རྣམ་པར་བཤད་པ་རིགས་པའི་བཤད་པ
Sanskrit title (Tibetan script, as in the text) བྱཱ་ཁྱཱ་ཡུཀྟི་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 137 · folio 219a
གྱི་དཔེ་མཁྱུད་ལས་བྱུང་བ་བར་ཆད་དང་བཅས་པར་བསྟན་པའི་བསམ་པ་དང་། དད་ནས་བཀུར་སྟི་བྱེད་འདོད་པ་ཡང་བོར་ཏེའོ། །ཅིའི་ཕྱིར་ཞེ་ན། སེམས་ཀྱི་ཐ་བ་སྟེ། སེམས་ཀྱི་ཐ་བ་དང་། འཆབ་པའི་གཞི་སྟེ། རྒྱུ་ནི་འདིར་སློབ་དཔོན་གྱི་དཔེ་མཁྱུད་ལས་བྱུང་བ་
བར་ཆད་དང་བཅས་པར་བསྟན་པའི་བསམ་པ་དང་། དད་ནས་བཀུར་སྟི་བྱེད་འདོད་པ་ཉིད་ཡིན་ནོ། །རང་གི་ལྟ་བ་མཆོག་ཏུ་འཛིན་པ་ཞེས་བྱ་བ་ནི་རང་གི་ལྟ་བ་སྟེ། འཇིག་ཚོགས་ཀྱི་ལྟ་བ་རྣམས་ལས་གང་ཡང་རུང་བ་ཞིག་མཆོག་ཉིད་དུ་འཛིན་པ་ནི་རང་གི་ལྟ་བ་མཆོག་ཏུ་འཛིན་པ་སྟེ། རང་གི་ལྟ་བ་
མཆོག་ཏུ་འཛིན་པ་དེ་བསལ་བ་བྱས་ནས་སོ། །ཧ་ཅང་བརྗོད་པར་ཡང་མི་བྱ་ཞིང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཁ་ཅིག་ཧ་ཅང་བརྗོད་པར་ཡང་མི་བྱ་ཞིང་ཞེས་བྱ་བར་འདོན་གྱི་ཧ་ཅང་སྨྲ་བར་ཡང་མི་བྱ་ཞེས་བྱ་བར་མི་འདོད་པས་སོ། །ཧ་ཅང་བརྗོད་པར་ཡང་མི་བྱ་ཞེས་བྱ་བའི་ཚིག་འདིས་ནི་ཕྱིར་རྒོལ་བ་དང་ལྷན་
ཅིག་གཏམ་ལ་ཞུགས་པ་ན་ཉེས་རྩོམ་གྱི་ཚིག་ལས་ཟློག་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་འགལ་བར་ཡང་མི་བྱ་ལ། ཚིག་ཐེ་ཚོམ་ཅན་དང་། བྱེ་བྲག་མི་ཕྱེད་པ་ལས་བརྩམས་ནས་ཏེ། ཐེ་ཚོམ་ཅན་ལས་བརྩམས་ནས་ནི་དོན་བསྟན་པར་བྱ་ལ། བྱེ་བྲག་མི་ཕྱེད་པ་ལས་བརྩམས་ནས་ནི་མདོ་སྡེ་ལ་སོགས་
པའི་ཆོས་བསྟན་པར་བྱ་བ་ཡིན་ནོ། །དེ་ལ་བསམ་གྱིས་མི་ཁྱབ་པའི་གནས་ལ་སེམས་པ་ལ་ནི་ཞེས་བྱ་བ་ལ་བསམ་གྱིས་མི་ཁྱབ་པའི་གནས་དག་ནི་བཞི་དག་སྟེ། ཇི་སྐད་དུ་མདོ་སྡེ་ལས། དགེ་སློང་དག་བསམ་གྱིས་མི་ཁྱབ་པའི་གནས་བཞི་པོ་འདི་དག་ལ་སེམས་པ་ནི་སྨྱོ་བ་དང་། ཀུན་དུ་རྨོངས་པ་
དང་། སེམས་རྣམ་པར་གཡེང་བར་འགྱུར་རོ། །བཞི་པོ་གང་དག་ཅེ་ན། བདག་ལ་སེམས་པ་དང་། འཇིག་རྟེན་པ་དང་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལ་སེམས་པ་དང་། བསམ་གཏན་པ་རྣམས་ཀྱི་བསམ་གཏན་པའི་ཡུལ་དང་། རྫུ་འཕྲུལ་ཅན་རྣམས་ཀྱི་རྫུ་འཕྲུལ་གྱི་ཡུལ་ཡིན་
ནོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་བདག་ལ་སེམས་པ་ནི་ཅི་བདག་འདས་པའི་དུས་ན་བྱུང་ངམ། འོན་ཏེ་མ་བྱུང་ཞེས་བྱ་བ་ལ་སོགས་པའོ། །བདག་མེད་པ་ཉིད་ནི་བསམ་པ་ཡིན་ཏེ། བདག་གཟུགས་ལ་སོགས་པ་ཞིག་ནས་ཐ་དད་པ་ཞིག་གམ། ཐ་དད་པ་མ་ཡིན་ཞེས་བསམ་པར་བྱའོ། །འཇིག་རྟེན་
Vol. 137 · folio 219b
ལ་སེམས་པ་ནི་འཇིག་རྟེན་ནི་རྟག་པ་ཡིན། འཇིག་རྟེན་ནི་མི་རྟག་པ་ཡིན། འཇིག་རྟེན་ནི་རྟག་ཀྱང་རྟག་ལ། མི་རྟག་ཀྱང་མི་རྟག་པ་ཡིན་ཞེས་བྱ་བ་ལ་སོགས་པ་སྟེ། བསམ་གྱིས་མི་ཁྱབ་པ་ཡིན་ནོ། །བསམ་གྱིས་མི་ཁྱབ་པ་གཞན་ནི། བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་
ཡུལ་དང་། རྫུ་འཕྲུལ་ཅན་རྣམས་ཀྱི་རྫུ་འཕྲུལ་གྱི་ཡུལ་ཏེ། རྣམ་པ་ཐམས་ཅད་དུ་བསམ་པར་མི་བྱ་བ་ཡིན་ནོ། །རྟོགས་པར་བྱ་བ་རྟོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་མངོན་སུམ་དུ་བྱ་བ་ཐོབ་པར་བྱ་བའི་ཕྱིར་རོ། །དེ་དག་ཁོ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཀུན་དུ་ཤེས་པར་བྱ། ཡང་དག་པར་ཤེས་པར་
བྱ། ངེས་པར་སེམས་སུ་གཞུག་པར་བྱ་བ་དེ་དག་ཁོ་ནས་མཆོག་ཏུ་དགའ་བ་རྣམ་པ་གསུམ་སྐྱེད་པའི་ཕྱིར་ན་གོ་རིམས་བཞིན་དུ་མགུ་བར་བྱ། ཡང་དག་པར་མགུ་བར་བྱ། ཡོངས་སུ་མགུ་བར་བྱ་བ་ཡིན་ནོ། །ཇི་ལྟ་ཞེ་ན། སེམས་གཡེངས་པ་སྤོང་བའི་མཆོག་ཏུ་དགའ་བ་སྲེད་པའི་ཕྱིར་ནི་མགུ་བར་བྱ་བ་
ཡིན་ནོ། །ཐེ་ཚོམ་གཅོད་པའི་མཆོག་ཏུ་དགའ་བ་སྐྱེད་པའི་ཕྱིར་ནི་ཡང་དག་པར་མགུ་བར་བྱ་བ་ཡིན་ནོ། །འབྲས་བུ་ཡོངས་སུ་འཛིན་པའི་མཆོག་ཏུ་དགའ་བ་སྐྱེད་པའི་ཕྱིར་ནི་ཡོངས་སུ་མགུ་བར་བྱ་བ་ཡིན་ནོ། །འབྲས་བུ་ཡོངས་སུ་འཛིན་པ་ནི་འབྲས་བུ་རྣམ་པ་ལྔ་འཕེན་པའོ། །འབྲས་བུ་རྣམ་པ་ལྔ་ནི་
ཉོན་མོངས་པ་ཟད་པ་དང་། སྐྱེ་བའི་བསམ་གཏན་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པ་དང་། ཡོན་ཏན་མངོན་པར་སྒྲུབ་པ་དང་། དབང་པོ་འཕོ་བའོ། །འདིར་ཡང་སྨྲས་པ། ཉོན་མོངས་ཟད་དང་སྐྱེ་བ་དང་། །བདེར་གནས་ཡོན་ཏན་མངོན་བར་སྒྲུབ། །དབང་པོ་འཕོ་བ་བཅས་པ་ནི། །བསམ་
གཏན་དགོས་རྣམ་ལྔ་པ་ཡིན། །ལེགས་པར་ཡོངས་སུ་དྲི་བའི་ཕྱིར་ཏེ། འདི་ལྟར་འདི་ནི་ལེགས་པར་ཡོངས་སུ་འདྲི་བས་དེའི་ཕྱིར་འདིའི་སེམས་ཡོངས་སུ་དག་པ་ཡིན་ནོ། །ལེགས་པར་ལུང་སྟོན་པའི་ཕྱིར་ཏེ། འདི་ལྟར་འདི་ནི་འདི་ལྟ་བུ་ཡིན་ནོ་ཞེས་ལོགས་པར་ལུང་སྟོན་པས་སོ། །དགེ་སློང་དག་
བདག་ཉིད་གླིང་དུ་འགྱུར་བ་དང་། བདག་ཉིད་སྐྱབས་སུ་འགྱུར་བ་དང་། ཆོས་ཉིད་གླིང་དུ་འགྱུར་བ་དང་། ཆོས་ཉིད་སྐྱབས་སུ་འགྱུར་བ་དང་། གླིང་གཞན་མ་ཡིན་པ་དང་། སྐྱབས་གཞན་མ་ཡིན་པར་གནས་པར་གྱིས་ཤིག་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ནང་གི་སེམས་ཀྱི་ཞི་གནས་ལ་བརྩོན་
Vol. 137 · folio 220a
པའི་ཕྱིར་རོ་ཞེས་བྱ་བ་ནི་ནང་གི་ཡིན་གྱི་ཕྱི་རོལ་གྱི་མ་ཡིན་པའོ། །སེམས་ཀྱི་སྟེ་སེམས་ཀྱི་ཞི་གནས་ཏིང་ངེ་འཛིན་ཁྱད་པར་ཅན་ལ་བརྩོན་བའི་ཕྱིར་ཏེ་རྟེན་པའི་ཕྱིར་རོ། །སྨྲས་པ། ཏིང་ངེ་འཛིན་ནམ་ཞིག་གི་ཚེ་ན་ཏིང་ངེ་འཛིན་ཁྱད་པར་ཅན་དུ་འགྱུར་ཞེ་ན། གང་གི་ཚེ་དམིགས་
པར་བྱེད་པ་ལས་ཡོངས་སུ་སྐྱོ་སྟེ་སེམས་ནང་དུ་སྡུད་པར་བྱེད་པ་ནའོ། །ལྷག་མཐོང་ནི་ཤེས་རབ་ཁྱད་པར་ཅན་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཞི་གནས་དང་ལྷག་མཐོང་དེ་གཉིས་ཀྱི་མི་མཐུན་པའི་ཕྱོགས་གཉིས་ནི་དེའི་མི་མཐུན་པའི་ཕྱོགས་སོ། །དེའི་མི་མཐུན་
པའི་ཕྱོགས་འདོད་པའི་བསོད་ཉམས་དང་། བདག་ཉིད་དུབ་པར་གནས་པར་བརྩོན་པ་དེ་གཉིས་ཡོངས་སུ་སྤངས་པའི་ཕྱིར་ཏེ། ཞི་གནས་ཀྱི་མི་མཐུན་པའི་ཕྱོགས་འདོད་པའི་བསོད་ཉམས་ལ་བརྩོན་པ་ཡོངས་སུ་སྤངས་པའི་ཕྱིར་དང་། ལྷག་མཐོང་གི་མི་མཐུན་པའི་ཕྱོགས་བདག་ཉིད་དུབ་པར་གནས་པ་
ལ་བརྩོན་པ་དེ་དག་ཡོངས་སུ་སྤངས་པའི་ཕྱིར་རོ། །དེ་ལ་འདོད་པའི་བསོད་ཉམས་ནི་འདོད་པའི་བདེ་བ་ཉོན་མོངས་པ་ཅན་འདོད་པ་ཉིད་དོ། །བརྩོན་པའི་བསྒྲུབ་པ་དང་ནན་ཏན་དུ་བྱེད་པ་དང་བསྟན་པ་ཡིན་ནོ། །བདག་ཉིད་དུབ་པར་གནས་པ་ནི་བདག་ཉིད་དུབ་པ་ཉིད་དེ། ཀུན་དུ་གདུངས་པ་དང་།
ཡོངས་སུ་གདུངས་པའི་བརྟུལ་ཞུགས་ལ་སོགས་པའི་མཚན་ཉིད་དོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྐད་བསྟན་པ་དེ་ལྟར་ན་དེའི་མི་མཐུན་པའི་ཕྱོགས་ཏེ། ཞི་གནས་དང་ལྷག་མཐོང་གི་མི་མཐུན་པའི་ཕྱོགས་སོ། །དེའི་མི་མཐུན་པའི་ཕྱོགས་མཐའ་གཉིས་ཏེ། འདོད་པའི་བསོད་
ཉམས་ལ་བརྩོན་པའི་མཐའ་དང་། བདག་ཉིད་དུབ་པར་གནས་པ་ལ་བརྩོན་པའི་མཐའ་ཡོངས་སུ་སྤངས་པའི་ཕྱིར་བདག་ཉིད་ལ་སོགས་པ་གླིང་དང་སྐྱབས་སུ་འགྱུར་བ་ཉིད་དུ་སྟེ། བདག་ཉིད་གླིང་དང་། སྐྱབས་སུ་འགྱུར་བ་ཉིད་དང་། ཆོས་གླིང་དང་། སྐྱབས་དང་གྱུར་པ་དང་། གླིང་དང་སྐྱབས་
གཞན་མ་ཡིན་པ་ཉིད་དུ་ཡོངས་སུ་བསྟན་པ་ཡིན་ནོ། །གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཞན་ཡང་རང་གི་སྐྱེས་བུའི་རྩལ་དཔུང་གཉེན་ཉིད་ཡིན་པའི་ཕྱིར་ཏེ། གཞན་ལ་མི་སྨོད་པའི་ཕྱིར་ནི་བདག་ཉིད་གླིང་དུ་འགྱུར་བ་ཡིན་ནོ། །འདིས་ནི་སྟེ་དགེ་སློང་དག་བདག་ཉིད་གླིང་དུ་འགྱུར་བར་གནས་པར་
Vol. 137 · folio 220b
གྱིས་ཤིག་ཅེས་བྱ་བའི་ཚིག་འདིས་ན་བཅོམ་ལྡན་འདས་ཀྱིས་བརྩོན་འགྲུས་བརྩམས་པ་ཉིད་ལ་སྦྱོར་བར་བྱེད་པ་ཡིན་ནོ། །ལུང་དང་རྟོགས་པའི་ཆོས་དཔུང་གཉེན་ཉིད་ཡིན་པའི་ཕྱིར་ནི་ཆོས་གླིང་དུ་འགྱུར་བ་ཡིན་ཏེ། ལུང་གི་ཆོས་དཔུང་གཉེན་ཉིད་ཡིན་པའི་ཕྱིར་དང་། རྟོགས་པའི་ཆོས་དཔུང་གཉེན་
ཉིད་ཡིན་པའི་ཕྱིར་ན་ཆོས་གླིང་དུ་འགྱུར་བ་ཡིན་ནོ། །དེ་ལ་ལུང་གི་ཆོས་ནི་མདོ་སྡེ་ལ་སོགས་པ་ལུང་ཕོག་པའོ། །རྟོགས་པའི་ཆོས་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སུམ་ཅུ་རྩ་བདུན་མངོན་སུམ་དུ་བྱེད་པའོ། །འདིས་ནི་སྟེ། དགེ་སློང་དག་ཆོས་གླིང་དུ་འགྱུར་བར་གནས་པར་གྱིས་ཤིག་ཅེས་བྱ་བའི་
ཚིག་འདིས་ནི་ཐབས་ཤེས་པར་བྱ་བ་ལ་སྦྱོར་བར་མཛད་པ་ཡིན་ནོ། །དེ་དག་ལ་གཅིག་ཏུ་ངེས་པ་ཉིད་ཀྱི་ཕྱིར་ནི་བརྩོན་འགྲུས་བརྩམ་པ་ཉིད་དང་། ཐབས་ཤེས་པར་བྱ་བ་དེ་གཉིས་ལ་གཅིག་ཏུ་ངེས་པའི་ཕྱིར་རོ། །འདིས་ནི་སྟེ། གླིང་གཞན་མ་ཡིན་པ་ཞེས་བྱ་བའི་ཚིག་འདིས་ནི་བརྩོན་འགྲུས་བརྩམས་པ་དང་།
ཐབས་ཤེས་པ་དེ་གཉིས་ལ་སྐྱོན་མི་འབྱུང་བ་ཉིད་དུ་སྦྱོར་བར་མཛད་པ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་བསྒོམས་པས་དེ་ལྟར་གནས་པ་སྟེ། བདག་ཉིད་གླིང་དུ་འགྱུར་བར་གནས་པ་དང་། བདག་ཉིད་སྐྱབས་སུ་འགྱུར་བར་གནས་པར་འགྱུར་རོ་ཞེས་ཡང་དག་པར་སྟོན་པ་ཡིན་ནོ། །འདི་ལ་དགེ་སློང་ནང་
གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་མདོ་སྡེ་དེ་ཉིད་ལས་རྒྱས་པར་གསུངས་པའི་ཕྱིར་རོ། །ཇི་སྐད་དུ་ཞེ་ན། རྒྱས་པར་གསུངས་ནས། འདི་ལ་དགེ་སློང་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་བརྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པ་འཇིག་རྟེན་གྱི་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་
ནས་གནས་སོ། །ཕྱི་རོལ་གྱི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ། །ལུས་ལ་ཇི་ལྟ་བ་དེ་བཞིན་དུ་ཚོར་བ་དང་། སེམས་དང་ཆོས་ལ་ཡང་ཆོས་ཀྱི་རྗེས་སུ་ལྟ་ཞིང་ཞེས་བྱ་བ་སྔ་མ་བཞིན་འབྱུང་ངོ་། །དེ་ལ་དགའ་བ་ཞེས་བྱ་བ་ནི་བརྩོན་འགྲུས་དང་། ཐབས་གཉིས་ལ་གནས་པའོ། །
བདག་ལ་སོགས་པ་གསུམ་གླིང་འགྱུར་ནི། བདག་གླིང་དུ་འགྱུར་བ་དང་། ཆོས་གླིང་དུ་འགྱུར་བ་དང་། གླིང་གཞན་མ་ཡིན་པའོ། །རང་གི་ཚུལ་བཞིན་ཡིད་བྱེད་དང་། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་པ་སྟེ། བདག་ཉིད་ཕྱིན་ཅི་མ་ལོག་པའི་ཡིད་ལ་བྱེད་པ་ལ་བརྟེན་
Vol. 137 · folio 221a
ཞེས་བྱ་བའི་ཐ་ཚིག་གོ། །གཞན་གྱི་སྒྲ་ལ་བརྟེན་པ་ནི་གཞན་གྱིས་བསྟན་པའི་ཆོས་ལ་བརྟེན་པ་ཞེས་བྱ་བའི་ཐ་ཚིག་གོ། །བསྒོམ་པ་གཅིག་ཏུ་ངེས་པ་ནི་ཏིང་ངེ་འཛིན་ལ་སྐྱོན་མི་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་བདག་སོགས་གླིང་འགྱུར་ཏེ། །བདག་གླིང་དུ་འགྱུར་
བ་དང་། ཆོས་གླིང་དུ་འགྱུར་བ་དང་། གླིང་གཞན་མ་ཡིན་པར་ཤེས་པར་བྱའོ། །འདི་གསུམ་ཞེས་བྱ་བ་ནི་བདག་དང་། ཆོས་དང་། གཞན་མ་ཡིན་པའོ། །ཆུ་བོ་བཞིས་དེད་པ་ལས་ཡོངས་སུ་སྐྱོབ་པའི་དོན་གྱིས་ན་གླིང་དུ་འགྱུར་བ་ཡིན་ཏེ། ཆུ་བོ་བཞི་དག་ནི་འདོད་པའི་ཆུ་བོ་དང་། སྲིད་པའི་ཆུ་བོ་
དང་། མ་རིག་པའི་ཆུ་བོ་དང་། ལྟ་བའི་ཆུ་བོའོ། །སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ནི་རྒ་ཤི་ལ་ཐུག་པའོ། །གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་གཞན་ཡང་སྟེ། རྣམ་གྲངས་གཞན་ཡང་ཉོན་མོངས་པ་སྐྱེས་པའི་གཉེན་པོ་ཉིད་ཡིན་པའི་ཕྱིར་ནི་བདག་ཉིད་གླིང་དུ་འགྱུར་བ་ཡིན་ནོ། །ཉོན་མོངས་
པ་མ་སྐྱེས་པའི་གཉེན་པོ་ཉིད་ཡིན་པའི་ཕྱིར་ནི་བདག་ཉིད་སྐྱབས་སུ་འགྱུར་བ་ཡིན་ནོ། །དེ་དག་ཆུ་དང་ཐང་འདྲ་བ་ཞེས་བྱ་བ་ནི་བདག་ཉིད་གླིང་དང་སྐྱབས་སུ་འགྱུར་བ་དེ་དག་ནི་ཇི་ལྟར་ཆུའི་རྒྱུན་གྱིས་བདས་པ་ལ་གླིང་ཡོངས་སུ་སྐྱོབ་པ་ཡིན་པ་དང་། ཐང་ལ་ཡང་སྐྱབས་པ་ནི་སྡུག་བསྔལ་ལས་ཡོངས་སུ་
སྐྱོབ་པ་ཡིན་ཏེ། དེ་དང་འདྲའོ། །ཡང་གཞན་དག་ན་རེ་ཞེས་བྱ་བ་ནི་གནས་བརྟན་སྒྲ་གཅན་ཟིན་དག་ན་རེའོ། །བདག་ཉིད་སྐྱབས་མི་འདོད་པ་རྣམས་ལ་བརྟེན། །ཞེས་བྱ་བ་ནི་དེ་ལ་ནང་གི་སེམས་ཀྱི་ཞི་གནས་ལ་མི་བརྩོན་པའི་ཕྱིར་བདག་ཉིད་སྐྱབས་སུ་འགྱུར་བ་མ་ཡིན་ཏེ། བདག་ཉིད་སྐྱབས་སུ་
འགྱུར་བ་མ་ཡིན་པ་དེ་ནི་འདོད་པ་སྟེ། གཟུགས་ལ་སོགས་པ་ཡུལ་རྣམས་ལ་བརྟེན་ཏོ། །ཆོས་སྐྱབས་འགྱུར་མིན་སྡུག་བསྔལ་རྣམས་ལ་སྟེ། །ཆོས་ནི་བསྟན་པའི་ཆོས་སོ། །འདི་ལ་བསྟན་པའི་ཆོས་དེ་ཡོད་པས་དེ་དང་ལྡན་པའི་ཕྱིར། འདི་ནི་ཆོས་ཀྱི་སྐྱབས་ཅན་ནོ། །ཆོས་སྐྱབས་སུ་འགྱུར་བར་
མི་བྱེད་པ་དེ་ནི་ཆོས་སྐྱབས་སུ་འགྱུར་མིན་ཏེ། ཆོས་སྐྱབས་སུ་འགྱུར་བ་མི་བྱེད་པ་དེ་ནི་མུ་སྟེགས་ཅན་གྱི་ལྟ་བ་དང་ལྡན་པས་སྡུག་བསྔལ་རྣམས་ལ་སྟེ། ཀུན་དུ་གདུང་བར་བྱེད་པ་ལ་སོགས་པ་ལ་བརྟེན་པ་ཡིན་ནོ། །བདག་ལ་རག་ལས་ཞེས་བྱ་བ་ནི་བདག་ཉིད་སྐྱབས་སུ་འགྱུར་བ་ཡིན་ཏེ། ནང་གི་སེམས་ཀྱི་
Vol. 137 · folio 221b
ཞི་གནས་ལ་བརྩོན་པའི་ཕྱིར་རོ། །མཁས་ཞེས་བྱ་བ་ནི་ཆོས་སྐྱབས་སུ་འགྱུར་བ་ཡིན་ཏེ། ཆོས་ལ་བརྩོན་པའི་ཕྱིར་རོ། །དེ་གཉིས་ཀ་སྐྱབས་སུ་འགྱུར་བར་བྱེད་པ་ནི་སྐྱབས་གཞན་མ་ཡིན་པ་སྟེ། དེ་མི་མཐུན་པའི་ཕྱོགས་ལ་མི་བརྟེན་པའི་ཕྱིར་རོ། །ཞི་བར་འགྱུར་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་འགྱུར་རོ། །
དེ་དག་ནི་མཐའ་གཉིས་ཀྱི་གཉེན་པོ་ལ་བརྟེན་པའི་ཕྱིར་ཞེས་རྒྱས་པར་འབྱུང་བ་ནི་དེ་སྐད་ཅེས་བྱ་བ་འཆད་པ་དེ་དག་ནི་མཐའ་གཉིས་པོ་འདོད་པའི་བསོད་ཉམས་ལ་བརྟེན་པའི་མཐའ་དང་། བདག་ཉིད་དུབ་པར་གནས་པ་ལ་བརྩོན་པའི་མཐའི་གཉེན་པོ་ལ་བརྟེན་པའི་ཕྱིར་དང་། སྲིད་པ་གཞན་ཉེ་བར་མི་ལེན་པའི་ཕྱིར་
ཏེ། སྲིད་པ་གཞན་ཉེ་བར་མི་ལེན་པའི་ཕྱིར་དང་། མི་འཛིན་པའི་ཕྱིར་བདག་ཉིད་ལ་སོགས་པ་གླིང་དུ་འགྱུར་བ་ཉིད་དུ་ཡོངས་སུ་སྟོན་པ་ཡིན་ཏེ། བདག་ཉིད་གླིང་དུ་འགྱུར་བ་ཉིད་དང་། ཆོས་གླིང་དུ་འགྱུར་བ་ཉིད་དང་། གླིང་གཞན་མ་ཡིན་པ་ཉིད་དུ་ཡོངས་སུ་སྟོན་པ་ཡིན་ཏེ། མངོན་པར་གསལ་བར་བྱེད་
པ་ཡིན་ནོ། །ལུང་ལས་ནི་གྲོགས་ལ་སྲེད་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གྲོགས་ལ་སྲེད་པའི་གཉེན་པོར་ནི་བདག་ཉིད་གླིང་དུ་འགྱུར་བ་ཉིད་བསྟན་ཏོ། །རྙེད་པ་ལ་སྲེད་པའི་གཉེན་པོར་ནི་ཆོས་གླིང་དུ་འགྱུར་བ་ཉིད་བསྟན་ཏོ། །ཡང་སྲིད་པ་ལ་སྲེད་པའི་གཉེན་པོར་ནི་གླིང་གཞན་མ་ཡིན་པ་ཉིད་དུ་སྟོན་ཏོ་
ཞེས་འབྱུང་ངོ་། །དགེ་སློང་དག་ལོག་པར་ལྟ་བ་སྤོངས་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་ལོག་པར་ལྟ་བའི་སྤངས་པ་ནི་རུང་བས་སོ། །དགེ་སློང་དག་གལ་ཏེ་ལོག་པར་ལྟ་བ་སྤང་བར་མི་རུང་ན་ནི་ལོག་པར་ལྟ་བ་སྤོངས་ཤིག་ཅེས་ང་མི་ཟེར་བ་ཞིག་ན། གང་གི་ཕྱིར་ལོག་པར་ལྟ་བ་སྤང་དུ་རུང་བ་དེའི་
ཕྱིར་དགེ་སློང་དག་ལོག་པར་ལྟ་བ་སྤོངས་ཤིག་ཅེས་ང་དེ་སྐད་ཟེར་རོ། །དགེ་སློང་དག་གལ་ཏེ་ལོག་པར་ལྟ་བ་སྤངས་པས་དུས་རིང་པོར་དོན་མེད་པ་དང་མི་ཕན་པ་དང་། སྡུག་བསྔལ་བ་འགྲུབ་པར་འགྱུར་ན་ནི་ལོག་པར་ལྟ་བ་སྤོངས་ཤིག་ཅེས་ང་དེ་སྐད་མི་ཟེར་བ་ཞིག་ན། གང་གི་ཕྱིར་ལོག་པར་ལྟ་བ་སྤང་དུ་རུང་
བས་དུས་རིང་པོར་དོན་དང་། ཕན་པ་དང་། བདེ་བ་འགྲུབ་པར་འགྱུར་བ་དེའི་ཕྱིར་དགེ་སློང་དག་ལོག་པར་ལྟ་བ་སྤོངས་ཤིག་ཅེས་ང་དེ་སྐད་ཟེར་རོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ལྷག་མ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་སྡེའི་དུམ་བུ་ལྷག་མ་དགེ་སློང་དག་ལོག་པར་ལྟ་བ་ནི་སྤང་བར་རུང་བས་སོ་ཞེས་བྱ་
Vol. 137 · folio 222a
བ་ལ་སོགས་པ་སྟེ། བཀའ་བཞིན་དུ་སྒྲུབ་པའི་རྒྱུ་རྣམ་པ་གསུམ་བསྟན་པ་ཡིན་ཏེ། ནུས་པ་ཉིད་དུ་སྟོན་པ་ནི་དགེ་སློང་དག་ལོག་པར་ལྟ་བ་ནི་སྤང་བར་རུང་བས་སོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནས་དེའི་ཕྱིར་དགེ་སློང་དག་ལོག་པར་ལྟ་བ་སྤོངས་ཤིག་ཅེས་ང་དེ་སྐད་ཟེར་རོ་
ཞེས་བྱ་བའི་བར་གྱིས་སོ། །སྐྱོན་མེད་པ་ཉིད་དུ་སྟོན་པ་ནི་དོན་མེད་པ་ལ་སོགས་པ་མི་འགྲུབ་པ་ཡིན་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། དགེ་སློང་དག་གལ་ཏེ་ལོག་པར་ལྟ་བ་སྤངས་པས་དུས་ཡུན་རིང་པོར་དོན་མེད་པ་དང་། མི་ཕན་པ་དང་། སྡུག་བསྔལ་བ་འགྲུབ་པར་འགྱུར་ན་ནི་ལོག་པར་ལྟ་བ་སྤོངས་
ཤིག་ཅེས་ང་དེ་སྐད་མི་ཟེར་བ་ཞིག་ན་ཞེས་བྱ་བས་སོ། །ཡོན་ཏན་མང་བ་ཉིད་དུ་སྟོན་པ་ནི་དོན་ལ་སོགས་པ་གྲུབ་པའི་ཕྱིར་རོ། །ཇི་ལྟ་ཞེ་ན། གང་གི་ཕྱིར་ལོག་པར་ལྟ་བ་སྤངས་པས་དུས་ཡུན་རིང་པོར་དོན་དང་། ཕན་པ་དང་། བདེ་བ་འགྲུབ་པར་འགྱུར་བ་དེའི་ཕྱིར། དགེ་སློང་དག་ལོག་པར་ལྟ་བ་
སྤོངས་ཤིག་ཅེས་ང་དེ་སྐད་ཟེར་རོ་ཞེས་བྱ་བས་སོ། །བཀའ་བཞིན་མི་སྒྲུབ་ན་ཡང་སྟེ། མི་སྤོང་ན་ཡང་སྐྱོན་མང་བ་ཉིད་ཀྱི་རྒྱུ་རྣམ་པ་བཞི་པོ་གླེངས་པ་ཡིན་ཏེ། ཇི་ལྟར་བྱས་པས་ཤེ་ན། མ་སྤངས་ན་དོན་མེད་པ་ལ་སོགས་པ་འགྲུབ་པར་གླེངས་པའི་ཕྱིར་རོ། །ཇི་ལྟར་ན་མ་སྤངས་ན་དོན་མེད་པ་ལ་
སོགས་པ་འགྲུབ་པར་གླེངས་པ་ཡིན་ཞེ་ན། གང་གི་ཕྱིར་ལོག་པར་ལྟ་བ་སྤངས་པས་དུས་ཡུན་རིང་པོར་དོན་དང་། ཕན་པ་དང་། བདེ་བ་འགྲུབ་པར་འགྱུར་ཞེས་གསུངས་པ་དེའི་ཕྱིར་བཟློག་ན་ལོག་པར་ལྟ་བ་མ་སྤངས་པས་དུས་ཡུན་རིང་པོར་དོན་མེད་པ་དང་། མི་ཕན་པ་དང་། མི་བདེ་བར་འགྱུར་
བར་གླེངས་པ་ཡིན་ནོ། །ཇི་ལྟར་ཡང་དག་པར་སྤོང་བ་ཕྱི་མ་གཉིས་ལྟ་བུས་ཏེ། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བྱ་བ་འདི་དང་། སྐྱེས་པ་རྣམས་གནས་པ་
དང་མི་ཉམས་པ་དང་། བསྒོམ་པ་ཡོངས་སུ་རྫོགས་པ་དང་། ཕྱིར་ཞིང་འབྱུང་བ་དང་། འཕེལ་བ་དང་། རྒྱས་པ་དང་། ཡེ་ཤེས་ཀྱིས་མངོན་སུམ་དུ་བྱ་བའི་ཕྱིར་འདུན་པ་སྐྱེད་པ་ནས་ཡང་དག་པར་རབ་ཏུ་འཇོག་པའི་བར་འདིས་ཏེ་ཚིག་ཕྱི་མ་འདི་གཉིས་ཀྱིས་ཏེ། དགེ་བའི་ཆོས་འབྱུང་བ་དེ། སྐྱེ་བ་
Vol. 137 · folio 222b
དང་གནས་པ་ལ་སོགས་པའི་མཆན་ཉིད་ནི་དོན་ཡིན་ནོ། །རྒྱན་ཅན་གྱི་བུའི་མདོ་སྡེ་ལས། ཚེ་དང་ལྡན་པ་དག་ཡང་དག་པའི་ལྟ་བ་ནི་ཆོས་ཡིན་ཏེ། གང་ལ་ཡང་དག་པའི་ལྟ་བའི་རྐྱེན་གྱིས་དགེ་བའི་ཆོས་རྣམ་པ་དུ་མ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་འདི་ནི་དོན་ཡིན་ནོ་ཞེས་གསུངས་པ་ལྟ་
བུ་སྟེ། ཡང་དག་པའི་ལྟ་བ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་ཡང་དེ་བཞིན་ནོ། །ཇི་ལྟར་ཡང་དག་པར་སྤོང་བ་སྔ་མ་གཉིས་ལྟ་བུའོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་
ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བྱ་བ་འདི་དང་། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ་ཞེས་བྱ་བ་འདིས་ཡང་དག་པར་སྤོང་བ་སྔ་མ་འདི་གཉིས་
ཀྱིས་ཀྱང་མི་དགེ་བའི་ཆོས་དང་འབྲེལ་པ་ཡིན་པར་མངོན་ཏེ། སྐྱེས་པ་དང་། མ་སྐྱེས་པ་སྤོང་བའི་མཚན་ཉིད་ནི་ཕན་པ་ཡིན་ནོ། །བདེ་བ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཡིན་ཏེ་ཞེས་བྱ་བ་ནི་ཚེ་མངོན་སུམ་དུ་གྱུར་པ་ལ་བདེ་བར་གནས་པའོ། །དེ་ཡང་ལུས་དང་སེམས་ཤིན་ཏུ་སྦྱངས་པའི་ཁྱད་
པར་དང་ལྡན་པའི་ཕྱིར་ཏེ། ལུས་ཤིན་ཏུ་སྦྱངས་པའི་ཁྱད་པར་དང་ལྡན་པའི་ཕྱིར་དང་། སེམས་ཤིན་ཏུ་སྦྱངས་པའི་ཁྱད་པར་དང་ལྡན་པའི་ཕྱིར་འབྱུང་བ་གང་ཡིན་པའམ། རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་མྱོང་བའི་ཕྱིར་མཐོང་བའི་ཆོས་ལ་བདེ་བར་གནས་པ་འབྱུང་བ་གང་ཡིན་པའོ། །དེ་ནི་བདེ་བ་ཡིན་ནོ་ཞེས་བྱ་བར་སྐབས་དང་སྦྱར་
རོ། །དེ་ལ་རྣམ་པར་གྲོལ་བ་ནི་ཟག་པ་མེད་པའི་རྣམ་པར་གྲོལ་བའོ། །དགའ་བ་དང་བདེ་བ་ནི་དགའ་བ་དང་བདེ་བ་སྟེ། རྣམ་པར་གྲོལ་བས་དགའ་བ་དང་བདེ་བ་ནི་རྣམ་པར་གྲོལ་བའི་དགའ་བ་དང་བདེ་བའོ། །དེ་མྱོང་བ་ནི་ཉམས་སུ་མྱོང་བ་སྟེ། རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་མྱོང་བ་དེའི་ཕྱིར་རོ། །རྣམ་
གྲངས་གཞན་ཡང་དོན་ནི་དགེ་སྦྱོང་གི་ཚུལ་གྱི་དོན་ཏེ། དོན་གྱི་ཚུལ་དེ་ཡང་ཇི་སྐད་དུ་མདོ་སྡེ་ལས་དགེ་སྦྱོང་གི་ཚུལ་གྱི་དོན་གང་ཞེ་ན། འདོད་ཆགས་གཏན་ནས་སྤངས་པ་དང་། ཉོན་མོངས་པ་ཐམས་ཅད་གཏན་ནས་སྤངས་པ་གང་ཡིན་པ་དེ་ཡིན་ནོ། །དེ་འདྲེན་པར་བྱེད་པ་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་གྱི་
Vol. 137 · folio 223a
དོན་འདྲེན་པར་བྱེད་པའོ། །དགེ་སྦྱོང་གི་ཚུལ་ཞེས་བྱ་བ་ནི་ལམ་དྲི་མ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ། །བདེ་བ་ནི་སྔ་མ་བཞིན་ཏེ། མཐོང་བའི་ཆོས་ལ་བདེ་བར་གནས་པ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་སྨོས་པ་ཡིན་ཏེ། འདི་གཉིས་ཁོ་ན་ཞེས་བྱ་བ་ནི་ཕན་པ་དང་བདེ་བ་ཡིན་ནོ། །དགེ་
སློང་དག་གང་ཟག་གིས་གང་ཟག་ལ་ཚོད་མ་བཟུང་ཞིག །གང་ཟག་ལ་ཚད་མ་འཛིན་ཅིག །དེ་ཅིའི་ཕྱིར་ཞེ་ན། གང་ཟག་གིས་གང་ཟག་ལ་ཚོད་འཛིན་པ་དང་། གང་ཟག་ལ་ཚད་འཛིན་པ་ནི་གནོད་པར་འགྱུར་ཏེ། ངའམ་ང་འདྲ་བ་གང་ཡིན་པས་གང་ཟག་ལ་ཚོད་གཟུང་བའམ། ཚད་འཛིན་པ་ཡིན་ནོ་
ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ཡོན་ཏན་ཡོད་པ་དང་མེད་པ་ཉིད་ཀྱིས་གང་ཟག་ལ་ཚོད་འཛིན་པ་ཞེས་བྱ་བ་ནི་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཡོན་ཏན་རྣམས་ཡོད་པ་དང་མེད་པ་ཉིད་དུ་གང་ཟག་ལ་ཚོད་འཛིན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ཡོན་ཏན་གྱི་ཚད་འཛིན་
པས་ནི་གང་ཟག་ལ་ཚོད་འཛིན་པ་ཡིན་ནོ་ཞེས་བྱ་བ་ནི་ཡོན་ཏན་ཇི་སྐད་བསྟན་པ་རྣམས་ཀྱི་ཚད་འཛིན་པས་གང་ཟག་ལ་ཚད་འཛིན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཞན་ཡང་གཞན་ལ་བརྟེན་ནས་ཏེ། གཞན་ལ་ལྟོས་ནས་གང་ཟག་ལ་ཚོད་འཛིན་ཏོ། །ཇི་ལྟར་
ཞེ་ན། འདི་ནི་ཐོས་པ་ལ་སོགས་པས་འདི་ཇི་ལྟ་བ་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བར་རོ། །གཞན་ལ་མི་བརྟེན་པར་ཏེ། གཞན་ལ་མི་ལྟོས་པར་གང་ཟག་ལ་ཚོད་འཛིན་ཏོ། །ཇི་ལྟ་ཞེ་ན། འདི་ལ་ཐོས་པ་ལ་སོགས་པའི་ཡོན་ཏན་འདི་སྙེད་ཅིག་ཡོད་དོ་ཞེས་བྱ་བར་རོ། །དེ་འདི་སྙམ་དུ་ཀྱེ་མ་བདག་གིས་འདི་ལྟ་
སྟེ། ལུས་དང་ངག་དང་ཡིད་ཀྱིས་སྡིག་པ་བྱས་ཤིང་། ཀྱེ་མ་བདག་གིས་འདི་ལྟ་སྟེ། ལུས་དང་ངག་དང་ཡིད་ཀྱིས་བསོད་ནམས་མ་བྱས་པས་སྡིག་པ་བྱེད་བྱེད་པ་རྣམས་དང་། དྲག་ཤུལ་བྱེད་བྱེད་པ་རྣམས་དང་། གདུག་པ་བྱེད་བྱེད་པ་རྣམས་དང་། བསོད་ནམས་མ་བྱས་པ་རྣམས་དང་། དགེ་བ་མ་བྱས་
པ་རྣམས་དང་། འཇིགས་པས་བག་ཚ་བ་རྣམས་ལ་སྐྱོབ་པ་མ་བྱས་པ་རྣམས་ཀྱི་འགྲོ་བ་གང་ཡིན་པའི་འགྲོ་བ་དེ་དག་ཏུ་འགྱུར་རོ་སྙམ་དུ་སེམས་ནས་ཡིད་ལ་གཅགས་པ་འབྱུང་སྟེ། དགེ་སློང་དག་གང་ཟག་ཡིད་ལ་གཅགས་པའི་འཆི་བ་ནི་བཟང་པོ་མ་ཡིན་ལ་དུས་བྱེད་པ་ནི་བཟང་པོ་མ་ཡིན་ཞིང་། ཚེ་ཕྱི་
Vol. 137 · folio 223b
མར་འགྲོ་བ་ཡང་བཟང་པོ་མ་ཡིན་ནོ་ཞེས་བྱ་བའི་མདོ་སྡེའི་དུམ་བུ་ཡིན་ནོ། །སྨྲས་པ། སྡིག་པ་སྟེ་ཉེས་པར་སྤྱད་པ་ཞེས་བྱ་བའི་སྡིག་པ་དེ་ཡང་ཐ་ཆད་ཀྱི་དོན་གྱིས་ཡིན་པར་གོ་ཟིན་མོད་ཀྱི། རབ་ཏུ་གྲུབ་པར་བྱ་བའི་ཕྱིར་ཇི་སྐད་དུ་ཞེས་བྱ་བ་རྒྱས་པར་འབྱུང་བའི་ཁུངས་གཉིས་པ་བཤད་ཟིན་པ་ཡིན་ཏེ། ཇི་
སྐད་དུ་མདོ་སྡེ་ལས། ལུས་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་སྡིག་པ་ཞེས་གསུངས་པས་རྣམ་པར་སྨིན་པ་ཐམས་ཅད་ཅེས་བྱ་བར་མངོན་ནོ། །ཐ་ཆད་ཅེས་བྱ་བ་ནི་སྨད་པ་གང་ཡིན་པའོ། །ཁུངས་ཅིག་ཤོས་ནི་ཆེ་གེ་མོ་ང་ནི་ཁྱོད་ལ་མི་འཇིགས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་བཤད་པ་ཡིན་ནོ། །
ཇི་སྐད་དུ་དྲི་ནི་བསོད་ནམས་ཡིན་ནོ་ཞེས་བྱ་བ་ལྟ་བུ་ནི་བཀྲ་ཤིས་པ་ཡིན་ནོ་ཞེས་བྱ་བར་མངོན་ནོ། །དོན་ཐ་དད་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྡིག་པ་འདི་ཉེས་པར་སྤྱད་པ་དང་། གདུག་པ་ཞེས་དེ་སྐད་གསུངས་པ་ཡང་དོན་ཐ་དད་པས་ཡིན་ལ། བསོད་ནམས་འདི་ལ་དགེ་བ་དང་འཇིགས་པས་
བག་ཚ་བ་ལས་སྐྱོབ་པ་ཞེས་གསུངས་པ་ཡང་དོན་ཐ་དད་པས་དེ་སྐད་གསུངས་པ་ཡིན་གྱི། གཞི་ཐ་དད་པས་ནི་མ་ཡིན་ནོ། །འདི་ཇི་ལྟར་ཤེས་ཤེ་ན་སྟེ་རྟོགས་པར་བྱ་ཞེ་ན། ཐོག་མར་སྡིག་པ་དང་བསོད་ནམས་གཉིས་ཁོ་ནས་སྨོས་པའི་ཕྱིར་རོ། །ཇི་སྐད་དུ་ཞེ་ན། ཀྱེ་མ་བདག་གིས་འདི་ལྟ་སྟེ། ལུས་
དང་ངག་དང་ཡིད་ཀྱིས་སྡིག་པ་བྱས་ཤིང་། ཀྱེ་མ་བདག་གིས་འདི་ལྟ་སྟེ། ལུས་དང་ངག་དང་ཡིད་ཀྱིས་བསོད་ནམས་མ་བྱས་པས་ཞེས་འབྱུང་གི་ཉེས་པར་སྤྱད་པ་ལ་སོགས་པ་གཞན་རྣམས་ནི་ཐོག་མར་མ་སྨོས་པས་སོ། །དགེ་སློང་དག་གསོན་པོ་རྣམས་ལས་གཉིད་ལོག་པ་ནི་སྦུན་པ་དང་། ཤིན་ཏེ་
མ་དང་། འབྲས་བུ་མེད་པ་དང་། དོན་མེད་པ་དང་། ཕན་ཡོན་མེད་པ་ཡིན་གྱིས་ཀྱང་དགེ་སློང་དག་གཉིད་ལོག་པ་བླའི་འཐབ་མོ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་གང་དག་སྐྱེ་བོ་མང་པོ་ལ་མི་ཕན་པ་དང་། དོན་མེད་པར་འགྱུར་བ་དང་ལྷ་དང་མི་རྣམས་ལ་མི་ཕན་པ་དང་། སྡུག་
བསྔལ་བར་འགྱུར་བའི་རྣམ་པར་རྟོག་པ་གང་ལ་བརྟེན་ནས་ཆགས་པ་དང་། འཐབ་མོ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་འབྱུང་བའི་རྣམ་པར་རྟོག་པས་བརྟགས་པ་ནི་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །དེ་མི་བཟོད་པ་དེ་ནི་ཞེས་བྱ་བ་ནི་མཚང་འདྲུ་བ་མི་བཟོད་པ་ཡིན་
Vol. 137 · folio 224a
ནོ། །ཕན་ཚུན་མི་མཐུན་པར་སྨྲ་བ་ཞེས་བྱ་བ་ནི་འགལ་བར་སྨྲ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་ནི་གཤེ་ཡང་སླར་མི་གཤེ། ཁྲོས་ཀྱང་སླར་མི་ཁྲོ། །བརྡེགས་ཀྱང་སླར་མི་རྡེག །མཚང་འདྲུས་ཀྱང་སླར་མི་འདྲུ་བའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་
ཡིན་ནོ། །ངག་དང་བྱེད་པ་ཞེས་བྱ་བ་ནི་ངག་དང་བྱེད་པ་སྟེ། བྱེད་པ་ནི་ངག་དང་ལུས་ཀྱི་འགྱུར་བ་ཡིན་པས་ངག་དང་བྱེད་པའོ། །ངག་དང་བྱེད་པ་ཡིད་དུ་མི་འོང་བ་ནི་ངག་དང་བྱེད་པ་ཡིད་དུ་མི་འོང་བའོ། །མཚང་འདྲུ་བ་ནི་སྔ་མ་བཞིན་ནོ། །ཇི་ལྟ་བུ་ཞེ་ན། གཅིག་ལ་གཅིག་སྐྱོན་སྨྲ་བ་ནི་མཚང་འདྲུ་བ་ཡིན་
ནོ་ཞེས་བྱ་བ་ཡིན་ནོ། །འདི་ལ་འཕགས་པའི་ཉན་ཐོས་ནི་བདག་ཉིད་ཀྱི་ཚུལ་ཁྲིམས་དག་ལ་ཚུལ་ཁྲིམས་འདི་དག་ནི་མ་ཉམས་པ་སྐྱོན་མེད་པའོ། །འདྲེན་མར་མ་གྱུར་པ། ཐུན་ཚགས་མ་ཡིན་པ། རང་དབང་ཅན་ནོག་ནོག་པོར་མ་གྱུར་པ། ལེགས་པར་ཆུབ་པ། ལེགས་པར་བརྩམས་པ། མཁས་པ་རྣམས་ཀྱིས་བསྔགས་པ།
མཁས་པ་རྣམས་ཀྱིས་མ་སྨད་པ་ཡིན་ནོ་ཞེས་བྱ་བ་རྣམ་པ་ཡང་དག་པར་རྗེས་སུ་དྲན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །བསླབས་པ་ལས་མི་འདའ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཡན་ལག་སྲོག་གཅོད་པ་སྤོང་བ་ལ་སོགས་པ་བདུན་པོ་དག་ལས་མི་འདའ་བའི་ཕྱིར་ཏེ། མི་ཉམས་པའི་ཕྱིར་རོ། །
རང་དབང་ཅན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རང་དབང་ཅན་ནི་དེའི་གཉེན་པོ་ཡོངས་སུ་གཟུང་བ་སྟེ། ཚུལ་ཁྲིམས་ཉམས་པའི་གཉེན་པོ་སྟེ། སོ་སོར་རྟོག་པའི་སྟོབས་དང་། བསྒོམ་པའི་སྟོབས་ནི་དེའི་གཉེན་པོ་སྟེ། དེ་ཡོངས་སུ་བཟུང་བ་ནི་མངོན་སུམ་དུ་གྱུར་པ་ཡིན་ནོ། །ཡང་དང་ཡང་དུ་དེའི་
གཉེན་པོ་ཡོངས་སུ་བཟུང་བས། བདག་གི་དབང་ཉིད་དུ་འགྱུར་བའི་ཕྱིར་རོ། །ཇི་ལྟར་ན་བདག་གི་དབང་ཉིད་ཡིན་ཞེ་ན་རྐྱེན་གྱིས་མི་འཕྲོགས་པ་ཉིད་ཀྱི་རྒྱུས་ཏེ། རྐྱེན་སྡིག་པའི་གྲོགས་པོ་དང་ཡུལ་ཡིད་དུ་འོང་བ་ཉེ་བར་བསྒྲུབ་པ་དང་སྲོག་གཅོད་པ་ལ་སྤྲོ་བར་བྱེད་པའི་སྤྲོས་པ་རྣམས་ཀྱིས་མི་འཕྲོགས་
པ་ཉིད་དེ། འཕྲོགས་པར་མི་འགྱུར་བ་དེ་ཉིད་ཀྱི་རྒྱུས་ཏེ་དེའི་ཕྱིར་རོ། །སྨྲས་པ་རང་དབང་ཅན་དག་གི་དབང་ཉིད་ཡིན་པར་ཇི་ལྟར་ཤེས་ཤེ་ན། ཁྱེའུ་དེང་ཕྱིན་ཆད་ངའི་བྲན་མ་ཡིན་ཞིང་། མངག་གཞུག་པ་མ་ཡིན་ཏེ། རང་དབང་ཅན་དང་། གར་དགའ་དགུར་འགྲོ་བ་ཡིན་ནོ་ཞེས་མདོ་སྡེ་ལས་གསུངས་
Vol. 137 · folio 224b
པའི་ཕྱིར་ཏེ། དེ་ལྟར་ན་རང་དབང་ཅན་ནི་བདག་གི་དབང་ཉིད་དུ་གྱུར་པ་ཡིན་པར་གྲུབ་བོ། །ནོག་ནོག་པོར་མ་གྱུར་པ་ནི་ལྟ་བ་ངན་པ་དང་། སྨོན་ལམ་གཉིས་ཀྱིས་ཏེ། ལྟ་བ་ངན་པ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམས་ལས་གང་ཡང་རུང་བས་སོ། །སྨོན་ལམ་ནི་ཚུལ་ཁྲིམས་སམ། བརྟུལ་
ཞུགས་སམ། དཀའ་ཐུབ་བམ་ཚངས་པར་སྤྱོད་པ་འདིས་བདག་ལྷའམ། ལྷ་གང་ཡང་རུང་བ་ཞིག་ཏུ་གྱུར་ཅིག་ཅེས་བྱ་བ་ཡིན་ནོ། །ཡོན་ཏན་གང་ཞིག་གི་ཕྱིར་འདི་གཉིས་ཀྱིས་ནོག་ནོག་པོར་མ་གྱུར་པ་ཡིན་ཞེ་ན། བཤད་པ་ངེས་པར་འབྱིན་པ་ཉིད་ཀྱི་རྒྱུས་ཏེ། འདི་ལྟར་དེ་ནི་ཐར་པ་བསྒྲུབ་པ་ཡིན་
པས་སོ། །འདིས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མ་ཉམས་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་མདོ་སྡེའི་དུམ་བུ་འདིས་ནི་ཚུལ་ཁྲིམས་ཡོན་ཏན་བཞི་དང་ལྡན་པར་སྟོན་ཏེ། འཆལ་བའི་ཚུལ་ཁྲིམས་དེའི་རྒྱུས་མི་ཐུབ་པ་དང་། དེའི་གཉེན་པོ་དང་ཞི་ལ་བརྟེན་པ་སྟེ་ཞེས་འབྱུང་བ་ཡིན་ནོ། །དེ་ལ་མ་
ཉམས་པ་དང་སྐྱོན་མེད་པ་དང་། འདྲེན་མར་མ་གྱུར་པ་དང་ཞེས་བྱ་བའི་ཚིག་འདི་གསུམ་དག་གིས་ནི་འཆལ་བའི་ཚུལ་ཁྲིམས་ཀྱིས་མི་ཐུབ་པ་ཡིན་པར་སྟོན་ཏོ། །ཚིག་ལྷག་མ་རྣམས་ཀྱིས་ནི་དེའི་རྒྱུས་མི་ཐུབ་པ་ལ་སོགས་པ་རེ་རེ་དང་གོ་རིམས་བཞིན་དུ་སྦྱར་རོ། །ཇི་ལྟར་ཞེ་ན། དེའི་རྒྱུས་མི་ཐུབ་པ་
ཡིན་ཏེ། འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་མི་ཐུབ་པ་ནི་ཐུན་ཚགས་མ་ཡིན་པ་ཞེས་བྱ་བའི་ཚིག་འདིས་སྟོན་ཏོ། །དེའི་གཉེན་པོ་ལ་བརྟེན་པ་སྟེ། འཆལ་བའི་ཚུལ་ཁྲིམས་ཀྱི་གཉེན་པོ་ལ་བརྟེན་པ་ནི་རང་དབང་ཅན་ཞེས་བྱ་བའི་ཚིག་འདིས་སྟོན་ཏོ། །དེ་ལ་
རྟེན་མྱ་ངན་ལས་འདས་པ་ལ་བརྟེན་ཅིང་སྐྱེ་བའི་སྲིད་པ་ལ་མི་བརྟེན་པ་ནི་ནོག་ནོག་པོར་མ་གྱུར་པ་ཞེས་བྱ་བའི་ཚིག་འདིས་སྟོན་ཏོ། །མ་ཉམས་པ་དང་། སྐྱོན་མེད་པ་དང་། འདྲེན་མར་མ་གྱུར་པ་ཞེས་བྱ་བ་རྣམ་པ་དང་པོ་འདི་གསུམ་དག་གིས་ནི་ལེགས་པར་ཆུབ་པ་ཡིན་ཏེ། ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་རོ། །
གསུམ་པོ་གཞན་ཏེ། ཐུན་ཚགས་མ་ཡིན་པ་དང་། རང་དབང་ཅན་དང་། ནོག་ནོག་པོར་མ་གྱུར་པ་ཞེས་བྱ་བ་འདི་དག་གིས་ནི་ལེགས་པར་བརྩམས་པ་ཡིན་ཏེ། ལེགས་པར་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་ཡིན་ནོ། །མཁས་པ་རྣམས་ཀྱིས་མ་སྨད་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མཁས་པ་དགྲ་བཅོམ་
Vol. 137 · folio 225a
པ་རྣམས་ཀྱིས་མ་སྨད་པ་ནི་རྣམ་གྲངས་ཀྱིས་ཀྱང་མ་སྨད་པ་ཉིད་ཀྱི་ཕྱིར་ཏེ། ཇི་ལྟར་བསམ་གཏན་དང་པོ་ལ་སོགས་པའི་ཟག་པ་དང་བཅས་པ་ནི་ཟག་པ་མེད་པའི་རྣམ་གྲངས་ཀྱིས་སྨད་པ་ལྟར་འདི་ནི་དེ་ལྟར་མ་ཡིན་ཏེ། ཟག་པ་མེད་པ་ཉིད་ཀྱི་རྒྱུས་སོ་སྟེ། ཟག་པ་མེད་པ་ཉིད་ཀྱི་
ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱས་པར་གསུངས་ནས། དགེ་སློང་དག་གང་ཟག་བདེན་པ་མཐོང་བ། འབྲས་བུ་ཐོབ་པ་མངོན་པར་རྟོགས་པ་དང་ལྡན་པའི་སྡུག་བསྔལ་ནི་རྫིང་བུ་ལ་བརྟེན་པའི་མུ་ཇི་ཙམ་ཡོད་པ་དེ་སྙེད་སྤངས་པ་དང་ཡོངས་སུ་ཤེས་པ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་
མདོ་སྡེའི་དུམ་བུ་ཡིན་ནོ། །འདི་ལས་ནི་དམིགས་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་སྡེའི་དུམ་བུ་འདི་ལས་ནི་དམིགས་པས་སོ། །འབྲས་བུ་བསྟན་པས་ནི་ལས་ཀྱིས་སོ། །རང་བཞིན་གྱིས་ནི་རང་བཞིན་གྱིས་ཏེ། ལྟ་བ་ཕུན་སུམ་ཚོགས་པར་ཡོངས་སུ་བསྟན་པ་ཡིན་ནོ། །བདེན་པ་མཐོང་བ།
འབྲས་བུ་ཐོབ་པ། མངོན་པར་རྟོགས་པ་དང་ལྡན་པའི་ཞེས་བྱ་བའི་ཚིག་གསུམ་པོ་འདི་དག་གིས་ནི་གོ་རིམས་བཞིན་དུ་བདེན་པ་ལ་དམིགས་པས་ཏེ། བདེན་པ་བཞི་ལ་དམིགས་པའི་ལྟ་བ་དང་། འབྲས་བུ་ཐོབ་པར་བྱེད་པ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཐོབ་པར་བྱེད་པའི་ལྟ་
བ་དང་། མངོན་པར་རྟོགས་པའི་མཚན་ཉིད་དེ་ཟག་པ་མེད་པའི་ལྟ་བ་སྟེ། འདིས་ཕུན་སུམ་ཚོགས་པ་ནི་ལྟ་བ་ཕུན་སུམ་ཚོགས་པ་ཡིན་ནོ། །བདག་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་གཞན་ལ་རག་མ་ལས་པར་ཕྱིན་ཅི་མ་ལོག་པར་རྟོགས་པ་ཡིན་པར་
རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མངོན་པར་རྟོགས་པའི་དོན་ཡིད་ཆེས་པ་ལས་འབྱུང་བ་ནི་ཤེས་བྱ་ཤེས་པ་ཕྲད་པ་སྟེ། ཇི་ལྟ་ཞེ་ན། མངོན་སུམ་ཉིད་ཀྱི་དོན་གྱིས་སུ་སྟེ། རྒྱུ་དེས་ན་མངོན་པར་རྟོགས་པར་འདོད་ཅེས་འབྱུང་ངོ་། །དགེ་སློང་དག་གསུམ་པོ་འདི་དག་ནི་ནང་གི་དྲི་མ་ཡིན། ནང་གི་
འགྲན་ཟླ་དང་བཅས་པ་ཡིན། ནང་གི་ཕྱིར་རྒོལ་བ་ཡིན། ནང་གི་དགྲ་བོ་ཡིན་ནོ། །གསུམ་པོ་གང་དག་ཅེ་ན། དགེ་སློང་དག་འདོད་ཆགས་ནི་ནང་གི་དྲི་མ་ཡིན་ནོ། །ནང་གི་འགྲན་ཟླ་དང་བཅས་པ་ཡིན། ནང་གི་ཕྱིར་རྒོལ་བ་ཡིན། ནང་གི་དགྲ་བོ་ཡིན་ནོ། །འདོད་ཆགས་ཇི་ལྟ་བ་བཞིན་དུ་ཞེ་སྡང་དང་
Vol. 137 · folio 225b
གཏི་མུག་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །དེ་འདྲ་བའི་ཞེས་བྱ་བ་ནི་དེ་ལྟ་བུའོ། །ཇི་ལྟར་ན་གོ་རིམས་བཞིན་ཞེ་ན། ནང་གི་དྲི་མ་ནི་འདི་ལྟར་སེམས་དྲི་མ་ཅན་དུ་བྱེད་པ་སྟེ། ཀུན་ནས་ཉོན་མོངས་པར་བྱེད་པའི་ཕྱིར་རོ། །ནང་གི་འགྲན་ཟླ་དང་བཅས་པ་ནི་འདི་ལྟར་དགེ་བའི་ཆོས་མ་སྐྱེས་
པ་རྣམས་སྐྱེ་བའི་བགེགས་བྱེད་པས་སོ། །ནང་གི་ཕྱིར་རྒོལ་བ་ནི་འདི་ལྟར་དགེ་བའི་ཆོས་སྐྱེས་པ་རྣམས་ལས་ཡོངས་སུ་ཉམས་པར་བྱེད་པས་སོ། །ནང་གི་དགྲ་བོ་ནི་འདི་ལྟར་གང་གིས་ངན་སོང་རྣམས་སུ་ཡུན་རིང་པོར་འགྲོ་བར་འགྱུར་བ་དེ་འདྲ་བའི་མི་དགེ་བའི་ལས་ཀུན་ནས་སློང་བར་བྱེད་པས་སོ། །དགེ་
སློང་དག་མིག་ནི་སྐྱེས་བུའི་རྒྱ་མཚོ་ཡིན་ཏེ། དེ་ལས་གཟུགས་ལས་བྱུང་བའི་ཤུགས་དག་འབྱུང་ངོ་། །གང་ཞིག་གཟུགས་ལས་བྱུང་བའི་ཤུགས་དེ་བཟོད་པ་དེ་ནི་མིག་གི་རྒྱ་མཚོ་དབའ་རླབས་དང་བཅས་པ་ཀློང་དང་བཅས་པ་འཛིན་ཁྲི་དང་བཅས་པ། སྲིན་པོ་དང་བཅས་པ་ལས་རྒལ་བ་ཡིན་ནོ་ཞེས་བྱ་བ་
ནི་མདོ་སྡེའི་དུམ་བུ་ཡིན་ནོ། །གཟུགས་ལས་བྱུང་བའི་ཤུགས་ཞེས་བྱ་བ་ནི་ཡུལ་གཟུགས་ལ་དམིགས་པའི་ཉོན་མོངས་པའི་ཤུགས་སོ། །གང་ཞིག་གཟུགས་ལས་བྱུང་བའི་ཤུགས་དེ་བཟོད་པ་ཞེས་བྱ་བ་ནི་གང་ཞིག་ཡུལ་གཟུགས་ལ་དམིགས་པའི་ཉོན་མོངས་པ་དེ་དག་གིས་ཟིལ་གྱིས་མི་གནོན་
པ་ཞེས་བྱ་བའི་ཐ་ཚིག་གོ། །མིག་གི་བདག་པོས་བྱས་ནས་ཞེས་བྱ་བ་ནི་མིག་གི་བདག་པོས་རྐྱེན་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ། །ཆུད་ཟ་བ་བཞི་དང་བཅས་པ་རྣམ་པ་གཉིས་ཡང་དག་པར་བསྟན་པ་ཡིན་ཏེ། བསླབ་པ་གཏོང་བ་ནི་ཆུད་ཟ་བ་བཞི་དང་བཅས་པ་གཅིག་ཡང་དག་པར་བསྟན་པ་ཡིན་ལ།
ཉམས་པར་བྱེད་པ་ནི་ཆུད་ཟ་བ་བཞི་དང་བཅས་པ་གཉིས་པ་ཡང་དག་པར་བསྟན་པ་ཡིན་ནོ། །ཇི་ལྟ་ཞེ་ན། དབའ་རླབས་དང་བཅས་པ་ཀློང་དང་བཅས་པ་ཞེས་གསུངས་པའི་ཕྱིར་ཏེ། དང་པོ་ཡང་དག་པར་བསྟན་ཏོ། །འདིར་ཆུད་ཟ་བ་བསླབ་པ་གཏོང་བའི་གཞི་ནི་ཇི་སྐད་དུ་རྣམ་པར་བཤད་པའི་དབའ་
རླབས་དང་། ཇི་སྐད་དུ་རྣམ་པར་བཤད་པའི་ཀློང་ཡིན་ནོ། །འཛིན་ཁྲི་དང་བཅས་པ་སྲིན་པོ་དང་བཅས་པ་ཞེས་གསུངས་པའི་ཕྱིར་ན་གཉིས་པ་ཡང་དག་པར་བསྟན་པ་ཡིན་ནོ། །འདིར་ཡང་གཞི་ནི་ཇི་སྐད་དུ་རྣམ་པར་བཤད་པའི་འཛིན་ཁྲི་དང་། ཇི་སྐད་དུ་རྣམ་པར་བཤད་པའི་སྲིན་པོ་ཡིན་ནོ། །ཆུད་ཟ་བ་
Vol. 137 · folio 226a
ཡང་ཉམས་པར་བྱེད་པ་ཡིན་ནོ། །ཤེས་རབ་མྱུར་བ། ཤེས་རབ་མགྱོགས་པ། ཤེས་རབ་རྣོ་བ། ངེས་པར་འབྱུང་བའི་ཤེས་རབ་ཅན། ངེས་པར་འབྱེད་པའི་ཤེས་རབ་ཅན། ཤེས་རབ་ཆེ་བ། ཤེས་རབ་ཡངས་པ། ཤེས་རབ་ཟབ་པ། ཤེས་རབ་མཉམ་པ་མེད་པ།
ཤེས་རབ་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ཇི་ལྟར་ན་གོ་རིམས་བཞིན་ཞེ་ན། དོན་ལ་མྱུར་བར་འཇུག་པའི་ཕྱིར་ཤེས་རབ་མྱུར་བ་ཡིན་ནོ། །དོན་མང་པོ་ལ་འཇུག་པའི་ཕྱིར་ཤེས་རབ་མགྱོགས་པ་ཡིན་ནོ། །དོན་ཕྲ་བ་ལ་འཇུག་པའི་ཕྱིར་ཤེས་རབ་རྣོ་བ་ཡིན་ནོ། །འཁོར་བ་
ལས་ངེས་པར་འབྱུང་བ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འཁོར་བ་ལས་ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ་མྱ་ངན་ལས་འདས་པའོ། །འདི་ལ་ངེས་པར་འབྱུང་བ་དེའི་ཤེས་རབ་ཡོད་པས་དེའི་ཕྱིར་ངེས་པར་འབྱུང་བའི་ཤེས་རབ་ཅན་ནོ། །དེ་ཁོ་ན་ངེས་པར་འབྱེད་པ་ཞེས་བྱ་བ་ལ། དེ་ཁོ་ན་
འཕགས་པའི་བདེན་པ་བཞིའི་མཚན་ཉིད་ངེས་པར་འབྱེད་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པར་བྱེད་པས་ན་ངེས་པར་འབྱེད་པའི་ཤེས་རབ་བོ། །ངེས་པར་འབྱེད་པའི་ཤེས་རབ་ཡོད་པས་ན་དེའི་ཕྱིར་ངེས་པར་འབྱེད་པའི་ཤེས་རབ་ཅན་ནོ། །ཇི་ལྟར་བྱས་པས་གོ་རིམས་བཞིན་ཞེ་ན། འདི་ལ་ཤེས་རབ་
ཆེན་པོ་ཡོད་དེ། འདྲི་བ་དང་ལན་གདབ་པ་དག་ལ་ཕུགས་ཐུག་པར་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་དྲི་བ་རྣམས་དང་ལན་འདེབས་པ་རྣམས་ལ་ཡོངས་སུ་གཏུགས་པར་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ཆེ་བ་ཡིན་ནོ། །ཤེས་རབ་ཆེ་བ་ནི་ཡངས་པ་ཡང་ཡིན་ཏེ། གང་གི་ཕྱིར་
ཞེ་ན། མངོན་པར་ཤེས་པ་ལྔ་རྒྱ་ཆེ་བ་དང་ཡོངས་སུ་རྫོགས་པའི་ཕྱིར་རོ། །མངོན་པར་ཤེས་པ་རྒྱ་ཆེ་བའི་ཕྱིར་དང་མངོན་པར་ཤེས་པ་ལྔ་ཆར་ཡོངས་སུ་རྫོགས་པའི་ཕྱིར་ཤེས་རབ་ཡངས་པ་ཡིན་ནོ། །རྒྱ་ཆེ་བ་ནི་དེ་དག་གི་ཡུལ་ཐག་རིང་བ་དང་། ཕྲ་བ་ཉིད་ཡིན་ནོ། །ཡོངས་སུ་རྫོགས་པ་ཉིད་ནི་གཅིག་
མ་ཡིན་ལ་བཞིའི་བར་མ་ཡིན་གྱིའོ་ན་ཅི་ཞེ་ན་ལྔ་ཆར་ཡིན་ནོ། །ཤེས་རབ་དེ་ནི་ཟབ་པ་དང་ཡངས་པ་ཡིན་ཏེ། གཞན་དག་གིས་རྟོགས་པར་དཀའ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཟབ་པ་ཡིན་ནོ། །ཤེས་རབ་དེ་ནི་མཉམ་པ་མེད་པ་ཡང་ཡིན་ཏེ། འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་
Vol. 137 · folio 226b
པའི་ཕྱིར་རོ། །དེའི་ཕྱིར་ཤེས་རབ་མཉམ་པ་མེད་པ་ཡིན་ནོ། །ཤེས་རབ་དེ་ནི་རིན་པོ་ཆེ་ལྟ་བུ་ཡང་ཡིན་ཏེ། རྙེད་པར་དཀའ་བའི་ཕྱིར་དང་། དོན་ཆེ་བ་ཡང་དག་པར་སྒྲུབ་པའི་ཕྱིར་དང་། དགའ་བར་བྱེད་པའི་ཕྱིར་ན་ནོར་བུ་རིན་པོ་ཆེ་དང་ཆོས་མཐུན་པའི་ཕྱིར་ཏེ། ནོར་བུ་རིན་པོ་ཆེ་ཡང་རྙེད་པར་
དཀའ་བ་དང་། དོན་ཆེན་པོ་ཡང་དག་པར་སྒྲུབ་པ་དང་། དགའ་བར་བྱེད་པ་ཡིན་ནོ། །དེ་ལ་དོན་ཆེན་པོ་ཡང་དག་པར་སྒྲུབ་པ་དང་། དགའ་བར་བྱེད་པ་ཡིན་པར་ནི་རང་དང་གཞན་གྱི་རྒྱུད་དག་ལ་རྣམ་པར་གྲོལ་བ་དང་། དགའ་བ་སྐྱེད་པའི་ཕྱིར་རོ་ཞེས་སྒྲུབ་པར་བྱེད་དོ། །རང་དང་གཞན་གྱི་རྒྱུད་ལ་
རྣམ་པར་གྲོལ་བ་སྐྱེད་པའི་ཕྱིར་ན་དོན་ཆེན་པོ་ཡང་དག་པར་འགྲུབ་པ་ཉིད་ཡིན་པར་རིག་པར་བྱའོ། །རང་དང་གཞན་གྱི་རྒྱུད་ལ་དགའ་བ་སྐྱེད་པའི་ཕྱིར་ན་དགའ་བར་བྱེད་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལྟ་བུ་ནི་ཤེས་རབ་རིན་པོ་ཆེ་དང་ལྡན་པ་ཡིན་ནོ། །འདིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་
སྡེའི་དུམ་བུའོ། །འདིར་ཤེས་རབ་ཀྱི་ཡོན་ཏན་གསུམ་དག་ཏུ་སྟེ། ཤེས་རབ་མྱུར་བ་ཉིད་དང་། ཤེས་རབ་མགྱོགས་པ་ཉིད་དང་། ཤེས་རབ་རྣོ་བ་ཉིད་ནི་གཉི་གའི་དོན་གྱི་དབང་དུ་མཛད་པའི་ཆོས་ཀྱི་དོན་ལས་བརྩམས་ནས་རིག་པར་བྱའོ། །གཉི་ག་ནི་བདག་དང་གཞན་གཉིས་ཡིན་ལ། དོན་ནི་
ཆེད་ཡིན་པས། གཉིས་ཀའི་དོན་ཏོ། །དབང་དུ་བྱ་བ་ཆོས་ཀྱི་དོན་འདི་ལ་ཡོད་པ་ནི་བསྟན་པའི་ཆོས་ཀྱི་དོན་གང་ཡིན་པ་སྟེ། དེ་ལ་ཡོད་པ་དེ་ནི་གཉི་གའི་དོན་གྱི་དབང་དུ་མཛད་པའོ། །གཉིས་ཀའི་དོན་གྱི་དབང་དུ་མཛད་པའི་ཆོས་ཀྱི་དོན་དེ་ལས་བརྩམས་ནས་ཏེ། ཆེད་དུ་བྱས་ནས་ཡོན་ཏན་གསུམ་
པོ་འདི་དག་རིག་པར་བྱའོ། །ཤེས་རབ་ཀྱི་ཡོན་ཏན་གཉིས་ཏེ། ངེས་པར་འབྱུང་པའི་ཤེས་རབ་ཅན་ཉིད་དང་། ངེས་པར་འབྱེད་པའི་ཤེས་རབ་ཅན་ནོ། །རང་གི་དོན་ལས་བརྩམས་ནས་རིག་པར་བྱ་སྟེ། འདི་གཉིས་ནི་འཇིག་རྟེན་ལས་འདས་པ་ཡིན་པའི་ཕྱིར་རོ། །ཤེས་རབ་ཀྱི་ཡོན་ཏན་ལྷག་མ་
རྣམས་ཏེ། ཤེས་རབ་ཆེ་བ་ལ་སོགས་པ་ལྔ་ནི་མི་གཞན་གྱི་དོན་ལས་བརྩམས་ནས་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཤེས་རབ་ཆེ་བ་ཉིད་ཀྱིས་ནི་གཞན་གྱི་ཐེ་ཚོམ་གཅོད་པའི་ཕྱིར་རོ། །ཤེས་རབ་ཡངས་པ་ཉིད་ཀྱིས་ནི་གཞན་དག་འདུད་པའི་ཕྱིར་རོ། །ཤེས་རབ་ཟབ་པ་ཉིད་ཀྱིས་ནི་གཞན་
Vol. 137 · folio 227a
དག་རི་མོའི་ཁྱད་པར་སྐྱེད་པའི་ཕྱིར་རོ། །ཤེས་རབ་རིན་པོ་ཆེ་དང་ལྡན་པ་ཉིད་ཀྱིས་ནི་དོན་གྱི་མཆོག་ཐོབ་པར་བྱེད་པའི་ཕྱིར་རོ། །གཞན་ཡང་འཕགས་པ་ཤཱ་རིའི་བུའི་དབང་དུ་མཛད་ནས་ཚིག་འདི་དག་གསུངས་པ་ཡིན་ཏེ། གང་གི་ཕྱིར་ཚེ་དང་ལྡན་པ་བཙུན་པ་ཤ་ར་དྭ་ཏིའི་བུ་ནི་
ཚུལ་ཁྲིམས་དང་ལྡན་པ། འདོད་པ་ཆུང་བ། ཆོག་ཤེས་པ། རབ་ཏུ་དབེན་པ། བརྩོན་འགྲུས་བརྩམས་པ། དྲན་པ་ཉེ་བར་གཞག་པ། ཤེས་རབ་མཉམ་པར་གཞག་པ། ཤེས་རབ་མྱུར་བ་ཞེས་རྒྱས་པར་གསུངས་སོ། །ལན་ཅིག་ཚིགས་སུ་བཅད་པ་ཐོབ་པས་དོན་ལ་ཞུགས་པའི་ཕྱིར་རོ་ཞེས་
བྱ་བ་ནི། ཆོས་གང་རྒྱུས་བྱུང་དེ་དག་གི །རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་སྩལ་ཏེ། །དགེ་སྦྱོང་ཆེན་པོས་དེ་སྐད་གསུངས། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་ལན་ཅིག་ཐོས་པས་དོན་ལ་ཞུགས་པའི་ཕྱིར་རོ། །དེ་ཉིད་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་ལྟར་
ཚིགས་སུ་བཅད་པ་ཐོས་པ་དེ་ཉིད་ལས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་པའི་ཕྱིར་ཏེ་ཞེས་བྱ་བ་སྟེ། ཟག་པ་མེད་པའི་ཤེས་རབ་ཐོབ་པའི་ཕྱིར་རོ། །ཉོན་མོངས་པ་སྤངས་པ་དང་། དེ་ཁོ་ན་རྟོགས་པའི་ཕྱིར་རོ། །ཉོན་མོངས་པ་སྤངས་པའི་ཕྱིར་ངེས་པར་འབྱུང་བའི་ཤེས་རབ་ཅན་ནོ། །དེ་ཁོ་ན་
རྟོགས་པའི་ཕྱིར་ངེས་པར་འབྱེད་པའི་ཤེས་རབ་ཅན་ནོ། །རྣམ་པར་ཐར་པ་བརྒྱད་ལས་བསམ་གཏན་བྱེད་པའི་ཕྱིར་ཏེ། རྣམ་པར་ཐར་པ་བརྒྱད་པོ་དེ་དག་ཀྱང་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་ཤིང་ཕྱི་རོལ་གྱི་གཟུགས་རྣམས་ལ་
ལྟ་བ་ནི་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་ནི་གསུམ་པའོ། །གཟུགས་མེད་པ་བཞི་དང་། བརྒྱད་པ་འདུ་ཤེས་དང་། ཚོར་བ་འགོག་པའོ། །ཕྱོགས་ཐམས་ཅད་དུ་རྣམ་པར་རྒྱུག་པར་བྱེད་དོ་ཞེས་བྱ་བ་ནི་རྣམ་པར་ཐར་པ་བརྒྱད་ལུས་
ཀྱིས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེར་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་དེར་ཡང་ངོ་། །བསམ་གཏན་རྣམས་ལ་མངོན་པར་ཤེས་པ་དང་རྣམ་པར་ཐར་པ་རྟེན་པ་ཉིད་ཀྱི་ཕྱིར་ཏེ། མངོན་པར་ཤེས་པ་རྟེན་པ་ཉིད་དང་རྣམ་པར་ཐར་པ་རྟེན་པ་ཉིད་ཀྱི་ཕྱིར་
Vol. 137 · folio 227b
ནི་རྒྱུས་ཞེས་བྱ་བར་རིག་པར་བྱའོ། །འདི་སྐད་དུ་སྔར་བསམ་གཏན་བསྐྱེད་ནས་དེ་ལས་བསམ་གཏན་ལ་བརྟེན་ཏེ་མངོན་པར་ཤེས་པ་དང་། རྣམ་པར་ཐར་པ་བརྒྱད་བསྐྱེད་པའོ་ཞེས་བསྟན་པ་ཡིན་ནོ། །སྐྱེས་བུ་ཅང་མཁྱེན་ནི་སྐྱེས་བུ་ཅང་ཤེས་ཏེ། གང་ཞིག་སེམས་ལ་དབང་བྱེད་པ་ཐོབ་ཅིང་སེམས་ཀྱིས་
མི་འཕྲོགས་པའོ། །ཤེས་རབ་རིན་པོ་ཆེ་དང་ལྡན་པ་ཡང་སྔ་མ་བཞིན་དུ་སྦྱར་རོ། །ཇི་ལྟ་ཞེ་ན། རིན་པོ་ཆེ་ལྟར་རྙེད་པར་དཀའ་བའི་ཕྱིར་དང་། དོན་ཆེན་པོ་ཡང་དག་པར་བསྒྲུབ་པའི་ཕྱིར་དང་། དགའ་བར་བྱེད་པའི་ཕྱིར་ཏེ། བདག་དང་གཞན་གྱི་རྒྱུད་དག་ལ་རྣམ་པར་གྲོལ་བ་དང་། དགའ་བ་
བསྐྱེད་པའི་ཕྱིར་ན་ཤེས་རབ་རིན་པོ་ཆེ་དང་ལྡན་པ་ཡིན་ནོ། །འདི་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ནི་བདག་ནི་སྐྱེ་དགུ་སེར་སྣའི་དྲི་མས་ཀུན་ནས་དཀྲིས་པ་རྣམས་ལས་སེམས་དྲི་མའི་སེར་སྣ་དང་བྲལ་བས་ལྷུག་པར་གཏོང་བ་དང་། ལག་བརྐྱང་པ་དང་། རྣམ་པར་གཏོང་བ་ལ་དགའ་བ་དང་།
སྦྱིན་པ་རྒྱུན་མི་འཆད་པ་དང་གཏོང་བ་ཕུན་སུམ་ཚོགས་པ་དང་། སྦྱིན་པ་ལ་བགེད་པར་དགའ་བས་ཁྱིམ་ན་གནས་པ་ནི་བདག་གི་རྙེད་པ་ལེགས་པར་རྙེད་དོ་ཞེས་སྦྱིན་པར་བྱ་བའི་ཆོས་ཀྱི་རྣམ་པ་ཡང་དག་པར་རྗེས་སུ་དྲན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །དེའི་རྒྱུ་ཞེས་བྱ་བ་ནི་སེར་སྣའི་རྒྱུ་ཞེས་
བྱ་བའི་ཐ་ཚིག་གོ། །འབྲས་བུའི་ཤིང་ལྟ་བུ་ནི་ཇི་ལྟར་ཤིང་གང་ལས་འབྲས་བུ་འབྱུང་བ་དེ་ནི་འབྲས་བུའི་ཤིང་ཞེས་བྱ་བ་ལྟ་བུ་སྟེ། དེ་དང་འདྲའོ། །སེར་བའི་སྤྲིན་ལྟ་བུ་ཡང་ཇི་ལྟར་སྤྲིན་གང་ལས་སེར་བ་འབབ་པ་དེ་ནི་སེར་བའི་སྤྲིན་ཞེས་བྱ་བ་ལྟ་བུ་སྟེ། དེ་དང་འདྲའོ། །དེ་ཉིད་ཀྱི་ཕྱིར་ཞེས་
བྱ་བ་ནི་འདི་ལྟར་ཆགས་པའི་རྣམ་པ་དེ་ནི་དེའི་རྒྱུ་ཡིན་པས་སོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྐད་བསྟན་པ་དེ་ལྟར་ན་སེར་སྣའི་དྲི་མ་ཞེས་སེར་སྣ་སྔར་སྨོས་པ་ནི་ཁྱད་པར་དུ་བྱ་བའི་ཕྱིར་ཏེ། འབྲས་བུའི་ཤིང་ལྟ་བུ་དང་། སེར་བའི་སྤྲིན་ལྟ་བུའོ། །དེ་ལྟར་ན་དྲི་མའི་ཁྱད་པར་ཆགས་
པའི་རྣམ་པ་འགའ་ཞིག་རྒྱུ་ཡིན་གྱི་དྲི་མ་གང་ཡང་རུང་ངོ་ཅོག་ནི་སེར་སྣའི་རྒྱུ་མ་ཡིན་ནོ་ཞེས་དེ་ལྟར་ཁྱད་པར་དུ་བྱ་བའི་ཕྱིར་རོ། །དྲི་མའི་སེར་སྣ་དང་བྲལ་བ་ཞེས་སེར་སྣ་ཕྱིས་སྨོས་པ་ནི་ལྷོག་པའི་གོ་རིམས་ཡང་དག་པར་བསྟན་པའི་ཕྱིར་རོ། །ལྷོག་པའི་གོ་རིམས་ཡང་དག་པར་བསྟན་པ་ཡང་སེར་སྣའི་
Vol. 137 · folio 228a
དྲི་མ་ཆགས་པ་དང་སྔར་བྲལ་ནས་ཕྱིས་སེར་སྣ་དང་བྲལ་བ་ཡིན་ནོ། །ཇི་ལྟར་ན་སེམས་དྲི་མའི་སེར་སྣ་དང་བྲལ་བས་ཁྱིམ་དུ་གནས་ཤེ་ན། ལྷུག་པར་གཏོང་བ་ཞེས་རྒྱས་པར་འབྱུང་བ་ཡིན་ཏེ། དེ་ལ་ལྷུག་པར་གཏོང་བ་ཞེས་བྱ་བ་འདིས་ནི་མི་གནས་པར་སྦྱིན་པ་བྱེད་པ་ཉིད་
ཡིན་པར་སྟོན་ལ། སྦྱིན་པ་ལ་བགེད་པར་དགའ་བ་ཞེས་བྱ་བ་འདིས་ནི་ཕྱོགས་མེད་པར་སྦྱིན་པ་བྱིན་པའི་བར་ཡིན་པར་སྟོན་ཏོ། །དེ་ལ་ལྷུག་པར་གཏོང་བ་ཞེས་བྱ་བ་ནི་མི་གནས་པར་སྦྱིན་པ་བྱེད་པ་ཡིན་ནོ། །ལག་བརྐྱང་བ་ཞེས་བྱ་བ་ནི་རྒྱ་ཆེར་སྦྱིན་པ་བྱེད་པ་ཡིན་ཏེ། སྦྱིན་པ་ལ་མ་འཁུམས་པ་ཡིན་
ནོ། །རྣམ་པར་གཏོང་བ་ལ་དགའ་བ་ཞེས་བྱ་བ་ལ། གཞན་དག་ལ་གསེར་ལ་སོགས་པ་རྣམ་པར་གཏོང་བར་བྱེད་པ་ནི་རྣམ་པར་གཏོང་བ་སྟེ། དེ་ལ་དགའ་བའོ། །སྦྱིན་པ་རྒྱུན་མི་འཆད་པ་དང་ཞེས་བྱ་བ་ནི་སྦྱིན་པར་བྱེད་པའི་ངང་ཚུལ་ཅན་ཡིན་ནོ། །དགེ་སྦྱོང་རྣམས་ནས་སློང་མོ་པ་རྣམས་ཀྱི་བར་
དག་ལ་ཞེས་བྱ་བ་ནི་དགེ་སྦྱོང་རྣམས་དང་། བྲམ་ཟེ་རྣམས་དང་། སློང་མོ་པ་བཀྲེན་པ་རྣམས་དང་། སྡུག་ཕོངས་པ་རྣམས་དང་། ལམ་ནས་འགྲོ་བ་རྣམས་ལའོ། །དེ་ལ་རིགས་ཀྱི་བུ་དགའ་བོའི་ཟས་ལ་ཚོད་འཛིན་པ་ནི་འདི་ཡིན་ཏེ། དགེ་སློང་དག་རིགས་ཀྱི་བུ་དག་དགའ་བོ་ནི་ལོངས་པའི་
ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། ཆ་བའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། ལུས་འདི་ཁོ་ན་གནས་པར་བྱ་བའི་ཕྱིར་དང་། གསོ་བའི་ཕྱིར་དང་། བཀྲེས་པ་དང་བྲལ་བར་བྱ་བའི་ཕྱིར་དང་། ཚངས་པར་སྤྱོད་པ་རྗེས་སུ་གཟུང་བའི་ཕྱིར་ཏེ། དེ་ལྟ་བུས་ཚོར་བ་རྙིང་ནི་གཞིལ་
བར་བྱ་ལ། ཚོར་བ་གསར་ནི་མི་སྐྱེ་བར་བྱས་ན་བདག་འཚོ་བ་དང་སྟོབས་དང་བདེ་བ་དང་ཁ་ན་མ་ཐོ་བ་མེད་པ་དང་། རིགས་པར་གནས་པར་འགྱུར་རོ་ཞེས་སོ་སོར་བརྟགས་ནས་ཟས་ཟའོ། །དགེ་སློང་དག་དཔེར་ན་སྐྱེས་བུ་ཤིང་རྟ་བས། མར་རམ་འབྲུ་མར་གྱིས་ཤིང་རྟའི་སྲོག་ཤིང་ལ་སྐུད་པར་བྱེད་
པ་ན་ལོངས་པའི་ཕྱིར་ནི་མ་ཡིན། རྒྱགས་པའི་ཕྱིར་ནི་མ་ཡིན། ཆ་བའི་ཕྱིར་ནི་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན། ཁལ་ཁོ་ན་ཐེག་པར་བྱ་བའི་ཕྱིར་ཡིན། སྐྱེས་བུ་རྨས་པ་སེར་བ་ཡང་མར་རམ་འབྲུ་མར་གྱིས་རྨ་ལ་སྐུད་པ་ན་ལོངས་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། ཆ་བའི་
Vol. 137 · folio 228b
ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། རྨ་ཁོ་ན་གསོ་བའི་ཕྱིར་ཡིན་ནོ། །དེ་བཞིན་དུ་རིགས་ཀྱི་བུ་དགའ་བོ་ཡང་ལོངས་པའི་ཕྱིར་མ་ཡིན། རྒྱགས་པའི་ཕྱིར་མ་ཡིན། ཆ་བའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། ལུས་འདི་ཁོ་ན་གནས་པར་བྱ་བའི་ཕྱིར་དང་། གསོ་བའི་ཕྱིར་
དང་། བཀྲེས་པ་དང་བྲལ་བར་བྱ་བའི་ཕྱིར་དང་། ཚངས་པར་སྤྱོད་པ་རྗེས་སུ་གཟུང་བའི་ཕྱིར་དེ་ལྟ་བུས་ཚོར་བ་རྙིང་ནི་གཞིལ་བར་བྱ་ལ། ཚོར་བ་གསར་ནི་མི་སྐྱེ་བར་བྱས་ནས་བདག་འཚོ་བ་དང་། སྟོབས་དང་བདེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། རེག་པར་གནས་པར་འགྱུར་རོ་ཞེས་སོ་སོར་
བརྟགས་ནས་ཟས་ཟའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །འདི་ཐམས་ཅད་ནི་འདོད་པ་ལ་ལོངས་སྤྱོད་པ་ཁོ་ན་དག་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སློབ་དཔོན་ཉིད་ཀྱི་ལུགས་རབ་ཏུ་བསྟན་པ་ཡིན་ནོ། །འདི་ཐམས་ཅད་དེ་ལོངས་པའི་ཕྱིར་ཡིན་པ་ནི་གཞོན་ནུ་རྣམས་ལྟ་བུ་སྟེ། དེ་རྣམས་ནི་དགོད་
པ་དང་རྩེད་མོའི་བསམ་པ་ཉིད་ཀྱིས་ལོངས་པའི་ཕྱིར་ཟའོ་ཞེས་རྒྱས་པར་བཤད་པ་གང་ཡིན་པའོ། །འདི་ཐམས་ཅད་ནི་འདོད་པ་ལ་ལོངས་སྤྱོད་པ་ཁོ་ན་དག་ལ་འབྱུང་བས་དགོད་པ་དང་རྩེད་མོ་ལ་སོགས་པའི་བསམ་པ་དེ་ལྟ་བུའི་བསམ་པས་ཟས་ཀྱི་བྱ་བ་འགོག་པར་བྱེད་དོ། །ལུས་འདི་ཁོ་ན་
ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ལུས་འདི་ཁོ་ན་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ལུས་འདི་འབའ་ཞིག་གོ། །གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྲོག་ཡོད་པར་བྱ་བའི་ཕྱིར་རོ། །གསོ་བའི་ཕྱིར་ཞེས་བྱ་བ་ནི་སྟོབས་ཡོད་པར་བྱ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཤིང་རྟའི་སྲོག་ཤིང་བསྐུ་
བ་བཞིན་ཏེ། ལོངས་པའི་ཕྱིར་མ་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བཀྲེས་པ་དང་འབྲལ་བར་བྱ་བའི་ཕྱིར་ཞེས་བྱ་བ་ཟས་འདོད་པ་ནི་བཀྲེས་པའོ། །དེ་དང་བྲལ་བ་ནི་བཀྲེས་པ་དང་བྲལ་བ་སྟེ་དེའི་ཕྱིར་ན། བཀྲེས་པ་དང་བྲལ་བར་བྱ་བའི་ཕྱིར་རོ། །ལུས་གནས་པ་དང་། ལུས་ཀྱི་སྟོབས་དང་།
ལུས་ཀྱི་ཉོན་མོངས་པ་མེད་པ་དེ་དག་ལ་བརྟེན་ནས་ཞེས་བྱ་བ་ནི་འདིར་ལུས་གནས་པ་དང་། ལུས་ཀྱི་སྟོབས་ནི་ཇི་སྐད་དུ་བཤད་མ་ཐག་པའོ། །ལུས་ཀྱི་ཉོན་མོངས་པ་མེད་པ་ནི་ཟས་འདོད་པའི་སྡུག་བསྔལ་བཟློག་པའི་ཕྱིར་རོ། །འདིས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལུང་ཕོག་པ་འདིས་སོ། །
Vol. 137 · folio 229a
ཟས་ཆུང་ངུ་ཡོངས་སུ་སྤོང་བར་བྱེད་པ་ནི་བཀྲེས་པས་ཀུན་ནས་སློང་བའི་ཚོར་བ་གང་ཡིན་པ་ཞེས་བྱ་བ་འདིས་སོ། །ཟས་ལྷག་པར་ཟ་བར་བྱེད་པ་ཡོངས་སུ་སྤོང་བར་བྱེད་པ་ནི་ཧ་ཅང་བཟའ་བ་དྲགས་པ་ལས་སྐྱེ་བ་གང་ཡིན་པ་ཞེས་བྱ་བ་འདིས་སོ། །དེ་ལྟ་བུས་ཞེས་སྨོས་པ་
ནི་དེ་ལྟ་བུས་ཚོར་བ་རྙིང་ནི་ཞེས་བྱ་བ་འདི་ཡིན་ནོ། །དེ་དག་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འཚོ་བ་དང་སྟོབས་དང་བདེ་བ་དེ་དག་ཀྱང་ལུས་ལ་གནས་པ་ལ་སོགས་པ་སྔར་བསྟན་པ་གང་ཡིན་པ་སྟེ། ལུས་གནས་པ་དང་། སྟོབས་དང་། བཀྲེས་པ་དང་བྲལ་བའོ། །དེ་དག་ཀྱང་ཞེས་བྱ་བ་རྒྱས་པར་
འབྱུང་བ་ནི་ཁ་ན་མ་ཐོ་བ་མེད་པ་ཉིད་དང་། རེག་པར་གནས་པ་དེ་དག་ཀྱང་ཚངས་པར་སྤྱོད་པ་རྗེས་སུ་བཟུང་བ་སྔར་བསྟན་པ་གང་ཡིན་པ་སྟེ། འཕགས་པའི་ལས་སྒྲུབ་པའོ། །དེ་ལ་སྐྱོན་ནི་ལྔ་དག་སྟེ་ཞེས་བྱ་བ་ནི་དེ་ལ་ཧ་ཅང་བཟའ་དྲགས་པ་ལས་སྐྱོན་ལྔ་དེ་དག་སྟེ། སེམས་ལས་བྱུང་བ་སྙོམ་པ་ལ་
སོགས་པའོ། །དེ་ལ་སྙོམ་པ་ནི་ཧ་ཅང་བཟའ་དྲགས་པ་ལས་གཉིད་ཀྱི་རྣམ་པ་འགའ་ཞིག་འབྱུང་བའོ། །མི་དགའ་བ་ནི་དེ་ཉིད་ཀྱི་ཕྱིར་སྟན་ལ་སོགས་པ་དག་ལའོ། །གླལ་བ་ནི་སེམས་ལས་བྱུང་བའི་ཆོས་གང་ཞིག་ཡོད་ན་ཧ་ཅང་བཟའ་དྲགས་པ་ལས་ལུས་རྣམ་པར་ཤིག་ཤིག་པོར་གྱེས་པའོ། །
ཟས་ཀྱིས་གསུད་པ་ཉིད་ནི་གང་ཞིག་ཡོད་ན་ཧ་ཅང་བཟའ་དྲགས་པ་ལས་སྦོས་ཏེ་འདུག་པའོ། །སེམས་ཞུམ་པ་ཉིད་ནི་གང་ཞིག་ཡོད་ན་ཧ་ཅང་བཟའ་དྲགས་པ་ལས་སེམས་ལས་སུ་མི་རུང་ཞིང་སེམས་བླུན་པའོ། །དེ་ལྟར་ན་བསམ་པ་གང་གིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྐད་བསྟན་པ་དེ་ལྟར་ན་
བསམ་པ་གང་གིས་ཏེ། ལོངས་པ་ཉིད་ཀྱི་བསམ་པ་ནས་བརྒྱན་པའི་བསམ་པའི་བར་གྱིས་མི་བཟའ་བ་སྟེ། དེ་ལ་སོ་སོར་བརྟགས་ནས་ཟས་ཟ་བའི་ཕྱིར་སོ་སོར་བརྟགས་ནས་ཟས་ཟ་བ་ཡིན་ནོ། །བསམ་པ་གང་གིས་ཡིན་པ་ནི་ལུས་འདི་ཁོ་ན་གནས་པར་བྱ་བའི་ཕྱིར་དང་། གསོ་བའི་ཕྱིར་དང་། བཀྲེས་
པ་དང་བྲལ་བར་བྱ་བའི་ཕྱིར་དང་། ཚངས་པར་སྤྱོད་པ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་ཏེ་ཞེས་བྱ་བ་བརྗོད་པར་བྱ་སྟེ། དེ་ལ་སོ་སོར་བརྟགས་ནས་ཟས་ཟ་བའི་ཕྱིར་སོ་སོར་བརྟགས་ནས་ཟས་ཟ་བ་ཡིན་ནོ། །ཚོད་ཇི་ཙམ་དུ་བཟའ་བ་ཞེས་བྱ་བ་ནི་དེ་ལྟ་བུས་ཚོར་བ་རྙིང་ནི་གཞིལ་བར་བྱ་ལ། ཚོར་བ་གསར་ནི་མི་སྐྱེ་བར་
Vol. 137 · folio 229b
བྱ་བ་སྟེ། དེ་ལ་སོ་སོར་བརྟགས་ནས་ཟས་ཟ་བའི་ཕྱིར་སོ་སོར་བརྟགས་ནས་ཟ་བའོ། །ཟས་ལ་ཚོད་ཟིན་པའི་ཕན་ཡོན་གང་ཡིན་པ་སྟེ་བདག་འཚོ་བ་སྟེ། སྟོབས་དང་། བདེ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། རེག་པ་ལ་གནས་པར་འགྱུར་རོ་ཞེས་བྱ་བ་སྟེ། དེ་ལ་སོ་སོར་བརྟགས་ནས་ཟས་ཟ་བའི་
ཕྱིར་སོ་སོར་བརྟགས་ནས་ཟས་ཟ་བའོ། །གཞན་དག་ན་རེ་སོ་སོར་བརྟགས་པ་བཞི་དག་གིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཞན་དག་ན་རེ་སོ་སོར་བརྟགས་པ་བཞི་དག་གིས་སོ་སོར་བརྟགས་ནས་ཟས་ཟ་བ་སྟེ། དེ་ལྟ་བུ་ནི་སོ་སོར་བརྟགས་ནས་ཟས་ཟ་བ་ཡིན་ནོ་ཞེས་ཟེར་ཏེ། སོ་སོར་བརྟགས་པ་
བཞི་པོ་དེ་དག་ཀྱང་སྤོང་བར་བྱ་བ་སོ་སོར་བརྟགས་པ་ནི་འདི་ནི་བླ་ན་མེད་པ་ཞེས་སོ་སོར་བརྟགས་པ་གང་ཡིན་པ་སྟེ། དེ་ནི་ལོངས་པའི་ཕྱིར་མ་ཡིན་པ་དང་། བརྒྱན་པའི་ཕྱིར་མ་ཡིན་པ་ཞེས་བྱ་བའི་བར་ཚིག་བཞི་དག་གིས་སོ། །ཆེད་སོ་སོར་བརྟགས་པ་ནི་བྱ་བའི་དོན་སོ་སོར་བརྟགས་པ་སྟེ། དེ་ཡང་
ལུས་འདི་ཁོ་ན་གནས་པར་བྱ་བའི་ཕྱིར་དང་ཞེས་བྱ་བ་ནས། ཚངས་པར་སྤྱོད་པ་རྗེས་སུ་གཟུང་བའི་ཕྱིར་ཞེས་བྱ་བའི་བར་ཚིག་བཞི་དག་གིས་སོ། །ཚོད་གཟུང་བ་སོ་སོར་བརྟགས་པ་ནི་དེ་ལྟ་བུས་ཚོར་བ་རྙིང་པ་ནི་གཞིལ་བར་བྱ་ལ། ཚོར་བ་གསར་བ་ནི་མི་སྐྱེ་བར་བྱས་ན་ཞེས་བྱ་བ་གཉིས་ཀྱིས་སོ། །ཚོད་
ཟིན་པའི་ཕན་ཡོན་སོ་སོར་བརྟགས་པ་ནི་བདག་འཚོ་བ་དང་ཞེས་བྱ་བ་ནས། རེག་པར་གནས་པར་འགྱུར་རོ་ཞེས་བྱ་བའི་བར་ཚིག་ལྷག་མ་རྣམས་ཀྱིས་སོ། །ཡོང་ནི་ཞེས་བྱ་བ་ནི་སློབ་དཔོན་གྱི་དགོངས་པའི་དོན་སྟོན་པ་ཡིན་ཏེ། ཚིག་བཞི་དག་གིས་ནི་ལོངས་པའི་ཕྱིར་མ་ཡིན་པ་ནས་བརྒྱན་པའི་ཕྱིར་མ་
ཡིན་ཞེས་བྱ་བའི་བར་འདི་དག་གིས་སོ། །གསུམ་དག་གིས་ནི་ལུས་འདི་ཁོ་ན་གནས་པར་བྱ་བའི་ཕྱིར་དང་། གསོ་བའི་ཕྱིར་དང་། བཀྲེས་པ་དང་བྲལ་བར་བྱ་བའི་ཕྱིར་ཞེས་བྱ་བ་འདི་དག་གིས་སོ། །ཚིག་གཅིག་གིས་ནི་ཚངས་པར་སྤྱོད་པ་རྗེས་སུ་གཟུང་བའི་ཕྱིར་ཞེས་བྱ་བ་འདིས་སོ། །ཚིག་ལྔ་
དག་གིས་ནི་དེ་ལྟ་བུས་ཚོར་བ་རྙིང་ནི་གཞིལ་བར་བྱ་ལ་ཞེས་བྱ་བ་ནས་བདེ་བ་དང་ཞེས་བྱ་བའི་བར་འདི་དག་གིས་སོ། །གཉིས་ཀྱིས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཚིག་གཉིས་པོ་ཁ་ན་མ་ཐོ་བ་མེད་པ་དང་། རེག་པ་ལ་གནས་པར་འགྱུར་རོ་ཞེས་བྱ་བ་འདི་གཉིས་ཀྱིས་ཏེ། དབུ་མའི་ལམ་གྱིས་སྒྲུབ་པའི་
Vol. 137 · folio 230a
ཕན་ཡོན་ནོ། །ཤིང་རྟའི་སྲོག་ཤིང་དང་རྨའི་དཔེ་གཉིས་ནི་སྔར་སྦྱར་བ་ཁོ་ན་ནི་ཆོས་མཐུན་པར་སྔར་བསྟན་པ་ཉིད་དོ། །དེ་ལ་རིགས་ཀྱི་བུ་དགའ་བོ་དྲན་པ་དང་ཤེས་བཞིན་མཆོག་དང་ལྡན་པ་ནི་འདི་ཡིན་ཏེ། དགེ་སློང་དག་རིགས་ཀྱི་བུ་དགའ་བོ་ནི། གལ་ཏེ་ཤར་ཕྱོགས་སུ་རྣམ་པར་
ལྟ་ན། དེ་སེམས་ཐམས་ཅད་ཀྱིས་བསམས་ནས་རྣམ་པར་ལྟའོ། །དེ་དེ་ལྟར་རྣམ་པར་ལྟ་བ་ན་བརྣབ་སེམས་དང་ཡིད་མི་བདེ་བ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་སེམས་ལ་རྗེས་སུ་མི་འཛག་པར་འགྱུར་ལ། གལ་ཏེ་ལྷོ་དང་ནུབ་དང་བྱང་ཕྱོགས་སུ་རྣམ་པར་ལྟ་ན་ཡང་སེམས་ཐམས་ཅད་ཀྱིས་བསམས་
ནས་རྣམ་པར་ལྟའོ། །དེ་དེ་ལྟར་རྣམ་པར་ལྟ་བ་ན་སྔ་མ་བཞིན་དུ་སེམས་ལ་རྗེས་སུ་མི་འཛག་པའི་བར་དུ་འགྱུར་ཏེ། དགེ་སློང་དག་རིགས་ཀྱི་བུ་དགའ་བོའི་ཚོར་བ་ཡང་ཤེས་བཞིན་དུ་སྐྱེ། ཤེས་བཞིན་དུ་གནས། ཤེས་བཞིན་དུ་ནུབ་པ་དང་། ཟད་པ་དང་གཏུགས་པར་འགྱུར་ལ། འདུ་ཤེས་ཀྱང་ཤེས་
བཞིན་དུ་སྐྱེ། རྣམ་པར་རྟོག་པ་ཡང་ཤེས་བཞིན་དུ་སྐྱེ། ཤེས་བཞིན་དུ་གནས། ཤེས་བཞིན་དུ་ནུབ་པ་དང་། ཟད་པ་དང་། གཏུགས་པར་འགྱུར་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །རིགས་ཀྱི་བུ་དགའ་བོ་དྲན་པ་དང་ཤེས་བཞིན་མཆོག་དང་ལྡན་པ་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་དྲན་པ་མཆོག་དང་ལྡན་པ་དང་
ཤེས་བཞིན་མཆོག་དང་ལྡན་པའོ། །དེ་ལ་དྲན་པ་ནི་དྲན་པ་ཉིད་དོ། །ཤེས་བཞིན་ནི་ཤེས་རབ་བོ། །སེམས་ཐམས་ཅད་ཀྱིས་བསམས་ནས་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་བྱས་ཏེའོ། །རྒྱུ་བ་ན་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་བསོད་སྙོམས་ལ་རྒྱུ་བ་ན་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།
དེ་དེ་ལྟར་རྣམ་པར་ལྟ་བ་ན་བརྣབ་སེམས་དང་། ཡིད་མི་བདེ་བ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་སེམས་ལ་རྗེས་སུ་མི་འཛག་པར་འགྱུར་བ་ནི་དམིགས་པ་གཟུགས་དང་། སྒྲ་ལ་སོགས་པ་ལ་རྣམ་པར་ཤེས་པ་སྐྱེ་བ་ན་ཆོས་དེ་དག་སེམས་ལ་རྗེས་སུ་མི་འཛག་པར་འགྱུར། རྗེས་སུ་མི་འབྲང་བར་འགྱུར་ཏེ།
དེ་དང་ལྷན་ཅིག་མི་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །གོ་རིམས་བཞིན་ནོ་ཞེས་བྱ་བ་ནི་བསམ་གཏན་ལ་གནས་པ་ན་ནི་ཚོར་བ་ཤེས་བཞིན་པ་ཡིན་ལ། གཟུགས་མེད་པ་ལ་གནས་པ་ན་ནི་འདུ་ཤེས་ཤེས་བཞིན་པ་ཡིན་ཏེ། བསམ་གཏན་རྣམས་ནི་ཚོར་བས་རབ་ཏུ་ཕྱེ་བ་ཡིན་ལ། གཟུགས་མེད་པ་རྣམས་
Vol. 137 · folio 230b
ནི་འདུ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས་སོ། །ཇི་ལྟར་ན་དེ་དག་ཤེས་བཞིན་པ་ཡིན་ཞེ་ན། གལ་ཏེ་དེ་དག་གིས་ཟིལ་གྱིས་མི་ནོན་ནའོ། །གསུམ་འདུས་པ་ལས་རེག་པ་འབྱུང་བའི་རྐྱེན་གྱིས་ཚོར་བ་དང་། འདུ་ཤེས་དང་། སེམས་པ་འབྱུང་བ་གང་ཡིན་པ་ཞེས་བྱ་བ་ནི་དབང་པོ་དང་ཡུལ་དང་རྣམ་པར་
ཤེས་པ་གསུམ་འདུས་པ་ལས་ཚོར་བ་དང་། འདུ་ཤེས་དང་། སེམས་པ་འབྱུང་བ་གང་ཡིན་པའོ། །སེམས་པའི་མཚན་ཉིད་ནི་འདིར་རྣམ་པར་རྟོག་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ལ་རྣམ་པར་རྟོག་པ་ནི་གཉིས་ཏེ། ཤེས་རབ་ཀྱི་མཚན་ཉིད་དང་། སེམས་པའི་མཚན་ཉིད་དོ། །དེ་ལ་ཤེས་རབ་ཀྱི་
མཚན་ཉིད་ནི་དེ་ཁོ་ན་ཤེས་པར་བྱ་བའི་ཕྱིར་སྤྱོད་པའོ། །སེམས་པའི་མཚན་ཉིད་ནི་འདི་དང་འདི་ལྟ་བུ་ཞིག་བྱའོ་སྙམ་དུ་སེམས་མངོན་པར་འདུ་བྱེད་པ་གང་ཡིན་པ་སྟེ། དེ་ལ་ཚོར་བ་དང་། འདུ་ཤེས་དང་སེམས་པ་ཞེས་བྱ་བ་འདི་རྣམས་ལས་སེམས་པ་ནི་རྣམ་པར་རྟོག་པ་ཡིན་པར་རིག་པར་བྱའོ། །གཞན་
ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྣམ་གྲངས་གཞན་ཡང་སེམས་ཐམས་ཅད་ཀྱིས་བསམས་ནས་རྣམ་པར་ལྟ་བའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པ་ནི་རྣམ་པར་ལྟ་བ་ཀུན་ནས་ཉོན་མོངས་པ་མེད་པ་སྟེ། དེའི་ཕྱིར་གཟུགས་ལ་དྲན་པ་དང་ཤེས་བཞིན་མཆོག་དང་ལྡན་པ་ཉིད་ཡིན་པར་ཡོངས་སུ་སྟོན་པ་ཡིན་ནོ། །
ཤེས་བཞིན་དུ་ཚོར་བ་ལ་སོགས་པ་སྐྱེ་བ་ལ་སོགས་པ་ཉིད་ཀྱི་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་ལ་དྲན་པ་དང་ཤེས་བཞིན་མཆོག་དང་ལྡན་པ་ཉིད་ཡིན་པར་ཡོངས་སུ་སྟོན་པ་ཉིད་ཡིན་ནོ། །ཤེས་བཞིན་དུ་ཚོར་བ་ལ་སོགས་པ་དག་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་སོ། །སྐྱེ་བ་ལ་སོགས་
པ་དག་ནི་སྐྱེ་བ་དང་། གནས་པ་དང་། ཟག་པ་རྣམས་ཏེ། འདི་ལ་དེ་ཡོད་པས་ན་ཤེས་བཞིན་དུ་ཚོར་བ་ལ་སོགས་པ་སྐྱེ་བ་ལ་སོགས་པའོ། །དེའི་དངོས་པོ་ནི་ཤེས་བཞིན་དུ་ཚོར་བ་ལ་སོགས་པ་སྐྱེ་བ་ལ་སོགས་པ་ཉིད་དོ། ཤེས་བཞིན་དུ་ཚོར་བ་ལ་སོགས་པ་སྐྱེ་བ་ལ་སོགས་པ་ཉིད་ཀྱིས་སོ། །དེ་
ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྐད་བསྟན་པ་དེ་ལྟར་ན་རྣམ་པར་ཤེས་པ་གནས་པ་བཞི་དག་ནི་རྣམ་པར་ཤེས་པ་གནས་པ་གཟུགས་སུ་ཉེ་བར་འགྲོ་བ་དང་ཚོར་བར་ཉེ་བར་འགྲོ་བ་དང་། འདུ་ཤེས་སུ་ཉེ་བར་འགྲོ་བ་དང་། འདུ་བྱེད་དུ་ཉེ་བར་འགྲོ་བ་དག་ལ་དྲན་པ་དང་ཤེས་བཞིན་མཆོག་དང་ལྡན་པ་
Vol. 137 · folio 231a
ཉིད་ཡིན་པར་ཡོངས་སུ་བསྟན་པ་ཡིན་ནོ། །དགེ་སློང་དག་རྒྱལ་པོ་ལེགས་མཐོང་ཆེན་པོ་ནི་ཧ་ཅང་མི་གྲང་ཞིང་། ཧ་ཅང་མི་དྲོ་བ་དང་། དུས་ཚིགས་བདེ་བ་དང་། གནོད་པ་མེད་པ་དང་། གང་གིས་ན་དེས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་།
མྱངས་པ་རྣམས་ལེགས་པར་བདེ་བར་འཇུ་སྟེ། ཕོ་བའི་དྲོད་སྙོམས་ཤིང་འཇུ་བར་བྱེད་པ་དང་ལྡན་པས་གནོད་པ་ཉུང་བ་དང་། ནད་མེད་པའི་རང་བཞིན་དུ་གྱུར་ཏོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེའི་ཕྱིར་གནོད་པ་ཉུང་བ་དང་། ནད་མེད་པའི་རང་བཞིན་དུ་གྱུར་ཏོ་
ཞེས་གཉི་ག་བརྗོད་དོ། །གཅིག་གིས་གཅིག་ཁྱད་པར་དུ་བྱ་བའི་ཕྱིར་ནི་ཕན་ཚུན་དུ་ཁྱད་པར་དུ་བྱ་བའི་ཕྱིར་རོ། །ཇི་ལྟ་ཞེ་ན། གནོད་པ་ཉུང་བ་ནི་ནད་མེད་པའི་རང་བཞིན་ཡིན་ལ། ནད་མེད་པའི་རང་བཞིན་ཡང་གནོད་པ་ཉུང་བའོ། །གནོད་པ་ཉུང་བ་ཉིད་དང་། ནད་མེད་པའི་རང་བཞིན་ཅན་ཉིད་དེ་ལ་ཡང་རྒྱུ་
ནི་ཕོ་བའི་དྲོད་སྙོམས་ཤིང་འཇུ་བར་བྱེད་པ་དང་ལྡན་པ་ཞེས་བྱ་བས་ཡང་དག་པར་སྟོན་ཏེ། ཕོ་བའི་ལས་དང་བཅས་པའི་སྙོམས་པ་ཉིད་དུ་སྟོན་ཏོ། །དེ་ལ་ལས་ནི་འཇུ་བར་བྱེད་པ་ཉིད་ཡིན་ནོ། །ཕོ་བ་ནི་ཁོག་བའི་ནང་ན་མེའི་རྟེན་ལུས་ཀྱི་ཕྱོགས་ཤིག་གི་ཁྱད་པར་རོ། །འདིས་ནི་ཞེས་བྱ་བ་ནི་ཧ་ཅང་མི་གྲང་
ཞིང་ཞེས་བྱ་བ་ལ་སོགས་པས་སོ། །མ་སྙོམས་པ་ཉིད་རྣམ་པ་གསུམ་ནི་མེ་མ་སྙོམས་པ་ཉིད་དང་། ཟས་མ་སྙོམས་པ་ཉིད་དང་། དུས་ཚིགས་མ་སྙོམས་པ་ཉིད་དོ། །མ་སྙོམས་པ་གསུམ་དག་གིས་སྐྱོན་གང་དག་འབྱུང་བ་དེ་དག་གི་མེ་མ་སྙོམས་པ་ཉིད་ཀྱིས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བས་བསྟན་ཏོ། །
གང་གིས་ན་འཇུ་བར་བྱེད་པས་སོ། །འདིས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གིས་ན་དེས་ཞེས་བྱ་བ་རྒྱས་པར་གསུངས་པ་གང་ཡིན་པའི་ཚིག་འདིས་སོ། །དེ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་ལ་ཟོས་པ་ནི་བཟའ་བའོ། །འཐུངས་པ་ནི་བཏུང་བའོ། །འཆོས་པ་ནི་བཅའ་བའོ། མྱངས་པ་ནི་
བལྡག་པ་དང་གཞིབས་པའོ། །དགེ་སློང་དག་དགེ་སློང་འདི་ལ་བརྙས་པའི་སེམས་མ་སྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་དགེ་སློང་འདི་ནི་ལྷག་པའི་སེམས་མཐོང་བའི་ཆོས་ལ་བདེ་བར་གནས་པ་དང་ལྡན་པ་བཞི་རྣམས་ཅི་འདོད་པ་བཞིན་ཐོབ་པ། ཚེགས་མེད་པར་ཐོབ་པ། ངན་ངོན་མ་
Vol. 137 · folio 231b
ཡིན་པར་ཐོབ་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ལྷག་པའི་སེམས་ཞེས་བྱ་བ་ནི་ལྷག་པའི་སེམས་ལ་ཡོད་པས། ལྷག་པའི་སེམས་སོ། །དེ་དག་ཀྱང་གང་ཞེ་ན། མཐོང་བའི་ཆོས་ལ་བདེ་བར་གནས་པ་རྣམས་ཏེ། མཐོང་བའི་ཆོས་ལ་བདེ་བར་གནས་པ་རྣམས་སོ། །མཐོང་བའི་
ཆོས་ལ་བདེ་བར་གནས་པ་རྣམས་ནི་བསམ་གཏན་བཞི་རྣམས་སོ། །མཐོང་བའི་ཆོས་ལ་བདེ་བར་གནས་པ་དེ་རྣམས་ཇི་སྲིད་པ་འདོད་པ་དང་། ནམ་འདོད་པ་དང་། ཇི་ལྟ་བུ་འདོད་པ་མངོན་སུམ་དུ་བྱ་བ་ལ་དབང་བ་ཉིད་ཀྱི་ཕྱིར་ན་ལྷག་པའི་སེམས་མཐོང་བའི་ཆོས་ལ་བདེ་བར་གནས་པ་དང་ལྡན་པ་བཞི་
རྣམས་ཅི་འདོད་པ་བཞིན་ཐོབ་པ་ཚེགས་མེད་པར་ཐོབ་པ་དང་ངན་ངོན་མ་ཡིན་པར་ཐོབ་པ་ཡིན་པར་རིག་པར་བྱའོ། །ཇི་སྲིད་འདོད་པ་ལ་སོགས་པ་རྣམས་ཀྱི་དོན་ནི་ཡུན་རིང་པོར་ཞེས་བྱ་བ་རྒྱས་པར་འབྱུང་བས་སྟོན་ཏེ། ཇི་སྲིད་འདོད་པ་ནི་དེ་རྣམས་ཡུན་རིང་པོར་མངོན་སུམ་དུ་བྱ་བ་ལ་དབང་བ་ཉིད་ཀྱི་ཕྱིར་རོ། །ནམ་འདོད་
པ་ནི་རིང་པོར་མི་ཐོགས་པར་མངོན་སུམ་དུ་བྱ་བ་ལ་དབང་བ་ཉིད་ཀྱི་ཕྱིར་རོ། །ཇི་ལྟ་བུ་འདོད་པ་ནི་དེ་རྣམས་ལས་མཆོག་ཏུ་བྱུང་བ་རྣམས་མངོན་སུམ་དུ་བྱ་བ་ལ་དབང་བ་ཉིད་ཀྱི་ཕྱིར་རོ། །ཐ་ཆད་ནི་ངན་སོང་ཞེས་བྱ་བའི་ཕྱིར་རོ། །དེའི་ཕྱིར་ན་ངན་ངོན་མ་ཡིན་པ་ནི་སྔོན་མཆོག་ཏུ་བྱུང་བ་ཞེས་སོ། །གཞན་
དག་ན་རེ་ནི་ཚེགས་དང་མཉམ་པ་མེད་པ་ཉིད་ངན་ངོན་མ་ཡིན་པ་ཡིན་ནོ་ཞེས་ཟེར་ཏེ། དེ་རྣམས་ཚེགས་མེད་པར་ཐོབ་པ་ཞེས་བྱ་བའི་ཚིག་འདིའི་རྣམ་གྲངས་ནི་ངན་ངོན་མ་ཡིན་པར་ཐོབ་པ་ཞེས་བྱ་བ་ཡིན་ནོ། །དེ་ནི་ཅི་འདོད་བཞིན། སོགས་ཐོབ་ཡིན་པར་བཞེད་ཅེས་བྱ་བ་ནི་གང་ཞིག་དེ་
རྣམས་ལ་རྫོགས་པར་སྙོམས་པར་ཞུགས་པ་དེ་ནི་ཅི་འདོད་པ་བཞིན་ཐོབ་པ་ཡིན་ནོ། །གང་ཞིག་དེ་རྣམས་ལ་མྱུར་བར་སྙོམས་པར་ཞུགས་པ་དེ་ནི་ཚེགས་མེད་པར་ཐོབ་པ་ཡིན་ནོ། །གང་ཞིག་དེ་རྣམས་ལ་བརྟན་པར་སྙོམས་པར་ཞུགས་པ་དེ་ནི་ངན་ངོན་མ་ཡིན་པར་ཐོབ་པ་ཡིན་ནོ། །ཡིད་ཆེས་པའི་
ལུང་འདིར་ནི་ཅུང་ཟད་ཙམ་གྱིས་གཏོང་བར་བྱེད་པས་ན་དེའི་ཕྱིར་ངན་ངོན་ཞེས་བྱ་སྟེ། འདི་སྐད་དུ་སྒྲ་དང་རེག་བྱ་ལ་སོགས་པའི་རྐྱེན་གང་ཅི་ཡང་རུང་བ་ཞིག་གིས་བསམ་གཏན་དེ་གཏོང་བར་བྱེད། འདོར་བར་བྱེད་པས་དེའི་ཕྱིར་ངན་ངོན་ཞེས་བྱ་ལ། བཟློག་པ་ནི་བརྟན་པ་ཡིན་ནོ་ཞེས་བསྟན་པ་
Vol. 137 · folio 232a
ཡིན་ནོ།། །།རྣམ་པར་བཤད་པ་རིགས་པའི་བཤད་པ། བམ་པོ་དགུ་པ། དགེ་སློང་དག་དཔེར་ན། མེ་ཏོག་ཨུཏྤ་ལའི་ཕྲེང་བའམ། ཙམ་པ་ཀའི་ཕྲེང་བའམ། བར་ཤི་ཀའི་ཕྲེང་བའམ། ཨ་ཏི་མུཀྟ་ཀའི་ཕྲེང་བ་ཕྲག་པ་ལ་ཐོགས་པའམ། སྣོད་དུ་གཞག་
པ་ནི་མཚན་མོ་དང་ཉིན་མོ་དེ་དང་དེ་དག་འདས། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་ཅིག་དེ་དང་དེ་དག་འདས་པ་དང་ཟེགས་པ་ཉིད་དུ་འགྱུར། རྙིངས་པ་ཉིད་དུ་འགྱུར། སྐམས་པ་ཉིད་དུ་འགྱུར་རོ། །དགེ་སློང་དག་མེ་ཏོག་ཨུཏྤལའི་ཕྲེང་བའམ། ཙམ་པ་ཀའི་ཕྲེང་བའམ། བར་ཤི་ཀའི་ཕྲེང་
བའམ། ཨ་ཏི་མུཀྟ་ཀའི་ཕྲེང་བ་གང་ཡིན་པ་དེ་ཟེགས་པ་དང་། རྙིངས་པ་དང་། སྐམས་པ་དང་། ཕྱག་དར་གྱི་ཕུང་པོ་ལ་ཐུག་པར་འགྱུར་བ་དེ་ནི་དུས་ལ་བབ་པ་ཡིན་ནོ། །དགེ་སློང་དག་དེ་བཞིན་དུ་ལུས་གཟུགས་ཅན་རགས་པ། འབྱུང་བ་ཆེན་པོ་བཞི་ལས་གྱུར་པ། ཕ་དང་མའི་ཁུ་བ་ནུར་ནུར་པོ་ལས་
བྱུང་བ། ཆན་དང་ནོམ་བུས་གསོ་གསོ་བ། རྟག་ཏུ་བསྐུ་བ་དང་། བཀྲུ་བ་དང་། མཉེ་བ་བྱས་པ། འགྱེས་པ་དང་། འཇིག་པའི་ཆོས་ཅན་འདི་ཡང་རྒ་བ་ཉིད་དུ་འགྱུར། འཆི་བ་ཉིད་དུ་འགྱུར་རོ། །དགེ་སློང་དག་ལུས་གཟུགས་ཅན་རགས་པ། འབྱུང་བ་ཆེན་པོ་བཞི་ལས་གྱུར་པ། ཕ་དང་
མའི་ཁུ་བ་ནུར་ནུར་པོ་ལས་བྱུང་བ། ཆན་དང་ནོམ་བུས་གསོ་གསོ་བ། རྟག་ཏུ་བསྐུ་བ་དང་། བཀྲུ་བ་དང་། མཉེ་བ་བྱས་པ། འགྱེས་པ་དང་། འཇིག་པའི་ཆོས་ཅན་གང་ཡིན་པ་འདི་མཚན་མོ་དང་ཉིན་མོ་དེ་དང་དེ་དག་འདས། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དེ་དང་དེ་དག་འདས་
ན། རྒས་པ་དང་། ནད་བུ་ཅན་དང་། ཤི་བ་དང་། དུར་ཁྲོད་དུ་ཐུག་པར་འགྱུར་བ་དེ་ནི་དུས་ལ་བབ་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ཚིག་གཅིག་ནི་བསྟན་པ་ཡིན་ཏེ། ཟེགས་པ་ཉིད་དུ་འགྱུར་ཞེས་བྱ་བ་ཡིན་ནོ། །ཚིག་གཉིས་ནི་བཤད་པ་ཡིན་ཏེ། རྙིངས་པ་ཉིད་དུ་འགྱུར།
སྐམས་པ་ཉིད་དུ་འགྱུར་ཞེས་བྱ་བ་འདི་གཉིས་སོ། །རྣམ་པར་འགྱུར་བའི་དོན་ནི་ཇི་སྲིད་དུ་ཞེས་བྱ་བ་རྒྱས་པར་འབྱུང་བས་སྟོན་ཏོ། །འདོད་པ་ལ་རྣམ་པར་རྟོག་པ་བྱུང་བ་དང་དུ་མི་ལེན་ཅིང་། སྤོང་བར་བྱེད་ལ་སེལ་བར་བྱེད་ཅིང་བྱང་བར་བྱེད་དོ། །གནོད་སེམས་ལ་རྣམ་པར་རྟོག་པ་བྱུང་བ་དང་། རྣམ་པར་འཚེ་བ་
Vol. 137 · folio 232b
ལ་རྣམ་པར་རྟོག་པ་བྱུང་བ་དང་དུ་མི་ལེན་ཅིང་། སྤོང་པར་བྱེད་ལ་སེལ་བར་བྱེད་ཅིང་བྱང་བར་བྱེད་དོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །དེ་ལ་འདོད་པ་ལ་རྣམ་པར་རྟོག་པ་བྱུང་བ་ཞེས་བྱ་བ་ལ་འདོད་པའི་གཞི་ནི་འདོད་པ་རྣམས་ཏེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་སོ། །དེ་ལ་དམིགས་
པར་བྱེད་པའི་སེམས་མངོན་པར་འདུ་བྱེད་པ་ནི་འདོད་པ་ལ་རྣམ་པར་རྟོག་པ་སྟེ། འདོད་པ་ལ་རྣམ་པར་རྟོག་པ་དེ་སྤོང་བར་བྱེད་དོ། །ཇི་ལྟར་ཞེ་ན། དེའི་དམིགས་པའི་མཚན་མ་སེལ་བའི་ཕྱིར་རོ། །འདོད་པ་ལ་རྣམ་པར་རྟོག་པ་དེའི་དམིགས་པ་ནི་དེའི་དམིགས་པའོ། །མཚན་མ་ནི་དོན་གཟུགས་དང་སྒྲ་
ལ་སོགས་པ་འདུ་ཤེས་ཀྱིས་ཡོངས་སུ་གཅད་པར་བྱ་བ་གང་ཡིན་པའོ། །དེའི་དམིགས་པ་ལ་བརྟེན་པའི་མཚན་མ་ནི་དེའི་དམིགས་པའི་མཚན་མ་སྟེ། དེ་སེལ་བ་ནི་ཡིད་ལ་མི་བྱེད་པའོ། །དེའི་གཉེན་པོ་བསྒོམས་པས་དེའི་དམིགས་པའི་མཚན་མ་སེལ་བ་སྟེ། དེ་ཅིའི་ཕྱིར་ན་དེའི་དམིགས་པའི་མཚན་མ་
སེལ་བའི་ཕྱིར་རོ། །བཟློག་ཏུ་ཟིན་ཀྱང་རྒྱུ་བསགས་པ་ལས་བྱུང་བའི་རྣམ་པར་རྟོག་པ་ཞེས་བྱ་བ་ལ། རྒྱུ་ནི་དེའི་བག་ཆགས་ཡིན་པས་སེལ་བར་བྱེད་དོ། །ཇི་ལྟ་ཞེ་ན། སེལ་བར་བྱེད། འདོར་བར་བྱེད་དེ། སོ་སོར་བརྟགས་པའི་སྟོབས་ཀྱིས་རྒྱུན་གཅོད་པའི་ཕྱིར་རོ། །དོན་འདི་ཉིད་འདི་དག་གཞི་
ནི་རྣམ་པར་རྟོག་ལ་ཞེས་བྱ་བ་རྒྱས་པར་འབྱུང་བའི་ཚིགས་སུ་བཅད་པར་སྡེབས་པ་ཡིན་ནོ། །འདི་དག་གཞི་ནི་དང་དུ་མི་ལེན་ཅིང་ཞེས་བྱ་བ་རྒྱས་པར་གསུངས་པ་གང་ཡིན་པ་ནིའོ། །རྣམ་པར་རྟོག་པ་ལ་མི་མཐུན་པར་བྱེད་པས་ན་དང་དུ་ལེན་པ་མ་ཡིན་ནོ། །དེའི་རྒྱུ་རྣམ་པར་སྤོང་བའི་ཕྱིར་ན་སྤོང་བར་བྱེད་པ་
ཡིན་ནོ། །རྒྱུན་གཅོད་པའི་ཕྱིར་ན་སེལ་བར་བྱེད་པ་ཡིན་ནོ། །རྗེས་སུ་འཆིང་བ་གཅོད་པའི་ཕྱིར་ན་བྱུང་བར་བྱེད་པ་ཡིན་ནོ། །སྐྱོན་ཉིད་དུ་འཛིན་པའི་ཕྱིར་ན་དང་དུ་མི་ལེན་པ་ཡིན་ནོ། །ཇི་ལྟར་ན་སྐྱོན་ཉིད་དུ་འཛིན་པ་ཡིན་ཞེ་ན། བདག་འདོད་པ་ལ་རྣམ་པར་རྟོག་པ་འབྱུང་བ་ནི་བདག་ལ་གནོད་
པ་དང་། གཞན་ལ་གནོད་པ་དང་། གཉི་ག་ལ་གནོད་པར་འགྱུར་བ་ཡིན། མཐོང་བའི་ཆོས་ལ་ཁ་ན་མ་ཐོ་བ་འཕེལ་བ་ཡིན་ཞིང་། ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་འཕེལ་བ་ཡིན་ནོ། །མཐོང་བའི་ཆོས་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་འཕེལ་བ་ཡིན་ལ་དེ་ལས་སྐྱེས་པའི་སེམས་ལས་བྱུང་བ་སྡུག་བསྔལ་དང་།
Vol. 137 · folio 233a
ཡིད་མི་བདེ་བ་ཡང་སོ་སོར་ཉམས་སུ་མྱོང་བར་འགྱུར་རོ་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །བྲམ་ཟེའི་ཁྱེའུ་སེམས་ཅན་རྣམས་ནི་ལས་བདག་གིར་བྱ་བ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་སྐྱེ་གནས་པ། ལས་ལ་སྟོན་པ། ལས་ཀྱིས་སེམས་ཅན་རྣམས་ལ་མཐོན་པོ་དང་།
དམའ་བ་དང་། ངན་པ་དང་། གྱ་ནོམ་པ་འགེད་པར་བྱེད་པ་དག་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །བགོ་སྐལ་ཏེ་ལོངས་སྤྱོད་དོན་དུ་གཉེར་བར་བྱེད་ཅེས་བྱ་བ་ལ་བགོ་སྐལ་ནི་ལོངས་སྤྱོད་ཅེས་བྱ་བ་འདིས་སྟོན་བར་བྱེད་དོ། །བདག་གི་སྐྱེ་བའི་ཁྱད་པར་དོན་དུ་གཉེར་བར་བྱེད་པ་ནི་ལྷ་དང་མི་ལ་
སོགས་པ་རྣམས་སུའོ། །དེ་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་ལྟར་བྱེད་པ་ན་སྟེ། ལྷ་རྣམས་ལ་བགོ་སྐལ་ཏེ་ལོངས་སྤྱོད་དང་བདག་གི་སྐྱེ་བའི་ཁྱད་པར་དོན་དུ་གཉེར་བར་བྱེད་ཅིང་། བདག་རྒུད་པར་གྱུར་ན་ལྷ་རྣམས་ལ་སྟོན་པ་ཡིན་པར་རྟེན་པར་བྱེད་པ་ན་ལྷ་རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བས་བསླུས་པར་
འགྱུར་རོ། །སེམས་ཅན་རྣམས་ཀྱི་ལས་ཁོ་ན་བདག་གིར་བྱ་བ་ཡིན་ཞིང་ཞེས་བྱ་བ་རྒྱས་པར་འབྱུང་བ་ན། ལས་ཁོ་ན་སྟོན་པ་ཡིན་གྱི་ལྷ་རྣམས་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དུ་གང་གསུངས་པ་འདི་ལ་རིགས་པ་ཅི་ཡོད་ཅེ་ན། ལས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ལས་ནི་རྒྱལ་པོ་དང་། ཆོམ་རྐུན་དང་།
ལྷ་དང་། མི་ལ་སོགས་པ་རྣམས་དང་། ཐུན་མོང་མ་ཡིན་པའི་ཕྱིར་དང་། ལས་ནི་ཤི་བའི་ཚེ་ཡང་མི་གཏོང་བའི་ཕྱིར་རོ། །སེམས་ཅན་རྣམས་ཀྱི་ལས་ཁོ་ན་བདག་གིར་བྱ་བ་ཡིན་གྱི་ནོར་དང་། ཁྱིམ་དང་། བུ་དང་ཆུང་མ་ལ་སོགས་པ་ནི་མ་ཡིན་ཏེ། དེ་རྣམས་ནི་རྒྱལ་པོ་ལ་སོགས་པ་དང་ཐུན་
མོང་ཡིན་པའི་ཕྱིར་དང་། ཤི་བའི་ཚེ་ཡང་གཏོང་བའི་ཕྱིར་རོ། །ལྷ་ལ་གུས་པ་རྣམས་ལོངས་སྤྱོད་རྒུད་པར་དམིགས་པའི་ཕྱིར་དང་། ལྷ་ལ་མ་གུས་པ་རྣམས་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པར་དམིགས་པའི་ཕྱིར་སེམས་ཅན་རྣམས་ནི་སྔོན་གྱི་ལས་ཀྱི་བགོ་སྐལ་ལ་སྤྱོད་ཅིང་ཟ་བ་ཡིན་ནོ། །ལྷ་ལ་གུས་
པ་དང་མ་གུས་པ་རྣམས་ལ་གོ་རིམས་བཞིན་དུ་སྐྱེ་བ་དམན་པ་དང་ཁྱད་པར་དུ་འཕགས་པ་དམིགས་པའི་ཕྱིར་དེ་རྣམས་ནི་ལས་ཁོ་ནའི་སྐྱེ་གནས་ལས་བྱུང་བ་ཡིན་ནོ། །ལྷ་ལ་གུས་པ་དང་མ་གུས་པ་རྣམས་ལ་ཡམས་ཀྱི་ནད་དང་གནོད་པ་ཉེ་བར་མ་ཞི་བ་དང་ཉེ་བར་ཞི་བ་དམིགས་པའི་ཕྱིར་རོ། །ལྷ་ལ་གུས་པ་
Vol. 137 · folio 233b
རྣམས་ལ་ཡམས་ཀྱི་ནད་དང་། གནོད་པ་ཉེ་བར་མ་ཞི་བ་དམིགས་པའི་ཕྱིར་དང་། ལྷ་ལ་མ་གུས་པ་རྣམས་ལ་ཡམས་ཀྱི་ནད་དང་གནོད་པ་ཉེ་བར་ཞི་བ་དམིགས་པའི་ཕྱིར་རྒུད་པར་གྱུར་པ་རྣམས་ལ་ལས་ཁོ་ན་སྟོན་པ་ཡིན་གྱི་ལྷ་རྣམས་ནི་མ་ཡིན་ནོ། །འདོད་པ་རྣམས་ལ་ཡིད་འབྱུང་བར་བྱ་བའི་ཕྱིར་དང་། འདོད་
ཆགས་དང་བྲལ་བར་བྱ་བའི་ཕྱིར་དང་། འགོག་པར་འགྱུར་བར་བྱ་བའི་ཕྱིར་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །དེ་ལ་འདོད་པ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་གཟུགས་རྣམས་ཀྱི་མདོ་སྡེའི་དུམ་བུ་ཡང་དེ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་སྡུག་བསྔལ་གྱི་ཕུང་པོ་ཅན་གྱི་མདོ་སྡེ་དང་པོ་ལས་འདོད་པ་རྣམས་དང་།
གཟུགས་རྣམས་གསུངས་པ་བཞིན་ནོ། །ཇི་སྐད་དུ་ཞེ་ན། རྒྱས་པར་གསུངས་ནས། དགེ་སློང་དག་འདོད་པ་རྣམས་ལ་རོ་མྱང་བ་གང་ཞེ་ན། དགེ་སློང་དག་འདི་དག་ནི་འདོད་པའི་ཡོན་ཏན་ལྔ་དག་གོ། །ལྔ་གང་ཞེ་ན། མིག་གིས་རྣམ་པར་ཤེས་པར་བྱ་བའི་ཕྱིར་གཟུགས་སྡུག་པ་མཛེས་པ་དགའ་བ་ཡིད་དུ་
འོང་བ་འདོད་པ་དང་ལྡན་པ་ཆགས་པར་བྱ་བ་ཞེས་རྒྱས་པར་འབྱུང་བ་ནས། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་སྡུག་པ་མཛེས་པ་དགའ་བ་ཡིད་དུ་འོང་བ་འདོད་པ་དང་ལྡན་པ་ཆགས་པར་བྱ་བའི་བར་དུ་འབྱུང་བ་སྟེ། འདོད་པའི་ཡོན་ཏན་ལྔ་པོ་འདི་དག་ལ་བརྟེན་ནས་བདེ་བའམ་ཡིད་བདེ་བ་སྐྱེ་བ་གང་ཡིན་པ་
འདི་ནི་འདོད་པ་རྣམས་ལ་རོ་མྱང་བ་ཡིན་ནོ། །འོན་ཀྱང་འདི་ལ་ཉེས་དམིགས་ནི་ཆེས་མང་བ་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་དང་། དགེ་སློང་དག་གཟུགས་ལ་རོ་མྱང་བ་གང་ཞེ་ན། དགེ་སློང་དག་འདི་ལྟ་སྟེ། བྲམ་ཟེའི་བུ་མོའམ། རྒྱལ་རིགས་ཀྱི་བུ་མོའམ། ཁྱིམ་བདག་གི་བུ་མོ་ལོ་བཅོ་ལྔ་ལོན་
པའམ། ལོ་བཅུ་དྲུག་ལོན་པ་ཞིག་གང་གི་ཚེ་ལེགས་པར་ཁྲུས་བྱས། ལེགས་པར་བྱུགས། སྐྲ་དང་སེན་མོ་བྱི་དོར་བྱས། གོས་དཀར་པོ་བགོས་པ་དེའི་ཚེ་དེ་ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཡིན་ཏེ། ཁ་དོག་བཟང་པོ་དེ་ལ་བརྟེན་ནས་བདེ་བའམ་ཡིད་བདེ་བ་སྐྱེ་བ་གང་ཡིན་པ་དེ་ནི་
གཟུགས་རྣམས་ལ་རོ་མྱང་བ་ཡིན་ནོ། །འོན་ཀྱང་འདི་ལ་ཉེས་དམིགས་ནི་ཆེས་མང་བ་ཡིན་ནོ་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །ཇི་ལྟར་ན་གོ་རིམས་བཞིན་ཞེ་ན། ཇི་སྐད་དུ་གསུངས་པའི་མཚན་ཉིད་ཀྱི་འདོད་པ་རྣམས་དང་། གཟུགས་དེ་རྣམས་ལ་ཡིད་འབྱུང་བར་བྱ་བའི་ཕྱིར་ནི་སྡུག་བསྔལ་ཉིད་
Vol. 137 · folio 234a
ཡོངས་སུ་ཤེས་པར་བྱ་བའི་ཕྱིར་སྒྲུབ་པ་ཡིན་ནོ། །དེ་ལྟར་ན་སྡུག་བསྔལ་ཉིད་ཡོངས་སུ་ཤེས་པ་ནི་ཡིད་འབྱུང་བ་ཡིན་ནོ། །འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་ནི་ཀུན་འབྱུང་བ་སྤང་བར་བྱ་བའི་ཕྱིར་སྒྲུབ་པ་ཡིན་ནོ། །འདོད་ཆགས་ནི་སྡུག་བསྔལ་གྱི་ཀུན་འབྱུང་བ་ཡིན་ཏེ།
དེ་ཟད་པ་ནི་འདོད་ཆགས་དང་བྲལ་བ་ཡིན་ནོ། །འགོག་པར་གྱུར་པར་བྱ་བའི་ཕྱིར་ནི་འགོག་པ་མངོན་སུམ་དུ་བྱ་བའི་ཕྱིར་སྒྲུབ་པ་ཡིན་ནོ། །བསྒྲུབས་པས་ནི་ལམ་བསྒོམ་པ་ཡོངས་སུ་སྟོན་ཏོ། །དེ་ལྟར་ན་བདེན་པ་བཞི་མཐོང་བར་བྱ་བའི་ཕྱིར་སྒྲུབ་པ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །གཞན་ཡང་
ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ནི་འདོད་པ་དང་གཟུགས་ཀྱི་ཁམས་གཉིས་ན་ཡོད་དེ། ཉེ་བར་ལེན་པའི་ཕུང་པོ་ལྔས་བསྡུས་པ་ཡིན་ནོ། །གཟུགས་མེད་པའི་ཁམས་ན་ནི་ཉེ་བར་ལེན་པའི་ཕུང་པོ་བཞིས་བསྡུས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ནི་སྲེད་པས་སྤུངས་
པའི་ཕྱིར་དེ་རྣམས་ནི་སྲེད་པས་སྦྱར་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། དེས་ཉིང་འཚམས་སྦྱོར་བའི་ཚེ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་གཞན་དག་ཏུ་སྤོང་བར་བྱེད་དོ། །གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཡང་རྣམ་གྲངས་གཞན་ཡང་ཆགས་པ་དང་སྲེད་པ་གཉིས་ནི་འདོད་པ་དང་། སྲེད་པའི་
འདོད་ཆགས་གཉིས་ཡིན་ཏེ། གོ་རིམས་བཞིན་ནོ། །ཆགས་པ་ནི་འདོད་པའི་འདོད་ཆགས་ཏེ། འདོད་པ་ན་སྤྱོད་པའི་འདོད་ཆགས་སོ། །སྲེད་པ་ནི་སྲེད་པའི་འདོད་ཆགས་ཏེ། གཟུགས་དང་གཟུགས་མེད་པའི་ཁམས་ལས་སྐྱེས་པའི་འདོད་ཆགས་སོ། །སྡུག་བསྔལ་ནི་འདོད་པའི་ཁམས་ཡིན་
ཏེ། ཅིའི་ཕྱིར་ཞེ་ན། སྡུག་བསྔལ་གསུམ་དག་ལས་སྡུག་བསྔལ་གྱི་སྡུག་བསྔལ་དང་ལྡན་པའི་ཕྱིར་རོ། །སྡུག་བསྔལ་གྱི་སྡུག་བསྔལ་ནི་འདོད་པའི་ཁམས་ནི་འདོད་པའི་ཁམས་ཁོ་ན་ན་ཡོད་ཀྱི་གཞན་ན་མེད་དོ། །ཕུང་པོ་ནི་གཟུགས་དང་གཟུགས་མེད་པའི་ཁམས་གཉིས་ཡིན་ནོ། །དེ་ལྟར་ན་འདིས་
ནི་འདོད་པའི་ཁམས་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་ཟད་པར་བྱ་བའི་ཕྱིར་སྒྲུབ་པ་ཡིན་ནོ་ཞེས་ཡོངས་སུ་བསྟན་པ་ཡིན་ནོ། །རྒྱས་པར་གསུངས་ནས་གྲོ་བཞིན་སྐྱེས་དེ་ལྟར་ན་ཧ་ཅང་བརྩོན་འགྲུས་བརྩམས་དྲགས་ན་ནི་
Vol. 137 · folio 234b
རྒོད་པ་ཉིད་དུ་འགྱུར་ལ། ཧ་ཅང་ཞུམ་ཆེས་ན་ནི་ལེ་ལོ་ཅན་དུ་འགྱུར་རོ། །གྲོ་བཞིན་སྐྱེས་དེ་བས་ན་མཉམ་པ་ཉིད་དུ་རྟོགས་པར་བྱེད་པ་དེ་ལ་ཡང་མཚན་མར་ཟུང་ཤིག །དེས་རློམ་སེམས་ཀྱང་མ་བྱེད་ལ། དེ་ལ་བག་མེད་པར་ཡང་མ་བྱེད་ཅིག་ཅེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །འདིས་ནི་ཞེས་བྱ་བ་
རྒྱས་པར་འབྱུང་བ་ནི། གདམས་ངག་འདིས་ནི་སེམས་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པར་བྱ་བ་ལ་སྦྱོར་བར་མཛད་པ་ཡིན་ཏེ། མཉམ་པ་ཉིད་དུ་རྟོགས་པར་བྱས་ལ་ཞེས་བྱ་བའི་ཚིག་འདིས་སོ། །སེམས་མཉམ་པ་ཉིད་ཀྱང་སེམས་དམིགས་པ་ལ་ཧ་ཅང་རྒོད་པ་ཡང་མ་ཡིན། ཧ་ཅང་ཞུམ་པ་ཡང་མ་
ཡིན་པར་བཏང་སྙོམས་སུ་བྱེད་པའོ། །དེ་ལ་ཡང་མཚན་མར་ཟུང་ཤིག་ཅེས་བྱ་བ་འདིས་ནི་མི་བརྗེད་པའི་རྒྱུ་ལ་སྦྱོར་བར་མཛད་པ་ཡིན་ནོ། །དེས་ཀྱང་རློམ་སེམས་ཀྱང་མ་བྱེད་ལ། དེ་ལ་བག་མེད་པར་ཡང་མ་བྱེད་ཅིག་ཅེས་བྱ་བ་འདི་གཉིས་ཀྱིས་ནི་ཀུན་ནས་ཉོན་མོངས་པ་མེད་པའི་རྒྱུ་ལ་སྦྱོར་བར་མཛད་པ་ཡིན་
ནོ། །མི་བརྗེད་པའི་རྒྱུ་ནི་མཚན་མར་འཛིན་པའོ་ཞེས་བྱ་བ་ནི་སེམས་མཉམ་པ་ཉིད་དེའི་མི་བརྗེད་པའི་རྒྱུ་ནི་མཚན་མར་འཛིན་པའོ། །མཚན་མ་དེ་ཡང་བསམ་གཏན་པ་རྣམས་ཁོ་ནའི་མངོན་སུམ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་མེད་པའི་རྒྱུ་ནི་ང་རྒྱལ་མེད་པ་སྟེ། མཉམ་པ་ཉིད་དེས་ཁེངས་པར་མི་འགྱུར་
བའི་ཕྱིར་རོ། །གཞན་ཡང་བག་ཡོད་པ་ཡང་ཡིན་ཏེ། རོ་མྱོང་བར་མི་བྱེད་པའི་ཕྱིར་རོ། །དེས་རློམ་སེམས་ཀྱང་མ་བྱེད་ལ། དེ་ལ་བག་མེད་པར་ཡང་མ་བྱེད་ཅིག་ཅེས་བྱ་བའི་དོན་ཇི་སྐད་གསུངས་པའི་ལུང་ཕོག་པ་འདི་ནི་ང་རྒྱལ་སྲེད་པ་ཤས་ཆེ་བའི་བསམ་གཏན་པའི་གཉེན་པོར་གོ་རིམས་བཞིན་ནོ། །
ཇི་ལྟར་ཞེ་ན། ང་རྒྱལ་ཤས་ཆེ་བའི་བསམ་གཏན་པའི་གཉེན་པོར་དེས་རློམ་སེམས་ཀྱང་མ་བྱེད་ལ་ཞེས་བྱ་བར་ལུང་ཕོག་པ་ཡིན་ནོ། །སྲེད་པའི་ཤས་ཆེ་བའི་བསམ་གཏན་པའི་གཉེན་པོར་ནི་དེ་ལ་བག་མེད་པར་ཡང་མ་བྱེད་ཅིག་ཅེས་བྱ་བར་ལུང་ཕོག་པ་ཡིན་ནོ། །སྨྲས་པ་ཅིའི་ཕྱིར་ལྟ་བ་ཤས་ཆེ་བའི་བསམ་
གཏན་པའི་གཉེན་པོ་དང་ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་པའི་གཉེན་པོར་ལུང་ཕོག་པ་མཛད་ཅེ་ན། བདེན་པ་གཟིགས་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་བཞིན་ཞེས་བྱ་བ་ནི་ལྟ་བ་དང་ཐེ་ཚོམ་གཉིས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་ནི་བསམ་གཏན་དེས་ཁེངས་པར་
Vol. 137 · folio 235a
འགྱུར་བའི་ཕྱིར་རོ། །སྲེད་པ་ཤས་ཆེ་བའི་བསམ་གཏན་པ་ནི་བསམ་གཏན་དག་ལ་རོ་མྱོང་བར་བྱེད་པའི་ཕྱིར་རོ། །ལྟ་བ་ཤས་ཆེ་བའི་བསམ་གཏན་པ་ནི་བསམ་གཏན་ལ་བརྟེན་ནས་རྟག་པ་ལ་སོགས་པར་ལྟ་བ་འབྱུང་བ་གང་ཡིན་པའོ། །ཐེ་ཚོམ་ཤས་ཆེ་བའི་བསམ་
གཏན་པ་ནི་བསམ་གཏན་ལ་བརྟེན་ནས་ཅི་འདི་མྱ་ངན་ལས་འདས་པའི་ལམ་ཡིན་ནམ། འོན་ཏེ་གཞན་ཞིག་ཡིན་སྙམ་པ་དང་། ཅི་བདག་འདས་པའི་དུས་ན་བྱུང་བའམ། འོན་ཏེ་མ་བྱུང་སྙམ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གང་ཡིན་པའོ། །ཉོན་མོངས་པ་རྒྱུའི་གནས་སྐབས་འདི་དག་ཀྱང་
བསམ་གཏན་ལ་སྙོམས་པར་ཞུགས་པ་འདི་དག་ཁོ་ན་ལ་འབྱུང་ངོ་། །ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་ཞེས་བྱ་བ་ནས། ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་ཞེས་བྱ་བའི་བར་གྱི་དོན་ཅི་ཞེ་ན། སྲེད་པ་ཤས་ཆེ་བ་ནི་འདི་ལ་བསམ་གཏན་སྲེད་པ་ལྷག་པ་ཅན་དུ་བསམ་གཏན་བྱེད་པའི་ངང་ཚུལ་ཡོད་པས་
འདི་ནི་སྲེད་པ་ཤས་ཆེ་བའི་བསམ་གཏན་པའོ། །ཡང་ན་དེ་ནི་སྲེད་པ་ཤས་ཆེ་བ་ཡང་ཡིན་ལ་བསམ་གཏན་པ་ཡང་ཡིན་པས་སྲེད་པ་ཤས་ཆེ་བའི་བསམ་གཏན་པའོ། །ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་པ་ཞེས་བྱ་བའི་བར་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །བཅོམ་ལྡན་འདས་ཀྱིས་རྒྱང་རིང་པོ་ནས་
ཤིང་གི་སྡོང་པོ་ཆེན་པོ་ཞིག་འབར་ཞིང་རབ་ཏུ་འབར་ལ་ཀུན་དུ་རབ་ཏུ་མཆེད་ཅིང་མེ་ལྕེ་གཅིག་ཏུ་གྱུར་ཏེ། ལམ་མེར་འབར་བ་གཟིགས་སོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །གོ་རིམས་བཞིན་དུ་སྦྱར་བར་བྱ་བ་ནི་ལམ་མེར་འབར་བ་ཞེས་བྱ་བ་ནི་མི་གཡོ་བའོ། །དགེ་སློང་དག་བྱིས་བ་སོ་སོའི་སྐྱེ་བོ་
ཐོས་པ་དང་མི་ལྡན་པ་རྣམས་ནི་ཕུང་པོ་ལྔ་པོ་འདི་དག་ལ་རྟག་པ་ཉིད་དང་བརྟན་པ་ཉིད་དུ་ཡང་དག་པར་རྗེས་སུ་ལྟ། བདེ་བ་ཉིད་དང་། ནད་མེད་པ་ཉིད་དང་། བདག་དང་བདག་གི་ཉིད་དུ་སྦྱར་བར་བྱ་བ་ནི་རྗེས་སུ་ལྟ་བ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །དེ་ལ་ཀུན་དུ་རྨོངས་པ་ཞེས་བྱ་བ་ནི་ཉེ་
བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་འཇིག་པ་གཉིས་དང་མི་ལྡན་པ་ཡིན་ནོ་སྙམ་དུ་དེ་ལྟར་ཀུན་དུ་རྨོངས་པ་ནས། རང་ཡང་བདག་མ་ཡིན་ལ། བདག་གཞན་གྱིས་ཀྱང་སྟོང་པའི་བར་དུ་ཡིན་ནོ་སྙམ་དུ་ཀུན་དུ་རྨོངས་པ་ནི་གོ་རིམས་བཞིན་དུ་རྟག་པ་ལ་སོགས་པ་ཉིད་
Vol. 137 · folio 235b
དུ་ལྟ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ། །ཇི་ལྟར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ནི་སྐྱེ་བ་དང་འཇིག་པ་གཉིས་དང་ལྡན་པ་ཡིན་ན་དེ་ལྟར་ཀུན་དུ་རྨོངས་པ་ནི་དེ་དག་ལ་རྟག་པ་ཉིད་དུ་ཡང་དག་པར་རྗེས་སུ་ལྟ་ལ། བདག་གཞན་གྱིས་སྟོང་པའི་བར་དུ་ཡིན་ལ། དེ་ལྟར་ཀུན་དུ་རྨོངས་པ་ནི་བདག་གི་ཉིད་
དུ་ཡང་དག་པར་རྗེས་སུ་ལྟ་བ་ཡིན་ནོ། །རྟག་པ་དང་བདེ་བ་དང་། བདག་ཏུ་ཕྱིན་ཅི་ལོག་པ་རྣམས་ཏེ། ལྟ་བ་གཉིས་དང་གཉིས་ཀྱིས་ཡོངས་སུ་བསྟན་པ་ཡིན་པར་རིག་པར་བྱའོ། །ཇི་ལྟར་བྱས་པས་ཤེ་ན། རྟག་པ་ཉིད་དུ་ལྟ་བ་དང་། བརྟེན་པ་ཉིད་དུ་ལྟ་བས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་
རྟག་པ་ཕྱིན་ཅི་ལོག་པ་ཡིན་པར་ཡོངས་སུ་བསྟན་པ་ཡིན་པར་རིག་པར་བྱའོ། །བདེ་བ་ཉིད་དུ་ལྟ་བ་དང་། ནད་མེད་པ་ཉིད་དུ་ལྟ་བས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་བདེ་བར་ཕྱིན་ཅི་ལོག་པ་ཡིན་པར་བསྟན་པར་རིག་པར་བྱའོ། །བདག་ཏུ་ལྟ་བ་དང་། བདག་གིར་ལྟ་བས་ནི་ཉེ་བར་ལེན་པའི་ཕུང་པོ་
ལྔ་རྣམས་ལ་བདག་ཏུ་ཕྱིན་ཅི་ལོག་ཡིན་པར་ཡོངས་སུ་བསྟན་པར་རིག་པར་བྱའོ། །ཚུལ་འཆོས་པ་དང་། ཁ་གསག་དང་། གཞོགས་སློང་དང་། ཐོབ་ཀྱིས་འཇལ་བ་དང་། རྙེད་པས་རྙེད་པར་བྱེད་འདོད་པ་དང་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ཇི་ལྟར་ན་ཡོ་བྱད་བསྙུངས་པ་ཀུན་དུ་སྟོན་ཅེ་ན། རྙེད་པ་
ཁྱད་པར་ཅན་མི་ལེན་པ་ཉིད་ཀྱིས་དང་། ངན་པ་དང་གྱ་ནོམ་པ་བསྟེན་པ་དང་མི་བསྟེན་པ་ཉིད་ཀྱིས་ཏེ། ཁ་ཟས་ལ་སོགས་པ་ངན་པ་བསྟེན་པའི་ཕྱིར་དང་། གྱ་ནོམ་པ་མི་བསྟེན་པའི་ཕྱིར་རོ། །ཆོས་སྨྲ་བ་ནི་མདོ་སྡེ་ལ་སོགས་པའི་ཆོས་རྣམས་སྟོན་པའོ། །གནོད་པའི་གཞི་ཀུན་དུ་སྟོན་ཞེས་བྱ་བ་ལ་གནོད་
པར་བྱེད་པ་ནི་གནོད་པའོ། །དེའི་གཞི་ནི་གནོད་པའི་གཞི་སྟེ་ལུས་ཀྱི་འགྱུར་བའོ། །གནོད་པ་ནི་གཟུགས་ཅན་མ་ཡིན་པའི་ཆོས་ཡིན་པས་གཞན་དུ་བསྟན་པར་མི་ནུས་པས་ན་རླུང་ལ་སོགས་པས་ལུས་འགྱུར་བ་བྱས་པ་ཀུན་དུ་སྟོན་པ་ཡིན་ནོ། །ཕོངས་པའི་གཞི་ཀུན་དུ་སྟོན་པ་ནི་མཆི་ལ་ལྷམ་ལ་སོགས་པ་
རྙིངས་པར་ཀུན་དུ་སྟོན་པ་ཡིན་ནོ། །ཚིག་གིས་བསམ་པའི་གཞི་བསྔགས་པར་བྱེད་པ་ནི་ཚིག་གིས་བསམ་པའི་གཞི་གོས་དང་གླེགས་བམ་ལ་སོགས་པ་ཡོན་ཏན་ལས་བསྔགས་པ་བྱེད་པའོ། །དེ་ལ་སྦྱིན་པར་མི་བྱེད་པ་ལ་སྨོད་པ་ནི་དེ་ལ་སྦྱིན་པར་མི་བྱེད་པ་ལ་སྨོད་པའོ། །གཞན་ལ་སྦྱིན་པར་བྱེད་པ་ལ་
Vol. 137 · folio 236a
སྨོད་པ་ནི་གཞན་ལ་སྦྱིན་པར་བྱེད་པ་ལ་སྨོད་པའོ། །བྱེད་འདོད་པ་ཞེས་བྱ་བ་ནི་བསྒྲུབ་པར་འདོད་པ་ཞེས་བྱ་བའི་ཐ་ཚིག་གོ། །གཅིག་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་གཅིག་ནི་ལུས་ཀྱིས་ཡིན་ཏེ་ཚུལ་འཆོས་པའོ། །གཉིས་པ་ནི་ངག་གིས་ཡིན་ཏེ་ཁ་གསག་གོ། །
ལྷག་མ་གཞོགས་སློང་ལ་སོགས་པ་འཚོ་བ་ལོག་པ་རྣམས་ནི་ལུས་དང་ངག་གིས་ཡིན་ནོ། །ཇི་ལྟར་བྱས་པས་ཤེ་ན། རེ་ཞིག་ལུས་ཀྱིས་ནི་གཞོགས་སློང་ཉིད་དེ། རྙེད་པར་བྱ་བའི་བསམ་པས་ལུས་ཀྱིས་གནོད་པའི་གཞི་ཀུན་དུ་སྟོན་པའི་ཕྱིར་དང་། ཕོངས་པའི་གཞི་ཀུན་དུ་སྟོན་པའི་ཕྱིར་རོ། །
ངག་གིས་ནི་བསམ་པའི་གཞི་བསྔགས་པར་བྱེད་པའོ། །ཐོབ་ཀྱིས་འཇལ་བ་ཉིད་ཀྱང་ཡིན་ཏེ། ངག་གིས་རྣམ་པ་གསུམ་བསྟན་པ་ཡིན་ནོ། །ལུས་ཀྱིས་ཀྱང་ཐོག་མ་ཁོ་ནར་བསླང་བ་བྱས་ནས་ཕྱིས་ཡང་དང་ཡང་དུ་མི་སྨྲ་བར་མདུན་དུ་འདུག་པའོ། །འཚོ་བ་ལོག་པར་རྙེད་པས་རྙེད་པར་བྱེད་འདོད་
པ་ཡང་ཡིན་ཏེ། ལུས་ཀྱིས་ནི་གཅིག་པོ་ཇི་སྐད་བསྟན་པ་ཡིན་ལ་ངག་གིས་ནི་གཉིས་ཡིན་ནོ། །སྨྲས་པ། གཞོགས་སློང་ལ་སོགས་པ་འཚོ་བ་ལོག་པ་ལྷག་མ་རྣམས་ལས་ཚིག་གང་ཡིན་པ་ལ་དེ་དག་ཇི་ལྟར་ན་ཁ་གསག་མ་ཡིན་ཏེ། ཁ་གསག་ཀྱང་ངག་གི་ལས་ཡིན་པས་སོ། །བཤད་པ།
གཞན་མགུ་བར་བྱ་བའི་ཕྱིར་སྨྲ་བ་འཚོ་བ་ལག་པ་གཉིས་པ་ནི་འདིར་ཁ་གསག་ཡིན་པར་དགོངས་ཀྱི། བསམ་པའི་གཞི་བསྔགས་པ་བྱེད་པ་ལ་སོགས་པའི་ཚིག་ཐམས་ཅད་ནི་མ་ཡིན་ནོ། །དེ་བས་ན་ཉེས་པ་མེད་དོ། །ཟླ་བ་ཕྱེད་ཅིང་ཚེས་བཅོ་ལྔ་ལ་རྒྱལ་པོ་ཆེན་པོ་བཞི་དག་རང་ཉིད་ཀྱིས་མིའི་འཇིག་རྟེན་
ན་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སློང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རི་མོ་བྱེད་པ་དང་། དོན་བྱེད་པ་དང་། བྱ་བ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། འཇིག་རྟེན་འདི་དང་། འཇིག་རྟེན་ཕ་རོལ་གྱི་ཁ་ན་མ་ཐོ་བ་རྣམས་ལ་འཇིགས་པར་ལྟ་
བ་དང་། སྦྱིན་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། བསྙེན་གནས་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་པའི་མི་དག་མང་ངམ་ཞེས་འཇིག་རྟེན་ལ་རྣམ་པར་ལྟ་བར་བྱེད་དོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །དེ་ལ་ཇི་ལྟར་ཤེས་པར་བྱ་བ་ལྟ་བུས་མར་ཤེས་པ་ནི་མར་
Vol. 137 · folio 236b
འཛིན་པ་སྟེ། ཇི་ལྟར་དེ་ཤེས་པར་བྱ་ཞེ་ན། དེ་ལ་གུས་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལ་གུས་པར་བྱ་བ་ཉིད་ཀྱི་རྒྱུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ལྡང་བ་དང་ཐལ་མོ་སྦྱོར་བ་དང་། ཕྱག་བྱ་བ་དང་། ཆོས་གོས་དང་བསོད་སྙོམས་ལ་སོགས་པ་ནི་མལ་སྟན་ལ་སོགས་པའོ། །སྙན་པར་སྨྲ་བ་ལ་
སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་རི་མོ་བྱ་བ་ལ་སོགས་པའོ། །དེ་དག་དེ་ལྟར་གྱུར་པ་ཞེས་བྱ་བ་ནི་མི་དེ་དག་མར་འཛིན་པ་ནས་བསོད་ནམས་བྱེད་པའི་བར་དུའོ། །རྣམ་པ་དེ་ཞེས་བྱ་བ་ནི་སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བའི་རྣམ་པའོ། །བསོད་ནམས་ཀྱི་ཁང་པ་ལ་སོགས་པ་ཞེས་
བྱ་བའི་སོགས་པའི་སྒྲས་ནི་ལམ་འཕྱག་པ་ལ་སོགས་པའོ། །ཟས་དང་། སྐོམ་ལ་སོགས་པ་གང་ཡིན་པ་དང་། ཀུན་དགའ་ར་བ་ལ་སོགས་པའོ། །འཇིག་རྟེན་རྗེས་སུ་འཛིན་པའི་ཕྱིར་གང་ཡིན་པ་འདི་གཉི་ག་ཡང་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཡིན་མོད་ཀྱི། ཐ་དད་པར་སྨོས་པ་ནི་
ཁྱད་པར་དང་ཁྱད་པར་མེད་པར་སྦྱིན་པའི་དབྱེ་བ་ཡང་དག་པར་བསྟན་པའི་ཕྱིར་ཏེ། ཁྱད་པར་གྱི་དབྱེ་བ་ཡང་དག་པར་བསྟན་པའི་ཕྱིར་དང་། ཁྱད་པར་མེད་པའི་དབྱེ་བ་ཡང་དག་པར་བསྟན་པའི་ཕྱིར་རོ། །གོ་རིམས་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ཇི་ལྟར་བྱས་པས་ཤེ་ན། བླ་མ་དང་ཡོན་གནས་པ་ནི་ཚིག་
གཉིས་དང་གཉིས་ཀྱིས་ཡང་དག་པར་བསྒྲུབ་པ་བསྟན་པ་ཡིན་ཏེ། རེ་ཞིག་བླ་མ་རྣམས་ལ་ནི་མར་འཛིན་པ་དང་། ཕར་འཛིན་པ་ཞེས་བྱ་བ་འདི་གཉིས་ཀྱིས་སོ། །ཡོན་གནས་རྣམས་ལ་ནི་དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་ཞེས་བྱ་བ་འདི་གཉིས་ཀྱིས་སོ། །གཞི་རྣམས་ཀྱི་རེ་རེས་ནི་རྒན་པོ་
རྣམས་དང་། རྒུད་པ་རྣམས་དང་། རང་གི་ལས་དང་། བསོད་ནམས་བྱེད་པ་ལས་ཡང་དག་པར་བསྒྲུབ་པར་བསྟན་པ་ཡིན་ནོ། །ཚིག་རེ་རེས་ནི་རེ་རེས་སོ། །སྨྲས་པ་ཚིག་དུ་དག་གིས་ཤེ་ན། གཞི་རྣམས་ཀྱི་རེ་རེས་ཏེ། ཇི་ལྟར་ཞེ་ན། རེ་ཞིག་རྒན་པོ་རྣམས་ལ་ནི་རིགས་ཀྱི་ནང་ན་རྒན་རབས་ལ་རི་མོ་
བྱེད་པ་ཞེས་བྱ་བའི་ཚིག་གོ། །རྒུད་པ་རྣམས་ལ་ནི་དོན་བྱེད་པ་ཞེས་བྱ་བའི་ཚིག་གཅིག་གིས་སོ། །རང་གི་ལས་ལ་ནི་བྱ་བ་བྱེད་པ་ཞེས་བྱ་བའི་ཚིག་གཅིག་གིས་སོ། །བསོད་ནམས་བྱེད་པ་ལ་ནི་བསོད་ནམས་བྱེད་པ་ཞེས་བྱ་བའི་ཚིག་གཅིག་གིས་ཡང་དག་པར་སྒྲུབ་པར་བསྟན་པ་ཡིན་ནོ། །ཚིག་འཇིག་རྟེན་
Vol. 137 · folio 237a
འདི་དང་འཇིག་རྟེན་ཕ་རོལ་ཞེས་བྱ་བ་དེ་ལ་སོགས་པ་ལྷག་མ་རྣམས་ཀྱིས་ནི་ཡང་དག་པར་བསྒྲུབ་པ་དེ་ཉིད་ཀྱི་རྒྱུ་དང་བསོད་ནམས་བྱ་བའི་རྣམ་པའི་དབྱེ་བ་ཡང་དག་པར་བསྟན་པ་ཡིན་ནོ། །དེ་ལ་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱི་ཁ་ན་མ་ཐོ་བ་རྣམས་ལ་འཇིགས་པར་ལྟ་བ་
ཞེས་བྱ་བའི་ཚིག་འདི་དག་གིས་ནི་ཡང་དག་པར་བསྒྲུབས་པ་དེ་ཉིད་ཀྱི་རྒྱུ་ཡང་དག་པར་བསྟན་པ་ཡིན་ནོ། །སྦྱིན་པ་བྱེད་པ་ནས། ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་པ་ཞེས་བྱ་བའི་བར་འདི་རྣམས་ཀྱིས་ནི་བསོད་ནམས་བྱ་བའི་རྣམ་པའི་དབྱེ་བ་ཡང་དག་པར་བསྟན་པ་ཡིན་ནོ། །རྒྱས་པར་གསུངས་
ནས་ཀྱེ་ཤཱ་རིའི་བུ་འཇིག་རྟེན་ན་ཆོས་སྨྲ་བ་ནི་སུ་དག་ཡིན། ལེགས་པར་ཞུགས་པ་ནི་སུ་དག་ཡིན། བདེ་བར་གཤེགས་པ་ནི་སུ་དག་ཡིན། འཛམ་བུའི་གྲིབ་མ་ཅན་གང་སུ་དག་འདོད་ཆགས་གདུལ་བའི་ཕྱིར་དང་། ཞེ་སྡང་གདུལ་བའི་ཕྱིར་དང་། གཏི་མུག་གདུལ་བའི་ཕྱིར་ཆོས་སྟོན་པ་འདི་ནི་འཇིག་
རྟེན་ན་ཆོས་སྨྲ་བ་དག་ཅེས་བྱ་བའོ། །གང་སུ་དག་འདོད་ཆགས་གདུལ་བའི་ཕྱིར་ཞུགས་པ་དང་། ཞེ་སྡང་གདུལ་བའི་ཕྱིར་དང་། གཏི་མུག་གདུལ་བའི་ཕྱིར་ཞུགས་པ་འདི་ནི་ལེགས་པར་ཞུགས་པ་དག་ཅེས་བྱའོ། །གང་སུ་དག་འདོད་ཆགས་མ་ལུས་པར་སྤངས་པ་དང་། ཡོངས་སུ་ཤེས་པ་དང་།
ཞེ་སྡང་དང་། གཏི་མུག་མ་ལུས་པར་སྤངས་པ་དང་། ཡོངས་སུ་ཤེས་པ་འདི་ནི་འཇིག་རྟེན་ན་བདེ་བར་གཤེགས་པ་དག་ཅེས་བྱ་བའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །འདིར་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་མདོ་སྡེའི་དུམ་བུ་འདིར་ནི་ངེས་པར་ལེགས་པ་ལས་བརྩམས་ནས་ཏེ་ཆེད་དུ་བྱས་ནས་སེམས་
ཅན་གཉིས་ཏེ་རྣམ་པ་གཉིས་དྲིས་པ་དང་། ལན་བཏབ་པ་ཡིན་ནོ། །དྲིས་པ་ནི་ཀུན་དུ་རྒྱུ་འཛམ་བུའི་གྲིབ་མ་ཅན་གྱིས་སོ། །ལན་གདབ་པ་ནི་གནས་བརྟན་ཤ་ར་དྭ་ཏིའི་བུས་སོ། །དྲིས་པ་ནི་ཡང་དག་པར་སྨྲ་བ་དང་། བྱེད་པ་པོ་ཡིན་ནོ། །བྱེད་པ་པོ་ཡང་རྣམ་པ་གཉིས་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །
ལན་བཏབ་པ་གང་དག་ཅེ་ན། ཡང་དག་པར་སྨྲ་བ་དང་། བྱེད་པ་པོ་རྣམ་པ་གཉིས་པོ་ཡང་འདི་དག་ཉིད་ཡིན་ནོ། །ཇི་ལྟར་དྲིས་ཤེ་ན། ཤཱ་རིའི་བུ་འཇིག་རྟེན་ན་ཆོས་སྨྲ་བ་ནི་སུ་དག་ཡིན་ཞེས་བྱ་བ་ནི་ཡང་དག་པར་སྨྲ་བ་ཡིན་ནོ། །ལེགས་པར་ཞུགས་པ་ནི་སུ་དག་ཡིན་བདེ་བར་གཤེགས་པ་ནི་སུ་དག་ཡིན་ཞེས་
Vol. 137 · folio 237b
བྱ་བ་ནི་བྱེད་པ་པོ་རྣམ་པ་གཉིས་པོ་དག་ཡིན་ནོ། །གནས་བརྟན་གྱིས་ཇི་ལྟར་ལན་བཏབ་ཅེ་ན། འཛམ་བུའི་གྲིབ་མ་ཅན་གང་སུ་དག་འདོད་ཆགས་གདུལ་བའི་ཕྱིར་དང་། ཞེ་སྡང་གདུལ་བའི་ཕྱིར་དང་། གཏི་མུག་གདུལ་བའི་ཕྱིར་ཆོས་སྟོན་པ་འདི་ནི་འཇིག་རྟེན་ན་ཆོས་སྨྲ་བ་དག་ཅེས་བྱའོ་ཞེས་བྱ་བ་དེ་ལྟ་
བུ་ནི་ཡང་དག་པར་སྨྲ་བ་ལན་བཏབ་པ་ཡིན་ནོ། །ཇི་ལྟར་ན་བྱེད་པ་པོ་ཡང་རྣམ་པ་གཉིས་སུ་ལན་བཏབ་ཅེ་ན། གང་སུ་དག་འདོད་ཆགས་གདུལ་བའི་ཕྱིར་ཞུགས་པ་དང་། ཞེ་སྡང་གདུལ་བའི་ཕྱིར་དང་། གཏི་མུག་གདུལ་བའི་ཕྱིར་ཞུགས་པ་འདི་ནི་ལེགས་པར་ཞུགས་པ་དག་ཅེས་བྱའོ་ཞེས་བྱ་
བ་ནི་ཡང་དག་པར་བྱེད་པ་པོ་སྟེ། བརྩོན་པ་རྣམས་ལན་བཏབ་པ་ཡིན་ནོ། །གང་སུ་དག་འདོད་ཆགས་མ་ལུས་པར་སྤངས་པ་དང་། ཡོངས་སུ་ཤེས་པ་དང་། ཞེ་སྡང་དང་གཏི་མུག་མ་ལུས་པར་སྤངས་པ་དང་། ཡོངས་སུ་ཤེས་པ་འདི་ནི་འཇིག་རྟེན་ན་བདེ་བར་གཤེགས་པ་དག་ཅེས་བྱའོ་ཞེས་བྱ་བས་
ཀྱང་བྱེད་པ་པོ་སྟེ། གྲོལ་བ་རྣམས་ཀྱི་ལན་བཏབ་པ་ཡིན་ནོ། །འཛམ་བུའི་གྲིབ་མ་ཅན་གང་སུ་དག་འདོད་ཆགས་གདུལ་བའི་ཕྱིར་དང་ཞེས་བྱ་བ་རྒྱས་པར་འབྱུང་བས། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཁོ་ན་སྨོས་ཀྱི། ལྟ་བ་དང་། ང་རྒྱལ་དང་། ཐེ་ཚོམ་རྣམས་མ་ཡིན་པ་ནི་
དེ་རྣམས་ཀྱིས་གོ་རིམས་བཞིན་དུ་ཚོར་བ་གསུམ་ལ་བཅིངས་པའི་ཕྱིར་ཏེ། །ཇི་ལྟར་འདོད་ཆགས་ཀྱིས་ནི་བདེ་བའི་ཚོར་བ་ལ་བཅིངས་སོ། །འདི་ལྟར་ཞེ་སྡང་གིས་ནི་སྡུག་བསྔལ་གྱི་ཚོར་བ་ལ་བཅིངས་སོ། །འདི་ལྟར་གཏི་མུག་གིས་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་བཅིངས་སོ། །སྨྲས་
པ། ཚོར་བ་གསུམ་པོ་དེ་ལ་བཅིངས་པར་ཇི་ལྟར་ཤེས་པར་བྱ་ཞེ་ན། འདི་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་དམིགས་པ་དང་། མཚུངས་པར་ལྡན་པ་དང་། བདེ་བའི་ཚོར་བ་ལ་ནི་འདོད་ཆགས་རྒྱས་པར་འགྱུར། སྡུག་བསྔལ་ལ་ནི་ཁོང་ཁྲོ་བ། བདེ་བ་ཡང་
མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ལ་ནི་མ་རིག་པའོ་ཞེས་གསུངས་པས་སོ། །ཇི་ལྟར་རིགས་པར་ཞེས་བྱ་བ་ནི་ཇི་ལྟར་འོས་པར་ཏེ། འདོད་པའི་ཁམས་སུ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་སྤངས་པའི་ཕྱིར་རོ། །དེའི་གོང་མ་རྣམས་སུ་ནི་འདོད་ཆགས་དང་མ་རིག་པ་གཉིས་སྤངས་
Vol. 137 · folio 238a
པའི་ཕྱིར་རོ། །ཐོབ་པ་བག་ལ་ཉལ་གྱི་མཚན་ཉིད་སྤངས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉོན་མོངས་པའི་ས་བོན་དེ་ཉིད་མ་བཏོན་ཅིང་ཉམས་པར་མ་བྱས་པ་ནི་ཐོབ་པ་ཡིན་ཏེ། བག་ལ་ཉལ་ཡང་དེ་ཉིད་ཡིན་ནོ། །ཉོན་མོངས་པ་རྣམ་པ་དགུ་པོ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་རྣམ་པ་སྤངས་
པའི་ཕྱིར་རོ། །འདི་ལྟར་ཆེན་པོའི་ཆེན་པོའི་རྣམ་པ་ནས་བརྩམས་ནས། ཆུང་ངུའི་ཆུང་ངུའི་རྣམ་པའི་བར་དུ་སྤངས་པས་སོ། །གང་སུ་དག་འདོད་ཆགས་མ་ལུས་པར་སྤངས་པ་ཞེས་གང་གསུངས་པའི་སྤངས་པས་ནི་རྣམ་པར་གྲོལ་བ་སྟོན་ཏོ། །དེ་ལ་རྣམ་པར་གྲོལ་བ་ནི་དེ་ཁོ་ན་ཉིད་ལས་འདོད་ཆགས་ལ་སོགས་
པ་བསལ་བའི་སེམས་དྲི་མ་མེད་པ་ཉིད་ཡིན་ནོ། །ཡོངས་སུ་ཤེས་པས་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྟོན་ཏོ་ཞེས་བྱ་བའི་སྐབས་དང་སྦྱར་ཏེ། སྤངས་པ་དང་ཡོངས་སུ་ཤེས་པ་ཞེས་གང་གསུངས་པ་འདིས་སོ། །ཡེ་ཤེས་ཉིད་མཐོང་བ་ཡིན་ཏེ། རྣམ་པར་གྲོལ་བར་ཤེས་ཤིང་མཐོང་བ་ནི་རྣམ་པར་གྲོལ་
བའི་ཡེ་ཤེས་མཐོང་བའོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་ལྟར་ན་ཇི་སྐད་གསུངས་པའི་ཡོངས་སུ་ཤེས་པ་ཞེས་བྱ་བའི་ཚིག་འདིས་ནི། མ་ལུས་པར་སྤངས་པ་ནི་སོ་སོ་རང་གིས་རིག་པར་བྱ་བ་ཉིད་དུ་བསྟན་པ་ཉིད་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གཞན་ལ་རག་ལས་པ་དང་། སོམ་ཉི་དང་
ལྡན་པ་རྣམས་བསལ་བའི་ཕྱིར་རོ། །གང་དག་ཉོན་མོངས་པ་སྤངས་པ་ལ་གཞན་ལ་རག་ལས་པ་དང་། སོམ་ཉི་དང་ལྡན་པ་དང་། ཐེ་ཚོམ་དང་ལྡན་པ་ནི་གཞན་ལ་རག་ལས་པ་དང་ལྡན་པ་དང་སོམ་ཉི་དང་ལྡན་པ་དེ་རྣམས་ཏེ་བསལ་བའི་ཕྱིར་ནི་དགའ་བའི་ཕྱིར་རོ། །གཅིན་ནད་དང་། འབྱུང་པོའི་
གདོན་སྨོས་པ་ནི་དེ་གཉིས་ནི་བྱང་དུ་ཟིན་ཀྱང་དུས་གཞན་འགའ་ཞིག་ན་ཡང་ལྡང་བས་སོ། །འཇིག་རྟེན་པའི་སྙོམས་པར་འཇུག་པ་དག་ལས་བཟློག་ནས་ཏེ། ཇི་ལྟར་བཟློག་ཅེ་ན། འཇིག་རྟེན་པའི་སྙོམས་པར་འཇུག་པ་དག་ནི་ཇི་སྲིད་དུ་བགྲོད་པར་བྱ་བར་མི་འདོད་དེ། སྲིད་པའི་རྩེ་མོའི་བར་དུ་འགྲོ་བའི་
ཕྱིར་དང་། མྱ་ངན་ལས་འདས་པར་མི་འགྲོ་བའི་ཕྱིར་དང་། འགྲོ་བ་བཟང་པོ་མ་ཡིན་པར་འགྲོ་བའི་ཕྱིར་དང་། སླར་ཡང་ལྡོག་པའི་ཕྱིར་རོ། །མྱ་ངན་ལས་འདས་པར་གཤེགས་པ་དག་ནི་དེ་ལྟར་གཤེགས་པ་དག་ཡིན་ནོ་ཞེས་བྱ་བ་ནི་ཇི་སྲིད་དུ་བགྲོད་པར་བྱ་བར་གཤེགས་པ་དག་ཡིན། འགྲོ་བ་ལ་
Vol. 137 · folio 238b
བཟང་པོར་གཤེགས་པ་དག་ཡིན། ཕྱིར་མི་ལྡོག་པར་གཤེགས་པ་དག་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྐད་དུ་བསྟན་པ་དེ་ལྟར་ན་མྱ་ངན་ལས་འདས་པ་ནི་བླ་ན་མེད་པ་ཉིད་ཡིན་པར་བསྟན་པ་ཡིན་ཏེ། མྱ་ངན་ལས་འདས་པར་གཤེགས་ནས་མྱ་
ངན་ལས་འདས་པ་ལས་ཕ་རོལ་ན་གཤེགས་པར་བྱ་བ་མེད་པས་སོ། །དགེ་བ་ཉིད་ཀྱང་ཡིན་པར་བསྟན་པ་ཡིན་ཏེ། བཟང་པོར་གཤེགས་པའི་ཕྱིར་རོ། །རྟག་པ་ཉིད་དུ་བསྟན་པ་ཡང་ཡིན་ཏེ། མྱ་ངན་ལས་འདས་པ་ལས་ཕྱིར་མི་ལྡོག་པར་གཤེགས་པའི་ཕྱིར་རོ། །དགེ་སློང་དག་འདི་ལྟར་ས་
བོན་ཡང་ཡོད་ལ། མ་གྲུགས་པ་དང་། མ་རུལ་བ་དང་། རླུང་དང་། ཉི་མས་མ་གདུངས་པ་དང་། གསར་པ་དང་། སྙིང་པོ་དང་ལྡན་པ་དང་། ལེགས་པར་གནས་པ་ཡང་ཡིན་ལ། སའི་སྨག་དང་ཆུ་ཡང་ཡོད་ན། དེ་ལྟ་བུའི་ས་བོན་དེ་དག་ནི་འཕེལ་ཞིང་རྒྱས་ལ་ཡངས་པར་འགྱུར་བའོ། །དགེ་
སློང་དག་དེ་བཞིན་དུ་འདི་ལྟར་ལས་ཀྱང་ཡོད་ལ། ཉོན་མོངས་པ་རྣམས་དང་། སྲེད་པ་དང་ལྟ་བ་དང་། ང་རྒྱལ་དང་། མ་རིག་པ་ཡང་ཡོད་ན། དེ་ལྟ་བུ་ནི་ཚེ་ཕྱི་མ་ལ་འདུ་བྱེད་རྣམས་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ལས་ལ་ཉོན་མོངས་པ་རྣམས་གྲོགས་སུ་འགྱུར་བས་
སྐྱེ་བ་སྐྱེད་པར་བྱེད་དེ། ཇི་ལྟར་ཤེས་ཤེ་ན། དགྲ་བཅོམ་པ་ཉིད་ལ་ཉོན་མོངས་པ་ཟད་པ་ནི་མི་སྐྱེ་བའི་ཕྱིར་རོ། །ལས་ལ་ཡང་ནུས་པ་ཡོད་དེ། ཉོན་མོངས་པ་མ་ཟད་ན་ལས་ཇི་ལྟ་བ་བཞིན་དུ་སྐྱེ་བའི་ཕྱིར་ཏེ། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བ་ལ་སོགས་པའི་ལས་ཀྱིས་སེམས་ཅན་དམྱལ་བ་ལ་
སོགས་པ་དག་ཏུ་སྐྱེ་བའི་ཕྱིར་རོ། །ཉོན་མོངས་པ་དེ་དག་ཀྱང་སྲེད་པ་ལ་སོགས་པའི་ཞེས་བྱ་བ་ནི་སྲེད་པ་དང་ལྟ་བ་དང་། ང་རྒྱལ་དང་། མ་རིག་པ་ཇི་སྐད་གསུངས་པ་རྣམས་སོ། །ལྟ་བ་དང་། ང་རྒྱལ་དང་། མ་རིག་པ་དེ་ནི་འདྲེན་པར་བྱེད་པ་དག་ཡིན་ཏེ་ཞེས་བྱ་བ་ནི་སྲེད་པ་འདྲེན་པར་བྱེད་པ་དག་ཡིན་
ཏེ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་བྱས་པས་ཤེ་ན། བདག་ཏུ་ལྟ་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། བདག་ཏུ་ལྟ་བའི་སྒོ་ནས་བདག་མེད་པ་ཉིད་ལ་ཀུན་ནས་ཉོན་མོངས་ན་དེ་ཀུན་དུ་རྒྱུ་བ་དང་མི་སྤོང་བའི་ཕྱིར་རོ། །སྲེད་པ་ཀུན་དུ་རྒྱུ་བའི་ཕྱིར་དང་། སྲེད་པ་མི་སྤོང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་
Vol. 137 · folio 239a
གོ། །ངའོ་སྙམ་པའི་ང་རྒྱལ་གྱི་སྒོ་ནས་ཞེས་བྱ་བ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེའི་ཕྱིར་འདི་དག་ཁོ་ནས་སྨོས་ཀྱི་ཁོང་ཁྲོ་བ་དང་། ཐེ་ཚོམ་གཉིས་ནི་མ་ཡིན་ནོ། །ཇི་ལྟར་སྲེད་པ་ཉིད་ནི་མངོན་པར་བསྒྲུབ་པའི་རྒྱུ་ཡིན་པས། ལྟ་བ་དང་། ང་རྒྱལ་དང་། མ་རིག་པ་ནི་དེ་
འདྲེན་པར་བྱེད་པ་དག་ཡིན་པས་དེའི་ཕྱིར་མདོ་ལས་འདི་དག་ཁོ་ན་སྨོས་ཀྱི་ཁོང་ཁྲོ་བ་དང་ཐེ་ཚོམ་གཉིས་ནི་མ་ཡིན་ནོ། །གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྣམ་གྲངས་གཞན་ཡང་འདོད་པའི་ཁམས་ཀྱི་ལས་ཀྱི་གྲོགས་ནི་ཉོན་མོངས་པ་ཐམས་ཅད་ཡིན་ཏེ། འདི་ལྟར་ལས་ཀྱང་ཡོད་ལ་ཉོན་མོངས་པ་
རྣམས་དང་ཞེས་བྱ་བ་འདིས་ཡང་དག་པར་སྟོན་ཏོ། །མདོ་སྡེའི་དུམ་བུའི་དོན་ཕྱི་མས་ནི་གཟུགས་དང་གཟུགས་མེད་པའི་ཁམས་གཉིས་ཀྱི་ནི་སྲེད་པ་ལ་སོགས་པའི་གྲོགས་ཡིན་ཏེ། གཟུགས་ཀྱི་ཁམས་ཀྱི་དང་། གཟུགས་མེད་པའི་ཁམས་ཀྱི་ནི་སྲེད་པ་དང་། ལྟ་བ་དང་། ང་རྒྱལ་དང་། མ་རིག་པ་རྣམས་
ལས་ཀྱི་གྲོགས་ཡིན་ནོ་ཞེས་བྱ་བར་ཡང་དག་པར་སྟོན་ཏོ། །ཁམས་གཉིས་ཀྱི་ལས་ཀྱི་གྲོགས་སྲེད་པ་ལ་སོགས་པ་ཡིན་པར་ཇི་ལྟར་ཤེས་ཤེ་ན། སྲེད་པ་དང་ལྟ་བ་དང་། ང་རྒྱལ་དང་། ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་གྱི་བག་ལ་ཉལ་ཡོད་པའི་ཕྱིར་རོ། །དེ་ལྟར་དེ་ན་ནི་སྲེད་པ་ཤས་ཆེ་བའི་བསམ་
གཏན་ཉིད་ཡིན་ན་ནི་སྲེད་པ་རྒྱས་པར་འགྱུར་བས་ན། ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་གྱི་བར་ཡིན་ན་ནི་ཐེ་ཚོམ་མོ། །དེའི་ཕྱིར་དེའི་ལས་ཀྱི་གྲོགས་ནི་སྲེད་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །སྨྲས་པ། མདོ་སྡེའི་དུམ་བུ་འདི་ལས་སྲེད་པ་དང་། ལྟ་བ་དང་། ང་རྒྱལ་དང་། མ་རིག་པ་ཞེས་
མ་རིག་པ་གསུངས་ན། འོ་ན་ཅིའི་ཕྱིར་སྲེད་པ་དང་། ལྟ་བ་དང་། ང་རྒྱལ་དང་ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་གྱི་བག་ལ་ཉལ་ཡོད་པའི་ཕྱིར་རོ་ཞེས་ཐེ་ཚོམ་བསྟན་ཅེ་ན། འདིར་བཤད་པ། ཐེ་ཚོམ་ནི་མ་རིག་པས་རབ་ཏུ་ཕྱེ་བ་ཉིད་ཀྱི་ཕྱིར་ཏེ། འདིར་མ་རིག་པ་སྨོས་པས་ཐེ་ཚོམ་བསྟན་པ་ཡིན་ཏེ།
གྲོགས་ཐེ་ཚོམ་ཡང་ཡོད་པ་དང་། ལས་སྐྱེ་བའི་ཕྱིར་རྒྱུར་འགྱུར་བར་ཤེས་པར་བྱའོ། །གཞན་ཡང་གང་དག་བཞི་པ་ཆོས་མ་རིག་པ་ཤས་ཆེ་བའི་བསམ་གཏན་པར་འདོན་གྱི། ཐེ་ཚོམ་ཤས་ཆེ་བའི་བསམ་གཏན་པར་མི་འདོན་པ་དེ་དག་གི་ལྟར་ན་ནི་བརྩད་དུ་ཡང་མེད་ལ། ལན་གདབ་ཏུ་ཡང་མེད་
Vol. 137 · folio 239b
དོ། །དགེ་སློང་དག་དགེ་སློང་གསར་བུ་འདི་དག་ནི་དགེ་སྦྱོང་གི་གནོད་པས་གཙེས་པ་ཚངས་པར་སྤྱོད་པའི་འདམ་གྱིས་ཟིལ་གྱིས་ནོན་པ། སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པ་ཅན་ཡང་སྲིད་པ་ལ། རིམས་ནད་དང་བཅས་པ་སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཅན། ཚེ་ཕྱི་མ་ལ་སྐྱེ་
བ་དང་། རྒ་བ་དང་། འཆི་བར་འགྱུར་བ་རྣམས་ཟིལ་གྱིས་གནོན་པ་ཞེས་བྱ་བའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །སྡིག་པ་ཞེས་བྱ་བ་ནི་རྒྱས་པར་འབྱུང་བ་དང་། སྡིག་པ་མི་དགེ་བའི་ཆོས་ནས་ཉོན་མོངས་པ་ཅན་ལ་སོགས་པ་ཀུན་ནས་ཉོན་མོངས་པ་ཅན་དང་། ཡང་སྲིད་བ་བ་ནས་སྐྱེ་བ་དང་།
རྒ་བ་དང་། འཆི་བར་འགྱུར་བའི་བར་རོ། །སྨྲས་པ། སྡིག་པ་མི་དགེ་བའི་ཆོས་ཀུན་ནས་ཉོན་མོངས་པ་ཅན་ལ་སོགས་པའི་རྣམ་གྲངས་ཅན་དེ་དག་གང་ཡང་ཡིན། འདིར་བཤད་པ། རྙེད་པ་དང་བཀུར་སྟིའི་རྒྱུ་རྣམས་ཏེ། རྙེད་པའི་རྒྱུ་དང་བཀུར་སྟིའི་རྒྱུ་གང་དག་ཡིན་པའོ། །དེ་དག་ཀྱང་གང་
དག་ཅེ་ན། བརྣབ་སེམས་ཅན་ཉིད་ལ་སོགས་པ་སྟེ། བརྣབ་སེམས་ཅན་དང་གནོད་སེམས་ཅན་དང་། ཁྲོ་བར་བྱེད་པ་དང་། ཁོན་དུ་འཛིན་པར་བྱེད་པ་དང་། འཆབ་པར་བྱེད་པ་དང་། འཇིག་པ་དང་། ཕྲག་དོག་ཅན་དང་། སེར་སྣ་ཅན་དང་། གཡོན་ཅན་དང་། སྒྱུ་ཅན་དང་། ངོ་ཚ་མི་ཤེས་ཅན་དང་
ཁྲེལ་མེད་པ་ཅན་དང་། སྡིག་པ་འདོད་པ་དང་། ལྟ་བ་ལོག་པ་ཅན་ནོ། །རྙེད་པ་དང་བཀུར་སྟིའི་རྒྱུ་ནི་བརྣབ་སེམས་ལ་སོགས་པ་ཡིན་ནོ་ཞེས་བརྗོད་པར་བྱ་བ་ལས། བརྣབ་སེམས་ཅན་ཉིད་ལ་སོགས་པ་ཞེས་བསྟན་པ་ནི་བརྣབ་སེམས་ཅན་དང་། གནོད་སེམས་ཅན་དང་ཞེས་རྒྱས་པར་འབྱུང་བ་ནས།
ལོག་པར་ལྟ་བ་ཅན་ཞེས་བྱ་བའི་བར་དུ་འབྱུང་བའི་མདོ་སྡེའི་དུམ་བུ་འདི་དགོད་པའི་ཕྱིར་རོ། །སྨྲས་པ། དེ་ལྟ་ན་ཡང་བརྣབ་སེམས་ཅན་ཞེས་བྱ་བ་ནས་ལོག་པར་ལྟ་བ་ཅན་ཞེས་བྱ་བའི་བར་དུ་བརྗོད་ན་ཆོས་རྣམས་སུ་ཇི་ལྟར་སྦྱར་བར་བྱ་ཞེ་ན། བརྣབ་སེམས་ཅན་ཉིད་དང་། གནོད་སེམས་ཅན་ཉིད་དང་
ཞེས་བྱ་བ་དེ་ལྟར་རྒྱས་པར་སྦྱར་བར་བྱ་བ་ནས། ལོག་པར་ལྟ་བ་ཅན་ཉིད་ཅེས་བྱ་བའི་བར་དུ་དེ་ལྟར་དངོས་པོ་བརྗོད་པར་སྦྱར་བར་བྱའོ། །མདོ་སྡེའི་དུམ་བུ་འདིས་ནི་ཉེས་དམིགས་རྣམ་པ་གསུམ་ཡོད་པར་སྟོན་ཏོ། །མཐོང་བའི་ཆོས་ལ་བསླབ་པ་གཏོང་བ་ནི་ཉེས་དམིགས་དང་པོ་ཡིན་པར་སྟོན་ཏོ། །
Vol. 137 · folio 240a
དགེ་སྦྱོང་གི་གནོད་པས་གཙེས་པ་ཞེས་བྱ་བའི་ཚིག་འདིས་སོ། །མྱ་ངན་ལས་འདས་པར་མི་འགྲོ་བ་ནི་ཉེས་དམིགས་གཉིས་པ་ཡིན་པར་སྟོན་པ་སྟེ། ཚངས་པར་སྤྱོད་པའི་འདམ་གྱིས་ཟིལ་གྱིས་ནོན་པ་ཞེས་བྱ་བའི་ཚིག་འདིས་སོ། །ཚེ་ཕྱི་མ་ལ་ངན་འགྲོར་འགྲོ་བ་
ནི་ཉེས་དམིགས་རྣམ་པ་གསུམ་པ་ཡིན་པར་སྟོན་ཏེ། སྡིག་པ་མི་དགེ་བའི་ཆོས་ཞེས་བྱ་བ་རྒྱས་པར་འབྱུང་བས་སོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྐད་བསྟན་པ་དེ་ལྟར་ན་སྟེ། དེ་ལ་སྡིག་པ་ཞེས་བྱ་བ་རྒྱས་པར་འབྱུང་བས་ནི་ཀུན་ནས་ཉོན་མོངས་པ་ཅན་ལ་སོགས་པ་རྣམས་ནི་གཞན་
གྱིས་དང་། རང་ཉིད་ཀྱིས་སྐྱོན་ཡིན་པར་བསྟན་པ་ཡིན་ནོ། །རེ་ཞིག་གཞན་གྱིས་སྐྱོན་ཡིན་པར་བསྟན་པ་ནི་སྡིག་པ་ནི་འཕགས་པའི་སྐྱེ་བོས་སྨད་པའི་དོན་གྱིས་སོ་ཞེས་གསུངས་པའི་ཕྱིར་རོ། །རང་ཉིད་ཀྱིས་ནི་མི་དགེ་བ་ནི་མི་བདེ་བའི་དོན་གྱིས་སོ་ཞེས་བྱ་བ་ཡིན་ནོ། །དེ་ནི་ཀུན་ནས་ཉོན་
མོངས་པ་ཅན་ཡང་སྲིད་པ་པ་ཉིད་ཉེས་དམིགས་དང་བཅས་པས་ཡང་དག་པར་སྟོན་ཏོ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་ཅན་ཉིད་ཉེས་དམིགས་དང་བཅས་པ་དང་། ཡང་སྲིད་པ་པ་ཉེས་དམིགས་དང་བཅས་པས་ནི་སྨད་པ་ཉིད་ཡིན་པར་སྟོན་ཏོ། །དེ་བཞིན་དུ་གཉིས་ཀས་མི་བདེ་བ་ཉིད་ཡིན་པར་
ཡང་སྟོན་ཏོ། །ཇི་ལྟ་ཞེ་ན། རིམས་ནད་དང་བཅས་པ་དང་། སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཅན་ཡིན་ཏེ། མཐོང་བའི་ཆོས་ཉིད་ལ་ཉོན་མོངས་པའི་ཡོངས་སུ་གདུང་བ་རྣམས་ཀྱི་རིམས་ནད་དང་བཅས་པའོ། །ཇི་ལྟ་ཞེ་ན། ད་ལྟར་བྱུང་བའི་ཚེ་རབས་ལ་ཉོན་མོངས་པས་ཡོངས་སུ་གདུང་བ་
ཡིན་ཏེ། ལུས་དང་སེམས་ཡོངས་སུ་གདུང་བར་བྱེད་པའི་ཕྱིར་རོ། །ལུས་ཡོངས་སུ་གདུང་བར་བྱེད་པའི་ཕྱིར་དང་། སེམས་ཡོངས་སུ་གདུང་བར་བྱེད་པའི་ཕྱིར་རོ། །ཇི་ལྟར་ན་སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཅན་ཡིན་ཞེ་ན། ཚེ་ཕྱི་མ་ལ་ངན་འགྲོར་འགྲོ་བའི་ཕྱིར་རོ། །ཇི་ལྟར་ན།
སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་ཡིན་ཞེ་ན། སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་ནི། སྐྱེ་བ་དང་། རྒ་བ་དང་། འཆི་བ་དང་མཐུན་པ་སྟེ། ཡུན་རིང་པོར་སྐྱེ་བ་དང་། རྒ་བ་དང་། འཆི་བ་འདྲེན་པའི་ཕྱིར་རོ། །དགེ་སློང་ངམ། དགེ་སློང་མ་གང་ལ་ལ་ཅུང་ཟད་ཅུང་ཟད་དང་།
Vol. 137 · folio 240b
ཡུད་ཙམ་ཡུད་ཙམ་དང་། ཐ་ན་སེ་གོལ་གཏོགས་པ་ཙམ་ཡང་སེམས་ཅན་སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལ་བྱམས་པའི་སེམས་སྒོམ་པར་བྱེད་པའི་དགེ་སློང་ངམ། དགེ་སློང་མ་འདི་ནི་སྟོན་པའི་བསྟན་པ་བཞིན་བྱེད་པ། མི་གཏོང་བར་སྒོམ་པ། ལྷག་མཐོང་དང་ལྡན་པ། ཁྱིམ་སྟོང་
པ་རྣམས་རྒྱས་པར་བྱེད་པ། རང་གི་དོན་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་མ་སྨད་པ། ཡུལ་འཁོར་གྱི་བསོད་སྙོམས་འབྲས་བུ་ཡོད་པར་ཟ་བ་ཞེས་བྱའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །སྟོན་པའི་བསྟན་པ་བཞིན་དུ་བསྒྲུབ་པའི་ཕྱིར་
ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་བསྒྲུབ་པའི་ཕྱིར་རོ། །དེ་ལྟར་བརྩོན་པའི་ཕྱིར་ཏེ། ཇི་ལྟར་དེ་ལྟར་བརྩོན་ཞེ་ན། བརྩོན་འགྲུས་མི་གཏོང་བ་ཉིད་ཀྱིས་སོ། །ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་ཞེས་བྱ་བ་ནི་ཚངས་པ་མཚུངས་པར་སྤྱོད་པ་དེ་ཁོ་ན་རྟོགས་པ་རྣམས་ཀྱིས་སོ་
ཞེས་བྱ་བའི་ཐ་ཚིག་གོ། །དེའི་འབྲས་བུ་དང་བཅས་པ་ཉིད་དུ་བྱེད་པའི་ཕྱིར་ཞེས་བྱ་བ་ནི་སྦྱིན་པ་པོ་རྣམས་ཀྱི་བསོད་སྙོམས་དང་བཅས་པ་ཉིད་དུ་བྱེད་པའི་ཕྱིར་རོ། །སྟོན་པ་ལ་ཡང་དག་པར་སྒྲུབ་པར་ཡོངས་སུ་བསྟན་པའི་ཕྱིར་དེའི་བསྟན་པ་བཞིན་དུ་བསྒྲུབ་པའི་ཕྱིར་ཏེ། སྟོན་པའི་བསྟན་པ་བཞིན་བྱེད་པ་
ཞེས་བྱ་བའི་ཚིག་འདིས་སོ། །བསྟན་པ་ལས་ཡང་དག་པར་སྒྲུབ་པར་ཡོངས་སུ་བསྟན་པ་ནི་རྟག་ཏུ་ལས་ཁྱད་པར་དུ་འཕགས་པ་ལས་སྦྱོར་བའི་ཕྱིར་དང་སྟེ། མི་གཏོང་བར་བསྒོམ་པ་ཞེས་བྱ་བ་འདིས་སོ། །ཕྱིན་ཅི་མ་ལོག་པར་སྦྱོར་བའི་ཕྱིར་དང་སྟེ། ལྷག་མཐོང་དང་ལྡན་པ་ཞེས་བྱ་བ་འདིས་སོ། །རྣམ་
པར་མ་གཡེངས་པར་སྦྱོར་བའི་ཕྱིར་དང་སྟེ། ཁྱིམ་སྟོང་པ་རྣམས་རྒྱས་པར་བྱེད་པ་ཞེས་བྱ་བ་འདིས་སོ། །ཆོག་མི་ཤེས་པར་སྦྱོར་བའི་ཕྱིར་ཏེ། རང་གི་དོན་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པ་ཞེས་བྱ་བ་འདིས་སོ། །དགེ་སློང་གི་ལས་ཁྱད་པར་དུ་འཕགས་པ་ནི་བསམ་གཏན་ཡིན་པར་རིག་པར་བྱ་བ་ནི་
ལས་ཁྱད་པར་དུ་འཕགས་པ་ལ་སྦྱོར་བའི་ཕྱིར་ཞེས་གང་བསྟན་པ་ཡིན་ནོ། །རྒྱུ་འདི་རྣམས་ཀྱིས་ནི་བསྟན་པ་ལ་ཡང་དག་པར་སྒྲུབ་པར་ཡོངས་སུ་བསྟན་པ་ཡིན་ནོ། །གཞན་ཡང་སྟེ། རྣམ་གྲངས་གཞན་ཡང་བསྟན་པ་ལ་ཡང་དག་པར་སྒྲུབ་པར་ཡོངས་སུ་བསྟན་པ་ཞེས་བྱ་བ་ནི་རྟག་ཏུ་བསྒོམ་
Vol. 137 · folio 241a
པའི་ཕྱིར་དང་སྟེ། མི་གཏོང་བར་སྒོམ་པ་ཞེས་བྱ་བ་འདིས་སོ། །ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པར་བསྒོམ་པའི་ཕྱིར་དང་སྟེ། ལྷག་མཐོང་དང་ལྡན་པ་ཞེས་བྱ་བའི་ཚིག་འདིས་སོ། །བར་ཆད་མེད་པར་བསྒོམ་པའི་ཕྱིར་དང་སྟེ། ཁྱིམ་སྟོང་པ་རྣམས་རྒྱས་པར་བྱེད་པ་
ཞེས་བྱ་བ་འདིས་སོ། །ཆོག་མི་ཤེས་པར་བསྒོམ་པའི་ཕྱིར་ཏེ། རང་གི་དོན་དང་སྦྱོར་བ་ལ་རྗེས་སུ་བརྩོན་པ་ཞེས་བྱ་བའི་ཚིག་འདིས་སོ། །ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཡང་དག་པར་ཡོངས་སུ་སྒྲུབ་པར་བསྟན་པ་ནི་དོན་མཐུན་པ་ཉིད་དུ་སྦྱོར་བའི་ཕྱིར་ཏེ། ཚངས་པ་མཚུངས་པར་སྤྱོད་པ་
མཁས་པ་རྣམས་ཀྱིས་མ་སྨད་པ་ཞེས་བྱ་བའི་ཚིག་འདིས་སོ། །སྦྱིན་པར་བྱེད་པ་རྣམས་ལ་ཡང་དག་པར་སྒྲུབ་པར་ཡོངས་སུ་བསྟན་པ་ནི་དེའི་སྦྱིན་པ་འབྲས་བུ་ཆེན་པོ་ཉིད་དུ་སྦྱོར་བའི་ཕྱིར་ཏེ། ཡུལ་འཁོར་གྱི་བསོད་སྙོམས་འབྲས་བུ་ཡོད་པར་བཟའ་བ་ཞེས་བྱ་བའི་ཚིག་འདིས་སོ། །ཀྱེ་གཽ་ཏ་མ་
གང་གིས་ན་ད་ལྟར་མི་རྣམས་སྟོབས་ཆུང་བ་དང་། གནོད་པ་མང་བ་དང་། མཐུ་ཆུང་བ་དང་། ཚེ་ཐུང་བའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྲམ་ཟེ་གྲོ་བཞིན་སྐྱེས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེ་ད་ལྟར་མི་རྣམས་
ནི་ཆོས་མ་ཡིན་པར་ཆགས་པས་ཆགས་པ་དང་། མི་རིགས་པར་ཆགས་པས་ཟིལ་གྱིས་ནོན་པ་དང་། ཆོས་ལོག་པས་དཀྲིས་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ཆོམ་རྐུན་དང་། མཐུ་སྟོབས་དང་། བྲིད་པ་ལ་སོགས་པས་ནི་ཆོམ་རྐུན་གྱིས་དང་། མཐུ་སྟོབས་ཀྱིས་དང་། བྲིད་པས་
སོ། །སོགས་པའི་སྒྲས་ནི་ལོག་པར་ལུང་འབོགས་པ་དང་། འཇིགས་པར་བསྟན་པ་ལ་སོགས་པས་ཕ་རོལ་གྱི་ནོར་དོན་དུ་གཉེར་བ་གང་ཡིན་པའོ། །ཕ་རོལ་ལ་འཚེ་བ་དང་ལྡན་པ་ཞེས་བྱ་བ་ནི་ཕ་རོལ་འཚེ་བ་དང་འབྲེལ་པ་སྟེ། ཕ་རོལ་ལ་འཚེ་བར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱལ་པོའི་ཆོས་
སམ། བྲམ་ཟེའི་ཆོས་ནི་རེ་ཞིག་རྒྱལ་པོའི་ཆོས་སུ་བྱས་པ་ནི་རྐང་པའི་ཕྱེད་གཅད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །བྲམ་ཟེའི་ཆོས་ཀྱང་བ་ལང་གི་མཆོད་སྦྱིན་བྱས་ལ་ལོར་བ་ལང་གི་བརྟུལ་ཞུགས་བྱས་ན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །དེས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་དང་། དེས་ནི་ཡུལ་
Vol. 137 · folio 241b
ཡོངས་སུ་སྤྱད་པ་ལས་བརྩམས་ནས་མི་རྣམས་ལ་ལོག་པར་སྒྲུབ་པ་ཡོད་པར་བསྟན་པ་ནི་ད་ལྟར་མི་རྣམས་ནི་ཆོས་མ་ཡིན་པར་ཆགས་པས་ཆགས་པ་ཞེས་བྱ་བའི་ཚིག་འདིས་སོ། །ལོངས་སྤྱོད་ཡོངས་སུ་ཚོལ་བ་ལས་བརྩམས་ནས་ནི་མི་རིགས་པར་ཆགས་པས་ཟིལ་གྱིས་ནོན་པ་ཞེས་བྱ་བ་འདིས་སོ། །
བདེ་འགྲོ་ཡོངས་སུ་ཚོལ་བ་ལས་བརྩམས་ནས་ནི་ལོག་པའི་ཆོས་ཀྱིས་དཀྲིས་པ་ཞེས་བྱ་བ་འདིས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཏམ་དུས་སྔར་བྱ་བ་གང་ཡིན་པ་དེ་ནི་འདི་ལྟ་སྟེ། སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། མཐོ་རིས་ཀྱི་གཏམ་དང་། འདོད་པ་རྣམས་ལ་
རོ་མྱོང་བ་དང་། ཉེས་དམིགས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ངེས་པར་འབྱུང་བ་དང་། རབ་ཏུ་དབེན་པ་དང་། ཕན་ཡོན་དང་། རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་ཆོས་རྣམས་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་ཡིན་ནོ། །གང་གི་ཚེ་དེ་སེམས་རངས་
པ་དང་། སེམས་ཉམས་བདེ་བ་དང་། སེམས་དགའ་བ་དང་། སེམས་སྒྲིབ་པ་མེད་པ་དང་། ཡང་དག་ཕུལ་ཅན་གྱི་ཆོས་བསྟན་པ་ཀུན་ཤེས་པར་བྱ་བ་སྐལ་བ་དང་ལྡན་པ་དང་། ནུས་པར་ཀུན་དུ་མཁྱེན་པར་གྱུར་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡང་དག་ཕུལ་ཅན་གྱི་ཆོས་བསྟན་པ་གང་
ཡིན་པ་དེ་ནི་འདི་ལྟ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མོ་ཞེས་བཅོམ་ལྡན་འདས་ཀྱིས་དེ་ལ་འཕགས་པའི་བདེན་པ་བཞི་པོ་དག་ཡང་དག་པར་རབ་ཏུ་སྟོན་པར་མཛད་པ་ཡིན་ནོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །དེ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཏམ་
སྔར་བྱ་བ་ནི་མདོར་ན་སྟེ། མདོར་བསྡུ་ན་ལོངས་སྤྱོད་ཕུན་སུམ་ཚོགས་པའི་རྒྱུ་ལས་བརྩམས་ནས་རིག་པར་བྱ་བ་ནི་སྦྱིན་པའི་གཏམ་ཞེས་བྱ་བའི་ཚིག་འདིས་སོ། །ལུས་ཕུན་སུམ་ཚོགས་པའི་རྒྱུ་ལས་བརྩམས་ནས་རིག་པར་བྱ་བ་ནི་ཚུལ་ཁྲིམས་ཀྱི་གཏམ་ཞེས་བྱ་བའི་ཚིག་འདིས་སོ། །ཕུན་སུམ་ཚོགས་
པ་དེ་གཉི་གའི་ཁྱད་པར་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཁྱད་པར་དང་། ལུས་ཕུན་སུམ་ཚོགས་པའི་ཁྱད་པར་ལས་བརྩམས་ནས་རིག་པར་བྱ་བ་ནི་མཐོ་རིས་ཀྱི་གཏམ་ཞེས་བྱ་བའི་ཚིག་འདིས་སོ། །དེ་ལས་ཕྱིར་ཕྱོགས་པར་བྱེད་པའི་གཞི་ལས་བརྩམས་ནས་རིག་པར་བྱ་བ་ནི་འདོད་པ་
Vol. 137 · folio 242a
རྣམས་ལ་རོ་མྱང་བ་དང་། ཉེས་དམིགས་ཞེས་བྱ་བའི་ཚིག་འདིས་སོ། །དེ་ལས་ངེས་པར་འབྱུང་བའི་ཐབས་ལས་བརྩམས་ནས་རིག་པར་བྱ་བ་ནི་ངེས་པར་འབྱུང་བ་དང་། རབ་ཏུ་དབེན་པ་དང་། ཕན་ཡོན་དང་། རྣམ་པར་བྱང་བའི་ཕྱོགས་དང་། མཐུན་པའི་ཆོས་རྣམས་རྒྱ་ཆེར་
ཡང་དག་པར་རིག་པ་སྟོན་པར་མཛད་པ་ཞེས་བྱ་བའི་ཚིག་འདིས་སོ། །དེ་གཉིས་ཀྱིས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདོད་པ་རྣམས་ལ་རོ་མྱང་བ་དང་། དེའི་ཉེས་དམིགས་བསྟན་པ་འདི་གཉིས་ཀྱིས་ནི་འདི་ལྟར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་བྱེད་དོ། །དེ་ལ་རོ་མྱོང་བར་བྱེད་པས་ནི་
ཀུན་ནས་ཉོན་མོངས་པར་བྱེད་དོ། །དེའི་ཉེས་དམིགས་བསྟན་པས་ནི་རྣམ་པར་བྱང་བར་བྱེད་དོ། །དེ་ལས་ངེས་པར་འབྱུང་བའི་ཐབས་ཀྱང་ཡིན་ཏེ། དེ་ལས་ནི་དེ་ལས་ཕྱིར་ཕྱོགས་པར་བྱེད་པའི་གཞི་ནི་འདོད་པ་རྣམས་ལ་རོ་ཆུང་བ་ཉིད་དང་། ཉེས་དམིགས་མང་བ་ཉིད་ཡིན་པར་རིག་པར་བྱའོ། །འཕགས་
པར་ཏེ་ཁྱད་པར་དུ་ཆེས་ལྷག་པ་དང་། ཆེས་གྱ་ནོམ་པ་ཡིན་ཏེ། དེ་ལ་ལྷ་རྫས་ཀྱི་རང་བཞིན་ཡིན་པ་དེ་ཉིད་ཀྱིས་ཆེས་ལྷག་པ་ཡིན་ལ། ཁ་དོག་ལ་སོགས་པ་ཕུན་སུམ་ཚོགས་པས་ཆེས་གྱ་ནོམ་པ་དག་ཡིན་ནོ། །གཏམ་འདིའི་ཕན་ཡོན་ཡོངས་སུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་གཏམ་དུས་སྔར་བྱས་པ་
འདིའི་ཕན་ཡོན་ཡོངས་སུ་བསྟན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གོ་རིམས་བཞིན་དུ་སེམས་དགའ་བ་ཞེས་བྱ་བ་ནི་རངས་པའི་རྣམ་པར་བཤད་པ་ཡིན་ལ། སེམས་སྒྲིབ་པ་མེད་པ་ཞེས་བྱ་བ་ནི་ཉམས་བདེ་བའི་བཤད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མཆོག་ཏུ་བདེ་བ་ཉིད་དང་ལྡན་པའི་ཕྱིར་དང་། སྒྲིབ་
པ་ལྔ་དང་མི་ལྡན་པའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །སྒྲིབ་པ་ལྔ་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་མོ། །སེམས་དེའི་ཕན་ཡོན་ཡོངས་སུ་བསྟན་པ་ནི་སེམས་དགའ་བ་དང་། སེམས་སྒྲིབ་པ་མེད་པའི་ཕན་ཡོན་
ཡོངས་སུ་བསྟན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་སེམས་དགའ་བ་ཉིད་ཀྱིས་ནི་སྐལ་བ་དང་ལྡན་པ་ཡིན་ཏེ། ཇི་ལྟ་ཞེ་ན། དགའ་བ་ལ་སོགས་པའི་རྒྱུའི་རིམ་པས་སོ། །དགའ་བ་ལ་སོགས་པ་ཉིད་ཀྱི་རྒྱུ་སྟེ། རྒྱུ་ཡིན་པས་དགའ་བ་ལ་སོགས་པའི་རྒྱུའོ། །དགའ་བ་ལ་སོགས་པའི་
Vol. 137 · folio 242b
རྒྱུའི་རིམ་པས་ནི་དགའ་བ་ལ་སོགས་པའི་རྒྱུའི་རིམ་པས་སོ། །ཇི་ལྟ་ཞེ་ན། རབ་ཏུ་དགའ་བས་དགའ་བ་སྐྱེའོ། །ཡིད་དགའ་ནི་ཤིན་ཏུ་སྦྱང་བར་འགྱུར་རོ། །ལུས་ཤིན་ཏུ་སྦྱངས་ན་བདེ་བ་མྱོང་བར་འགྱུར་རོ། །བདེ་ན་སེམས་མཉམ་པར་འཇོག་གོ། །སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་
བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱའོ། །སེམས་སྒྲིབ་པ་མེད་པ་ཉིད་ཀྱིས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བཤད་ཟིན་ཏོ། །ཀུན་དུ་མཁྱེན་པར་གྱུར་པ་ཞེས་བྱ་བ་ནི་ཀུན་དུ་མཁྱེན་པ་དང་ལྡན་པའོ། །གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྣམ་གྲངས་གཞན་ཡང་སྐལ་བ་དང་ལྡན་པ་ཉིད་ཀྱིས་ནི་
རིགས་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་པར་རིག་པར་བྱའོ། །ནུས་པ་ཉིད་ཀྱིས་ནི་ཡོངས་སུ་སྨིན་པ་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་པར་རིག་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེའི་ཚེ་ན་དེ་ལ་གཉི་ག་ཕུན་སུམ་ཚོགས་པ་ཡིན་ནོ། །འདི་ལྟར་གཏམ་དུ་སྔར་བྱ་བས་རྒྱུད་སྣོད་དུ་བྱས་པ་ན་སེམས་རངས་
པ་དང་། ཉམས་བདེ་བར་གྱུར་པ་ལ་རིགས་དང་། ཡོངས་སུ་སྨིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །རིགས་ནི་ཉན་ཐོས་ལ་སོགས་པའི་རིགས་རྣམས་ལས་གང་ཡང་རུང་བའོ། །ཡོངས་སུ་སྨིན་པ་ནི་རྒྱུད་ལ་འབྲས་བུ་ཉེ་བར་གནས་པ་ཡིན་ནོ། །སྔ་ནས་ཡོད་པ་གཏམ་དུ་སྔར་བྱ་བའི་ཚེ་ནས་རིགས་ཁོ་ནར་
ཕུན་སུམ་ཚོགས་པ་ཡིན་ནོ། །རིགས་མ་སྨོས་ན་སྟེ། གལ་ཏེ་ནུས་པ་ཞེས་བྱ་བ་ཙམ་ཞིག་སྨོས་ཀྱི། སྐལ་བ་དང་ལྡན་པ་ཞེས་བྱ་བ་འདི་མ་སྨོས་ན། སངས་རྒྱས་རྣམས་ཀྱིས་ཡང་དག་ཕུལ་ཅན་གྱི་ཆོས་བསྟན་པ་ནི་རིགས་དང་ཡོངས་སུ་སྨིན་པ་ཉིད་ག་ལ་ལྟོས་པའོ་ཞེས་བྱ་བ་བསྟན་པར་མི་འགྱུར་རོ། །ཡང་
དག་ཕུལ་ཅན་གྱི་གཏམ་འདི་གང་ཞིག་ཡིན་ཞེ་ན། འཕགས་པའི་བདེན་པའི་གཏམ་ནི་ཡང་དག་ཕུལ་ཅན་ཏེ། ཅིའི་ཕྱིར་ཞེ་ན། མཐོང་བ་དང་བསྒོམ་པའི་ལམ་གཉིས་ཀྱིས་ངན་འགྲོ་དང་འཁོར་བ་ལས་ཡང་དག་ཕུལ་དུ་བྱེད་པའི་ཕྱིར་རོ། །མཐོང་བའི་ལམ་གྱིས་ནི་ངན་འགྲོ་ལས་ཡང་དག་ཕུལ་དུ་བྱེད་
པའི་ཕྱིར་ཏེ། ངན་འགྲོ་སེལ་བའི་ཕྱིར་རོ། །བསྒོམ་པའི་ལམ་གྱིས་ནི་འཁོར་བ་ལས་ཡང་དག་ཕུལ་དུ་བྱེད་པའི་ཕྱིར་རོ། །འབྲས་བུ་དེ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་མྱ་ངན་ལས་འདས་པ་དང་ལྡན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཡང་འབྱུང་བ་པའི་སྲེད་པ་བཞིན་ཏེ། འབྲས་བུ་ཡང་སྲིད་པ་
Vol. 137 · folio 243a
ཡིན་པའི་ཕྱིར་རོ།། །།རྣམ་པར་བཤད་པ་རིགས་པའི་བཤད་པ། བམ་པོ་བཅུ་པ། དགེ་སློང་དག་གཟུགས་ནི་མི་རྟག་པ་སྟེ། གང་མི་རྟག་པ་དེ་ནི་སྡུག་བསྔལ་བའོ། །གང་སྡུག་བསྔལ་བ་དེ་ནི་བདག་མེད་པའོ། །གང་དག་མེད་པ་དེ་ཐམས་ཅད་ནི་བདག་
གི་མ་ཡིན། དེ་ནི་བདག་མ་ཡིན། དེ་ནི་བདག་གི་བདག་མ་ཡིན་ནོ་ཞེས་དེས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ལེགས་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ། །གཟུགས་ལ་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པའི་བར་ལ་ཡང་ལེགས་པའི་ཤེས་རབ་ཀྱིས་བལྟ་བར་བྱའོ། །འཕགས་པ་ཉན་ཐོས་
ཐོས་པ་དང་ལྡན་པས་དེ་ལྟར་མཐོང་ན་གཟུགས་ལ་ཡིད་འབྱུང་བར་འགྱུར་ཞིང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡིད་འབྱུང་བར་འགྱུར་རོ། །ཡིད་འབྱུང་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་
འགྱུར་རོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །འདིར་ཡིད་བྱུང་བ་དང་། འདོད་ཆགས་དང་བྲལ་བ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བ་རྣམས་ཀྱི་རྒྱུར་གྱུར་པ་ནི་གོ་རིམས་བཞིན་དུ་ཡོངས་སུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་ཡིད་བྱུང་བ་དང་། འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བ་རྣམས་
ཀྱི་རྒྱུར་གྱུར་པ་སྟེ། རྒྱུར་གྱུར་པ་ནི་གོ་རིམས་བཞིན་དུ་ཡོངས་སུ་བསྟན་པ་ཡིན་ནོ། །ཇི་ལྟར་ཞེ་ན། ཡིད་འབྱུང་བ་ནི་འདོད་ཆགས་དང་བྲལ་བའི་རྒྱུ་ཡིན་ལ། འདོད་ཆགས་དང་བྲལ་བ་ནི་རྣམ་པར་གྲོལ་བའི་རྒྱུ་ཡིན་ནོ། །དེའི་ཐོབ་པ་ཆད་པའོ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་ཐོབ་པ་ཆད་པའོ། །རྣམ་
གྲངས་གཞན་ཡང་ནི་ཇི་སྐད་བཤད་པའི་དོན་འདི་ཉིད་དོ། །དགའ་བ་སྔོན་དུ་སོང་བའི་འདོད་ཆགས་ཞེས་བྱ་བ་ནི་ཡིད་བདེ་བ་སྔོན་དུ་སོང་བའི་འདོད་ཆགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་ལྟར་དགའ་བ་སྔོན་དུ་སོང་བའི་འདོད་ཆགས་དང་། གཟུགས་ལ་སོགས་
པ་དག་ལ་འདོད་ཆགས་སྔོན་དུ་སོང་བའི་སེམས་རང་དབང་མེད་པར་འཇུག་པ་ཉིད་ཀྱི་འཆིང་བ་ཡོད་པས་དེའི་ཕྱིར་གོ་རིམས་བཞིན་དུ་དེའི་གཉེན་པོ་དགའ་བ་དང་། འདོད་ཆགས་དང་། འཆིང་བ་རྣམས་ཀྱི་གཉེན་པོ་ཡིད་འབྱུང་བ་ལ་སོགས་པ་རྣམས་ནི་ཡིད་འབྱུང་བ་དང་། འདོད་ཆགས་དང་བྲལ་བ་
Vol. 137 · folio 243b
དང་། རྣམ་པར་གྲོལ་བ་རྣམས་སོ། །ཡིད་འབྱུང་བ་དང་། འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བ་རྣམས་དུས་ཐ་དད་པ་ཉིད་མ་ཡིན་པར་མི་མཐུན་པའི་ཕྱོགས་ཀྱི་གོ་རིམས་ཀྱི་བཤད་པ་ཡིན་ཏེ། དེ་ལ་ཡིད་བྱུང་བའི་མི་མཐུན་པའི་ཕྱོགས་ནི་དགའ་བ་ཡིན་ནོ། །འདོད་ཆགས་དང་བྲལ་བའི་
མི་མཐུན་པའི་ཕྱོགས་ནི་འདོད་ཆགས་ཡིན་ནོ། །རྣམ་པར་གྲོལ་བའི་མི་མཐུན་པའི་ཕྱོགས་ནི་འཆིང་བ་ཡིན་ནོ། །དེ་ལྟར་ན་མི་མཐུན་པའི་ཕྱོགས་ཀྱི་གོ་རིམས་ཀྱི་བཤད་པ་ཡིན་ནོ། །དཔེར་ན་མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་བྱ་བ་ལྟ་བུ་སྟེ། མ་རིག་པ་འགག་པ་ལ་སོགས་པ་ཡང་དུས་
ཐ་དད་པ་མ་ཡིན་པ་ཡང་གོ་རིམས་ཀྱི་བཤད་པ་ཡིན་ནོ། །གཞན་ཡང་ཞེས་བྱ་བ་ནི་རྣམ་གྲངས་གཞན་ཡང་བཅོམ་ལྡན་འདས་ཀྱིས་རྒྱས་པར་གསུངས་ནས། འདི་ལ་ཇི་ལྟར་དགེ་སློང་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་
པ་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་གྱི་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་ལ། དེ་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་ཡིད་ལ་མི་བྱེད་ཅིང་། འོན་ཀྱང་དོན་ཡོད་པའི་གཟུགས་སུ་གཏོགས་པ་ནས། རྣམ་
པར་ཤེས་པར་གཏོགས་པའི་བར་གང་ཡིན་པ་ལ་དམིགས་པ་ཡིན་ཞེས་དེ་ལྟར་རྒྱས་པར་གསུངས་ནས། དེ་ཆོས་དེ་དག་ལ་ནད་ཉིད་དང་ཞེས་བྱ་བ་རྒྱས་པར་གསུངས་སོ། །འདིར་ནི་རྣམ་པར་བཤད་པ་འདི་ཇི་ལྟར་ན་སྟེ་རྣམ་པ་གང་གིས་ན་འཆི་བ་མེད་པའི་དབྱིངས་ལ་སེམས་ཉེ་བར་སྦྱོར་བ་ཞེས་གང་
གསུངས་པ་ཞེས་བྱ་བ་རྒྱ་ཆེར་འབྱུང་བའི་མྱ་ངན་ལས་འདས་པ་ཡིད་ལ་བྱེད་པ་ལས་འདོད་ཆགས་དང་བྲལ་བར་འགྱུར་བ་ལ། ཕྱིས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བའི་བསམ་པ་བརྗོད་དགོས་སོ། །གལ་ཏེ་མྱ་ངན་ལས་འདས་པ་ཡིད་ལ་བྱེད་པ་ལས་འདོད་ཆགས་ཀྱི་ཐོབ་པ་ཆད་པ་ཡིན་ཏེ། དེ་ལྟར་
ན་སྔར་འདོད་ཆགས་དང་བྲལ་བར་གྱུར་པ་ཡིན་ལ། དེ་དང་མི་ལྡན་པར་གནས་གྱུར་པ་ནི་ཕྱིས་རྣམ་པར་གྲོལ་བར་འགྱུར་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་ན་ནི་སྔ་མ་དང་འདྲ་བ་ཉིད་ཀྱི་ཕྱིར་ཁྱད་པར་འགའ་ཡང་མེད་དོ། །འོན་ཏེ་མྱ་ངན་ལས་འདས་པ་ཡིད་ལ་བྱེད་པ་ཁོ་ནས་འདོད་ཆགས་དང་བྲལ་བར་འགྱུར་རོ་ཞེ་ན།
Vol. 137 · folio 244a
དེ་ལྟ་ན་ནི་ཐོབ་པ་ཡོད་བཞིན་དུ་ཇི་ལྟར་ན་འདོད་ཆགས་དང་བྲལ་བར་འགྱུར་ལ། ཇི་ལྟར་ན་ཕྱིས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་བྱ་བའི་བསམ་པ་བརྗོད་དགོས་སོ། །རྒྱས་པར་གསུངས་ནས། སེམས་ཞེས་བྱ་བའམ། ཡིད་ཅེས་བྱ་བའམ། རྣམ་པར་ཤེས་པ་
ཞེས་བྱ་བ་ཡང་རུང་སྟེ། གང་འདི་སྐད་ཅེས་བྱ་བ་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པས་ཡུན་རིང་པོ་ནས་བྱི་དོར་བྱས་ཤིང་སྦས་ལ་བདག་གིར་བྱས་པ་དང་། འདི་ནི་བདག་གི་ཡིན། འདི་ནི་ང་བདག་ཡིན། འདི་ནི་བདག་གི་བདག་ཡིན་ནོ་ཞེས་བྱ་བ་ཁས་བླངས་ལ་གཟུང་བ་ཡིན་ནོ་ཞེས་
བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །ཅིའི་ཕྱིར་བྱི་དོར་བྱས་ཤིང་སྦས་པ་ཡིན་ཞེ་ན། བཤད་པ། འདི་ལྟར་དེ་བདག་གིར་བྱས་པས་སོ། །ཇི་ལྟར་དེ་བདག་གིར་བྱས་པ་ཡིན་ཞེ་ན། བཤད་པ་འདི་ལྟར་ཁས་བླང་བ་ལ་གཟུང་བས་སོ། །དེའི་རྗེས་སུ་འབྲང་བས་ཞེས་བྱ་བ་ནི་བདག་གི་བ་དང་།
བདག་གིར་རྣམ་པར་ལྟ་བ་གཉིས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བའི་ཐ་ཚིག་གོ། །རྗེས་སུ་འབྲང་བ་ནི་རྗེས་སུ་འགྲོ་བའོ། །ཁས་བླངས་པ་ནི་ལྟ་བས་ཏེ། རྣམ་པ་གཉིས་ཀྱིས་ཁས་བླངས་པའི་ཕྱིར་རོ་ཞེས་གང་བསྟན་པའི་རྣམ་པ་གཉིས་པོ་དེ་ནི་འདི་ནི་བདག་གི་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་
བའི་ཚིག་གསུམ་པོ་དག་གིས་སྦྱོར་བར་བྱེད་དོ། །རྣམ་པ་གཉིས་པོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བདག་ཏུ་ལྟ་བ་རྣམ་པ་གཉིས་པོ་ལྷན་ཅིག་སྐྱེས་པ་དང་། ཀུན་དུ་བརྟགས་པ་དང་། གོ་རིམས་བཞིན་ནོ། །ཇི་ལྟ་ཞེ་ན། བདག་ཏུ་ལྟ་བ་ལྷན་ཅིག་སྐྱེས་པ་དང་ནི་འདི་ནི་ང་བདག་ཡིན་ཞེས་བྱ་བ་སྟེ། རི་དགས་
དང་བྱ་ལ་སོགས་པ་ཡང་ཡོད་པའོ། །ཀུན་དུ་བརྟགས་པ་དང་ནི་འདི་ནི་བདག་གི་བདག་ཡིན་ནོ་ཞེས་བྱ་བ་སྟེ། མུ་སྟེགས་ཅན་རྣམས་ལ་གང་ཡོད་པའོ། །ཁས་བླངས་པ་ནི་ཞེན་པ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་སྟེ། རྣམ་གྲངས་གཞན་ཡང་བདག་ཏུ་ལྟ་བ་རྣམ་པ་གཉིས་པོ་ཞེས་བྱ་བ་ནི་
གཞི་ཐ་མི་དད་པ་དང་། གཞི་ཐ་དད་པ་དང་། གོ་རིམས་བཞིན་ནོ། །དེ་ལ་བདག་ཏུ་ལྟ་བ་གཞི་ཐ་མི་དད་པ་ནི་གཞི་ཉེ་བར་ལེན་པའི་ཕུང་པོའི་མཚན་ཉིད་ལ་ཐ་མི་དད་པར་བཟུང་ནས་འདི་ནི་བདག་ཡིན་ནོ་སྙམ་པའོ། །འཇིག་ཚོགས་ལ་ལྟ་བ་གཞི་ཐ་དད་པ་དང་ནི་གཟུགས་ལ་སོགས་པ་དེ་རྣམས་ལས་གང་
Vol. 137 · folio 244b
ཡང་རུང་བ་ཞིག་བཟུང་ནས། འདི་ནི་བདག་གི་བདག་ཡིན་ནོ་སྙམ་པའོ། །དེའི་རྗེས་ལ་མཐུན་པའི་སྲེད་པ་གཉིས་པོ་ཞེས་བྱ་བ་ནི་བདག་གི་བའི་རྣམ་པའི་རྗེས་སུ་མཐུན་པའི་སྲེད་པ་དང་། བདག་ཏུ་ལྟ་བ་རྣམ་པ་གཉིས་ཀྱི་རྣམ་པའི་རྗེས་སུ་མཐུན་པའི་སྲེད་པ་སྟེ་གཟུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་
གོ། །དེའི་རྗེས་སུ་མཐུན་པའི་སྲེད་པ་ཡང་བདག་དང་། བདག་གི་བའི་རྣམ་པར་ལྟ་བའི་མཇུག་ཐོགས་སུ་དེར་ལྟ་བའི་རྗེས་སུ་འབྲང་བས་ཆགས་པ་གང་ཡིན་པའོ། །རྣམ་གྲངས་གཞན་ཡང་ངའོ་སྙམ་པའི་ང་རྒྱལ་དང་། བདག་ཏུ་ལྟ་བ་གཉིས་ཀྱིས་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ངའོ་སྙམ་པའི་
ང་རྒྱལ་གྱིས་ནི་འདི་ནི་བདག་ཡིན་ཞེས་བྱ་བའོ། །བདག་ཏུ་ལྟ་བས་ནི་འདི་ནི་བདག་གི་བདག་ཡིན་ནོ་ཞེས་བྱ་བ་དང་། འདི་ནི་བདག་གི་ཡིན་ཞེས་བྱ་བ་བདག་གི་བའི་རྣམ་པའི་རྣམ་གྲངས་དང་པོར་གསུངས་པ་སྟེ། དེ་མངོན་པར་ཁས་བླངས་པའི་ཕྱིར་ཁས་བླངས་པ་ཡིན་ནོ། །དེའི་རྗེས་སུ་མཐུན་
པའི་སྲེད་པ་གཉིས་ཀྱི་ནི་ངའོ་སྙམ་པའི་ང་རྒྱལ་གྱི་རྗེས་སུ་མཐུན་པ་དང་། བདག་ཏུ་ལྟ་བའི་རྗེས་སུ་མཐུན་པ་དང་། རྣམ་གྲངས་དང་པོ་བདག་གི་བའི་རྗེས་སུ་མཐུན་པ་སྟེ། དེ་ལ་ཆགས་པའི་ཕྱིར་གཟུང་བ་ཡིན་ནོ། །འདི་ཐམས་ཅད་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་ནི་བདག་གི་ཡིན་ཞེས་བྱ་བ་
ནས། ཁས་བླངས་ལ་བཟུང་བ་ཡིན་ནོ་ཞེས་བྱ་བའི་བར་ནི་བདག་གིར་བྱས་པ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། དེའི་རྣམ་པ་དང་། དེའི་རྒྱུ་ཉིད་ཀྱིས་སོ། །དེའི་རྣམ་པ་ནི་བདག་གི་བའི་རྣམ་པ་སྟེ། འདི་ནི་བདག་གི་ཡིན་ཞེས་བྱ་བ་འདིས་སོ། །དེའི་རྒྱུ་ཉིད་ཀྱིས་ཀྱང་ཡིན་ཏེ། བདག་གི་བའི་རྣམ་
པའི་རྒྱུས་ཏེ། འདི་ནི་ང་བདག་ཡིན། འདི་ནི་བདག་ཡིན་ནོ་ཞེས་བྱ་བའི་ཚིག་འདི་གཉིས་ཀྱིས་སོ། །སྨྲས་པ། ཇི་ལྟར་ན་དེའི་རྒྱུ་ཉིད་ཀྱིས་ཏེ། འདི་གཉིས་ཀྱིས་དེ་བདག་གིར་བྱས་པ་ཡིན་ཞེ་ན། བདག་གི་རྣམ་པ་ཡོད་ན་བདག་གི་བའི་རྣམ་པ་ཡང་གདོན་མི་ཟ་བར་འབྱུང་བས་སོ། །མདོར་ན་
ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོར་ན་མདོ་སྡེའི་དུམ་བུ་འདིས་ནི་བྱིས་པ་རྣམས་ཀྱི་སོ་སོ་རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་བ་ལོག་པར་བསྒྲུབ་པ་དང་། སྲེད་པ་ལོག་པར་བསྒྲུབ་པ་ལས་དང་བཅས་པ་ཡིན་པར་ཡོངས་སུ་བསྟན་པ་ཡིན་ནོ། །དེ་ལ་ལས་ནི་བྱི་དོར་བྱས་ཤིང་སྦས་པ་ཞེས་བྱ་བའི་ཚིག་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words