུ་
Vol. 134 · folio 299b
མོས་པས་སྤྱོད་པའི་ཡུལ་ཡིན་པའི་ཕྱིར་དང་། ཟག་པ་མེད་པའི་ཡེ་ཤེས་ལས་ལངས་པའི་སེམས་དང་ལྡན་པ་རྣམས་ཀྱི་ཡང་དམ་པའི་ཆོས་ཉན་པ་ལ་སོགས་པ་ན་ཡུལ་ཉིད་དུ་ཉེ་བར་འགྲོ་བའི་ཕྱིར་སྐབས་སུ་འབབ་སྟེ་འགལ་བ་མེད་དོ། །དེ་བཞིན་གཤེགས་པའི་གནས་སྐབས་ན་ནི་འཇིག་རྟེན་ལས་
འདས་པའི་རྗེས་ལ་ཐོབ་པའི་ཡུལ་ཡང་མ་ཡིན་ཏེ། མངོན་པར་ཞེན་པ་ཐམས་ཅད་སྤངས་པའི་ཕྱིར་ལ། བརྟགས་པ་ཡང་མངོན་པར་ཞེན་པས་བྱ་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་གང་གི་ཚེ་གཞན་གྱི་སེམས་ཀྱིས་བཟུང་བའི་ཀུན་བརྟགས་པ་ཡོངས་སུ་གཅོད་པ་དེའི་ཚེ་ཡང་ཕྱིན་ཅི་མ་
ལོག་པའི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཡུལ་དུ་འགྱུར་གྱི། ཇི་ལྟར་བརྟགས་པ་དེ་ལྟར་ནི་ཡུལ་དུ་མི་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་གང་ཟག་གི་གནས་སྐབས་ཀྱི་རིམ་པ་དང་བསྒྲུབ་པ་མངོན་པར་འགྲུབ་པའི་རིམ་པའི་སྒོ་ནས་ཐ་དད་དོ། །གང་ཟག་གི་གནས་སྐབས་ཀྱི་རིམ་པའི་སྒོ་
ནས་ནི་རྣམ་པ་གསུམ་སྟེ། འཇུག་པ་དང་དེའི་རྒྱུ་དང་འབྲས་བུ་དག་དང་བསྒོམ་པའི་བར་དུ་དབྱེ་བའོ། །དེ་ལ་ཡང་དང་པོ་གཉིས་ནི་ཉེ་བར་ལེན་པ་ཡིན་ལ་གསུམ་པ་ནི་ཉེ་བར་བླང་བ་ཡིན་ཏེ། འདི་ལྟར་གང་ཟག་ཞུགས་པ་རྒྱུ་དང་འབྲས་བུ་དག་ལ་གནས་པ་གང་ཡིན་པ་ནི་དེ་ལ་བརྟེན་ནས་ས་བཅུ་
རབ་ཏུ་དབྱེ་བ་ཡིན་ནོ། །བསྒྲུབ་པའི་རིམ་པ་ནི་བསླབ་པ་གསུམ་གྱིས་བསྟན་ཏེ། བསྒྲུབ་པའི་རིམ་པ་འདིས་ནི་གང་ཟག་གི་གནས་སྐབས་གསུམ་པོ་འདི་དག་རབ་ཏུ་འབྱེད་དོ། །དེ་ལ་ཡང་ནི་དེ་བཞིན་གཤེགས་པའི་གནས་སྐབས་ན་ཤེས་བྱ་ལ་འཇུག་པ་ཕྱིན་ཅི་མ་ལོག་པ་ཡིན་མོད་
ཀྱི། འདིར་ནི་འཇུག་པ་དང་པོ་ལ་དགོངས་པ་ཡིན་ནོ། །ཕྱིན་ཅི་མ་ལོག་པ་དེ་ཡང་གང་དུ་ཡོངས་སུ་རྫོགས་ཤེ་ན། འདི་ལྟར་བཟོད་པ་འབྲིང་གི་གནས་སྐབས་ན་ནི་ཀུན་བརྟགས་པའི་ཕྱོགས་གཅིག་པོ་གཟུང་བའི་རྣམ་པ་ཡང་དག་པར་རྟོགས་སོ། །ཆེན་པོ་དང་ཆོས་ཀྱི་མཆོག་གི་
གནས་སྐབས་དག་ན་ནི་འཛིན་པའོ། །དེའི་མཇུག་ཐོགས་སུ་མཐོང་བའི་ལམ་གྱི་སྐད་ཅིག་མ་དང་པོ་ལ་ནི་དེ་བཞིན་ཉིད་དོ། །དེ་ལས་གཞན་པའི་ས་རབ་ཏུ་དགའ་བ་ལ་ནི་འཇུག་པ་ཡོངས་སུ་རྫོགས་པ་ཡིན་ནོ། །འཇུག་པ་དེའི་རྒྱུ་དང་འབྲས་བུ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། མོས་པས་
Vol. 134 · folio 300a
སྤྱོད་པའི་ས་ལ་ནི་རྒྱུའོ། །རབ་ཏུ་དགའ་བ་ལ་སོགས་པའི་གནས་སྐབས་ན་ནི་འབྲས་བུའོ། །དེ་ཡི་རྒྱུ་དང་འབྲས་བུ་སྒོམ་པ་རབ་ཏུ་དབྱེ། །ཞེས་བྱ་བ་ནི། གཙོ་བོ་ཡིན་པའི་ཕྱིར་འབྲས་བུ་ཁོ་ནའི་རབ་ཏུ་དབྱེ་བ་མཛད་དོ། །ཞར་ལ་བསྐལ་པ་གྲངས་མེད་པ་རྣམས་ཀྱི་རྣམ་
པར་དབྱེ་བ་བསྟན་པར་རྒྱུའི་རྣམ་པར་དབྱེ་བར་མཛད་པར་འགྱུར་རོ། །ལྷག་པའི་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་ནི་གཙོ་བོ་ཡིན་པའི་ཕྱིར་བསླབ་པ་གསུམ་སྨོས་སོ། །ཞར་ལ་ནི་གཞན་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱང་སྨོས་ཏེ། སྦྱིན་པ་དང་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པའི་སྒྲའི་
བྱེ་བྲག་གིས་དེ་སྐད་དུ་བསྟན་ཏོ། །གང་གི་ཚེ་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ལ་སོགས་པ་སྨོས་པ་དེའི་ཚེ་ནི་དངོས་ཁོ་ནར་ཡིན་ནོ། །ལྷག་པའི་སེམས་ཞེས་བྱ་བ་ལ་སོགས་པ་ནི། ས་དང་པོ་གསུམ་ལ་ནི་ཐེག་པ་ཆེན་པོ་རབ་ཏུ་སྣང་བའི་ཏིང་ངེ་འཛིན་ཏོ། །ས་བཞི་པ་དང་ལྔ་པ་དང་དྲུག་པ་
དང་བདུན་པ་དག་ལ་ནི་བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ཏོ། །དགུ་པ་དང་བརྒྱད་པ་ལ་ནི་ཏིང་ངེ་འཛིན་གྱི་རྒྱལ་པོ་བཟང་སྐྱོང་ངོ་། །བཅུ་པ་ལ་ནི་དཔའ་བར་འགྲོ་བ་དང་ནམ་མཁའ་མཛོད་ལ་སོགས་པའོ། །ལྷག་པའི་ཤེས་རབ་ཅེས་བྱ་བ་ལ་སོགས་པ་ནི། གཙོ་བོ་ཡིན་པའི་ཕྱིར་དངོས་
གཞི་སྨོས་ཏེ། སྦྱོར་བ་པོ་དང་རྗེས་ཀྱི་དག་ནི་ཕྱིས་སྟོན་ཏོ། །སྤངས་པའི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་ལ་མྱ་ངན་ལས་འདས་པ་ནི་རྣམ་པ་བཞི་སྟེ། ཕུང་པོ་དང་བཅས་པ་དང་ཕུང་པོ་མེད་པ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་དེ་བཞིན་དུ་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་
ལ་འདིར་ནི་གསུམ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་ཡིན་པའི་ཕྱིར་མི་གཟུང་གི །མི་གནས་པའི་མྱ་ངན་ལས་འདས་པ་དེ་བཞིན་ཉིད་སྒྲིབ་པ་གཉིས་དང་བྲལ་བ་ཁོ་ན་ཐུན་མོང་མ་ཡིན་པའི་ཕྱིར་གཟུང་ངོ་། །ཡེ་ཤེས་ཀྱི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་དེ་ལ་ཆོས་ནི་སྟོབས་ལ་སོགས་པའོ། །
དེ་དག་གི་སྐུ་སྟེ་རྟེན་ནི་ཆོས་ཀྱི་སྐུའོ། །དེ་ཉིད་དེ་བཞིན་ཉིད་ཡོངས་སུ་དག་པ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ནི་དེ་ལ་རག་ལས་ཏེ་འབྱུང་བའི་ཕྱིར་རོ། །ཀུན་ཞེས་བྱ་བའི་སྒྲ་ཡང་རྟེན་དུ་གྲགས་ཏེ། ལུས་ཀྱི་དབང་པོ་བཞིན་ཏེ། བསགས་པ་ཉིད་ཡིན་ཡང་མིག་ལ་སོགས་པའི་རྟེན་ཡིན་པའི་
Vol. 134 · folio 300b
ཕྱིར་རོ། །རྣམ་པ་གཅིག་ཏུ་ན་སྐུ་ནི་རང་གི་མཚན་ཉིད་ཁོ་ན་ཡིན་ལ་རང་གི་མཚན་ཉིད་ཡིན་པའི་ཕྱིར་ཆོས་སོ། །འདི་ནི་སྐུ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་ཆོས་ཀྱི་སྐུ་སྟེ། དེ་ཡང་དེ་བཞིན་ཉིད་ཡོངས་སུ་དག་པ་ཡིན་ནོ། །སྐུ་ཞེས་བྱ་བ་ནི་སྒྲ་ཡང་རང་གི་མཚན་ཉིད་དུ་ཡང་གྲགས་ཏེ། རྣམ་པར་
ཤེས་པའི་ལུས་བཞིན་ཏེ། གཟུགས་ཅན་མ་ཡིན་པ་རྣམས་ལ་བསགས་པ་མེད་པའི་ཕྱིར་རོ། །ཆོས་ཀྱི་སྐུ་དེ་ནི་ཡེ་ཤེས་ཀྱི་རྒྱུ་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་ཁྱད་པར་ཏེ། དེ་ཉིད་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཐམས་ཅད་ནི་ཉིད་ཀྱི་ལོངས་སྤྱོད་རྫོགས་པར་དགོངས་
པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །སྟོབས་ལ་སོགས་པའི་ངོ་བོ་ཉིད་གང་ཡིན་པ་དང་། མཚན་དང་དཔེ་བྱད་བཟང་པོ་ཉིད་དུ་གྱུར་པ་གང་ཡིན་པ་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་ཁྱད་པར་ཡིན་ནོ། །དེའི་དབང་གིས་བྱང་ཆུབ་སེམས་དཔའ་
རྣམས་ལ་སོ་སོར་མཚན་དང་དཔེ་བྱད་བཟང་པོ་ལ་སོགས་པར་སྣང་བ་སེམས་དང་སེམས་ལས་བྱུང་བ་དག་ལ་ཁྱབ་པ་གང་ཡིན་པ་དེ་ཡང་གཞན་ལོངས་སྤྱོད་རྫོགས་པར་དགོས་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དབང་ཁོ་ནས་བྱང་ཆུབ་སེམས་
དཔའ་མོས་པ་སྤྱད་པ་སྤྱོད་པ་དང་། ཉན་ཐོས་ལ་སོགས་པའི་རྒྱུད་ལ་སོ་སོར་མཚན་དང་དཔེ་བྱད་བཟང་པོ་ལ་སོགས་པར་སྣང་བའི་སྐུ་ནི་ཡུན་ཐུང་ངུར་གནས་པའི་ཕྱིར་སྤྲུལ་པ་སྟེ། ཡེ་ཤེས་ཀྱི་འབྲས་བུ་ཡིན་པའི་ཕྱིར་ཡེ་ཤེས་ཀྱི་ཁྱད་པར་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་
ཞེས་བྱ་བ་བཤད་པར་བཞེད་ནས། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཉིད་དུ་བརྗོད་པའོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟ་ཞེ་ན་གང་དག་ཉན་ཐོས་ཀྱི་ཐེག་པ་ཉིད་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བྱ་བར་རྟོགས་པ་དེ་དག་ནི་སངས་རྒྱས་ཀྱི་གསུང་དེ་ཐེག་པ་ཆེན་པོ་ཡིན་པར་ཡང་བརྗོད་དོ། །
དེའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ནི་ཐེག་པ་ཆེན་པོ་ཉིད་དུ་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། རྣམ་པ་བཅུ་བསྟན་པ་དང་བྲལ་བའི་ཕྱིར་གྲངས་ཅན་ལ་སོགས་པའི་བསྟན་བཅོས་བཞིན་ནོ། །ཉན་ཐོས་ཀྱི་ཐེག་པ་ལས་ཁྱད་པར་དུ་བྱས་པ་ཞེས་བྱ་བ་ནི། གསུང་ཁྱད་པར་རྣམ་པ་བཅུས་ཁྱད་པར་དུ་
Vol. 134 · folio 301a
འཕགས་པ་ཞེས་བྱ་བ་དེ་སྟོན་ཏེ། གང་གི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ལས་ནི། ཤེས་བྱའི་གནས་ལ་སོགས་པ་ཡོངས་སུ་མ་རྫོགས་པར་བསྟན་ལ། འདི་ལས་ནི་ཤེས་བྱའི་གནས་ལ་སོགས་པ་རྣམ་པ་ཐམས་ཅད་བསྟན་པ་དེའི་ཕྱིར་ཉན་ཐོས་ཀྱི་ཐེག་པ་ལས་ཁྱད་པར་དུ་བྱ་བ་རྣམ་
པ་བཅུས་དེ་བཞིན་གཤེགས་པའི་གསུང་ཁྱད་པར་དུ་སྤོག་པ་ཡིན་ནོ། །མཆོག་ཉིད་ཀྱི་ཕྱིར་ཡང་ཁྱད་པར་དུ་འཕགས་སོ། །ཇི་ལྟར་མཆོག་ཉིད་ཡིན་ཞེ་ན། མཆོག་ཉིད་དུ་བསྟན་པའི་ཕྱིར་རོ། །མཆོག་ཉིད་དུ་བསྟན་པ་ཉིད་ཇི་ལྟར་ཞེ་ན། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་
ལས་བརྩམས་ནས་བསྟན་པ་ཡིན་པས་སོ། །འདིས་ནི་གདུལ་བ་མཆོག་ཉིད་ཀྱི་ཕྱིར་མཆོག་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་གདུལ་བའི་དབང་གིས་ཀྱང་བསྟན་པ་དམན་པ་དང་མཆོག་ཉིད་ཡིན་ཏེ། དཔེར་ན་སོ་སོའི་སྐྱེ་བོ་ཡིན་པའི་ཕྱིར་ཚོང་པ་ག་གོན་དང་མཛེས་ལྡན་དག་གི་ཆེད་དུ་ནི་དམན་
པ་བསྟན། འཕགས་པའི་སྐབས་ཡིན་པས་ལྔ་སྡེའི་དབང་དུ་མཛད་ནས་ནི་འབྲིང་། བྱང་ཆུབ་སེམས་རྣམས་ཀྱི་དབང་དུ་མཛད་ནས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བརྒྱད་བསྟན་ཏེ། བརྟགས་པའི་རྣམ་པ་དགག་པའི་སྒོ་ནས་མཆོག་གོ། །རྣམ་པ་བརྒྱད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་སུམ་བརྒྱ་པ་དང་། ལྔ་བརྒྱ་པ་དང་། བདུན་བརྒྱ་པ་དང་། ཉིས་སྟོང་ལྔ་བརྒྱ་པ་དང་། བརྒྱད་སྟོང་པ་དང་། ཁྲི་བརྒྱད་སྟོང་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། འབུམ་པ་བསྟན་པ་ཡིན་ནོ། །དམ་པའི་ཆོས་པདྨ་དཀར་པོ་ལ་སོགས་པ་བསྟན་པ་ནི་རབ་ཀྱི་མཆོག་ཡིན་ཏེ། འདི་ལྟར་དེ་ལས་ནི་
ཐེག་པ་གཅིག་བསྟན་པས་མ་ངེས་པའི་རིགས་ཅན་རྣམས་ཀྱང་དེ་ལས་འདྲེན་ཏོ། །མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སོགས་པ་བསྟན་པ་ནི་རབ་ཀྱི་ཕུལ་ཡིན་ཏེ། འདི་ལྟར་དེ་ལས་ནི་དེ་བཞིན་གཤེགས་པ་རྣམས་འཁོར་བ་ཇི་སྲིད་པར་བཞུགས་ཤིང་སེམས་ཅན་གྱི་དོན་མཛད་
པར་བསྟན་ཏོ། །སངས་རྒྱས་ཕལ་པོ་ཆེའི་མདོ་བསྟན་པ་ནི་རབ་ཀྱི་ཕུལ་གྱི་མཆོག་ཡིན་ཏེ། འདི་ལྟར་མདོ་དེ་ནི་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པར་ཕྱོགས་བཅུ་ན་གནས་པའི་བྱང་ཆུབ་སེམས་དཔའ་ས་བཅུའི་དབང་ཕྱུག་རྣམས་ལ་ལན་ཅིག་
Vol. 134 · folio 301b
རབ་ཏུ་བསྟན་ཏོ། །གོང་དུ་ཉན་ཐོས་ཀྱི་ཐེག་པ་ཆེན་པོ་ཉིད་དུ་སངས་རྒྱས་ཀྱི་གསུང་ཡིན་པ་ཉིད་དགག་པའི་ཕྱིར་གཏན་ཚིགས་རྣམ་པ་བཅུ་བསྟན་པ་དང་བྲལ་བའི་ཕྱིར་ཞེས་བྱ་བ་དེ་ནི་མ་གྲུབ་སྟེ། ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ཀུན་དུ་དགའ་བ་ཞེས་བྱ་བ་ལ་སོགས་པས་ཤེས་བྱའི་གནས་བསྟན་
པའི་ཕྱིར་རོ། །སེམས་ཅན་རྫུས་ཏེ་སྐྱེ་བ་ཡོད་དོ་ཞེས་བྱ་བ་ལ་སོགས་པས་ཀུན་བརྟགས་པ་ཡང་བསྟན་པའི་ཕྱིར་རོ། །འདི་ལས་སེམས་ཅན་མེད་དོ་ཞེས་བྱ་བ་ལ་སོགས་པས་ཡོངས་སུ་གྲུབ་པ་ཡང་བསྟན་པའི་ཕྱིར་རོ། །ཆོས་འདི་དག་ནི་རྒྱུ་དང་བཅས་ཞེས་བྱ་བ་ལ་སོགས་པས་གཞན་གྱི་དབང་ཡང་
བསྟན་པའི་ཕྱིར་རོ། །ཤེས་བྱ་ལ་འཇུག་པ་ཡང་མིག་དང་གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་བསྟན་པའི་ཕྱིར་རོ། །དེའི་རྒྱུ་དང་འབྲས་བུ་བསྟན་པ་ཡང་ཡོད་དེ། ཕ་རོལ་ཏུ་ཕྱིན་པ་དྲུག་བསྟན་པའི་ཕྱིར་རོ། །བསྒོམ་པ་རབ་ཏུ་དབྱེ་བ་ཡང་དགེ་འདུན་ཕལ་ཆེན་སྡེའི་སྡེ་པ་ལས་སའི་རྣམ་པར་
དབྱེ་བའི་མཚན་ཉིད་བསྟན་པའི་ཕྱིར་རོ། །བསླབ་པ་གསུམ་ཡང་བསྟན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཡང་ཟད་པ་དང་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་པས་བསྟན་པའི་ཕྱིར་རོ། །ཆོས་ཀྱི་སྐུ་མི་སློབ་པའི་ཆོས་ཀྱི་ངོ་བོ་ཉིད་དང་། ལོངས་སྤྱོད་རྫོགས་པའི་སྐུ་ཆོས་ཀྱི་འཁོར་ལོ་བསྐོར་
བར་མཛད་པ་དང་། དེས་སྐྱེ་བ་སྤྲུལ་པའི་སྐུ་བསྟན་པའི་ཕྱིར་སྐུ་གསུམ་ཡང་བསྟན་ཏོ་སྙམ་པའི་བསམ་པ་འདི་ཇི་ལྟར་ན་འདིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་གནས་བཅུ་པོ་འདི་དག་ཅེས་བྱ་བ་ལ་སོགས་པ་འདིས་ནི་གཏན་ཚིགས་སྒྲུབ་པར་བྱེད་དོ། །རྣམ་པ་བཅུ་རྫོགས་པར་བསྟན་
པ་དང་བྲལ་བའི་ཕྱིར་རོ་ཞེས་གཏན་ཚིགས་སྟོན་པའི་ཕྱིར་རོ། །འདི་ལྟར་ཉན་ཐོས་ཀྱི་ཐེག་པ་ལས་ནི་ཤེས་བྱའི་གནས་ཀྱང་རྒྱུའི་བྱེ་བྲག་དང་མཚུངས་པར་ལྡན་པའི་བྱེ་བྲག་དང་། དམིགས་པ་བསྟན་པ་དང་བག་ཆགས་ཀྱི་རྟེན་ཉིད་ལ་སོགས་པའི་དབྱེ་བས་མ་བསྟན་ནོ། །ཀུན་བརྟགས་པ་ཡང་
གཟུགས་ལ་སོགས་པའི་བྱེ་བྲག་དང་ཡོངས་སུ་གྲུབ་པ་ཡང་ཆོས་ལ་བདག་མེད་པའི་མཚན་ཉིད་དང་གཞན་གྱི་དབང་གི་དངོས་པོ་ཡང་རྣམ་པར་ཤེས་པ་བརྒྱད་ཀྱི་ཚོགས་ཀྱི་མཚན་ཉིད་རབ་ཏུ་རྣམ་པར་མ་ཕྱེའོ། །ཤེས་བྱ་ལ་འཇུག་པ་ཡང་ཇི་སྐད་བསྟན་པའི་ཀུན་བརྟགས་པ་ལ་སོགས་པ་ལ་
Vol. 134 · folio 302a
འཇུག་པའི་མཚན་ཉིད་མ་བསྟན་ཏོ། །དེ་མེད་པས་འཁོར་གསུམ་རྣམ་པར་དག་པའི་ཕ་རོལ་ཏུ་ཕྱིན་པ་དག་ཀྱང་རྣམ་པར་མ་ཕྱེ་ལ་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ལ་སོགས་པ་ཡང་མ་བསྟན་ཏོ། །དགེ་འདུན་ཕལ་ཆེན་སྡེ་རྣམས་ལ་སའི་དབྱེ་བ་བསྟན་པ་གང་ཡིན་པ་དེ་
ཡང་ཕྱོགས་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ། །ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡང་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ཀྱི་མཚན་ཉིད་རྣམ་པར་མ་ཕྱེའོ། །ལྷག་པའི་སེམས་ཀྱང་ཐེག་པ་ཆེན་པོ་རབ་ཏུ་སྣང་བའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལ་སོགས་པའི་དབྱེ་བ་དང་། ལྷག་པའི་
ཤེས་རབ་ཀྱང་བདག་མེད་པ་གཉི་ག་རྟོགས་པའི་དབྱེ་བ་དང་། མི་གནས་པའི་མྱ་ངན་ལས་འདས་པ་ཡང་ཇི་སྐད་འཆད་པར་འགྱུར་བ་དང་། སྐུ་གསུམ་ཡང་ཇི་ལྟར་བཞེད་པ་བཞིན་རྣམ་པར་མ་ཕྱེའོ། །བྱང་ཆུབ་ཆེན་པོ་ཀུན་དུ་སྒྲུབ་པར་བྱེད་པ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་རང་གི་ཕྱོགས་སྒྲུབ་པར་
བྱེད་དོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་ནི་ཐེག་པ་ཆེན་པོ་ཉིད་དུ་སངས་རྒྱས་ཀྱི་གསུང་ཡིན་ཏེ། བྱང་ཆུབ་ཆེན་པོ་ཀུན་དུ་སྒྲུབ་པར་བྱེད་པའི་དོན་སྟོན་པའི་ཕྱིར་གཉི་ག་ལ་གྲགས་པ་སྐྱེས་པའི་རབས་ཀྱི་སྡེ་ལ་སོགས་པ་བསྟན་པ་བཞིན་ནོ། །འདོད་དོ་ཞེས་བྱ་བའི་སྒྲ་
ཚིགས་སུ་བཅད་པ་ལས་འབྱུང་བ་འཆད་པར་འགྱུར་བ་དང་། སྦྱོར་བའི་ཕྱིར་མ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ། བྱང་ཆུབ་ཆེན་པོ་ཀུན་དུ་སྒྲུབ་པར་བྱེད་པའི་དོན་སྟོན་པར་འདོད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་ཆེན་པོ་ནི་འདིར་དེ་བཞིན་ཉིད་དྲི་མ་མེད་པའོ། །དེ་ཀུན་དུ་སྒྲུབ་པ་ནི་མངོན་
སུམ་དུ་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རོ། །མི་གནས་པའི་མྱ་ངན་ལས་འདས་པ་དང་སྐུ་གསུམ་པོ་བྱང་ཆུབ་ཆེན་པོའི་གནས་སྐབས་ཁོ་ན་ཡིན་ན་ཇི་ལྟར་བྱང་ཆུབ་ཆེན་པོ་ཀུན་དུ་སྒྲུབ་པར་བྱེད་པ་ཡིན་ཞེ་ན། རྒྱུད་གཞན་དག་ལ་ཆོས་ཀྱི་
དབྱིངས་ཀྱི་རྒྱུ་མཐུན་པ་ཐོས་པའི་བག་ཆགས་ཀྱི་རིམ་གྱིས་སོ། །ཡོང་ནི་བྱང་ཆུབ་ཡེ་ཤེས་ཡིན་མོད་ཀྱི། འོན་ཀྱང་ཚིག་ཕྱེ་ནས་སྦྱར་བར་བྱ་སྟེ། གང་གི་ཕྱིར་འདི་དག་བྱང་ཆུབ་ཆེན་པོ་ཀུན་དུ་སྒྲུབ་པར་བྱེད་པ་དེའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པ་ཡིན་ནོ། །བྱང་ཆུབ་ཆེན་པོ་ཀུན་
Vol. 134 · folio 302b
དུ་སྒྲུབ་པར་བྱེད་པ་དེ་ཡང་ཤིན་ཏུ་འཐད་པ་ཞེས་བྱ་བ་ལ་སོགས་པ་ཚིག་གསུམ་གྱིས་ཁྱད་པར་དུ་བྱེད་དེ། དེ་ལ་ཤིན་དུ་འཐད་པ་ནི་དམིགས་པའི་ངོ་བོ་ཉིད་ཀྱི་ཐེག་པ་ཆེན་པོ་གང་ཡིན་པ་ཤེས་བྱའི་གནས་དང་། ཤེས་བྱའི་མཚན་ཉིད་དེ་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། །མཐུན་པ་ནི་སྤྱོད་པའི་ངོ་བོ་ཉིད་
ཀྱི་ཐེག་པ་ཆེན་པོ་གང་ཡིན་པ་ཤེས་བྱ་ལ་འཇུག་པ་ལ་སོགས་པ་རྣམ་པ་དྲུག་སྟེ། འབྲས་བུའི་རྗེས་སུ་མཐུན་པའི་ཕྱིར་རོ། །འགལ་བ་མེད་པ་ནི་འབྲས་བུའི་ངོ་བོ་ཉིད་ཀྱི་ཐེག་པ་ཆེན་པོ་གང་ཡིན་པ་སྤངས་པ་དང་། ཡེ་ཤེས་ཀྱི་ཁྱད་པར་གྱི་ངོ་བོ་སྟེ། རྒྱུ་དང་མི་འགལ་བའི་ཕྱིར་རོ། །རྣམ་པ་
གཅིག་ཏུ་ན་རྣམ་པ་བཅུ་པོ་ངོ་བོ་ཉིད་གསུམ་གྱི་ནང་དུ་འདུས་པའི་ཕྱིར་ངོ་བོ་ཉིད་གསུམ་གྱི་དབྱེ་བས་ཤིན་ཏུ་འཐད་པ་ལ་སོགས་པ་ཡིན་ཏེ། དེ་ལ་ཤིན་ཏུ་འཐད་པ་ནི་ཡོངས་སུ་གྲུབ་པ་སྟེ། ཚད་མ་དང་མི་འགལ་བའི་ཕྱིར་རོ། །མཐུན་པ་ནི་གཞན་གྱི་དབང་སྟེ། རྣམ་པར་བྱང་བ་དང་མཐུན་པའི་ཕྱིར་རོ། །
འགལ་བ་མེད་པ་ནི་ཀུན་བརྟགས་པ་སྟེ། ཐ་སྙད་དང་མི་འགལ་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་རྣམ་པ་བཅུ་ཆར་མངོན་སུམ་གྱི་ཚད་མ་དང་ལྡན་པའི་ཕྱིར་ཤིན་ཏུ་འཐད་པའོ། །རྗེས་སུ་དཔག་པ་དང་ལྡན་པའི་ཕྱིར་མཐུན་པའོ། །སྔོན་གྱི་སངས་རྒྱས་ཀྱི་ལུང་དང་མི་འགལ་བའི་ཕྱིར་འགལ་བ་མེད་
པའོ། །རྣམ་པ་གཅིག་ཏུ་ན་མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་རྣམས་དང་ལྡན་པའི་ཕྱིར་ཤིན་ཏུ་འཐད་པའོ། །རྣམ་པར་བྱང་བ་དང་མཐུན་པའི་ཕྱིར་མཐུན་པའོ། །འགལ་བ་ཀུན་ནས་ཉོན་མོངས་པའི་དགྲ་བོར་གྱུར་པའི་ཕྱིར་འགལ་བ་མེད་པའོ། །རྣམ་པ་གཅིག་ཏུ་ན་བདེན་པ་གསུམ་
གྱི་སྐབས་ཀྱི་མཚན་ཉིད་ཀྱི་བདེན་པའི་དབང་དུ་བྱས་ནས་ཤིན་ཏུ་འཐད་པའོ། །དོན་དམ་པའི་བདེན་པའི་དབང་དུ་བྱས་ནས་མཐུན་པའོ། །ཀུན་རྫོབ་ཀྱི་བདེན་པའི་དབང་དུ་བྱས་ནས་འགལ་བ་མེད་པའོ། །རྣམ་པ་གཅིག་ཏུ་ན་རྣམ་པ་བཅུ་པོ་བསྐལ་པ་གྲངས་མེད་པ་དང་པོས་བསྡུས་པ་ནི་ཤིན་ཏུ་
འཐད་པ་སྟེ། ས་གོང་མ་དང་མཐུན་པའི་ཕྱིར་རོ། །བསྐལ་པ་གྲངས་མེད་པ་གཉིས་པས་བསྡུས་པ་ནི་མཐུན་པ་སྟེ། ལྷག་པའི་བསམ་པ་རྣམ་པར་དག་པའི་ཕྱིར་རོ། །བསྐལ་པ་གྲངས་མེད་པ་གསུམ་པས་བསྡུས་པ་ནི་འགལ་བ་མེད་པ་སྟེ། མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ཕྱིར་
Vol. 134 · folio 303a
རོ། །རྣམ་པ་གཅིག་ཏུ་ན་རང་བཞིན་དུ་གནས་པའི་རིགས་ཀྱིས་བསྡུས་པ་ནི་ཤིན་ཏུ་འཐད་པའོ། །ཡང་དག་པར་བསྒྲུབ་པའི་རིགས་ཀྱིས་བསྡུས་པ་ནི་མཐུན་པའོ། །འབྲས་བུའི་གནས་སྐབས་ཀྱིས་བསྡུས་པ་ནི་འགལ་བ་མེད་པའོ། །དེ་ལ་འདིར་གནས་བཅུ་པོ་འདི་དག་གི་གོ་རིམས་
ནི་བསྟན་ཟིན་པ་ཉིད་དེ། དམིགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་རྒྱུ་ཡིན་པའི་ཕྱིར་དང་པོར་བསྟན་ཏོ། །དམིགས་པ་ཇི་ལྟ་བ་བཞིན་ཤེས་བྱ་ལ་འཇུག་པ་ལ་སོགས་པ་དྲུག་ནི་དེའི་འབྲས་བུ་ཡིན་པའི་ཕྱིར་ཕྱིས་སོ། །སྤངས་པ་དང་ཡེ་ཤེས་ཀྱི་ཁྱད་པར་དག་ནི་དེའི་འབྲས་བུ་ཡིན་པའི་ཕྱིར་དེ་བས་ཀྱང་
ཕྱིས་སོ། །དམིགས་པ་དག་ལ་ཡང་སྔ་ཕྱི་ནི་ཤེས་བྱའི་གནས་ནི་རྒྱུ་ཡིན་པའི་ཕྱིར་རོ། །ཤེས་བྱའི་མཚན་ཉིད་ནི་འབྲས་བུ་ཡིན་པའི་ཕྱིར་རོ། །ཤེས་བྱ་ལ་འཇུག་པ་ལ་སོགས་པ་དྲུག་ལ་ཡང་གསུམ་ཚན་དང་པོ་གང་ཡིན་པ་དེ་ནི་གང་ཟག་གི་གནས་སྐབས་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་དང་པོར་
བསྟན་ཏོ། །གསུམ་ཚན་གཉིས་པ་སྤྱོད་པའི་ངོ་བོ་ཉིད་ནི་དེ་ལ་བརྟེན་པ་ཡིན་པའི་ཕྱིར་ཕྱིས་བསྟན་ཏོ། །གསུམ་ཚན་དང་པོ་ལ་ཡང་རྣམ་པ་དང་པོ་གཉིས་གང་ཡིན་པ་དེ་ནི་ཉེ་བར་ལེན་པ་ཡིན་པའི་ཕྱིར་སྔར་བསྟན་ཏོ། །རྣམ་པ་གསུམ་པ་གང་ཡིན་པ་དེ་ནི་ཉེ་བར་བླང་བར་བྱ་བ་ཡིན་པའི་ཕྱིར་ཕྱིས་སོ། །རྣམ་པ་དང་
པོ་གཉིས་ལ་ཡང་ཤེས་བྱ་ལ་འཇུག་པ་ནི་རྒྱུ་ཡིན་པའི་ཕྱིར་དང་པོར་རོ། །རྣམ་པ་གཉིས་པ་ནི་འབྲས་བུ་ཡིན་པའི་ཕྱིར་ཕྱིས་སོ། །སྒྲུབ་པ་ལ་ཡང་མི་མཐུན་པའི་ཕྱོགས་ཇི་ལྟར་རགས་པ་བཞིན་གོ་རིམས་ཡིན་ཏེ། འདི་ལྟར་འཆལ་པའི་ཚུལ་ཁྲིམས་ནི་བརྟག་སླ་བའི་ཕྱིར་ཆེས་རགས་པས། དེའི་
གཉེན་པོར་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའོ། །དེ་བཞིན་དུ་རྒོད་པ་དང་། རྣམ་པར་གཡེང་བ་ལ་སོགས་པ་རགས་པ་དེ་དག་གི་གཉེན་པོར་ལྷག་པའི་སེམས་ཀྱི་བསླབ་པའོ། །དེ་བཞིན་དུ་གནས་ངན་ལེན་གྱི་ས་བོན་རྗེས་སུ་འབྲེལ་པ་ནི་ཕྲ་བས་དེའི་གཉེན་པོར་ལྷག་པའི་ཤེས་རབ་ཀྱི་
བསླབ་པའོ། །རྣམ་པ་གཅིག་ཏུ་ན་སའི་རིམ་པས་གོ་རིམས་སུ་བསླབ་པ་ཡིན་ཏེ། འདི་ལྟར་ས་གཉིས་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པས་རབ་ཏུ་ཕྱེ་བ་ཡིན་ཏེ། དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །ས་གསུམ་པ་ནི་ལྷག་པའི་སེམས་ཀྱི་
Vol. 134 · folio 303b
བསླབ་པས་རབ་ཏུ་ཕྱེ་བ་ཡིན་ཏེ། འཇིག་རྟེན་པའི་བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པས་གནས་པའི་ཕྱིར་རོ། །བཞི་པ་ལ་སོགས་པ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པས་རབ་ཏུ་ཕྱེ་བ་ཡིན་ཏེ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་སོགས་པ་རབ་ཏུ་རྣམ་པར་འབྱེད་པས་
གནས་པའི་ཕྱིར་རོ། །སྤངས་པ་དང་ཡེ་ཤེས་དག་ཀྱང་བདེན་པ་ཇི་ལྟར་བསྟན་པ་བཞིན་གོ་རིམས་ཡིན་ཏེ། འདི་ལྟར་མི་གནས་པའི་མྱ་ངན་ལས་འདས་པ་ནི་འགོག་པའི་བདེན་པས་བསྡུས་པ་ཡིན་ལ། དེའི་འབྲས་བུར་གྱུར་པ་ཡེ་ཤེས་ནི་ལམ་གྱི་བདེན་པས་བསྡུས་པ་ཡིན་ཏེ། ཡེ་ཤེས་ཀྱི་
ཁྱད་པར་ནི་སྤངས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་གོ་རིམས་དེ་ལྟར་བསྟན་ཏོ། །བསྟན་བཅོས་མཛད་པས་ནི་གོ་རིམས་གཞན་དུ་བསྟན་པའི་ཕྱིར། ཆོས་རྣམས་ཀྱི་རྒྱུ་ལ་མཁས་པ་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ཡོངས་སུ་སྤངས་པའི་ཕྱིར་རྒྱུ་
ལ་མཁས་པའོ། །དེའི་ཆེད་དུ་ཤེས་བྱའི་གནས་བསྟན་ཏེ། ཆོས་ཐམས་ཅད་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་རག་ལས་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་ཞེས་བྱ་བ་ནི་སྡུག་པ་དང་མི་སྡུག་པའི་འགྲོ་བ་རྣམ་པར་འབྱེད་པ་དང་ཉེ་བར་སྤྱོད་པ་པའི་རྟེན་ཅིང་འབྲེལ་པར་
འབྱུང་བ་བསྟན་པའི་ཕྱིར་རོ། །རྒྱུ་ལ་མཁས་པ་ཞེས་བྱ་བ་སྨོས་པ་ནི། ངོ་བོ་ཉིད་རྣམ་པར་འབྱེད་པ་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་རབ་ཏུ་བསྟན་པའི་ཕྱིར་ཏེ། འདིར་ཡང་གཞན་ལ་མཁས་པ་ནི་ངོ་བོ་ཉིད་རྣམ་པར་འབྱེད་པ་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་སྔོན་དུ་འགྲོ་བ་ཅན་ཡིན་
པའི་ཕྱིར། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་ཕྱིས་བསྟན་ཏོ། །དེའི་འོག་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་ན་ཆོས་རྣམས་ཀྱི་མཚན་ཉིད་ལ་འཇུག་པར་ནུས་པས་ཤེས་བྱའི་མཚན་ཉིད་བསྟན་ཏོ། །སྒྲོ་འདོགས་པ་དང་སྐུར་པའི་མཐའི་ཉེས་པ་ཡོངས་སུ་སྤངས་པ་ཞེས་བྱ་བ་དེ་ལ་ཀུན་
བརྟགས་ལ་སྒྲོ་འདོགས་པ་ནི་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ལྟ་བུ་སྟེ། གཟུགས་ལ་སོགས་པ་ལ་དེ་ཁོ་ན་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །གཞན་གྱི་དབང་ལ་སྐུར་པ་འདེབས་པ་ནི་བདག་ཉིད་ཐམས་ཅད་དུ་གདགས་པའི་གཞི་སྤང་བའི་ཕྱིར་རོ། །ཡོངས་སུ་གྲུབ་པ་ལ་སྐུར་པ་འདེབས་པ་ཡང་ཁ་
Vol. 134 · folio 304a
ཅིག་ཏུ་མེད་པར་རྟོགས་པའམ། ཀུན་རྫོབ་ཏུ་ཡོད་པར་རྟོགས་པའི་ཕྱིར་རོ། །རེ་ཞིག་གཅིག་ཏུ་མེད་པ་ནི་མ་ཡིན་ཏེ། དེ་བཞིན་ཉིད་རྫས་ཀྱི་ཆོས་ཡིན་པའི་ཕྱིར་རོ། །གདགས་པའི་ཉེ་བར་ལེན་པ་མེད་པར་ནི་བཏགས་པའི་ངོ་བོས་སྟོང་པའི་དེ་བཞིན་ཉིད་ངེས་པར་གཟུང་
བར་མི་ནུས་སོ། །མི་རྟག་པ་ཉིད་ལ་སོགས་པ་བཞིན་དུ་བཏགས་པའི་ཡོད་པ་ཡང་མ་ཡིན་ཏེ། དེ་དག་ནི་གནས་སྐབས་ཀྱི་བྱེ་བྲག་ལ་བཏགས་པས་འཁྲུལ་པའི་ཕྱིར་ལ། དེ་བཞིན་ཉིད་ནི་གནས་སྐབས་ཐམས་ཅད་དུ་མི་འཁྲུལ་པའི་ཕྱིར་རོ། །དེ་བས་ན་བསྟན་པའི་ཕྱིར་རྫས་ཡིན་ལ། རྫས་
ཀྱི་ཆོས་ཡིན་པའི་ཕྱིར་མེད་པ་ཉིད་ཀྱང་མ་ཡིན་ནོ། །དེ་ལྟར་ན་བརྟགས་པ་ལ་སྒྲོ་འདོགས་པར་མི་བྱེད་པའི་ཕྱིར་དང་། གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་དག་ལ་སྐུར་པ་འདེབས་པར་མི་བྱེད་པའི་ཕྱིར་སྒྲོ་འདོགས་པ་དང་སྐུར་པའི་ཉེས་པ་སྤངས་པ་ཉིད་དོ། །ཡང་ན་ངོ་བོ་ཉིད་རེ་རེ་ལ་ཡང་སྒྲོ་འདོགས་པ་
དང་སྐུར་པའི་ཉེས་པ་སྤངས་པ་ཉིད་སྦྱར་ཏེ་དེ་ལ་བརྟགས་པ་ལ་སྒྲོ་འདོགས་པ་ཉིད་སྔ་མ་བཞིན་ནོ། །སྐུར་པ་འདེབས་པ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་ཀུན་རྫོབ་ཏུ་ཡང་སེལ་བའི་ཕྱིར་རོ། །གཞན་གྱི་དབང་ལ་སྒྲོ་འདོགས་པ་ནི་མདོ་སྡེ་པ་ལ་སོགས་པ་ལྟ་བུ་སྟེ། དེ་ཁོ་ན་ཉིད་ཁོ་ནར་ཁས་ལེན་པའི་
ཕྱིར་རོ། །འདི་ལྟར་སེམས་དང་སེམས་ལས་བྱུང་བ་རྣམས་རིགས་མཐུན་པའི་དངོས་པོ་དང་བྲལ་བའི་ཕྱིར་དེ་ཁོ་ནའི་བདག་ཉིད་དུ་ནི་བསྒྲུབ་པར་ནི་མི་ནུས་ཀྱི། དེ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་གཞི་མེད་པར་མ་བརྟགས་པས་རྟེན་ཅིང་འབྲེལ་པ་ཉིད་དུ་ཁས་བླང་བ་འབའ་ཞིག་ཏུ་ཟད་དོ། །གཟུགས་
ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་སེམས་དང་སེམས་ལས་བྱུང་བ་ལས་གུད་ན་ཡོད་པར་བརྟགས་ཏེ། རྨི་ལམ་ལ་སོགས་པ་ལ་འཁྲུལ་པའི་ཕྱིར་དང་། ཤིན་ཏུ་བརྟགས་མི་བཟོད་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཡིན་པ་བསལ་ལོ། །སྐུར་པ་འདེབས་པ་ནི་སྔ་མ་བཞིན་སྦྱར་རོ། །ཡོངས་
སུ་གྲུབ་པ་ལ་སྒྲོ་འདོགས་པ་ནི་ཇི་ལྟར་བརྗོད་པ་དེ་ཁོ་ན་བཞིན་དུ་དེ་ཁོ་ན་ཉིད་དུ་ཡོངས་སུ་འཛིན་པའི་ཕྱིར་རོ། །སྐུར་པ་འདེབས་པ་ནི་སྔ་མ་བཞིན་ནོ། །གཞན་དག་ནི་གཞན་གྱི་དབང་ལ་སྒྲོ་འདོགས་པ་བཞིན་དུ་འཆད་དེ། ཇི་ལྟར་འཛིན་པའི་བདག་ཉིད་དུ་གྲགས་པ་དེ་ལྟར་མངོན་པར་ཞེན་པའི་
Vol. 134 · folio 304b
ཕྱིར་ཡིན་གྱི། ཡོད་པའི་ཕྱིར་གཟུང་བ་དང་འཛིན་པས་དབེན་པའི་བདག་ཉིད་དུ་ནི་མ་ཡིན་ཏེ། དེ་ལྟར་སྒྲོ་འདོགས་པའི་ཕྱིར་སྒྲོ་འདོགས་པ་ཡིན་ནོ་ཞེས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་དེ་དག་ལ་ཞེས་བྱ་བས་འདིར་བརྒལ་བ། གལ་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་དག་ལ་སྒྲོ་འདོགས་པ་དང་
སྐུར་པ་འདེབས་པ་སྤངས་པ་ཉིད་ཀྱིས་མཚན་ཉིད་ལ་མཁས་པ་ཡིན་ན་བརྟགས་པ་དང་ཡོངས་སུ་གྲུབ་པ་དག་ལ་མཁས་པ་གོ་སྐབས་སུ་ཅི་འབབ་སྟེ། གཅིག་ནི་མེད་པ་ཉིད་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་པའི་ཕྱིར་ལ། ཅིག་ཤོས་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱང་རྟག་པའི་ཕྱིར་རོ། ཞེ་ན་དེ་ནི་
མ་ཡིན་ཏེ། མཚན་ཉིད་ལ་མཁས་པ་ཞེས་བཤད་པ་མཚན་ཉིད་ནི། འདིས་མཚོན་པས་ན་གཞན་གྱི་དབང་ལ་ཀུན་བརྟགས་པ་དང་ཡོངས་སུ་གྲུབ་པ་ཡིན་ཏེ། འདི་ལྟར་སེམས་ཅན་མ་དག་པ་རྣམས་ཀྱིས་ནི་བརྟགས་པའི་བདག་ཉིད་དུ་དག་པ་རྣམས་ཀྱིས་ནི་བདག་མེད་པའི་བདག་ཉིད་དུ་མཚོན་ཏོ། །
གཞན་གྱི་དབང་རང་ཉིད་ནི་མཚོན་པར་བྱ་བ་ཡིན་པས་ན་མཚན་ཉིད་དེ་དེ་ཉིད་སྦྱར་བར་བྱའོ། །འདི་ལ་ཐམས་ཅད་ཀྱི་ཀུན་རྫོབ་ཀྱི་བདེན་པ་བཞི་དང་། དོན་དམ་པའི་བདེན་པ་བཞིའོ། །དེ་ལ་འཇིག་རྟེན་གྱི་ཀུན་རྫོབ་ཏུ་ནི་བརྟགས་པ་ལ་སྒྲོ་ཡང་མི་འདོགས་སྐུར་པ་ཡང་མི་འདེབས་སོ། །རིགས་པའི་
ཀུན་རྫོབ་ཏུ་ནི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་གཞན་གྱི་དབང་ལ་སྒྲོ་ཡང་མི་འདོགས་སྐུར་པ་ཡང་མི་འདེབས་སོ། །རྟོགས་པའི་ཀུན་རྫོབ་ཏུ་ནི་བདེན་པའི་ལུགས་ཇི་ལྟར་རྣམ་པར་གཞག་པ་ལ་མངོན་པར་ཞེན་པ་ཉིད་ཀྱིས་སྒྲོ་ཡང་མི་འདོགས་ལ། མངོན་པར་རྟོགས་པ་དང་མཐུན་པ་
མེད་པར་སྐུར་པ་ཡང་མི་འདེབས་སོ། །དོན་དམ་པའི་ཀུན་རྫོབ་ཏུ་ནི་ཇི་སྐད་བརྗོད་པའི་ཡོངས་སུ་གྲུབ་པ་ལ། སྒྲོ་ཡང་མི་འདོགས་སྐུར་པ་ཡང་མི་འདེབས་ཏེ། དེ་བཞིན་དུ་འཇིག་རྟེན་གྱི་དོན་དམ་པ་དང་རིགས་པའི་དོན་དམ་པ་དང་། རྟོགས་པའི་དོན་དམ་པ་དང་། དོན་དམ་པའི་དོན་དམ་པས་དེ་ཁོ་
ན་བཞིན་དུ་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པ་སྤངས་པ་ཉིད་སྦྱར་བར་བྱའོ། །གཞན་དག་ནི་ཕུང་པོ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་ལ་བདེ་བ་དང་སྡུག་བསྔལ་བ་དང་རྨོངས་པ་ཡོངས་སུ་འགྱུར་བ་ལ་སོགས་པ་ཉིད་དུ་སྒྲོ་འདོགས་པའི་ཕྱིར་སྒྲོ་འདོགས་པའོ། །
Vol. 134 · folio 305a
བདག་ཉིད་ཐམས་ཅད་དུ་མེད་པར་རྟོགས་པའི་ཕྱིར་སྐུར་པ་འདེབས་པའོ་ཞེས་བརྗོད་དེ། བརྟགས་པ་ལ་སོགས་པ་ངོ་བོ་ཉིད་གསུམ་དང་སྦྱོར་བས་ནི་མ་ཡིན་ནོ། །རྟོགས་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། མཁས་པ་དང་པོ་ལ་ནི་ཕན་ཡོན་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་
མཁས་པ་ཡིན་ལ། གཉིས་པ་ལ་ཡང་མཐའ་གཉིས་སྤང་བ་ལ་མཁས་པ་མ་ཡིན་ནམ། མཁས་པ་ནི་ཤེས་པ་ཡིན་པས་དེ་ཉིད་རྟོགས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། མཁས་པ་ནི་མོས་པས་སྤྱོད་པའི་ཐོས་པ་ལས་བྱུང་བ་དང་། བསམས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་ཟག་
པ་དང་བཅས་པ་ཡིན་པར་བཞེད་ལ། རྟོགས་པ་ནི་ཟག་པ་མེད་པའི་ཡེ་ཤེས་ཡིན་ནོ། །དེས་སྒྲིབ་པ་རྣམས་ལས་ཞེས་བྱ་བ་ལ་སོགས་པ་ནི། དེ་ལ་དྲོ་བའི་གནས་སྐབས་ན་ནི་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་རྣམ་པར་གནོན་པའི་སྤོང་བས་ཀུན་དུ་མི་འབྱུང་བ་ཙམ་རྣམ་པར་གྲོལ་བ་
ཡིན་ཏེ། དེ་དག་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །རྩེ་མོ་དང་བཟོད་པ་དང་ཆོས་ཀྱི་མཆོག་གི་གནས་སྐབས་ན་ནི། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཀུན་བརྟགས་པ་རྣམ་པར་གནོན་པ་རྣམ་པར་གྲོལ་བ་ཡིན་ནོ། །མཐོང་བའི་
ལམ་གྱི་གནས་སྐབས་ན་ནི་སྒྲིབ་པ་རྣམ་པ་དེ་གཉི་གའི་ས་བོན་ཡང་དག་པར་བཅོམ་པ་རྣམ་པར་གྲོལ་བ་ཡིན་ནོ། །དེ་ཡན་ཆད་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་ནི་ཤེས་བྱའི་སྒྲིབ་པའི་ས་བོན་ལྷན་ཅིག་སྐྱེས་པ་རིམ་གྱིས་ཡང་དག་པར་འཇོམས་ཏེ། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་
ལྟ་བ་ལྷན་ཅིག་སྐྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་དག་ནི་ས་བཞི་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་མནན་ཏོ། །དེ་ལས་གཞན་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་རྣམ་པ་ཐམས་ཅད་དུ་རྣམ་པར་མནན་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་ནི་ས་
བརྒྱད་པ་ལ་རྣམ་པར་མནན་ཏོ། །ཐམས་ཅད་ཀྱི་ས་བོན་དང་ཉོན་མོངས་པས་འཕངས་པའི་བག་ཆགས་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཅིག་ཅར་ཀུན་ནས་འཇོམས་སོ། །ལྷག་པའི་བསམ་པ་དག་པ་ལ་བརྟེན་ནས་ཞེས་བྱ་བ་ནི། ས་བཅུ་པ་ལས་བསྟན་པ་དྲང་པོའི་བསམ་པ་ཉིད་ལ་
Vol. 134 · folio 305b
སོགས་པས་སོ། །སྔར་སྦྱོར་བ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ནི། རྒྱུན་གཅིག་པའི་ཕྱིར་དེ་སྐད་བརྗོད་དེ། རྒྱུར་གྱུར་པ་གང་དག་ཡིན་པ་དེ་དག་རྟོགས་པའི་སྒོ་ནས་བསྒྲུབ་པར་བྱ་བ་ཡིན་ནོ། །རྟོགས་པར་བསྒྲུབ་པ་ཡང་ཕ་རོལ་ཏུ་ཕྱིན་པའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པའི་ས་བོན་
བཅོམ་པ་དང་། འཁོར་གསུམ་ཡོངས་སུ་དག་པས་ཡོངས་སུ་ཟིན་པའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པ་རྣམས་གགས་མེད་པར་འཇུག་པ་གང་ཡིན་པའོ། །དེའི་འོག་ཏུ་ལྷག་པའི་བསམ་པ་དག་པའི་རྒྱུ་ཅན་ས་བཅུའི་མཚན་ཉིད་བསྒོམ་པ་རབ་ཏུ་དབྱེ་བ་ཡིན་པས་དེ་བསྟན་ཏོ། །དེ་ཡང་ཡོང་ནི་བསྐལ་པ་
གྲངས་མེད་པ་གཉིས་ཀྱིས་ཡིན་མོད་ཀྱི། འོན་ཀྱང་གསུམ་ཉིད་ནི་དེར་ཡོངས་སུ་རྫོགས་པ་ཡིན་པས་གྲངས་མེད་པ་གསུམ་དུ་ཞེས་བཤད་དོ། །བསླབ་པ་ཡོངས་སུ་རྫོགས་པ་ནི་ས་ལ་བརྟེན་པ་ཡིན་པའི་ཕྱིར། དེའི་འོག་ཏུ་བསླབ་པ་གསུམ་སྟེ། འདི་དག་གི་ནང་གོ་རིམས་ནི་སྔ་མ་བཞིན་ནོ། །
ལྷག་མའི་གོ་རིམས་ཀྱང་སྔ་མ་བཞིན་ནོ། །ཐེག་པ་ཆེན་པོ་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བྱ་བ་ནི། དམིགས་པ་ལ་སོགས་པའི་བྱེ་བྲག་ཅི་སྐད་བཤད་པའི་སྒོ་ནས་སོ། །འདི་ནི་བཅུ་པོ་མདོར་བསྡུས་ནས་རྣམ་པར་བཤད་པ་ཡིན་ཏེ། །རྒྱས་པར་ནི་འདི་མན་ཆད་ནས་སྟོན་ཏོ། །དེར་
ཡང་རྣམ་གྲངས་དང་རང་གི་མཚན་ཉིད་དང་རིགས་པ་དང་རབ་ཏུ་དབྱེ་བ་དང་རྣམ་པ་བཞི་རྣམ་པར་བཤད་པར་བྱ་སྟེ། ཉན་པ་པོ་རྣམས་ཀྱིས་བྱེ་བྲག་ཏུ་རྟོགས་པར་བྱ་བའི་ཕྱིར་དང་པོར་རྣམ་གྲངས་ཙམ་ཞིག་བསྙད་དོ། །དེའི་འོག་ཏུ་བརྗོད་པར་བྱ་བར་འདོད་པ་རྣམས་ལ་མཚན་ཉིད་བརྗོད་དོ། །རང་
གི་མཚན་ཉིད་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་རིགས་པ་རྒྱས་པའོ། །རིགས་པས་བསྒྲུབས་པ་རང་གི་གྲུབ་པའི་མཐའ་ལ་རྣམ་པར་གནས་པར་བྱ་བའི་ཕྱིར་རབ་ཏུ་དབྱེ་བའོ། །རྣམ་གྲངས་ལ་ཡང་ཁྱད་པར་རྣམ་པ་བཞི་སྟེ། ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་
ཐེག་པ་ཆེན་པོ་ཐུན་མོང་པ་དང་། ཉན་ཐོས་ཀྱི་ཐེག་པའི་ཐུན་མོང་མ་ཡིན་པ་དང་། དེའི་བརྩད་པའོ། །དེ་ལ་བརྩད་པ་ནི་འདི་ཡིན་ཏེ། ཅི་འཇུག་པའི་རྣམ་པར་ཤེས་པའི་རྒྱུད་ལ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བས་རྣམ་གྲངས་ཤིག་ཡིན་ནམ་འོན་ཏེ་དེ་དང་ཐ་དད་པ་ཞིག་ཡིན་ཞེས་བྱ་བའོ། །དེ་ལ་
Vol. 134 · folio 306a
རེ་ཞིག་རྣམ་གྲངས་དང་པོའི་དབང་དུ་མཛད་ནས། བཅོམ་ལྡན་འདས་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་ཞེས་བསྟན་པས་ཀུན་གཞིའི་རྣམ་པར་ཤེས་པ་གང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་ནི་འདྲི་བའི་ལན་འཆད་པར་འགྱུར་བ་དང་སྦྱར་ན་འདྲི་བ་འདི་ཐེག་པ་ཆེན་པོ་
པ་མི་མཁས་པ་ཞིག་ཡིན་པར་མངོན་ཏེ། འདི་ལྟར་དྲིས་པའི་དོན་ཐེག་པ་ཆེན་པོར་གཏོགས་པའི་མདོ་བརྗོད་པས་གཏན་ལ་དབབ་པ་མཛད་དོ། །འོན་ཏེ་སྡེ་པ་ཞིག་འདྲི་ན་འོན་ཀྱང་ཉེས་པ་མེད་དེ། འདི་ལྟར་དེ་ལྟར་ཚད་མས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་ཡིན་པར་ཁས་ལེན་དུ་བཅུག་པས་སོ། །
ཡང་ན་སློབ་དཔོན་ཉིད་ཀྱིས་མ་འོངས་པའི་སྐྱེ་བོ་ལ་བལྟས་ནས། བདག་ཉིད་ཀྱིས་དྲིས་ནས་ལན་གདབ་པ་བྱས་པ་ཡིན་ནོ། །ཐོག་མ་མེད་པའི་ཞེས་བྱ་བ་ལ་སོགས་པ་ནི། འདིར་ཡང་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བའི་རྣམ་གྲངས་འདི་བྲིས་ན་ཤེས་བྱའི་གནས་ཞེས་བྱ་བའི་སྒྲ་ཆོས་ཀུན་གྱི་གནས་
ཡིན་པ་ཉིད་དུ་སྟོན་པ་མཛད་དེ། ཀུན་གཞི་རྣམ་པར་ཤེས་པ་དྲིས་ན། དེ་ཡང་དྲི་བ་བྱས་པ་ཡིན་ནོ་སྙམ་དུ་དགོངས་པས་སོ། །དེའི་ཕྱིར་འདི་ནི་སྐབས་སུ་མ་བབ་པ་མ་ཡིན་གྱི་སྐབས་སུ་བབ་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་ཀུན་གཞིའི་རྣམ་པར་ཤེས་པའི་ལན་གདབ་པར་མཛད་པ་ཡིན་ན་ཡང་ཅི་ལྟར་སྔར་
ཤེས་བྱའི་གནས་བསྟན་ནས་ཀུན་གཞིའི་རྣམ་པར་ཤེས་པ་བསྟན་པ་དེ་བཞིན་དུ་འདིར་ཡང་ཤེས་བྱའི་གནས་ཀྱི་ངོ་བོ་ཉིད་དཔྱད་པས་ཀུན་གཞི་རྣམ་པར་ཤེས་པའི་སྒྲ་དཔྱོད་པར་མཛད་པ་ཡིན་ནོ། །རྣམ་གྲངས་ཀྱི་སྐབས་སུ་དོན་གྱི་སྐབས་ལ་ཅི་འབབ་ཅེས་བརྗོད་པར་ཡང་མི་ནུས་ཏེ། རང་གི་མཚན་ཉིད་བསྟན་པ་འདི་ལྟར་
མ་ཡིན་པ་ནི་འོག་ནས་འཆད་པར་འགྱུར་པའི་ཕྱིར་རོ། །ཐོག་མ་མེད་པའི་དུས་ཀྱི་ཞེས་བྱ་བ་ནི་གློ་བུར་དུ་བྱུང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དབྱིངས་ཞེས་བྱ་བ་ནི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་རྣམས་ཀུན་གྱི་འདྲི་བའི་གནས། །ཞེས་བྱ་བ་ནི། འདི་ལ་རེ་ཞིག་ལས་དགེ་བ་དང་མི་དགེ་བ་ནི་གནས་མ་
ཡིན་ནོ། །དེ་དག་གནས་ཤིག་ཡིན་ན་རྣམ་པར་སྨིན་པའི་འབྲས་བུའི་ཡིན་པར་འགྱུར་གྲང་ན་རྣམ་པར་སྨིན་པའི་འབྲས་བུ་ལྷན་ཅིག་པའམ། དེ་མ་ཐག་པ་ནི་མེད་པས་གང་གི་ཚེ་འབྲས་བུ་དེ་བྱུང་བ་ན་ལས་དེ་འདས་སོ། །འདས་པ་ཡང་གནས་མ་ཡིན་ཏེ་བྱེད་པ་ཞིག་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །
Vol. 134 · folio 306b
སྐལ་བ་མཉམ་པ་དང་སྲོག་གི་དབང་པོ་དག་ཀྱང་གནས་ཉིད་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ཐམས་ཅད་ཡིན་པ་ཞིག་ཏུ་གྱུར་ན་ཡང་ཚད་ཡོད་པ་ཞིག་གི་གནས་ཡིན་པར་འགྱུར་རོ། །བགེགས་མི་བྱེད་པའི་ངོ་བོ་ཙམ་གྱིས་ཀུན་གྱི་གནས་སོ་ཞེས་བརྟགས་པར་ཡང་མི་ནུས་ཏེ། འདི་ལྟར་གནས་
མེད་པ་ཡང་གནས་ཉིད་དུ་ཐལ་བར་འགྱུར་རོ། །དེ་བཞིན་དུ་རང་གི་སྡེ་པས་ཀུན་བརྟགས་པ་གཞན་ཡང་གནས་ཡིན་པ་ཉིད་དགག་པ་དང་། ཤུགས་ཀྱིས་ཆོས་ཀུན་གྱི་གནས་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་ནོ། །ཀུན་གཞི་གང་གི་གནས་ཡིན་པའི་ཀུན་དེ་བརྟགས་པའི་ཕྱིར། དེ་ཡོད་པས་ན་འགྲོ་ཀུན་
དང་། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། འགྲོ་ཀུན་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་གནས་ཉིད་ཡིན་པས་སོ། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་བྱ་བ་ནི། ཐོས་པ་དང་བསམས་པ་ལ་སོགས་པའི་རིམ་གྱིས་རྣམ་པར་བྱང་བའི་གནས་ཉིད་ཡིན་པར་སྟོན་ཏོ། །
རྒྱུ་མེད་པར་སྨྲ་བ་དགག་པའི་ཕྱིར་ཐོག་མ་མེད་པའི་དུས་ཞེས་བྱ་བ་སྨོས་སོ། །སྨྲ་བ་གང་དག་ཁ་ཅིག་མི་མཐུན་པའི་རྒྱུ་གཙོ་བོ་ལ་སོགས་པ་རྟག་པ་ཉིད་ཀྱིས་ཐོག་མ་མེད་པའི་དུས་པར་རྟོག་པ་ཡོད་པ་དེ་དག་ཡོངས་སུ་སྤང་བའི་ཕྱིར་འདྲ་བའི་གནས་ཞེས་བྱ་བ་སྨོས་སོ། །འབྲས་བུ་དག་དང་འདྲ་ན་གནས་
ཡིན་ནོ་ཞེས་བྱ་བའི་དོན་ཏེ། ཇི་ལྟར་འབྲས་བུ་སྐྱེ་བ་དང་འབྲེལ་པ་དེ་ཁོ་ན་བཞིན་དུ་རྒྱུ་གང་ཞིག་སྐྱེ་བ་དང་འཇིག་པ་དང་ལྡན་པ་དེ་ནི་འབྲས་བུ་དང་འདྲ་བར་དགོངས་པ་ཡིན་ནོ། །དེ་བཞིན་དུ་སྨྲ་བ་གང་ཁ་ཅིག་རྒྱུ་རྟག་པ་ལས་ཀྱང་འབྲས་བུ་སྐྱེ་ལ། རྒྱུ་ནི་བྱེད་པ་དང་ལྡན་པ་ཉིད་དུ་རྟོགས་པར་བྱེད་པ་ཡོད་དེ།
དཔེར་ན་བྱེ་བྲག་པ་དག་ལྟ་བུའོ། །དེ་དགག་པའི་ཕྱིར་དེ་ཡོད་པས་ན་ཞེས་བྱ་བ་སྨོས་ཏེ། བྱེད་པ་མེད་པ་ཁོ་ནར་ཡོད་པ་ཙམ་གྱིས་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཡང་དེ་ཁོ་ན་ཡོད་པས་ཞེས་བྱ་བ་དང་དེ་ཡོད་པ་ཁོ་ནས་ཤེས། གཉི་གར་ངེས་པར་གཟུང་བར་བྱ་རིག་པར་བྱ་སྟེ། གང་དག་
རྒྱུ་རྟག་པ་ཡིན་ལ་བདག་ལ་སོགས་པའི་རྫས་དང་གཞན་གཙོ་བོ་ལས་འབྲས་བུ་འབྱུང་བར་རྟོག་པར་བྱེད་པ་དེ་དག་ནི་ངེས་པར་བཟུང་བ་དང་པོས་བསལ་ཏོ། །གང་དག་ཡོད་པ་ཙམ་དང་བྱེད་པ་དང་ལྡན་པ་ཉིད་ཀྱིས་རྒྱུའི་དངོས་པོར་རྟོག་པར་བྱེད་པ་དེ་དག་ནི་ངེས་པར་གཟུང་བ་གཉིས་པས་སོ། །ཡང་
Vol. 134 · folio 307a
དཔྱད་པར་བྱ་སྟེ་འདིར་གང་གི་ཚེ་ཀུན་ནས་ཉོན་མོངས་པའི་གནས་ཉིད་ཀྱིས་ཀུན་གཞི་རྣམ་པར་ཤེས་པར་ཐ་སྙད་གདགས་ཏེ། ཇི་སྐད་དུ་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་སྦྱོར་བ་ཞེས་འཆད་པར་འགྱུར་བ་ལྟ་བུ་ཞིག་ཡིན་ན་ནི་ཕྱོགས་དེ་ལ་ནི་ཐོག་མ་མེད་པའི་དུས་ཀྱི་དབྱིངས་
ཞེས་བྱ་བ་ཀུན་ནས་ཉོན་མོངས་པའི་གནས་ཉིད་ཀྱིས་དབྱིངས་ཡིན་པར་དགོངས་ཏེ། དེའི་ཚེ་ནི་རྒྱུའི་རྐྱེན་ཡིན་པའི་ཕྱིར་དེ་ཡོད་པས་ན་འགྲོ་ཀུན་དང་ཞེས་བྱའོ། །རྣམ་པར་བྱང་བ་ལ་ལྟོས་ན་ནི་ཀུན་ནས་ཉོན་མོངས་པའི་ས་བོན་ཏེ། བདག་པོའི་རྐྱེན་ཡིན་ཏེ་མི་མཐུན་པའི་ཕྱོགས་མེད་པར་གཉེན་པོ་
མེད་པའི་ཕྱིར་རོ། །དེ་བས་ན་བདག་པོའི་རྐྱེན་ཡིན་པའི་ཕྱིར་མྱ་ངན་ལས་འདས་པའང་ཐོབ་པར་འགྱུར་ཞེས་གསུངས་སོ། །གང་གི་ཚེ་ཀུན་ནས་ཉོན་མོངས་པའི་ས་བོན་ལ་ཡང་ལྟོས་རྣམ་པར་བྱང་བ་རང་བཞིན་གྱི་རིགས་ལ་ཡང་ལྟོས་ནས་ཀུན་གཞིའི་རྣམ་པར་ཤེས་པར་ཐ་སྙད་གདགས་ཏེ། དཔལ་
ཕྲེང་སེང་གེའི་ང་རོའི་མདོ་ལས། རྣམ་པར་བྱང་བའི་ས་བོན་ལ་ལྟོས་ནས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་འབྱུང་བ་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། ཀུན་གཞི་རྣམ་པར་ཤེས་པ་དང་། འཇུག་པའི་རྣམ་པར་ཤེས་པ་དག་གིས་ལོངས་སྤྱོད་རྫོགས་པའི་སྐུ་
བསྡུས་སོ་ཞེས་གང་འབྱུང་བ་ལྟ་བུ་ཞིག་ཡིན་ན་ནི་དེའི་ཕྱིར་འདི་ལྟ་བུ་ཡིན་ཏེ། ཐོག་མ་མེད་པ་དུས་ཀྱི་དབྱིངས། །ཞེས་བྱ་བ་གཉི་གའི་ས་བོན་ལ་ལྟོས་ཏེ་ཐ་སྙད་གདགས་སོ། །དེའི་ཚེ་ཡང་བདེ་འགྲོར་འགྱུར་བའི་ཀུན་ནས་ཉོན་མོངས་པའི་ས་བོན་རྒྱུའི་རྐྱེན་ཡིན་པའི་ཕྱིར་དང་། ཐར་པའི་ཆ་དང་མཐུན་པ་
ཐོས་པ་ལས་བྱུང་བ་ལ་སོགས་པའི་དགེ་བའི་རྩ་བ་བསགས་པ་རྣམ་པར་བྱང་བའི་ས་བོན་འཕེལ་ཞིང་ཀུན་ནས་ཉོན་མོངས་པའི་ས་བོན་ཡང་བསལ་བར་བྱས་ནས། སྐད་ཅིག་མ་བཅུ་གཉིས་འདུས་པས་ཉེ་བར་གཟུང་བའི་བདག་གི་ངོ་བོ་མངོན་པར་གྲུབ་པའི་སྒོ་ནས་རྣམ་པར་བྱང་བའི་ས་བོན་བདག་
པོའི་རྐྱེན་ཡིན་པའི་ཕྱིར། དེ་ཡོད་པས་ན་འགྲོ་ཀུན་དང་། །ཞེས་བྱ་བ་གསུངས་ལ་ཀུན་ནས་ཉོན་མོངས་པ་མི་མཐུན་པའི་ཕྱོགས་ཀྱི་ངོ་བོས་བདག་པོའི་རྐྱེན་ཡིན་པའི་ཕྱིར་དང་། རྣམ་པར་བྱང་བའི་ས་བོན་རྒྱུའི་རྐྱེན་ཡིན་པའི་ཕྱིར། མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །
Vol. 134 · folio 307b
ཡང་ན་ཀུན་ནས་ཉོན་མོངས་པའི་ས་བོན་རྒྱུའི་རྐྱེན་ཡིན་པའི་ཕྱིར་དང་། རྣམ་པར་བྱང་བའི་ས་བོན་ཡང་རྣམ་པར་བྱང་བའི་རྒྱུའི་རྐྱེན་ཡིན་པའི་ཕྱིར་གོ་རིམས་བཞིན་དུ་སྦྱར་བ་ཉིད་དུ། དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་འཐོབ་པར་འགྱུར། །ཞེས་གསུངས་སོ། །རྣམ་པ་གཅིག་ཏུ་རྒྱུ་རྟག་པ་
དགག་པའི་ཕྱིར། ཐོག་མ་མེད་པའི་དུས་ཞེས་བྱ་བ་གསུངས་ཏེ། དུས་ཞེས་བྱ་བ་ནི་སྐྱེ་བ་དང་འཇིག་པའི་མཚན་ཉིད་དོ། །གང་ལ་དེ་རྒྱུན་ཆགས་པར་འཇུག་པའི་སྒོ་ནས། ཐོག་མ་མེད་པ་ཡོད་པ་དེ་ནི་ཐོག་མ་མེད་པའི་དུས་ཀྱི་དབྱིངས། གཞན་གྱིས་ཀུན་བརྟགས་པའི་གཙོ་བོ་ལ་སོགས་པ་ནི་དེ་ལྟར་བུ་
མ་ཡིན་ནོ། །ཁ་ཅིག་ནི་སྔོན་བྱས་པའི་རྒྱུར་སྨྲ་བ་ཁས་ལེན་ལ་རང་གི་སྡེ་པ་ཉིད་དག་ལ་ཡང་ཁ་ཅིག་རྒྱུ་ནི་སྔ་ལ་འབྲས་བུ་ནི་འཕྱི་བར་རྟོག་པར་བྱེད་དེ། འདི་གཉི་གའང་རྒྱུ་དང་འབྲས་བུ་དག་སྔ་ཕྱི་ཡོད་པ་ཉིད་དུ་མངོན་པར་ཞེན་ཏོ། །འདས་པ་དང་མ་འོངས་པའི་ལྟ་བ་ངན་པ་དེ་དག་བསལ་བའི་ཕྱིར།
ཆོས་རྣམས་ཀུན་གྱི་འདྲ་བའི་གནས། །ཞེས་བྱ་བ་གསུངས་སོ། །དུས་མཉམ་པའི་གནས་ནི་འདྲ་བའི་གནས་ཏེ། འབྲས་བུ་དང་དུས་མཉམ་དུ་རྒྱུ་ཡོད་པ་ཞེས་བྱ་བའི་དོན་ཡིན་ན། དེ་ལ་ཡང་ངེས་པར་མི་ཟིན་ཏེ། ལ་ལས་རྒྱུ་དང་འབྲས་བུའི་དངོས་པོ་དུས་ཐ་དད་པར་ཡང་ཁས་བླངས་པའི་ཕྱིར་རོ། །ཆད་
པར་སྨྲ་བ་གང་དག་ཁ་ཅིག་འདི་སྐད་དུ། འདི་ཉིད་དུ་བདག་འདི་ཆད་པར་འགྱུར་རོ་ཞེས་ཟེར་བ་ཡོད་པས་དེ་དགག་པའི་ཕྱིར། དེ་ཡོད་པས་ན་འགྲོ་ཀུན་དང་། །ཞེས་བྱ་བ་གསུངས་ཏེ། དེ་ཡོད་པས་འགྲོ་བ་ཐམས་ཅད་དུ་འཕོ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྟག་པར་སྨྲ་བ་གང་དག་ཁ་ཅིག་འཁོར་བའི་
བཙོན་ར་བའི་བདག་ནི་རྟག་པ་ཉིད་དུ་རྟོག་པར་བྱེད་པ་ཡོད་པས་དེ་དགག་པའི་ཕྱིར། མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །ཡང་ན་ཤེས་བྱའི་གནས་དཔྱད་པས་ཀུན་གཞི་རྣམ་པར་ཤེས་པའི་སྒྲ་དཔྱོད་པར་མཛད་པ་ཡིན་ཞེས་བཤད་པ་ཤེས་བྱའི་གནས་དེ་ནི་རང་གི་ངོ་བོས་
ཤེས་བྱའི་མཚན་ཉིད་རྣམ་པ་གསུམ་གྱི་གནས་ཡིན་ལ། དེ་ཡང་ཚིགས་སུ་བཅད་པས་སྟོན་ཏོ། །ཐོག་མ་མེད་པ་དུས་ཀྱི་དབྱིངས། །ཞེས་བྱ་བ་ནི་རང་གི་ངོ་བོའོ། །ཆོས་རྣམས་ཀུན་གྱི་འདྲ་བའི་གནས། །ཞེས་བྱ་བ་ནི། གཞན་གྱི་དབང་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་གནས་
Vol. 134 · folio 308a
ཡིན་པའོ། །དེ་ཡོད་པས་ན་འགྲོ་ཀུན་དང་། །ཞེས་བྱ་བ་ནི་བརྟགས་པའི་བདག་ཉིད་དེ། ཀུན་ནས་ཉོན་མོངས་པའི་ཆོས་ཀུན་བརྟགས་པ་ཉིད་དོ་ཞེས་འཆད་པར་ཡང་འགྱུར་རོ། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་རྟེན་ཉིད་དེ། རྣམ་པར་བྱང་བའི་ཆོས་
ཡོངས་སུ་གྲུབ་པ་ཉིད་དོ་ཞེས་འཆད་པར་ཡང་འགྱུར་རོ། །ཆོས་ཀུན་ས་བོན་ཐམས་ཅད་པ། །ཞེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་ཀྱི་ཐེག་པ་ལས་གྲགས་པ་ཀུན་གཞི་ལ་ཀུན་དུ་དགའ་བ་ཞེས་བྱ་བ་འདི་ཉིད་སྦྱར་བར་བྱ་བ་མ་ཡིན་ནམ་ཞེ་ན། འདི་ལས་རྣམ་པར་ཤེས་པ་སྨོས་པ་མི་འབྱུང་བ་སྔར་ནི་རྣམ་པར་
ཤེས་པ་དྲིས་ཏེ། དེ་ལྟ་བས་ན་གང་ལས་རྣམ་པར་ཤེས་པ་སྨོས་པ་འབྱུང་བ་དེ་ཉིད་ཉེ་བར་སྦྱར་རོ། །དེ་ལྟར་ན་འོ་ན་དགེ་འདུན་ཕལ་ཆེན་སྡེ་ལས་གྲགས་པ་སྲིད་པའི་ཡན་ལག་གི་རྣམ་པར་ཤེས་པ་ཉེ་བར་སྦྱར་བར་བྱ་བ་མ་ཡིན་ནོ་ཞེ་ན། དེ་ལས་ཀྱང་ཀུན་གཞི་སྨོས་པ་མི་འབྱུང་ལ་སྔར་ནི་ཀུན་གཞི་དྲིས་ཏེ། དེ་ལྟ་
བས་ན་གང་ལས་གཉི་ག་འབྱུང་བ་དེ་ཁོ་ན་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པར་བཤད་དོ། །ཆོས་ཀུན་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱིའོ། །གྲངས་ཅན་གྱིས་བརྟགས་པ་གཙོ་བོ་ལ་སོགས་པ་ཡང་དེ་ལྟ་བུ་ཡིན་པས་དེ་རྣམ་པར་བཅད་པའི་ཕྱིར་རྣམ་པར་ཤེས་པ་ཞེས་བྱ་བ་གསུངས་སོ། །
འདི་དེ་དག་གི་གནས་སུ་འགྱུར་བ་ན་རྟེན་དང་བརྟེན་པ་ཉིད་ཀྱི་གནས་སུ་འགྱུར་རམ་ཞེ་ན། ས་བོན་ཐམས་ཅད་པའི་ཞེས་བྱ་བ་གསུངས་ཏེ། རྒྱུ་ཉིད་ཀྱིས་གནས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྣམ་པར་ཤེས་པ་ཡིན་ན་འདིའི་དམིགས་པ་ཅི་ཞིག་ཡིན་ཞེ་ན། ས་བོན་དང་མིགས་ལ་སོགས་པ་
དང་ཡུལ་གཟུགས་ལ་སོགས་པའོ། །ས་བོན་དེ་ཡང་རྣམ་པ་གཉིས་ཏེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟེན་པའི་ས་བོན་ཡོངས་སུ་སྨིན་པ་དང་ཡོངས་སུ་མ་སྨིན་པའོ། །ས་བོན་རྣམ་པ་དེ་དག་གཉི་ག་ཡང་ཁམས་གསུམ་ན་འདིའི་དམིགས་པ་ཡིན་ནོ། །མིག་ལ་སོགས་པ་དང་། གཟུགས་
ལ་སོགས་པ་ནི་འདོད་པ་དང་གཟུགས་ཀྱི་ཁམས་ཁོ་ནའོ། །མིག་ལ་སོགས་པ་ཞེས་བྱ་བ་ཡང་མིག་ལ་སོགས་པ་གང་དག་ཡིན་ཞེ་ན་མིག་ལ་སོགས་པའི་ས་བོན་ཡོངས་སུ་མ་སྨིན་པ་འཁོར་བ་ཐོག་མ་མེད་པ་ནས་གནས་པ་གང་གི་ཚེ་ཡོངས་སུ་སྨིན་པར་གྱུར་པ་དེའི་ཚེ་མིག་ལ་སོགས་པ་ཞེས་
Vol. 134 · folio 308b
བྱའོ། །ཡང་ཇི་ལྟར་ཡོངས་སུ་སྨིན་པར་འགྱུར་ཞེ་ན། མིག་ལ་སོགས་པ་འགྲུབ་པར་འགྱུར་བའི་ལས་སྲིད་པའི་ཡན་ལག་གི་བག་ཆགས་དང་། མིག་མིག་ཅེས་བྱ་བ་ནས་ལུས་ལུས་ཞེས་བྱ་བའི་བར་གྱི་མངོན་པར་བརྗོད་པའི་བག་ཆགས་ལ་ཡང་བརྟེན་ནས་གང་གི་ཚེ་གཟུགས་ཅན་གྱི་ཁམས་སུ་སྔོན་པོ་ལ་སོགས་
པའི་རྣམ་པར་ཤེས་པ་རྣམས་ཀྱི་བདག་པོའི་རྐྱེན་གྱི་དངོས་པོར་ཡོངས་སུ་གྱུར་པ་དེའི་ཚེ་ཡོངས་སུ་སྨིན་པ་ཞེས་བྱའོ། །ཡང་དེ་ལྟར་ས་བོན་ཡོངས་སུ་སྨིན་པ་རྣམས་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ལ་ཁྱད་པར་ཅི་ཞིག་བྱད་ཅེ་ན། རེ་ཞིག་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ས་བོན་
ལས་མིག་གི་རྣམ་པར་ཤེས་པ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ངོ་བོར་སྐྱེ་བ་ལ་མིག་ཡོངས་སུ་སྨིན་པ་སྒྲ་ལ་སོགས་པའི་ཡུལ་ལ་ལྡོག་པས་རང་གི་ཡུལ་ལ་འཇུག་པའི་ཁྱད་པར་བྱེད་དོ། །ཡང་མཐོང་བར་འགྱུར་བའི་སྲིད་པའི་ཡན་ལག་གི་བག་ཆགས་མིག་གིས་ས་བོན་ལ་ཅི་ཞིག་བྱེད་
ན་ཡོངས་སུ་སྨིན་པར་བྱེད་ཅེས་བྱ་ཞེ་ན། བདེ་འགྲོ་དང་ངན་འགྲོའི་ངོ་བོར་བྱེད་པ་ལ་དེ་སྐད་ཅེས་བྱའོ། །མིག་མིག་ཅེས་མངོན་པར་བརྗོད་པའི་བག་ཆགས་ཀྱི་མཐུ་ལས་ནི་ཅི་ནས་ཀྱང་མིག་མིག་ཅེས་ཐ་སྙད་འདོགས་པའི་རྒྱུར་འགྱུར་ན་དེ་ལྟར་མིག་གིས་ས་བོན་ཡོངས་སུ་འགྱུར་རོ། །མིག་གི་རྣམ་པར་ཤེས་
པ་ནི། མིག་གི་རྣམ་པར་ཤེས་པའི་མིག་གི་རྣམ་པར་ཤེས་པ་ཞེས་མངོན་པར་བརྗོད་པའི་བག་ཆགས་ཀྱི་ཁྱད་པར་དེ་དང་། གཟུགས་གཟུགས་ཞེས་མངོན་པར་བརྗོད་པའི་བག་ཆགས་ཀྱི་ཁྱད་པར་དེ་ལས་ཇི་ལྟ་ཇི་ལྟར་འཛིན་པར་མངོན་པར་ཞེན་པ་དང་། གཟུང་བ་མངོན་པར་ཞེན་པའི་རྒྱུར་འགྱུར་བ་དེ་
ལྟ་དེ་ལྟར་ཡོངས་སུ་འགྱུར་བར་འགྱུར་ཏེ། དེ་བཞིན་དུ་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ལ་ཡང་བསམ་པ་འདི་བྱའོ། །ཀུན་གཞི་རྣམ་པར་ཤེས་པའི་དམིགས་པ་མིག་ལ་སོགས་པ་ཡིན་ནོ་ཞེས་བཤད་པ་ཅི་རང་གི་རྒྱུད་དུ་གཏོགས་པ་ཁོ་ན་དམིགས་སམ་ཞེ་ན། སྨྲས་པ་མ་ཡིན་ཏེ། གཞན་གྱི་རྒྱུད་དུ་
གཏོགས་པ་དག་ལ་ཡང་དམིགས་ཏེ། དེ་སྐད་དུ་སེམས་ཅན་དུ་སྣང་བ་ནི་དབང་པོ་ལྔར་རང་དང་གཞན་གྱི་རྒྱུད་དག་ལ་ཡང་ཡིན་པའོ་ཞེས་བཤད་དོ། །ཡང་ཇི་ལྟར་མིག་ལ་སོགས་པ་དམིགས་པར་འགྱུར་ཞེ་ན། ཀུན་གཞི་རྣམ་པར་ཤེས་པ་དེ་ནི་རང་གི་མིག་ལ་སོགས་པ་དང་འབྲེལ་བ་དང་། གཞན་
Vol. 134 · folio 309a
དང་འབྲེལ་བར་འགྱུར་བའི་ལས་ཀྱིས་གང་གིས་ན་འཁྲུལ་པ་ཅན་གྱི་རང་གི་རྒྱུད་ལ་ནི་སེམས་ཅན་གྱི་རྣམ་པར་རིག་པ་གཞན་གྱི་རྒྱུད་ལ་ནི་སེམས་ཅན་གཞན་དུ་རྣམ་པར་རིག་པའི་རྒྱུད་འགྱུར་བ་དེ་ལྟ་བུར་སོ་སོར་སྣང་བའི་ཁྱད་པར་ཅན་དུ་འགྱུར་རོ། །ཁ་དོག་དང་དབྱིབས་ཉིད་འབའ་ཞིག་
དམིགས་པར་བྱས་པ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་དེ་དག་ལ་དམིགས་ཀྱང་དེ་དག་དང་ཐ་མི་དད་པར་གྲགས་པ་ལ་སོགས་པ་ཡང་དམིགས་པར་བྱས་སོ་ཞེས་ཐ་སྙད་གདགས་སོ། །འོ་ན་གལ་ཏེ་གཞན་གྱི་རྒྱུད་དུ་གཏོགས་པའི་མིག་ལ་སོགས་པ་ཡང་དམིགས་པ་ཡིན་ལ། དེ་དག་ཀྱང་ནུས་པས་
རབ་ཏུ་(ཕྱ་‚ཕྱེ་)བ་ཡིན་ན་གོ། །ཅིའི་ཕྱིར་རང་གི་རྒྱུད་ལས་གཞན་གྱི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེ་བར་མི་འགྱུར་ཏེ། དམིགས་པར་བྱས་པ་མིག་ལ་སོགས་པའི་ནུས་པ་ཡོད་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། དཔེར་ན་ཡིད་ཀྱི་རྣམ་པར་ཤེས་པ་གཞན་གྱི་མིག་ལ་སོགས་པར་སྐྱེ་ལ། མིག་གི་རྣམ་
པར་ཤེས་པ་ལ་སོགས་པའི་རྒྱུ་མ་ཡིན་པ་དང་ཡང་དཔེར་ན་རང་གི་རྒྱུད་ལ་ཡང་ཀུན་གཞི་རྣམ་པར་ཤེས་པའི་རྣམ་པ་མིག་ལ་སོགས་པའི་ནུས་པར་སྣང་བའི་དམིགས་པ་ལ་དེ་དང་མཚུངས་པར་ལྡན་པའི་རེག་པ་ལ་སོགས་པ་དམིགས་པ་མཚུངས་པ་ཉིད་ཀྱིས་དམིགས་ལ། མིག་གི་རྣམ་པར་ཤེས་པ་
ལ་སོགས་པའི་རྒྱུ་ཡང་མ་ཡིན་པ་ལྟར་འདི་ཡང་དེ་དང་འདྲ་བར་འགྱུར་རོ། །ནུས་པའི་རྟེན་ཉིད་ཀྱང་གཞན་དུ་ཡིན་ལ་དམིགས་པའི་དངོས་པོ་ཡང་གཞན་དུ་ཡིན་ཏེ། རྟེན་ཉིད་ཀྱིས་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་རྒྱུ་ཡིན་ནོ། །འོ་ན་གལ་ཏེ་རྣམ་པར་ཤེས་པ་ཡིན་ན་འདི་ལ་སེམས་ལས་བྱུང་བ་
དག་ཀྱང་ཡོད་པར་འགྱུར་རོ་ཞེ་ན། དེ་ལྟར་ཡིན་ཏེ། རེག་པ་ལ་སོགས་པ་ལྔ་ཀུན་དུ་འགྲོ་བ་ཡོད་དོ། །ཅིའི་ཕྱིར་རེག་པ་ལ་སོགས་པ་ཁོ་ན་ཡིན་ཞེ་ན། ཐམས་ཅད་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །ཁ་ཅིག་ནི་རེག་པ་མ་འོངས་པ་ཁོ་ན་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ཕན་ཚུན་འབྲེལ་པའི་བྱེད་
པ་སེམས་ཐམས་ཅད་ལ་བྱུང་བས་ཀུན་དུ་འགྲོ་བ་ཉིད་ཡིན་པར་ཁས་ལེན་ཏོ། །དེ་ནི་རིགས་པ་མ་ཡིན་ཏེ། མ་འོངས་པ་ལ་སྐྱེས་བུའི་བྱེད་པ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་རེག་པ་ནི་ཡུལ་གྱི་ཁྱད་པར་ཕན་པ་དང་གནོད་པ་དང་། གཉི་ག་ལས་བཟློག་པའི་མཚན་ཉིད་ཁོ་ན་ལ་རེག་པ་དབང་པོ་འགྱུར་བ་
Vol. 134 · folio 309b
བྱེད་པས་འབྱུང་བ་ཡིན་ལ། དེ་ཡང་ཕན་པ་དང་གནོད་པ་དང་། བར་མར་གནས་པའི་ཡུལ་རྣམས་ལས་གང་ཡང་རུང་བ་ཞིག་ལ་ངེས་པར་འབྱུང་བའི་ཕྱིར་ཀུན་དུ་འགྲོ་བ་ཡིན་ནོ། །ཚོར་བ་ཡང་བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ལ་འབྱུང་བ་ཡུལ་ཉམས་སུ་མྱོང་བའི་མཚན་
ཉིད་ཡོངས་སུ་གཅོད་པ་ཡིན་ལ། རང་རིག་པ་ཁས་མི་ལེན་པའི་ཕྱིར་རང་ཉམས་སུ་མྱོང་བ་ཡོངས་སུ་བོར་ནས་ཕན་པ་དང་། གནོད་པ་དང་གཉི་ག་ལས་བཟློག་པའི་ཡུལ་ཡོངས་སུ་གཟུང་བའི་རྣམ་པ་ཅན་གྱི་རེག་པའི་གཟུགས་བརྙན་གྱི་ཚུལ་དུ་རྣམ་པར་རྗེས་སུ་བྱེད་པ་མྱོང་བའི་མཚན་ཉིད་ཡིན་
པར་བརྗོད་དེ། དེའི་ཕྱིར་རེག་པའི་རྐྱེན་གྱིས་ཚོར་བ་ཡིན་ནོ་ཞེའོ། །དེ་ཡང་རིགས་པ་མ་ཡིན་ཏེ། ཚོར་བ་རེག་པའི་རྗེས་སུ་བྱེད་པ་ཉིད་ཀྱིས་དེ་ལ་དམིགས་པར་ཐལ་བར་འགྱུར་དུ་འོང་ངོ་། །སེམས་དང་སེམས་ལས་བྱུང་བ་རྣམས་ནི་ཕན་ཚུན་མི་དམིགས་ཏེ། དམིགས་པ་ཉིད་ཉམས་པར་ཐལ་
བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ཚོར་བ་ནི་རེག་པས་ཡོངས་སུ་བཅད་པའི་ཡུལ་གྱི་ཁྱད་པར་ཕན་པ་དང་གནོད་པ་དང་། གཉི་ག་ལས་བཟློག་པའི་མཚན་ཉིད་ཁོ་ན་རང་གིར་བྱེད་པ་ཉམས་སུ་མྱོང་བའི་མཚན་ཉིད་ཡིན་ཏེ། རེག་པའི་རྐྱེན་ཅན་ཞེས་ཀྱང་བྱ་ལ། དེ་ཡང་རང་གིར་བྱེད་པ་མེད་
ན་མི་འབྱུང་བ་ཡིན་པས་ཐམས་ཅད་དུ་འགྲོ་བ་ཉིད་དོ། །འདུ་ཤེས་ནི་གཞན་སེལ་བར་སྒྲུབ་པར་བྱེད་པ་མངོན་པར་བརྗོད་པའི་བག་ཆགས་ཡོངས་སུ་སྨིན་པ་ལས་བྱུང་བ། རང་གི་ཡུལ་ལ་ཡུལ་གཞན་སེལ་བར་བྱེད་ཅིང་འཇུག་པའོ་ཞེས་བྱ་བར་ཐམས་ཅད་ཀྱིས་ཤེས་པ་ཉིད་དོ། །ཡུལ་གཞན་སེལ་པ་
ཡང་དམིགས་པར་བྱ་བའི་ཡུལ་ཐམས་ཅད་ལ་ཡོད་པས་ཀུན་དུ་འགྲོ་བ་ཉིད་ཡིན་ནོ། །ཡིད་ལ་བྱེད་པ་ཡང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་ཆོས་ཐམས་ཅད་བཞི་ཚན་དུ་ངེས་པའི་ཕྱིར་རྣམ་པར་ཤེས་པ་ཡུལ་གཞན་དང་ཕྲལ་ནས་ཡུལ་གཞན་ལ་གཏོད་པ་མ་ཡིན་གྱི་འོན་ཀྱང་རང་གི་ཡུལ་ལ་འཇུག་པ་
ཙམ་ཞིག་བྱེད་པར་ཟད་དོ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱི་ལྟར་ན་ཡང་། གཟུང་བ་དང་འཛིན་པའི་ས་བོན་ལས་བྱུང་བའི་རྣམ་པར་ཤེས་པ་ལ་བདག་པོའི་རྐྱེན་ཉིད་ཀྱིས་གཟུང་བར་སྣང་བ་ལ་གཏོད་པ་ཡིན་ཏེ། དོན་འདིས་ན་སེམས་ཀྱིས་འཇུག་པ་ཞེས་བྱའོ། །དོན་འདི་ཡང་ཐམས་ཅད་དུ་འབྱུང་བས་
Vol. 134 · folio 310a
ཐམས་ཅད་དུ་འགྲོ་བ་ཉིད་ཡིན་ནོ། །སེམས་པ་ཡང་དགེ་བ་དང་མི་དགེ་བ་དང་གཉི་ག་ལས་བཟློག་པའི་རྣམ་པར་མངོན་པར་འདུ་བྱེད་ཅིང་འབྱུང་བ་ཡིན་པས་ཐམས་ཅད་དུ་འགྲོ་བ་ཉིད་ལས་མི་འདའོ། །ལུང་ཡང་ཡོད་དེ་གསུམ་འདུས་པ་གང་ཡིན་པ་དེ་ནི་རེག་པའོ། །རེག་པ་དང་ལྷན་ཅིག་སྐྱེས་པ་ནི་
ཚོར་བ་དང་སེམས་དང་འདུ་ཤེས་ཡིན་པས་དབང་པོ་ཐ་མི་དད་པ་ཡིན་ལ། དེ་ལས་བྱུང་བ་ཡིད་ལ་བྱེད་པ་ཡང་ཉེ་བར་གནས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཡང་བྱེ་བྲག་ཏུ་སྨྲ་བས་འདུན་པ་ལ་སོགས་པ་ཀུན་དུ་འགྲོ་བ་གཞན་སྔར་བཤད་པ་གང་ཡིན་པ་དེ་དག་ཅིའི་ཕྱིར་མི་འབྱུང་ཞེ་ན། ཡུལ་ངེས་པ་
ཉིད་ཀྱིས་ཀུན་དུ་འགྲོ་བ་ཉིད་མེད་པའི་ཕྱིར་རོ། །དེ་དག་གི་ལྟར་ན་འདུན་པ་ནི་བྱེད་འདོད་པ་ཉིད་དེ་ཡུལ་ལ་གཏོད་པ་ཡིན་ན་དེ་ཡང་ཡིད་ལ་བྱེད་པ་ལས་མཚན་ཉིད་ཐ་དད་པ་མ་ཡིན་པས་དེ་ལྟ་བུ་ཡིན་པར་མི་བཟུང་ངོ་། །དེ་ལྟ་བས་ན་བསམས་པའི་དངོས་པོ་ལ་འདོད་པ་ནི་འདུན་པ་ཡིན་ན། དེ་ཡང་མི་འདོད་པ་དང་བར་མར་
གནས་པའི་དམིགས་པ་དག་ལ་མི་འབྱུང་བས་ཀུན་དུ་འགྲོ་བ་མ་ཡིན་ནོ། །མོས་པ་ནི་ལྷག་པར་མོས་པ་སྟེ། ངེས་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་ཐེ་ཚོམ་ཡོད་པའི་གནས་སྐབས་ནི་ཐེ་ཚོམ་དང་མཚུངས་པར་ལྡན་པའི་སེམས་ལ་ཡང་འབྱུང་སྟེ། ཡུལ་གཞན་ལས་ལྡོག་པའི་རྣམ་པ་
ཅན་ཡིན་པར་ཡོངས་སུ་གཟུང་བའི་ཕྱིར་རོ། །དེ་ནི་མཚན་ཉིད་དེ་ལྟ་བུ་མ་ཡིན་ཏེ། འདུ་ཤེས་ཀྱི་བྱེད་པ་ཁོ་ནས་གྲགས་པའི་ཕྱིར་རོ། །དེ་ལྟ་བས་ན་མོས་པ་ན་མོས་པ་ནི་ཐེ་ཚོམ་ལོག་པ་ངེས་པའི་དངོས་པོ་ལ་དེ་ཁོ་ན་བཞིན་དུ་ངེས་པར་འཛིན་པ་ཡིན་ཏེ། དེ་བས་ན་ཀུན་དུ་འགྲོ་བ་མ་ཡིན་ནོ། །ཏིང་ངེ་འཛིན་ཡང་ཁ་ཅིག་ནི་
རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་སྐད་ཅིག་མ་གཅིག་གནས་པ་ཡིན་པར་སེམས་སོ། །དེ་ནི་དེ་ལྟ་ཡིན་པར་མ་བཟུང་སྟེ། སེམས་ལ་རང་གིས་སྐད་ཅིག་མ་གཅིག་གནས་པ་ཡོད་པའི་ཕྱིར་རོ། །གཞན་དག་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཡུལ་སོ་སོ་ལ་གྱེས་པ་ཡོངས་སུ་སྤོང་བས་ཡུལ་གཅིག་
ལ་སྡུད་ཅིང་འཇོག་པ་ནི་ཏིང་ངེ་འཛིན་ཡིན་པར་སེམས་སོ། །དེ་ཡང་དེ་ལྟར་ཡིན་པར་མི་གཟུང་སྟེ། འདུ་ཤེས་ཁོ་ནས་གྲགས་པའི་ཕྱིར་རོ། །དེ་ལྟ་བས་ན་ཏིང་ངེ་འཛིན་ནི་བརྟག་པར་བྱ་བའི་ཡུལ་ཁོ་ན་སྐད་ཅིག་མ་གཅིག་དང་། གཉིས་དང་གསུམ་ལ་སོགས་པའི་རྒྱུན་འཇུག་པ་ཉིད་ཀྱིས་སེམས་རྩེ་གཅིག་
Vol. 134 · folio 310b
པ་ཉིད་ཀྱི་རྒྱུ་ཡིན་པར་ཁས་བླངས་ལ། དེ་ཡང་བརྟག་པར་བྱ་བ་མ་ཡིན་པའི་ཡུལ་ལ་རྒྱུན་དང་བྲལ་བའི་གནས་སྐབས་ན་མི་འབྱུང་བས་ཀུན་དུ་འགྲོ་བ་མ་ཡིན་ནོ། །དྲན་པ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་སེམས་ཀྱི་མངོན་པར་བརྗོད་པ་ཉིད་དེ། དེ་ཡང་ཡུལ་གསལ་བར་བྱེད་པའམ། མཚན་མར་འཛིན་པ་
གཅིག་ཡིན་གྲང་ན། གཉི་ག་ལྟར་ན་ཡང་ཤེས་རབ་དང་འདུ་ཤེས་དག་གི་དོན་གྲགས་པའི་ཕྱིར་དེ་ནི་ཡང་དག་པ་མ་ཡིན་ནོ། །དེ་བས་ན་དྲན་པ་ནི་ཡུལ་འདྲིས་པ་ལ་དེའི་རྗེས་སུ་འགྲོ་བའི་སེམས་ཀྱི་མངོན་པར་བརྗོད་པ་ཡིན་ལ། དེ་ཡང་མ་འདྲིས་པ་ལ་མེད་པས་ཀུན་དུ་འགྲོ་བ་མ་ཡིན་ནོ། །དེ་ལྟར་ན་ཡང་དྲན་པ་ཡང་
དག་བྱང་ཆུབ་ཀྱི་ཡན་ལག་ཏུ་མི་འགྱུར་ཏེ། མཐོང་བའི་ལམ་ལ་དེ་བཞིན་ཉིད་སྔོན་ཉམས་སུ་མ་མྱོང་བའི་ཕྱིར་རོ་ཞེ་ན། དེ་ནི་ཉེས་པ་མེད་དེ། སྐད་ཅིག་མ་དང་པོ་ལ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཡོད་པ་མ་ཡིན་ནོ། །གཉིས་ལ་སོགས་པ་ལ་ནི་ཡོད་དོ། །དེའི་ཚེ་ནི་དེ་བཞིན་ཉིད་སྔར་ཉམས་སུ་མྱོང་བ་ཉིད་དོ། །
མཐོང་བའི་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བཤད་པ་ནི་རྒྱུན་ལས་དགོངས་པ་ཡིན་གྱི། སྐད་ཅིག་མ་ནི་མ་ཡིན་པས་འགལ་བ་མེད་དོ། །ཡང་ན་སྦྱོར་བའི་དུས་ན་དེ་བཞིན་ཉིད་སྤྱིའི་རྣམ་པ་ཉམས་སུ་མྱོང་བས་སྐད་ཅིག་མ་དང་པོ་ལ་ཡང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་མི་འགལ་ལོ། །ཤེས་
རབ་ཀྱང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཡིན་ནོ། །རབ་ཏུ་འབྱེད་པ་ཡང་གལ་ཏེ་ཡུལ་ཡོངས་སུ་གཅོད་པ་ཙམ་ཞིག་ཡིན་ན་དེ་ནི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ལ་མཚུངས་སོ། །དེ་ལྟ་བས་ནི་ཤེས་རབ་ནི་ཉེ་བར་བརྟག་པར་བྱ་བ་ཁོ་ན་ལ་རིགས་པ་དང་རིགས་པ་
མ་ཡིན་པ་དང་གཉི་ག་ལས་བཟློག་པའི་མཚན་ཉིད་ཀྱི་རབ་ཏུ་རྣམ་པར་འབྱེད་པ་ཡིན་ཏེ། དེ་བས་ན་ཤེས་རབ་ནི་ཀུན་དུ་འགྲོ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཚོགས་ཉེ་བར་གནས་པ་ལས་བྱུང་བ་རྣམས་ལ་ཤེས་རབ་མི་སྲིད་དེ། དེ་དག་ཡོངས་སུ་རྟོགས་པར་མི་ནུས་
པའི་ཕྱིར་རོ། །མཚུངས་པ་དེ་མ་ཐག་པ་ཡིད་ཀྱི་རྣམ་པར་ཤེས་པས་འཕངས་པ་རྣམས་ནི་ཡོད་དོ། །ཀུན་དུ་འགྲོ་བ་མ་ཡིན་པ་དེ་དག་ཀྱང་རྣམ་པར་ཤེས་པ་གསལ་བ་དང་མཚུངས་པར་ལྡན་པའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་མི་གསལ་བ་དང་ལྷན་ཅིག་མཚུངས་པར་མི་ལྡན་ནོ། །འཕེན་པར་བྱེད་
Vol. 134 · folio 311a
པའི་ལས་ཀྱི་རྣམ་པར་སྨིན་པ་ཀུན་གཞི་རྣམ་པར་ཤེས་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཅན་དང་དད་པ་ལ་སོགས་དགེ་བ་རྣམས་ཀྱང་མི་སྲིད་དོ། །གཉིད་ལ་སོགས་པ་མ་ངེས་པ་གཞན་བཞི་པོ་གང་དག་ཡིན་པ་དེ་དག་ཡང་
མཚུངས་པར་མི་ལྡན་ཏེ། རེ་ཞིག་གཉིད་ན་ཉེ་བའི་ཉོན་མོངས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་གཏི་མུག་གི་ཁྱད་པར་འགའ་ཁོ་ན་ལ་གདགས་ཏེ། མི་གསལ་བའི་ངོ་བོ་ཉིད་ཀྱིས་སེམས་མངོན་པར་སྡུད་པར་བྱེད་པའི་ཕྱིར་རོ། །དགེ་བ་དང་ལུང་དུ་མ་བསྟན་པའི་གནས་སྐབས་ཀྱི་གང་ཡིན་པ་དེ་ཡང་ཤེས་
རབ་ཀྱི་རྫས་མ་ངེས་པ་གཉི་གའི་གནས་སྐབས་སུ་འབྱུང་བ་ལ་གདགས་ཏེ། མ་ངེས་པ་ཉིད་ཀྱི་ཕྱིར་དང་གསལ་བ་ཉིད་དུ་འབྱུང་བའི་ཕྱིར་རོ། །འགྱོད་པ་ཡང་རྟོག་པའི་རྣམ་པར་ཡིད་ལ་གཅགས་པ་འདྲེན་པའི་ཕྱིར་ཤེས་རབ་ཁོ་ན་ལ་གདགས་སོ། །རྟོག་པ་དང་དཔྱོད་པ་དག་ཀྱང་རྟོག་པའི་རྣམ་པར་ཞུགས་པ་
ཡིན་པས་དེ་དག་ཀྱང་ཤེས་རབ་ཁོ་ན་ལ་གདགས་སོ། །ཤེས་རབ་ཀྱང་མ་རིག་པ་དག་ནི་ཀུན་གཞི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་དང་ཀུན་དུ་འགྲོ་བ་མ་ཡིན་པའི་ཕྱིར་རོ། །རྟོག་པ་དང་དཔྱོད་པ་དག་སེམས་པ་ལ་གདགས་པ་དེ་དག་ཀྱང་ཐམས་
ཅད་ལ་མ་ཡིན་གྱི། ཚོལ་ཞིང་སོ་སོར་རྟོག་པའི་རྣམ་པ་ཅན་ལ་ཡིན་ན་སེམས་པ་དེ་ལྟ་བུ་ནི་ཀུན་གཞི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་མ་ཡིན་ཏེ། མི་གསལ་པའི་ཕྱིར་རོ། །སྤྲོས་པ་བཏང་ལ་དེ་དཀྱུས་མ་ཁོ་ན་བརྗོད་པར་བྱ་སྟེ། ཡང་ན་ཆོས་རྣམས་ཀྱི་ཀུན་གཞི་ནི་ཞེས་བྱ་བ་འདི་ལ་ཀུན་གཞི་
རྣམ་པར་ཤེས་པ་ནི་རྣམ་པ་གཉིས་ཏེ། འབྲས་བུའི་གནས་སྐབས་རྣམ་པར་སྨིན་པ་གང་ཡིན་པ་དང་། རྒྱུའི་གནས་སྐབས་རྣམ་པར་སྨིན་པ་གང་ཡིན་པ་སྟེ། རྣམ་པར་སྨིན་པའི་དབང་དུ་མཛད་ནས། ཆོས་རྣམས་ཀུན་གྱི་ཀུན་གཞི་ནི། །ཞེས་བྱ་བ་གསུངས་སོ། །རྣམ་པར་མ་སྨིན་པའི་དབང་མཛད་ནས།
ས་བོན་ཀུན་པའི་ཞེས་བྱ་བ་གསུངས་སོ། །གཉི་གའི་དབང་དུ་མཛད་ནས། དེ་བས་ཀུན་གཞི་རྣམ་ཤེས་ཏེ། །ཞེས་བྱ་བ་གསུངས་སོ། །དེ་ལ་དམིགས་པར་གྱུར་པ་མིག་ལ་སོགས་པ་དང་། གཟུགས་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་དེའི་སོ་སོར་སྣང་བའི་ངོ་བོ་ཡིན་པ་ཉིད་ཀྱིས་ཀུན་གཞི་
Vol. 134 · folio 311b
རྣམ་པར་ཤེས་པ་དེ་རྟེན་ཉིད་ཀྱིས་ཀུན་གཞི་ཡིན་ནོ། །རང་དང་མཚུངས་པར་ལྡན་པའི་ཚོར་བ་ལ་སོགས་པ་དང་། རྣམ་པར་ཤེས་པ་བདུན་གྱི་ཚོགས་རྣམས་ཀྱི་ནི་དེ་ལ་རག་ལས་ཏེ། སྐྱེ་བ་ཉིད་ཀྱི་ཕྱིར་ཀུན་གཞི་ཡིན་ནོ། །སྐྱེ་བ་ཅན་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་འབྲས་བུའི་དངོས་པོར་དེར་སྦྱོར་
བའམ་ཞེས་བྱ་བ་ནི། ཕལ་ཆེ་བའི་ཕྱིར་དེ་སྐད་བརྗོད་དེ། སེམས་ཅན་གྱི་ཁམས་ནི་ཕལ་ཆེར་ཀུན་ནས་ཉོན་མོངས་པར་འགྱུར་རོ། །ཁ་ཅིག་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་ནི་མི་སློབ་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པ་ལ་སོགས་པ་རྣམས་ཏེ། དེ་དག་གི་ཀུན་གཞི་
རྣམ་པར་ཤེས་པ་གྱུར་པ་དེ་རྣམ་པར་བྱང་བའི་ཆོས་ཀྱི་རྟེན་དུ་མི་འགྱུར་བ་ནི་མ་ཡིན་ནོ། །གང་ཡང་ཀུན་ནས་ཉོན་མོངས་པའི་གནས་སྐབས་ན་རང་བཞིན་དུ་གནས་པའི་རིགས་དང་ཡང་དག་པར་བསྒྲུབས་པ་དེ་ཡང་རྣམ་པར་བྱང་བའི་ཆོས་ཀྱི་རྒྱུ་ཉིད་ཡིན་ཡང་ཀུན་གཞི་ཉིད་དུ་ནི་མི་འདོད་དེ། གནས་སྐབས་
དེ་ན་གཙོ་བོ་མ་ཡིན་པའི་ཕྱིར་དང་རྫས་སུ་མེད་པའི་ཕྱིར་རོ། །གང་གི་ཕྱིར་ཀུན་གཞི་ཞེས་བྱ་བའི་ཐ་སྙད་བྱེ་བྲག་མེད་པའི་རྒྱུའི་དངོས་པོ་ཙམ་ལ་བཏགས་པར་སྣང་བ་དེའི་ཚེ་ནི་ཡོངས་སུ་གྱུར་པ་ལ་ཡང་བྱ་བ་ཉིད་དེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་ཇི་སྐད་དུ། ཀུན་གཞི་
རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས་པ་དག་གིས་ལོངས་སྤྱོད་རྫོགས་པའི་སྐུ་བསྡུས་སོ་ཞེས་བྱུང་བ་ལྟ་བུའོ། །འདིར་ཡང་གལ་ཏེ་གཞན་དག་དེར་སྦྱོར་རོ་ཞེའམ། དེ་གཞན་དུ་སྦྱོར་རོ་ཞེས་བྱས་ཀྱང་རུང་། གཉི་ག་ལྟར་ན་ཡང་ཀུན་གཞི་ནི་རྒྱུའི་ངོ་བོ་ཁོ་ན་ཡིན་ཏེ། སྒྲ་འཇུག་པའི་རྒྱུ་མཚན་
ངེས་པའི་ཚིག་གིས་བྱས་པ་ཐ་སྙད་པར་ཟད་དོ། །འཇུག་པའི་རྣམ་པར་ངེས་པ་དག་དང་། ལྷན་ཅིག་ཕན་ཚུན་རྒྱུ་དང་འབྲས་བུའི་ངོ་བོ་ཡིན་པ་ནི་རྐྱེན་རྣམ་པར་དཔྱོད་པར་འགྱུར་རོ། །སེམས་ཅན་རྣམས་ལ་དེའི་བདག་ཉིད་དུ་སྦྱོར་བས་ཞེས་བྱ་བ་ནི་གནས་པ་སྟེ། སེམས་ཅན་རྣམས་ནི་ཀུན་གཞི་
རྣམ་པར་ཤེས་པའི་ངོ་བོར་གནས་སོ། །ཇི་ལྟར་ཞེ་ན། བདག་ཉིད་དུ་ཞེས་བྱ་བ་སྨོས་ཏེ། བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་སེམས་ཅན་རྣམས་ཀྱི་བདག་ཉིད་ཡིན་ཏེ། བདག་ཉིད་ཤིན་ཏུ་དུལ་བ་ཡིས། །ཞེས་འབྱུང་བའི་ཕྱིར་རོ། །གཞན་འཇུག་པའི་རྣམ་པར་ཤེས་པ་ལ་ནི་བདག་ཅེས་ཉེ་
Vol. 134 · folio 312a
བར་མི་འདོགས་ཏེ། སྐབས་སྐབས་སུ་རྒྱུན་འཆད་པས་བདག་དང་ཆོས་མི་མཐུན་པའི་ཕྱིར་རོ། །རྣམ་པར་གཅིག་ཏུ་ན་སེམས་ཅན་རྣམས་དེའི་བདག་ཉིད་དུ་སྦྱོར་བས་ཞེས་བྱ་བ་ནི། ཉོན་མོངས་པ་ཅན་གྱི་ཡིད་དང་མཚུངས་པར་ལྡན་པའི་འཇིག་ཚོགས་ལ་ལྟ་བས་དམིགས་པ་ཡིན་ནོ། །རྣམ་
པ་གང་དུ་ཞེ་ན། བདག་ཉིད་དུ་སྟེ། བདག་གི་རྣམ་པ་ཞེས་བྱ་བའི་ཐ་ཚིག་གོ། །འཇུག་པའི་རྣམ་པར་ཤེས་པ་གཞན་དང་གཞན་དག་ཀྱང་ཉེ་བར་ལེན་པའི་ཕུང་པོ་ལྔའི་ཁོངས་སུ་མ་གཏོགས་པ་མ་ཡིན་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འཇིག་ཚོགས་ལ་ལྟ་བ་རྣམ་པ་ཉི་ཤུས་
བདག་ཏུ་དམིགས་པ་མ་ཡིན་ནམ། དེ་དག་ཀྱང་ཀུན་གཞི་ཡིན་པར་འགྱུར་རོ་ཞེ་ན། ཕལ་ཆེར་དམིགས་པ་ལ་ཀུན་གཞིར་དགོངས་པ་ཡིན་ན་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འཇིག་ཚོགས་ལ་ལྟ་བ་ནི་ཕལ་ཆེར་དམིགས་པ་མ་ཡིན་ཏེ། དུས་དཔག་ཏུ་ཡོད་པ་ཞིག་ཏུ་ཀུན་དུ་འབྱུང་བའི་
ཕྱིར་རོ། །ཡང་ཉོན་མོངས་པ་ཅན་གྱི་ཡིད་ཀྱིས་ཀུན་གཞི་རྣམ་པར་ཤེས་པ་ལ་ཇི་ལྟར་དམིགས་ཤེ་ན། དེའི་དབང་གིས་བདག་གི་རྣམ་པར་སྐྱེ་བའི་སྒོ་ནས་ཡིན་གྱི། རང་གི་ངོ་བོ་འཇོག་པའི་སྒོ་ནས་ནི་མ་ཡིན་ནོ། །ཡང་འདིར་གང་དག་འདི་སྐད་དུ་མིག་ལ་སོགས་པ་ནི་ཀུན་གཞིའི་ངོ་བོ་ཉིད་མ་ཡིན་ཏེ། དབང་
པོ་ཡིན་པའི་ཕྱིར་ཡིད་ཀྱི་དབང་པོ་བཞིན་ནོ་ཞེས་ཟེར་བ་དེ་ནི་ཀུན་གཞིའི་ངོ་བོ་ཉིད་མ་ཡིན་པ་ཡིད་ཀྱི་དབང་པོ་དང་དེའི་ངོ་བོ་ཉིད་ཡིན་ན་སྲོག་གི་དབང་བོས་མ་ངེས་པ་ཡིན་ནོ། །མིག་ལ་སོགས་པ་ནི་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་ཏེ། རྣམ་པར་ཤེས་པ་གྲགས་པའི་རྟེན་ཡིན་པའི་ཕྱིར་ཡིད་ཀྱི་དབང་པོ་
བཞིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་སོ། །དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ཞེས་བྱ་བ་ལ་དགོངས་པ་ནི་ལྡེམ་པོར་དགོངས་པའོ། །དེ་ལ་ཉན་ཐོས་རྣམས་ཀྱི་དབང་དུ་མཛད་ནས་བསྟན་པ་གང་ཡིན་པ་དེ་ནི་དེ་ལས་གཟུགས་ལ་སོགས་པ་བརྟགས་པ་ཡིན་པར་ལྡེམ་པོར་དགོངས་པ་མ་བཀྲོལ་ལོ། །
གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་བརྒྱད་བསྟན་པ་དེ་ཡང་། འདི་ནི་ཀུན་བརྟགས་པ་དགག་པ་ལྷུར་མཛད་པ་ཡིན་ནོ་ཞེས་བྱ་བར་ལྡེམ་པོར་དགོངས་པ་མ་བཀྲོལ་ལོ། །འདི་ལས་ནི་ལྡེམ་པོར་དགོངས་པ་བཀྲོལ་བས་ན་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱའོ། །དེ་ལ་ཟག་པ་ནི་རྣམ་
Vol. 134 · folio 312b
པར་སྨིན་པ་གང་ཡིན་པ་སྟེ། འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་གཏིང་དཔག་པར་མི་ནུས་པའི་ཕྱིར་རོ། །ཕྲ་བ་ནི་ས་བོན་གྱི་གནས་སྐབས་གང་ཡིན་པ་སྟེ། རྫས་སུ་མེད་པས་དེ་ཉིད་དང་གཞན་ཉིད་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་བརྟགས་པར་དཀའ་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཐོས་
པ་ལས་བྱུང་བ་དང་བསམས་པ་ལས་བྱུང་བ་དང་། སྐྱེས་ནས་ཐོབ་པའི་ཤེས་པ་དག་གིས་མངོན་སུམ་དུ་མ་བྱས་པའི་ཕྱིར་ཟབ་པའོ། །འཇིག་རྟེན་པའི་བསྒོམས་པ་ལས་བྱུང་བའི་མངོན་སུམ་མ་ཡིན་པའི་ཕྱིར་ཕྲ་བའོ། །རྣམ་པ་གཅིག་ཏུ་ན་ཉན་ཐོས་དང་རང་སངས་རྒྱས་དང་། སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་
ཤེས་པས་ཡོངས་སུ་མ་ཤེས་པའི་ཕྱིར་ཟབ་པའོ། །བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ཤེས་པས་ཤེས་པར་དཀའ་བའི་ཕྱིར་ཕྲ་བའོ། །ས་བོན་ཐམས་ཅད་ཅེས་བྱ་བ་འདིས་ནི། གྲངས་ཅན་གྱི་སྨྲ་བ་སེལ་ཏེ། ས་བོན་རྣམས་དང་ལྷན་ཅིག་སྐྱེ་བ་དང་འགག་པའི་ཚུལ་གྱིས་ས་བོན་བཟུང་བ་
བྱས་པ་རྣམ་པར་ཤེས་པ་དེ་ས་བོན་གྱི་དངོས་པོར་འགྱུར་གྱི། གཙོ་བོ་བཞིན་དུ་གཞན་ལ་མི་ལྟོས་པར་ས་བོན་ཡོངས་སུ་འཛིན་པར་ནི་མ་ཡིན་ནོ། །རླུང་གི་རྒྱུན་ཤུགས་དྲག་པོ་ཆུའི་རླབས་འབྱུང་བ་དང་མཐུན་པ་ནི་ཆུ་བོའོ། །དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་སྐད་ཅིག་མ་བརྒྱུད་པ་བྲེང་ཆགས་
པའི་རྒྱུན་ཡང་རིམ་དང་རིག་ཅར་དག་ཏུ་འཇུག་པའི་རྣམ་པར་ཤེས་པ་བདུན་གྱི་རླབས་འབྱུང་བ་དང་མཐུན་པའི་ཕྱིར་ཆུ་བོའོ། །རྣམ་པ་གཅིག་ཏུ་ན་རང་གི་སྡེ་པ་ཁ་ཅིག་རྒྱུ་དང་འབྲས་བུ་དག་དེ་ཉིད་དང་གཞན་ཉིད་དུ་སེམས་པ་དེའི་གཉེན་པོར་ཆུ་བོ་བཞིན་དུ་ཞེས་གསུངས་པ་ཡིན་ཏེ། ཇི་ལྟར་ཀླུང་
གི་ཆུ་བོ་ལས་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་པ་རླབས་འབྱུང་བ་དེ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུན་གྱི་རྒྱུན་ལས་ཀྱང་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་སེམས་དང་སེམས་ལས་བྱུང་བའི་རླབས་རྣམས་འབྱུང་ངོ་། །འདི་ལྟར་རྒྱུ་ལས་འབྲས་བུ་གཞན་ཉིད་དུ་ནི་
བརྗོད་པར་མི་ནུས་ཏེ། ཐམས་ཅད་ལས་ཐམས་ཅད་འབྱུང་བར་ཐལ་བར་འགྱུར་དུ་འོང་བས་སོ། །གཞན་མ་ཡིན་པ་ཉིད་ཀྱང་མ་ཡིན་ཏེ། གྲངས་ཅན་གྱི་སྨྲ་བར་ཐལ་བར་འགྱུར་དུ་འོང་བས་སོ། །བྱིས་པ་རྣམས་ལ་ཞེས་བྱ་བ་ལ། བྱིས་པ་ནི་འདིར་ཉན་ཐོས་ཀྱི་རིགས་ཅན་གང་དག་དེའི་དུས་ཀྱི་
Vol. 134 · folio 313a
སྐལ་བ་མེད་པ་ཀུན་གཞི་རྣམ་པར་ཤེས་པའི་ལྡེམ་པོར་དགོངས་པ་ངེས་པར་འགྲེལ་པ་བསྟན་པའི་དོན་ལ་ལོག་པར་བརྟགས་པས་མ་ཐོབ་པར་ཡོངས་སུ་ཉམས་པའི་སྒོ་ནས་རང་གི་འབྲས་བུ་ལས་ཡོངས་སུ་ཉམས་པར་འགྱུར་བ་དེ་དག་ཡིན་ནོ། །དབང་པོ་གཟུགས་ཅན་ཐམས་ཅད་ཉེ་བར་ལེན་པར་
བྱེད་པ་དེ་ཉིད་ཅེས་བྱ་བ་འདིས་ནི། ཉིང་མཚམས་སྦྱོར་བ་སྦྲེལ་པའི་འོག་རོལ་གྱི་དབང་པོ་གཟུགས་ཅན་ཚེ་ཇི་སྲིད་པ་གང་དག་ཡིན་པ་དེ་དག་ཉེ་བར་ལེན་པ་སྟོན་ཏེ། ཉིང་མཚམས་སྦྱོར་བ་སྦྲེལ་པའི་སྐད་ཅིག་མ་ཉེ་བར་ལེན་པ་ནི་མཇུག་ཐོགས་ཀྱི་ཚིག་གིས་སྟོན་པའི་ཕྱིར་རོ། །དབང་པོ་གཟུགས་ཅན་ཐམས་
ཅད་ནི་འདིར་རྟེན་དུ་གྱུར་པའི་འབྱུང་བ་ཆེན་པོ་དག་དང་། དེ་དག་དང་ཐ་མི་དད་པར་འདུག་པ་ཡུལ་གཟུགས་ལ་སོགས་པ་དང་བཅས་པ་ལ་དགོངས་པ་ཡིན་ནོ། །ལུས་ཐམས་ཅད་ཉེ་བར་ལེན་པའི་གནས་སུ་གྱུར་པ་ཉིད་ཅེས་བྱ་བ་འདིས་ནི་ཉིང་མཚམས་སྦྱོར་བ་སྦྲེལ་བའི་སྐད་ཅིག་མ་མ་ལུས་སྐྱེ་བ་རིལ་དང་འབྲེལ་
པ་མིག་ལ་སོགས་པས་བསྡུས་པ་ས་བོན་གྱི་སྒོ་ནས་དང་། ལུས་ཀྱི་དབང་པོ་རང་གི་ངོ་བོའི་སྒོ་ནས་ཉེ་བར་ལེན་པ་སྟོན་ཏོ། །འདི་ལྟར་ཚེ་ཇི་སྲིད་པར་རྗེས་སུ་འཇུག་པའི་བར་དུ་དེས་དབང་པོ་གཟུགས་ཅན་དག་ཅེས་བྱ་བ་ལ་སོགས་པས་ནི་ཚིག་དང་པོའི་ཉེ་བར་ལེན་པའི་དོན་རྣམ་པར་འགྲེལ་ཏེ། འཇིག་པའི་
གགས་སུ་བདག་གིར་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ཇི་ལྟར་མིག་ལ་སོགས་པ་བདག་གིར་བྱས་ཤེ་ན། ཕན་པ་དང་གནོད་པ་དག་གིས་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རྟེན་ཉིད་དུ་སྣང་བའི་ཕྱིར་རོ། །བདག་གིར་མ་བྱས་པར་སྣང་བ་གང་ཡིན་པ་དེ་ནི་མ་ཟིན་པ་ཡིན་ཏེ། དཔེར་ན་སྣོད་ཀྱི་འཇིག་རྟེན་
དང་། ཤི་བའི་རོ་ལ་སོགས་པ་ལྟ་བུའོ། །དཔེར་ན་རྨི་ལམ་ན་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་ལས་ཐ་དད་པ་མ་ཡིན་ཡང་ལུས་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རྟེན་དུ་སྣང་བ་གང་ཡིན་པ་དེ་ནི་ཟིན་པའོ་ཞེས་འཁྲུལ་བའི་རྒྱུར་གྲགས་ལ། ཁང་བཟངས་ལ་སོགས་པར་སྣང་བ་གང་ཡིན་པ་དེ་ནི་མ་ཟིན་
པའོ་ཞེས་གྲགས་པ་ལྟར་འདི་ལ་ཡང་ཚུལ་ནི་དེ་དང་འདྲའོ། །ཉིང་མཚམས་སྦྱོར་བ་སྦྲེལ་བ་ན་ཡང་ཞེས་བྱ་བ་ལ་སོགས་པས་ནི། ཚིག་གཉིས་པའི་ཉེ་བར་ལེན་པའི་དོན་རྣམ་པར་འགྲེལ་ཏེ། ཉིང་མཚམས་སྦྱོར་བ་སྦྲེལ་བ་སྐྱེ་བ་རིལ་དང་འབྲེལ་པའི་ལུས་ཀྱི་ས་བོན་དུ་གཏོགས་པ་སྟེ་མངོན་པར་བསྒྲུབས་པའི་
Vol. 134 · folio 313b
སྒོ་ནས་ལུས་བཟུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ཅིའི་ཕྱིར་བྱེ་བྲག་ཏུ་ཉེ་བར་ལེན་པ་གཉིས་སྟོན་ཅེ་ན། རྩོད་པའི་ཕྱིར་ཏེ། རང་གི་སྡེ་པ་རྣམས་ཀྱི་ལྟར་ན། ཆང་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་དང་། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །ཅེས་འབྱུང་བས་ཉིང་མཚམས་སྦྱོར་བའི་
འོག་རོལ་ཏུ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཁོ་ན་ཉེ་བར་ལེན་པ་པོ་ཡིན་པར་གྲགས་ལ། ཉིང་མཚམས་སྦྱོར་བ་སྦྲེལ་བ་ན་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཉེ་བར་ལེན་པ་པོ་ཡིན་པར་གྲགས་སོ། །དེ་གཉི་ག་ཡང་ཇི་ལྟར་མི་སྲིད་པ་དེ་བཞིན་དུ་སྐྱེ་བའི་ཀུན་ནས་ཉོན་མོངས་པ་སྤྱོད་པ་ནས་སྟོན་པར་འགྱུར་རོ། །དེ་
ཉིད་ཀྱི་ཕྱིར་དེའི་གཉེན་པོར་བྱེ་བྲག་ཏུ་ཉེ་བར་ལེན་པ་གཉིས་བསྟན་ཏོ། །དེ་ལ་དབང་པོ་གཟུགས་ཅན་ཐམས་ཅད་ཉེ་བར་ལེན་པར་བྱེད་པ་ཉིད་ནི་འདོད་པ་དང་གཟུགས་ཀྱི་ཁམས་དག་ཏུ་ཡིན་པར་རིག་པར་བྱའོ། །གཟུགས་མེད་པའི་སེམས་ཅན་རྣམས་ལ་ཡང་དབང་པོ་གཟུགས་ཅན་ནི་སྲིད་ན། ཅིའི་ཕྱིར་འདོད་
པ་དང་གཟུགས་ཀྱི་ཁམས་དག་ཏུ་ཞེས་བྱ་སྟེ། འདི་ལྟར་གཟུགས་མེད་པའི་སེམས་ཅན་རྣམས་ཀྱི་གཞལ་མེད་ཁང་དག་དང་། བཅོམ་ལྡན་འདས་ལ་ཡང་ཆོས་མཉན་པ་དང་ལྟ་བ་དང་། རིམ་གྲོ་བྱ་བའི་ཕྱིར་འོང་བར་མདོ་གཞན་དག་ལས་འབྱུང་ངོ་ཞེ་ན། ལས་ལས་སྐྱེས་པའི་དབང་པོ་གཟུགས་ཅན་ཉེ་
བར་ལེན་པར་བྱེད་པ་ཉིད་ལས་བསམས་ཏེ་སྨྲས་པའི་ཕྱིར་ཉེས་པ་མེད་དོ། །གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་མིག་ལ་སོགས་པ་ནི་ཏིང་ངེ་འཛིན་ལས་སྐྱེས་པ་ཡིན་ནོ། །འོན་ཏེ་དེ་ལྟ་ན་གོ་གཟུགས་ཅན་གྱི་ཁམས་ན་ཡང་ལྷའི་མིག་དང་རྣ་བ་ཡང་ཏིང་ངེ་འཛིན་ལས་སྐྱེས་པའི་ཕྱིར་མ་ཟིན་པར་འགྱུར་རོ། །
དེ་ལྟར་ན་འོ་ན་ནི། འདོད་པ་དང་གཟུགས་ན་སྤྱོད་པའི་དབང་པོ་གཟུགས་ཅན་ལས་བསམས་ཏེ་སྨྲས་པས་ཉེས་པ་མེད་དེ། དེ་ན་ནི་དབང་པོ་གཟུགས་ཅན་ཡོད་པ་ཉིད་དུ་རང་གི་སྡེ་པ་རྣམས་ལ་གྲགས་སོ། །ཉིང་མཚམས་སྦྱོར་བ་སྦྲེལ་བ་ན་ལུས་ཐམས་ཅད་ཉེ་བར་ལེན་པའི་གནས་སུ་གྱུར་པ་ཉིད་ནི་
ཁམས་གསུམ་ཆར་ན་ཡིན་པར་རིག་པར་བྱ་སྟེ། རང་གི་སྡེ་པ་ནི་ཁམས་གསུམ་ཆར་ན་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནས་ཉིང་མཚམས་སྦྱོར་རོ་ཞེས་བྱ་བར་ལོག་པར་རྟོགས་པར་བྱ་བའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་རྣམ་གྲངས་བརྗོད་པ་རྫོགས་སོ།། །།ཐུན་མོང་གི་དབང་དུ་མཛད་
Vol. 134 · folio 314a
ནས། དེ་ནི་སེམས་ཞེས་ཀྱང་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཁྱད་པར་ནི་འདི་ཡོད་དེ་ཐེག་པ་ཆེན་པོ་ལས་ནི་རེ་འགའ་ནི་རྣམ་པར་ཤེས་པ་བརྒྱད་ནི་ཚོགས་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བའི་སྒྲ་སྦྱོར་ལ། རེས་འགའ་ནི་སེམས་ཞེས་བྱ་བའི་སྒྲ་ནི་གཙོར་ཀུན་གཞི་
རྣམ་པར་ཤེས་པ་ཁོ་ན་ལ། ཡིད་ཅེས་བྱ་བའི་སྒྲ་ནི་ཉོན་མོངས་པ་ཅན་གྱི་ཡིད་ལ་རྣམ་པར་ཤེས་པ་ཞེས་བྱ་བའི་སྒྲ་ནི་རྣམ་པར་ཤེས་པ་དྲུག་ལའོ། །ཉན་ཐོས་ཀྱི་ཐེག་པ་ལས་ནི་སྒྲ་འདི་གསུམ་ཆར་ཡང་གཙོར་རྣམ་པར་ཤེས་པ་དྲུག་ཁོ་ན་ལ་སྦྱོར་རོ་ཞེས་བརྗོད་ཅིང་འདི་རྣམས་ཀྱི་ངེས་པའི་ཚིག་དབྱེ་བ་ཡང་འདི་སྐད་
དུ་བརྗོད་དེ། སོགས་པས་ན་སེམས་སོ། །རྟོགས་པས་ནི་ཡིད་དོ། །རྣམ་པར་ཤེས་པས་ན་རྣམ་པར་ཤེས་པའོ། །ཡང་ན་དུས་ཀྱི་བྱེ་བྲག་ཡིན་ཏེ་མ་འོངས་པ་ནི་སེམས་སོ། །འདས་པ་ནི་ཡིད་དོ། །ད་ལྟར་བྱུང་བ་ནི་རྣམ་པར་ཤེས་པའོ། །ཡང་ན་བྱེད་པའི་བྱེ་བྲག་ཡིན་ཏེ། རིང་དུ་འགྲོ་བ་ནི་སེམས་སོ། །སྔོན་
དུ་འགྲོ་བ་ནི་ཡིད་དེ་ཆོས་ཐམས་ཅད་ནི་ཡིད་སྔོན་དུ་འགྲོ་བ་ཅན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ཉིང་མཚམས་སྦྱོར་བའི་བྱེད་པའི་བྱེ་བྲག་གིས་རྣམ་པར་ཤེས་པ་སྟེ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ་ཞེས་འབྱུང་བའི་ཕྱིར་རོ། །ཡང་ན་བསྟན་པའི་བྱེ་བྲག་ཡིན་ཏེ། ཁམས་བསྟན་པར་ནི་སེམས་ཏེ།
སེམས་ཀྱི་ཁམས་བདུན་ཞེས་འབྱུང་བའི་ཕྱིར་རོ། །སྐྱེ་མཆེད་བསྟན་པར་ནི་ཡིད་དེ་ཡིད་ཀྱི་སྐྱེ་མཆེད་ཅེས་འབྱུང་བའི་ཕྱིར་རོ། །ཕུང་པོ་བསྟན་པར་ནི་རྣམ་པར་ཤེས་པ་སྟེ། རྣམ་པར་ཤེས་པའི་ཕུང་པོ་ཞེས་བསྟན་པའི་ཕྱིར་རོ། །ཡང་ན་ལྡན་པ་མ་ཡིན་པའི་མིང་གི་བྱེ་བྲག་ཡིན་ནོ། །ཡང་ན་སྒྲ་ཙམ་ཞིག་
ཐ་དད་པར་ཟད་དོ་ཞེས་ཟེར་ཏེ། དེ་ཐམས་ཅད་ནི་རུང་བ་མ་ཡིན་ནོ། །དེ་ལ་རེ་ཞིག་སོགས་པས་ན་སེམས་སོ་ཞེས་སྨྲས་པ་གང་ཡིན་པ། གལ་ཏེ་རང་གི་ནུས་པ་སྩོགས་པ་ཡིན་ན་ནི་སེམས་ལས་བྱུང་བ་རྣམས་དང་གཟུགས་ལ་ཡང་ཐལ་བར་འགྱུར་རོ། །འོན་ཏེ་འབྲས་བུ་སྩོགས་པས་སོ་ཞེ་ན། ལས་ཁོ་ན་
ཡིན་པར་འགྱུར་ཏེ། ལས་ཀྱང་ཀུན་གཞི་རྣམ་པར་ཤེས་པ་མེད་པར་མི་སོགས་སོ་ཞེས་འཆད་པར་འགྱུར་རོ། །དེ་བཞིན་དུ་གལ་ཏེ་རྣམ་པར་ཤེས་པ་གང་ཡིན་པ་དེ་ཉིད་རྟོགས་པ་ཡིན་ནོ་ཞེས་བྱ་ན་ནི་སྒྲ་ཙམ་ཞིག་ཐ་དད་པར་འགྱུར་བ་འབའ་ཞིག་ཏུ་ཟད་ཀྱི་རྒྱུ་མཚན་ནི་མ་ཡིན་ནོ། །འོན་ཏེ་གཞན་ཞིག་ལ་
Vol. 134 · folio 314b
བྱའོ་ཞེ་ན་དེ་ཡང་མ་བཤད་དོ། །རྣམ་པར་ཤེས་པས་ན་རྣམ་པར་ཤེས་པ་ཞེས་བྱ་བ་ནི་ཁས་ལེན་པ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་གྲེ་སྐྱེས་ཀྱི་མདོ་ལས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་མ་འོངས་པ་ནི་སེམས་སོ་ཞེས་བྱ་བ་ཇི་ལྟར་ན་སེམས་ཞེས་བྱ། གལ་ཏེ་སེམས་ལས་བྱུང་བའི་ཚོགས་བསགས་
ནས་ད་ལྟར་གྱི་དུས་སུ་འོང་བས་སོ་ཞེ་ན། དེ་ནི་རྣར་མི་འོང་སྟེ་མ་འོངས་པ་མེད་པའི་ཕྱིར་དང་བྱེད་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འདས་པ་ཡང་ཇི་ལྟར་ཡིད་ཡིན། གལ་ཏེ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་དངོས་པོས་འབྲས་བུ་འབྱིན་པ་དང་འཛིན་པར་ནུས་པའི་ཕྱིར་ཡིན་ལ་དེ་ཡང་ཡང་དག་པ་ཉིད་ཁོ་ནར་ཁས་
ལེན་ན་ཁྱིམ་བྱ་ཤི་བ་ཡང་སྐད་འབྱིན་པར་འགྱུར་བས་དེ་ནི་རྣར་མི་འོང་སྟེ། རྣམ་པར་ཤེས་པ་ནི་ད་ལྟར་བྱུང་བ་ཡིན་པར་ཁས་ལེན་པ་ཉིད་དོ། །དེ་བཞིན་དུ་བྱེད་པའི་བྱེ་བྲག་ལ་ཡང་ཐག་རིང་པོ་འཛིན་པའི་ཕྱིར་སེམས་ཡིན་ན་སེམས་ལས་བྱུང་བ་དག་ལ་ཡང་ཐལ་བར་འགྱུར་རོ། །ཡིད་སྔོན་དུ་འགྲོ་བ་ཞེས་བྱ་བ་འདི་ལ་ཡང་
གནས་སྐབས་གང་ན་ལས་བྱེད་པ་དེའི་སྔོན་རོལ་ན་དངོས་སུ་ཡིད་མ་ཡིན་ཏེ་འདས་པ་མེད་པའི་ཕྱིར་རོ། །ཉིང་མཚམས་སྦྱོར་བ་ཡང་འཇུག་པའི་རྣམ་པར་ཤེས་པས་མི་སྲིད་ཀྱི་ཀུན་གཞི་རྣམ་པར་ཤེས་པས་ནི་སྲིད་དོ་ཞེས་སྟོན་པར་འགྱུར་རོ། །དེ་བཞིན་དུ་སེམས་ཀྱི་ཁམས་བདུན་ཞེས་བྱ་བ་ཡང་སེམས་ཀྱི་སྒྲ་
སྔ་མ་བཞིན་དུ་བརྟག་མི་བཟོད་དོ། །སྐྱེ་མཆེད་བསྟན་པར་ཡང་ཡིད་ཀྱི་སྒྲ་སྐྱེ་མཆེད་དུ་མི་སྲིད་པའི་ཕྱིར་དང་འདས་པ་ཡང་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཕུང་པོ་བསྟན་པར་རྣམ་པར་ཤེས་པ་ཞེས་བྱ་བའི་སྒྲ་འབྱུང་བར་བརྗོད་དེ། ཕུང་པོ་ལ་སོགས་པ་ནི་གང་ཟག་གདགས་པའི་རྒྱུ་ཡིན་ལ། གདགས་
པའི་རྒྱུར་ཡང་ད་ལྟར་གྱི་རྣམ་པར་ཤེས་པ་རུང་ངོ་ཞེས་འདོན་ཏོ། །དེ་ཡང་འཐད་པ་མ་ཡིན་ཏེ། འདས་པ་ལ་སོགས་པས་ཐ་དད་པ་ལ་རྣམ་པར་ཤེས་པའི་ཕུང་པོར་འབྱུང་བའི་ཕྱིར་རོ། །གདུལ་བ་འགའ་ཞིག་ལ་རྣམ་གྲངས་འགའ་ཞིག་གིས་ཡིད་ཆེས་པར་བྱ་བའི་ཕྱིར་དང་། སོ་སོ་ཡང་དག་
པར་རིག་པ་བསྐྱེད་པའི་ཕྱིར་མིང་གི་སྒྲ་ཙམ་ཞིག་ཐ་དད་པར་ཁས་ལེན་པ་ཉིད་ཡིན་ན་རྣམ་གྲངས་ཐ་དད་པ་དེ་ཉིད་རྒྱུ་མཚན་གང་གིས་ཡིན་པ་ནི་མ་སྨྲས་པས་དེ་ཡང་རུང་བ་མ་ཡིན་ནོ། །དེ་ལྟ་བས་ན་ཐེག་པ་ཆེན་པོ་པ་རྣམས་ཀྱི་ཅི་ལྟ་བ་དེ་ལྟར་ན་བཟང་སྟེ། གང་གི་ཚེ་རྣམ་པར་ཤེས་པ་
Vol. 134 · folio 315a
བརྒྱད་ཅར་གྱི་ཚོགས་ལ་བྱ་བ་དེའི་ཚེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ནི་སོགས་པས་ན་སེམས་སོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་དོན་སེམས་པས་ན་སེམས་སོ། །རྣམ་པར་ཤེས་པ་དྲུག་གི་ཚོགས་ནི་སྣ་ཚོགས་ལ་དམིགས་པའི་ཕྱིར་སེམས་སོ། །རྣམ་པར་ཤེས་པའི་ཚོགས་བརྒྱད་ཅར་
ཡང་མཚུངས་པ་དེ་མ་ཐག་པའི་དོན་ཏམ། རྟོགས་པའི་དོན་གྱིས་གདགས་པའི་སྒོ་ནས་ཡིད་ཡིན་ནོ། །རྣམ་པར་ཤེས་པའི་ཚོགས་བརྒྱད་ཅར་ཡང་ཡུལ་སོ་སོར་རྣམ་པར་རིག་པའི་དོན་གྱིས་རྣམ་པར་ཤེས་པ་ཡིན་ནོ། །གང་གི་ཚེ་གཙོར་བྱ་བ་དེའི་ཚེ་ནི་སྣ་ཚོགས་པའི་ཕྱིར་དང་དོན་སེམས་པའི་ཕྱིར་ཀུན་
གཞིའི་རྣམ་པར་ཤེས་པ་ཁོ་ན་སེམས་ཡིན་གྱི་གཞན་ནི་མ་ཡིན་ཏེ། རྒྱུ་གསུམ་མི་སྲིད་པའི་ཕྱིར་རོ། །དུས་རྟག་ཏུ་གསལ་བའི་རྣམ་པར་རློམ་པའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ཁོ་ན་ཡིད་ཡིན་གྱི་གསལ་བའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཡང་མ་ཡིན་ལ། རྒྱུན་འཆད་པའི་ཕྱིར་རྣམ་པར་ཤེས་པ་གཞན་
དག་ཀྱང་མ་ཡིན་ནོ། །སྣ་ཚོགས་སུ་གསལ་བའི་རྣམ་པ་ཅན་ཡིན་པའི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་ཁོ་ན་རྣམ་པར་ཤེས་པ་ཡིན་གྱི། མི་གསལ་པའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཡང་མ་ཡིན་ལ་སྣ་ཚོགས་ཅན་མ་ཡིན་པའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ཀྱང་མ་ཡིན་ནོ། །དེ་ལ་གཙོར་སེམས་
ལ་བརྟེན་ན་སེམས་ཞེས་ཀྱང་བྱ་སྟེ་ཞེས་བྱ་བ་སྨོས་སོ། །ཁྱད་པར་ཉིད་དུ་ན་ཡང་ཁུངས་བཅོམ་ལྡན་འདས་ཀྱིས་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨོས་སོ། །དེ་ལ་གཙོར་ནི་སེམས་ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ན་ཡིན་པར་སྟོན་པར་འགྱུར་རོ། །
ཡིད་ནི་ཁྱད་པར་དུ་བསྟན་པའི་ཕྱིར། དེ་ལ་ཡིད་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས་སོ། །དེ་མ་ཐག་པའི་རྐྱེན་བྱེད་པས་གནས་སུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི་ཞར་ལ་སྤྱིར་ཡིད་ཀུན་རྫོབ་པ་དེ་སྟོན་པར་མཛད་པ་ཡིན་ནོ། །འདིར་ཡང་དྲུག་པོ་ཁོ་ན་ལས་འདས་མ་ཐག་པ་གང་ཡིན་པ་དེ་གཟུང་གི་ཕན་ཚུན་དག་ཏུ་ནི་
མ་ཡིན་ཏེ། ལྷན་ཅིག་ཀྱང་འབྱུང་བའི་ཕྱིར། །དངོས་བསྟན་པའི་ཕྱིར། གཉིས་པ་ཉོན་མོངས་པ་ཅན་གྱི་ཡིད་ཅེས་བྱ་བ་སྨོས་སོ། །ཉོན་མོངས་པ་བཞི་པོ་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་བདག་ཉིད་དུ་འཛིན་པའི་ཕྱིར་འཇིག་ཚོགས་ལ་ལྟ་བའོ། །བདག་ཉིད་དུ་གཟུང་བ་
Vol. 134 · folio 315b
གང་ཡིན་པ་དེས་ཁེངས་པར་འགྱུར་བའི་ཕྱིར་ངའོ་སྙམ་པའི་ང་རྒྱལ་ལོ། །གང་གིས་ཁེངས་པར་འགྱུར་བ་དེ་ལ་མངོན་པར་ཞེན་པའི་ཕྱིར་བདག་ལ་ཆགས་པའོ། །དེ་དག་ཐམས་ཅད་ཀྱང་མ་རིག་པ་ལས་འགྱུར་བས་མ་རིག་པའོ། །དེ་ནི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་གནས་སོ་ཞེས་བྱ་བ་ནི་
རྣམ་པར་ཤེས་པ་དྲུག་ཅར་གྱི་ཡང་ཟག་པ་དང་བཅས་པ་ཉིད་ཀྱི་གནས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། ཀུན་ནས་ཉོན་མོངས་པ་ཞེས་བྱ་བའི་སྒྲ་ནི་ཟག་པ་དང་བཅས་པའི་རྣམ་གྲངས་ཡིན་པའི་ཕྱིར་སྐྱེ་བའི་ཀུན་ནས་ཉོན་མོངས་པ་བཞིན་ནོ། །དེ་ལྟར་མ་ཡིན་ན་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སྐྱེ་བ་ཇི་
ལྟར་ཀུན་ནས་ཉོན་མོངས་པ་ཡིན་པར་འགྱུར། ཡིད་ཀྱི་རྣམ་པར་ཤེས་པ་ལ་ལྟོས་ན་ནི་འཆད་པར་འགྱུར་བ་སྐྱེད་པའི་རྐྱེན་ཉིད་ཀྱང་ཡོད་དེ། མཚུངས་པ་དེ་མ་ཐག་པ་དང་། ཐུན་མོང་མ་ཡིན་པའི་ཕྱིར་ཀུན་ནས་ཉོན་མོངས་པའི་གནས་ཉིད་དང་པོར་བསྟན་ཏོ། །ཡང་ཉོན་མོངས་པ་ཅན་གྱི་ཡིད་ཇི་ལྟར་
ན་ཟག་པ་དང་བཅས་པ་ཉིད་ཀྱི་རྒྱུ་ཡིན་ཞེ་ན། དེ་ལ་རེ་ཞིག་གང་གི་ཚེ་རྣམ་པར་ཤེས་པ་དྲུག་གི་ཚོགས་ཉོན་མོངས་པ་ཅན་ཡིན་པ་དེའི་ཚེ་ནི་རང་དང་མཚུངས་པར་ལྡན་པའི་ཟག་པ་དག་ཁོ་ན་དང་ལྷན་ཅིག་འབྱུང་བའི་ཕྱིར་དེ་དག་ཟག་པ་དང་བཅས་པ་ཉིད་དུ་གྲུབ་ན། གང་གི་ཚེ་ཉོན་མོངས་པ་ཅན་མ་
ཡིན་པ་དེའི་ཚེ་གོ་ཇི་ལྟར་ཡིན། ཟག་པའི་ས་བོན་དང་འབྲེལ་པའི་གནས་ལས་སྐྱེ་བའི་ཕྱིར་རོ་ཞེས་བརྗོད་པར་ཡང་མི་ནུས་ཏེ་ལམ་གྱི་བདེན་པ་ལ་ཡང་ཐལ་བར་འགྱུར་དུ་འོང་བས་སོ། །ཉོན་མོངས་པ་ཅན་གྱི་ཡིད་ཁས་ལེན་ན་ནི་དེ་དང་མཚུངས་པར་ལྡན་པའི་ཟག་པ་དག་ཁོ་ན་དང་ལྷན་ཅིག་
འབྱུང་བའི་ཕྱིར་ཟག་པ་དང་བཅས་པ་ཉིད་ཡིན་ནོ། །དེ་ལྟ་ན་འོ་ན་ནི་འགོག་པ་དང་འཇིག་རྟེན་ལས་འདས་པའི་ལམ་ལ་སྙོམས་པར་འཇུག་པའི་གནས་སྐབས་ན་ཀུན་གཞིའི་རྣམ་པར་ཤེས་པ་ཟག་པ་དང་བཅས་པ་ཉིད་དུ་མི་འགྱུར་ཏེ། དེ་ནི་དེའི་ཚེ་ཉོན་མོངས་པ་རྣམས་དང་ལྷན་ཅིག་མི་
འཇུག་གོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་ནི་ཟག་པའི་རྒྱུ་ཡིན་པའི་ཕྱིར་ཟག་པ་དང་བཅས་པ་ཉིད་ཡིན་ནོ། །དེ་ལ་ཉོན་མོངས་པ་བཞི་དང་སྔར་བསྟན་པའི་ཀུན་དུ་འགྲོ་བ་ལྔ་དང་མཚུངས་པར་ལྡན་པའི་ཕྱིར་འདིའི་སེམས་ལས་བྱུང་བ་ནི་དགུ་ཁོ་ན་ཡིན་ནོ། །ཡུལ་སོ་སོར་ངེས་པ་རྣམས་ཀྱི་ནང་
Vol. 134 · folio 316a
ནས་རེ་ཞིག་འདུན་པ་ནི་མི་འབྱུང་ངོ་། །དེ་ནི་རྣམ་པ་གསུམ་སྟེ་དོན་དུ་གཉེར་བའི་འདུན་པ་དང་། འཕྲད་པའི་འདུན་པ་དང་། མི་འབྲལ་བའི་འདུན་པའོ། །རེ་ཞིག་དོན་དུ་གཉེར་བའི་འདུན་པ་ནི་མ་ཡིན་ཏེ། ཡིད་ཀྱི་ཡུལ་ནི་ཉེ་བའི་ཕྱིར་རོ། །མ་བྲལ་བར་རྣམ་པར་སྣང་བའི་ཕྱིར་འཕྲད་པའི་འདུན་
པ་ཡང་མ་ཡིན་ཏེ་འཕྲད་པའི་འདུན་པ་ནི་དངོས་པོ་ཐག་རིང་བའི་ཡུལ་ཅན་ཡིན་པས་སོ། །མི་འབྲལ་བའི་འདུན་པ་ཡང་མ་ཡིན་ཏེ། དེ་ནི་བྲལ་གྱིས་དོགས་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་ལ་ཉོན་མོངས་པ་ཅན་གྱི་ཡིད་ལ་ནི་དེ་མེད་པའི་ཕྱིར་རོ། །མོས་པ་ཡང་མི་འབྱུང་སྟེ། ངེས་པའི་བདག་ཉིད་ཀྱི་
མོས་པ་ནི་ཐེ་ཚོམ་རྣམ་པར་ཆད་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་དང་ཡུལ་ཉམས་སུ་མྱོང་བ་ཅན་ཡིན་པའི་ཕྱིར་ལ། ཡིད་ནི་ངོ་བོ་གཅིག་པ་ཉིད་དུ་འཇུག་པའི་ཕྱིར་ཐེ་ཚོམ་ཡང་མི་སྲིད་ལ་ད་ལྟར་བྱུང་བའི་ཡུལ་ཅན་ཡིན་པའི་ཡང་ཕྱིར་རོ། །དྲན་པ་ཡང་ཡུལ་ཉམས་སུ་མྱོང་བ་ཅན་ཡིན་པའི་ཕྱིར་མ་ཡིན་ཏེ།
ཉོན་མོངས་པ་ཅན་གྱི་ཡིད་ནི་སྐད་ཅིག་རེ་རེ་ལ་སྔོན་མེད་པའི་རྫས་ལ་དམིགས་པའི་ཕྱིར་རོ། །ཏིང་ངེ་འཛིན་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཏེ་འདི་ལྟར་བརྟག་པར་བྱ་བའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དོ་ཞེས་བཤད་པ། འདི་ལ་ཡང་བརྟག་པར་བྱ་བའི་དངོས་པོ་ཡང་ཡོད་ལ་རྩེ་གཅིག་པ་ཉིད་ཀྱང་ཡོད་དེ་
ཀུན་གཞིའི་རྣམ་པར་ཤེས་པ་ལ་དམིགས་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ་གང་ལ་རྣམ་པར་གཡེང་བ་ཡོད་པ་ལས་སེམས་ཀྱིས་སེམས་མཉམ་པར་འཇོག་པ་དེ་ལ་ཏིང་ངེ་འཛིན་ཡོད་ན། ཉོན་མོངས་པ་ཅན་གྱི་ཡིད་ནི་དེ་ལྟ་བུར་མཉམ་པར་འཇོག་པ་མ་ཡིན་ཏེ། འཁོར་བ་ཇི་སྲིད་པར་ངོ་བོ་གཅིག་པ་
ཉིད་དུ་འཇུག་པའི་ཕྱིར་རོ། །ཡང་ན་དམིགས་པའི་སྐད་ཅིག་མ་སྔ་མ་ཉམས་སུ་མྱོང་བ་གང་ཡིན་པ་དེ་ཉིད་ལ་ཡང་དང་ཡང་དུ་འབྱུང་བ་ནི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པ་ཡིན་ན་ཉོན་མོངས་པ་ཅན་གྱི་ཡིད་ནི་དེ་ལྟ་བུ་མ་ཡིན་ཏེ། སྐད་ཅིག་རེ་རེ་ཞིང་སྔོན་མེད་པའི་རྫས་ལ་དམིགས་པའི་ཕྱིར་རོ། །ཡང་ན་དབང་
པོ་གཟུགས་ཅན་གྱི་རྣམ་པར་ཤེས་པ་རྣམས་མ་གཏོགས་པ་མཉམ་པར་མ་བཞག་པའི་སེམས་དང་མཚུངས་པར་ལྡན་པའི་ཤེས་རབ་གང་ཡང་རུང་བ་དེ་ཐམས་ཅད་ནི་མངོན་པར་རྟོགས་པའི་རྟོག་པ་ཡིན་ན། དེ་ཡང་ཉོན་མོངས་པ་ཅན་གྱི་ཡིད་ལ་ཡོད་དེ། བདག་ཏུ་ལྟ་བ་དང་མཚུངས་པར་ལྡན་པའི་ཕྱིར་
Vol. 134 · folio 316b
རོ། །མངོན་པར་རྟོགས་པའི་རྣམ་པར་རྟོག་པས་རྣམ་པར་རྟོག་པ་དང་བཅས་པའི་སེམས་གང་ཡིན་པ་དེ་ནི། ཏིང་ངེ་འཛིན་དང་མཚུངས་པར་ལྡན་པར་རུང་སྟེ། དེའི་བྱེད་པ་སྣང་བའི་ཕྱིར་རོ། །ཤེས་རབ་ཀྱང་ཁས་བླངས་དགོས་པ་ཉིད་དེ་བདག་ཏུ་ལྟ་བ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །རྩ་བའི་
ཉོན་མོངས་པ་བཅུ་པོའི་ནང་ནས་དེ་ལས་གཞན་པའི་ལྟ་བ་རྣམས་དང་ནི་མཚུངས་པར་མི་ལྡན་ཏེ། ཤེས་རབ་གཞན་དང་མཚུངས་པར་མི་ལྡན་པའི་ཕྱིར་རོ། །རྣམ་གྲངས་ཀྱིས་མཚུངས་པར་ལྡན་པ་ཡང་མ་ཡིན་ཏེ། དེ་ལས་རྣམ་པར་བརྟགས་པ་ཉིད་ཀྱི་ལྟ་བ་གསུམ་པོ་གང་དག་ཡིན་པ་དེ་དག་ནི་
མཚུངས་པར་མི་ལྡན་ཏེ་ཡིད་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །བསྒོམ་པས་སྤང་བར་བྱ་བ་མཐར་འཛིན་པ་དང་ཡང་མཚུངས་པར་མི་ལྡན་ཏེ། བདག་ཏུ་འཛིན་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་ངོ་བོ་གཅིག་པ་ཡིན་པའི་ཕྱིར་བདག་ཉིད་དུ་
བཟུང་ནས་རྟག་པ་ཉིད་དུ་འཛིན་པར་ནུས་པ་མ་ཡིན་ནོ། །བདག་ཏུ་ལྟ་བ་རྣམ་པ་གཉིས་ལས་ཀྱང་བདག་གིའི་རྣམ་པ་ཅན་དེ་མི་སྲིད་དེ། བདག་ཏུ་ལྟ་བ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །ཞེ་སྡང་ནི་མི་དགའ་བའི་རྣམ་པ་ཅན་ཡིན་པའི་ཕྱིར་ལ། ཡིད་ནི་དགའ་བའི་རྣམ་པ་ཅན་དུ་འཇུག་པའི་
ཕྱིར་རོ། །དགའ་བའི་རྣམ་པ་ཅན་ཉིད་ཡིན་ཡང་སིམ་པའི་ཚོར་བ་ཅན་ནི་མ་ཡིན་ཏེ། གང་དུ་སྐྱེས་པ་དེའིའོ་གཞན་ཞེས་འབྱུང་བའི་ཕྱིར་རེག་པ་ལ་སོགས་པ་ཇི་ལྟར་སྐབས་སུ་བབ་པ་དག་ཁོ་ན་བསྒྲེས་པའི་ཕྱིར་རོ། །འོན་ཏེ་ཚོར་བ་གཞན་ཡང་ཡོད་ན་ནི་ཁྱད་པར་དུ་བྱས་པར་འགྱུར་རོ། །
མི་རུང་བའི་ཡང་ཕྱིར་ཏེ། ཡིད་བདེ་བ་དང་མི་ལྡན་ཏེ་ཀུན་བརྟགས་པའི་དབང་གིས་འབྱུང་བའི་ཕྱིར་རོ། །ཡིད་ནི་མངོན་པར་རྟོགས་པའི་རྣམ་པར་རྟོག་པ་ཡོད་ཀྱང་གཏི་མུག་པའི་རྣམ་པ་ཅན་གྱིས་ཡོངས་སུ་རྟོག་པ་ནི་མེད་དོ། །བདེ་བ་ཡང་མ་ཡིན་ཏེ། རྟག་ཏུ་ཡོད་པའི་ཉེས་པར་ཐལ་བར་
འགྱུར་བའི་ཕྱིར་རོ། །འོ་ན་བཏང་སྙོམས་པ་ཡིན་ན་ཇི་ལྟར་དགའ་བའི་རྣམ་པ་ཅན་ཡིན་ཞེ་ན། བདག་ལ་ཆགས་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཐེ་ཚོམ་ཡང་དངོས་པོ་གཉིས་སུ་བྱེད་པའི་ཡུལ་ཅན་ཉིད་ཀྱིས་ཤེས་རབ་ཁོ་ན་ལ་བཏགས་པ་ཡིན་ན། དེ་དང་ཡང་མི་ལྡན་ཏེ། ཡིད་ནི་རིགས་
Vol. 134 · folio 317a
གཅིག་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །རིགས་གཅིག་པའི་རྣམ་པ་ཅན་ཉིད་ཀྱིས་རེ་ཞིག་མ་རིག་པ་དང་མཚུངས་པར་ལྡན་པར་མི་རུང་ན། འདོད་ཆགས་ལ་སོགས་པ་ཕན་ཚུན་དུ་གོ་ཇི་ལྟར་ཞེ་ན། འདིར་སྡེ་པའི་གསུང་རབ་ཀྱི་ལུགས་ལྟ་བུར་དགོངས་པ་ནི་མ་ཡིན་གྱི་
འདིར་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་ཡང་འདོད་ཆགས་ལ་སོགས་པ་མི་འགལ་བ་རྣམས་ཕན་ཚུན་མཚུངས་པར་ལྡན་པར་ཞལ་གྱིས་བཞེས་སོ། །རྩ་བའི་ཉོན་མོངས་པ་འདི་དག་ནི་མ་རིག་པ་མེད་པར་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་ཡང་མ་ཡིན་ཏེ། མ་རིག་པ་ཡང་རྩ་
བའི་ཉོན་མོངས་པ་ཡིན་པའི་ཕྱིར་རྩ་བའི་ཉོན་མོངས་པ་མ་ཡིན་པ་དང་འདྲའོ། །ཉེ་བའི་ཉོན་མོངས་པ་རྣམས་ལས་ཀྱང་ཁྲོ་བ་དང་རྣམ་པར་འཚེ་བ་དང་། ཁོན་དུ་འཛིན་པ་དང་། ཕྲག་དོག་དང་། འཚིག་པ་གང་དག་ཡིན་པ་དེ་དག་ནི་མི་དགའ་བའི་རྣམ་པར་འཇུག་པའི་ཕྱིར་དང་། ཁ་ཕྱིར་བལྟས་
པའི་ཕྱིར་མཚུངས་པར་མི་ལྡན་ནོ། །རྒྱགས་པ་དང་སྒྱུ་དང་གཡོ་དང་འཆབ་པ་དང་སེར་སྣ་དག་ནི། འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་པ་ཉིད་ཡིན་ཡང་ཁ་ཕྱིར་བལྟས་པའི་ཕྱིར་རོ། །ངོ་ཚ་མེད་པ་དང་ཁྲེལ་མེད་པ་དག་ནི་གཅིག་ཏུ་མི་དགེ་བ་ཡིན་པའི་ཕྱིར་རོ། །ཤེས་བཞིན་
མ་ཡིན་པ་ནི་ཁ་ཕྱིར་བལྟས་པའི་ཕྱིར་རོ། །རྣམ་པར་གཡེང་བ་ནི་ངར་འཛིན་ཅིང་ངའོ་སྙམ་པའི་ང་རྒྱལ་གྱི་གནས་ངན་ལེན་གྱི་གཡེང་བ་ཡིན་པའི་ཕྱིར་མཚུངས་པར་ལྡན་ནོ། །བག་མེད་པ་ནི་འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་པའི་ཕྱིར་རོ། །རྒོད་པ་ནི་འདོད་ཆགས་ཀྱི་
ཆར་གཏོགས་པའི་ཕྱིར་རོ། །མ་དད་པ་དང་ལེ་ལོ་དང་རྨུགས་པ་རྣམས་གཏི་མུག་གི་ཆར་གཏོགས་པའི་ཕྱིར་རོ། །ཡང་ན་མཚུངས་པར་མི་ལྡན་པ་ཉིད་དེ་འདོད་ཆགས་ལ་སོགས་པ་ནི་སྔར་གསལ་བའི་རྣམ་པར་ཞུགས་པ་ཡིན་ལ། དེའི་རྗེས་ལ་ཤས་ཀྱིས་བྲི་བར་ཞུགས་པ་ན་ཉེ་
པའི་ཉོན་མོངས་པ་རྣམས་ཞེས་གདགས་ན། །ཡིད་ལ་ནི་དེ་ལྟ་བུ་མི་སྲིད་དེ། ངོ་བོ་གཅིག་པ་ཉིད་དུ་ཞུགས་པའི་ཕྱིར་རོ། །བརྗེད་ངས་པ་ཡང་མ་ཡིན་ཏེ། འདྲེས་པའི་དངོས་པོ་ལ་དམིགས་པའི་ཕྱིར་རོ། །གཉིད་ཀྱང་མ་ཡིན་ཏེ་གཟུགས་དང་གཟུགས་མེད་པའི་ཁམས་དང་འགལ་བའི་
Vol. 134 · folio 317b
ཕྱིར་རོ། །འགྱོད་པ་ཡང་མ་ཡིན་ཏེ། མི་དགའ་བའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །རྟོག་པ་དང་དཔྱོད་པ་དག་ཀྱང་མ་ཡིན་ཏེ་ཚོལ་བ་དང་། སོ་སོར་རྟོག་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །ཡིད་འདི་ནི་ལུང་སིལ་བུའི་མདོ་ལས་དེ་ནི་ཉོན་མོངས་པ་རྣམས་ལས་ངེས་པར་གྲོལ་པར་མ་གྱུར་མི་འགྱུར་རོ་
ཞེས་བྱ་བ་ལ་སོགས་པ་འབྱུང་བ་དང་། དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པའི་མདོ་ལས་ཀྱང་གྲུབ་པོ། །རིགས་པས་ཀྱང་བསྒྲུབ་པར་མ་རིག་པ་མ་འདྲེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མ་འདྲེས་པ་ནི་མ་རིག་པ་རང་དབང་ཅན་ཡིན་གྱི། རྩ་བའི་ཉོན་མོངས་པ་གཞན་དང་མཚུངས་
པར་མི་ལྡན་པས་ནི་མ་ཡིན་ཏེ། ཁྲོ་བ་ལ་སོགས་པ་དང་མཚུངས་པར་ལྡན་པ་ཡང་དེར་ཐལ་བར་འགྱུར་དུ་འོང་བས་སོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་མི་ལྡན་པས་དེར་ཐལ་བར་འགྱུར་བ་མ་ཡིན་ཏེ། དེ་མེད་པར་ཐལ་བ་ཉིད་དུ་འགྱུར་བས་སོ། །དེ་ལྟ་བས་ན་
རྩ་བའི་ཉོན་མོངས་པ་དང་མཚུངས་པར་ལྡན་པ་དང་། དེ་ལས་གཞན་པའི་སེམས་དང་སེམས་ལས་བྱུང་བའི་ཚོགས་ལས་ཡང་རྫས་གཞན་དང་མ་འདྲེས་པའི་ཕྱིར་རང་དབང་ཅན་ནི་མ་འདྲེས་པ་ཡིན་གྱི། ཐུན་མོང་མ་ཡིན་པའི་དོན་གྱིས་ནི་མ་ཡིན་ཏེ། རྣམ་པར་ཤེས་པ་གཞན་དང་མཚུངས་པར་ལྡན་
པས། དེར་ཐལ་བར་འགྱུར་དུ་འོང་བས་སོ། །འདི་ནི་སྡེ་པ་དག་གི་ལྟར་ན་རྣམ་པ་གཅིག་ཁོ་ན་སྟེ། འཇུག་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་བདེན་པ་མཐོང་བའི་གགས་བྱེད་པ་ཡིན་ཏེ། དེ་ནི་མཐོང་བས་སྤང་པར་བྱ་བ་ཡིན་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་ལྟར་ན་ནི་རྣམ་པ་གཉིས་
ཏེ་དུས་ངེས་པར་ཀུན་དུ་འབྱུང་བའི་ཕྱིར། འཇུག་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ནི་གཅིག་གོ། །གཉིས་པ་ནི་དུས་ཐམས་ཅད་དུ་ཀུན་དུ་འབྱུང་བའི་ཕྱིར་འཆད་པར་འགྱུར་བའི་སྒྲུབ་པས་རབ་ཏུ་གྲུབ་པ་ཡིན་ནོ། །དེ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་མ་ཡིན་ཏེ། དེ་རྣམས་
ནི་རྒྱུན་འཆད་པའི་ཕྱིར། ཡང་ཁྱད་པར་དུ་དཔྱད་པར་བྱ་སྟེ་རེ་ཞིག་རྣམ་པར་ཤེས་པའི་ཚོགས་ལྔ་ལ་ནི་མ་ཡིན་ཏེ། །གང་ན་མི་མཐུན་པ་ཡོད་པ་དེ་ན་གཉེན་པོ་ཡོད་པའི་ཕྱིར་རོ། །ཉོན་མོངས་པ་ཅན་གྱི་ཡིད་ལ་ཡང་གཉེན་པོ་མེད་པའི་ཕྱིར་དེ་མེད་པར་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན།
Vol. 134 · folio 318a
དེ་ནི་མ་ཡིན་ཏེ་འདི་ནི་སྒྲུབ་པ་མ་ཡིན་གྱི་འོན་ཀྱང་འདི་ནི་མ་བསླབས་པ་སྡེ་པ་དག་གིས་ཁས་བླངས་པ་སུན་འབྱིན་པ་ཡིན་ནོ། །གལ་ཏེ་ཕ་རོལ་པོ་རྣམ་པར་ཤེས་པའི་ཚོགས་ལྔ་ལ་ཡང་མ་འདྲེས་པ་ཡོད་དོ་ཞེས་སྨྲ་བར་བྱེད་ན། དེ་ལ་བརྗོད་པར་བྱ་སྟེ། རྣམ་པར་ཤེས་པ་གང་ལ་མཐོང་བའི་
ལམ་ཡོད་པ་དེ་ལ་མི་མཐུན་པའི་ཕྱོགས་ཡོད་པར་ཁྱོད་ཀྱིས་ཁས་བླངས་ན་རྣམ་པར་ཤེས་པའི་ཚོགས་ལྔ་ལ་ནི་ལམ་མེད་དེ་དེ་ཁ་ཕྱིར་བལྟས་པའི་ཕྱིར་རོ། །ཡང་ན་གང་ལ་ཞེས་བྱ་བ་ནི་ཡུལ་དང་སྦྱར་རོ། །ཡུལ་བདེན་པ་བཞིའི་ངོ་བོ་ཉིད་གང་ལ་གཉེན་པོ་ཡོད་པ་དེ་ཁོ་ན་ལ་དེའི་དམིགས་པ་ཉིད་དུ་དེའི་མི་
མཐུན་པའི་ཕྱོགས་མཐོང་བས་སྤང་བར་བྱ་བ་ཡོད་ན། རྣམ་པར་ཤེས་པའི་ཚོགས་ལྔ་ནི་མ་ཡིན་ཏེ་ཁ་ཕྱིར་བལྟས་པའི་ཕྱིར་རོ། །རང་གི་ལྟ་བས་ཀྱང་ཚིག་འདི་ལ་འདི་ལྟར་དྲང་སྟེ། གང་ལ་ཞེས་བྱ་བ་འདི་ནི་ཡུལ་དུ་གྱུར་པ་དེ་གཞན་ཉིད་དང་སྦྱར་རོ། །དེ་ལ་ཡང་བསྟན་པའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ལ་དེ་དང་
འབྲེལ་པར་སྟོན་ཏོ། །དེ་ཉིད་ལ་ཉོན་མོངས་པ་ཅན་གྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་མ་རིག་པ་ཡང་ཡོད་དེ། ཀུན་གཞིའི་རྣམ་པར་ཤེས་པ་ལ་བདག་མེད་པར་མཐོང་པའི་གགས་སུ་གྱུར་པའི་ཕྱིར་རོ། །གནས་སྐབས་དང་ཡང་སྦྱར་ཏེ། གནས་སྐབས་གང་ན་མཐོང་བའི་ལམ་གྱི་སྐད་ཅིག་མ་དང་པོ་ཡོད་པའི་གནས་
སྐབས་དེ་ན་སྲང་མདའི་མཐོན་དམན་བཞིན་དུ་མི་མཐུན་པའི་ཕྱོགས་ཆོས་ཀྱི་མཆོག་རྣམས་དང་ལྷན་ཅིག་འགག་པ་ཡིན་ན་འདི་ཐམས་ཅད་ནི་རྣམ་པར་ཤེས་པའི་ཚོགས་ལྔ་ལ་མི་སྲིད་དེ། གཅིག་ཏུ་མཉམ་པར་མ་བཞག་པ་ཡིན་པའི་ཕྱིར་རོ། །དུས་ཐམས་ཅད་དུ་ཀུན་དུ་འབྱུང་བ་དེ་ཉིད་ཀྱི་རྣམ་
པར་ཤེས་པ་ལ་ཡང་རུང་བ་མ་ཡིན་ཏེ། གཅིག་ལ་ཆོས་གཉིས་རང་དབང་ཅན་མི་སྲིད་པའི་ཕྱིར་རེ་ཞིག་འདོད་ཆགས་ལ་སོགས་པ་སེམས་ལས་བྱུང་བ་རང་དབང་ཅན་ལ་ནི་མ་ཡིན་ནོ། །ཉོན་མོངས་པ་ཅན་མ་ཡིན་པ་ལ་ཡང་མ་ཡིན་ཏེ། དེ་དང་འགལ་བའི་ཕྱིར་ན། ཆེ་ཆུང་གི་རིམ་པས་སྦྱོར་བའི་
ལམ་བསྒོམ་པ་ཉམས་པར་འགྱུར་བའི་ཡང་ཕྱིར་རོ། །དེས་ན་ཤུགས་ཀྱིས་གང་ལ་དུས་ཐམས་ཅད་དུ་ཀུན་དུ་འབྱུང་བ་དེ་ཡོད་པར་འགྱུར་བ་རྣམ་པར་ཤེས་པ་གཞན་བདུན་པ་ཁས་བླང་དགོས་ཏེ། དེ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཡིན་ནོ། །དེ་ལ་ནི་མ་རིག་པ་དང་རང་དབང་ཅན་ཡོད་དེ་དེའི་སྟོབས་ཀྱིས་དེ་དང་
Vol. 134 · folio 318b
མཚུངས་པར་ལྡན་པ་འདོད་ཆགས་ལ་སོགས་པ་དྲངས་པའི་ཕྱིར་རོ། །འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་ནི། སྔར་ཀུན་དུ་རྨོངས་པ་ལ་དེ་ལས་གཞན་པའི་ཉོན་མོངས་པ་འབྱུང་བའི་ཕྱིར་སྔར་སྤྱད་པ་གཙོ་བོ་ཡིན་པའི་ཕྱིར་དེའི་འོག་ཏུ་འདོད་ཆགས་ལ་སོགས་པ་དང་མཚུངས་པ་ལྡན་ན་རེས་འགའ་
རང་དབང་ཅན་མ་ཡིན་པར་ཡང་འགྱུར་རོ། །ལྔ་པོ་དག་དང་འདྲ་བ་མེད་པའི་སྐྱོན་དུ་ཡང་འགྱུར་ཏེ་ཞེས་བྱ་བ་ནི་རེ་ཞིག་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་རྣམ་པར་ཤེས་པའི་ཚོགས་ལྔའི་རྟེན་ནི་མིག་ལ་སོགས་པ་ལྷན་ཅིག་སྐྱེ་བ་ཡིན་ནོ། །དམིགས་པ་ནི་གཟུགས་ལ་སོགས་པའོ། །མཚུངས་པ་དེ་མ་ཐག་
པའི་རྟེན་ནི་ཡིད་འདས་པ་ཁོ་ན་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ནི་ཡིད་འདས་པ་ཁོ་ན་ཡིན་ནོ། །དམིགས་པ་ནི་དུས་གསུམ་དང་དུས་ཀྱིས་མ་བསྡུས་པ་ཡིན་ནོ། །གནས་བརྟན་པ་རྣམས་ཀྱི་ལྟར་ན་རྣམ་པར་ཤེས་པའི་ཚོགས་ལྔའི་ཐམས་ཅད་བྱེ་བྲག་ཏུ་སྨྲ་བས་བཤད་པ་བཞིན་ནོ། །
ཡིད་ཀྱི་རྣམ་པར་ཤེས་པའི་ལྷན་ཅིག་སྐྱེ་བའི་རྟེན་ནི་སྙིང་གི་ཕྱོགས་ཀྱི་བུ་ག་གཅིག་དང་གཉིས་དང་གསུམ་དང་བཞི་ནས་བུ་ག་དགུའི་བར་ཡིན་ནོ། །དམིགས་པ་ནི་སྔ་མ་བཞིན་ནོ། །དགེ་འདུན་ཕལ་ཆེན་སྡེ་རྣམས་ཀྱི་ལྟར་ན་ཡང་རྣམ་པར་ཤེས་པའི་ཚོགས་ལྔའི་རྟེན་ནི་ཚུལ་དེ་དང་འདྲའོ། །ལྷན་
ཅིག་སྐྱེ་བའི་རྟེན་གཞན་ནི་རྩ་བའི་རྣམ་པར་ཤེས་པ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་ལྷན་ཅིག་སྐྱེ་བའི་རྟེན་ནི་དེ་ཁོ་ན་ཡིན་ནོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་སྔ་མ་བཞིན་ནོ། །ས་སྟོན་སྡེ་རྣམས་ཀྱི་ལྟར་ན་རྩ་བའི་རྣམ་པར་ཤེས་པ་ཞེས་བྱ་བའི་སྒྲ་བཏང་སྟེ་འཁོར་བ་ཇི་སྲིད་པའི་ཕུང་
པོ་ཞེས་བྱ་བའི་སྒྲ་སྦྱར་བར་བྱའོ། །གཞན་ཐམས་ཅད་ནི་དེ་ཁོ་ན་དང་འདྲའོ། །མདོ་སྡེ་པ་རྣམས་ཀྱི་ལྟར་ན་རྣམ་པར་ཤེས་པའི་ཚོགས་ལྔ་ལ་དབང་པོ་དང་དོན་དག་ནི་སྔ་ལ། རྣམ་པར་ཤེས་པ་ནི་འཕྱི་སྟེ་མི་གསལ་བས་དེ་དག་གི་དབང་གིས་སྐྱེ་བའི་ཕྱིར་རོ། །མཚུངས་པ་དེ་མ་ཐག་པའི་
རྐྱེན་ནི་སྔ་མ་བཞིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ནི་ཡིད་འདས་མ་ཐག་པ་ཁོ་ན་ཡིན་ནོ། །འདི་ནི་གསལ་བའི་ཕྱིར་སྐྱེ་བ་ཡུལ་གྱིས་བྱས་པའི་ངེས་པ་ནི་མེད་དོ། །དམིགས་པ་ནི་སྔ་མ་བཞིན་ནོ། །རྣམ་པར་ཤེས་པའི་ཚོགས་དྲུག་ཅར་གྱི་ཡང་རྒྱུའི་རྐྱེན་ནི་དབང་པོ་གཟུགས་ཅན་ལ་
Vol. 134 · folio 319a
ཡོད་པ་དང་། སེམས་ལ་ཡོད་པའི་ས་བོན་ཡིན་ནོ། །བདག་པོའི་རྐྱེན་ནི་མ་ཡིན་ཏེ། བྱེ་བྲག་ཏུ་སྨྲ་བའི་སྲོག་གི་དབང་པོ་ལ་སོགས་པ་ལྟ་བུར་དེ་འགྱུར་བའི་རྗེས་སུ་བྱེད་པ་མེད་པའི་ཕྱིར་རོ། །འདིར་ནི་རྣམ་པར་ཤེས་པའི་ཚོགས་ལྔའི་རྟེན་དང་དམིགས་པ་དག་ནི་བྱེ་བྲག་
ཏུ་སྨྲ་བ་དང་འདྲའོ། །ས་བོན་གྱི་རྟེན་གྱི་དངོས་པོ་ནི་ལྷན་ཅིག་སྐྱེ་བ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཡང་དམིགས་པ་ནི་དེ་དང་འདྲའོ། །ཡིད་འདས་མ་ཐག་པ་ཡང་སྔ་མ་བཞིན་ནོ། །བདག་པོའི་རྐྱེན་ལྷན་ཅིག་སྐྱེ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཡིན་ནོ། །དེ་ལ་འདིར་བྱེ་བྲག་ཏུ་སྨྲ་བ་རྣམས་ལ་
བརྗོད་པར་བྱ་སྟེ། འཇུག་པའི་རྣམ་པར་ཤེས་པ་ཉིད་དུ་མཚུངས་པ་ལས་ཅིའི་ཕྱིར་རྣམ་པར་ཤེས་པ་དྲུག་པའི་རྟེན་འདས་མ་ཐག་པ་ཁོ་ན་ཡིན་གྱི། རྟེན་ལྷན་ཅིག་སྐྱེ་བ་ནི་མ་ཡིན། རྣམ་པར་ཤེས་པ་དྲུག་པ་ནི་རྟེན་འདས་པ་ཅན་ཁོ་ན་མ་ཡིན་ཏེ་འཇུག་པའི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་མིག་ལ་
སོགས་པའི་རྣམ་པར་ཤེས་པ་ཡིན་ནོ་ཞེས་བྱ་བའི་རྗེས་སུ་དཔག་པས་གནོད་དོ། །དགེ་འདུན་ཕལ་ཆེན་སྡེ་རྣམས་དང་ས་སྟོན་སྡེ་རྣམས་ཀྱི་ལྟར་ན་རྩ་བའི་རྣམ་པར་ཤེས་པ་དང་འཁོར་བ་ཇི་སྲིད་པའི་ཕུང་པོ་ཞེས་བྱ་བ་རྣམ་པར་ཤེས་པ་དྲུག་ཅར་གྱི་ཐ་མི་དད་པའི་རྒྱུ་ཡིན་པ་དེ་དག་ལ་ཡང་བརྗོད་
པར་བྱ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་ནི་རྟེན་ཐུན་མོང་ཅན་ཁོ་ན་མ་ཡིན་ཏེ། འཇུག་པའི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་དེ་དག་བཞིན་ནོ། །གང་དག་གི་སྙིང་གི་ཕྱོགས་ཐུན་མོང་མ་ཡིན་པར་རྟོག་པ་དེ་དག་གི་ལྟར་ན་ཡང་སེམས་ལས་བྱུང་བའི་ཚོར་བ་ཉིད་ཉམས་པར་འགྱུར་ཏེ། རྡུལ་ཕྲ་རབ་
བསགས་པ་ལ་བརྟེན་པའི་ཕྱིར་ཐམས་ཅད་ལུས་ཀྱི་ཁོ་ན་ཡིན་པར་འགྱུར་རོ། །རྗེས་སུ་དཔག་པས་ཀྱང་འགལ་ཏེ་འདོད་པ་དང་གཟུགས་ཀྱི་ཁམས་ཀྱི་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ནི་གཟུགས་ཅན་མ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་གཟུགས་མེད་པའི་ཁམས་
ན་སྤྱོད་པའི་ཡིད་ཀྱི་རྣམ་པར་ཤེས་པ་བཞིན་ནོ། །མདོ་སྡེ་པ་ལ་ཡང་བརྗོད་པར་བྱ་སྟེ། ལྷན་ཅིག་ཅེས་བྱ་བའི་སྒྲ་དེ་མ་ཐག་བརྗོད་པར་བྱེད་པ་ལ་བརྟེན་ནས། ལྷན་ཅིག་ཅེས་བྱ་བའི་སྒྲ་དེ་མ་ཐག་པ་ལ་ཡང་མཐོང་སྟེ། དཔེར་ན་བྱམས་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ལ་ཡང་
Vol. 134 · folio 319b
དམིགས་ཀྱིས་བསལ་བ་ནི་བྱ་དགོངས་སོ། །ཅིའི་ཕྱིར་རྟེན་ལྷན་ཅིག་སྐྱེ་བ་ཁོ་ན་མ་ཡིན་ཞེ་ན། འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ལྡང་བའི་ཚེ་མཚུངས་པ་དེ་མ་ཐག་པའི་རྐྱེན་ལྷན་ཅིག་སྐྱེ་བ་མ་ཡིན་པའི་ཕྱིར་རོ། །རང་གི་གཞུང་ལུགས་ཀྱིས་ཀྱང་བརྗོད་པར་བྱ་སྟེ། ཡིད་ཀྱི་རྣམ་
པར་ཤེས་པ་ནི་སྐྱེ་བའི་རྟེན་རང་གི་མིང་གིས་ཉེ་བར་མཚོན་པའི་སྐྱེ་མཆེད་ཐུན་མོང་མ་ཡིན་པ་ཅན་ཡིན་ཏེ། རྒོལ་བ་ལ་རབ་ཏུ་གྲགས་པའི་འཇུག་པའི་རྣམ་པར་ཤེས་པའི་ཁོངས་སུ་གཏོགས་པའི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་བཞིན་ནོ། །དེ་ལ་སྐྱེ་བའི་རྟེན་ཅེས་བྱ་
བའི་སྒྲ་ནི། ཀུན་ནས་ཉོན་མོངས་པའི་རྟེན་རྣམ་པར་གཅད་པའི་ཕྱིར་ཏེ། དེ་ནི་དྲུག་ཅར་ལ་ཡང་ཁྱད་པར་མེད་པའི་ཕྱིར་རོ། །མདོ་སྡེ་པ་ལ་དཔེ་གྲུབ་པར་བྱ་བའི་ཡང་ཕྱིར་ཏེ། ལྷན་ཅིག་སྐྱེ་བའི་རྟེན་སྨོས་ན་ནི། དེར་སྣང་བ་ཉིད་ཡིན་པར་འགྱུར་རོ། །ཐུན་མོང་མ་ཡིན་པ་སྨོས་པ་ནི། མཚུངས་
པ་དེ་མ་ཐག་པའི་རྟེན་རྣམ་པར་དཔྱད་པའི་ཕྱིར་དང་། རྩ་བའི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་དཔྱད་པའི་ཡང་ཕྱིར་ཏེ། དེ་ནི་དེ་དག་གིས་ས་བོན་གྱི་ཁྱད་པར་མེད་པར་ཡང་རྣམ་པར་ཤེས་པའི་ཚོགས་དྲུག་ཅར་གྱི་ཡང་ཐུན་མོང་གི་རྟེན་ཉིད་དུ་བརྟགས་སོ། །རང་གི་མིང་གིས་ཉེ་བར་མཚོན་པ་
ཞེས་སྨོས་པ་ནི་གནས་བརྟན་པས་རབ་ཏུ་བརྟགས་པ་སྙིང་གི་ཕྱོགས་རྣམ་པར་དཔྱད་པའི་ཕྱིར་རོ། །དེ་ནི་མིང་གིས་ཉེ་བར་མཚོན་པ་མེད་དེ། ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡིད་ཅེས་བྱ་བའི་སྒྲར་བརྗོད་པ་མེད་པའི་ཕྱིར་རོ། །འོན་ཏེ་དེ་ཉིད་ཡིད་ཡིན་ནོ་ཞེས་ཟེར་ན་སྐྱེ་མཆེད་ཅེས་སྨོས་པས་དེ་རྣམ་
པར་དཔྱད་དོ། །དེ་ཉིད་སྐྱེ་མཆེད་ཡིན་ནོ་ཞེས་བརྗོད་པར་ཡང་མི་ནུས་ཏེ། དགེ་སློང་ཡིད་ནི་མང་གི་སྐྱེ་མཆེད་དེ་གཟུགས་ཅན་མ་ཡིན་པ་བསྟན་དུ་མེད་པ། ཐོགས་པ་མེད་པའོ་ཞེས་བྱ་བ་ལ་སོགས་པའི་ལུང་གིས་གནོད་པའི་ཕྱིར་རོ། །འཇུག་པའི་རྣམ་པར་ཤེས་པའི་ཁོངས་སུ་གཏོགས་པ་ཞེས་
བརྗོད་ནས། ཡང་རྣམ་པར་ཤེས་པ་ཞེས་བརྗོད་པ་ནི་རྣམ་པར་ཤེས་པའི་ཕུང་པོ་ཡིན་པར་བསྟན་པས་ལྡན་པ་མ་ཡིན་པ་རྣམ་པར་དཔྱོད་པའི་ཕྱིར་རོ། །ཕྱིར་རྒོལ་བ་ལ་གྲགས་པ་དམྱལ་བའི་སྲུང་མ་ལ་སོགས་པའི་ཡིད་ཀྱི་རྣམ་པར་ཤེས་པས་མ་ངེས་པ་ཡང་མ་ཡིན་ཏེ། གཏན་ཚིགས་རྒོལ་བ་ལ་
Vol. 134 · folio 320a
གྲགས་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་ཕྱིར་དེ་དང་འདྲ་བ་མ་ཡིན་ནོ། །ལྷན་ཅིག་སྐྱེ་བའི་རྟེན་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་ངོ་བོ་ཉིད་ལ་སོགས་པ་མཐའ་ཡས་པ་བསྒྲུབ་པར་བྱ་བ་དང་འགལ་བའི་ཆོས་འགྲུབ་པ་དང་འགལ་བ་ཁམས་གཞན་ན་གནས་པའི་སེམས་ཅན་གྱི་ཡིད་ཀྱི་རྣམ་པར་
ཤེས་པ་དང་སེམས་ཅན་གྱི་ཚོགས་གསུམ་པས་བསྡུས་པ་རྣམས་ཀྱིས་ཀྱང་མ་ངེས་པའི་ཕྱིར་རོ། །དེ་ནི་ཁམས་གཞན་དུ་གཏོགས་པས་ཁྱད་པར་དུ་བྱས་པས་འགྲུབ་པ་ཡང་མ་ཡིན་ཏེ། སེམས་ཅན་གྱི་ཚོགས་གསུམ་པས་བསྡུས་པ་དག་ཁོ་ནས་མ་ངེས་པའི་ཕྱིར་རོ། །ཡང་དག་པར་རྫོགས་པའི་
སངས་རྒྱས་འདས་པའི་ཡིད་ཀྱི་རྣམ་པར་ཤེས་པའི་ཕྱོགས་སུ་བྱས་པའི་ཕྱིར་འགལ་བ་རང་ལ་རྟེན་མ་གྲུབ་པའི་ཕྱིར་རོ། །ཟག་པ་དང་བཅས་པ་ཉིད་ཁྱད་པར་དུ་བྱེད་ན་ནི། ཆོས་ཐམས་ཅད་ལ་རེག་པའི་ཕྱིར་སྒྲུབ་པ་སྒྲུབ་པའི་ཉེས་པ་དང་ལྡན་ནོ། །འཇིག་རྟེན་ལས་འདས་པའི་སྙོམས་པར་འཇུག་པ་
སློབ་པའི་གནས་སྐབས་ཀྱི་ཡིད་ཀྱི་རྣམ་པར་ཤེས་པས་མ་ངེས་པ་ཡང་མ་ཡིན་ཏེ། དེའི་ཚེ་ཡང་ཡིད་གྱུར་པ་གནས་པའི་ཕྱིར་རོ། །དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་ནི། རེས་འགའ་ནི་གཅིག་དང་སྟེ་གང་གི་ཚེ་ཡིད་དང་ཞེས་འབྱུང་བའོ། །རེས་འགའ་ནི་གཉིས་དང་སྟེ། ཡིད་དང་ཡིད་ཀྱི་
རྣམ་པར་ཤེས་པ་དང་ཞེས་འབྱུང་བའི་ཕྱིར་རོ། །གལ་ཏེ་ཡང་དེའི་ཚེ་གྱུར་པ་ཡང་ཡིད་མ་ཡིན་པ་ཞིག་ཏུ་གྱུར་ན་ནི་འདི་ཡང་ཡིད་མ་ཡིན་པར་འགྱུར་ལ། འདི་སྐད་དུ་རེས་འགའ་ནི་གཅིག་དང་སྟེ་གང་གི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་དང་ཞེས་ཀྱང་བཤད་པར་འགྱུར་རོ། །གཞན་ཡང་བརྒྱལ་བ་ལ་
སོགས་པ་ལ་འཇུག་པའི་རྣམ་པར་ཤེས་པའི་ཚོགས་ཡུལ་ལ་རག་ལས་ཏེ་སྐྱེ་བ་རྣམས་དེ་མི་ཉེ་བའི་ཕྱིར་རྒྱུན་འཆང་ངོ་ཞེས་བྱ་བ་ནི་རིགས་ན། ཡིད་འཁོར་བ་ཇི་སྲིད་པར་རིགས་གཅིག་པ་དང་དམིགས་པ་ཉེ་བ་ཀུན་གཞི་རྣམ་པར་ཤེས་པ་ལས་འབྱུང་བ་གོ་ཇི་ལྟར་རྒྱུན་འཆད། ཡིད་དེ་ཡང་ཁ་
ཅིག་ན་རེ་གནས་སྐབས་དེ་ན་ཟག་པ་མེད་པ་ཡིན་ཏེ། འདི་ལྟར་ཉོན་མོངས་པ་ཅན་གང་ཡིན་པ་དེ་ནི་འཕགས་པའི་ལམ་ལ་སྙོམས་པར་འཇུག་པས་རྒྱུན་ཀུན་དུ་མི་འབྱུང་བས་ས་བོན་གྱི་གནས་སྐབས་པར་འཇོག་གོ་ཞེས་ཟེར་རོ། །ཟག་པ་མེད་པ་ནི་ཐོག་མ་མེད་པའི་རང་གི་རིགས་ལས་
Vol. 134 · folio 320b
བདག་མེད་པ་མངོན་སུམ་དུ་བྱས་པའི་འཕགས་པའི་ལམ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་དང་འབྱུང་ངོ་། །ཡང་ཟག་པ་མེད་པ་ལས་ལངས་པ་ལ་ཟག་པ་དང་བཅས་པའི་སེམས་པ་མངོན་དུ་གྱུར་པའི་ཚེ་ཉོན་མོངས་པ་ཅན་ཁྱད་པར་མེད་པ་གང་ཡིན་པ་སྐྱེ་བར་འགྱུར་རོ། །འོན་ཏེ་སློབ་པའི་གནས་
སྐབས་ན་ས་བོན་བཅོམ་པའི་ཕྱིར་ནམ་ཡང་ཉོན་མོངས་པ་ཅན་གྱི་ཡིད་མེད་ན་ནི་ཟག་པ་མེད་པ་ཁོ་ན་འབྱུང་སྟེ། དེ་ཉིད་ཀྱི་ཕྱིར་དགྲ་བཅོམ་པ་ནི་བྱ་བ་ཐམས་ཅད་ལ་སྤྱོད་པ་རབ་ཏུ་ཞི་བའོ་ཞེས་འབྱུང་ངོ་། །ཁ་ཅིག་ན་རེ་ཟག་པ་དང་བཅས་པ་སྟེ། འདི་ལྟར་ནུས་པ་གཉིས་དང་ལྡན་པའི་ཕྱིར་རོ་ཞེས་
ཟེར་རོ། །ཅིག་ཅར་བདག་མེད་པ་གཉི་ག་མཐོང་བའི་གགས་སུ་གྱུར་པའི་མ་རིག་པ་གང་ཡིན་པ་དེ་ལ་བརྟེན་ནས་ཐག་པའི་སྲིད་ཀྱི་དབྱིབས་ལ་རྟོག་པ་སྔོན་དུ་འགྲོ་བ་ཅན་གྱི་སྦྲུལ་དུ་རབ་ཏུ་རྟོགས་པ་བཞིན་དུ་ཉོན་མོངས་པ་ཅན་གྱི་ཡིད་དང་མཚུངས་པར་ལྡན་པའི་ལྟ་བ་ཅིག་ཅར་ཆོས་དང་
གང་ཟག་ཏུ་རབ་ཏུ་རྟོག་པར་བྱེད་པ་འབྱུང་ངོ་། །འཇིག་རྟེན་ལས་འདས་པའི་ལམ་སྐྱེས་ན་ནི། འཕགས་པ་ཉན་ཐོས་གང་ཟག་ལ་བདག་མེད་པ་མཐོང་བའི་ཕྱིར་གང་ཟག་ཏུ་སྒྲོ་འདོགས་པ་མེད་པར་ཡིད་དེ་ཆོས་རྣམས་ལ་མི་གསལ་བ་དང་སྒྲོ་འདོགས་པའི་ངོ་བོ་ཉིད་གཏི་མུག་དང་ལྟ་བ་དང་
མཚུངས་པར་ལྡན་པར་འབྱུང་ངོ་། །ཉོན་མོངས་པ་ཅན་མ་ཡིན་པ་དེ་ཡང་ཉན་ཐོས་ཀྱི་འབྲས་བུ་ལ་གགས་མི་བྱེད་པའི་ཕྱིར་དང་། འདོད་པའི་འབྲས་བུའི་རྒྱུ་ཡིན་པའི་ཕྱིར་དང་། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་ཏེ། དོན་དམ་པ་མ་ཡིན་པའི་ཕྱིར་དགེ་བ་ནི་མ་ཡིན་ནོ། །
གཞན་ཡང་ལས་ལས་སྐྱེས་པ་ཡིན་ཡང་སྤྱོད་ལམ་པ་དང་སྤྲུལ་པ་པ་ཉིད་དུ་མི་རུང་བ་ཉིད་ཀྱིས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་བ་ཉིད་དུ་བཤད་དོ། །ཟག་པ་རྣམས་དང་ལྷན་ཅིག་སྐྱེ་བ་དང་འགག་པས་རང་གི་ས་བོན་ཡོངས་སུ་རྒྱས་པའི་སྒོ་ནས་
འབྱུང་བའི་ཕྱིར་ཟག་པ་དང་བཅས་པ་ཡིན་ནོ། །ཆོས་ཉོན་མོངས་པ་ཅན་མ་ཡིན་པ་ལ་ཆགས་པ་དང་ང་རྒྱལ་དག་དང་ཡང་མཚུངས་པར་ལྡན་ནོ། །དེ་ཉིད་ཀྱི་ཕྱིར་འཕགས་པ་ཉན་ཐོས་ཁ་ཅིག་ལ་ཉོན་མོངས་པ་ལས་བྱུང་བ་ལྟ་བུའི་སྤྱོད་པ་སྣང་སྟེ། དེ་ནི་བག་ཆགས་ཞེས་བྱའོ། །
Vol. 134 · folio 321a
འོན་ཏེ་གལ་ཏེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའམ་ངེས་པའི་རིགས་ཅན་ཞིག་ཡིན་པར་གྱུར་ན་ནི། གནས་སྐབས་དེ་ན་བདག་མེད་པ་གཉིས་མངོན་སུམ་པའི་ཟག་པ་མེད་པ་ཁོ་ན་འབྱུང་ངོ་། །ལྷན་ཅིག་འབྱུང་བའི་རྟེན་ཞེས་བྱ་བ་ནི། བྱེ་བྲག་ཏུ་སྨྲ་བའི་ཕྱོགས་
ལྟར་ན་ལྷན་ཅིག་ཅེས་བྱ་བའི་སྒྲ་ཅིག་ཅར་ཡིན་པར་བཤད་པར་བྱའོ། །མདོ་སྡེ་བའི་ཕྱོགས་ལྟར་ན་ནི། །དེ་མ་ཐག་པ་ཡིན་ཏེ་བྱམས་པ་དང་ལྷན་ཅིག་པར་གྱུར་པ་ཞེས་བྱ་བ་བཞིན་ནོ། །ཇི་ལྟར་ཅིག་ཅར་རམ་དེ་མ་ཐག་ཏུ་ཡང་རུང་མིག་ལ་སོགས་པའི་སྐྱེ་བའི་རྟེན་ལྷན་ཅིག་སྐྱེ་བ་ཐུན་མོང་མ་ཡིན་པ་
ལྟར། ཡིད་ཀྱི་རྣམ་པར་ཤེས་པའི་ཡང་དེ་དང་འདྲའོ་ཞེས་བྱའི་ཐ་ཚིག་གོ། །ངེས་པའི་ཚིག་མེད་པའི་སྐྱོན་དུ་ཡང་འགྱུར་རོ་ཞེས་བྱ་བ་འདི་ནི་སུན་འབྱིན་པ་ཡིན་ནོ། །གཞན་གྱིས་ངེས་པའི་ཚིག་ཡང་དག་པ་ཉིད་དུ་ཁས་བླངས་པ་གང་ཡིན་པ་དེ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་མི་རུང་གི་ཉོན་
མོངས་པ་ཅན་གྱི་ཡིད་ལ་ནི་རུང་སྟེ་དེ་ནི་གོང་དུ་བསྟན་ཟིན་ཏོ། །འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་ནི། འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དག་གོ། །ཁ་ཅིག་ནི་སོ་སོར་བརྟགས་པས་འགོག་པའི་ཁྱད་པར་གྱི་རང་གི་ངོ་བོ་སེམས་དང་སེམས་ལས་
བྱུང་བ་མི་སྐྱེ་བ་ཙམ་ཁོ་ན་ཡིན་པར་འདོད་དོ། །ཁ་ཅིག་ནི་སེམས་དང་ལྡན་པ་མ་ཡིན་པའོ། །ཁ་ཅིག་ནི་རྟེན་གྱི་སེམས་དང་སེམས་ལས་བྱུང་བ་དང་འགོག་པའི་གནས་སྐབས་དང་། འགག་པ་ན་སེམས་དང་སེམས་ལས་བྱུང་བ་འཇུག་པས་དྲངས་པའི་བག་ཆགས་ཏེ། ལངས་པ་ཡང་དེ་
དང་ལྡན་པའི་ཕྱིར། རྣམ་པར་ཐར་པ་བརྒྱད་དང་ལྡན་པ་ཞེས་བྱ་བ་སྣང་བའི་ཕྱིར་རོ། །དེ་ལ་འདུ་བྱེད་ཀྱི་ཕུང་པོའི་ཞེས་སྨོས་པའི་ཕྱིར་དང་། ལྡན་པ་མ་ཡིན་པ་རྣམས་ཀྱང་བསལ་བའི་ཕྱིར་ཡོངས་སུ་རྟོག་པ་དང་པོ་དང་གཉིས་པ་སྤངས་སོ། །རྟོག་པ་གཞན་གཉིས་ལས་ཀྱང་འགོག་
པའི་སྙོམས་པར་འཇུག་པ་ལས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་སྦྱོར་བ་ལ་སོགས་པའི་ཁྱད་པར་ཡོད་ཀྱང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་ངར་འཛིན་པའི་ངའོ་སྙམ་པའི་ང་རྒྱལ་དང་། བདག་ལ་ཆགས་པ་ཀུན་དུ་འབྱུང་བའི་ཕྱིར་མ་ཞི་བ་ཉིད་ཡིན་ནོ། །དེ་གཉིས་
Vol. 134 · folio 321b
འཕགས་པ་དང་འཕགས་པ་མ་ཡིན་པའི་རྒྱུད་ཀྱི་ཁྱད་པར་གཞན་ཡང་འདོད་དེ། འཕགས་པ་རྣམས་ཀྱིས་གཡངས་བཞིན་དུ་ཡོངས་སུ་སྤངས་པའི་ཕྱིར་རོ། །སྙོམས་པར་འཇུག་པ་གཉི་ག་ལ་སེམས་དང་སེམས་ལས་བྱུང་བ་ཉེ་བར་ཞི་བ་ཁྱད་པར་མེད་པའི་ཕྱིར་ཇི་ལྟར་འདིར་འགྱུར། དེ་ལྟ་བས་ན་
ཉོན་མོངས་པ་ཅན་གྱི་ཡིད་ཁས་བླང་དགོས་ཏེ། དེ་འགགས་པའི་ཕྱིར་འགོག་པའི་སྙོམས་པར་འཇུག་པ་ཞི་བ་ཉིད་ཡིན་ལ། དེ་མ་འགགས་པའི་ཕྱིར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ངར་འཛིན་པ་དང་ངའོ་སྙམ་པའི་ང་རྒྱལ་དང་། བདག་ལ་ཆགས་པ་ཀུན་དུ་འབྱུང་བའི་ཕྱིར་མ་
ཞི་བ་ཉིད་ཡིན་ནོ། །དེ་ལྟ་མ་ཡིན་ན་འདི་གཉིས་ལ་འཕགས་པ་དང་འཕགས་པ་མ་ཡིན་པའི་རྒྱུད་ཀྱིས་བྱས་པའི་ཁྱད་པར་ཡོད་པར་མི་འགྱུར་རོ། །འདུ་ཤེས་མེད་པ་པར་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་ཉོན་མོངས་པ་ཅན་གྱི་ཡིད་མེད་ན། ཅིའི་ཕྱིར་འཕགས་པ་རྣམས་འདུ་ཤེས་མེད་པ་པ་
ཉོན་མོངས་པ་ཅན་མ་ཡིན་པ་མི་ཁོམ་པར་སྐྱེ་བའི་གནས་ཉིད་ཀྱིས་སྤོང་བར་མཛད། འཇུག་པའི་རྣམ་པར་ཤེས་པ་ཉེ་བར་ཞི་བ་ཙམ་ནི་མི་ཁོམ་པའི་གནས་མ་ཡིན་ཏེ་འགོག་པའི་སྙོམས་པར་འཇུག་པ་བཞིན་ནོ། །ཉོན་མོངས་པ་ཅན་གྱི་ཡིད་ཡོད་ན་ནི་ངར་འཛིན་པ་ལ་སོགས་པ་ཀུན་དུ་འབྱུང་
བས་ཕྱིན་ཅི་ལོག་གིས་ཡུན་རིང་མོ་ཞིག་ཏུ་གནས་དགོས་པས་མི་ཁོམ་པའི་གནས་ཉིད་དུ་འགྱུར་རོ། །དུས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་ནི་ང་སྦྱིན་པ་སྦྱིན་ནོ། །ང་སྲོག་ཆགས་གསོད་དོ། །ང་རི་མོ་འདྲིའོ་ཞེས་ངར་འཛིན་པ་དགེ་བ་ལ་སོགས་པའི་སེམས་མངོན་དུ་གྱུར་པའི་དུས་ན་
ཀུན་དུ་འབྱུང་བར་གྲགས་སོ། །ངར་འཛིན་པ་ཀུན་དུ་འབྱུང་བ་དང་། སྐད་ཅིག་མ་ཐ་དད་པ་ལས་དུས་ཐ་དད་པ་ཉིད་ཆ་ཕྲ་བའི་ཕྱིར་འཁྲུལ་པས་དགེ་བ་ལ་སོགས་པའི་སེམས་དང་དུས་མཉམ་པ་ཉིད་དུ་ཡོངས་སུ་བཟུང་བར་ཟད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ངར་འཛིན་པ་ནི་གདོན་མི་ཟ་བར་
དུས་ཐམས་ཅད་དུ་ཀུན་དུ་འབྱུང་ངོ་ཞེས་བྱ་བར་ཁས་བླང་དགོས་སོ། །དེ་ལྟ་མ་ཡིན་ན་ཇི་ལྟར་དགེ་བ་དང་ལུང་དུ་མ་བསྟན་པ་དག་ཟག་པ་དང་བཅས་པ་ཉིད་ཡིན། རེ་ཞིག་རང་གི་རྒྱུད་ལ་ཡོད་པའི་ཟག་པ་ལ་དམིགས་པ་ཉིད་ཀྱིས་ནི་མ་ཡིན་ཏེ། དེའི་གནས་སྐབས་ན་དེ་དག་འདས་པ་ཉིད་
Vol. 134 · folio 322a
དང་། མ་འོངས་པ་ཉིད་ཀྱིས་མེད་པའི་ཕྱིར་རོ། །མེད་པ་ནི་ཟག་པ་རྣམས་རྒྱས་པར་ཡང་མི་འགྱུར་རོ། །གཞན་གྱི་རྒྱུད་ལ་ཡོད་པའི་ཟག་པ་ལ་དམིགས་པ་ཉིད་ཀྱིས་ཀྱང་མ་ཡིན་ཏེ་ཕྱིའི་དམིགས་པ་བཙལ་པའི་ཕྱིར་རོ། །བདག་པོ་ཙམ་གྱིས་ཡིན་ན་ནི་ཟག་པ་མེད་པ་ལ་ཐལ་བར་འགྱུར་
རོ། །ཡང་ན་ཟག་པ་མེད་པ་ལ་མི་དམིགས་པའི་ཕྱིར་རྟག་ཏུ་འགྱུར་རོ། །དེ་དང་རིགས་མཐུན་པ་ཉིད་ཀྱིས་ཡིན་ན་ནི་ཉེ་བར་བཏགས་པའི་སྐྱོན་དུ་འགྱུར་རོ། །ཟག་པ་དང་བཅས་པའི་ས་བོན་དང་འབྲེལ་པ་ཉིད་ཀྱིས་ཀྱང་མ་ཡིན་ཏེ། ལམ་གྱི་བདེན་པ་ལ་ཡང་ཐལ་བའི་ཉེས་པར་འགྱུར་བའི་ཕྱིར་རོ། །
ཉོན་མོངས་པ་ཅན་གྱི་ཡིད་ཡོད་ན་ནི་ཟག་པ་དང་བཅས་པ་ལྷན་ཅིག་འབྱུང་བའི་ཕྱིར་ཟག་པ་དང་བཅས་པ་ཉིད་དུ་འགྲུབ་བོ། །གཞན་དུ་ན་ཞེས་བྱ་བ་ལ་སོགས་པ་ལ་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་ལྟར་ན་ངར་འཛིན་པ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་དེ་ཇི་ལྟར་མི་དགེ་བའི་སེམས་ལ་
ཀུན་དུ་འབྱུང་། མདོ་སྡེ་པའི་ཕྱོགས་དང་རང་གི་ཕྱོགས་ལྟར་ན་ངར་འཛིན་པ་དང་ངའོ་སྙམ་པའི་ང་རྒྱལ་ལྷན་ཅིག་སྐྱེ་བ་དག་བསྒྲིབས་པ་ཁོ་ན་ལ་ཀུན་དུ་འབྱུང་བའི་ཕྱིར་དེ་དག་ཇི་ལྟར་མི་དགེ་བའི་སེམས་ལ་ཀུན་དུ་འབྱུང་བ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། མི་དགེ་བ་ནི་འདིར་དགེ་བའི་
མི་མཐུན་པ་ཡིན་ནོ། །བསྒྲིབས་པ་ཡང་ཡིན་ཏེ་རྣམ་པར་སྨིན་པ་མི་འདོད་པ་ཅན་ཡིན་པར་དགོངས་པ་ནི་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བའི་ལྟ་བུར་ངར་འཛིན་པ་དང་ངའོ་སྙམ་པའི་ང་རྒྱལ་དུ་གྲགས་པ་གང་ཡིན་པ་དེ་ནི་རང་གི་ཕྱོགས་ལྟར་ན་ཀུན་བརྟགས་པ་ཁོ་ན་ལ་ཡིན་ཏེ། མི་དགེ་བའི་སེམས་
ཁོ་ན་ལ་འབྱུང་བས་མི་དགེ་བའི་སེམས་ཞེས་སྨོས་སོ། །ལྷན་ཅིག་འབྱུང་བར་ཀུན་དུ་འབྱུང་བ་དང་ཞེས་བྱ་བ་ཉོན་མོངས་པ་ཅན་གྱི་ཡིད་དང་མཚུངས་པར་ལྡན་པའི་ངར་འཛིན་པ་དང་། མཚུངས་པར་ལྡན་པར་ཀུན་དུ་འབྱུང་བ་ལ་ཞེས་བྱ་བ་འཇུག་པའི་རྣམ་པར་ཤེས་པ་དགེ་བ་དང་མཚུངས་
པར་ལྡན་པ་ཡིན་ན་ཉེས་པ་འདི་དག་དུ་མི་འགྱུར་ཏེ། དུས་ཐམས་ཅད་དུ་ངར་འཛིན་པ་ཀུན་དུ་འབྱུང་བ་མེད་པའི་ཉེས་པའོ། །གཞན་དག་ནི་མཚུངས་པར་ལྡན་པར་ཀུན་དུ་མི་འབྱུང་བ་ལ་ཞེས་བྱ་བར་འདོད་དེ། ཚིག་དེ་གཉིས་ནི་དོན་རྣམ་པ་དྲུག་ཅར་གྱི་མཇུག་སྡུད་པ་ཡིན་ནོ། །ཉོན་མོངས་པ་ཅན་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words