དོན་གསང་བ་རྣམ་པར་ཕྱེ་བ་བསྡུས་ཏེ་བཤད་པ
Sanskrit title (Tibetan script, as in the text) པི་པྲྀ་ཏྟི་གུ་ཧྱཱརྠ་པིཎྜ་བྱཱ་ཁྱཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 134 · folio 322b
གྱི་ཡིད་ཡོད་ན་ནི་ངར་འཛིན་པ་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་ལྷན་ཅིག་ཀུན་དུ་འབྱུང་བར་འགྱུར་གྱི་དེ་དག་དང་མཚུངས་པར་ལྡན་པ་ནི་མ་ཡིན་ནོ། །ལྷན་ཅིག་འབྱུང་བར་ཀུན་དུ་འབྱུང་བ་ཞེས་བཤད་ན་མཚུངས་པར་ལྡན་པར་ཡང་འགྱུར་བས་མཚུངས་པར་ལྡན་པར་ཀུན་དུ་མི་འབྱུང་བ་
ལ་ཞེས་བྱ་བ་སྨོས་སོ། །ཀུན་དུ་འབྱུང་བ་ནི་སྐད་ཅིག་མ་ཐ་དད་པར་ཡང་ཡིན་པས་ལྷན་ཅིག་འབྱུང་བར་ཀུན་དུ་འབྱུང་བ་ཞེས་བྱ་བ་སྨོས་སོ། །ཉོན་མོངས་ཅན་གྱི་ཡིད་མེད་ན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ནི་ཚིགས་སུ་བཅད་པ་གཉིས་བཤད་པའི་དོན་ཉིད་སྡུད་པ་ཡིན་ནོ། །གཉིས་མེད་
ཅེས་བྱ་བ་ནི་མ་རིག་པ་མ་འདྲེས་པ་དང་། ལྔ་པོ་དང་འདྲ་བའོ། །གསུམ་པོ་འགལ་བར་འགྱུར་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་ཁྱད་པར་དག་དང་། ངེས་པའི་ཚིག་དང་། ངར་འཛིན་པའི་སྐྱེ་བ་དང་གསུམ་མོ། །མ་རིག་པ་མ་འདྲེས་པ་ནི་མི་བརྟན་པ་དང་བརྟན་པ་སྟེ། མི་བརྟན་པ་ནི་ཡིད་
ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཁོ་ན་ཡིན་ཏེ། ཁ་ནང་དུ་བལྟས་པས་རང་དབང་ཅན་ཡིན་པའི་ཕྱིར་རོ། །དེ་ཡང་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །གང་ཞིག་ཉོན་མོངས་པ་ཅན་གྱི་ཡིད་སྒྲུབ་པའི་ཕྱིར་གོང་དུ་ཉེ་བར་བཀོད་པ་གང་ཡིན་པ་དེ་ནི་བསྟན་པ་དང་བསྒོམ་པས་སྤང་
བར་བྱ་བ་ཡང་ཡིན་ནོ། །ད་ནི་དེ་ཆོས་མངོན་པའི་མདོ་ལས་གསུངས་པའི་ཚིགས་སུ་བཅད་པས་སྟོན་པར་བྱེད་དོ། །ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུང་ཡིན་པ་ཉིད་དུ་གོང་དུ་རབ་ཏུ་བསྒྲུབས་པའི་ཕྱིར་སིལ་བུའི་མདོའི་ཚིགས་སུ་བཅད་པ། ལྷན་ཅིག་ཏུ་ནི་སྐྱེ་ཞིང་འགག །ཅེས་བྱ་བ་
ལ་སོགས་པ་ཅིའི་ཕྱིར་ཉེ་བར་མ་བཀོད་ཅེ་ན། འདི་ལས་མ་རིག་པ་དངོས་སུ་མ་བསྟན་པའི་ཕྱིར་རོ། །དེ་ལ་ཡང་དག་པ་ཉིད་དོན་ཡིན་ཏེ། འཕགས་པའི་བདེན་པ་བཞིའི་ངོ་བོ་ཉིད་ཡིན་ནོ། །དེ་ལ་དམིགས་པར་བྱེད་པ་ཉིད་དུ་སེམས་འཇུག་པའོ། །བགེགས་སུ་རྟག་གྱུར་པ་ནི་ཇི་སྲིད་
ཟག་པ་དང་བཅས་པའི་སེམས་ཀུན་དུ་འབྱུང་བའི་བར་དུའོ། །དེ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་དང་མདོ་སྡེ་པ་རྣམས་ཀྱི་ལྟར་ན་རེས་འགའ་མངོན་དུ་མི་འགྱུར་ཡང་ཐོབ་པ་དང་ས་བོན་གྱི་སྒོ་ནས་ཡང་དག་པར་མཐོང་བའི་བགེགས་སུ་གྱུར་པས་དུས་ཐམས་ཅད་དུ་ཀུན་དུ་འབྱུང་བ་ཡིན་ནོ་
Vol. 134 · folio 323a
ཞེས་བྱ་སྟེ། གང་གི་ཕྱིར་མངོན་སུམ་དུ་གྱུར་པ་བཞིན་དུ་བགེགས་སུ་གྱུར་པ་དེའི་ཚེ་དུས་ཐམས་ཅད་དུ་འབྱུང་བ་ཡིན་པར་ཁས་བླང་བར་བྱའོ་ཞེའོ། །ཐོབ་པ་ནི་རེ་ཞིག་དེ་གསལ་བའི་ཕྱིར་དང་སྔ་མ་དང་ཕྱི་མར་ཡང་ཁྱད་པར་མེད་པའི་ཕྱིར་བགེགས་སུ་གྱུར་པ་མ་ཡིན་
པར་ཡང་རིགས་ན། ས་བོན་གོ་ཇི་ལྟར་དེ་འདི་ལྟར་དེ་མ་ཉམས་པ་ནི་ཡང་དག་པར་མཐོང་བའི་བགེགས་སུ་གྱུར་པ་ཡིན་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་ལ་ཉམས་པ་ནི་དེའི་བགེགས་སུ་གྱུར་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སློབ་པ་ལ་ས་བོན་ཉམས་པ་ཡོད་
པའི་ཕྱིར་སྤྲིན་དང་བཅས་པའི་ཉིན་མོ་གཟུགས་མཐོང་བ་བཞིན་དུ་ཆོས་མཐོང་བ་ཡིན་ལ་མི་སློབ་པའི་ནི་སྤངས་པའི་ཕྱིར་སྤྲིན་མེད་པའི་ཉིན་མོ་གཟུགས་མཐོང་བ་བཞིན་དུ་ཆོས་མཐོང་བ་ཡིན་ནོ། །ཡང་ན་མཐོང་བས་སྤང་བར་བྱ་བའི་མི་ཤེས་པ་ཉིད་ཉོན་མོངས་པ་ཅན་གྱི་གནས་
སྐབས་དང་དགེ་བ་ཟག་པ་དང་བཅས་པ་དང་ལུང་དུ་མ་བསྟན་པའི་གནས་སྐབས་ན་མངོན་དུ་གྱུར་པ་དང་། ས་བོན་གྱི་སྒོ་ནས་ཡང་དག་པར་མཐོང་བའི་གགས་སུ་གྱུར་པ་ཡིན་ནོ། །དེ་འགགས་ན་ནི་མུན་པ་འགགས་ན་སྣང་བ་འབྱུང་བ་བཞིན་དུ་ཡང་དག་པར་མཐོང་བ་འབྱུང་སྟེ། དེའི་ཕྱིར་མ་རིག་པའི་
ཁྱད་པར་གཞན་བརྟག་པར་མི་བྱའོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ་གང་ཞིག་མི་གསལ་བའི་ངོ་བོ་ཉིད་ཀྱི་སྒྲིབ་པའི་བདག་ཉིད་ཡིན་པ་དེ་ནི་ཡང་དག་པ་མཐོང་བའི་གགས་སུ་གྱུར་པ་ཡིན་ནོ། །མུན་པ་མངོན་དུ་གྱུར་པ་ནི་སྒྲིབ་པའི་བདག་ཉིད་ཡིན་གྱི་ས་བོན་གྱི་གནས་སྐབས་ནི་མ་ཡིན་
ཏེ་ཕྱིའི་མུན་པ་དང་ཆོས་མཐུན་པས་སོ། །ཕྱིའི་མུན་པའི་ས་བོན་ནི་མཐོང་པའི་བགེགས་བྱེད་པར་གྲགས་པ་ཡིན་ནོ། །ས་བོན་ནི་མ་ཉམས་པ་དང་ཉམས་པ་རང་གི་འབྲས་བུ་སྐྱེ་བ་དང་མི་སྐྱེ་བ་ལ་བྱ་བ་བྱེད་ཀྱི། རིགས་གཞན་གྱི་བགེགས་བྱེད་པ་ལ་ནི་མ་ཡིན་ནོ། །སྐལ་བ་མཉམ་པའི་
རྒྱུ་མ་བསགས་པ་ཉིད་དང་། བསགས་པ་ཉིད་ཀྱིས་ཡོངས་སུ་མ་རྒྱས་པའི་ཕྱིར་དང་། ཡོངས་སུ་སྨིན་པའི་ཕྱིར་སྤྲིན་དང་བཅས་པ་དང་། སྤྲིན་མེད་པའི་ཉིན་མོ་གཟུགས་མཐོང་བ་བཞིན་དུ་སློབ་པ་དང་མི་སློབ་པའི་ལྟ་བ་དག་གིས་ཆོས་མཐོང་བ་ཡིན་གྱི་ས་བོན་བགེགས་སུ་གྱུར་
Vol. 134 · folio 323b
པའི་ཕྱིར་ནི་མ་ཡིན་ནོ། །འོ་ན་ནི་མི་དགེ་བའི་ས་བོན་ཡོངས་སུ་མ་རྒྱས་པ་དང་ཡོངས་སུ་རྒྱས་པ་དེ་ཉིད་ལས་ཡང་དག་པ་མ་མཐོང་བ་དང་མཐོང་བར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ་མི་ཤེས་པ་ཀུན་དུ་འབྱུང་བའི་གནས་སྐབས་པ་ཁོ་ན་མཐོང་བའི་བགེགས་བྱེད་པ་ཡིན་ནོ་ཞེས་དེ་ནི་བཤད་ཟིན་ཏོ། །
བགེགས་བྱེད་པ་མེད་ན་ནི། དགེ་བ་ཟག་པ་དང་བཅས་པའི་སེམས་པ་ཆུང་ངུས་ཀྱང་ཡང་དག་པར་མཐོང་བའི་ཕྱིར་ཉོན་མོངས་པ་ཟད་པར་འགྱུར་རོ། །དེ་ལྟ་བས་ན་རྟག་ཏུ་ཀུན་དུ་འབྱུང་བའི་མི་ཤེས་པས་ཁས་བླང་བར་བྱའོ། །དེ་ཡང་རྣམ་པར་ཤེས་པ་གཞན་མེད་པ་མ་ཡིན་ཏེ། དགེ་བ་
དང་ལུང་དུ་མ་བསྟན་པའི་གནས་སྐབས་ན་དེ་མི་སྲིད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ནི་གྲུབ་པ་ཡིན་ནོ། །ཉོན་མོངས་པ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ཉོན་མོངས་པ་ཅན་ཉིད་ཀྱི་ཡང་དག་པ་མཐོང་བ་ལ་སྒྲིབ་པའི་ཕྱིར་བསྒྲིབས་པ་
སྟེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་བཞིན་དུ་དུས་ཐམས་ཅད་དུ་ལྡན་པའི་ཕྱིར་རོ། །དུས་ཐམས་ཅད་དུ་ལྡན་པ་ཉིད་ནི་ཁ་ནང་དུ་བལྟས་པ་ཉིད་ཀྱིས་ཕྲ་བའི་ཕྱིར་མི་འགལ་བས་སོ། །དགེ་བ་དང་མི་འགལ་བའི་ཕྱིར་ལུང་དུ་མ་བསྟན་པ་ཡིན་ཏེ། དཔེར་ན་གཟུགས་
དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཞི་གནས་དང་མཐུན་པ་ལུང་དུ་མ་བསྟན་པ་དེ་དང་འདྲའོ། །ཞར་ལ་འོངས་པ་རྫོགས་སོ།། །།དཀྱུས་མ་ཉིད་ཀྱི་དབང་དུ་མཛད་ནས་སེམས་ཀྱི་ལུས་གསུམ་པ་ཞེས་བྱ་བ་སྨོས་ཏེ། བསྟན་པའི་སྒོ་ནས་གསུམ་པ་ཉིད་མ་ཡིན་གྱི་འོན་
ཀྱང་བཤད་པའི་སྒོ་ནས་ཡིན་ནོ། །ཀུན་གཞིའི་རྣམ་པར་ཤེས་པ་མ་གཏོགས་པར་ཞེས་བྱ་བ་ནི། འཇུག་པའི་རྒྱུ་མཚན་ཐུན་མོང་མ་ཡིན་པའི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །སེམས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལས་གཞན་པའི་དོན་རྗོད་པར་བྱེད་པ་ཡིན་ཏེ། སེམས་
དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བའི་ཚིག་འདིའི་ཕྱོགས་གཅིག་ཡིན་པའི་ཕྱིར། དཔེར་ན་བསྒྲུབས་པའི་ཡིད་ཅེས་བྱ་བ་དང་འདྲའོ། །གཏན་ཚིགས་དེ་ཉིད་ཀྱི་ཕྱིར་ཡིད་ཀྱང་དོན་གཞན་རྗོད་པར་བྱེད་པ་ཡིན་ཏེ། རྣམ་པར་ཤེས་པ་ཞེས་བྱ་བ་བཞིན་ནོ། །ཀུན་གཞིའི་རྣམ་
Vol. 134 · folio 324a
ཤེས་པ་གྲུབ་པ་དེ་ཅིར་དགོས་ཤེ་ན། དེའི་ཕྱིར་ས་བོན་ཐམས་ཅད་པ་དེ་ལས་ཡིད་དང་རྣམ་པར་ཤེས་པ་འབྱུང་ངོ་ཞེས་བྱ་བ་སྨོས་སོ། །ད་ནི་ཆོས་ཀྱི་བག་ཆགས་ཀྱི་ས་བོན་བསགས་པ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པས་རྒྱུ་མཚན་ཐུན་མོང་མ་ཡིན་པ་དེ་སྟོན་ཏོ། །སྣ་ཚོགས་ཉིད་
དང་སེམས་པ་ནི་ཐུན་མོང་མ་ཡིན་པའི་ཕྱིར་ཉེ་བར་མ་བཀོད་དེ། གང་ཚེ་སེམས་ཞེས་བྱ་བའི་སྒྲ་སེམས་དང་སེམས་ལས་བྱུང་བ་དང་སེམས་དང་ལྡན་པ་མ་ཡིན་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ལ་སྦྱོར་བ་དེའི་ཚེ་ནི་རྒྱུ་མཚན་ཐུན་མོང་ལ་བརྟེན་ཏོ། །ཡང་ཅིའི་ཕྱིར་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་
ཐུན་མོང་མ་ཡིན་པའི་རྣམ་གྲངས་སྟོན་པ་ཡིན་ནོ། །ཤེས་བྱ་ཕྲ་མོ་བསྡུ་བའི་ཕྱིར། །ཞེས་བྱ་བ་ནི་ཤེས་བྱ་ནི་རྣམ་པ་གཉིས་ཏེ། ཕྲ་མོ་དང་རགས་པའོ། །ཕྲ་མོ་ནི་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཆོས་ལ་བདག་མེད་པ་དང་། རང་གི་མཚན་ཉིད་ཀྱི་སྒོ་ནས་ཤེས་པར་དཀའ་བ་ཉིད་ཀྱིས་ཀུན་གཞིའི་རྣམ་པར་ཤེས་པའོ། །
རགས་པ་ནི་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་གང་ཟག་ལ་བདག་མེད་པ་དང་། རང་གི་མཚན་ཉིད་ཀྱི་སྒོ་ནས་གཟུགས་ལ་སོགས་པའོ། །དེ་ལ་ཉན་ཐོས་རྣམས་ནི་སྤྱིའི་མཚན་ཉིད་དང་རང་གི་མཚན་ཉིད་རགས་པ་ཐོས་པ་དང་བསམས་པ་དག་གིས་གོམས་པར་བྱས་ནས་གོ་རིམས་བཞིན་དུ་འཕགས་པའི་ལམ་དང་
དེའི་རྗེས་ལ་ཐོབ་པའི་ཤེས་པས་མངོན་སུམ་དུ་བྱ་བར་ནུས་ཏེ། དེའི་ཕྱིར་དེ་རྣམས་ལ་དེ་ཁོ་ན་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། ཤེས་པ་ནི་ཞར་ཡིན་པའི་ཕྱིར་ལ་མྱ་ངན་ལས་འདས་པ་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ཉིད་ཤེས་བྱ་ཐམས་ཅད་ཤེས་པ་ལ་རྟོགས་པ་མ་ཡིན་ནོ་ཞེས་བྱ་བས་
སྟོན་ཏེ། དེ་བས་ན་དེ་དག་ནི་བློ་མི་གསལ་པའི་ཕྱིར་ཤེས་བྱ་ཐམས་ཅད་ཤེས་པས་རྟོགས་པར་བྱ་བའི་ཕྱིར་ཞུགས་པ་མ་ཡིན་གྱི་རགས་པ་ཁོ་ན་ཤེས་པར་ནུས་པ་དེ་ཙམ་གྱིས་དེ་དག་གི་རྣམ་པར་གྲོལ་བ་འགྲུབ་པའོ། །དེའི་ཕྱིར་དེ་དག་ནི་ཞེས་བྱ་བ་ལ་སོགས་པས་ནི་དོན་དེ་ཉིད་སྟོན་
ཏོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ནི་མེད་ན་མེད་པ་ཡིན་པའི་ཕྱིར་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །ནུས་པ་ཡང་ཡོད་ལ་དོན་དུ་ཡང་གཉེར་བའི་ཕྱིར་ཤེས་བྱ་ཐམས་ཅད་ཤེས་པ་ལ་གཏོགས་པ་ཡིན་ནོ། །དེའི་ཕྱིར་འཕགས་
Vol. 134 · folio 324b
པའི་ལམ་གྱིས་སྤྱིའི་མཚན་ཉིད་རགས་པ་དང་ཕྲ་མོ་དང་། དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་རང་གི་མཚན་ཉིད་རགས་པ་དང་ཕྲ་མོ་མངོན་སུམ་དུ་བྱས་ནས་དགོས་པའི་གཙོ་བོ་མ་ཐོབ་པར་འཁོར་བ་ཉིད་ན་ཡོངས་སུ་རྒྱུའོ། །དེ་བས་ན་དེའི་ཕྱིར་དེ་དག་ལ་དེ་བསྟན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་
ལྟར་གང་ཁོ་ན་ཐོས་པ་དང་བསམས་པ་དག་གིས་ཡུལ་དུ་བྱས་པ་དེ་ཁོ་ན་ཕྱིས་མངོན་སུམ་དུ་བྱེད་དོ། །ཉན་ཐོས་ཀྱི་ཐེག་པ་དང་ཐུན་མོང་མ་ཡིན་པའི་དབང་དུ་མཛད་ནས། ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་ཡིན་ནོ། །ཀུན་གཞི་ལ་ཀུན་དུ་དགའ་བ་ཞེས་བྱ་
བ་ལ་སོགས་པ་ཚིག་བཞི་ནི་རྣམ་གྲངས་ཙམ་དུ་ཟད་དེ། དབང་པོ་རྟུལ་པོ་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་རམ། གདུལ་བ་འགའ་ཞིག་རྣམ་གྲངས་འགའ་ཞིག་གིས་དོན་གྲགས་པ་རྟོགས་པར་བྱ་བའི་ཕྱིར་རམ། གདུལ་བ་རྣམས་ལ་སོ་སོ་ཡང་དག་པར་རིག་པའི་ས་བོན་བསྐྱེད་པའི་
ཕྱིར་རོ། །ཡང་ན་ཀུན་གཞི་ལ་ཀུན་དུ་དགའ་བ་ཞེས་བྱ་བ་ནི་བསྟན་པ་ཡིན་ནོ། །ལྷག་མ་ནི་དུས་ཀྱི་ཁྱད་པར་གྱིས་དེའི་བཤད་པ་ཡིན་ནོ། །འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པའི་ཡུལ་གྱི་ཁྱད་པར་གྱིས་གོ་རིམས་བཞིན་ནོ། །ཡང་ན་འདོད་པ་དང་གཟུགས་དང་། གཟུགས་མེད་པའི་བྱེ་
བྲག་གིས་ཚིག་གསུམ་གོ་རིམས་བཞིན་དུ་དེའི་བཤད་པ་ཡིན་ནོ། །ཡང་ན་ངན་སོང་གི་འགྲོ་བ་དང་ལྷ་མ་ཡིན་གྱི་འགྲོ་བ་དང་། ལྷའི་འགྲོ་བ་ལས་བརྩམས་ནས་ཚིག་གསུམ་གོ་རིམས་བཞིན་དུ་བཤད་པ་ཡིན་ནོ། །གོ་རིམས་བཞིན་དུ་འཕེན་པར་བྱེད་པ་དང་རྫོགས་པར་བྱེད་པ། ཡི་དགས་དང་
ལྷའི་འགྲོ་བས་བསྡུས་པ་དག་གིས་མངོན་པར་གྲུབ་པའི་ཕྱིར་ལྷ་མ་ཡིན་གྱི་འགྲོ་བ་གཞན་དུ་རྣམ་པར་གཞག་གོ། །ཡང་ན་མངལ་ནས་སྐྱེ་བ་དང་སྒོ་ང་ལས་སྐྱེ་བ་དང་དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཀྱི་དབང་དུ་མཛད་ནས་ཚིག་བཞི་གོ་རིམས་བཞིན་ནོ། །ཡང་ན་འདོད་
པ་ན་སྤྱོད་པ་དང་། གཟུགས་ཀྱི་སྲེད་པ་དང་། གཟུགས་མེད་པའི་སྲེད་པ་དང་། འཇིགས་པའི་སྲེད་པ་ལས་བརྩམས་ནས་སོ། །ཡང་ན་ཕྱིན་ཅི་ལོག་བཞི་ལས་བརྩམས་ནས་སོ། །ཉན་འདོད་ལ་ཞེས་བྱ་བ་ལ་སོགས་པ་ཚིག་བཞི་ནི། སྐྱེས་བུ་དམ་པ་ལ་བརྟེན་པ་དང་། ཐོས་པ་དང་། བསམས་
Vol. 134 · folio 325a
པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱི་དབང་དུ་མཛད་ནས་གོ་རིམས་བཞིན་ནོ། །དེ་ལ་སྐྱེས་བུ་དམ་པ་ལ་བརྟེན་པ་ནི་གསུམ་གྱི་སྦྱོར་བ་ཡིན་ནོ། །ཡང་ན་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་ཁྱད་པར་ཡིན་ནོ། །ཡང་ན་བསྙེན་བཀུར་བྱེད་པའི་གནས་སྐབས་ན་
སྐྱེས་ནས་ཐོབ་པའི་ཤེས་རབ་ཡིན་ནོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཞེས་བྱ་བ་ལ་ཆོས་ནི་བདེན་པ་མཐོང་བའོ། །རྗེས་སུ་མཐུན་པའི་ཆོས་ནི་དེའི་སྦྱོར་བའི་ལམ་མོ། །རྣམ་པ་གཅིག་ཏུ་ན་ཆོས་ནི་མི་སློབ་པའི་ལམ་མོ། །རྗེས་སུ་མཐུན་པའི་ཆོས་ནི་སློབ་པའི་ལམ་མོ། །རྣམ་པ་གཅིག་
ཏུ་ན་ཆོས་ནི་དོན་དམ་པ་མྱ་ངན་ལས་འདས་པའོ། །རྗེས་སུ་མཐུན་པའི་ཆོས་ནི་ཟག་པ་མེད་པའི་ལམ་ཐམས་ཅད་དོ། །ལུང་རྣམས་ལས་ཞེས་མང་པོའི་ཚིག་སྨོས་པ་ནི། །ལུང་མང་པོ་ལས་འབྱུང་བའི་ཕྱིར་རོ། །རྩ་བའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་གཞན་བསྟན་
པ་ཞིག་ཡིན་ནོ་ཞེས་བྱ་བ་དེ་ལྟར་རྟོགས་སོ། །དེ་ནི་ཀུན་དུ་རྟོག་པ་ཙམ་དུ་ཟད་དེ་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུད་གཞན་ཉིད་མི་རུང་བའི་ཕྱིར་མིག་གི་རྣམ་པར་ཤེས་པའི་རྒྱུད་གཞན་བཞིན་ནོ། །རྩ་བ་ལ་བརྟེན་པའི་ཤིང་ལྗོན་པ་བཞིན་ནོ་ཞེས་བྱ་བ་ནི། དེ་ལས་གཞན་པའི་རྣམ་པར་ཤེས་
པ་རྣམས་ཀྱི་རྩ་བར་གྱུར་པའི་ཕྱིར་རོ། །འཁོར་བ་ཇི་སྲིད་པའི་ཞེས་བྱ་བ་ནི་ལ་ལ་ནི་ཇི་སྲིད་འཚོའི་བར་དུ་འཇུག་སྟེ་དཔེར་ན་སྲོག་ལྟ་བུའོ། །ལ་ལ་ནི་སྐད་ཅིག་ཙམ་སྟེ་དཔེར་ན་འཇུག་པའི་རྣམ་པར་ཤེས་པ་ལྟ་བུའོ། །ཀུན་གཞིའི་རྣམ་པར་ཤེས་པ་ནི་མྱ་ངན་ལས་འདས་པའི་
བར་དུ་འཇུག་གོ། །ལ་ལར་རེས་འགའ་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་དང་། འགོག་པ་ལ་སོགས་པའི་སྙོམས་པར་འཇུག་པའི་གནས་སྐབས་ན་གོ་རིམས་བཞིན་དུ་གཟུགས་དང་སེམས་དག་གི་རྒྱུད་འཆད་པ་མཐོང་བའི་ཕྱིར་རོ། །འདི་ལ་དེ་དག་ནི་ལྡན་པ་མ་
ཡིན་པའི་འདུ་བྱེད་ཀྱི་ཁྱད་པར་ཞིག་འཁོར་བ་ཇི་སྲིད་པ་ཡིན་པ་ཉིད་དུ་རྟོགས་ཏེ། ལྡན་པ་མ་ཡིན་པ་རྣམས་བསལ་བའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ། །གང་ཤེས་བྱའི་གནས་ཞེས་བྱ་བ་ངོ་བོ་ཉིད་བསྟན་པ་དང་། ལེན་པའི་རྣམ་པར་ཤེས་པ་ལ་སོགས་པ་ཞར་ལ་ཐེག་པ་ཆེན་པོའི་ཐུན་མོང་
Vol. 134 · folio 325b
མ་ཡིན་པའི་རྣམ་གྲངས་བརྗོད་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་ཐུན་མོང་གི་ཚིག་གསུམ་དང་། དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ་ཞེས་བྱ་བ་ཐུན་མོང་མ་ཡིན་པར་བཤད་པར་བྱ་བའི་རྣམ་གྲངས་བསྟན་པས་ནི་དེ་མཇུག་སྡུད་པ་ཡིན་ནོ། །དང་འཁོར་བ་ཇི་སྲིད་པའི་ཕུང་པོ་ཉིད་ཅེས་བྱ་བ་ལ་དང་
ཞེས་བྱ་བའི་སྒྲ་ནི་གོང་མ་རྣམས་བསྡུ་བའི་དོན་ཏོ། །ཡང་ན་སྡེ་བ་གཞན་དག་འདོན་པ་བསྡུ་བའི་ཕྱིར་ཏེ། དཔེར་ན་མང་པོས་བཀུར་བའི་སྡེ་རྣམས་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་བསྟན་ནས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་སྟོན་པ་ལྟ་བུ་དང་། གནས་བརྟན་པ་རྣམས་དེ་ཁོ་ན་
བཞིན་དུ་བསྟན་ནས། སྲིད་པའི་ཡན་ལག་གི་རྣམ་པར་ཤེས་པ་སྟོན་པ་ལྟ་བུ་སྟེ། དེ་དག་ཀྱང་རྣམ་པར་ཤེས་པ་དྲུག་ལས་རིགས་གཞན་དུ་གྱུར་པའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་ནོ། །ལམ་པོ་ཆེ་བཏང་བ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་དཔེར་ན་རྒྱལ་པོ་ཆེན་པོའི་གཤེགས་ཤུལ་ལོང་བ་
རྣམས་ཀྱིས་མི་མཐོང་ཞིང་མི་ངན་པས་བགྲོད་པར་བྱ་བ་མ་ཡིན་པ་དེ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པ་སྐལ་བ་མེད་པ་རྣམས་ཀྱི་ཡུལ་མ་ཡིན་པའམ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་གཤེགས་ཤུལ་གསེར་གྱི་བྱེ་མས་གཡོགས་པ་དེ་དབང་ཐང་མེད་པ་རྣམས་ལ་
མི་སྣང་བ་ལྟར་འདི་ཡང་དེ་དང་འདྲའོ། །བརྩད་པའི་དབང་དུ་མཛད་ནས་འདིར་ཚིག་འབྲུ་ཐ་དད་དོ་ཞེས་བྱ་བ་སྨོས་སོ། །སྔར་བཤད་པ་རྣམ་པ་དྲུག་གི་ནི་མིང་ཁྱད་པར་ཡོད་པ་ཉིད་འབའ་ཞིག་ཏུ་ཟད་དོ་ཞེས་སྟོན་པར་བྱེད་དེ་ཚིག་འབྲུ་ནི་མིང་གི་རྟེན་ཡིན་པའི་ཕྱིར་རོ། །ཡིད་དང་རྣམ་པར་ཤེས་
པ་གཉིས་དོན་ཐ་དད་པར་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་དག་གི་གཞུང་ལུགས་ཉིད་ཀྱི་འདས་པ་ནི་ཡིད་དེ་རྒྱུར་གྱུར་པ་ཡིན་པ་ལ་ད་ལྟར་བྱུང་བ་ནི་རྣམ་པར་ཤེས་པ་སྟེ་འབྲས་བུར་གྱུར་པ་ཡིན་ནོ། །དེ་ལྟ་བས་ན་སེམས་ཞེས་བྱ་བའི་སྒྲ་ནི་རྣམ་པར་ཤེས་པ་ལས་དོན་གཞན་རྗོད་པར་བྱེད་
པ་ཡིན་ཏེ། ཚིག་དེ་དག་གི་ཕྱོགས་གཅིག་ཡིན་པའི་ཕྱིར་ཡིད་ཅེས་བྱ་བའི་སྒྲ་བཞིན་ནོ། །མ་འོངས་པ་སེམས་ཡིན་པར་རྣམ་པར་གཞག་པ་ཡང་མི་ནུས་ཏེ། ངེས་པའི་ཚིག་མི་སྲིད་པའི་ཕྱིར་རོ། །ཡང་ན་དོན་ཐ་དད་པར་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྔར་བསྒྲུབས་པའི་ཚད་མའི་ལུགས་
Vol. 134 · folio 326a
ཀྱིས་དེ་སྐད་དུ་བརྗོད་པ་ཡིན་ནོ། །ཡང་ཁ་ཅིག་ནི་ཞེས་བྱ་བ་ནི་བཙུན་པ་དབྱིག་བཤེས་སོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ཅེས་བྱ་བ་ནི། དེའི་ལྟ་བ་ལ་གྲགས་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་མ་གཏོགས་པ་གང་དག་ཡིན་པའོ། །གཞན་དག་ཅེས་བྱ་བ་ནི་སྔར་
བཙུན་པ་མིའུ་ཐུང་སྟེ། འདོད་ཆགས་དང་བཅས་པ་ཞེས་བྱ་བ་ནི་འདོད་ཆགས་དང་མཚུངས་པར་ལྡན་པའོ། །ཡང་ན་འདོད་ཆགས་དང་དུས་མཉམ་པ་སྟེ། ཕྱོགས་འདི་ལ་ན་འདོད་ཆགས་ལ་དམིགས་པར་བྱེད་པ་ཡང་བསྡུའོ། །གཞན་དག་ཅེས་བྱ་བ་ནི་བཙུན་པ་དབྱངས་
སྒྲོགས་ཏེ། དོན་དེ་དག་གསུམ་ཆར་ཡང་འདོད་ཆགས་ཀྱི་རང་གིར་བྱེད་པའི་ཕྱིར་ཀུན་གཞི་ཞེས་བྱའོ། །ལུང་དང་ཞེས་བྱ་བ་ནི། དེ་ལས་རྣམ་པར་ཕྱེ་སྟེ་བསྟེན་པའི་ཕྱིར་རོ། །རྟོགས་པས་ཞེས་བྱ་བ་ནི་སྤྱིའི་མཚན་ཉིད་རགས་པ་རྟོགས་པའི་ཕྱིར་དང་། དེའི་རྗེས་ལ་ཐོབ་པའི་ཤེས་པས་
རང་གི་མཚན་ཉིད་གཟུགས་ལ་སོགས་པ་རགས་པ་ཁོ་ན་རྟོགས་ཀྱི་ཕྲ་མོ་ནི་མ་ཡིན་པས་སོ། །ཉན་ཐོས་ཀྱི་ཐེག་པ་རྣམ་པར་གཞག་པ་ནི་ཤེས་བྱ་རགས་པའི་དབང་དུ་མཛད་པ་ཡིན་པས་དེ་དག་གི་ཡོངས་སུ་རྟོག་པ་དེ་ཡང་ཤེས་བྱ་རགས་པ་ལ་ཞུགས་པ་རྣམས་ལ་རུང་བ་ཉིད་དོ། །
ཆོས་བཟང་ངོ་ཞེས་བྱ་བ་ནི། ཉིང་མཚམས་སྦྱོར་བར་བྱེད་པ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཡང་གཞན་གྱི་ལྟ་བ་ལ་མི་སྲིད་པ་དང་། རང་གི་ལྟ་བ་ལ་སྲིད་པས་སྒྲུབ་པར་མཛད་དེ། འདི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ལྟ་བ་ལ་མི་སྲིད་པར་སྟོན་
པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་འཕེན་པར་བྱེད་པ་དང་རྫོགས་པར་བྱེད་པའི་ལས་མི་དགེ་བ་ཁོ་ན་དམྱལ་བ་རྣམས་སུ་ལུས་འགྲུབ་པའི་ཕྱིར། །རྣམ་པར་སྨིན་པ་ལས་སྐྱེས་པའི་ཚོར་བ་སིམ་པ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མེད་དེ། །མནར་མེད་
པ་ལ་གཏོགས་པ་ཚ་བ་དང་གྲང་བ་དག་ན་ནི་རླུང་བསིལ་བ་དང་དྲོ་བའི་རེག་པས་རྒྱུ་མཐུན་པ་ལས་བྱུང་བའི་བདེ་བ་ཡོད་དོ། །ཡི་དགས་དང་དུད་འགྲོ་དག་ན་ནི། མི་དགེ་བ་ཁོ་ནས་འཕངས་མོད་ཀྱི་རེས་འགའ་ཞིག་ལ་ལར་རྫོགས་པར་བྱེད་པ་དགེ་བ་ཡིན་པས་རྣམ་པར་སྨིན་པ་ལས་སྐྱེས་
Vol. 134 · folio 326b
པ་བདེ་བ་དང་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་ཡོད་དོ། །དེ་ལྟ་བས་ན་མནར་མེད་པ་ནི་ཤིན་ཏུ་སྡུག་བསྔལ་བའི་ངན་འགྲོ་ཡིན་ནོ། །མདོ་སྡེ་པ་གཞན་རྣམས་ཀྱི་ལྟར་ན། མནར་མེད་པ་མ་གཏོགས་པ་དམྱལ་བ་དག་ན་ཡང་རྒྱུ་མཐུན་པ་ལས་བྱུང་བའི་བདེ་བ་མེད་དེ། རླུང་གི་
རེག་པས་ནི་སྡུག་བསྔལ་ཉེ་བར་ཞི་བ་ཙམ་འབའ་ཞིག་ཏུ་ཟད་དོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ནི་ཡོད་མོད་ཀྱི། མི་དགའ་བའི་རྣམ་པ་ཅན་ཡིན་པའི་ཕྱིར་དེ་ནི་འདོད་ཆགས་དང་མཐུན་པ་མ་ཡིན་ནོ། །ཡི་དགས་དང་དུད་འགྲོ་ཁ་ཅིག་ན་ཡང་དེ་དང་འདྲའོ། །དེ་ལྟ་བས་ན་གཉི་ག་
ལ་གྲགས་པའི་ཉེ་བར་ལེན་པའི་ཕུང་པོ་དེ་དག་ལ་འདོད་ཆགས་ཀྱི་སྦྱོར་བ་མེད་དེ། དེ་དག་དང་འབྲལ་བར་འདོད་པའི་ཕྱིར་རོ། །བསམ་གཏན་བཞི་པ་ཡན་ཆད་ཅེས་བྱ་བ་ལ་སོགས་པ་ནི་མདོ་སྡེ་པ་ཁ་ཅིག་ནི་བསམ་གཏན་བཞི་པའི་བར་ལ་མིག་ལ་སོགས་པའི་རྣམ་པར་ཤེས་པ་སྲིད་པའི་ཕྱིར་
བདེ་བ་དང་སྡུག་བསྔལ་ཡོད་ལ། སྲིད་པའི་རྩེ་མོའི་བར་ལ་ཡིད་ཀྱི་རྣམ་པར་ཤེས་པ་སྲིད་པའི་ཕྱིར་ཡིད་བདེ་བ་ཡོད་པར་འདོད་དོ། །དེ་དག་གི་ལྟ་བ་དེ་ནི་མཐར་གྱིས་སྙོམས་པར་འཇུག་པ་བསྟན་པའི་མདོ་ལ་སོགས་པ་དང་འགལ་བའི་ཕྱིར་གོང་མ་ལ་མེད་དེ་ཞེས་བྱ་བའོ། །དེ་དང་ལྡན་
པ་ཞེས་བྱ་བ་ནི། བསམ་གཏན་བཞི་པ་ལ་སོགས་པ་དང་ལྡན་པའོ། །འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བ་ལ་འཇིག་ཚོགས་ལ་ལྟ་བ་ནི་རྣམ་པ་གཉིས་ཏེ། ཀུན་བརྟགས་པ་དང་ལྷན་ཅིག་སྐྱེས་པའོ། །ཀུན་བརྟགས་པ་གང་ཡིན་པ་དེ་ནི་སློབ་པ་རྣམས་ཀྱི་ནི་སྤོངས་པའི་ཕྱིར་ལ། སྦྱོར་
བའི་ལམ་ལ་གནས་པའི་སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་ཀུན་དུ་མི་འབྱུང་བའི་ཕྱིར་མི་མཐུན་པ་ཡིན་ནོ། །ལྷན་ཅིག་སྐྱེས་པ་ནི་གཉི་ག་ལ་ཀུན་དུ་འབྱུང་མོད་ཀྱི་བདག་མེད་པ་ལ་མོས་པའི་ཕྱིར་དེ་ལ་ཆགས་པ་ནི་མ་ཡིན་ནོ། །རང་གི་ལྟ་བ་ལ་སྲེད་པའི་དབང་དུ་མཛད་ནས། ཀུན་གཞིའི་
རྣམ་པར་ཤེས་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ནང་གི་ཞེས་བྱ་བ་ནི་ནང་དུའོ། །རྣམ་པར་གཞིག་པར་འདོད་པར་ནི་ནམ་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་བཏང་སྙོམས་ཀྱི་ཚོར་བ་དང་མཚུངས་པར་ལྡན་པས་མི་མཐུན་པ་མེད་པའི་ཕྱིར་རོ། །འདི་ལྟར་སྡུག་བསྔལ་གྱི་
Vol. 134 · folio 327a
ཕུང་པོ་འདི་དག་རྣམ་གྲངས་མེད་པར་མེད་ཀྱང་ཅི་མ་རུང་སྙམ་དུ་སེམས་ཀྱི། བདག་ཉིད་མེད་ཀྱང་ཅི་མ་རུང་སྙམ་དུ་ནི་མ་ཡིན་ཏེ། བདག་ཏུ་ལྟ་བའི་གཉེན་པོ་མེད་པའི་ཕྱིར་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་མཚུངས་པར་ལྡན་པའི་འདོད་ཆགས་ཀྱང་འདི་ལ་སྦྱོར་བས་སོ། །ཡང་ཇི་
ལྟར་མི་དགེ་བའི་ལས་ཀྱི་འབྲས་བུ་བདེ་བ་ཡང་མ་ཡིན་ན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཡང་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། འདིར་བདེ་བའི་ལྟ་བ་ལྟ་བུ་ནི་མ་ཡིན་ནོ། །འདིར་ནི་བདེ་བ་དང་ཡིད་བདེ་བ་ནི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ལ། སྡུག་བསྔལ་དང་ཡིད་
མི་བདེ་བ་ནི་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ནོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ནི། གཉི་གའི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ནོ། །མི་དགེ་བའི་རྣམ་པར་སྨིན་པ་ལས་སྐྱེས་པ་གང་ཡིན་པ་དེ་ནི། མི་དགེ་བའི་རྣམ་པ་ཅན་ཉིད་མ་ཡིན་ཏེ།
མི་གསལ་བས་དེ་ལ་ཉོན་མོངས་པ་ཅན་གྱི་ཡིད་སྦྱོར་བ་སྲིད་དོ། །རྣམ་གྲངས་བསྟན་པ་རྫོགས་སོ།། །།ད་ནི་མཚན་ཉིད་རྣམ་པར་གཞག་པའི་སྐབས་ལ་བབ་པོ། །འདིར་ཡང་དངོས་པོ་བདུན་ཉེ་བར་བཀོད་དེ། མཚན་ཉིད་དང་། བག་ཆགས་དང་། དེའི་དེ་ཉིད་དང་། གཞན་ཉིད་དང་།
ཕན་ཚུན་དུ་རྐྱེན་ཉིད་དང་། སྣ་ཚོགས་དང་སྣ་ཚོགས་མ་ཡིན་པ་ཉིད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། རྐྱེན་རྣམ་པར་གཞག་པའོ། །འདི་ཐམས་ཅད་ནི་མཚན་ཉིད་ཀྱི་ཞར་ལ་ཡིན་པའི་ཕྱིར་མཚན་ཉིད་དུ་རྣམ་པར་གཞག་གོ། །དངོས་པོ་དང་པོའི་དབང་དུ་མཛད་ནས། དེ་ནས་
འདིའི་མཚན་ཉིད་རྣམ་པར་གཞག་པ་ཇི་ལྟར་ཞེས་བྱ་བ་སྨོས་སོ། །མདོར་བསྡུ་ན་ཞེས་བྱ་བ་ནི་རྒྱས་པར་ནི་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །དེ་ལ་རང་གི་མཚན་ཉིད་ནི་ཁ་ཅིག་ན་རེ་གང་ལ་རྒྱུ་ས་བོན་ཡོངས་སུ་མ་སྨིན་པ་དང་། ས་བོན་ཡོངས་སུ་
སྨིན་པ་ཡོད་པ་དེ་ནི་གཞན་གྱི་དབང་རྟེན་ཅིང་འབྲེལ་པར་འབྱུང་བའི་ས་བོན་ཡིན་ཏེ། གཞན་གྱི་དབང་དེ་ནི་འབྲས་བུ་ཡིན་ནོ་ཞེས་ཟེར་རོ། །དེ་སྐྱེ་བའི་རྒྱུ་མཚན་ཉིད་དོ་ཞེས་འབྱུང་བའི་ཕྱིར་དེ་ནི་རུང་བ་མ་ཡིན་ཏེ། མ་སྨིན་པ་ནི་སྐྱེ་བའི་རྒྱུ་མཚན་མ་ཡིན་ནོ། །ཁ་ཅིག་ན་རེ་གཞན་གྱི་དབང་
Vol. 134 · folio 327b
རྟེན་ཅིང་འབྲེལ་པར་འབྱུང་བའི་རང་གི་མཚན་ཉིད་ནི་འབྲས་བུ་ལ་ལྟོས་ན་ས་བོན་ཏེ་རྒྱུ་ཡིན་ལ། དེ་ཉིད་སྒོ་བར་བྱེད་པའི་ཆོས་ལ་ལྟོས་ན་ནི་འབྲས་བུ་ཡིན་ནོ་ཞེས་ཟེར་རོ། །དེ་ཡང་རིགས་པ་མ་ཡིན་ཏེ། དེ་སྐྱེ་བའི་རྒྱུ་མཚན་ཉིད་དེ་ཞེས་འབྱུང་བའི་ཕྱིར་དང་། བག་ཆགས་ལ་བརྟེན་ནས་
འབྱུང་བ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟ་བས་ན་ཡོངས་སུ་སྨིན་པ་དང་ཡོངས་སུ་མ་སྨིན་པ་དབྱེ་བ་མ་བྱས་པར་ས་བོན་གྱི་ཆ་དང་རྣམ་པར་སྨིན་པའི་ཆ་བསྡུས་ནས་རང་གི་མཚན་ཉིད་ཅེས་བྱ་བ་སྟེ། རྣམ་སྨིན་ས་བོན་ཐམས་ཅད་པ། །ཞེས་འབྱུང་བའི་ཕྱིར་དང་། འོག་ནས་མདོར་
བསྡུ་ན་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །དེ་ཉིད་དེ་ལ་ཀུན་གཞིའི་རྣམ་པར་ཤེས་པའི་རང་གི་མཚན་ཉིད་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །བག་ཆགས་ལ་བརྟེན་ནས་ཞེས་བྱ་བ་ནི་འདིར་འབྱུང་བ་ཞེས་བྱ་བ་ཁོང་ནས་དབྱུང་སྟེ། འདིས་
ནི་རྣམ་པར་སྨིན་པའི་ཆ་རྟེན་ཅིང་འབྲེལ་པར་འབྱུང་བ་བཤད་དོ། །དེ་སྐྱེ་བའི་རྒྱུ་མཚན་ཉིད་དོ་ཞེས་བྱ་བ་ནི། དེ་ཉིད་ཀུན་ནས་ཉོན་མོངས་པའི་ཆོས་དེ་རྣམས་སྐྱེ་བའི་རྒྱུ་མཚན་ཉིད་ཡིན་པའོ། །ཡང་ཇི་ལྟར་རྒྱུ་མཚན་ཉིད་ཡིན་ཞེ་ན། ས་བོན་ཡོངས་སུ་འཛིན་པ་དང་ལྡན་པས་ཞེས་བྱ་བ་སྨོས་
སོ། །འདི་ནི་གཙོ་བོ་ལ་སོགས་པ་རྣམ་པར་དཔྱད་པའི་ཕྱིར་ཏེ། འདི་ལྟར་ས་བོན་ཡོངས་སུ་འཛིན་པ་དང་ལྡན་པ་ནི་སྐྱེ་བ་དང་ལྡན་པ་རྣམས་དང་ལྷན་ཅིག་སྐྱེ་བ་དང་འགག་པ་དག་གིས་བག་ཆགས་ཡོངས་སུ་འཛིན་པ་ཡིན་ནོ། །འདིས་ནི་ས་བོན་གྱི་ཆ་བསྟན་ཏོ། །དེ་ལ་ཀུན་ནས་ཉོན་
མོངས་པ་ཐམས་ཅད་ཀྱི་བག་ཆགས་ནི་འདི་ཡིན་ཏེ། མངོན་པར་བརྗོད་པའི་བག་ཆགས་དང་། སྲིད་པའི་ཡན་ལག་གི་བག་ཆགས་དང་། འཇིག་ཚོགས་ལ་ལྟ་བའི་བག་ཆགས་སོ། །མངོན་པར་བརྗོད་པའི་བག་ཆགས་ནི་རྒྱུའི་རྐྱེན་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པའི་རང་གི་ངོ་
བོ་མངོན་པར་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །སྲིད་པའི་ཡན་ལག་གི་བག་ཆགས་ནི་བདག་པོའི་རྐྱེན་ཡིན་ཏེ། བདེ་འགྲོ་དང་ངན་འགྲོར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རོ། །འཇིག་ཚོགས་ལ་ལྟ་བའི་བག་ཆགས་ཀྱང་བདག་པོའི་རྐྱེན་ཡིན་ཏེ། བདག་དང་གཞན་དུ་འབྱེད་
Vol. 134 · folio 328a
པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སེམས་ཅན་ཐམས་ཅད་གཅིག་ཉིད་དུ་འགྱུར་རོ། །ས་བོན་གྱི་ཆ་དེ་ཉིད་རྣམ་པར་ཕྱེ་ནས། ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པས་རྒྱུའི་མཚན་ཉིད་དུ་བསྟན་ཏོ། །རྣམ་པར་སྨིན་པའི་ཆ་ཡང་
གང་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པས་འབྲས་བུ་ཉིད་དུ་བསྟན་ཏོ། །བག་ཆགས་ཀྱི་དབང་དུ་མཛད་ནས། བག་ཆགས་ཞེས་བྱ་བ་འདི་ཅི་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་མཐུན་པ་གང་གིས་ན་བག་ཆགས་ཞེས་བྱ། བག་ཆགས་དེ་ནི་ཅི་ཡིན་ཞེས་དྲི་
བ་གཉིས་ཀྱི་དོན་ཡིན་ནོ། །བསྒོ་བར་བྱ་བ་ཀུན་གཞིའི་རྣམ་པར་ཤེས་པ་དེ་སྒོ་བར་བྱེད་པའི་ཆོས་རྣམས་དང་ལྷན་ཅིག་སྐྱེ་བ་དང་འགག་པར་གྱུར་ནས་སྒོ་བར་བྱེད་པའི་ཆོས་དེ་རྣམས་ཀྱིས་མ་འོངས་པ་སྐྱེ་བའི་རྒྱུ་མཚན་དུ་གྱུར་པ་ནི་བག་ཆགས་ཏེ། དཔེར་ན་འཇིག་རྟེན་ན་ཏིལ་རྣམས་
མེ་ཏོག་དང་ཕྲད་ནས་ལྷན་ཅིག་སྐྱེ་བ་དང་འགག་པ་ལ་བརྟེན་ནས་དེ་དང་འདྲ་བའི་དྲི་འབྱུང་བའི་རྒྱུ་མཚན་དུ་འགྱུར་བ་ལྟ་བུའམ། དཔེར་ན་བསྟན་བཅོས་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་མཐུན་པ་འདོད་ཆགས་ལ་སོགས་པ་དང་། རྣམ་པར་བྱང་བའི་ཕྱོགས་དང་མཐུན་པ་མང་དུ་ཐོས་
པས་ཡོངས་སུ་བསྡུས་པ་དྲན་པ་དང་ཤེས་རབ་ལ་སོགས་པ་དང་ལྷན་ཅིག་སྐྱེ་བ་དང་འགག་པར་འགྱུར་བའི་སེམས་དེ་དག་དང་འདྲ་བ་སྐྱེ་བའི་རྒྱུ་མཚན་དུ་འགྱུར་བ་བག་ཆགས་ཡིན་པ་ལྟ་བུའོ། །འདིར་ཡང་སྐད་ཅིག་མའི་བྱེ་བྲག་ལ་བསྒོ་བར་བྱ་བ་དང་སྒོ་བར་བྱེད་པ་ཉིད་དགག་པ་
ཆད་པར་འགྱུར་བའི་ཕྱིར་རྒྱུན་གྱི་ཚུལ་དུ་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་རྣམ་པར་གཞག་ལ། རང་གི་ཚོགས་དང་མཚུངས་པར་ལྡན་པའི་སེམས་ལ་ཕ་རོལ་བག་ཆགས་ཁས་ལེན་དུ་བཅུག་ལ། ལྷན་ཅིག་འབྱུང་ཞིང་འགགས་ན་ཞེས་བརྗོད་དོ། །དེ་འབྱུང་བའི་རྒྱུ་མཚན་
ཉིད་ཅེས་བྱ་བ་ནི། དྲི་བ་གཉིས་པའི་ལན་ཡིན་ནོ། །སྒོ་བར་བྱེད་པའི་མཐུན་པ་ཉིད་ཀྱིས་བག་ཆགས་ཞེས་བྱ་བས་ཤུགས་ཀྱིས་ནི་དྲི་བ་དང་པོའི་ལན་ཡང་ཡིན་ནོ། །འདི་ལ་རྣམ་པར་རྟོག་པ་གསུམ་སྟེ། ཁ་ཅིག་ན་རེ་བག་ཆགས་ནི་སྒོ་བར་བྱེད་པ་ལ་ནི་མི་ལྟོས་པར་ཆོས་ཉིད་
Vol. 134 · folio 328b
ཀྱི་གནས་ལ་འདོད་ཆགས་ལ་སོགས་པ་ལ་ལྷན་ཅིག་སྐྱེ་བ་དང་འགག་པས་ནི་ཡོངས་སུ་གསོ་བ་འབའ་ཞིག་ཏུ་ཟད་ཀྱི་སྐྱེ་བ་ནི་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་དེ་ལྟར་ཡིན་ཏེ། འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་དང་། འཕགས་པའི་ལམ་སྐྱེ་བའི་རྒྱུ་མཚན་ཉིད་ནི་རང་བཞིན་གྱི་རིགས་ཏེ།
རྒྱུའི་རྐྱེན་ཉིད་དུ་བག་ཆགས་ཡིན་པར་ཁས་ལེན་ན། དེ་དག་ནི་ལྷན་ཅིག་སྐྱེ་བ་དང་འགག་པས་རང་གི་བག་ཆགས་སྐྱེད་པར་མི་སྲིད་དེ། ཀུན་གཞིའི་རྣམ་པར་ཤེས་པ་གཉིས་ཕྲད་པ་མེད་པའི་ཕྱིར་དང་འཕགས་པའི་ལམ་ཡང་འདྲིས་པ་མ་ཡིན་པའི་ཕྱིར་རོ། །ཡོངས་སུ་གསོ་བར་བྱེད་
པ་ན་མི་འདྲ་བར་ཡང་འགྱུར་བས་དེ་ནི་མི་འགལ་ལོ། །གཞན་དག་ནི་ཏིལ་ལ་སོགས་པ་ལ་བག་ཆགས་སྒོ་བར་བྱེད་པ་ལ་ལྟོས་པས་མཐོང་ནས་སྒོ་བར་བྱེད་པས་སྔོན་མེད་པ་སྐྱེ་བ་དང་། སྒོ་བར་བྱེད་པས་སྔོན་བསྐྱེད་པ་ཡོངས་སུ་གསོ་བར་ཡང་འདོད་དེ་ནང་གི་སྐྱེ་མཆེད་ལ་དམིགས་པའི་
ཡིད་ཀྱི་རྣམ་པར་ཤེས་པ་དེའི་ཁོངས་སུ་གཏོགས་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཡང་དམིགས་པར་འདྲ་བས་ཀུན་གཞིའི་རྣམ་པར་ཤེས་པ་བསྐྱེད་པར་བྱ་བ་ལ་བག་ཆགས་རྒྱུའི་རྐྱེན་དུ་གྱུར་པ་སྐྱེད་པར་ཡང་སེམས་སོ། །འཕགས་པའི་ལམ་གྱི་རིགས་ཀྱང་ཟག་པ་མེད་
པའི་ལམ་གྱི་བདག་ཉིད་མ་ཡིན་གྱི། འོན་ཀྱང་རྒྱུད་གང་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ས་བོན་སྲབ་པའི་ཕྱིར་སྤང་དུ་རུང་བ་དེ་ནི་བྱང་ཆུབ་སེམས་དཔའི་རིགས་ཡིན་ལ། གང་ལ་ཉོན་མོངས་པའི་སྒྲིབ་པའི་ས་བོན་ཡོད་པ་དེ་ཉིད་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཡིན།
གང་ལ་གཉི་གའི་ས་བོན་ཆེ་བའི་ཕྱིར་སྤང་དུ་མི་རུང་བ་ཡོད་པ་དེ་ནི་རིགས་མེད་པ་ཡིན་ནོ། །འཕགས་པའི་ལམ་གྱི་སྐད་ཅིག་མ་དང་པོ་ལ་ནི་རྒྱུའི་རྐྱེན་མེད་དོ། །རྐྱེན་གཞི་ཞེས་བྱ་བ་ནི་ཇི་ལྟར་སྲིད་པར་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་བག་ཆགས་ནི་ཆོས་
ཉིད་ཀྱིས་གནས་པ་ཡོངས་སུ་གསོ་བར་བྱ་བ་དང་། སྔོན་མེད་པ་བསྐྱེད་པར་བྱ་བ་ཡང་ཡིན་ཏེ། བསྐྱེད་པའི་བག་ཆགས་དུ་མ་ནི་ལྷན་ཅིག་བྱེད་པའི་རྒྱུ་ཉིད་ཀྱི་ཆོས་ཉིད་བག་ཆགས་ཀྱི་བདག་པོའི་རྐྱེན་ཡིན་ལ། ཆོས་ཉིད་ཀྱི་བག་ཆགས་གང་ཡིན་པ་དང་། སྔོན་མེད་པ་བསྐྱེད་པ་
Vol. 134 · folio 329a
པའི་བག་ཆགས་དུ་མ་ཡང་བྱེ་བྲག་ཏུ་སྨྲ་བ་བརྟགས་པ་སྐལ་བ་མཉམ་པའི་རྒྱུ་བཞིན་དུ་སྐད་ཅིག་མ་གཅིག་པའི་འབྲས་བུ་སྐྱེ་བའི་ཡང་རྒྱུའི་རྐྱེན་ཉིད་དུ་སེམས་སོ། །དེ་ལ་རྣམ་པར་རྟོག་པ་དང་པོ་ལ་གླེང་བར་བྱ་སྟེ། འདོད་ཆགས་ལ་སོགས་པ་ནི་ཡོངས་སུ་གསོ་བ་
ཙམ་དུ་ཉེ་བར་གནས་པའི་ཕྱིར་རྒྱུའི་རྐྱེན་དུ་མི་འགྲུབ་སྟེ། དཔེར་ན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་འདི་ལ་འདུ་བྱེད་རྣམ་པར་ཤེས་པའི་ས་བོན་ཡོངས་སུ་གསོ་བར་བྱེད་པ་ཡིན་པའི་ཕྱིར་བདག་པོའི་རྐྱེན་ཉིད་ཡིན་པ་ལྟ་བུའོ། །འོ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་གཉིས་
པ་ལ་གང་གི་རྐྱེན་ཞེས་བྱ་ཞེ་ན། བདག་པོའི་རྐྱེན་ཏོ་ཞེས་འབྱུང་བའི་ཡང་ཕྱིར་ཏེ། དེས་ན་ཀུན་གཞིའི་རྣམ་པར་ཤེས་པ་ཇི་ལྟ་བ་དེ་བཞིན་དུ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་རྒྱུའི་རྐྱེན་ཡིན་ནོ་ཞེས་བྱ་བ་འདི་འགལ་ལོ། །དེ་ནི་མ་ཡིན་ཏེ། རིགས་མཐུན་པའི་ས་བོན་ཡོངས་
སུ་གསོས་པས་རྒྱུའི་རྐྱེན་ཉིད་ཡིན་ཏེ། དཔེར་ན་བྱེ་བྲག་ཏུ་སྨྲ་བའི་སྐལ་བ་མཉམ་པའི་རྒྱུ་རྫས་གཞན་ཉིད་སྐལ་བ་མཉམ་པའི་ཕྱིར་རྫས་གཞན་གྱི་ཡིན་པ་ལྟ་བུའོ། །བདག་པོའི་རྐྱེན་ནི་མི་འདྲ་བའི་བག་ཆགས་ཡོངས་སུ་གསོས་པའི་ཕྱིར་ཡིན་ནོ། །འོན་ཏེ་ཏིལ་ལ་སོགས་པ་ལ་དེ་ལྟ་བུ་
མ་མཐོང་བའི་ཕྱིར་ཇི་ལྟར་ཆོས་ཉིད་ཀྱི་གནས་པའི་བག་ཆགས་སུ་འགྱུར་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། སྒོག་སྐྱའི་རྔོ་ལ་སོགས་པ་ལ་མེ་ཏོག་དང་ཕྲད་ཀྱང་དེའི་དྲི་མི་འཛིན་པ་སྣང་བའི་ཕྱིར་ཏིལ་ལ་སོགས་པ་ལ་ཆོས་ཉིད་ཁོ་ནས་དྲི་འཛིན་པའི་ནུས་པ་ཡོད་དོ་ཞེས་བྱ་བར་ཤེས་
སོ། །གཞན་ཡང་སེམས་དང་སེམས་ལས་བྱུང་བ་ལས་མ་གཏོགས་པའི་དངོས་པོ་མེད་པའི་ཕྱིར་ཏིལ་ལ་སོགས་པ་ནི་མེད་པ་ཁོ་ནའི། འཇིག་རྟེན་གྱི་གྲགས་པར་བག་ཆགས་ཀྱི་རྟེན་ཉིད་དུ་གྲགས་པས་བག་ཆགས་འབྱུང་བ་ལ་སོགས་པའི་དཔེ་ཙམ་དུ་བྱས་པ་འབའ་ཞིག་ཏུ་ཟད་ན་
ན་ཇི་ལྟར་དེ་དང་འདྲ་བར་ཐལ་བར་འགྱུར། རྣམ་པར་རྟོག་པ་གཉིས་པ་ལ་ཡང་ཁ་ཅིག་གླེང་བ། ཀུན་གཞིའི་རྣམ་པར་ཤེས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་གཞན་དང་ལྷན་ཅིག་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་དེ་སྐྱེ་བའི་རྒྱུ་མཚན་གྱི་བག་ཆགས་སུ་མི་འགྱུར་རོ་ཞེའོ། །
Vol. 134 · folio 329b
དམིགས་པ་འདྲ་བའི་ཡིད་ཀྱི་རྣམ་པར་ཤེས་པས་བག་ཆགས་བསྐྱེད་དོ་ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། དམིགས་པ་ནི་རྣམ་པ་གཉིས་ཏེ། སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་རྫས་དང་། གཟུགས་ཀྱི་བདག་ཉིད་རྫས་སུ་མེད་པའོ། །དེ་ལ་སེམས་དང་
སེམས་ལས་བྱུང་བ་ལ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དེས་ནི། དེ་དག་ཁོ་ན་བསྐྱེད་པར་བྱ་བའི་ཕྱིར་བག་ཆགས་སྐྱེད་ལ། གཟུགས་ལ་དམིགས་པ་གང་ཡིན་པ་དེས་ཀྱང་དེ་ཁོ་ན་བསྐྱེད་པར་བྱ་བའི་ཕྱིར་རོ། །སེམས་ཙམ་ཉིད་ཀྱི་ལུགས་ཀྱིས་ནི་གཉི་ག་ལྟར་
ཡང་དམིགས་པ་དང་རྣམ་པ་མ་གྲུབ་པའི་ཕྱིར་ཇི་ལྟར་ན་དམིགས་པའི་སྒོ་ནས་འདྲ་བར་འགྱུར། འོན་ཏེ་མངོན་སུམ་དུ་དམིགས་པ་དང་བརྒྱུད་པའི་སྒོ་ནས་གཞན་དུ་རྣམ་པ་གཉིས་ཏེ། དེ་ལ་མངོན་སུམ་གྱི་དམིགས་པ་ནི་གཟུང་བའི་རྣམ་པ་གང་ཡིན་པའོ། །བརྒྱུད་པའི་དམིགས་པ་ནི་ཀུན་
གཞིའི་རྣམ་པར་ཤེས་པ་སྟེ། དེའི་དབང་གིས་གཟུང་བའི་རྣམ་པར་སྣང་བའི་ཕྱིར་རོ། །དེ་བས་ན་བརྒྱུད་པའི་དམིགས་པའི་སྒོ་ནས་རྫས་སུ་ཡོད་པ་ལ་དམིགས་པ་ནི་ཇི་ལྟར་ན་དམིགས་པའི་སྒོ་ནས་མི་འདྲ་སྙམ་དུ་སེམས་ན། རྟོག་པ་འདི་ལ་ཡང་གཞན་གྱི་སེམས་དང་སེམས་
ལས་བྱུང་བའི་དབང་གིས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་དམིགས་པ་དང་རྣམ་པ་ཡོངས་སུ་འཛིན་པར་སྐྱེད་པའི་ཕྱིར། དེས་བསྐྱེད་པའི་བག་ཆགས་གཞན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་རྒྱུའི་རྐྱེན་དུ་འགྱུར་བས་སེམས་ཅན་ཐམས་ཅད་རྒྱུད་གཅིག་པ་ཉིད་དུ་ཐལ་
པར་འགྱུར་རོ། །རྒྱུད་དེ་དམིགས་པ་ཉིད་ཡིན་ན་ཡང་དམིགས་པ་དང་རྣམ་པ་ཡོངས་སུ་མ་གྲུབ་པའི་ཕྱིར་དམིགས་པ་དང་རྣམ་པ་མི་འདྲ་བ་དེའི་སོ་ན་འདུག་གོ། །གང་ཡང་རང་བཞིན་གྱི་རིགས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྲབ་པ་ཡིན་ནོ། །འཕགས་པའི་ལམ་ལ་རྒྱུའི་རྐྱེན་མེད་
དོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་ཏེ། རང་བཞིན་དུ་གནས་པའི་རིགས་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་རོ་ཞེས་འབྱུང་བའི་ཕྱིར་དང་། སྡེ་བ་ཐམས་ཅད་ལས་ཀྱང་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རྐྱེན་བཞིས་སྐྱེ་བར་འབྱུང་བའི་ཕྱིར་རོ། །རྣམ་པར་གཏན་
Vol. 134 · folio 330a
ལ་དབབ་པ་བསྡུ་བ་ལས་འབྱུང་བ་ནི་སྒྲིབ་པའི་ས་བོན་སྲབ་པ་ཉིད་ཀྱི་ཆོས་ཉིད་ཀྱི་ས་བོན་ཟག་པ་མེད་པ་ཡོད་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བར་དགོངས་པ་ཡོངས་སུ་བརྟག་པར་ནུས་སོ། །དེ་ཉིད་དང་གཞན་ཉིད་ཀྱི་ལེའུ་ཡི་གེ་དབང་དུ་མཛད་ནས། ཀུན་གཞིའི་རྣམ་པར་
ཤེས་པ་དང་ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་ས་བོན་དེ་དག་ཅི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཆོས་ཀྱི་ས་བོན་དག་ཅེས་བྱ་བའི་ཐ་ཚིག་གོ། །ཟག་པ་མེད་པའི་ས་བོན་དག་ཀྱང་ཡོད་པ་མ་ཡིན་ནམ་ཞེ་ན། འདི་ལ་རྣམ་པར་
རྟོག་པ་གཉིས་པ་སྨྲ་བ་རྣམས་ན་རེ། སོ་སོའི་སྐྱེ་བོའི་རྒྱུད་ཀྱི་ཆོས་ཀྱི་ས་བོན་དག་གི་དབང་དུ་མཛད་ནས་བཤད་པ་ཡིན་ན། དེ་དག་ལ་ནི་ཟག་པ་མེད་པའི་ས་བོན་ཡང་མེད་དོ་ཞེས་ཟེར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། རྣམ་པར་རྟོག་པ་དེ་སྤང་བའི་ཕྱིར་རོ། །དེ་ལྟ་བས་ན་སོ་སོའི་སྐྱེ་བོའི་རྒྱུད་ལ་ས་
བོན་གང་དག་སྡེ་པ་དག་ལས་གྲགས་པ་དེ་དག་གི་དབང་དུ་མཛད་ནས་བཤད་པ་ཡིན་ལ། སྡེ་པ་དག་ལས་ནི་ཟག་པ་དང་བཅས་པའི་ས་བོན་གྲགས་སོ། །ཡང་ན་ཟག་པ་མེད་པའི་ས་བོན་འཆད་པར་འགྱུར་བ་ཀུན་གཞི་མ་ཡིན་པ་ཞིག་བྱ་བ་ལས་ཀུན་གཞིའི་རྣམ་པར་ཤེས་པར་བསྡུས་པ་
གང་ཡིན་པ་དེའི་དབང་དུ་མཛད་པ་དེ་བཤད་པ་ཡིན་པས་ཉེས་པ་མེད་དོ། །སོ་སོའི་ཐ་དད་དམ་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལས་རྫས་སུ་གཞན་པ་ཉིད་དུ་གནས་པ་ཞིག་གམ། གལ་ཏེ་དེ་ལྟར་གཞན་ཉིད་གཅིག་ཡིན་ན་ནི། གཟུགས་ནི་བསལ་བའི་ཕྱིར་ས་བོན་དེ་དག་
སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་ཡིན་པར་འགྱུར་རོ། །དེས་ན་རྟེན་གཅིག་ལ་ཡང་སེམས་ཅན་གྱི་རྒྱུད་མང་པོ་ཞིག་ཏུ་ཐལ་བར་འགྱུར་རོ། །ཇི་ལྟར་སྐད་ཅིག་མ་གཅིག་ལ་སེམས་དང་སེམས་ལས་བྱུང་བ་མང་པོ་ཞིག་འབྱུང་ལ། རྒྱུད་དུ་མ་ཉིད་ཀྱང་མ་ཡིན་པ་ལྟ་བུ་མ་ཡིན་
ཞེ་ན། འདི་ལ་ནི་ཉེས་པ་མེད་དེ། སེམས་ལས་བྱུང་བ་རྣམས་ལ་རག་ལས་ཏེ་འབྱུང་བའི་ཕྱིར་རོ། །འོ་ན་ཇི་ལྟར་སྐད་ཅིག་མ་གཅིག་ལ་འཇུག་པའི་རྣམ་པར་ཤེས་པ་བདུན་འབྱུང་ལ། རྒྱུད་དུ་མ་ཉིད་ཀྱང་མ་ཡིན་པ་ལྟ་བུ་ཡིན་ནོ་ཞེ་ན། འདི་ལ་ཉེས་པ་མེད་དེ། དེ་དག་ནི་ཀུན་གཞི་རྣམ་པར་ཤེས་
Vol. 134 · folio 330b
པ་གཅིག་ལ་རག་ལས་ཏེ་འབྱུང་བའི་ཕྱིར་རོ། །ས་བོན་རྣམས་ནི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་གཅིག་ཡིན་ན། ཀུན་གཞིའི་རྣམ་པར་ཤེས་པ་ལས་རང་དབང་དུ་གནས་པའི་ཕྱིར་རྒྱུད་དུ་མར་ཐལ་བ་སོ་ན་འདུག་གོ། །འོན་ཏེ་ཀུན་གཞི་རྣམ་པར་ཤེས་པ་ལས་ས་བོན་རྣམས་ཐ་མི་
དད་པ་ཞིག་དུ་གྱུར་ན་ནི། དེ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཕྱིར། །ས་བོན་རྣམས་ཀྱང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཆོས་འབྱུང་བ་ཁོ་ནར་འགྱུར་གྱི། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ལས་དགེ་བ་དང་མི་དགེ་བའི་ཆོས་འབྱུང་བར་ནི་
རིགས་པ་མ་ཡིན་ནོ། །དེ་ལྟར་ཕྱོགས་གཉི་ག་ལ་ཡང་ཉེས་པ་གཉིས་སྣང་བས། དེ་ལ་གནས་པ་དེ་དག་དང་རྫས་སུ་ཐ་དད་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་གཞི་རྣམ་པར་ཤེས་པ་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་རྣམས་ཡིན་ནོ་ཞེས་བྱ་བའི་དོན་
ཏོ། །དེ་ལྟ་བུར་གྲགས་པ་གཞན་ཡང་ཆུད་ཟད་ལྟ་ཡོད་དམ་ཞེ་ན། སྨྲས་པ་ཡོད་དེ་དཔེར་ན་བྱེ་བྲག་ཏུ་སྨྲ་བའི་ད་ལྟར་གྱི་རྫས་ལ་འབྲས་བུ་འཛིན་པའི་མཚན་ཉིད་ལྟ་བུའོ། །དེ་ནི་རྫས་ལས་གཞན་པ་ཡང་མ་ཡིན་ཏེ། རྫས་བྱེད་པས་སྟོང་པའི་ཕྱིར་ད་ལྟར་མ་ཡིན་པར་ཐལ་བར་འགྱུར་དུ་
འོང་བས་སོ། །གཞན་མ་ཡིན་པ་ཡང་མ་ཡིན་ཏེ། རྫས་ཀྱི་རང་གི་མཚན་ཉིད་ལས་ཐ་མི་དད་པའི་ཕྱིར་འདས་པའི་དུས་ན་ཡང་བྱེད་པ་ཡོད་པས་ད་ལྟར་ཉིད་དུ་ཐལ་བར་འགྱུར་དུ་འོང་བས་སོ། །ཡང་དཔེར་ན་མདོ་སྡེ་པའི་གཟུགས་མེད་པའི་ཁམས་སུ་འཕགས་པ་ཟག་པ་མེད་པའི་སེམས་
མངོན་དུ་གྱུར་ན། སེམས་དེ་ལས་ཀུན་ནས་ཉོན་མོངས་པའི་ས་བོན་རྣམས་དེ་ཉིད་དུ་བརྗོད་པར་བྱ་བ་ཡང་མ་ཡིན་ཏེ། དེ་དང་འདྲ་བར་ཟག་པ་མེད་པ་ཉིད་དུ་ཐལ་བར་འགྱུར་དུ་འོང་བས་སོ། །གཞན་ཉིད་དུ་ཡང་བརྗོད་པར་བྱ་བ་མ་ཡིན་ཏེ། །སྔ་མ་བཞིན་དུ་རྒྱུད་དུ་མར་ཐལ་བར་འགྱུར་དུ་
འོང་བ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་གྲུབ་པའི་མཐའ་གཞན་དག་ལ་ཡང་སྦྱར་བར་བྱའོ། །མོད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི། དོན་དེ་ཉིད་ཀྱི་མཇུག་སྡུད་ཅིང་ས་བོན་གྱི་རང་བཞིན་ངོ་བོ་སྟོན་ཏོ། །འབྱུང་བའི་མཐུ་ཡི་ཁྱད་པར་ཅན། །ཞེས་བྱ་བ་འདིས་ནི་མཐུའི་ཁྱད་པར་ཡིན་པའི་
Vol. 134 · folio 331a
ཕྱིར། ཀུན་གཞིའི་རྣམ་པར་ཤེས་པའི་བདག་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་འབྱུང་བ་ཞེས་བྱ་བ་འདིས་ནི། ཀུན་གཞིའི་རྣམ་པར་ཤེས་པ་ལས་གཞན་པ་ཡང་མ་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ན་རྒྱུར་བྱས་ནས་མ་ཡིན་ནོ་ཞེས་བྱ་བའི་དོན་
ཏོ། །ས་བོན་ཐམས་ཅད་པ་ཞེས་བྱ་བ་འདིས་ནི། དེ་ལྟ་བུའི་ས་བོན་གྱི་ས་བོན་ཐམས་ཅད་པ་ཞེས་བྱའོ་ཞེས་བྱ་བར་སྟོན་ཏོ། །ཕན་ཚུན་རྐྱེན་གྱི་ལེའུའི་དབང་དུ་མཛད་ནས། ཀུན་གཞིའི་རྣམ་པར་ཤེས་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཡང་ཀུན་ནས་ཉོན་མོངས་པ་ཞེས་སྨོས་པ་ནི་
སྔ་མ་བཞིན་དུ་བཤད་པར་བྱའོ། །མདོ་སྡེ་པ་ཡང་འདི་ལ་དེ་བཞིན་དུ་རྒོལ་ཞིང་རྟོག་སྟེ། དེའི་ལྟར་ན་རྐྱེན་སྐད་ཅིག་མ་ཐ་དད་པར་རྣམ་པར་འཇོག་གོ། །དེ་གལ་ཏེ་དུས་མི་མཉམ་པ་དག་ཁོ་ན་རྒྱུ་དང་འབྲས་བུ་ཉིད་ཡིན་ནོ་ཞེས་སྒྲུབ་ཀྱང་རུང་། འོན་ཏེ་དུས་མཉམ་པ་དག་འགོག་ཀྱང་རུང་སྟེ།
གཉི་ག་ལྟར་ན་ཡང་མ་ངེས་པ་ཉིད་དུ་རབ་དུ་བསྟན་པའི་ཕྱིར། མེ་ལྕེ་དང་ཚིག་པ་དང་མདུང་ཁྱིམ་དག་བཤད་པར་བྱའོ། །དེ་ལ་རེ་ཞིག་ཚིག་པ་སྔ་ལ་མེ་ལྕེ་འཕྱི་བ་ནི་མ་ཡིན་ཏེ། འདི་ལྟར་ཚིག་པ་ཞེས་བྱ་བ་ནི། བུད་ཤིང་མེས་བྱས་པའི་འགྱུར་བ་ཡིན་ནོ། །དེ་ལྟ་བས་ན་མེ་ལྕེ་མེད་པར་
སྔར་ཚིག་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་མེ་ལྕེ་འཕྱི་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་མེ་ལྕེ་སྔ་ལ་ཚིག་པ་འཕྱི་བ་ཡང་མ་ཡིན་ཏེ། འབར་བ་བཞིན་དུ་བུད་ཤིང་འགྱུར་བ་མེད་པར་ཐལ་བར་འགྱུར་དུ་འོང་བས་སོ། །ཇི་ལྟར་ན་བུད་ཤིང་མ་ཚིག་པ་ཁོ་ནར་མེ་ལྕེའི་རྟེན་དུ་འགྱུར་ཏེ། དེ་ལྟ་བས་ན་ཚིག་པ་དང་
མེ་ལྕེ་དག་ནི་དུས་མཉམ་པ་ཉིད་དོ། །ཀུན་གཞིའི་རྣམ་པར་ཤེས་པ་ནི། ས་བོན་གྱི་ཆར་བསྡུས་པ་དང་། རྣམ་པར་སྨིན་པའི་ཆར་བསྡུས་པ་དང་རྣམ་པ་གཉིས་ཞེས་བཤད་དོ། །ས་བོན་ཡང་རྣམ་པར་རྟོག་པ་གསུམ་པ་ལྟར་ན་སྙིང་དང་སྐྱེད་པ་དང་རྣམ་པ་གཉིས་སོ། །དེ་ལ་སྐད་ཅིག་མ་
གང་ཁོ་ན་ལས་ས་བོན་སྙིང་ལས་འཇུག་པའི་རྣམ་པར་ཤེས་པ་སྐྱེ་བ་སྐད་ཅིག་མ་དེ་ཁོ་ན་ལ་ཀུན་གཞིའི་རྣམ་པར་ཤེས་པ་ལ་ས་བོན་གསར་སྐྱེད་དེ། གསར་དང་རྙིང་ཉིད་དབྱེ་བ་མ་བྱས་པར་སྤྱིར་འཇུག་པའི་རྣམ་པར་ཤེས་པའི་ས་བོན་ཡིན་ལ་འཇུག་པའི་རྣམ་པར་ཤེས་པ་
Vol. 134 · folio 331b
ཡང་ས་བོན་གྱི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་འདི་དག་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་དཔེ་དང་པོའོ། །རྣམ་པར་རྟོག་པ་དང་པོ་ལྟར་ན་ས་བོན་གང་ཁོ་ན་ལས་འབྱུང་བ་དེ་ཉིད་ཡོངས་སུ་གསོའོ་ཞེས་བྱ་བའི་དོན་འདི་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་དངོས་ཁོ་ནར་དཔེ་དང་པོའོ། །རྣམ་པར་སྨིན་པར་བསྡུས་པ་གང་
ཡིན་པ་དེ་ནི་འཇུག་པའི་རྣམ་པར་ཤེས་པའི་ཡིན་ལ། འཇུག་པའི་རྣམ་པར་ཤེས་པ་ཡང་རྣམ་པར་སྨིན་པ་བསྡུས་པའི་བདག་པོའི་རྐྱེན་ཡིན་ཏེ། ཕན་ཚུན་རག་ལས་ཏེ་འབྱུང་བའི་ཕྱིར་བྱེ་བྲག་ཏུ་སྨྲ་བའི་ཚེ་ལ་སོགས་པ་ཕན་ཚུན་ལྟ་བུའོ་ཞེས་བྱ་བའི་དོན་འདི་རབ་ཏུ་འགྲུབ་པར་བྱ་བའི་ཕྱིར་
མདུང་ཁྱིམ་གྱི་དཔེའོ། །ཇི་ལྟར་མདུང་ཁྱིམ་ཕན་ཚུན་བསྟེན་པས་མི་འགྱེལ་བ་དེ་བཞིན་དུ། ཀུན་གཞིའི་རྣམ་པར་ཤེས་པ་དང་འཇུག་པའི་རྣམ་པར་ཤེས་པ་དག་ཕན་ཚུན་གྱི་དབང་གིས་མི་འཇིག་གོ། །འདི་ཡང་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལ་ཉོན་མོངས་པ་ཅན་
གྱི་ཡིད་ཀུན་དུ་འཆད་པའི་ཕྱོགས་ལ་ནི། ཟག་པ་དང་བཅས་པའི་གནས་སྐབས་ན་ཞེས་བཤད་པར་བྱའོ། །གཞན་དུ་གྱུར་པའི་ཕྱོགས་ལ་ནི་སྤྱིར་ཞེས་བཤད་པར་བྱའོ། །དེ་ལྟར་རྒྱུའི་རྐྱེན་དུ་རྣམ་པར་གཞག་སྟེ་ཞེས་བྱ་བའི་གཞུང་གང་ཡིན་པ་དེ་ན་ས་བོན་གྱི་ཆ་དང་། འཇུག་པའི་
རྣམ་པར་ཤེས་པའི་དབང་དུ་མཛད་པ་ཡིན་ནོ་ཞེས་དྲང་བར་བྱ་སྟེ། རྣམ་པར་སྨིན་པའི་ཆ་གང་ཡིན་པ་དེ་ནི་ས་བོན་གྱི་ཆའི་རྟེན་ཙམ་གྱིས་བདག་པོའི་རྐྱེན་ཡིན་ལ་ས་བོན་གང་ཡིན་པ་དེ་ནི་ས་བོན་གྱི་ཆ་མངོན་པར་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རྒྱུའི་རྐྱེན་ཡིན་ནོ། །ས་བོན་རྣམ་པ་གསུམ་ཞེས་
བཤད་པ་དེ་ལ་འཇིག་ཚོགས་ལ་ལྟ་བའི་བག་ཆགས་ཀྱི་ས་བོན་གང་ཡིན་པ་དེ་ནི་དུས་མཉམ་པ་དང་དུས་མི་མཉམ་པའི་བདག་པོའི་རྐྱེན་ཡིན་ནོ། །སྲིད་པའི་ཡན་ལག་གི་བག་ཆགས་ཀྱི་ས་བོན་གང་ཡིན་པ་དེ་ནི་དུས་མི་མཉམ་པ་ཁོ་ནའི་བདག་པོའི་རྐྱེན་ཡིན་ནོ། །སྤྲོས་པའི་བག་ཆགས་
ཀྱི་ས་བོན་རྒྱུའི་རྐྱེན་ཅེས་བྱ་བ་བཤད་པ་གང་ཡིན་པ་དེ་ནི། ཁ་ཅིག་ན་རེ་དུས་མཉམ་པ་ཉིད་དུ་གཅིག་གི་རྒྱུ་ཉིད་དུ་གཅིག་འགྱུར་ཞེས་འབྱུང་བའི་ཕྱིར། །དུས་མཉམ་པ་ཁོ་ནའི་རྐྱེན་ཡིན་ཏེ། འབྲས་བུ་ད་ལྟར་འབྱུང་བ་ཡིན་ན། འདས་པ་ནི་མེད་པས་ནམ་མཁའི་མེ་ཏོག་བཞིན་དུ་རྒྱུ་ཉིད་
Vol. 134 · folio 332a
དུ་མི་འཐད་པའི་ཕྱིར་དང་། རྒྱུ་ད་ལྟར་བྱུང་བ་ཡིན་ན་འབྱུང་བར་འགྱུར་བ་ནི་མེད་པས་འབྲས་བུ་ཉིད་དུ་མི་འཐད་པའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དུས་མི་མཉམ་པ་ཁོ་ནའི་རྐྱེན་དུ་འབྱུང་བས་རྒྱུའི་རྐྱེན་ནི་སྲིད་པའི་ཡན་ལག་
གི་ས་བོན་བཞིན་དུ་དུས་མི་མཉམ་པ་ཁོ་ན་ཡིན་ནོ། །དུས་མཉམ་དུ་གཅིག་གི་རྒྱུ་ཉིད་དུ་འགྱུར་ཞེས་བྱ་བ་གང་ཡིན་པ་དེ་ནི་འདི་ལྟར་དྲང་སྟེ། རྒྱུ་ས་བོན་ནི་ད་ལྟར་བྱུང་བ་ཡིན་ལ། འབྲས་བུ་འབྱུང་བར་འགྱུར་བ་ནི་མ་འོངས་པ་ཡིན་མོད་ཀྱི། འོན་ཀྱང་རྒྱུད་ལྟར་བྱུང་བ་གང་ཡིན་པ་དེ་ཉིད་འབྲས་བུ་མ་
འོངས་པ་ཡིན་ནོ། །དེ་བཞིན་དུ་འཇུག་པའི་རྣམ་པར་ཤེས་པ་སྐྱེས་པ་ནི་ས་བོན་མ་འོངས་པ་འབྲས་བུ་འབྱུང་བར་འགྱུར་བའི་རྒྱུ་ཡིན་ལ། རྒྱུ་ད་ལྟར་བྱུང་བ་གང་ཡིན་པ་དེ་ཉིད་འབྲས་བུ་མ་འོངས་པ་ཡིན་པས་དུས་མཉམ་པ་ཉིད་ཡིན་ཏེ། རིམ་པ་འདིས་ན་ས་བོན་ནི་རྒྱུན་འཇུག་པའི་རྣམ་པར་ཤེས་
པའི་རྒྱུ་ཡིན་ལ། འཇུག་པའི་རྣམ་པར་ཤེས་པ་ཡང་རྒྱུན་འཇུག་པས་ས་བོན་གྱི་ཡིན་པས་གཅིག་གི་རྒྱུ་ཉིད་དུ་གཅིག་འགྱུར་བར་རིག་པར་བྱ་སྟེ། དཔེ་གཉིས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་དུས་མཉམ་དུ་གཅིག་གི་རྒྱུ་ཉིད་དུ་གཅིག་འགྱུར་ཞེས་འབྱུང་བའི་
ཕྱིར་དང་། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་དུས་མི་མཉམ་པའི་རྒྱུའི་རྐྱེན་ཉིད་དུ་འབྱུང་བའི་ཕྱིར། རྒྱུའི་རྐྱེན་ནི་དུས་མཉམ་པ་དང་དུས་མི་མཉམ་པ་གང་ཡིན་ནོ་ཞེས་ཟེར་རོ། །ཡང་རེ་ཞིག་རྣམ་པར་རྟོག་པ་དང་པོ་ལ་གླེང་པར་བྱ་སྟེ། ས་བོན་དང་འཇུག་པའི་རྣམ་པར་ཤེས་པ་དག་ནི་དུས་
མཉམ་དུ་རྒྱུའི་རྐྱེན་ཉིད་དུ་རུང་ངོ་། །ས་བོན་སྔ་མ་ནི་རྒྱུན་འཇུག་པས་ས་བོན་ཕྱི་མའི་དུས་ཐ་དད་པ་ཁོ་ནའི་རྒྱུའི་རྐྱེན་ཡིན་ནོ། །བདག་པོའི་རྐྱེན་ནི་མ་ཡིན་ཏེ། སྐལ་བ་མཉམ་པ་མངོན་པར་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ཡང་མ་ཡིན་ཏེ། སེམས་དང་
སེམས་ལས་བྱུང་བའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །དམིགས་པའི་རྐྱེན་ཡང་མ་ཡིན་ཏེ། ས་བོན་ལ་དམིགས་པ་མེད་པའི་ཕྱིར་རོ། །ས་བོན་རྒྱུན་འཇུག་པས་མི་འབྱུང་ངོ་ཞེས་བརྗོད་པར་ཡང་མི་ནུས་ཏེ། བྱས་པ་ཆུད་ཟ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །རྣམ་པར་རྟོག་པ་གཉིས་
Vol. 134 · folio 332b
པ་ཡང་གཞུང་ཡི་གེ་དང་མི་མཐུན་པར་བཤད་པ་ཡིན་ཏེ། གཞུང་ནི་ས་བོན་དང་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ད་ལྟར་བྱུང་བའི་དུས་ཁོ་ནར་དུས་མཉམ་པ་ཉིད་ཡིན་ལ། དེ་ཉིད་ལ་གཅིག་གི་རྒྱུ་ཉིད་དུ་གཅིག་འགྱུར་བར་བཤད་པ་ཡིན་ནོ། །དེ་ལྟ་བས་ན་རྣམ་པར་རྟོག་པ་གསུམ་པ་ཁོ་ན་
བཟང་སྟེ། དེ་ལ་རྒྱུའི་རྐྱེན་ཉིད་དུས་མཉམ་པ་ནི་ས་བོན་དང་འཇུག་པའི་རྣམ་པར་ཤེས་པ་དག་གོ། །དུས་མི་མཉམ་པ་ནི་ས་བོན་རྒྱུན་འཇུག་པས་ས་བོན་གྱིའོ། །དུས་མཉམ་དུ་གཅིག་གི་རྒྱུ་ཉིད་དུ་གཅིག་འགྱུར་ཞེས་བྱ་བ་གང་ཡིན་པ་འདི་ནི་ས་བོན་དང་འཇུག་པའི་རྣམ་པར་ཤེས་པ་
ཕན་ཚུན་གྱི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །གང་ཡང་རྒྱུ་ད་ལྟར་བྱུང་བའི་ཡིན་ན་འབྱུང་བར་འགྱུར་བ་ནི་མེད་པས་འབྲས་བུ་ཉིད་དུ་མི་འཐད་པའི་ཕྱིར་རོ་ཞེས་སྨྲས་པ་ནི། དོན་དམ་པ་བསམ་པ་ལ་ནི་དེ་དེ་ལྟར་ཡང་ཡིན་ནོ། །ཀུན་རྫོབ་ཏུ་ནི་རྒྱུ་རྐྱེན་དུ་རྣམ་པར་གཞག་པ་དུས་མཉམ་
པ་དང་མི་མཉམ་པ་ཡང་མ་ཡིན་ཏེ། ས་བོན་དང་མྱུ་གུ་ལྟ་བུ་དང་། མར་མེ་དང་འོད་ལྟ་བུའོ། །དངོས་པོ་དང་དངོས་པོ་མེད་པ་དག་ཀྱང་དེ་དང་ལྡན་པའི་ཕྱིར་དང་། དེ་ལ་རག་ལས་པས་ཏེ་འཇུག་པའི་ཕྱིར་དེ་ལྟ་བུར་གྲགས་སོ། །དོན་འདི་ཉིད་མཇུག་བསྡུ་བར་ཇི་ལྟར་ཀུན་གཞིའི་རྣམ་པར་
ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལ་ཁ་ཅིག་ན་རེ་ཀུན་ནས་ཉོན་མོངས་པའི་ཆོས་ནི་ཀུན་གཞིའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་རེག་པ་ལ་སོགས་པ་ཡང་གཟུང་སྟེ། འདི་ལྟར་དེ་དག་ནི་རང་གི་བག་ཆགས་འཇོག་པ་ན་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུ་
ཡིན་ལ་ཀུན་གཞིའི་རྣམ་པར་ཤེས་པ་ཡང་དེ་དག་གི་བསྐྱེད་པའི་ས་བོན་ཡོངས་སུ་སྨིན་པའི་སྒོ་ནས་དེ་དག་བསྐྱེད་པར་བྱ་བ་དེ་དག་གི་ཡང་རྒྱུ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་དེ་དང་མཚུངས་པར་ལྡན་པ་རྣམས་ནི་གཟུང་སྟེ། འདི་ལྟར་རྣམ་པར་སྨིན་པ་ཉིད་ཀྱིས་ལུང་དུ་མ་བསྟན་པས་
མི་གསལ་བའི་ཕྱིར་བག་ཆགས་སྐྱེད་མི་ནུས་ཀྱི། ལས་ཀྱི་འཕེན་པའི་དབང་ཁོ་ནས་འབྱུང་ངོ་། །བྱུང་བ་རྣམས་ཀྱང་རྒྱུ་མཐུན་པའི་འབྲས་བུ་བསྐྱེད་པའི་ཕྱིར་བག་ཆགས་མི་འཇོག་སྟེ། འདི་ལྟར་ལས་ཀྱི་འཕེན་པ་ཁོ་ནས་མ་ཤིའི་བར་དུ་འབྱུང་ངོ་ཞེས་ཟེར་རོ། །རྒྱུའི་རྐྱེན་གཞན་
Vol. 134 · folio 333a
མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་ལ་མ་གཏོགས་པ་གཟུགས་ཅན་དང་ལྡན་པ་མ་ཡིན་ཏེ། འདི་ལྟར་གཉི་ག་ཡང་རྫས་ཉིད་དུ་མི་རུང་བའི་ཕྱིར་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་དག་ལ་གདགས་སོ། །དེའི་ཕྱིར་གཙོར་
ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཁོ་ན་ཕན་ཚུན་རྒྱུའི་རྐྱེན་ཡིན་ལ། དེའི་སྒོ་ནས་ནི་ཁ་ཅིག་གཟུགས་ཅན་རྣམས་ཀྱང་ས་བོན་སྐྱེད་པའི་རིམ་གྱིས་རྒྱུའི་རྐྱེན་ཉིད་དུ་ཁས་ལེན་ཏོ། །གཞན་དག་ནི་བརྟགས་པ་ནི་མེད་པ་དང་འདྲའོ་སྙམ་དུ་ཁས་མི་ལེན་ཏོ། །ཡང་ན་རྒྱུའི་རྐྱེན་གཞན་
མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྡེ་པ་གཞན་དག་གིས་ཀུན་བརྟགས་པ་རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཉིད་ཅེས་བྱ་བ་འདིའོ། །ཇི་ལྟར་མི་དམིགས་ཤེ་ན། རེ་ཞིག་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་ནི་ཕན་ཚུན་རིགས་མི་མཐུན་པའི་ཕྱིར་རོ། །གལ་ཏེ་དུས་ཐ་མི་དད་
པ་ཉིད་ལ་རིགས་མི་མཐུན་པ་རྣམས་མེད་ན་མི་འབྱུང་བའི་ཕྱིར་རྒྱུའི་རྐྱེན་ཉིད་ཡིན་ན་ནི། བདག་པོའི་རྐྱེན་ཐ་དད་པ་མེད་པར་འགྱུར་ཏེ། དེས་ན་མིག་ལ་སོགས་པ་ཡང་དེ་དག་གི་རྣམ་པར་ཤེས་པ་རྣམས་ཀྱི་རྒྱུའི་རྐྱེན་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན་རྒྱུའི་རྐྱེན་ནི་རིགས་མཐུན་པའི་འབྲས་བུ་
མངོན་པར་འགྲུབ་པ་ལ་ལྟོས་པ་ཡིན་ནོ། །དེ་ཡང་ས་བོན་དང་རྫས་ཀྱི་སྒོ་ནས་རྣམ་པ་གཉིས་ལ་རེ་ཞིག་ས་བོན་གྱི་སྒོ་ནས་ནི་མ་ཡིན་ནོ། །ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་རྣམས་རང་སྐྱེ་བར་བྱ་བའི་ཕྱིར་ཕན་ཚུན་ས་བོན་འཇོག་པ་ནི་མེད་དེ། གཟུགས་ཅན་རྣམས་དང་ལྡན་
པ་མ་ཡིན་པ་རྣམས་གསལ་བའི་ཕྱིར་དང་། འཇུག་པའི་རྣམ་པར་ཤེས་པ་ལ་ས་བོན་འཇོག་པ་འགོག་པའི་ཕྱིར་དང་། གཞན་ཡང་ཁས་མི་ལེན་པའི་ཕྱིར་རོ། །གཞན་ནི་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་རྣམས་རང་གི་ས་བོན་ལས་འབྱུང་ཞིང་རང་གི་ས་བོན་འཇོག་པས་
ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་ཞེས་སོ་ཞེས་ཁས་མི་ལེན་ཏོ། །རྫས་ཀྱི་སྒོ་ནས་ཀྱང་མ་ཡིན་ཏེ། ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་རྣམས་ནི་ཕན་ཚུན་རིགས་ཐ་དད་པའི་ཕྱིར་སྔ་མ་བཞིན་ནོ། །སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་བའི་རྒྱུ་དག་རྒྱུའི་རྐྱེན་ཉིད་
Vol. 134 · folio 333b
དུ་འགྱུར་ན། རྫས་འདྲ་བ་དང་ས་བོན་འདྲ་བའི་སྒོ་ནས་རྣམ་པ་གཉིས་ཤིག་ཏུ་གྱུར་གྲང་ན། རེ་ཞིག་རྫས་འདྲ་བ་ནི་མ་ཡིན་ཏེ། འདས་ནས་རིང་ཞིག་ལོན་པ་རྣམས་ལ་སྐྱེས་བུའི་བྱེད་པ་མེད་པའི་ཕྱིར་དང་། སྐལ་བ་མཉམ་པ་དང་། ཀུན་དུ་འགྲོ་བ་འགགས་མ་ཐག་པ་ཡང་རྒྱུའི་རྐྱེན་དུ་རུང་བ་མ་
ཡིན་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་འཕངས་པའི་ཕྱིར་རོ། །ས་བོན་མེད་པར་ནི་དངོས་པོ་རྣམས་ཀྱི་རང་གི་མངོན་པར་འགྲུབ་པར་ཡང་རུང་བ་མ་ཡིན་ནོ། །འགགས་མ་ཐག་པའི་སྐད་ཅིག་མ་ཉིད་ས་བོན་གྱི་རྟེན་ཀྱང་མ་ཡིན་ཏེ། འཇུག་པའི་རྣམ་པར་ཤེས་པ་དག་ལ་ས་
བོན་འཇོག་པ་འགོག་པའི་ཕྱིར་རོ། །ས་བོན་ནི་འབྲས་བུ་མངོན་པར་འགྲུབ་པར་བྱ་བ་ལ་ཉེ་བ་ཡིན་ན། དེ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ན་ལ་སྲིད་པས་དེ་ཁོ་ན་རྒྱུའི་རྐྱེན་ཉིད་ཡིན་ནོ། །དེ་ལྟར་ན་གཞན་གྱི་ལྟ་བ་ལ་སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་བའི་རྒྱུ་དག་ས་བོན་གྱི་སྒོ་ནས་ཀྱང་རྐྱེན་
ཉིད་དུ་མི་རུང་ངོ་། །རྣམ་པར་སྨིན་པའི་རྒྱུ་ཡང་རང་གི་ངོ་བོའི་སྒོ་ནས་ནི། འདས་ནས་རིང་ཞིག་ལོན་པ་ཉིད་ཀྱིས་མེད་པའི་ཕྱིར་རོ། །ས་བོན་གྱི་སྒོ་ནས་ཀྱང་རིགས་མི་མཐུན་པ་ཉིད་ཀྱིས་བདག་པོའི་རྐྱེན་གྱིས་འཕངས་པའི་ཕྱིར་རྒྱུའི་རྐྱེན་ཉིད་དུ་མི་རུང་ངོ་། །ཡང་ན་རྒྱུའི་རྐྱེན་གཞན་ཞེས་བྱ་
བ་ནི་དུས་ཐ་དད་པ་སྟེ། རེ་ཞིག་སེམས་དང་སེམས་ལས་བྱུང་བ་འགགས་མ་ཐག་པ་དག་ནི་རྒྱུའི་རྐྱེན་མ་ཡིན་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་འཕངས་པའི་ཕྱིར་དང་། ས་བོན་གྱི་རྟེན་མ་ཡིན་པའི་ཕྱིར་རོ། །གང་གི་ཚེ་ཀུན་གཞིའི་རྣམ་པར་ཤེས་པ་དེའི་ཚེ་ཡང་སྐད་ཅིག་མ་
སྔ་མས་བསྡུས་པའི་ས་བོན་ནི་རྣམ་པར་ཤེས་པ་ཕྱི་མའི་རྐྱེན་མ་ཡིན་ཏེ། ནས་ཀྱི་ས་བོན་དང་མྱུ་གུ་ལ་སོགས་པ་བཞིན་ནོ། །འདི་ལྟར་གང་ན་རྒྱུ་ཞིག་ནས་འབྲས་བུ་ཡིན་པ་དེ་ནི། རྒྱུ་གང་དང་འབྲས་བུ་དག་སྔ་ཕྱི་ཉིད་དུ་འགྱུར་ལ། གང་ལ་རྒྱུའི་བྱེད་རྒྱུ་མ་ཞིག་པར་འབྲས་བུ་ཡིན་པ་དེ་
ནི་རྒྱུ་དང་འབྲས་བུ་དག་དུས་ཐ་མི་དད་པ་ཁོ་ན་སྟེ། དཔེར་ན་ཨུཏྤ་ལའི་རྩ་བ་ལ་སོགས་པ་ལྟ་བུའོ། །ས་བོན་ཀུན་གཞིའི་རྣམ་པར་ཤེས་པ་མ་འགགས་པར་ཡང་འབྲས་བུ་རྣམ་པར་ཤེས་པ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བས་ན་ས་བོན་ཀུན་གཞིའི་རྣམ་པར་ཤེས་པ་ནི་འབྲས་བུ་དང་དུས་
Vol. 134 · folio 334a
མཉམ་པ་ཁོ་ནར་རྒྱུའི་རྐྱེན་ཡིན་ཏེ། འབྲས་བུ་དང་མི་འགལ་བའི་ཕྱིར་ཨུཏྤ་ལའི་རྩ་བ་ལ་སོགས་པ་བཞིན་ནོ། །ཇི་ལྟར་མི་འགལ་ཞེ་ན། དེའི་གགས་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཀུན་གཞིའི་ས་བོན་གྱི་རྒྱུ་ཉིད་ནི་འཇུག་པའི་རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་རྒྱུན་
ཡིན་པའི་ཕྱིར་སྐད་ཅིག་སྔ་མས་བསྡུས་པའི་ས་བོན་ནི་ས་བོན་ཕྱི་མའི་རྒྱུའི་རྐྱེན་དུ་འགྱུར་རོ། །འོ་ན་དེ་ལྟར་ན་རྒྱུའི་རྐྱེན་གཞན་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་འདི་འགལ་བར་འགྱུར་རོ་ཞེ་ན། འདི་ནི་འཇུག་པའི་རྣམ་པར་ཤེས་པའི་དབང་དུ་མཛད་ནས་གསུངས་པ་ཡིན་པས་མི་འགལ་ལོ། །
སྣ་ཚོགས་དང་སྣ་ཚོགས་མ་ཡིན་པའི་ལེའུའི་དབང་དུ་མཛད་ནས། བག་ཆགས་ཐ་དད་པ་མ་ཡིན་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་ན་བག་ཆགས་ནི་ཀུན་གཞིའི་རྣམ་པར་ཤེས་པ་རྒྱུར་བྱས་ནས་འཇུག་པའི་ཕྱིར་ཐ་དད་པ་མ་ཡིན་ཞིང་། དགེ་བ་དང་མི་དགེ་བ་ཉིད་དུ་མི་
དམིགས་པའི་ཕྱིར་སྣ་ཚོགས་མ་ཡིན་ལ། དེ་ལས་བྱུང་བའི་ཆོས་རྣམས་ཕན་ཚུན་རང་གི་མཚན་ཉིད་ཐ་དད་པའི་ཕྱིར་དང་། དགེ་བ་དང་མི་དགེ་བ་ལ་སོགས་པ་ངོ་བོར་མངོན་པའི་ཕྱིར་ཐ་དད་པ་དང་། སྣ་ཚོགས་པ་ཡིན། འདི་སྐད་དུ་ནས་ཀྱི་ས་བོན་སྣ་ཚོགས་མ་ཡིན་པ་ལས་སཱ་ལུ་
དང་ནས་དང་གྲོ་ལ་སོགས་པ་ཐ་དད་ཅིང་སྣ་ཚོགས་པ་དག་སྐྱེ་བ་ནི་མ་མཐོང་ངོ་ཞེས་སྟོན་ཏོ། །དཔེར་ན་ཚི་གུ་རྩི་སྣ་ཚོགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ཚི་གུ་རྩི་ནི་ཚོན་གྱི་ཁྱད་པར་བྱེ་བྲག་མི་མངོན་པ་ཞིག་གོ། །ཡང་ན་ཚི་གུ་རྩི་ནི་ཐ་གུས་བཅིང་བའི་ཁྱད་པར་བྱེ་བྲག་མི་མངོན་པ་
ཡིན་ནོ། །དེ་བཞིན་དུ་སྒོ་བར་བྱེད་པ་སྣ་ཚོགས་ཀྱིས་བསྐྱེད་པའི་བག་ཆགས་སྣ་ཚོགས་ཀྱང་བག་ཆགས་ཀྱི་དུས་ན་སྣ་ཚོགས་སུ་མི་མངོན་ནོ། །འབྲས་བུ་འགྲུབ་པ་ཉིད་ཚོན་གྱི་སྣོད་དེ་དེར་བཅུག་པའོ། །རྐྱེན་ཉིད་དུ་རྣམ་པར་གཞག་པའི་ཕྱིར་གོས་ལྟ་བུ་ནི་ཀུན་གཞིའི་རྣམ་པར་
ཤེས་པ་ཡིན་ཏེ། ཚོན་ལྟ་བུའི་ཆོས་སྣ་ཚོགས་སྟོན་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ལེའུའི་དབང་དུ་མཛད་ནས། འདི་ནི་ཐེག་པ་ཆེན་པོ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྲ་བ་ནི་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཤེས་པར་དཀའ་བའི་ཕྱིར་རོ། །མཆོག་ཏུ་ཟབ་པ་ནི་ཉན་ཐོས་དང་
Vol. 134 · folio 334b
རང་སངས་རྒྱས་ཀྱིས་གཏིང་དཔོགས་པར་དཀའ་བའི་ཕྱིར་རོ། །ཡང་ན་ཕྲ་བ་ནི་ཉན་ཐོས་ལ་སོགས་པས་ཤེས་པར་དཀའ་བའི་ཕྱིར་རོ། །མཆོག་ཏུ་ཟབ་པ་ནི་མོས་པས་སྤྱོད་པ་སྤྱོད་པའི་བྱང་ཆུབ་སེམས་དཔས་གཏིང་དཔོགས་པར་དཀའ་བའི་ཕྱིར་རོ། །ཡང་ན་ཕྲ་བ་ནི་མཉམ་པར་མ་བཞག་
པས་ཤེས་པར་དཀའ་བའི་ཕྱིར་རོ། །མཆོག་ཏུ་ཟབ་པའི་མཉམ་པར་བཞག་པའི་ཤེས་པས་ཀྱང་གཏིང་དཔོགས་པར་དཀའ་བའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྟེན་ནས་ཆོས་སྣ་ཚོགས་འབྱུང་བ་ཤེས་པར་དཀའ་ཞིང་གཏིང་དཔོགས་པར་དཀའ་བ་
དེའི་ཕྱིར་འདི་ནི་ཐེག་པ་ཆེན་པོ་ཁོ་ན་ལས་བསྟན་ཏོ། །ཉེ་བར་སྤྱོད་པ་ཅན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་གྱི་ནང་དུ་བསྡུས་ནས་མདོར་བསྡུ་ན་ཞེས་བྱ་བ་སྨོས་སོ། །དེ་ལ་ངོ་བོ་ཉིད་རྣམས་རྣམ་པར་འབྱེད་པར་ནུས་པའང་དེར་དགོས་པ་ནི། ངོ་བོ་ཉིད་
རྣམ་པར་འབྱེད་པ་ཅན་ནོ། །དེ་བཞིན་དུ་སྡུག་པ་དང་མི་སྡུག་པའི་འགྲོ་བ་རྣམ་པར་འབྱེད་པར་ནུས་པའང་དེར་དགོས་པ་ནི་སྡུག་པ་དང་མི་སྡུག་པའི་འགྲོ་བ་རྣམ་པར་འབྱེད་པ་ཅན་ནོ། །ངོ་བོ་ཉིད་སྣ་ཚོགས་རྣམ་པར་དབྱེ་བའི་ཕྱིར་རྐྱེན་གྱིས་དངོས་པོར་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་
ལས་འབྱུང་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེས་བྱ་བའི་ཕྱིར་ཏེ། དེ་ཡང་སྤྲོས་པའི་བག་ཆགས་ཀྱི་ངོ་བོ་ཉིད་དོ། །བདེ་འགྲོ་དང་ངན་འགྲོ་དག་ཏུ་ཞེས་བྱ་བ་ལ། བདེ་འགྲོ་དང་ངན་འགྲོ་ནི་མིང་དང་གཟུགས་ལ་སོགས་པ་ཚོར་བ་ལ་ཐུག་པ་རྣམས་དང་སྐྱེ་བ་ལ་སོགས་པ་སྟེ། དེ་
ལ་ལས་དང་ཉོན་མོངས་པའི་ངོ་བོ་ཉིད་ཀྱི་ཡན་ལག་རྣམས་རྐྱེན་དུ་གྱུར་པས་ན་སྡུག་པ་དང་མི་སྡུག་པའི་འགྲོ་བ་རྣམ་པར་འབྱེད་པ་ཅན་ཉིད་ཡིན་ནོ། །ཡང་ན་བདེ་འགྲོ་དང་ངན་འགྲོ་ནི་ཡན་ལག་བཅུ་གཉིས་ཉིད་ཡིན་ཏེ། ཡན་ལག་སྔ་མ་སྔ་མ་ལ་བརྟེན་ནས། ཡན་ལག་ཕྱི་མ་ཕྱི་མ་
འབྱུང་བའི་ཕྱིར་རོ། །རིམ་པ་འདིས་ནི་ཡན་ལག་བཅུ་གཉིས་པོ་ཉིད་བདེ་འགྲོ་དང་ངན་འགྲོ་དག་ཏུ་རྒྱུ་ཉིད་དུ་འགྱུར་རོ། །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་ནི་ཕྲ་བའི་ཕྱིར་དང་ཟབ་པའི་ཕྱིར་ཐེག་པ་ཆེན་པོ་ཁོ་ན་ལས་བསྟན་ཏེ་ཀུན་གཞི་རྣམ་པར་ཤེས་པ་དེ་ལས་བསྟན་པའི་
Vol. 134 · folio 335a
ཕྱིར་རོ། །གཉིས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་རྣམ་པར་མ་ཕྱེ་བའི་ཕྱིར་དེ་ལྟར་ཟབ་པ་མ་ཡིན་པས་ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་བསྟན་ཏོ། །དེ་དག་ལ་ལ་ལ་ཞིག་གིས་གླང་པོ་ཆེ་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཇི་ལྟར་སྔོན་སངས་རྒྱས་ཀྱིས་
བསྟན་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་ཀྱིས་མུ་སྟེགས་ཅན་དག་ལ་བསྟན་པ་ནའོ། །ཁ་ཅིག་གིས་ནི་གླང་པོ་ཆེའི་སྣ་ལ་ཞེས་བྱ་བ་ནི་དཔེར་ན་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་ལ་མུ་སྟེགས་ཅན་དེ་ཉིད་(གྱི་‚ཀྱི་)ས་བོན་ཐམས་ཅད་པ་ལ་སོགས་པའི་དངོས་པོར་
ཐོས་པ་ལྟ་བུའོ། །ཁ་ཅིག་ན་རེ་ཞེས་བྱ་བ་ནི་དཔེར་ན་མུ་སྟེགས་ཅན་དེ་དག་ཉིད་ཀྱིས་ནུས་པ་བསགས་པ་ཙམ་དུ་དམིགས་ནས་ལོག་པར་རང་བཞིན་ལ་སོགས་པ་རྒྱུ་ཉིད་དུ་རྟོག་པར་བྱེད་པ་ལྟ་བུའོ། །ས་བོན་ཐམས་ཅད་པ་ཞེས་བྱ་བ་འདིར་ས་བོན་ཞེས་བཤད་པས་དེའི་ཞར་ལ་ས་
བོན་བྱེ་བྲག་ཏུ་ཤེས་པར་བྱ་བའི་ཕྱིར་ཕྱི་དང་ནང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིའི་ས་བོན་སཱ་ལུ་དང་ཨུཏྤ་ལའི་རྩ་བ་ལ་སོགས་པའིའོ། །ནང་གི་ཀུན་གཞིའི་རྣམ་པར་ཤེས་པས་བསྡུས་པའོ། །མི་གསལ་བ་གཉིས་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་གཉིས་སམ་ཀུན་
ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གཉིས་མི་གསལ་ཞིང་ཡོངས་སུ་མི་གསལ་བ་སྟེ། ལུང་དུ་མ་བསྟན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཁ་ཅིག་ནི་གཉིས་སུ་ཞེས་འདོན་ཏེ་ས་བོན་ནི་དགེ་བ་དང་མི་དགེ་བ་གཉིས་སུ་སྤྱད་ནའམ། ཀུན་ནས་ཉོན་མོངས་པའམ་རྣམ་པར་བྱང་
བ་གཉིས་སུ་དཔྱད་ན་མི་གསལ་ཏེ་ལུང་དུ་མ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཕྱིའི་ས་བོན་ནི་ལུང་དུ་བསྟན་པ་སྟེ་ལུང་དུ་མ་བསྟན་པ་ཉིད་ཀྱིས་མི་གསལ་བ་ཡིན་ནོ། །ནང་གི་ཡང་དགེ་བ་ལ་སོགས་པའི་ངོ་བོར་མི་དམིགས་པའི་ཕྱིར་མི་གསལ་བ་ཡིན་ནོ། །ཡང་ན་ཕྱིའི་ས་
བོན་ནི་ལུང་དུ་མ་བསྟན་པའི་ཕྱིར་རོ། །ནང་གི་ཡང་ཆུང་ཟད་ཅིག་མི་གསལ་ཏེ་ནང་གི་དགེ་བ་དང་མི་དགེ་བའི་ཆོས་ཀྱིས་སྐྱེད་པ་གང་ཡིན་པ་དེ་ནི་དགེ་བ་དང་མི་དགེ་བ་ཡིན་པའི་ཕྱིར་རོ། །གཉིས་དང་ཀུན་རྫོབ་ཅེས་བྱ་བ་ནི་ཕྱིའི་སྟེ་ཐ་སྙད་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་
Vol. 134 · folio 335b
ཡོངས་སུ་མ་གྲུབ་པ་ཡིན་ནོ། །དམ་པའི་དོན་ནི་ནང་གི་སྟེ། བརྟག་བཟོད་པ་གཉིས་ཀྱིས་ཡོངས་སུ་གྲུབ་པའི་ཕྱིར་རོ། །སྐད་ཅིག་པ་དང་ཞེས་བྱ་བ་ལ་སོགས་པས་ནི་ས་བོན་རྣམ་པ་དྲུག་སྟོན་ཏོ། །དེ་ལ་རྟག་པ་ལས་འབྲས་བུ་མི་དམིགས་པའི་ཕྱིར་ཕྱི་དང་ནང་གི་ས་བོན་གཉི་ག་སྐད་ཅིག་མ་
ཡིན་ནོ། །ནང་གི་འབྲས་བུ་དང་ལྷན་ཅིག་འབྱུང་ངོ་ཞེས་སྔར་བསྒྲུབས་ཟིན་ཏོ། །ཕྱིའི་ཡང་ཆུང་ཟད་ཅིག་ལྷན་ཅིག་འབྱུང་བར་གྲགས་ཏེ་དཔེར་ན་ཨུཏྤ་ལའི་རྩ་བ་དང་ཆུ་ཤེལ་དང་སྒྲོན་མ་དང་གྲིབ་མ་དང་མྱུ་གུ་ལ་སོགས་པ་ལྟ་བུའོ། །ཡང་ན་ཕྱིའི་ས་བོན་ཐམས་ཅད་ཀྱང་འབྲས་
བུ་དང་ལྷན་ཅིག་འབྱུང་བ་ཡིན་ནོ། །ས་བོན་དང་མྱུ་གུ་ལ་སོགས་པ་གང་ལ་རྒྱུ་དང་འབྲས་བུའི་དངོས་པོར་དུས་མི་མཉམ་པའི་ངོ་བོར་གྲགས་པ་དེར་ཡང་མྱུ་གུའི་གནས་སྐབས་ན་ས་བོན་སཱ་ལུའི་འབྲུའི་རྒྱུན་འཇུག་པས་འབྱུང་ངོ་། །དེ་ནི་དེ་ལྟ་ཡིན་ཏེ་འདི་ལྟར་མྱུ་གུ་ལ་སོགས་པའི་རྒྱུན་
གྱི་མཐར་ཐུག་པའི་དུས་སུ་ཡང་འབྲས་བུ་མངོན་པར་འགྲུབ་པས་སོ། །རྒྱུན་གྱིས་འཇུག་པས་འབྱུང་བ་དེ་ཡང་མྱུ་གུ་ལ་སོགས་པ་མེད་ན་མི་འབྱུང་བའི་ཕྱིར་མཚུངས་པར་ལྡན་པའི་རྒྱུ་བཞིན་དུ་རྒྱུ་ཡང་ཡིན་ལ། ལྷན་ཅིག་འབྱུང་བ་ཡང་ཡིན་ཏེ་མི་འགལ་ལོ། །ཕྱིའི་ས་བོན་ནི་འགལ་
བའི་རྒྱུ་དང་མ་ཕྲད་ཀྱི་བར་དུ་རྗེས་སུ་འཇུག་པ་ཙམ་གྱིས་རྒྱུན་ཆགས་སུ་འབྱུང་བ་ཡིན་ནོ། །ནང་གི་ཡང་སྲིད་པའི་ཡན་ལག་གི་བག་ཆགས་ཀྱི་ས་བོན་ནི་རྣམ་པར་སྨིན་པའི་འབྲས་བུ་མ་བྱུང་གི་བར་དུའོ། །འཇིག་ཚོགས་ལ་ལྟ་བའི་ས་བོན་དང་ཉོན་མོངས་པ་ཅན་གྱི་སྤྲོས་པའི་བག་
ཆགས་ཀྱི་ས་བོན་ནི་གཉེན་པོ་མ་བྱུང་གི་བར་དུའོ། །དགེ་བ་དང་ལུང་དུ་མ་བསྟན་པའི་སྤྲོས་པའི་བག་ཆགས་ཀྱི་ས་བོན་ཡང་ཉན་ཐོས་དང་རང་སངས་རྒྱས་དག་གི་ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་དུའོ། །དེ་བཞིན་གཤེགས་པའི་ནི་རྡོ་རྗེ་ལྟ་བུའི་བར་དུ་རྒྱུན་འཇུག་པ་ཙམ་གྱིས་
རྒྱུན་ཆགས་སུ་འབྱུང་ངོ་། །དེ་ལྟ་བས་ན་འདིས་ནི་ས་བོན་ལྷན་ཅིག་འབྱུང་བ་ཡིན་ཡང་གློག་བཞིན་དུ་སྐད་ཅིག་མ་གཅིག་གམ་གཉིས་སམ་གསུམ་དུ་གནས་པ་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །གལ་ཏེ་རྒྱུན་ཆགས་སུ་འབྱུང་ན་ཐམས་ཅད་ལས་ཐམས་ཅད་ཅི་སྟེ་མི་འབྱུང་ཞེ་ན། ངེས་
Vol. 134 · folio 336a
དང་ཞེས་བྱ་བས་ལན་འདེབས་ཏེ་འབྲས་བུ་འགའ་ཁོ་ན་ལ་རྒྱུ་ལ་ལ་ངེས་སོ་ཞེས་བྱ་བའི་དོན་ཏོ། །ངེས་ཀྱང་ཅིའི་ཕྱིར་དུས་ཐམས་ཅད་དུ་འབྲས་བུ་མི་འབྱུང་ཞེ་ན། རྐྱེན་ལ་ལྟོས་པ་དང་ཞེས་བྱ་བས་ལན་འདེབས་ཏེ། རྐྱེན་རྟག་ཏུ་ཉེ་བ་མ་ཡིན་པས་ཉེས་པ་མ་ཡིན་ནོ། །འོ་ན་ས་བོན་
དེའི་ས་བོན་གང་ཡིན་ཞེ་ན། དེའི་ཕྱིར་རང་གི་འབྲས་བུས་བསྒྲུབས་པའོ་ཞེས་བྱ་བ་སྨོས་ཏེ། ས་བོན་དང་ས་བོན་ཅན་དག་ཐོག་མ་མེད་པའི་ཕྱིར་འདིའི་འབྲས་བུ་གང་ཡིན་པ་དེ་ཉིད་ས་བོན་ནོ། །འདིས་ནི་གཙོ་བོ་ལ་སོགས་པ་ས་བོན་ཉིད་ཡིན་པ་སེལ་ཏེ། ཇི་སྐད་བཤད་པའི་ས་བོན་གྱི་
ཆོས་དང་མི་ལྡན་པའི་ཕྱིར་རོ། །ས་བོན་དང་ས་བོན་ཅན་གྱི་དངོས་པོ་ནི་འདིར་བསྒོ་བར་བྱ་བ་དང་སྒོ་བར་བྱེད་པ་ལ་ལྟོས་པ་ཡིན་པར་བཞེད་པས་བརྟན་ཞེས་བྱ་བ་ལ་སོགས་པས་བསྒོ་བར་བྱ་བ་དཔྱོད་པར་བྱེད་དོ། །དེ་ལ་བརྟན་པ་ནི་མི་འགྱུར་བ་སྟེ། ཏིལ་ལ་སོགས་པ་བཞིན་དུ་རྒྱུ་རྒྱུན་ཆགས་
སུ་འབྱུང་བ་ཡིན་གྱི་རླུང་བཞིན་དུ་གཡོ་བ་ནི་མ་ཡིན་ནོ། །རླུང་ནི་འབྲེལ་བས་དྲི་འཛིན་པ་ཁོ་ནར་ཟད་ཀྱི་རང་གི་ངོ་བོས་དྲི་འབྱུང་བར་བྱ་བའི་ཕྱིར་བག་ཆགས་འཛིན་པ་ནི་མ་ཡིན་ནོ། །སྒྲ་བཞིན་དུ་ཆད་པ་ཡང་མ་ཡིན་ནོ། །བརྟན་པ་ཡང་གང་ཞིག་ལུང་དུ་མ་བསྟན་པ་དྲི་མཉམ་པ་ཡིན་
གྱི་སྒོག་སྐྱ་དང་ཙན་དན་ལ་སོགས་པ་ལྟ་བུ་དྲི་མི་ཞིམ་པ་དང་ཞིམ་པ་ནི་མ་ཡིན་ནོ། །སྒོ་བྱ་བ་ཞེས་བྱ་བ་ནི་ཡན་ལག་མཉེན་པའི་ཕྱིར་བསྒོ་བར་འོས་པའམ་བསྒོ་བར་ནུས་པ་གང་ཡིན་པ་དེ་བསྒོ་བར་བྱ་བ་ཡིན། ཡན་ལག་སྲ་བའི་ཕྱིར་རྡོ་ལ་སོགས་པ་ནི་མ་ཡིན་ནོ། །བསྒོ་བར་བྱ་
བ་ཡང་སྒོ་བར་བྱེད་པ་དང་འབྲེལ་པ་གང་ཡིན་པ་དེ་ལ་སྒོ་བར་བྱེད་ཀྱི་མ་འབྲེལ་བ་སོ་སོ་ན་གནས་པ་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ན་བརྟན་པའི་ཕྱིར་བསྒོ་བར་བྱ་བ་ཡིན་གྱི་གཟུགས་ནི་མ་ཡིན་ཏེ། གཟུགས་མེད་པའི་གནས་སྐབས་ན་འཆད་
པའི་ཕྱིར་རོ། །འོ་ན་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཡང་ཕུང་པོ་མེད་པའི་མྱ་ངན་ལས་འདས་པར་འཆད་པའི་ཕྱིར་བསྒོ་བར་བྱ་བ་མ་ཡིན་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ནི་དུས་ཇི་སྲིད་དུ་སྒོ་བར་བྱེད་པ་ཡོད་པའི་དུས་དེ་སྲིད་དུ་བསྒོ་བར་བྱ་བ་རྒྱུན་ཆགས་སུ་འབྱུང་བའི་
Vol. 134 · folio 336b
བསྟན་པ་ལ་དགོངས་པ་ཡིན་ནོ། །གཟུགས་མེད་པའི་ཁམས་ན་ནི་སྒོ་བར་བྱེད་པ་ཡོད་ཀྱང་བསྒོ་བར་བྱ་བ་གཟུགས་མེད་དོ། །དེ་བཞིན་དུ་ལུང་དུ་མ་བསྟན་པའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ན་ཡིན་གྱི་འཇུག་པའི་རྣམ་པར་ཤེས་པ་ནི་མ་ཡིན་ཏེ། དེའི་རྒྱུན་ནི་བར་ཆད་དང་བཅས་པ་
དང་བར་ཆད་མེད་པར་དགེ་བ་དང་མི་དགེ་བ་ཀུན་དུ་སྤྱོད་པ་ཉིད་དུ་ཤས་ཆེ་བས་གཅིག་ཏུ་མ་བསྟན་པ་མ་ཡིན་པའི་ཕྱིར་རོ། །ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སྒོ་བར་བྱེད་དམ་འོན་ཏེ་སྒོ་བར་མི་བྱེད། གལ་ཏེ་སྒོ་བར་བྱེད་ན་ནི་སྔོན་གྱི་དེ་བཞིན་གཤེགས་པ་དུས་མི་ཐུང་བར་བག་ཆགས་
ཅན་དག་པས་ད་ལྟར་གྱི་དེ་བཞིན་གཤེགས་པ་རྣམས་བག་ཆགས་ཉུང་བ་ཉིད་ཀྱིས་མཐུ་དམན་པར་ཡང་ཐལ་བར་འགྱུར་ལ། དགེ་བ་བསྒོ་བར་བྱ་བར་ཡང་ཐལ་བར་འགྱུར་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ནི་གཅིག་ཏུ་དགེ་བའི་ཕྱིར་རོ། །འོན་ཏེ་སྒོ་བར་མི་བྱེད་ན་ནི་ཇི་ལྟར་སྐད་
ཅིག་མའི་རྒྱུན་གྱི་སོ་སོར་རྟོག་པའི་ཡེ་ཤེས་ལ་སོགས་པ་འབྱུང་བར་འགྱུར་རོ་ཞེ་ན། སྒོ་བར་མི་བྱེད་དོ་ཞེས་བྱ་བ་འདི་ཁོ་ན་བཟང་ངོ་། །སོ་སོར་རྟོག་པའི་ཡེ་ཤེས་ལ་སོགས་པ་འབྱུང་བ་ནི་སྔོན་གྱི་ས་བོན་གྱི་རྒྱུན་རྡོ་རྗེ་ལྟ་བུའི་དུས་ཉིད་ན་ཅིག་ཅར་ཡོངས་སུ་རྒྱས་པ་ལས་ཡིན་གྱི་སྔོན་
མེད་པ་ལས་ནི་མ་ཡིན་ནོ། །དེ་བཞིན་གཤེགས་པ་ལས་གཞན་པ་རྣམས་ཀྱི་ནི་བག་ཆགས་མེད་པར་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་རྣམས་ཁྱད་པར་ཅན་དུ་འབྱུང་བར་མི་འགྱུར་བས་གདོན་མི་ཟ་བར་བསྒོ་བར་བྱ་བ་ཡིན་པར་ཁས་བླང་དགོས་སོ། །
དེ་བཞིན་དུ་མི་རྟག་པའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཁོ་ན་ལས་བསྒོ་བར་འོས་པའམ་བསྒོ་བར་ནུས་ཀྱི། བརྟན་པའི་ཕྱིར་ནམ་མཁའ་དང་སོ་སོར་བརྟགས་པའི་འགོག་པ་དག་ལ་ནི་མ་ཡིན་ནོ། །རང་གི་རྒྱུད་དུ་གཏོགས་པའི་ཀུན་གཞིའི་རྣམ་པར་ཤེས་པ་སྒོ་བར་བྱེད་པ་རྣམས་
དང་ལྷན་ཅིག་སྐྱེ་བ་དང་འབྲེལ་པ་ཡིན་གྱི་འདས་པ་དང་མ་འོངས་པ་དང་། རྒྱུད་གཞན་དུ་གཏོགས་པ་ཡང་མ་ཡིན་པ་འདི་ཡང་འདིར་བསྒོ་བར་བྱ་བའི་མཚན་ཉིད་དུ་བརྗོད་པར་བྱ་ལ། རྟེན་བསྒོ་བར་བྱ་བ་ཡིན་གྱི་བརྟེན་པ་རེག་པ་ལ་སོགས་པ་ནི་མ་ཡིན་ནོ། །སྡེ་པ་ལ་མ་གྲགས་པའི་ཕྱིར་
Vol. 134 · folio 337a
དེ་སྐད་དུ་མ་བསྟན་ཏེ། སྡེ་པ་ལ་ནི་ཀུན་གཞིའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་རེག་པ་ལ་སོགས་པ་མ་གྲགས་སོ། །བསྒོ་བར་བྱ་བའི་མཚན་ཉིད་འདི་ནི་གཞན་ལ་གྲགས་པའི་བསྒོ་བར་བྱ་བ་དགག་པས་རྣམ་པར་གཞག་པ་ཡིན་ཏེ། དགག་པ་རྒྱས་
པར་ནི་འཆད་པར་འགྱུར་རོ། །དེ་ནི་བག་ཆགས་ཀྱི་མཚན་ཉིད་དོ་ཞེས་བྱ་བ་ནི་བག་ཆགས་ནི་བསྒོ་བར་བྱ་བའི་ཆོས་ཡིན་པས་བསྒོ་བར་བྱ་བའི་མཚན་ཉིད་གང་ཡིན་པ་དེ་ཡང་བག་ཆགས་ཀྱི་ཡིན་པའི་ཕྱིར་རོ། །མདོ་སྡེ་པ་གང་དག་རྣམ་པར་ཤེས་པའི་ཚོགས་ལྔ་དང་དབང་པོ་རྟེན་དང་
བཅས་པའི་གཟུགས་བསྒོ་བར་བྱ་བ་ཡིན་པར་སེམས་པ་དེ་དག་གི་དགག་པ་འཆད་པར་འགྱུར་རོ། །གང་དག་རྣམ་པར་ཤེས་པའི་ཚོགས་དྲུག་ཁོ་ན་བསྒོ་བར་བྱ་བ་ཡིན་གྱི་གཟུགས་ནི་མ་ཡིན་ནོ་ཞེས་བྱ་བར་སེམས་པ་དེ་དག་གི་དགག་པ་ནི་ལུང་དུ་མ་བསྟན་པ་མ་ཡིན་པའི་ཕྱིར་ཞེས་
བྱ་བར་བཤད་ཟིན་མོད་ཀྱི། དེའི་ཞར་ལ་དྲུག་པོ་དག་ལ་ཞེས་བྱ་བ་ལ་སོགས་པས་དགག་པ་གཞན་བརྩམ་མོ། །དེ་ལ་ཁ་ཅིག་ན་རེ་འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་དག་ནི་ཕན་ཚུན་བག་ཆགས་འཇོག་པ་མ་ཡིན་ཏེ། གཞན་ཁས་ལེན་པ་ཉིད་ཀྱིས་ལྷན་ཅིག་སྐྱེ་བ་དང་འགག་པའི་
མཚན་ཉིད་ཀྱིས་འབྲེལ་པ་མེད་པའི་ཕྱིར་རོ། །ཡང་གཞན་གྱི་ཇི་ལྟར་དེ་ལྟར་ཁས་བླངས་ཤེ་ན། ཐ་དད་གསུམ་དང་འགལ་བའི་ཕྱིར། །འདི་ལྟར་གསུམ་པོ་རྟེན་དང་དམིགས་པ་དང་ཡིད་ལ་བྱེད་པ་དག་ནི་རྣམ་པར་ཤེས་པའི་ཚོགས་དྲུག་ལ་སོ་སོ་ཐ་དད་པར་མཐོང་སྟེ། གལ་ཏེ་ཅིག་ཅར་སྐྱེ་བར་
གྱུར་ན་དེ་དང་འགལ་བར་འགྱུར་རོ་ཞེས་ཟེར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། དབང་པོ་ལ་སོགས་པ་ཐ་དད་པ་ཉིད་མ་ཡིན་ཡང་ཅིག་ཅར་སྐྱེ་བར་མ་མཐོང་བའི་ཕྱིར་དང་། གང་དང་ཟླ་བ་ལ་ལྟ་བ་ལ་སོགས་པ་ལ་སྲོག་ཆགས་རྣམས་ཀྱི་དབང་པོ་ལ་སོགས་པ་ཐ་དད་ཀྱང་ཅིག་ཅར་སྐྱེ་བ་
མཐོང་བའི་ཕྱིར་རོ། །དེ་ལྟ་བས་ན་གཞན་དུ་རྣམ་པར་བྱ་སྟེ། འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་དག་ནི་འབྲེལ་པ་མེད་པའི་ཕྱིར་ཕན་ཚུན་བསྒོ་བར་བྱ་བ་མ་ཡིན་ནོ། །རེ་ཞིག་གཟུགས་ཅན་མ་ཡིན་པའི་ཕྱིར་ཕྲད་པའི་འབྲེལ་པ་ནི་མེད་དོ། །དུས་མཉམ་དུ་སྐྱེ་བ་ཙམ་གྱིས་འབྲེལ་
Vol. 134 · folio 337b
པ་ཡང་མ་ཡིན་ཏེ། རྒྱུད་གཞན་ལ་ཡང་བག་ཆགས་འཇོག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་གཅིག་གིས་བྱས་པའི་འབྲེལ་པ་ཡང་མ་ཡིན་ཏེ། དེ་ནི་གོ་འབྱེད་པ་ཙམ་ལ་ཉེ་བར་སྦྱོར་གྱི། འབྲས་བུ་རྣམས་ཕན་ཚུན་སྦྱོར་བ་ལ་ནི་མ་ཡིན་ནོ། །གང་གི་ཚེ་
འཇུག་པའི་རྣམ་པར་ཤེས་པ་དྲུག་ཅར་གྱི་མཇུག་ཐོགས་སུ་འཇུག་པའི་རྣམ་པར་ཤེས་པ་དྲུག་ཅར་ཅིག་ཅར་རིམ་གྱིས་སྐྱེ་བ་དེའི་ཚེ་མཚུངས་པ་དེ་མ་ཐག་པའི་རྐྱེན་ཅིག་མེད་པའི་ཡང་ཕྱིར་རོ། །རྟེན་དང་དམིགས་པ་དང་ཡིད་ལ་བྱེད་པ་གཅིག་སྐྱེ་བས་འབྲེལ་པ་ཡང་མ་ཡིན་ཏེ།
ཐ་དད་གསུམ་འགལ་བའི་ཕྱིར། འཇུག་པའི་རྣམ་པར་ཤེས་པ་དྲུག་གི་རྟེན་དང་དམིགས་པ་དང་། ཡིད་ལ་བྱེད་པ་ནི་སོ་སོར་ཐ་དད་པར་མཐོང་སྟེ་དེ་ལྟ་ཡིན་ན་འགལ་བར་འགྱུར་རོ། །འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་འདི་ནི་རྟེན་ལ་སོགས་པ་ཐ་དད་པའི་ཕྱིར་ཕན་ཚུན་འབྲེལ་པ་
མེད་པ་ཡིན་ཏེ། རྒྱུད་གཞན་བཞིན་ནོ་ཞེས་གཞན་ལ་རྗེས་སུ་དཔག་པས་གནོད་པ་ཡིན་ནོ། །སེམས་ཅན་གཅིག་གི་རྒྱུད་དུ་གཏོགས་པ་ཉིད་ཀྱིས་འབྲེལ་པ་ཡང་མ་ཡིན་ཏེ། རྟེན་ལ་སོགས་པ་ཐ་དད་པ་ཉིད་ཀྱིས་སེམས་ཅན་གཅིག་གི་རྒྱུད་དུ་གཏོགས་པ་ཉིད་བསྒྲུབ་པར་དཀའ་བའི་
ཕྱིར་རོ། །འཇུག་པའི་རྣམ་པར་ཤེས་པ་དང་། ཀུན་གཞིའི་རྣམ་པར་ཤེས་པ་དག་ནི་མདུང་ཁྱིམ་བཞིན་གཅིག་ལ་གཅིག་བརྟེན་པའི་ཕྱིར་འབྲེལ་པ་ཡིན་ནོ། །གལ་ཏེ་རྟེན་གཅིག་པ་ཉིད་ཀྱིས་འབྲེལ་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་སྔ་མ་ནི་མིག་གི་རྣམ་པར་ཤེས་པ་ཕྱི་མའི་སྒོ་བར་
བྱེད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་སྐད་ཅིག་ལྷན་ཅིག་མེད་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །འདི་དག་ནི་བསྒོ་བར་བྱ་བ་དང་སྒོ་བར་བྱེད་པ་ཉིད་མ་ཡིན་ཏེ། དུས་ཐ་དད་པའི་ཕྱིར་དུས་ཐ་དད་པའི་ཏིལ་དང་མེ་ཏོག་བཞིན་ནོ། །གལ་ཏེ་ཡང་སྔ་མ་དང་ཕྱི་མ་དག་རྒྱུན་གཅིག་པ་ཉིད་ཀྱིས་རིགས་
གཅིག་པའི་ཕྱིར་བསྒོ་བར་བྱ་བ་སྒོ་བར་བྱེད་པ་ཡིན་ནོ་ཞེ་ན། དེའི་ཕྱིར། རིགས་ལ་བྱ་ན་གཞན་དུ་ཐལ། །ཞེས་བྱ་བ་སྨོས་ཏེ། གཟུགས་ཅན་གྱི་དབང་པོ་ཡང་རིགས་གཅིག་པའི་ཕྱིར་གཟུགས་ཅན་གྱི་དབང་པོ་སྐད་ཅིག་མ་སྔ་མ་བསྒོ་བར་བྱ་བ་ཉིད་དུ་འགྱུར་རོ། །དེས་ན་སེམས་ཀྱི་
Vol. 134 · folio 338a
རྒྱུད་ཁོ་ན་བསྒོ་བར་བྱ་བ་ཡིན་ནོ་ཞེས་བརྗོད་པར་མི་བྱའོ། །གང་གི་ཕྱིར་དེ་ལྟར་དཔྱད་ན་ཀུན་གཞིའི་རྣམ་པར་ཤེས་པ་ལས་གཞན་པ་ནི་བསྒོ་བར་བྱ་བར་རུང་བ་མ་ཡིན་པས། དེ་ལས་གཞན་པ་ལ་སྒོ་བར་མི་བྱེད་པའི་ཕྱིར་ཕྱི་དང་ནང་གི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕྱི་
དང་ནང་གི་ས་བོན་དེ་གཉི་ག་ཡང་སྐྱེད་པར་བྱེད་པ་དང་འཕེན་པར་བྱེད་པ་ཡིན་ཏེ། ཕྱིའི་ས་བོན་ནི་མྱུ་གུའི་མངོན་སུམ་དུ་སྐྱེད་པར་བྱེད་པ་ཡིན་ནོ། །སྡོང་བུ་ལ་སོགས་པ་བརྒྱུད་པ་སྦྱང་ན་འདུག་པའི་བར་གྱི་ནི་འཕེན་པར་བྱེད་པ་ཡིན་ནོ། །ནང་གི་ས་བོན་ཀུན་གཞིའི་རྣམ་པར་ཤེས་པ་ཡང་མིང་
དང་གཟུགས་ཀྱི་ནི་མངོན་སུམ་དུ་སྐྱེད་པར་བྱེད་པ་ཡིན་ནོ། །བརྒྱུད་པ་རྒ་ཤིའི་བར་གྱི་ནི་འཕེན་པར་བྱེད་པ་ཡིན་ནོ། །རེ་ཞིག་སྐྱེད་པར་བྱེད་པ་ནི་ཡིན་ལ་རེག་ན་ཡང་འཕེན་པར་བྱེད་པ་གོ་ཇི་ལྟར་ཡིན་ཞེ་ན། མ་བཏབ་ཤི་བ་འཕེན་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་སྐྱེད་པར་
བྱེད་པ་ཁོ་ན་ཡིན་གྱི་འཕེན་པར་བྱེད་པ་མ་ཡིན་པར་གྱུར་ན། ནས་ལ་སོགས་པའི་ས་བོན་སྦྱང་ལ་སོགས་པ་ན་འདུག་པ་མ་བཏབ་པ་རྣམས་ཀྱི་རྒྱུན་དུས་རིང་པོར་འབྲེལ་པར་མི་འགྱུར་རོ། །མ་བཏབ་པ་ཞེས་སྨོས་པ་ནི་བཏབ་པ་ནི་ཆུ་ལ་སོགས་པས་བསྒྱུར་བའི་ཕྱིར་དེ་འཕངས་པ་མ་
ཡིན་པས་སོ། །ཤི་བའི་ལུས་རྣམས་ཀྱི་རྒྱུན་ཡང་རྗེས་སུ་འཇུག་པར་མི་འགྱུར་རོ། །འོ་ན་ཅི་ཞེ་ན་ཤི་མ་ཐག་ཏུ་འཇིག་པར་འགྱུར་རོ། །གལ་ཏེ་ཡང་ས་བོན་མ་བཏབ་པ་དང་ཤི་བའི་རོ་རང་གི་རྒྱུན་ཁོ་ནས་འཇུག་གི་འཕེན་པར་བྱེད་པའི་དབང་གིས་ནི་མ་ཡིན་ནོ་ཞེ་ན། རང་གི་ངང་གིས་
མཐར་འཇིག་བཞིན། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་ཕྱིའི་རྐྱེན་ལ་ལྟོས་པར་སྙིང་པོ་དང་སྣུམ་ཟད་པའི་མར་མེ་འཇིག་པའི་ཚུལ་དུ་རང་གི་ངང་གིས་མཐར་ཡོངས་སུ་འགྱུར་བས་འཇིག་པ་མཐོང་ངོ་། །དེས་ན་གདོན་མི་ཟ་བར་འཕེན་པར་བྱེད་པ་ཟད་དེ་དེའི་ཕྱིར་དེ་འདུ་བྱེད་
ཀྱི་རྒྱུན་གཞན་རྒྱུན་ཆགས་པར་མི་འགྱུར་རོ་ཞེས་བྱ་བར་རྗེས་སུ་དཔག་གོ། །དེ་ལྟར་ཕྱི་དང་ནང་གི་ས་བོན་དག་འདྲ་བ་ཉིད་དུ་བསྟན་ནས། ཕྱི་རོལ་ས་བོན་མ་བསྒོས་པའམ་ཞེས་བྱ་བ་ལ་སོགས་པས་མི་འདྲ་བ་ཉིད་བརྗོད་དོ། །འམ་ཞེས་བྱ་བའི་སྒྲས་ནི་བསྒོས་པ་ཡང་ཡིན་
Vol. 134 · folio 338b
པས་ཏེ། བསྒོས་པའི་ས་བོན་ཉིད་ནི་མ་ཏུ་ལུང་གའི་ས་བོན་རྒྱ་སྐྱེགས་ཀྱི་ཁུ་བས་བསྐུས་པ་རྣམས་སོ། །མ་བསྒོས་པའི་ས་བོན་ཉིད་ནི་ནས་ཀྱི་ས་བོན་ལ་སོགས་པའོ། །ནང་ནི་འདོད་པ་མ་ཡིན་ཏེ། གལ་ཏེ་སྔོན་མེད་པ་སྐྱེད་པ་སྟེ། ཇི་སྐད་དུ་རྣམ་པར་རྟོག་པ་གཉིས་པ་ལས་བརྗོད་པ་ལྟ་བུ་ཡང་
རུང་གལ་ཏེ་ཆོས་ཉིད་ཀྱིས་གནས་པའི་ས་བོན་ཡོངས་སུ་གསོས་པ་ཡང་རུང་སྟེ། རྣམ་པ་ཐམས་ཅད་དུ་བསྒོས་པ་ས་བོན་ཉིད་ཡིན་ན་ཕྱི་རོལ་གྱི་ནི་དེ་ལྟ་ཡང་མ་ཡིན་ནོ། །ནང་ལ་སོགས་པ་རང་དང་མཐུན་པའི་འབྲས་བུ་བསྐྱེད་པའི་ཕྱིར་ཆུ་ལ་སོགས་པས་ཡོངས་སུ་གསོས་ཤིང་ནུས་པ་
བཞག་པ་ཡང་ས་བོན་གྱི་ཁྱད་པར་ཡོངས་སུ་གསོས་པ་ཞེས་ནི་བྱའོ། །གཞན་དག་ནི་ཕྱི་རོལ་ས་བོན་མ་བཏབ་པའམ་ཞེས་བྱ་བར་འདོན་ཏེ། མ་བཏབ་པའི་ས་བོན་ཉིད་ནི་དཔེར་ན་ཏིལ་དང་ཨུཏྤ་ལའི་རྩ་བ་དང་དཱུར་བ་ལ་སོགས་པ་ལ་གོ་རིམས་བཞིན་དུ་སོལ་བ་དང་། བ་ལང་གི་
ལྕི་བ་དང་། ལུག་བལ་ལ་སོགས་པའི་ལྟ་བུ་སྟེ། སོལ་བ་ལ་སོགས་པ་ལ་ཏིལ་ལ་སོགས་པའི་ས་བོན་བཏབ་པ་ནི་མ་ཡིན་ནོ། །བཏབ་པའི་ས་བོན་ཉིད་ནི་ནས་ལ་སོགས་པའིའོ། །ཕྱིའི་ས་བོན་འདི་ནི་རྣམ་པར་བཏགས་པའི་ཡིན་ཏེ། ནང་གི་ཆོས་ཉིད་ཀྱིས་གནས་པའི་ཕྱིར་
རོ། །སྔོན་མེད་པ་བཞག་པས་ས་བོན་བཏབ་པ་ཉིད་ཡིན་ན། སོལ་བ་ལ་སོགས་པ་ལ་ནི་དེ་ལྟར་བཏབ་པ་ཡང་མ་ཡིན་ཏེ། གྲགས་པ་མེད་པའི་ཕྱིར་རོ། །ནང་གི་ནི་བསྒོས་པ་ཁོ་ནའམ་བཏབ་པ་ཁོ་ན་ས་བོན་ཉིད་ཡིན་ཞེ་ན་བཤད་པ། ཐོས་སོགས་བག་ཆགས་མེད་ན་ནི། དེ་
འབྲས་ཏེ། འབྲས་བུ་མང་དུ་ཐོས་པ་དང་། མངོན་པར་ཤེས་པ་ལ་སོགས་པ་མ་མཐོང་བའི་ཕྱིར་རོ། །གཞན་ཡང་གལ་ཏེ་མ་བསྒོས་པར་ཏིལ་དང་ཨུཏྤ་ལའི་རྩ་བ་ལ་སོགས་པ་བཞིན་དུ། གློ་བུར་དུ་འབྲས་བུ་འབྱུང་བར་འགྱུར་ན་ནི་གཏོང་བ་ཅན་དབུལ་པོར་འགྱུར་
ལ། སེར་སྣ་ཅན་ཡང་དབང་ཕྱུག་ཉིད་དུ་འགྱུར་ཏེ། དེས་ན་བྱས་དང་མ་བྱས་འཇིག་དང་འཕྲད། །ཉེས་པར་འགྱུར་ཕྱིར་གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ། །བྱས་པ་སྦྱིན་པའི་ས་བོན་འཇིག་པའི་ཕྱིར་དང་། མ་བྱས་པ་དབུལ་པོ་ཉིད་དང་ཕྲད་ཅིང་འབྱུང་བར་འགྱུར་བའི་ཕྱིར་
Vol. 134 · folio 339a
རོ། །གལ་ཏེ་ཕྱིའི་ས་བོན་ཀུན་གཞིའི་རྣམ་པར་ཤེས་པ་ལས་ཐ་དད་པ་ཡིན་ན། སྔར་ཀུན་གཞིའི་རྣམ་པར་ཤེས་པ་ནི་ས་བོན་ཐམས་ཅད་པ་ཉིད་དོ་ཞེས་བཤད་པ་ལ་ཇི་ལྟར་གནོད་པར་མི་འགྱུར་ཞེ་ན། ནང་ནི་ཕྱི་རོལ་རྐྱེན་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པས་ལན་
འདེབས་ཏེ། འདི་ལྟར་སཱ་ལུ་ལ་སོགས་པའི་ས་བོན་དེ་དག་ལ་ཉེ་བར་སྤྱོད་པར་བྱེད་པའི་སྲོག་ཆགས་རྣམས་ཀྱི་ལས་ཀྱི་བག་ཆགས་ཀྱི་ས་བོན་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཡོད་པ་དག་གིས་དེ་དག་ཏུ་སྣང་བ་ཉིད་དུ་བསྒྲུབས་པ་ཡིན་ནོ། །དེ་བས་ན་དེ་ལས་ཐ་དད་པ་མ་ཡིན་ནོ། །ཐུན་
མོང་དང་ཐུན་མོང་མ་ཡིན་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཞར་ལ་འོངས་པ་ས་བོན་རྫོགས་སོ།། །།ཐུན་མོང་མ་ཡིན་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཁོངས་སུ་གཏོགས་པ་ཉེ་བར་སྤྱོད་པ་ཅན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་དེ་བསྟན་པར་ཡང་ཞེས་བྱ་བ་སྨོས་སོ། །འཇུག་
པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་དག་ཡིན་ཏེ། ཡང་རྣམ་པར་ཤེས་པ་དྲུག་པོ་དག་ཅེས་འབྱུང་བའི་ཕྱིར་རོ། །ཅིའི་ཕྱིར་དྲུག་པོ་ཁོ་ན་ཡིན་ཞེ་ན་འདི་ལྟར་ལུས་དང་འགྲོ་བ་ཐམས་ཅད་དུ་ཡུལ་འདོད་པ་དང་མི་འདོད་པ་དང་ཕྲད་ན་ཉེ་བར་སྤྱོད་པ་གཙོ་བོར་བདེ་བ་དང་
སྡུག་བསྔལ་བ་དང་བཏང་སྙོམས་གསལ་བ་ཡིན་པས་སོ། །ཀུན་གཞིའི་རྣམ་པར་ཤེས་པ་ལ་ནི་མི་སྲིད་དེ་མི་གསལ་བའི་ཕྱིར་རོ། །ཉོན་མོངས་པ་ཅན་གྱི་ཡིད་ཀྱང་གསལ་བ་ཡིན་མོད་ཀྱི། དེ་ནི་གཙོར་ལྟ་བ་གཙོ་བོར་གྱུར་པ་ཡིན་གྱི་ཚོར་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ཉེ་བར་སྤྱོད་པ་ནི་གཙོར་
ཚོར་བས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་འཇུག་པའི་རྣམ་པར་ཤེས་པ་དྲུག་ཁོ་ན་ཉེ་བར་སྤྱོད་པ་ཅན་ཡིན་ནོ། །ཇི་སྐད་གསུངས་པ་ལྟ་བུའོ། །ཞེས་བྱ་བ་ནི་ཉེ་བར་སྤྱོད་པ་ཅན་ཉིད་ཀྱི་ཁུངས་སོ། །གཅིག་ནི་རྐྱེན་གྱི་རྣམ་པར་ཤེས། །ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་འབྲས་བུ་ཉིད་ཀྱང་ཡིན་མོད་ཀྱི་ས་
བོན་གྱི་རྟེན་ཉིད་ཀྱིས་ནི་ཆོས་རྣམས་ཀྱི་རང་གི་ངོ་བོའི་རྒྱུ་ཡིན་པའི་ཕྱིར་རྐྱེན་གྱིས་རབ་ཏུ་ཕྱེ་བ་ཡིན་པ་ལ་རྐྱེན་གྱི་རྣམ་པར་ཤེས་པ་ཞེས་བྱའོ། །འཇུག་པའི་རྣམ་པར་ཤེས་པ་ནི་ཉེ་བར་སྤྱོད་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་ཉེ་བར་སྤྱོད་པ་ཅན་ཞེས་བྱའོ། །ཉེ་བར་སྤྱོད་པ་ནི་གཙོར་འཇུག་
Vol. 134 · folio 339b
པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཁོ་ནའི་ཚོར་བ་ཡིན་ནོ། །དེ་ལ་མཚན་མར་འཛིན་པ་ནི་ཡོངས་གཅོད་དོ། །ཉེ་བར་སྤྱོད་པ་དེ་ལ་འཇུག་པར་བྱེད་པ་ནི་དེ་དག་ལས་གཞན་པའི་འདུ་བྱེད་རྣམས་ཏེ་གཙོར་འཇུག་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་
རྣམས་ཡིན་ནོ། །དེ་ལྟ་བས་ན་འདིས་ནི་ཕྱིའི་དངོས་པོ་མེད་ཀྱང་སྲོག་ཆགས་རྣམས་ཀྱི་ཉེ་བར་སྤྱོད་པ་འབྱུང་བ་སྲིད་པར་སྟོན་ཏོ། །སྔར་གཅིག་གི་རྐྱེན་གཅིག་ཡིན་པར་བཤད་པ་དེ་ལུང་གིས་བསྟན་པར་ཆོས་མངོན་པའི་མདོ་ལས་ཚིགས་སུ་བཅད་པ་ཞེས་བྱ་བ་སྨོས་སོ། །རྐྱེན་གྱི་རྣམ་པར་
ཤེས་པ་ཞེས་བཤད་པས་གཞན་རྣམས་ནི་རྐྱེན་མ་ཡིན་པ་ཉིད་དུ་དོགས་པ་དེ་བསལ་བའི་ཕྱིར་དང་། ཞར་ལ་འོག་ནས་འབྱུང་བའི་རྐྱེན་བསྟན་པའི་ཕྱིར་ཡང་འདིར་བཀོད་དོ། །ཆོས་ཀུན་རྣམ་པར་ཤེས་པ་ལ་སྦྱོར་ཞེས་བྱ་བ་ནི། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་ཇི་སྐད་དུ་ཀུན་
གཞི་རྣམ་པར་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་གཉིས་ཀྱི་རྐྱེན་བྱེད་དེ། ས་བོན་གྱི་ངོ་བོ་དང་། རྟེན་སྦྱིན་པའི་སྒོ་ནས་སོ། །དེ་ལ་ས་བོན་གྱི་སྒོ་ནས་ནི་འཇུག་པའི་རྣམ་པར་ཤེས་པ་དང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་གང་ཆུང་ཟད་འབྱུང་བ་དེ་ཐམས་ཅད་ནི་ཀུན་གཞིའི་རྣམ་
པར་ཤེས་པའི་ས་བོན་ཅན་ཡིན་པའོ། །དེ་ལ་རྟེན་སྦྱིན་པའི་སྒོ་ནས་ནི་ཀུན་གཞིའི་རྣམ་པར་ཤེས་པས་ཟིན་པའི་གཟུགས་ཅན་གྱི་དབང་པོ་རྣམས་ལ་བརྟེན་ནས་རྣམ་པར་ཤེས་པའི་ཚོགས་ལྔ་འབྱུང་བར་འགྱུར་གྱི་མ་ཟིན་པ་དག་ལ་མ་ཡིན་པ་དང་། མིག་ལ་སོགས་པའི་རྟེན་བཞིན་
དུ་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་ན་རྣམ་པར་ཤེས་པའི་ཚོགས་ལྔ་དང་། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་འབྱུང་བར་འགྱུར་གྱི། །མེད་ན་མ་ཡིན་པའོ། །དེ་ལ་འཇུག་པའི་རྣམ་པར་ཤེས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་རྣམ་པ་གཉིས་ཀྱིས་རྐྱེན་བྱེད་དེ་མཐོང་བའི་ཆོས་ལ་ས་
བོན་ཡོངས་སུ་གསོ་བ་དང་ཚེ་ཕྱི་མ་ལ་དེ་མངོན་པར་གྲུབ་པར་བྱ་བའི་ཕྱིར་ས་བོན་ཡོངས་སུ་འཛིན་པ་འཇོག་པའི་སྒོ་ནས་སོ། །དེའི་ཕྱིར་མཐོང་བའི་ཆོས་ལ་ས་བོན་ཡོངས་སུ་རྒྱས་ན་ཇི་ལྟ་ཇི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྟེན་པའི་འཇུག་པའི་རྣམ་པར་ཤེས་པ་དགེ་བ་དང་མི་
Vol. 134 · folio 340a
དགེ་བ་ལུང་མ་བསྟན་པ་འབྱུང་བ་དེ་ལྟ་དེ་ལྟར་རང་གི་རྟེན་ལ་ལྷན་ཅིག་འབྱུང་བ་དང་འགག་པས་སྒོ་བར་བྱེད་དོ། །རྒྱུ་དང་རྐྱེན་དེས་ན་འཇུག་པའི་རྣམ་པར་ཤེས་པ་ཕྱི་མ་རྣམས་དགེ་བ་ལ་སོགས་པའི་ངོ་བོར་ཆེས་རྒྱས་པ་དང་ཆེས་སྦྱངས་པ་དང་ཆེས་གསལ་བར་འབྱུང་བར་འགྱུར་
རོ་ཞེས་བྱ་བ་ལ་སོགས་པ་བཤད་པ་ལྟ་བུའོ། །རྐྱེན་གྱི་ལེའུའི་དབང་དུ་མཛད་ནས་གལ་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་ལ་རྣམ་པར་ཤེས་པ་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ཀུན་གཞིའི་རྣམ་པར་ཤེས་པ་ངོ་བོ་ཉིད་རྣམ་པར་འབྱེད་པར་ཉེ་བར་གནས་པ་དེའི་ཚེ་ནི་ས་
བོན་དེ་ལ་བརྟེན་ནས་ནི་འཇུག་པའི་རྣམ་པར་ཤེས་པ་ཡིན་ལ། དེ་ལ་ཡང་བརྟེན་ནས་ནི་མངོན་པར་འདུ་བྱ་བ་ལས་བྱུང་བའི་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་པས་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་རྣམ་པར་ཤེས་པ་དེ་དག་དང་ཕན་ཚུན་རྒྱུའི་རྐྱེན་ཉིད་ཡིན་ནོ། །དེས་ན་
ཤུགས་ཀྱིས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་ནི་ཆོས་ཐམས་ཅད་ལ་རྒྱུའི་རྐྱེན་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །ཀུན་གཞིའི་རྣམ་པར་ཤེས་པ་ནི་དེ་རྣམས་ལ་མཚུངས་པ་དེ་མ་ཐག་པ་དང་། དམིགས་པ་དང་། བདག་པོའི་རྐྱེན་གྱི་ངོ་བོར་ཡང་གནས་པའི་ཕྱིར་དེ་མཚུངས་པ་དེ་མ་ཐག་པ་ལ་
སོགས་པའི་རྐྱེན་ཉིད་དུ་ཡང་བརྗོད་པར་བྱ་བ་མ་ཡིན་ནམ་ཞེ་ན། རེ་ཞིག་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་ནི་བརྗོད་པར་མི་བྱ་སྟེ། རྣམ་པར་ཤེས་པ་གང་ཞིག་མངོན་དུ་གྱུར་ན་རྣམ་པར་ཤེས་པ་གཞན་སྐྱེ་བའི་གགས་བྱེད་པ་ལ་འགགས་ན་སྐབས་འབྱེད་པས་སྐྱེ་བ་དང་མཐུན་པར་འགྱུར་བ་
དེ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ན་ཀུན་གཞིའི་རྣམ་པར་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་དེ་ལྟར་ཡང་མ་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་མངོན་དུ་གྱུར་བཞིན་དུ་འཇུག་པའི་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར་རོ། །དམིགས་པའི་རྐྱེན་ཉིད་དུ་ཡང་བརྗོད་པར་
མི་བྱ་སྟེ། མིག་ལ་སོགས་པའི་རྣམ་པར་ཤེས་པས་མངོན་སུམ་དུ་མི་དམིགས་པ་ཉིད་ཀྱིས་དམིགས་པའི་རྐྱེན་དངོས་མ་ཡིན་པའི་ཕྱིར་རོ། །བདག་པོའི་རྐྱེན་ཉིད་དུ་ཡང་བརྗོད་པར་མི་བྱ་སྟེ། མི་སྒྲིབ་པའི་ངོ་བོ་ཙམ་གྱིས་གཙོ་བོ་མ་ཡིན་པའི་ཕྱིར་རོ། །འདི་ནི་ངོ་བོ་ཉིད་ཀྱི་རྣམ་པར་
Vol. 134 · folio 340b
འབྱེད་པར་ནུས་པ་ཡང་མ་ཡིན་ཏེ་རྟེན་ཙམ་གྱིས་ཕན་འདོགས་པའི་ཕྱིར་རོ། །སྔར་ཕན་ཚུན་རྐྱེན་ཡིན་པར་བསྒྲུབས་པའི་ཕྱིར་དང་ཆོས་མངོན་པ་ལས་ཀྱང་ཚིགས་སུ་བཅད་དེ་བསྟན་པའི་ཕྱིར་གྲུབ་པར་བྱས་ནས། གལ་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་ལ་རྣམ་པར་ཤེས་པ་དེ་དག་ཕན་
ཚུན་དུ་རྒྱུའི་རྐྱེན་ཡིན་ན་ཞེས་བྱ་བ་སྨོས་སོ། །རྟེན་ཅིང་འབྲེལ་པར་འབྱུང་བ་གཉིས་པ་ལ་ཞེས་བྱ་བ་ནི་སྡུག་པ་དང་མི་སྡུག་པའི་འགྲོ་བ་ཅན་ལའོ། །ཡང་ཇི་ལྟར་སྡུག་པ་དང་མི་སྡུག་པའི་འགྲོ་བ་འགྲུབ་ཅེ་ན། སྡུག་བསྔལ་ལ་ཀུན་དུ་རྨོངས་པ་བདག་ཉིད་བདེ་བར་བྱ་བའི་ཕྱིར་འདུ་བྱེད་
རྣམ་པ་གསུམ་ལ་འཇུག་སྟེ། དེ་དག་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཡིན་ནོ། །དེ་དག་ཀུན་དུ་སྤྱོད་པས་མ་འོངས་པའི་འབྲས་བུ་རྣམ་པར་ཤེས་པའི་ས་བོན་མ་འོངས་པའི་རྣམ་པར་ཤེས་པ་སྐྱེ་བ་དང་མཐུན་པར་རྣམ་པར་གཞག་པ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་
བྱའོ། །དེ་དེ་ལྟར་རྣམ་པར་འཇོག་པ་ན་མིང་དང་གཟུགས་ཀྱི་ས་བོན་ཡང་མ་འོངས་པའི་མིང་དང་གཟུགས་སྐྱེ་བར་བྱ་བའི་ཕྱིར་རྣམ་པར་འཇོག་པ་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱའོ། །དེ་ཡང་དེ་ལྟར་རྣམ་པར་འཇོག་པ་ནི་སྐྱེ་མཆེད་དྲུག་གི་ས་བོན་ཡང་མ་
འོངས་པའི་སྐྱེ་མཆེད་དྲུག་སྐྱེ་བར་བྱ་བའི་ཕྱིར་རྣམ་པར་འཇོག་པར་བྱེད་པ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱའོ། །དེ་ཡང་དེ་ལྟར་རྣམ་པར་འཇོག་པ་ན་རེག་པའི་ས་བོན་ཡང་མ་འོངས་པའི་རེག་པའི་སྐྱེ་བར་བྱ་བའི་ཕྱིར་རྣམ་པར་འཇོག་པར་བྱེད་པ་ནི་སྐྱེ་མཆེད་དྲུག་གི་
རྐྱེན་གྱིས་རེག་པ་ཞེས་བྱའོ། །དེ་ཡང་དེ་ལྟར་རྣམ་པར་འཇོག་པ་ན་ཚོར་བའི་ས་བོན་མ་འོངས་པའི་ཚོར་བ་སྐྱེ་བར་བྱ་བའི་ཕྱིར། རྣམ་པར་འཇོག་པར་བྱེད་པ་ན་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་སྟེ། ས་བོན་དེ་ཅིག་ཅར་ཡོངས་སུ་གསོས་ཀྱང་འབྲས་བུར་གྱུར་པ་རྣམ་པར་ཤེས་པ་ལ་
སོགས་པ་སྔ་མ་ལ་ཕྱི་མ་བརྟེན་པ་ཉིད་དུ་དམིགས་པའི་ཕྱིར་གང་ཇི་ལྟར་སྨོས་པའི་གོ་རིམས་བཞིན་རྐྱེན་དུ་རྣམ་པར་གཞག་པར་བརྗོད་དོ། །ཚེ་རབས་གཞན་གྱི་ལས་ཀྱིས་མངོན་པར་གྲུབ་པའི་ཚོར་བ་ཀུན་དུ་སྤྱོད་པའི་གནས་སྐབས་ལ་བརྟེན་ནས་དེ་ལ་དམིགས་པའམ་དེ་དང་
Vol. 134 · folio 341a
མཐུན་པའི་དངོས་པོ་ལ་དམིགས་པའི་སྲེད་པ་ཆུང་ངུ་སྐྱེ་བ་ནི་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱའོ། །དེ་ལ་ཡང་བརྟེན་ནས་འདུན་པའི་འདོད་ཆགས་འདོད་པ་ལ་སོགས་པ་ལ་དམིགས་པ་ནི་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱའོ། །འདུན་པའི་འདོད་ཆགས་ཀྱིས་
ཡོངས་སུ་གསོས་པ་བསོད་ནམས་ལ་སོགས་པའི་ས་བོན་གང་ཡིན་པ་དེ་ནི་སྲིད་པའོ། །འབྲས་བུར་གྱུར་པ་རྣམ་པར་ཤེས་པ་ལ་སོགས་པ་ཚོར་བ་ལ་ཐུག་པའི་ས་བོན་ཡིན་ཏེ། དེ་ནི་སྤྲོས་པའི་བག་ཆགས་ཀྱི་ངོ་བོ་ཉིད་རྣམ་པར་འབྱེད་པའི་རྒྱུ་ཡིན་པ་ཉིད་ཀྱིས་ངོ་བོ་ཉིད་རྣམ་
པར་འབྱེད་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཁོངས་སུ་བསྡུས་པའི་ཕྱིར་དང་། སྡུག་པ་དང་མི་སྡུག་པའི་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་རོ། །རིས་མཐུན་པ་གཞན་དུ་འབྲས་བུར་གྱུར་པ་རྣམ་པར་ཤེས་པ་ལ་སོགས་པ་ཚོར་བ་ལ་ཐུག་པ་སྲིད་པ་སྔོན་དུ་འགྲོ་བ་ཅན་རིམ་གྱིས་མངོན་
པར་འགྲུབ་པ་ནི་སྐྱེ་བའོ། །དེ་ཡོད་ན་སྐྲ་ཉམས་པ་དང་མདོག་མི་སྡུག་པ་དང་པགས་པ་འཁུམས་པ་ལ་སོགས་པའི་ངོ་བོར་ཡོངས་སུ་གྱུར་པའི་གནས་སྐབས་དང་སྲོག་འཆད་པའི་གནས་སྐབས་ནི་རྒ་ཤི་ཞེས་བྱ་སྟེ། བདེན་པ་མཐོང་བ་ལ་འཕེན་པ་མེད་དོ་སྲེད་པ་དང་བྲལ་བ་ལ་སྲིད་པ་
མེད་དོ་ཞེས་འབྱུང་བའི་ཕྱིར་རྨོངས་པ་ནི་འདིར་མཐོང་བས་སྤང་བར་བྱ་བའི་མ་རིག་པ་ཡིན་ནོ། །དེ་ལ་ཇི་ལྟར་ཕྱིར་མི་འོང་བའི་མི་གཡོ་བའི་ལས་བསམ་གཏན་སྤེལ་མ་དང་མཚུངས་པར་ལྡན་པ་ཚེ་རབས་གཞན་མ་འདྲིས་པས་གནས་གཙང་མ་ལྔ་པ་འཕེན་ཅེ་ན། དེ་ནི་མ་ཡིན་ཏེ་
བསམ་གཏན་བཞི་པའི་སྙོམས་པར་འཇུག་པའི་ས་བོན་ཟག་པ་དང་བཅས་པ་ཆེན་པོ་འཁོར་བ་ཐོག་མ་མེད་པ་ནས་འདྲིས་པ་འབྲས་བུ་ཆེ་བར་སྐྱེ་བ་འཕེན་པར་བྱེད་པ་གནས་པ་བསམ་གཏན་སྤེལ་མའི་མཐུས་མི་ཆེ་བ་ལ་སོགས་པར་སྐྱེ་བ་བསྐྱུང་བར་བྱེད་དེ་ཡན་ལག་དེ་ནི་ས་འོག་མའི་མི་
མཐུན་པའི་ཕྱོགས་ཀྱིས་མི་གཡོས་པའི་ཕྱིར་མི་གཡོ་བ་ཉིད་ཡིན་གྱི་མྱ་ངན་ལས་འདས་པ་བཞིན་རྣམ་པར་སྨིན་པ་ལ་མི་གཡོ་བའི་ཕྱིར་ནི་མ་ཡིན་ནོ། །ཕྱིར་མི་འོང་བ་རྣམས་ནི་ཁྱད་པར་དུ་འགྲོ་བ་ཡིན་པའི་ཕྱིར་གནས་ཀྱི་ཁྱད་པར་གཅིག་ཏུ་སྐྱེ་བ་གཅིག་ཁོ་ན་མ་ཡིན་ནམ་སྐྱེ་བ་གཉིས་པ་ལ་
Vol. 134 · folio 341b
སོགས་པ་ནི་སོ་སོར་མ་བརྟགས་པའི་འགོག་པས་འགགས་པའི་ཕྱིར་འབྲས་བུ་ཆེ་བ་དག་ཏུ་སྐྱེ་བ་ལྔ་མེད་ན་ཇི་ལྟར་མི་ཆེ་བ་ལ་སོགས་པར་རྣམ་པ་ལྔ་སྒྱུར་བར་བྱེད་ཅེ་ན། དེ་ནི་མ་ཡིན་ཏེ་འབྲས་བུ་ཆེ་བ་དག་ཁོ་ནར་སོ་སོར་མ་བརྟགས་པའི་འགོག་པས་འགགས་པའི་ཕྱིར་རོ། །དེ་ལ་འདིར་
མ་རིག་པ་ལ་སོགས་པ་ནི་ཡན་ལག་ཕྱི་མ་རྣམས་ཀྱི་དམིགས་པ་དང་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་དུ་འཁྲུལ་པའི་ཕྱིར་དང་ངོ་བོ་ཉིད་དང་རྣམ་པའི་ཁྱད་པར་དག་གིས་ཀྱང་རིགས་ཐ་དད་པའི་ཕྱིར་རྒྱུ་དང་དམིགས་པ་དང་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་དུ་ཁས་མི་ལེན་གྱི་ཁྱབ་
པའི་ཕྱིར་དང་རིགས་ཐ་དད་པའི་ཕྱིར་བདག་པོའི་རྐྱེན་ཉིད་ཁོ་ནར་རྣམ་པར་གཞག་གོ། །ཡང་རྣམ་པར་ཤེས་པ་དྲུག་པོ་དག་ཅེས་བྱ་བ་ནི་ཉེ་བར་སྤྱོད་པ་ཅན་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྟེ། བདག་པོའི་རྐྱེན་ནི་མིག་ལ་སོགས་པ་དབང་པོ་དྲུག་གོ། །དམིགས་པའི་རྐྱེན་ནི་ཡུལ་
གཟུགས་ལ་སོགས་པའོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་དྲུག་པོ་འགགས་མ་ཐག་པའོ། །འདི་དག་ལ་རྒྱུའི་རྐྱེན་བདག་ཉིད་ཇི་ལྟ་བ་བཞིན་དགེ་བ་ལ་སོགས་པའི་ས་བོན་ཡང་ཡོད་པ་མ་ཡིན་ནམ། དེ་ཅིའི་ཕྱིར་མི་བརྗོད་ཅེ་ན། ཁ་ཅིག་ན་རེ་དེ་ནི་མ་ཁྱབ་པའི་ཕྱིར་མ་བརྗོད་
དེ་འདི་ལྟར་འཕགས་པའི་ལམ་ནི་འདྲིས་པ་མ་ཡིན་པའི་ཕྱིར་སྐད་ཅིག་མ་དང་པོ་སྐྱེ་བ་ས་བོན་མེད་པ་ཅན་ཡིན་ནོ་ཞེས་ཟེར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། རང་བཞིན་གྱི་རིགས་སྔར་བསྒྲུབས་ཟིན་པའི་ཕྱིར་རོ། །འོན་ཏེ་ཡང་བྱེ་བྲག་ཏུ་སྨྲ་བ་རྣམས་སྐལ་བ་མཉམ་པའི་རྒྱུ་ཁས་མི་
ལེན་པའི་ཕྱིར་འཕགས་པའི་ལམ་གྱི་སྐད་ཅིག་མ་དང་པོའི་རྒྱུའི་རྐྱེན་མེད་པ་ཅན་དུ་འདོད་དེ། དེ་དང་མཐུན་པར་དེ་མ་བརྗོད་དོ་ཞེ་ན་དེ་ལྟ་ན་ཡང་རིགས་པ་མ་ཡིན་ཏེ་དེའི་ལུགས་ཀྱིས་དེ་ལ་ཡང་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་མཚན་ཉིད་ཀྱི་རྒྱུའི་རྐྱེན་ཡོད་པའི་ཕྱིར་རོ། །འོན་
ཏེ་ཉེ་བར་སྤྱོད་པ་ཅན་ནི་ཉེ་བར་སྤྱད་པར་བྱ་བ་ལ་ལྟོས་པ་ཡིན་ལ། ཉེ་བར་སྤྱོད་པར་བྱ་བ་ཡང་སེམས་དང་སེམས་ལས་བྱུང་བ་དང་མིག་ལ་སོགས་པ་ལུས་སུ་བསྡུས་པ་དང་འགྲོ་བ་དེ་དང་དེ་དག་ན་ཡུལ་གཟུགས་ལ་སོགས་པ་ཡིན་ཏེ། དེ་ལྟར་ན་ཉེ་བར་སྤྱད་པར་བྱ་བ་ཉིད་ནི་གསུམ་
Vol. 134 · folio 342a
པའི་བདག་ཉིད་དེ་ཁོ་ན་ཞེས་དེ་ཉིད་ཀྱི་རྐྱེན་གསུམ་གྱིས་རྣམ་པར་ཕྱེ་སྟེ་བསྟན་ཏོ་སྙམ་ན། དེ་ཡང་རིགས་པ་མ་ཡིན་ཏེ་ཀུན་གཞིའི་རྣམ་པར་ཤེས་པའི་ཁོངས་སུ་གཏོགས་པ་ས་བོན་ཡོངས་སུ་སྨིན་པ་ལུས་སུ་བསྡུས་པ་ཉིད་ཀྱིས་ཉེ་བར་སྤྱད་པར་བྱ་བ་ཉིད་ཡིན་པས། དེའི་རྒྱུ་རྐྱེན་
ཡང་བརྗོད་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་ངོ་བོ་ཉིད་རྣམ་པར་བྱེད་པའི་སྐབས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་ལ་རྒྱུའི་རྐྱེན་བསྟན་ཟིན་པའི་ཕྱིར་དང་། ཉེ་བར་སྤྱོད་པ་ཡང་སྐད་ཅིག་མ་སྔ་མ་དང་ཕྱི་མ་འགག་པ་དང་སྐྱེ་བའི་རིམ་གྱིས་རྒྱུན་གྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་དང་། མིག་
ལ་སོགས་པའི་རྟེན་ཉིད་དུ་གཟུགས་ལ་སོགས་པ་ནི་དམིགས་པ་ཉིད་དུ་གྲགས་པའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་ལ་སོགས་པ་ཁོ་ན་བསྟན་གྱི་རྒྱུའི་རྐྱེན་ནི་མ་ཡིན་ནོ་ཞེས་བྱས་ན་ལེགས་སོ། །འདི་དག་ཡིན་ནོ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་གོ་རིམས་བཞིན་དུ་ཇི་སྐད་བསྟན་པའི་རྟེན་ཅིང་
འབྲེལ་པར་འབྱུང་བ་གསུམ་གྱི་རྐྱེན་རྣམས་མདོར་བསྡུས་ནས་མཇུག་སྡུད་པ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་སྔར་ནི་གཙོར་རྐྱེན་རྣམ་པར་གཞག་པ་མཛད་པ་ཡིན་ནོ། །ད་ནི་ཡོན་ཏན་གཙོ་བོའི་ངོ་བོ་ལ་མ་བརྟེན་པར་རྟེན་ཅིང་འབྲེལ་པར་འབྱུང་བ་རེ་རེའི་རྐྱེན་གཞིའི་ངོ་བོ་ཉིད་རྐྱེན་བཞི་
ལས་སྐྱེ་བར་སྟོན་ཏོ་ཞེས་ཟེར་རོ། །དེ་ལ་སྤྲོས་པའི་བག་ཆགས་དབྱེ་བ་མ་བྱས་པར་སྤྱིར་འཁོར་བ་ཇི་སྲིད་པར་གནས་པའི་སྒོ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་ཀུན་གཞི་རྣམ་པར་ཤེས་པ་ནི་དེ་ལས་གཞན་པ་རྣམས་ཀྱི་རྐྱེན་གཞིར་འགྱུར་ཏེ་ས་བོན་གྱི་རྟེན་དང་མི་སྒྲིབ་པ་དང་དམིགས་
པ་དང་རང་གི་རིགས་ཀྱི་སྐད་ཅིག་མ་ལ་སྐད་ཅིག་མ་སྔ་མ་འགགས་པས་མཚུངས་པ་དེ་མ་ཐག་པའི་རྟེན་སྦྱིན་པའི་སྒོ་ནས་སོ། །དེ་ཡང་རྐྱེན་གཞི་ཁོ་ན་ལས་སྐྱེ་སྟེ་རང་གི་རྒྱུད་དང་འབྲེལ་ཅིང་ལྷན་ཅིག་འབྱུང་བའི་ས་བོན་གྱི་སྒོ་ནས་རྣམ་པར་ཤེས་པའི་ཚོགས་བདུན་ལས་དེ་དང་འདྲ་
བའི་བག་ཆགས་དང་འབྲེལ་པ་སྐྱེ་བ་ན་རྒྱུའི་རྐྱེན་དང་རྟེན་དང་བཅས་པའི་དབང་པོ་ལ་དམིགས་པའི་ཕྱིར་དམིགས་པའི་རྐྱེན་དང་། རང་ལས་གཞན་པ་མི་སྒྲིབ་པར་གྱུར་པ་དག་ལས་ཏེ་བདག་པོའི་རྐྱེན་དང་། རང་གི་རིགས་ཀྱི་སྐད་ཅིག་མ་འགགས་པ་མཚུངས་པ་དེ་མ་ཐག་པའི་
Vol. 134 · folio 342b
རྐྱེན་ལས་སོ། །ཉིང་མཚམས་སྦྱོར་བ་འབྲེལ་པ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་ཀུན་དུ་འབྱུང་བ་དང་འགལ་བའི་ཕྱིར་དང་། དེ་འགགས་པ་ཉིང་མཚམས་སྦྱོར་བ་སྦྲེལ་བ་དང་མཐུན་པའི་ཕྱིར་ཏེ་དེ་བས་ན་སྲིད་པ་བར་མའི་ཡིད་ཀྱི་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་ཐ་མ་ཡང་དེའི་མཚུངས་པ་
དེ་མ་ཐག་པའི་རྐྱེན་ཡིན་ནོ། །དེ་བཞིན་དུ་མ་རིག་པ་ལ་སོགས་པ་ཡང་སོ་སོར་རིགས་མི་མཐུན་པའི་འབྲས་བུ་སྐྱེ་བ་ལ་ལྟོས་ནས་རྐྱེན་གཞིའི་ངོ་བོ་ཉིད་ཀྱི་རྐྱེན་བཞི་ལས་སྐྱེ་བར་ཅི་རིགས་པར་བཤད་པར་བྱའོ། །ས་བོན་དུ་གྱུར་པ་རྣམས་དང་གཟུགས་ཅན་གྱི་ཡན་ལག་རྣམས་ལ་རྐྱེན་
བཞི་རིལ་མི་སྲིད་པས་འཇུག་པའི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་རྐྱེན་གཞིའི་ངོ་བོ་ཉིད་ཀྱིས་རྐྱེན་བཞི་ལས་སྐྱེ་བར་བཤད་པར་བྱའོ། །རྣམ་གྲངས་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་མིང་ངོ་། །མཚན་ཉིད་ཀྱིས་ཞེས་བྱ་བ་ནི་ལེའུ་བདུན་གྱིས་སོ། །ཇི་ལྟར་
ན་ཞེས་བྱ་བ་ནི་ཇི་སྐད་སྨོས་པའི་རྣམ་པར་འགོད་པ་ཡིན་ཏེ་འཇུག་པའི་རྣམ་པར་ཤེས་པ་རྣམས་ཁོ་ན་ལ་བསམས་ནས་གཞན་རྒོལ་ཞིང་རྟོག་པར་བྱེད་དོ། །དེ་ལ་འཇིག་རྟེན་པ་རྣམས་ལ་རྣམ་པའི་རབ་ཏུ་དབྱེ་བ་མཐའ་ཡས་པ་ཞིག་སྲིད་མོད་ཀྱི་འདས་མ་ཐག་པ་སྡུག་པ་དང་མི་སྡུག་
པའི་འགྲོ་བ་ཀུན་ནས་ཉོན་མོངས་པ་གསུམ་གྱི་གནས་སྐབས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉེ་བར་བསྟན་པ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལ་སོགས་པ་གསུམ་གྱི་བྱེ་བྲག་ཁོ་ན་ཉེ་བར་འགོད་དོ། །འཇིག་རྟེན་པའི་རྣམ་པར་བྱང་བ་ནི་དག་པ་པའི་བསམ་གཏན་དང་
གཟུགས་མེད་པའི་མཚན་ཉིད་དོ། །འཇིག་རྟེན་ལས་འདས་པ་ནི་འཕགས་པའི་ལམ་གྱི་མཚན་ཉིད་དང་འགོག་པའི་སྙོམས་པར་འཇུག་པའི་མཚན་ཉིད་དང་། གནས་གྱུར་པའི་མཚན་ཉིད་དོ། །འདི་དག་ནི་འཇིག་རྟེན་ལས་འདས་པ་ཉིད་ཡིན་པ་ནི་འཕགས་པའི་ལམ་གྱི་སྟོབས་
ཀྱིས་སྙོམས་པར་འཇུག་པའི་ཕྱིར་དང་། འཕགས་པའི་ལམ་སྔོན་དུ་འགྲོ་བ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་སྤྱིར་ན་རྣམ་པ་བདུན་ཡིན་ནོ། །ཉོན་མོངས་པ་རྣམས་ཡང་དང་ཡང་དུ་བྱུང་བ་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་སྟེ། དེ་
Vol. 134 · folio 343a
ཡང་ཉོན་མོངས་པ་མང་བའི་ཕྱིར་འདོད་པའི་ཁམས་ཡིན་ནོ། །དེ་ན་ཡོད་པ་ཉིད་རྣམ་པ་གསུམ་དུ་དབྱེ་སྟེ། རྒྱུན་ཆགས་སུ་ཀུན་ནས་ཉོན་མོངས་པ་འབྱུང་བ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལས་ལངས་པ་ལ་ཀུན་ནས་ཉོན་མོངས་པ་འབྱུང་བ་དང་འཕགས་པའི་ལམ་
ལས་ལངས་པ་ཀུན་ནས་ཉོན་མོངས་པ་འབྱུང་བའོ། །དེ་ནི་རང་གི་བསྐྱེད་པའི་བག་ཆགས་དང་འབྲེལ་པ་ཡིན་ན་དེ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་མི་རུང་ངོ་། །དེ་ལ་ཀུན་ནས་ཉོན་མོངས་པ་དང་པོ་ལ་ནི་འདོད་ཆགས་ལ་སོགས་པས་མིག་གི་རྣམ་པར་ཤེས་པའམ་མིག་གི་རྣམ་
པར་ཤེས་པ་འདོད་ཆགས་ལ་སོགས་པའམ། འདོད་ཆགས་ལ་སོགས་པའི་བག་ཆགས་ཡོངས་སུ་གཟུང་བའི་མིག་གི་རྣམ་པར་ཤེས་པས་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པའམ། འདོད་ཆགས་ལ་སོགས་པའི་བག་ཆགས་ཡོངས་སུ་གཟུང་བའི་མིག་གི་རྣམ་པར་ཤེས་
པས་མིག་གི་རྣམ་པར་ཤེས་པ་ཕྱི་མ་གཞན་ལ་བསྒོ་བར་འགྱུར་གྲང་ན། དེ་ལ་འདོད་ཆགས་ལ་སོགས་པས་མིག་གི་རྣམ་པར་ཤེས་པ་ལ་བསྒོ་བ་ཉིད་དགག་པའི་དབང་དུ་མཛད་ནས། འདི་ལྟར་མིག་གི་རྣམ་པར་ཤེས་པ་གང་ཞེས་བྱ་བ་ལ་སོགས་པ་དེ་ཉིད་དེ་དག་གི་ས་བོན་གྱི་དངོས་
པོར་བག་ཆགས་བསྒོས་པར་འགྱུར་གྱི་ཞེས་བྱ་བའི་བར་སྨོས་སོ། །འདི་ཇི་ལྟར་མི་རུང་ཞེ་ན། དགོས་པ་མེད་པའི་ཕྱིར་དེ་བག་ཆགས་འཇོག་པར་བྱེད་པ་ནི་རང་དང་མཐུན་པའི་འབྲས་བུ་སྐྱེད་པའི་ཆེད་ཡིན་ན་དེ་ནི་ལྟ་བ་འདི་ལ་རུང་བ་མ་ཡིན་ནོ་ཞེས་མིག་གི་རྣམ་པར་ཤེས་པ་འགགས་པ་
རྣམ་པར་ཤེས་པ་གཞན་གྱིས་བར་དུ་ཆོད་པ་དེ་ལ་ནི་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །རྣམ་པར་ཤེས་པ་གཞན་གྱིས་བར་དུ་ཆོད་པ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པས་བར་དུ་ཆོད་པའོ། །བག་ཆགས་མེད་ཅིང་བག་ཆགས་ཀྱི་གནས་ཀྱང་མི་དམིགས་ཞེས་བྱ་བ་ནི་
འདོད་ཆགས་ལ་སོགས་པའི་བག་ཆགས་རྟེན་དང་བཅས་ཏེ་འགགས་པའི་ཕྱིར་ས་བོན་མེད་པས་དེ་ལས་འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པའི་མིག་གི་རྣམ་པར་ཤེས་པ་སྐྱེ་བར་མི་འགྱུར་བའོ། །རྒྱུད་གཅིག་ཏུ་གཏོགས་པའི་ཕྱིར་རྣ་བའི་རྣམ་པར་ཤེས་པ་མཇུག་
Vol. 134 · folio 343b
ཐོགས་སུ་སྐྱེ་བ་ཉིད་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུན་བཞིན་དུ་མིག་གི་རྣམ་པར་ཤེས་པས་ཟིན་པའི་བག་ཆགས་ཡོངས་སུ་འཛིན་ཅིང་སྐྱེ་བ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། རྟེན་ཐ་དད་པའི་ཕྱིར་རྒྱུད་གཅིག་ཏུ་གཏོགས་པ་ཉིད་བསྒྲུབ་པར་དཀའོ་ཞེས་དེ་ནི། ཐ་དད་གསུམ་དང་འགལ་
བའི་ཕྱིར། །ཞེས་བྱ་བ་དེར་རྣམ་པར་ཕྱེ་ཟིན་ཏོ། །ཇི་སྟེ་ཡང་འདི་ནི་རྒྱུད་གཅིག་ཏུ་གཏོགས་པ་ཁོ་ན་ཡིན་ཏེ། འདི་ལྟར་རྣམ་པར་ཤེས་པ་གཅིག་པོ་ཉིད་མིག་ལ་སོགས་པའི་རྟེན་དེ་དང་དེ་ནས་སྐྱེ་བ་ན་དེ་དང་དེའི་མིང་ཐོབ་པར་ཟད་དོ་སྙམ་ན། དེ་ལྟར་ན་ཡང་རིགས་པ་མ་ཡིན་ཏེ་ལྷན་ཅིག་སྐྱེ་
བ་དང་འགག་པའི་ངོ་བོས་སྐད་ཅིག་མ་སྔ་མས་སྐད་ཅིག་མ་ཕྱི་མ་ལ་བག་ཆགས་འཇོག་པར་མི་སྲིད་པའི་ཕྱིར་དང་། བག་ཆགས་ཆོས་ཉིད་ཀྱིས་གནས་ན་ཡང་ཡོངས་སུ་གསོ་བ་མེད་པར་སྐྱེ་བར་མི་རུང་བའི་ཕྱིར་དང་། སེམས་མེད་པའི་གནས་སྐབས་ན་སེམས་ཀྱི་རྒྱུན་ཆད་པ་ཉིད་
ཀྱིས་ཇི་སྐད་བཤད་པའི་སྐྱོན་དུ་ཐལ་པར་འགྱུར་བའི་ཕྱིར་དང་རྟེན་ཐ་དད་པ་ཉིད་ཀྱིས་རྒྱུད་ཀྱི་རྫས་གཅིག་པ་ཉིད་བསྒྲུབ་དཀའ་བའི་ཡང་ཕྱིར་རོ། །ཡང་འདིར་བརྒྱ་ལ་བྱེ་བྲག་ཏུ་སྨྲ་བ་ཉོན་མོངས་པ་འདས་པ་ལས་ཉོན་མོངས་པ་ཡིན་ལ་དེ་ཡང་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ཡིན་ནོ་ཞེས་ཟེར་ན།
དེའི་ཕྱིར་མེད་པ་འདས་པ་དེ་ལས་འདོད་ཆགས་དང་བཅས་པ་འབྱུང་དུ་མི་རུང་ཞེས་བྱ་བ་སྨོས་སོ། །འདས་པའི་ལས་ལས་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་འབྲས་བུ་ཕྱུང་ཟིན་གང་ཡིན་པ་དེ་ན་དཔེར་དགོད་པར་བྱའོ། །སྐལ་བ་མཉམ་པའི་རྒྱུ་སྐད་ཅིག་མས་བར་དུ་ཆོད་པ་ནི་རང་གི་འབྲས་བུ་
མི་འབྱིན་ཏོ། །འདས་ནས་ཡུན་རིང་དུ་ལེན་པའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་ཕྱུང་ཟིན་པ་ལྟ་བུའོ། །ཡང་འདས་པའི་ལས་ལས་ཞེས་བྱ་བ་འདི་ནི་འོད་སྲུངས་པའི་ལྟ་བ་ཡིན་ཏེ་དེ་དག་གི་ལྟར་ན་འདས་པ་ཆུང་ཟད་ཅིག་ནི་ཡོད་དེ་སྐལ་བ་མཉམ་པའི་རྒྱུ་ཐམས་ཅད་དང་རྣམ་པར་སྨིན་
པའི་རྒྱུ་འབྲས་མ་ཕྱུང་བའོ། །ཆུང་ཟད་ཅིག་ནི་མེད་དེ་རྣམ་པར་སྨིན་པའི་རྒྱུ་འབྲས་བུ་ཕྱུང་ཟིན་པའོ། །དེ་ནི་དེ་དག་གི་ཕྱིར་དེ་སྐད་བཤད་པ་ཡིན་ཏེ། དེ་ནི་མདོ་སྡེ་པའི་སྐབས་དགག་པའི་ཕྱིར་ཡང་དེ་སྐད་དུ་བརྗོད་པར་བྱའོ། །མིག་གི་རྣམ་པར་ཤེས་པས་འདོད་ཆགས་ལ་
Vol. 134 · folio 344a
སོགས་པ་ལ་སྒོ་བར་བྱེད་པ་དགག་པར་མིག་གི་རྣམ་པར་ཤེས་པ་འདོད་ཆགས་ལ་སོགས་པ་དང་ལྷན་ཅིག་འབྱུང་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མིག་གི་རྣམ་པར་ཤེས་པ་ནི་མཚུངས་པར་ལྡན་པའི་སྒོ་ནས་ཉོན་མོངས་པ་ཅན་གྱི་ཡིན་པས་དེ་ལྟ་བུའི་འབྲས་བུའི་སྐྱེ་
པར་བྱ་བའི་ཕྱིར་རང་ལ་བརྟེན་པའི་འདོད་ཆགས་ལ་སོགས་པ་ལ་བག་ཆགས་འཇོག་གོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ནོ། །དེ་ལ་རྟེན་པའི་ཕྱིར་ཞེས་བྱ་བ་ནི་འདིར་སེམས་ལ་བྱུང་བ་རྣམས་གང་ལ་བརྟེན་པའི་རྟེན་ཉིད་ཀྱིས་སྒོ་བར་མི་བྱེད་དོ་ཞེས་བྱ་བ་དེ་ལྟར་ནི་གཟུང་བར་མི་བྱ་སྟེ། འཇུག་པའི་རྣམ་
པར་ཤེས་པ་བདུན་གྱི་ཀུན་གཞིའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་རེག་པ་ལ་སོགས་པ་ལ་སྒོ་བར་བྱེད་པ་ཉིད་དུ་ཐལ་བར་གྱུར་ན་མི་རུང་བས་སོ། །དེ་ལྟ་བས་ན་འདི་སྐད་དུ་འདོད་ཆགས་ལ་སོགས་པ་ལ་སྒོ་བར་བྱེད་པ་ནི་མ་ཡིན་ཏེ་སྐད་ཅིག་རེ་རེ་ལ་གཞན་ལ་རག་ལས་ཏེ་སྐྱེ་བའི་རྒྱུ་
ཅན་ཡིན་པའི་ཕྱིར་སྒྲ་ལ་སོགས་པ་བཞིན་ནོ་ཞེས་རྣམ་པར་དབྱེ་བར་བྱའོ། །མི་བརྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདོད་ཆགས་པ་ལ་སྒོ་བར་མི་བྱེད་དེ་རྒྱུ་མི་བརྟན་པའི་ཕྱིར་སྒྲ་དང་གློག་ལ་སོགས་པ་བཞིན་ནོ། །འདོད་ཆགས་ལ་སོགས་པའི་བག་ཆགས་ཡོངས་སུ་གཟུང་བའི་མིག་གི་རྣམ་
པར་ཤེས་པས་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ལ་སྒོ་བར་བྱེད་པ་ཉིད་དགག་པའི་དབང་དུ་མཛད་ནས་རྣམ་པར་ཤེས་པ་གཞན་དག་ལ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལ་ཁ་ཅིག་ན་རེ་མིག་ལ་སོགས་པའི་རྣམ་པར་ཤེས་རྣམས་ཀྱི་གནས་ཐ་དད་པའི་རྒྱུས་
གཞན་གྱི་ལྟ་བས་ལྷན་ཅིག་འབྱུང་བ་དང་འགག་པ་མེད་དོ། །གང་དག་རྟེན་གཅིག་པ་ཅན་དུ་འཇུག་པ་ཅན་དེ་དག་ནི་ཅིག་ཅར་སྐྱེ་སྟེ། དཔེར་སེམས་དང་སེམས་ལས་གྱུར་པ་རྣམས་ལྟ་བུའོ་སྙམ་དུ་བསམས་པའི་ཕྱིར་རོ། །དེའི་ཕྱིར་མིག་གི་རྣམ་པར་ཤེས་པས་རྣ་བའི་རྣམ་པར་ཤེས་པ་
ལ་སོགས་པ་ལ་སྒོ་བར་བྱེད་པ་མ་ཡིན་ཏེ། ལྷན་ཅིག་སྐྱེ་བ་དང་འགག་པ་དང་བྲལ་བའི་ཕྱིར་འདས་ནས་རིང་ཞིག་ལོན་པས་ད་ལྟར་ལྟ་བུ་དང་མ་འོངས་པ་ལྟ་བུ་དང་རྒྱུད་གཞན་དུ་གཏོགས་པ་རྣམ་པར་ཤེས་པ་དུས་ཐ་དད་པ་ལྟ་བུའོ་ཞེས་ཟེར་རོ། །གཞན་དག་ན་དེ་དང་ལྷན་ཅིག་འབྱུང་བ་དང་
Vol. 134 · folio 344b
འགག་པ་མེད་པའི་ཕྱིར་རོ་ཞེས་དང་ཞེས་བྱ་བའི་སྒྲའི་དོན་ཏོ། །དེས་ན་མིག་གི་རྣམ་པར་ཤེས་པས་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ལ་སྒོ་བར་བྱེད་པ་ནི་མ་ཡིན་ཏེ། གནས་ཐ་དད་པའི་ཕྱིར་རྒྱུད་གཞན་གྱི་རྣམ་པར་ཤེས་པ་བཞིན་ནོ། །ལྷན་ཅིག་འབྱུང་བ་དང་འགག་པ་མེད་པའི་ཕྱིར་རོ་ཞེས་
བྱ་བ་འདིས་ནི་གཞན་གྱི་ལྟ་བ་ཁོ་ནས་གཞན་ལ་རྗེས་སུ་དཔག་པས་གནོད་པར་བརྗོད་པར་བྱའོ། །རྣམ་པར་རྟོག་པ་བཞི་པ་དགག་པའི་དབང་དུ་མཛད་ནས་རང་གི་དངོས་པོ་ལ་ཡང་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་མིག་གི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་
པའི་ཕྱི་མའི་རང་གི་རིགས་ཡིན་པའི་ཕྱིར་རང་གི་དངོས་པོ་ཡིན་ལ་འདོད་ཆགས་ལ་སོགས་པ་ཕྱི་མའི་ཡིན་ནོ། །དེ་དག་ལ་སྒོ་བར་བྱེད་པ་མ་ཡིན་ཏེ། ལྷན་ཅིག་འབྱུང་བ་དང་། འགག་པ་དང་བྲལ་བའི་ཕྱིར་སྔ་མ་བཞིན་ནོ། །རྫས་གཅིག་གི་རྒྱུ་ཡིན་པའི་ཕྱིར་ཀུན་
གཞིའི་རྣམ་པར་ཤེས་པ་བཞིན་དུ་རང་གི་ནུས་པ་རྗེས་སུ་འཇུག་པར་འགྱུར་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ནུས་པ་ཡོད་ཀྱང་འབྲས་བུ་མངོན་པར་འགྲུབ་པ་ནི་ཡོངས་སུ་གསོ་བ་ལ་རག་ལས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་འདོད་ཆགས་ལ་སོགས་པ་རྟག་ཏུ་འབྱུང་བའམ་ཅིག་ཅར་འབྱུང་བ་ཁོ་ནར་
འགྱུར་རོ། །ཡོངས་སུ་གསོ་བ་ཡང་ལྷན་ཅིག་འབྱུང་བ་དང་འགག་པ་ལ་རག་ལས་པ་ཡིན་ཏེ། དཔེར་ན་ཏིལ་ལ་སོགས་པའི་མེ་ཏོག་གི་དྲིའི་བག་ཆགས་ཡོངས་སུ་གཟུང་བ་མེ་ཏོག་དང་ལྷན་ཅིག་འབྱུང་བ་དང་འགག་པར་བྱས་པ་བཞིན་ནོ། །དེ་ལྟ་བས་ན་མིག་གི་རྣམ་པར་ཤེས་པ་
ལ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་པོ་འགག་པའི་མཇུག་སྡུད་པ་ཡིན་ནོ། །རྣམ་པར་ཤེས་པ་དེ་ལ་རྣམ་པར་ཤེས་པས་བསྒོས་པར་ཡང་མི་རུང་ངོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་བཞི་པ་དགག་པའོ། །དགག་པར་མ་དགག་པ་ནི་གཙོ་བོ་མ་ཡིན་པའི་ཕྱིར་མཇུག་བསྡུ་བ་མ་བྱས་སོ། །
དེ་བཞིན་དུ་འཇུག་པའི་རྣམ་པར་ཤེས་པ་ལྷག་མ་རྣམས་ལ་ཡང་ཞེས་བྱ་བ་ན་དཔྱད་པ་མཐུན་པའི་ཕྱིར་མཐུན་པར་བསྒྲེ་བ་ཡིན་ནོ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་གཉིས་པ་དགག་པའི་དབང་དུ་མཛད་ནས་གང་ཡང་ས་གོང་མ་འདུ་ཤེས་མེད་པ་ནས་ཤི་འཕོས་ཏེ་ཞེས་བྱ་
Vol. 134 · folio 345a
བ་ལ་སོགས་པ་སྨོས་ཏེ། གོང་མ་ཞེས་བྱ་བའི་སྒྲ་ནི་འདུ་ཤེས་མེད་པའི་ཞེས་བྱ་བའི་སྒྲ་དང་གོ་བར་བྱེད་པ་ཡིན་པའི་ཕྱིར་ཁྱད་པར་དང་ནུས་པ་མེད་པའི་ཚིག་བསྡུ་བ་ཡིན་པར་ཡང་རིག་པར་བྱའོ། །འདིར་སྐྱེས་པ་རྣམས་ཀྱི་ཞེས་བྱ་བ་ནི་འདོད་པའི་ཁམས་ཡིན་པར་སྟོན་ཏོ། །ཉོན་
མོངས་པར་གྱུར་པ་ཐོག་མ་ཉིད་དུ་སྐྱེ་བ་དེ་ཡང་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་སྲིད་པ་བར་མར་ཉིང་མཚམས་སྦྱོར་བའི་སེམས་གདོན་མི་ཟ་བར་ཉོན་མོངས་པ་ཅན་ཡིན་པས་དེ་དང་པོར་ཉོན་མོངས་པ་ཅན་ཡིན་ནོ། །མདོ་སྡེ་པ་རྣམས་ཀྱི་ལྟར་ན་སྲིད་པ་བར་མའི་སེམས་ཐ་མ་གདོན་
མི་ཟ་བར་འདོད་ཆགས་ལ་སོགས་པ་གང་ཡང་རུང་བ་ཞིག་དང་མཚུངས་པར་ལྡན་པའི་ཕྱིར་དེ་དང་པོར་ཉོན་མོངས་པ་ཅན་ཡིན་ནོ། །དེ་ལ་ས་བོན་མེད་པའི་ཕྱིར་སྐྱེ་བར་ཡང་མི་རུང་སྟེ་འདོད་པ་སྤྱོད་པའི་ཉོན་མོངས་པའི་ས་བོན་རྟེན་བཅས་ཏེ་འགགས་པའི་ཕྱིར་རོ། །ཉོན་མོངས་པའི་ས་བོན་དེ་
གཟུགས་ཀྱི་རྒྱུད་ལ་ཡང་མ་ཡིན་ཏེ། གཟུགས་ལ་སྒོ་བར་བྱེད་པ་ཉིད་དུ་གཞན་ཁས་མི་ལེན་པའི་ཕྱིར་དང་། རྣལ་འབྱོར་སྤྱོད་པ་ལ་གཟུགས་མ་གྲུབ་པའི་ཡང་ཕྱིར་རོ། །གནས་གཞན་ནས་འདིར་སྐྱེས་པ་རྣམས་ལ་ཡང་ཇི་སྐད་བསྟན་པའི་ཚུལ་གྱི་ས་བོན་མེད་པའི་ཕྱིར་ཉོན་མོངས་པ་ཅན་
གྱི་སེམས་དང་པོར་སྐྱེ་བ་དེ་མི་རུང་མོད་ཀྱི་སེམས་ཀྱི་རྒྱུན་ཆད་པ་ཉིད་ཀྱིས་གླགས་མེད་པའི་ཕྱིར་འདུ་ཤེས་མེད་པ་པ་ཁོ་ན་ནས་འཆི་འཕོ་བ་ཉེ་བར་བཀོད་དོ། །ཀུན་ནས་ཉོན་མོངས་པ་གསུམ་པ་དགག་པའི་དབང་དུ་མཛད་ནས། ཉོན་མོངས་པའི་གཉེན་པོའི་རྣམ་པར་ཤེས་པ་བྱུང་ན་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། ཉོན་མོངས་པའི་གཉེན་པོ་རྣམ་པར་ཤེས་པ་ཞེས་བྱ་བ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་མཚུངས་པར་ལྡན་པའོ། །འགགས་ན་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་ཉིད་དུ་མཚུངས་པའི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་ལ་ཉོན་མོངས་པའི་
ས་བོན་ཡོད་པར་འགྱུར་རོ་ཞེ་ན། དེ་དགག་པའི་ཕྱིར་འགགས་ན་ཞེས་སྨོས་པ་ཡིན་ནོ། །དེ་ལ་ཡང་གཏན་ལུང་མ་བསྟན་ཞེས་བྱ་བ་ལ་སོགས་པས་རུང་བ་མ་ཡིན་མོད་ཀྱི་གཞན་དང་མཐུན་པར་དེ་སྐད་དུ་བཤད་དོ། །གལ་ཏེ་ཡང་འཇིག་རྟེན་པའི་ཆོས་ཀྱི་མཆོག་འགག་པ་ཁོ་ན་འཕགས་
Vol. 134 · folio 345b
པའི་ལམ་གྱི་སྐད་ཅིག་མ་དང་པོ་ལ་ས་བོན་འཇོག་གོ་སྙམ་དུ་སེམས་ན། དེའི་ཕྱིར་ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བའི་ཕྱིར་ཞེས་བྱ་བ་སྨོས་སོ། །ལ་ལ་ནི་ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བ་ཁོ་ན་ཡིན་ཏེ་ཟག་པ་མེད་པ་སློབ་པའི་སེམས་གང་ཡིན་པའོ། །ལ་ལ་ནི་ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བ་དང་རྒྱུད་
རྣམ་པར་གྲོལ་བ་ཡང་ཡིན་ཏེ་ཟག་པ་མེད་པ་མི་སློབ་པའི་སེམས་གང་ཡིན་པའོ། །འདི་གཉིས་ཀ་ཡང་ཉོན་མོངས་པའི་ས་བོན་གྱི་རྟེན་མ་ཡིན་པའི་ཕྱིར་དང་དམིགས་པ་དང་མཚུངས་པར་ལྡན་པ་དག་གིས་ཉོན་མོངས་པ་རྣམས་རྒྱས་པར་མི་འགྱུར་བའི་ཕྱིར་རྣམ་པར་གྲོལ་བ་ཡིན་ནོ། །དེ་
བས་ན་སློབ་པའི་གང་ཟག་པ་མེད་པའི་སེམས་ནི་ཉོན་མོངས་པའི་ས་བོན་དང་ལྡན་པ་མ་ཡིན་ཏེ་ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བ་ཉིད་དུ་འདོད་པའི་ཕྱིར་དགྲ་བཅོམ་པའི་སེམས་བཞིན་ནོ། །ལྷན་ཅིག་འབྱུང་བ་དང་འགག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་སྐད་དུ་སྟོན་པ་ཡིན་ཏེ་ཟག་པ་
མེད་པའི་སེམས་ནི་ཉོན་མོངས་པའི་ས་བོན་གྱི་རྟེན་མ་ཡིན་ཏེ་དེ་དང་འགལ་བའི་ཕྱིར་རོ། །གང་ཞིག་གང་དང་འགལ་བ་དེ་ནི་དེའི་ས་བོན་གྱི་རྟེན་མ་ཡིན་ཏེ་དཔེར་ན་མུན་པའི་སྣང་བ་ལྟ་བུའོ། །འགལ་བ་ཉིད་ཇི་ལྟར་ཞེ་ན། མི་མཐུན་པ་དང་གཉེན་པོར་གྱུར་པའི་ཕྱིར་ཏེ་དེ་ཡང་ལྷན་
ཅིག་འབྱུང་བ་དང་འགག་པ་མེད་པར་གྲགས་སོ། །གང་དག་རེས་འགའ་ལྷན་ཅིག་འབྱུང་བ་དང་འགག་པར་གྲགས་པ་དེ་དག་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ངོ་བོར་ཡང་མ་གྲགས་སོ། །དེ་ལྟར་ནི་རིམ་པ་འདིས་ནི་དགེ་བ་ཟག་པ་དང་བཅས་པའི་སེམས་ཀྱང་ཉོན་
མོངས་པའི་ས་བོན་གྱི་རྟེན་མ་ཡིན་ན་ཟག་པ་མེད་པ་ལྟ་སྨོས་ཀྱང་ཅི་དགོས། དེའི་འོག་ཏུ་ཡང་ཞེས་བྱ་བ་ནི་མཐོང་བའི་ལམ་ལས་ལངས་པའོ། །འདས་ནས་ཡུན་རིང་སྟེ་ཞེས་བྱ་བ་ལ་སོགས་པ་ནི་དོན་གོ་བར་ཟད་དོ། །བྱེ་བྲག་ཏུ་སྨྲ་བའི་ཐོབ་པའི་ཕྱོགས་ནི་མདོ་སྡེ་པ་རྣམས་ཉིད་
ཀྱིས་བསལ་ཟིན་པས་དེ་ནི་སྐབས་མ་ཡིན་ནོ། །མདོ་སྡེ་པའི་ཡང་བག་ཆགས་ཀྱི་རྟེན་མེད་པའི་ཉེས་པ་དང་ལྡན་པ་ཉིད་ཡིན་ནོ། །དེ་ལྟ་བས་ན་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་ས་བོན་མི་རུང་ངོ་ཞེས་རིགས་པས་གཏན་ལ་ཕབ་
Vol. 134 · folio 346a
ནས་མཇུག་སྡུད་པ་ཡིན་ནོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ་ཁ་ཅིག་གི་ལྟ་བ་ནི་ཚེ་རབས་གསུམ་པའི་གནས་སྐབས་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཁས་བླང་བ་ལ་ཉིང་མཚམས་སྦྱོར་བ་རྣམ་པར་ཤེས་པ་ཁོ་ན་འདུ་བྱེད་ཀྱི་རྐྱེན་ཅན་ཡིན་ནོ། །དེ་
ནི་མདོ་སྡེ་པ་རྣམས་ཁོ་ནས་བཀག་སྟེ། དེ་ཇི་ལྟར་བཀག་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྐབས་ནས་ངེས་པར་གཟུང་བར་བྱའོ། །དེ་ལྟ་བས་ན་མདོ་སྡེ་པའི་ལྟ་བས་ཀྱང་བསོད་ནམས་ལ་སོགས་པའི་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་རྣམ་པར་ཤེས་པ་འབྱུང་བ་ཁོ་ན་འདུ་བྱེད་ཀྱི་
རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ལས་ཀྱི་ཀུན་ནས་ཉོན་མོངས་པའི་སྐབས་སུ་རྣམ་པར་ཤེས་པའི་ཡན་ལག་བསྟན་ཏོ། །འདུ་བྱེད་ཀྱི་བག་ཆགས་འཇོག་པ་དེ་ཡང་དགག་པ་ཇི་སྐད་སྨོས་པ་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་སྐབས་སུ་རྣམ་
པར་ཤེས་པའི་ཡན་ལག་བསྟན་པ་ལས་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་མི་སྲིད་དོ་ཞེས་བྱ་བར་ངེས་པར་གཟུང་བར་བྱའོ། །དེ་ལྟ་བས་ན་འདུ་བྱེད་ཀྱིས་ཡོངས་སུ་བསྒོས་པའི་ཀུན་གཞིའི་རྣམ་པར་ཤེས་པ་འབྱུང་བ་ཁོ་ན་ལ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་
བྱའོ། །སྔར་ནི་ངོ་བོ་ཉིད་རྣམ་པར་ཤེས་པ་ཐུན་མོང་མ་ཡིན་པའི་བདག་པོའི་རྐྱེན་གྱི་སྐབས་ཀྱིས་མ་འོངས་པའི་རྣམ་པར་ཤེས་པ་ཁོ་ན་ལས་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བཤད་དོ། །ད་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པའི་སྐབས་ཡིན་པའི་ཕྱིར་དེ་སྐད་དུ་མ་བཤད་དོ། །འདུ་
བྱེད་ཀྱི་ས་བོན་དང་རྣམ་པར་ཤེས་པ་མ་འོངས་པའི་ས་བོན་འདི་གཉི་ག་ཡང་སྤྱིར་རྣམ་པར་ཤེས་པའི་ཡན་ལག་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པའི་ཡན་ལག་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་ན་མདོ་ལས་རྣམ་པར་ཤེས་པའི་ཡན་ལག་འཇུག་པའི་རྣམ་པར་ཤེས་པ་དྲུག་ཡིན་པར་
རྣམ་པར་ཕྱེ་བ་དང་འགལ་བ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་དེར་ནི་རྗེས་སུ་འཇུག་པའི་ཚུལ་གྱིས་འབྲས་བུས་རྒྱུ་སྟོན་ཏེ་དཔེར་ན་བཀྲེས་པ་དང་སྐོམ་པ་དག་གིས་རེག་བྱའི་ཁྱད་པར་ལྟ་བུའོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལྟར་ན་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་འཕེན་པར་བྱེད་
Vol. 134 · folio 346b
པའི་ལས་ཀྱིས་ཀུན་ནས་ཉོན་མོངས་པ་མི་རུང་ངོ་། །དེ་མེད་ན་ཞེས་བྱ་བ་ཀུན་གཞིའི་རྣམ་པར་ཤེས་པ་མེད་ནའམ། བག་ཆགས་ཀྱི་མཚན་ཉིད་ཀྱི་ས་བོན་མེད་ན་ལས་ཀྱི་ས་བོན་དེ་གང་ན་གནས་ཤིང་མ་འོངས་པ་མངོན་པར་གྲུབ་པར་བྱ་བ་ལ་མངོན་དུ་ཕྱོགས་པར་བྱེད་པ་ནི་ལེན་པ་ཡིན་
པར་འགྱུར་ཏེ། འདིས་ནི་མངོན་པར་གྲུབ་པར་བྱེད་པའི་ལས་ཀྱི་ཀུན་ནས་ཉོན་མོངས་པ་མེད་པར་སྟོན་ཏོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་རྣམ་པར་སྨིན་པའི་མཚན་ཉིད་དོ། །དེ་ཡང་འཆི་འཕོ་བའི་གནས་སྐབས་དང་འཆི་འཕོ་བའི་གནས་སྐབས་མ་ཡིན་པའོ། །འཆི་འཕོ་
གནས་སྐབས་མ་ཡིན་པ་ཡང་རྣམ་པ་གཉིས་ཏེ་ཉིང་མཚམས་སྦྱོར་བ་སྦྲེལ་བའི་སྐབས་དང་ཉིང་མཚམས་སྦྱོར་བ་སྦྲེལ་བའི་འོག་གནས་པའི་གནས་སྐབས་སོ། །ཉིང་མཚམས་སྦྱོར་བ་སྦྲེལ་པའི་གནས་སྐབས་ཀྱང་ཁམས་གསུམ་པའི་བྱེ་བྲག་གིས་རྣམ་པ་གསུམ་མོ། །
དེ་ཐམས་ཅད་ནི་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་མི་རུང་ངོ་། །དེ་ལ་འདོད་པའི་ཁམས་ཀྱི་ཉིང་མཚམས་སྦྱོར་བ་སྦྲེལ་བ་མི་རུང་བར་བསྟན་པའི་ཕྱིར་མཉམ་པར་མ་བཞག་པའི་ས་ནས་ཞེས་བྱ་བ་སྨོས་སོ། །འདི་ལ་ཡང་བྱེད་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟ་བ་ནི་ཉིང་མཚམས་སྦྱོར་
བའི་སེམས་ནི་ཉོན་མོངས་པ་ཅན་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ནི་མདོ་སྡེ་པ་རྣམས་ཁོ་ནས་ཉིང་མཚམས་སྦྱོར་བའི་སེམས་ནི་ཉིང་མཚམས་སྦྱོར་བ་སྦྲེལ་བའི་སྐད་ཅིག་མས་བསྡུས་པ་ཡིན་པའི་ཕྱིར་ལུས་ཀྱི་དབང་པོ་བཞིན་ཏེ་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་
སོགས་པའི་རྣམ་པས་བསལ་ཏོ། །དེ་ལྟ་བས་ན་མདོ་སྡེ་པ་རྣམས་ཁོ་ནས་ཁས་བླངས་པ་སྲིད་པ་བར་མའི་སེམས་ཐ་མ་ནི་རྗེས་སུ་ཆགས་པ་ལ་སོགས་པ་གང་ཡང་རུང་བ་ཞིག་དང་མཚུངས་པར་ལྡན་པའི་ཕྱིར་ཉོན་མོངས་པ་ཅན་ཡིན་ལ་དེ་སྔོན་དུ་འགྲོ་བ་ཅན་མའི་མངལ་དུ་ཉིང་
མཚམས་སྦྱོར་བའི་སེམས་རྣམ་པར་སྨིན་པའི་བདག་ཉིད་ཀྱང་ཁུ་ཆུ་དང་ཁྲག་དང་ལྷན་ཅིག་གྲུབ་པ་དང་བདེ་བ་གཅིག་པའི་ནུར་ནུར་པོ་ཉིད་དུ་འཆགས་སོ། །དེ་ནི་ལུས་ཀྱི་རྣམ་པར་ཤེས་པ་ཡང་མ་ཡིན་ཏེ་ལུས་ཀྱི་དབང་པོ་ཞེན་པའི་ཕྱིར་རོ། །དེ་ལས་གཞན་པའི་དབང་པོ་
Vol. 134 · folio 347a
གཟུགས་ཅན་མེད་པའི་ཕྱིར་དབང་པོ་གཟུགས་ཅན་གྱི་རྣམ་པར་ཤེས་པ་གཞན་ཡང་མ་ཡིན་པས་ཤུགས་ཀྱིས་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ནོ་ཞེ་ནའོ། །དེ་ལ་ཡང་བཙུན་པ་དཔལ་ལེན་ན་རེ་རྣམ་པར་སྨིན་པ་རྣམ་པར་ཤེས་པ་དེ་ནི་ཕྱིས་དགེ་བ་ལ་སོགས་པའི་
སེམས་ཀུན་དུ་འབྱུང་བ་ན་འགག་ལ། །དེ་དག་པ་ལ་སོགས་པའི་སེམས་འགགས་ནས་ཡང་མཚམས་སྦྱོར་རོ་ཞེས་ཟེར་རོ། །དེ་ནི་རིགས་པའི་རྗེས་སུ་འབྲེལ་པ་ཉིད་ལས་བར་སྐབས་སུ་ཚེ་གཞན་དུ་བརྗེ་ཞིང་རྣམ་པར་སྨིན་པའི་རྒྱུད་འཆད་པའི་ཉིང་མཚམས་སྦྱོར་བ་ནི་མེད་དེ་ལུས་ཀྱི་དབང་
པོ་བཞིན་ནོ་ཞེས་བཀག་ལ། དགེ་བ་ལ་སོགས་པའི་སེམས་འགགས་ནས་རྣམ་པར་སྨིན་པའི་སེམས་སུ་ཡང་འདོད་དེ། དེ་ལྟ་བས་ན་ཉིང་མཚམས་སྦྱོར་བ་ནས་བཟུང་སྟེ་མ་ཤིའི་བར་དུ་རྣམ་པར་སྨིན་པའི་རྒྱུད་འཇུག་གོ་ཞེས་དེ་ལྟར་གཞན་གྱི་ལྟ་བ་ངེས་པར་བྱས་ནས་གལ་ཏེ་
ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཅེས་བྱ་བར་སྨོས་སོ། །འོ་ན་མངལ་ན་འདུག་པ་ལ་དགེ་བ་དང་མི་དགེ་བའི་ཡུལ་ལ་རྣམ་པར་རྟོག་པའི་སེམས་མངོན་དུ་གྱུར་ན་ཡིད་ཀྱི་རྣམ་པར་ཤེས་པའི་ཁྱད་པར་གཞན་དུ་འགྱུར་རོ་ཞེ་ན། དེ་སྤང་བར་གཞན་གྱི་ལྟ་བ་ཉིད་ཀྱིས་དེ་ལ་བརྟེན་ནས་ཞེས་
བྱ་བ་སྨོས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་དགེ་བ་དང་ཉོན་མོངས་པ་ཅན་ནི་རྣམ་པར་སྨིན་པའི་ཡིད་ཀྱི་རྣམ་པར་ཤེས་པས་ཐ་དད་མ་ཡིན་གྱི་འོན་ཀྱང་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཉིད་ཀྱི་གནས་སྐབས་ཀྱི་ཁྱད་པར་འགའ་ཞིག་ལ་མངོན་པར་ཡིད་ཆེས་པའི་རྣམ་པ་ཡོངས་སུ་འཛིན་
པ་དང་ཀུན་དུ་ཆགས་པ་ལ་སོགས་པའི་བདག་ཉིད་ཀྱིས་རྣམ་པར་ཤེས་པ་དགེ་བ་དང་ཉོན་མོངས་པ་ཅན་ཞེས་བྱ་སྟེ། དེ་ཡང་རིགས་པའི་རྗེས་སུ་འབྲང་བ་ཁོ་ན་ལས་རྣམ་པར་ཕྱེའོ། །གནས་སྐབས་ཀྱི་ཁྱད་པར་ཡང་གནས་སྐབས་གཞན་ལ་བརྟེན་པ་ཡིན་པས་དེ་སྐད་ཅེས་བཤད་དོ། །
འདི་ཡང་ཉིང་མཚམས་སྦྱོར་བའི་སྐད་ཅིག་མའི་འོག་མ་ལ་བྱ་སྟེ། ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ནི་གཅིག་ཏུ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རོ། །འདིར་བཤད་པ་མངོན་པར་ཡིད་ཆེས་པ་ལ་སོགས་པའི་རྣམ་པ་ཅན་གང་ཡིན་པ་དེ་ཅི་རྣམ་པར་སྨིན་པའི་རྣམ་པར་ཤེས་
Vol. 134 · folio 347b
པ་འཛིན་པའི་རྣམ་པ་ཅན་ལས་གཞན་ཞིག་གམ་འོན་ཏེ་གཞན་མ་ཡིན་པ་ཞིག་ཡིན། གལ་ཏེ་གཞན་མ་ཡིན་ན་ནི་དགེ་བ་དང་ཉོན་མོངས་པ་ཅན་ཉིད་ཡིན་པ་ཉམས་ཏེ་རྣམ་པར་ཤེས་པ་འཛིན་པའི་རྣམ་པ་ཅན་བཞིན་ནོ། །ལས་ཀྱི་མངོན་པར་གྲུབ་པའི་ལུང་དུ་མ་བསྟན་པ་ནི་མི་གསལ་བའི་ཕྱིར་
ཕྱིན་ཅི་མ་ལོག་པར་ཡོངས་སུ་གཅོད་པའམ་ཕྱིན་ཅི་ལོག་ཏུ་བརྟག་པར་ནུས་པ་མ་ཡིན་ནོ། །འོན་ཏེ་གཞན་ཡིན་ན་ནི་དད་པ་ལ་སོགས་པ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལས་ཐ་དད་པར་འགྱུར་ཏེ་འཛིན་པར་བྱེད་པའི་རྣམ་པ་ཐ་དད་པའི་ཕྱིར་ཚོར་བ་དང་འདུ་ཤེས་དང་སེམས་པ་བཞིན་
ནོ་ཞེས་བྱ་བར་གྱུར་ཏོ། །འདི་ལྟར་མདོ་སྡེ་པ་རྣམས་ཀྱི་ལྟར་ན་ཚོར་བ་ལ་སོགས་པ་སེམས་ལས་བྱུང་བ་གསུམ་རྫས་ཉིད་དུ་མངོན་པར་འདོད་དོ། །འོན་ཏེ་ཀུན་གཞིའི་རྣམ་པར་ཤེས་པའི་ས་བོན་བཞིན་དུ་མངོན་པར་ཡིད་ཆེས་པའི་རྣམ་པ་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་
ནོ་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ་འཛིན་པར་བྱེད་པ་ཉིད་དུ་འདོད་པའི་ཕྱིར་རོ། །དམིགས་པ་འཛིན་པར་བྱེད་པ་ནི་བརྗོད་པར་བྱ་བ་མ་ཡིན་པར་གྲགས་པ་མེད་ལ་ཀུན་གཞིའི་ས་བོན་ཡང་དམིགས་པ་འཛིན་པར་བྱེད་པ་ཡིན་པར་མི་འདོད་དོ། །དེ་ལྟར་ན་ཕྱོགས་འདིས་རེག་པ་ལ་
སོགས་པའི་དབང་ཤེས་པས་ཉམས་སུ་མྱོང་བའི་ཡུལ་ལ་རྣམ་པར་རྟོག་པར་བྱེད་པ་མངོན་པར་བརྗོད་པ་ལ་སོགས་པ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་གཞན་ཡང་གཞན་ཉིད་ཡིན་པར་བསྒྲུབ་པར་བྱའོ། །དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་གཞན་གཉིས་པར་གྱུར་
ཏོ་ཞེས་བྱ་བར་ངེས་པར་བྱས་ནས། དེས་ན་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐལ་བ་འདི་ནི་མངལ་ནས་བྱུང་བ་ལ་ཡང་སྲིད་མོད་ཀྱི་མའི་མངལ་དུ་ཞེས་བྱ་བ་འདིས་ནི་ཉིང་མཚམས་སྦྱོར་བའི་སྐབས་ཡིན་པའི་ཕྱིར་དེ་དང་ཉེ་བའི་གནས་སྐབས་ཐལ་བ་
སྟོན་པར་བྱེད་དོ། །དེ་ན་གཞན་མ་ཡིན་ན་ཞེས་བྱ་བ་ལ་སོགས་པ་དང་རིང་དུ་འགྲོ་ཞེས་བྱ་བ་ལ་སོགས་པ་མདོ་དང་འགལ་ལོ། །ཇི་སྟེ་ཡང་མདོ་དེ་ནི་དགེ་བའམ་མི་དགེ་བའི་རིགས་མཐུན་པ་གཉིས་ཅིག་ཅར་སྐྱེས་པ་མེད་པ་ལ་བྱའོ་ཞེས་དེ་ལྟར་དྲང་ངོ་སྙམ་དུ་སེམས་ན། ཡིད་ཀྱི་
Vol. 134 · folio 348a
རྣམ་པར་ཤེས་པ་ཆགས་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཉོན་མོངས་པ་ཅན་གནས་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འདིར་དཔྱད་པར་བྱ་སྟེ། གལ་ཏེ་རེ་ཞིག་ཉོན་མོངས་པ་གཞི་དང་མཚུངས་པར་ལྡན་པའི་ཡིད་ཉོན་མོངས་པ་ཅན་གནས་ཡིན་པའི་ཕྱིར་དེ་ཡིད་ཀྱི་རྣམ་
པར་ཤེས་པ་མ་ཡིན་ཏེ་འདོད་ཆགས་ལ་སོགས་པ་བཞིན་ནོ་ཞེ་ན། གཏན་ཚིགས་མ་གྲུབ་པའི་དོན་ཉིད་ཡིན་ཏེ། ཉོན་མོངས་པ་ཅན་གྱི་ཡིད་མ་གྲུབ་པའི་ཕྱིར་རོ། །འོན་ཏེ་བསྒྲུབས་ཟིན་ཏོ་སྙམ་དུ་སེམས་ན། དེ་ལྟར་ཡང་ཕྱོགས་གཞན་དུ་འགྲོ་བར་འགྱུར་བས་རྣམ་པ་ཐམས་ཅད་དུ་
གཏན་ཚིགས་ཀྱིས་མ་ངེས་པ་ཉིད་ལྡོག་པ་མེད་དེ། ཡིད་ཀྱི་རྣམ་པར་ཤེས་པ་ཡང་སྲིད་པའི་ཕྱིར་རོ། །འོན་ཏེ་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་པའི་ཕྱིར་ཞེས་གཏན་ཚིགས་ཀྱི་དོན་དེ་ལྟ་བུར་བརྟེན་ཏེ་ཉིང་མཚམས་སྦྱོར་བའི་སེམས་འདི་ལ་ཡང་
མཚུངས་པ་དེ་མ་ཐག་པའི་རྐྱེན་སྲིད་པ་བར་མའི་སེམས་ཐ་མ་ཉོན་མོངས་པ་ཅན་ཡོད་དོ་ཞེ་ན། དེ་ལྟ་ཡང་མ་ངེས་པ་ཉིད་ཡིན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་ཡང་ཡོད་པའི་ཕྱིར་རོ། །འོན་ཏེ་གཏན་ཚིགས་འདི་ངེས་པར་བཟུང་
བ་ཡིན་ནོ་ཞེ་ན། དེ་ལྟ་ན་མ་གྲུབ་པ་ཉིད་ཡིན་ཏེ་ཉིང་མཚམས་སྦྱོར་བའི་སེམས་འདི་ནི་མཚུངས་པ་དེ་མ་ཐག་པའི་རྟེན་ཅན་ཁོ་ན་མ་ཡིན་ཏེ་ས་བོན་གྱི་རྟེན་ཡང་ཁས་བླངས་པའི་ཕྱིར་རོ། །མ་ངེས་པ་ཉིད་ཀྱང་ཡིན་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་དགེ་བའི་རྩ་བ་ཀུན་དུ་གཅོད་པར་བྱེད་པ་མེད་པར་
ལྟ་བ་དགུ་པ་དང་མཚུངས་པར་ལྡན་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉོན་མོངས་པ་ཅན་གྱི་རྟེན་ཅན་དུ་ངེས་པ་ལ་ཡང་རྒྱུ་ཡོད་པའི་ཕྱིར་རོ། །དེ་ལྟ་ན་འོ་ན་སྲིད་པ་བར་མའི་སེམས་ཐ་མ་ཁོ་ན་འདིར་ཉོན་མོངས་པ་ཅན་དུ་བཟུང་སྟེ་དེ་ཡང་ཉིང་མཚམས་སྦྱོར་བའི་སེམས་འཕེན་པར་བྱེད་པ་ཡིན་པའི་
ཕྱིར་བདག་པོའི་རྐྱེན་ཉིད་ཀྱི་རྟེན་ཡིན་ཏེ། འདི་ལྟར་སྐྱེ་བའི་ཉིང་མཚམས་སྦྱོར་བ་ཐམས་ཅད་ནི་ཉོན་མོངས་པ་ཅན་གྱི་སེམས་སྔོན་དུ་འགྲོ་བ་ཅན་ཁོ་ན་ཡིན་པར་དམིགས་སོ། །དུས་རྟག་ཏུ་ཞེས་བྱ་བ་སྨོས་པ་ཡང་དོན་འདི་ཉིད་ཉེ་བར་བསྟན་པའི་ཕྱིར་ཏེ། གལ་ཏེ་ཉོན་མོངས་པ་ཅན་གྱི་སེམས་
Vol. 134 · folio 348b
དེ་སྐབས་འབྱེད་པ་ཙམ་ཉིད་ཀྱིས་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་ངོ་བོར་ཉེ་བར་སྦྱོར་ན་ཅིའི་ཕྱིར་ཉིང་མཚམས་སྦྱོར་བའི་སེམས་ཐམས་ཅད་ལ་ངེས་པར་ཉེ་བར་གནས་པར་འགྱུར། སྐབས་འབྱེད་པ་ཙམ་ལ་ནི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་དག་ཁྱད་པར་འགའ་ཡང་མེད་དོ། །
དེ་ལྟ་བས་ན་ཉིང་མཚམས་སྦྱོར་བའི་སེམས་ཉིད་ཀྱི་འཕེན་པ་བྱེད་པ་ཉོན་མོངས་པ་ཅན་གྱི་སེམས་ཡིན་ཞེས་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པ་ལ་ནི་ཅུང་ཟད་ཀྱང་མི་ཕན་ཏེ་དེ་ལྟར་ཉོན་མོངས་པ་ཅན་གྱི་སེམས་ངེས་པར་འཕང་བར་བྱ་བ་ནི་སེམས་ཅན་གྱི་རྒྱུད་དུ་མ་ལ་གྲགས་སོ། །དེའི་ཕྱིར་ཉིང་
མཚམས་སྦྱོར་བའི་སེམས་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ཏེ་དུས་རྟག་ཏུ་སྲིད་པ་བར་མའི་སེམས་ཐ་མ་ཉོན་མོངས་པ་ཅན་གྱིས་འཕངས་པའི་ཕྱིར་ལུས་ཀྱི་དབང་པོ་བཞིན་ནོ། །གཞན་དག་ནི་ལུས་རྟག་ཏུ་ཞེས་བྱ་བ་སྨོས་པ་ལོགས་ཤིག་ཏུ་གཏན་ཚིགས་ཀྱི་ཁྱད་པར་ཉིད་དུ་ཉེ་བར་འགོད་
དེ། ཉིང་མཚམས་སྦྱོར་བའི་སེམས་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ཏེ་དུས་རྟག་ཏུ་མ་ཤི་བར་དུ་རྣམ་པར་སྨིན་པའི་ངོ་བོར་རྗེས་སུ་འཇུག་པའི་ཕྱིར་ལུས་ཀྱི་དབང་པོ་བཞིན་ནོ་ཞེའོ། །ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པའི་རྣམ་པ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་
པར་ཤེས་པའི་དམིགས་པའི་རྣམ་པ་གང་ཡིན་ཞེ་ན། གསལ་བའི་རྣམ་པར་ཡོངས་སུ་གཅོད་པ་ཉིད་དོ་དེ་མེད་པའི་ཕྱིར་དམིགས་པའི་རྣམ་པ་ཡོངས་སུ་མ་ཆད་པ་ཉིད་ཡིན་ནོ། །དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་ཏེ་དམིགས་པའི་རྣམ་པ་ཡོངས་སུ་མ་ཆད་པའི་ཕྱིར་ལུས་ཀྱི་དབང་པོ་བཞིན་
ནོ་ཞེས་བྱ་བར་གྲགས་སོ། །འདི་གཞན་ལ་མ་གྲུབ་པ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ་མདོ་སྡེ་པས་བརྒྱལ་བ་དང་འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པའི་རྣམ་པ་ཡོངས་སུ་མ་ཆད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །མ་
ངེས་པ་ཉིད་ཀྱང་མ་ཡིན་ཏེ་འདུ་ཤེས་མེད་པ་ལ་སོགས་པའི་སེམས་ཀྱང་ཕྱོགས་ཁོ་ན་ཡོངས་སུ་འདུས་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་གང་ཞིག་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་དམིགས་པའི་རྣམ་པ་དམིགས་པ་ཅན་དུ་སེམས་པ་དེ་ལ་ཡང་དེ་བཞིན་དུ་ལན་གདབ་པར་བྱ་སྟེ། ཡིད་ཀྱི་
Vol. 134 · folio 349a
རྣམ་པར་ཤེས་པའི་དམིགས་པ་ནི་རྣམ་པ་བཞི་སྟེ། འདས་པ་དང་མ་འོངས་པ་དང་འདུས་མ་བྱས་པ་དང་ད་ལྟར་བྱུང་བའོ། །རེ་ཞིག་ཉིང་མཚམས་སྦྱོར་བའི་སེམས་དེ་འདས་པ་ལ་དམིགས་པ་ལ་ནི་མ་ཡིན་ཏེ། མངོན་པར་ཤེས་པ་མེད་པར་ཉིང་མཚམས་སྦྱོར་བའི་སྔོན་རོལ་གྱི་ལུས་
རྗེས་སུ་དྲན་པ་ནི་མེད་དོ། །མ་འོངས་པ་དང་འདུས་མ་བྱས་ལ་དམིགས་པ་ཡང་མ་ཡིན་ཏེ། མཐོང་བ་དང་ཐོས་པ་མེད་པའི་ཕྱིར་རོ། །མཐོང་བ་དང་ཐོས་པ་དག་གིས་བརྟགས་ནས་མ་འོངས་པ་དང་འདུས་མ་བྱས་ལ་དམིགས་པ་དེ་ནི་ཉིང་མཚམས་སྦྱོར་བའི་གནས་སྐབས་ན་མི་སྲིད་དོ། །ད་ལྟར་
བྱུང་བ་ནི་རྣམ་པ་གཉིས་ཏེ་རང་གི་རྒྱུད་དུ་གཏོགས་པ་དང་གཞན་གྱི་རྒྱུད་དུ་གཏོགས་པའོ། །དེ་ལ་གཞན་གྱི་རྒྱུད་ལ་ནི་མི་དམིགས་ཏེ་རྟོག་པའི་རྒྱུད་མེད་པའི་ཕྱིར་སྔ་མ་བཞིན་ནོ། །རང་གི་རྒྱུད་དུ་གཏོགས་པ་ཡང་དབང་པོ་གཟུགས་ལ་ནི་མི་དམིགས་ཏེ་དེ་ཁོ་ན་བཞིན་དུ་རྟོག་པར་མི་རུང་
བའི་ཕྱིར་རོ། །ཡུལ་གྱི་གཟུགས་ལ་ཡང་དམིགས་པར་རུང་བ་མ་ཡིན་གཟུགས་ལ་སོགས་པ་ལ་མིག་ལ་སོགས་པའི་དབང་པོ་རྣམ་པར་ཤེས་པས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཁས་ལེན་གྱི་མངོན་སུམ་དུ་བྱེད་པ་ནི་མ་ཡིན་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་དེ་ཡང་ཉིང་
མཚམས་སྦྱོར་བའི་གནས་སྐབས་ན་མེད་དོ་ཞེས་སྔར་བསྟན་ཟིན་ཏོ། །ཡིད་ཀྱི་རྣམ་པར་ཤེས་པ་དེ་བརྒྱལ་བ་ཡིན་དུ་ཆུག་ན་ཡང་ཞེས་བྱ་བ་ལ་སོགས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་སུ་འགྱུར་རོ་ཞེས་བཤད་པ་ལ་རེ་ཞིག་ཅིག་ནི་ཁས་ལེན་པ་ཉིད་དེ་དགེ་བ་ལ་སོགས་པར་ཞུགས་པ་
གང་ཡིན་པའོ། །ཅིག་ཤོས་ཀྱང་རྣམ་པར་སྨིན་པར་གྱུར་པ་བརྒྱལ་བ་གང་ཡིན་པའོ། །དེ་ལ་མི་ཙམ་ལ་བརྩད་པས་ཁོ་བོ་ཅག་ལ་ཅི་བྱ། དངོས་པོའི་དེ་ཁོ་ན་ཉིད་བརྟག་པར་བྱ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་དེ་བརྒྱལ་བ་ཡིན་དུ་ཆུག་ན་ཡང་ཞེས་བྱ་བ་ལ་སོགས་པ་ནི་ཁྱོད་ཉོན་མོངས་པ་
ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་ཆོས་རྣམས་ས་བོན་ལ་རག་ལས་ཏེ་སྐྱེ་བར་ཁས་ལེན་པ་ས་བོན་དེ་གལ་ཏེ་རྣམ་པར་ཤེས་པ་བརྒྱལ་བའི་རྟེན་ཅན་ཉིད་ཡིན་ལ་རྒྱུའི་རྐྱེན་གྱིས་བདག་པོ་ཉིད་ཀྱི་ས་བོན་དེ་ལས་ཀྱང་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་བདག་ཉིད་དེ་སྐྱེ་བ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words