རྣམ་པར་བཤད་པ་རིགས་པའི་བཤད་པ

Sanskrit title (Tibetan script, as in the text) བྱཱ་ཁྱཱ་ཡུཀྟི་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 137 · folio 245a

གཉིས་ཀྱིས་རིག་པར་བྱའོ། །བདག་ཏུ་ལྟ་བ་ལོག་པར་སྒྲུབ་པ་ཉིད་བཟུང་བ་ཞེས་བྱ་བའི་ཚིག་འདི་བོར་ཏེ། བདག་གིར་བྱས་པ་དང་། འདི་ནི་བདག་གི་ཡིན་ཞེས་བྱ་བ་ལ་སོགས་པ་ཚིག་ལྔ་དག་གིས་རིག་པར་བྱའོ། །སྲེད་པ་ལོག་པར་བསྒྲུབ་པ་ཡང་བཟུང་བ་ཞེས་

བྱ་བ་འདིས་རིག་པར་བྱའོ། །བདག་ཏུ་ལྟ་བ་ཉིད་ལོག་པར་བསྒྲུབ་པ་ཡིན་པས་བདག་ཏུ་ལྟ་བ་ལོག་པར་བསྒྲུབ་པ་ཡིན་ནོ། །དེ་བཞིན་དུ་སྲེད་པ་ཉིད་ལོག་པར་བསྒྲུབ་པ་ཡིན་པས་སྲེད་པ་ལོག་པར་བསྒྲུབ་པའོ། །རེ་ཞིག་རྣམ་གྲངས་དང་པོའི་བསྡུས་པའི་དོན་ནི་དེ་ལྟ་བུ་ཡིན་ནོ། །གཉིས་པའི་ནི་

བདག་ཏུ་ལྟ་བ་དང་། ང་རྒྱལ་དང་། སྲེད་པ་ལོག་པར་བསྒྲུབ་པ་ཡིན་པར་ཡོངས་སུ་བསྟན་པ་ཡིན་ནོ། །ཇི་ལྟར་བྱས་པས་ཤེ་ན། རེ་ཞིག་བདག་ཏུ་ལྟ་བ་ལོག་པར་བསྒྲུབ་པ་ལས་དང་བཅས་པར་ཡོངས་སུ་བསྟན་པ་ནི་སྔ་མ་བཞིན་དུ་བཟུང་བ་དང་། འདི་ནི་ང་བདག་ཡིན་ཞེས་བྱ་བའི་ཚིག་

འདི་གཉིས་བོར་ཏེའོ། །ང་རྒྱལ་ལོག་པར་བསྒྲུབ་པ་ལས་དང་བཅས་པ་ཡང་འདི་ནི་ང་བདག་ཡིན་ཞེས་བྱ་བའི་ཚིག་འདིས་སོ། །སྲེད་པ་ལོག་པར་བསྒྲུབ་པ་ལས་དང་བཅས་པ་ཡང་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་དཔེར་ན་གྲོང་ངམ་གྲོང་རྡལ་དང་ཧ་ཅང་མི་རིང་བ་ཞིག་ན།

མདག་མ་མེ་ལྕེ་མེད་པ་དུ་བ་མེད་པའི་མདག་མས་གང་བའི་ཀླུང་ཞིག་ཡོད་ལ་དེ་ནས་མི་བྱིས་པའི་རང་བཞིན་ཅན་མ་ཡིན་པ། རྨོངས་པའི་རང་བཞིན་ཅན་མ་ཡིན་པ། ཤེས་རབ་ཀྱི་རང་བཞིན་ཅན་བདེ་བ་འདོད་པ། སྡུག་བསྔལ་ལ་མི་དགའ་བ། གསོན་པར་འདོད་པ། འཆི་བར་མི་འདོད་པ། འཆི་

བ་ལ་མི་དགའ་བ་ཞིག་འོངས་པ་དང་། དེ་འདི་སྙམ་དུ་མདག་མ་མེ་ལྕེ་མེད་པ་དུ་བ་མེད་པའི་མདག་མས་གང་བའི་ཀླུང་འདིར་བདག་ལྷུང་ན་བདག་འཆི་བའམ། འཆི་བ་ལ་ཐུག་པ་ཙམ་གྱིས་སྡུག་བསྔལ་བར་འགྱུར་རོ་སྙམ་དུ་བསམས་ནས། དེ་དེ་ལས་བསྲིང་བར་སེམས་པ་དང་། སྲིང་བ་སྔོན་དུ་

གཉེར་བར་བྱེད་ཅིང་། བསྲིང་བ་ལ་སོ་སོར་བརྟགས་ནས་སེམས་འཇོག་པར་བྱེད་དོ། །མདག་མའི་ཀླུང་དང་འདྲ་བར་འདོད་པ་རྣམས་ཀྱང་དེ་བཞིན་དུ་གསུངས་པ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །སོ་སོར་བརྟགས་ནས་སེམས་འཇོག་པ་ཞེས་བྱ་བ་ནི་ཤེས་རབ་ཀྱིས་དཔྱད་ནས་

Vol. 137 · folio 245b

སེམས་གཏོད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་དོན་དུ་གཉེར་བ་དང་ཡིད་ལ་བྱེད་པ་སྐྱེ་བ་དེ་ནི་ཡོན་ཏན་ཉིད་དུ་ཞེས་བྱ་བ་རྒྱས་པར་འབྱུང་བས་སྟོན་ཏོ། །དཔེར་ན་སྨན་རོ་ཞིམ་པའམ་ཚ་བ་ལ་བྱེད་པ་བཞིན་ནོ་ཞེས་བྱ་བ་ནི་སྨན་རོ་ཞིམ་པ་ལ་ནི་རང་གི་ངང་གིས་དོན་དུ་གཉེར་བར་བྱེད་ལ། ཚ་བ་ལ་ནི་སོ་སོར་

བརྟགས་ནས་དེ་ལ་སེམས་འཇོག་པར་བྱེད། གཏོད་པར་བྱེད་དོ། །དགེ་སློང་དག་དགེ་སློང་ཆོས་ཤེས་པ་ཡང་ཡིན་ནོ། །ཇི་ལྟ་བུ་ཡིན་ཞེ་ན། འདི་ལ་དགེ་སློང་གིས་ཆོས་ཤེས་པ་ནི་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་

པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་རྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་། གཏན་ལ་བབ་པར་བསྟན་པའི་སྡེའོ་ཞེས་བྱ་བ་ནི་མདོ་སྡེའི་དུམ་བུ་ཡིན་ནོ། །དེའི་དོན་

མདོར་གླེང་བའི་དོན་གྱིས་ན་མདོའི་སྡེའོ་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་སམ། ཉན་ཐོས་ཀྱིས་བཤད་པ་གང་ཡིན་པ་དེའི་དོན་རྣམ་པར་ཕྱེ་ཡང་རུང་། དོན་རྣམ་པར་མ་ཕྱེ་ཡང་རུང་སྟེ། ཕྱིའི་མཚན་ཉིད་དུ་མདོར་གླེང་བའི་དོན་གྱིས་ན་མདོའི་སྡེའོ། །མདོར་བསྟན་པ་དེ་ཉིད་ཚིགས་སུ་བཅད་པས་ཕྱིས་

དབྱངས་སུ་བསྙད་པ་ནི་དབྱངས་ཀྱིས་བསྙད་པའི་སྡེ་སྟེ་མདོ་སྡེ་དེ་ཉིད་ཚིགས་སུ་བཅད་པ་རྣམས་ཀྱི་དབྱངས་སུ་བསྙད་པ་ནི་དབྱངས་ཀྱིས་བསྙད་པའི་སྡེ་ཡིན་ཏེ། དཔེར་ན་ལེགས་སྐྱེས་ཀྱི་མདོ་ལས་རྒྱས་པར་གསུངས་ནས། ཀྱེ་མ་དགེ་སློང་དག་རིགས་ཀྱི་བུ་འདི་ནི་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་

བགོས་ནས་ཡང་དག་པར་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་གང་ཡིན་པ་དང་། མཐོང་བའི་ཆོས་རྣམས་ལ་ཟག་པ་རྣམས་ཟད་ནས་ཟག་པ་མེད་པར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་རང་གི་མངོན་པར་ཤེས་པས་མངོན་དུ་བྱས་ཏེ། རྫོགས་པར་བྱས་ནས་

བདག་གི་སྐྱེ་བ་ནི་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བརྗོད་པ་གང་ཡིན་པ་ནི་དེ་གཉི་ག་ནས་མཛེས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་འདི་སྐད་གསུངས་ཏེ། དེ་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་

Vol. 137 · folio 246a

སྩལ་ཏོ། །ཀྱེ་མ་དགེ་སློང་ཉེར་ཞི་ཞིང་། །ཟག་མེད་ཆགས་བྲལ་མི་ལྡན་དང་། །ལེགས་པ་མེད་པར་མྱ་ངན་འདས། །བདུད་ཀྱི་སྡེ་ནི་ཕམ་བྱས་ནས། །ལུས་ཀྱི་ཐ་མ་འཛིན་འདི་མཛེས། །ཞེས་འབྱུང་བ་ལྟ་བུའོ། །བཀྲི་བའི་དོན་གང་ཡིན་པའི་མདོ་སྡེ་དེ་ཡང་

དབྱངས་ཀྱིས་བསྙད་པའི་སྡེའོ། །དེ་ཡང་དབྱངས་ཀྱིས་བསྙད་པས་བསྙད་པར་བྱ་བ་ཉིད་ཡིན་པའི་ཕྱིར་ཏེ། དཔེར་ན་གླེང་གཞི་ནི་མཉན་ཡོད་ན་སྟེ། དགེ་སློང་དག་གསུམ་པོ་འདི་དག་ནི་ཚོར་བ་ཡིན་ཏེ། གསུམ་པོ་གང་དག་ཅེ་ན། བདེ་བ་དང་། སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་

ཡང་མ་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལྟ་བུའོ། །གང་དག་ལས་བཅོམ་ལྡན་འདས་ཀྱིས་འདས་པ་དང་མ་འོངས་པའི་ཉན་ཐོས་ལ་སོགས་པ་རྣམས་ལུང་སྟོན་པར་མཛད་པ་ནི་མདོ་སྡེ་གང་ལས་འདས་པ་དང་མ་འོངས་པའི་ཉན་ཐོས་

དང་། དགེ་བསྙེན་དང་དགེ་བསྙེན་མ་དང་གཞན་མུ་སྟེགས་ཅན་ཀུན་དུ་རྒྱུ་བ་ལ་སོགས་པ་རྣམས་ལུང་སྟོན་པ་སྟེ། ཆེ་གེ་མོ་ཞིག་ནི་ག་གེ་མོ་ཞིག་ཏུ་སྐྱེས་སོ། །ཆེ་གེ་མོ་ཞིག་ནི་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྱ་བ་དེ་ལུང་བསྟན་པའོ། །དཔེར་ན་བཙུན་པ་ཁྱིམ་བདག་སྨྲ་མཁས་ཞེས་བགྱི་བ་

གང་ལགས་པ་དེ་ཞེས་རྒྱས་པར་འབྱུང་བ་ནས། དེ་འགུམ་པའི་དུས་ཀྱི་ཚེ། དབང་པོ་རྣམས་ནི་རྣམ་པར་དང་། །བཞིན་གྱི་མདངས་ནི་ཡོངས་སུ་དག །པགས་པའི་མདོག་ནི་དཀར་བར་གྱུར་ན། བཙུན་པ་དེའི་འགྲོ་བ་ནི་གང་ལགས། སྐྱེ་བ་ནི་གང་ལགས། ཚེ་ཕྱི་མ་ནི་གང་ལགས། དགེ་སློང་

དག་རིགས་ཀྱི་བུ་དེ་ནི་སྐལ་བ་དང་ལྡན་པའི་རིགས་ཅན་ཡིན་ཞིང་། ངའི་ཆོས་དང་མཐུན་པའི་ཆོས་ཤེས་པ་ཡིན་ལ། ངལ་མཐོ་བཙམས་པ་ཡང་མ་ཡིན་ཏེ། འདི་ལྟ་སྟེ་ཆོས་ཀྱི་དབང་དུ་བྱས་པས་སོ། །དགེ་སློང་དག་རིགས་ཀྱི་བུ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་གྱི། དེའི་རུས་བུ་ལ་

མཆོད་པ་བྱོས་ཤིག་ཅེས་དེ་ལས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་སྨྲ་མཁས་མཆོག་ཏུ་ལུང་བསྟན་པའི་བར་དུ་དེ་ལ་སོགས་པ་ལྟ་བུའོ། །ངེས་པའི་དོན་གང་ཡིན་པ་དེ་ཡང་ལུང་དུ་བསྟན་པའི་སྡེ་ཡིན་ཏེ། ལུང་དུ་བསྟན་པ་ཉིད་ཀྱི་ཕྱིར་རོ། །དཔེར་ན་མིའི་མདོ་སྡེ་ལ་སོགས་པ་ལྟ་བུའོ། །ཚིགས་

Vol. 137 · folio 246b

སུ་བཅད་པའི་སྡེ་ནི་ཚིག་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་ཏུ་ཚིགས་སུ་སྦྱར་བས་བཤད་པ་གང་ཡིན་པའོ། །གང་ལས་བཅོམ་ལྡན་འདས་ཀྱིས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་མཛད་དོ་ཞེས་བྱ་བ་ནི་དཔེར་ན་དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱི་འཕྲེད་ནང་དུ་ཡང་དག་

འཇོག་ལས་བཞེངས་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །བཞུགས་ནས་བདག་མ་བྱུང་ཀྱང་རུང་བདག་གི་མ་བྱུང་ཡང་རུང་། བདག་མི་འབྱུང་ངོ་། །བདག་གི་མི་འབྱུང་ངོ་ཞེས་དེ་ལྟར་མོས་པ་ན། དགེ་སློང་གི་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་

བ་རྣམས་འཆད་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པའོ་ཞེས་བྱ་བ་དེ་ལ་སོགས་པ་འབྱུང་བ་ལྟ་བུའོ། །གང་ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་སྡེ་གང་ལས་རྟོགས་པར་བྱ་བའི་ཕྱིར་ཏེ། ཁོང་དུ་ཆུད་པར་བྱ་བའི་ཕྱིར་དཔེ་གཞན་རྒྱས་པར་བརྗོད་པ་ནི་བསྟན་

པ་སྟེ། དཔེས་རྒྱས་པར་འབྱུང་བ་དེ་ནི་ངེས་པའི་ཚིག་གི་ཚུལ་གྱིས་ན་རྟོགས་པ་བརྗོད་པ་ཞེས་བྱའོ། །རིང་པོ་ལེན་གྱི་རྟོགས་པ་བརྗོད་པ་ལ་སོགས་པ་སྟེ་ཞེས་བྱ་བ་ནི་དགེ་སློང་དག་སྔོན་བྱུང་བ་ན་ཡུལ་ཀོ་ས་ལའི་རྒྱལ་པོ་རིང་པོ་ལེན་དང་། ཡུལ་ཀ་ཤིའི་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱས་པར་

འབྱུང་བ་ནས། དགེ་སློང་དག་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། ལྗོངས་ཀྱི་དབང་ཕྱུག་བྱེད་པ། རྟུལ་ཕོད་པར་གྱུར་པ་སའི་དཀྱིལ་འཁོར་ཆེན་པོ་མངོན་པར་ཕེབས་ཏེ་འཁོད་པ་དེ་དག་ཀྱང་བཟོད་པ་དང་བཟོད་པའི་བསྔགས་པ་སྨྲ་བར་གྱུར་ན། དགེ་སློང་དག་ཡང་དག་པར་དད་པ་ཁོ་

ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་མེད་ཀྱང་བཟོད་པ་དང་བཟོད་པའི་བསྔགས་པ་སྨྲ་བ་གང་ཡིན་པ་དེ་ཆ་ཡིན་གྱི། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་སློབས་ཤིག་ཅེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །དེ་ལྟ་བུ་འབྱུང་བའི་སྡེ་ནི་སྔོན་གྱི་རྒྱུད་དང་འབྲེལ་པ་སྟེ། སྔོན་གྱི་རྒྱུད་ནི་འདུལ་བའི་ཕྱོགས་ཡིན་

ཏེ། དེ་ཡང་འདུལ་བ་འཛིན་པ་རྣམས་འདོན་ཏོ། །སྐྱེས་པའི་རབས་ཀྱི་སྡེ་ནི་གང་ལས་བཅོམ་ལྡན་འདས་ཀྱི་སྔོན་གྱི་བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་བསྟན་པ་འབྱུང་བ་སྟེ། གོང་མ་སྲེག་གི་སྐྱེས་པའི་རབས་བསྟན་པ་ལ་སོགས་པའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་དག་གིས་ས་བཅུ་དག་ཏུ་ནི་དེ་ལ་ཕ་

Vol. 137 · folio 247a

རོལ་ཏུ་ཕྱིན་པ་བཅུ་དག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དྲུག་དང་། གཞན་ཡང་བཞི་སྟེ་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ས་བཅུ་དག་ནི་རབ་ཏུ་

དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་ཅན་དང་། ཤིན་ཏུ་སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་ནོ། །རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་ནི་གང་ལས་སངས་རྒྱས་རྣམས་དང་། བྱང་ཆུབ་

སེམས་དཔའ་རྣམས་དང་། ཉན་ཐོས་རྣམས་ཀྱི་ཕུལ་དུ་བྱུང་བ་བསྟན་པ་ནི། རྨད་དུ་བྱུང་བའི་ཆོས་ཀྱི་མདོ་སྡེ་རྣམས་ལས་སོ། །འདི་ལྟ་སྟེ། གཞན་རྣམས་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་གཞན་རྣམས་ཀྱིས་སོ། །ཆོས་ཀྱི་རྗེས་སུ་མཐུན་པར་ནི་མདོ་སྡེ་དང་མཐུན་པར་རོ། །དེའི་དོན་རྣམ་པར་འཆད་

པས་ནི་མདོ་སྡེའི་དོན་རྣམ་པར་འཆད་པས་མ་མོ་ཞེས་བྱ་བ་སྟེ། ཅིའི་ཕྱིར་ཞེ་ན། མདོ་སྡེའི་དོན་བཤད་པའི་རྟེན་ཡིན་པའི་ཕྱིར་ཏེ། མདོ་སྡེའི་དོན་གཞན་བཤད་པའི་གཞི་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་ཆོས་ཀྱི་མཚན་ཉིད་ལ་མངོན་དུ་ཕྱོགས་པར་བྱེད་པ་ཡིན་ཞེ་ན། མཚན་

ཉིད་ཕྱིན་ཅི་མ་ལོག་པར་སྟོན་པ་ཉིད་ཀྱིས་སོ། །དེ་ལྟར་ན་སངས་རྒྱས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་པོ་འདི་ནི་སྡེ་སྣོད་གསུམ་དུ་བསྡུས་པ་ཡིན་ནོ། །ཇི་ལྟར་བྱས་པས་ཤེ་ན། རེ་ཞིག་ཆོས་མངོན་པ་ནི་ཇི་སྐད་དུ་བསྟན་པའི་མཚན་ཉིད་ཡིན་ནོ། །གླེང་གཞིའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དེ་

ནི་འདུལ་བ་ཁོ་ན་ཡིན་ཏེ། དེར་འདུས་པའི་ཕྱིར་རོ། །ལྷག་མ་ནི་མདོ་སྡེ་ཡིན་ཏེ། དེ་ལྟ་བུ་ཡིན་ནོ། །གཞན་དག་ན་རེ་དོན་རྣམས་ཀྱི་ནི་གླེང་གཞིའི་སྡེ་གང་ཡིན་པ་དེ་ནི་འདུལ་བ་ཡིན་ནོ། །གཏན་ལ་ཕེབས་པར་བསྟན་པ་གང་ཡིན་པ་དེ་ནི་ཆོས་མངོན་པ་ཡིན་ལ། ལྷག་མ་ནི་མདོ་སྡེ་ཡིན་ཏེ། འདི་

ནི་སྡེ་སྣོད་གསུམ་ཡིན་ནོ་ཞེས་བཤད་དོ་ཞེས་ཟེར་ཏེ། གཏན་ལ་ཕེབས་པར་བསྟན་པ་ནི་གཏན་ལ་བབ་པར་བསྟན་པའི་སྡེའོ། །ངེས་པའི་ཚིག་གི་ཚུལ་གྱིས་ཏེ། ངེས་པའི་ཚིག་གི་རྣམ་པས་ན་ཤིན་ཏུ་རྒྱས་པའི་སྡེ་ཞེས་བྱ་བ་ཡིན་ནོ། །ཡོན་ཏན་དང་སྐྱོན་སྐྱེ་བ་དང་འགྲིབ་པ་ཐམས་ཅད་ཀྱི་མཐར་

Vol. 137 · folio 247b

ཐུག་པའི་གནས་ནི་ཡོན་ཏན་སྐྱེ་བ་ཐམས་ཅད་ཀྱི་མཐར་ཐུག་པའི་གནས་དང་། སྐྱོན་འགྲིབ་པ་ཐམས་ཅད་ཀྱི་མཐར་ཐུག་པའི་གནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་པའི་ཕྱིར་ནའོ། །ཆོས་ཤིན་ཏུ་ཟབ་པ་དང་རྒྱ་ཆེ་བ་ལ་མོས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་

ཤིན་ཏུ་ཟབ་པ་ལ་མོས་པའི་ཕྱིར་དང་། ཆོས་ཤིན་ཏུ་རྒྱ་ཆེ་བ་ལ་མོས་པའི་ཕྱིར་རོ། །རྟོགས་པར་དཀའ་བའི་དོན་གྱིས་ན་ཤིན་ཏུ་ཟབ་པ་ཡིན་ལ། མཐུས་ནི་ཤིན་ཏུ་རྒྱ་ཆེ་བ་ཡིན་ནོ། །བདག་དང་གཞན་དུ་མཉམ་པ་ཉིད་དུ་ནི་བསམ་པ་ཐོབ་པའི་ཕྱིར་རོ། །བདག་དང་གཞན་གཉིས་སུ་མཉམ་པ་

ཉིད་ནི་བདག་ཇི་ལྟར་བདེ་བ་དང་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་འདོད་པ་ལྟར་གཞན་དག་ལ་ཡང་དེ་བཞིན་དུ་སྟེ། དེ་ལྟར་བདག་དང་གཞན་གཉིས་ལ་མཉམ་པ་ཉིད་ནི་བདག་དང་གཞན་དུ་མཉམ་པ་ཉིད་དེ། དེའི་བསམ་པ་ནི་སེམས་པ་དང་འདོད་པ་སྟེ། བདག་དང་གཞན་དུ་མཉམ་པ་ཉིད་

ཀྱིས་བསམ་པའོ། །དེ་ཐོབ་པ་དེའི་ཕྱིར་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་བསམ་པ་ཐོབ་པ་ཡིན་པའི་ཕྱིར་རོ། །ལྷག་པའི་བསམ་པ་དག་པའི་ས་ལ་ཞེས་བྱ་བ་ལ། ལྷག་པའི་བསམ་པ་དག་པའི་ས་ནི་ས་དང་པོ་ཡིན་ནོ། །སེམས་ཅན་ཐམས་ཅད་དང་མི་མཉམ་པའི་སངས་རྒྱས་ཀྱི་སྐུ་ཡང་དག་

པར་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་དང་མི་མཉམ་པའི་སངས་རྒྱས་ཀྱི་སྐུ་ཡང་དག་པར་བསྒྲུབ་པའི་ཕྱིར་ཏེ། ཐོབ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མཚུངས་པ་མེད་པའི་སྡེ་ཞེས་ཀྱང་བྱ་སྟེ། ངེས་པའི་ཚིག་གི་ཚུལ་གྱིས་ནི་མཚུངས་པ་དང་བྲལ་བ་ཡིན་པའི་ཕྱིར་རོ། །རྒྱས་པའི་

ཕྱིར་ན་ཞེས་བྱ་བ་རྒྱས་པར་འབྱུང་བའི་ཚིགས་སུ་བཅད་པའི་དོན་ནི་གོ་བ་ཡིན་ནོ། །དོན་བཤད་པ་ནི་ཚིག་གི་དོན་བཤད་པའི་ཕྱོགས་ཤིག་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ། ཚིག་གི་དོན་བཤད་པའི་ཕྱོགས་ནི་ཚིག་གི་དོན་བཤད་པའི་ཕྱོགས་སོ། །ཚིག་གི་དོན་བཤད་པའི་ཕྱོགས་དེ་བསྟན་པའི་ཕྱིར་

ནི་བསྟན་པའི་ཕྱིར་ཏེ། ཆེད་དུ་ཚིག་གི་དོན་བཤད་པའི་ཕྱོགས་ཤིག་བསྟན་པའི་ཕྱིར་རོ། །ཕྱོགས་འདིས་ནི་སྟེ། དོན་གྱི་ཕྱོགས་འདིས་ནི་བློ་དང་ལྡན་པ་རྣམས་ཀྱིས་ཚིག་གཞན་མ་བསྟན་པ་རྣམས་ཀྱི་དོན་ཡང་བརྟག་པར་བྱའོ། །རྣམ་པར་བཤད་པ་རིགས་པའི་བཤད་པ་ལས་ལེའུར་བཅད་པ་

Vol. 137 · folio 248a

གཉིས་སོ།། །།དེ་ལྟར་རེ་ཞིག་ཚིག་གི་དོན་ནི་བརྗོད་པ་གང་གིས་བརྗོད་པར་བྱ་བ་གང་ཡིན་པ་སྟེ་ཞེས་རྒྱས་པར་གསུངས་པ་དང་། ཚིག་གི་དོན་བཤད་པའི་ཕྱོགས་ཤིག་བསྟན་པའི་ཕྱིར་མདོ་སྡེའི་དུམ་བུའི་ཚིག་བརྒྱ་དག་གི་དོན་ཡང་བཤད་པ་ཡིན་ནོ། །གཞན་ཡང་

རྣམ་པ་བཞི་དག་གིས་ཚིག་གི་དོན་རིག་པར་བྱ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བསྟན་དུ་ཡོད་པ་དང་། བསྟན་དུ་མེད་པ་ལ་སོགས་པའི་རྣམ་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། འདོད་པ་དང་། གཟུགས་དང་། གཟུགས་

མེད་པ་དང་། རབ་ཏུ་ལྡན་པ་དང་། མི་ལྡན་པ་ལ་སོགས་པའོ། །སོ་སོ་ཡང་དག་པར་རིག་པའི་ཉེ་རྒྱུ་ཡང་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་སོ་སོ་ཡང་དག་པར་རིག་པ་བཞི་པོ་དག་གི་ཉེ་རྒྱུ་སྟེ། རྒྱུ་ཡང་བསྟན་པ་ཡིན་ནོ། །ཇི་ལྟ་ཞེ་ན། ཚིག་གི་དོན་གྱི་རྣམ་

གྲངས་ཀྱིས་ནི་ཆོས་སོ་སོ་ཡང་དག་པར་རིག་པའི་ཉེ་རྒྱུ་བྱས་པ་ཡིན་ནོ། །མཚན་ཉིད་ཀྱིས་ནི་དོན་སོ་སོར་ཡང་དག་པར་རིག་པ་ཡིན། ངེས་པའི་ཚིག་གིས་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཡིན། རབ་ཏུ་དབྱེ་བས་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཡིན་ནོ། །རྣམ་པ་བཞི་དག་གིས་ཚིག་

གི་དོན་རིག་པར་བྱ་སྟེ་ཞེས་བྱ་བ་འདི་ནི་ངེས་པ་མེད་དོ། །གདུལ་བའི་ཁྱད་པར་ལ་ལྟོས་ནས་ལེན་འགའ་ནི་ཁ་ཅིག་བཤད་པར་བྱ་སྟེ། དཔེར་ན་བཟའ་བ་ལྟ་བུའི་མདོ་ལས་འབྱུང་བ་ལྟ་བུའོ། །དོན་སྔ་ཕྱི་འབྲེལ་པའི་མཚམས་སྦྱོར་བ་ཞེས་བྱ་བ་ནི་དོན་སྔ་མ་དང་ཕྱི་མར་འབྲེལ་པ་ནི་དོན་སྔ་ཕྱི་འབྲེལ་པ་སྟེ།

དེ་ཉིད་མཚམས་སྦྱར་བ་ཡིན་ནོ། །དགེ་སློང་དག་འཕགས་པའི་ཆོས་ཀྱི་ཕྱག་རྒྱ་རྟོགས་པ་དང་། མཐོང་བ་ཤིན་ཏུ་རྣམ་པར་དག་པ་བཤད་པར་བྱའོ་ཞེས་གསུངས་ནས་དེའི་རྟོགས་པ་གསུངས་པར་མཇུག་ཐོགས་ཁོ་ནར་བཀའ་སྩལ་པ། དགེ་སློང་དག་གང་ཞིག་འདི་སྐད་དུ་བདག་གིས་ནི་སྟོང་པ་ཉིད་

དང་། མཚན་མ་མེད་པ་ཉིད་དང་། ཅུང་ཟད་མེད་པ་ཉིད་མ་ཐོབ་པར་མངོན་པའི་ང་རྒྱལ་མེད་པའི་ཡེ་ཤེས་བསྐྱེད་པར་བྱའོ་ཞེས་ཟེར་བ་ནི་ཚིག་ཙམ་སྟེ་ཞེས་རྒྱས་པར་འབྱུང་བ་འདི་ལ། མཚམས་སྦྱར་བ་བརྗོད་པར་བྱའོ། །མཚམས་སྦྱོར་བ་ནི་འབྲེལ་པ་ཡིན་ནོ། །འཕགས་པའི་ཆོས་ཀྱི་ཕྱག་རྒྱ་

Vol. 137 · folio 248b

ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་དང་། ཅུང་ཟད་མེད་པ་ཉིད་དོ། །དེ་ལ་སྟོང་པ་ཉིད་ནི་བདག་མེད་པ་དང་། སྟོང་པ་ཉིད་ཀྱི་རྣམ་པ་གཉིས་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་རྣམ་པ་གཉིས་ཅན་ཡིན་ནོ། །མཚན་མ་མེད་པ་ཉིད་ནི་འགོག་པའི་རྣམ་པ་རྣམས་དང་མཚུངས་པར་

ལྡན་པའི་ཏིང་ངེ་འཛིན་རྣམ་པ་བཞི་ཅན་ཡིན་ཏེ། མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་འབྲལ་བའི་ཕྱིར་མཚན་མ་མེད་པ་ཡིན་ནོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མཚན་མ་མེད་པ་ཅན་ཡིན་ནོ། །ཅུང་ཟད་མེད་པ་ཉིད་ལ་ཅུང་ཟད་ནི་འདོད་ཆགས་ཅུང་ཟད་དང་། ཞེ་སྡང་ཅུང་ཟད་དང་།

གཏི་མུག་ཅུང་ཟད་དེ། འདི་ལ་ཅུང་ཟད་ཡོད་པ་མ་ཡིན་པས་ཅུང་ཟད་མེད་པ་ཡིན་ནོ། །དེའི་དངོས་པོ་ནི་ཅུང་ཟད་མེད་པ་ཉིད་དེ། དེ་ནི་སྤངས་པ་ཡིན་ནོ། །རྟོགས་པ་ནི་ཟག་པ་མེད་པའི་ཤེས་རབ་ཀྱིས་ཁོང་དུ་ཆུད་པའོ། །གཞི་མཐོང་བ་མ་གཏོགས་པར་སུ་ཞིག་དད་པར་འགྱུར། སུ་ཞིག་

ཡིད་ཆེས་པར་འགྱུར་ཞེས་གསུངས་ནས། ཉི་མ་བདུན་འཆར་བའི་མདོ་སྡེ་དེ་ཉིད་ལས། དགེ་སློང་དག་སྔོན་བྱུང་བ་ན་སྟོན་པ་པོ་སྤྱན་ལེགས་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏོ་ཞེས་འབྱུང་བའི་མཚམས་སྦྱར་བ་ཡང་གང་ཡིན་ཞེ་ན། སྤྱན་ལེགས་ཀྱི་སྐྱེས་པའི་རབས་བརྗོད་པ་ལས་བསྟན་པ་ཡིན་ནོ། །

དོན་སྔ་ཕྱིའི་འབྲེལ་པའི་མཚམས་སྦྱར་བ་སྟེ་དང་པོའོ། །དེ་ལས་ཏེ། ཉི་མ་བདུན་འཆར་བའི་མདོ་སྡེ་ཉིད་ལས་གཞི་མཐོང་བ་མ་གཏོགས་པར་སུ་ཞིག་དད་པར་འགྱུར། སུ་ཞིག་ཡིད་ཆེས་པར་འགྱུར་ཞེས་གསུངས་ནས་ཏེ། བདེན་པ་མཐོང་བ་མ་གཏོགས་པར་ཞེས་གསུངས་ནས། དགེ་སློང་

དག་སྔོན་བྱུང་བ་ན་སྟོན་པ་པོ་སྤྱན་ལེགས་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏོ་ཞེས་བྱ་བ་སྟོན་པ་པོ་སྤྱན་ལེགས་ཀྱི་སྐྱེས་པའི་རབས་བརྗོད་པའི་མཚམས་སྦྱར་བ་ཡང་གང་ཡིན། དོན་སྔ་ཕྱིར་འབྲེལ་པའི་མཚམས་སྦྱར་བ་སྟེ། དང་པོ་བཤད་ཟིན་ཏོ། །སྔ་ཕྱི་ཉིད་ཀྱི་གོ་རིམས་ཀྱི་མཚམས་སྦྱར་བ་ཞེས་བྱ་

བ་ལ། སྔ་ཕྱིའི་དངོས་པོ་ནི་སྔ་ཕྱི་ཉིད་དོ། །སྔ་མ་དང་ཕྱི་མ་ཉིད་ཀྱི་གོ་རིམས་ནི་སྔ་ཕྱི་ཉིད་ཀྱི་གོ་རིམས་སོམོ། །དེ་ཉིད་མཚམས་སྦྱར་བ་ཡིན་པས་སྔ་ཕྱི་ཉིད་ཀྱི་གོ་རིམས་ཀྱི་མཚམས་སྦྱར་བ་ཡིན་ནོ། །དེ་བཞིན་དུ་བསླབ་པ་གསུམ་རྣམས་ལས་ཀྱང་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་

Vol. 137 · folio 249a

པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཞེས་འབྱུང་བ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རང་བཞིན་དེ་རྣམས་ལས་ཅིའི་ཕྱིར་ཚུལ་ཁྲིམས་ཀྱི་འོག་ཏུ་ཏིང་ངེ་འཛིན་དང་ཤེས་རབ་བསྟན་པ་ཇི་ལྟར་ཞེ་ན། ཚུལ་ཁྲིམས་ཀྱི་འོག་ཏུ་ཏིང་ངེ་

འཛིན་བསྟན་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པའི་སེམས་ཀྱི་བསླབ་པ་ཞེས་འབྱུང་བ་ཡིན་ནོ། །ཏིང་ངེ་འཛིན་གྱི་འོག་ཏུ་ཤེས་རབ་བསྟན་པ་ནི་ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཞེས་འབྱུང་བ་ཡིན་ནོ། །སྔ་ཕྱི་ཉིད་ཀྱི་གོ་རིམས་ཀྱི་མཚམས་

སྦྱར་བ་བཤད་པར་བྱ་སྟེ། དཔེར་བརྗོད་པའི་མདོ་སྡེའི་དུམ་བུ་འདི་རྣམས་ཏེ། དགེ་སློང་དག་འཕགས་པའི་ཆོས་ཀྱི་ཕྱག་རྒྱ་རྟོགས་པ་དང་ཞེས་བྱ་བ་རྒྱས་པར་གསུངས་པ་གང་ཡིན་པ་དེ་དག་གི་མཚམས་སྦྱར་བ་ཇི་ལྟར་རིག་པར་བྱའོ། །དོན་ནི་འདི་ཡིན་ཏེ། གང་ཞེ་ན། དེའི་ཚེ་ན་ཡང་ཞེས་བྱ་བ་ལ་

རྒྱས་པར་འབྱུང་བ་ཡིན་ནོ། །དོན་ཆེ་བ་ཉིད་དང་། རྙེད་པར་དཀའ་བ་ཉིད་དུ་ཡོངས་སུ་བསྟན་པའི་ཕྱིར་ཏེ་ཞེས་བྱ་བ་ནི་དོན་ཆེ་བ་ཉིད་དུ་ཡོངས་སུ་བསྟན་པའི་ཕྱིར་དང་། རྙེད་པར་དཀའ་བ་ཉིད་དུ་ཡོངས་སུ་བསྟན་པའི་ཕྱིར་རོ། །མི་རྟག་པ་ཉིད་དུ་ཡོངས་སུ་བསྟན་པ་དེ་དོན་ཆེ་བ་ཉིད་དུ་ཡོངས་སུ་བསྟན་

པའི་ཕྱིར་ནི་མདོ་སྡེ་འདི་ཉིད་ལས་རྒྱས་པར་གསུངས་ནས། དགེ་སློང་དག་ངས་ད་ནི་ཉན་ཐོས་རྣམས་ལ་ཤིན་ཏུ་མཐར་ཐུག་པའི་ཆོས་ཤིན་ཏུ་དྲི་མ་མེད་པ་ཤིན་ཏུ་ཚངས་པར་སྤྱོད་པའི་མཐར་གཏུགས་པ་བཤད་པར་བྱའོ། །རྙེད་པར་དཀའ་བ་ཉིད་དུ་ཡོངས་སུ་བསྟན་པའི་ཕྱིར་ནི་གང་སྔོན་མ་བཤད་པ་ད་

བཤད་པས་སོ། །སྔ་མ་སྔ་མ་ལ་རྣམ་པར་སྤྱོད་པའི་ཕྱིར་ནི་སྔ་མ་སྔ་མ་ལ་ཡང་ཡོངས་སུ་རྟོགས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་བཤད་པ་ཡིན་ཏེ་ཞེས་བྱ་བ་ནི་ཇི་ལྟར་མངོན་པར་རྟོགས་པ་དེ་ལྟར་ཞེས་བྱ་བའི་ཐ་ཚིག་གོ། །ཡོངས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །རྒྱུ་རྣམ་པ་

བཅུ་དག་གིས་བསླབ་པ་རྣམ་པ་གསུམ་པོ་དག་བསྟན་དུ་ཟིན་ཀྱང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱི་འོག་ཏུ་ཏིང་ངེ་འཛིན་དང་ཤེས་རབ་བསྟན་པ་གང་ཡིན་པའི་གོ་རིམས་ནི་འདི་ལྟར་ཚུལ་ཁྲིམས་དང་ལྡན་ན་སེམས་མཉམ་པར་འཇོག་གོ་ཞེས་བྱ་བ་རྒྱས་པར་འབྱུང་བ་དེ་ཉིད་བཟང་པོ་ཡིན་ནོ། །རྒྱུ་རྣམ་

Vol. 137 · folio 249b

པ་བཅུ་རྣམས་ལས་སྡོམ་བརྩོན་རྣམ་པ་གསུམ་གྱི་རྒྱུ་ཉིད་ཀྱིས་ཡིན་ཏེ་ཞེས་བྱ་བ་ནི་རྒྱུ་དང་དངོས་པོ་ཡིན་པ་ནས། གཉིས་འབྱུང་བའི་རྒྱུ་ཉིད་དང་། མཉམ་པར་འཇོག་པ་དང་། རྣམ་པར་གྲོལ་བར་བྱེད་པས་ཀྱང་ཡིན་ཏེ་ཞེས་བྱ་བའི་བར་ནི་རྒྱུ་བཅུ་པ་ཡིན་ནོ། །འཆལ་བའི་ཚུལ་ཁྲིམས་ཡང་དག་

པར་སྡོམ་པའི་ཕྱིར་ནི་སྡོམ་བརྩོན་དང་པོའོ། །དེའི་རྒྱུ་ཉིད་དུ་བརྗོད་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ཏེ། ཐམས་ཅད་ལ་སྦྱར་བར་བྱའོ། །ཡུལ་ལ་ཡང་དག་པར་སྡོམ་པའི་ཕྱིར་ནི་གཉིས་པ་སྟེ། དེའི་རྒྱུ་ཉིད་ནི་ལྷག་པའི་སེམས་ཀྱི་བསླབ་པའོ། །ཉོན་མོངས་པ་ཡང་དག་པར་སྡོམ་

པའི་ཕྱིར་ནི་གསུམ་པ་ཡིན་ཏེ། དེའི་རྒྱུ་ཉིད་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །སྤོང་བ་ཡང་དག་པར་ལེན་པ་ནི་མི་ཚངས་པར་སྤྱོད་པ་སྤོང་བ་ཡང་དག་པར་ལེན་པ་གང་ཡིན་པ་སྟེ། དེའི་རྒྱུ་ཉིད་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའོ། །དེ་བར་སྐབས་སུ་སྤོང་བ་ནི་མི་ཚངས་པར་སྤྱོད་པ་དེ་བར་

སྐབས་ཏེ་དེ་དུས་ཆུང་ཟད་སྤོང་བ་གང་ཡིན་པ་སྟེ། དེའི་རྒྱུ་ཉིད་དུ་བསྟན་པ་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་ནོ། །དེ་གཏན་དུ་སྤོང་བ་ནི་མི་ཚངས་པར་སྤྱོད་པ་དེ་གཏན་དུ་སྤོང་བའོ། །དེའི་རྒྱུ་ཉིད་དུ་བརྗོད་པ་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་གྱི་གཉེན་

པོས་ཀྱང་བསླབ་པ་གསུམ་པོ་དག་གོ་རིམས་ཇི་ལྟ་བ་བཞིན་ཡིན་ནོ། །ངན་འགྲོ་དང་བདེ་འགྲོ་གནོད་པ་དང་བཅས་པ་དང་། གནོད་པ་མེད་པའི་གཉེན་པོས་ཀྱང་ཡིན་ཏེ་ཞེས་བྱ་བ་ནི་དུད་འགྲོ་བའི་གཉེན་པོ་དང་། བདེ་འགྲོ་གནོད་པ་དང་བཅས་པའི་གཉེན་པོ་དང་། བདེ་འགྲོ་གནོད་པ་མེད་པའི་

གཉེན་པོས་ཀྱང་བསླབ་པ་གསུམ་པོ་དག་གོ་རིམས་བཞིན་དུ་ཇི་ལྟ་བ་བཞིན་ཡིན་ནོ། །ནག་པོ་དང་། འདྲེན་མ་དང་། དཀར་པོའི་གཉེན་པོས་ཀྱང་ཡིན་ཏེ་ཞེས་བྱ་བ་ནི་ལས་ནག་པོའི་གཉེན་པོ་དང་། ལས་འདྲེན་མའི་གཉེན་པོ་དང་། ལས་དཀར་པོའི་གཉེན་པོས་ཀྱང་བསླབ་པ་གསུམ་པོ་དག་གོ་

རིམས་བཞིན་དུ་ཇི་ལྟ་བ་བཞིན་ནོ། །དེ་ལས་གཞན་པའི་འདོད་པའི་ཁམས་སུ་རྣམ་པར་སྨིན་པར་བྱེད་པ་ཞེས་བྱ་བ་ལ། སེམས་ཅན་དམྱལ་བ་དེ་ལས་གཞན་པའི་འདོད་པའི་ཁམས་ནི་དེ་ལས་གཞན་པའི་འདོད་པའི་ཁམས་ཏེ། དེར་རྣམ་པར་སྨིན་པར་བྱེད་པས་ན་དེ་ལས་གཞན་པའི་འདོད་པའི་

Vol. 137 · folio 250a

ཁམས་སུ་རྣམ་པར་སྨིན་པར་བྱེད་པའོ། །དེའི་གཉེན་པོ་ཉིད་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཉོན་མོངས་པ་གསུམ་པོ་དེ་རྣམས་ཀྱི་གཉེན་པོ་ཉིད་ནི་བསླབ་པ་གསུམ་རྣམས་ཡིན་ནོ། །ཇི་ལྟ་ཞེ་ན། དུག་གི་ལྗོན་ཤིང་ར་བས་བསྐོར་བ་དང་། བཅད་པ་དང་དབྱུང་བའི་

ཚུལ་གྱིས་ཡིན་ཏེ། ཟིལ་གྱིས་གནོན་པའི་གནས་སྐབས་དང་པོའི་གཉེན་པོར་འགྱུར་བ་ནི་དུག་གི་ལྗོན་ཤིང་ར་བས་བསྐོར་བའི་ཚུལ་གྱིས་སོ། །ཀུན་དུ་རྒྱུའི་གནས་སྐབས་གཉིས་པའི་གཉེན་པོར་འགྱུར་བ་ནི་བཅད་པའི་ཚུལ་གྱིས་སོ། །བག་ལ་ཉལ་བའི་གནས་སྐབས་གསུམ་པའི་གཉེན་

པོར་འགྱུར་བ་ནི་དབྱུང་བའི་ཚུལ་གྱིས་སོ། །སྡིག་པ་དང་འདོད་པ་དང་། དྲག་པོ་སྤྱོད་པའི་གཉེན་པོས་ཀྱང་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྡིག་པ་སྤྱོད་པ་དང་། འདོད་པ་སྤྱོད་པ་དང་། དྲག་པོ་སྤྱོད་པའོ། །རབ་ཏུ་བྱུང་བས་མཐའ་གཉིས་བརྟེན་པར་མི་བྱ། སྤྱད་པར་མི་བྱ་ཞེས་བྱ་བ་ལ་

བརྟེན་པར་མི་བྱ་བ་ནི་འདོད་པ་རྣམས་ལ་འདོད་པའི་བསོད་ཉམས་ཀྱི་སྦྱོར་བ་གང་ཡིན་པ་དང་། བདག་ཉིད་དུབ་པར་གནས་པའི་སྦྱོར་བ་གང་ཡིན་པའོ། །དེ་ལ་སྡིག་པ་སྤྱོད་པའི་གཉེན་པོར་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ནོ། །འདོད་པའི་བསོད་ཉམས་ལ་སྦྱོར་བའི་མཐའི་དབང་དུ་མཛད་ནས།

འདོད་པ་སྤྱོད་པའི་གཉེན་པོར་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་ནོ། །བདག་ཉིད་དུབ་པར་གནས་པ་ལ་སྦྱོར་བའི་དབང་དུ་མཛད་ནས་དྲག་པོ་སྤྱོད་པའི་གཉེན་པོར་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིན་ནོ། །བདེ་འགྲོ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་རྣམ་པར་ཤེས་པའི་

རྒྱུ་གཉིས་སུ་ཡིན་ནོ་ཞེས་བྱ་བ་ནི་བསླབ་པ་གསུམ་རྣམས་གོ་རིམས་ཇི་ལྟ་བ་བཞིན་ནོ། །ཇི་ལྟར་ཞེ་ན། བདེ་འགྲོའི་རྒྱུ་ཉིད་ཡིན་པས་ན་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ནོ། །འཇིག་རྟེན་པའི་རྣམ་པར་དག་པའི་རྒྱུ་ཉིད་ཡིན་པས་ན་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་ནོ། །འཇིག་རྟེན་

ལས་འདས་པའི་རྣམ་པར་དག་པའི་རྒྱུ་ཉིད་ཡིན་པས་ན་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཡིན་ནོ། །ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བའི་རྟེན་ཉིད་ཀྱིས་ཀྱང་བསླབ་པ་གསུམ་རྣམས་དང་གོ་རིམས་བཞིན་དུ་སྦྱར་བ་ཡིན་ནོ། །ཇི་ལྟར་ཞེ་ན། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི་

Vol. 137 · folio 250b

ཏིང་ངེ་འཛིན་གྱི་རྟེན་དུ་འགྱུར་བས་གཞག་པ་ཡིན་ལ། དེ་བཞིན་དུ་ཤེས་རབ་དང་། རྣམ་པར་གྲོལ་བའི་རྐྱེན་དུ་འགྱུར་བས་སོ། །གཉིས་འབྱུང་བ་ནི་རྒྱུ་ཉིད་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་གཉིས་འབྱུང་བའི་རྒྱུ་ཉིད་དུ་བྱེད་པ་དང་། མཉམ་པར་འཇོག་པར་བྱེད་པ་དང་། རྣམ་པར་གྲོལ་བར་བྱེད་པ་

པས་གོ་རིམས་བཞིན་དུ་བསླབ་པ་གསུམ་དུ་གཞག་གོ། །ཇི་ལྟར་བྱས་པས་ཤེ་ན། གཅིག་གིས་ཏེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པས་ནི་གཉིས་སྐྱེ་བ་སྟེ། ཏིང་ངེ་འཛིན་དང་། ཤེས་རབ་སྐྱེ་བའི་རྒྱུ་ཉིད་ཡིན་ལ། གཉིས་པས་ཏེ་ལྷག་པའི་སེམས་ཀྱི་བསླབ་པས་ནི་སེམས་མཉམ་པར་མ་

བཞག་པ་མཉམ་པར་འཇོག་པར་བྱེད་པ་ཡིན་ཞིང་། གསུམ་པས་ཏེ། ལྷག་པའི་ཤེས་རབ་ཀྱི་བསླབ་པས་ནི་སེམས་མཉམ་པར་གཞག་པ་རྣམ་པར་གྲོལ་བར་བྱེད་པ་ཡིན་ནོ། །བསྡུས་པའི་ཚིགས་སུ་བཅད་པ་ནི་རྒྱུ་བཅུ་པོ་དེ་དག་རྣམས་ཀྱི་ཡིན་ནོ། །སྡོམ་བརྩོན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྡོམ་

བརྩོན་དང་། ཚངས་པར་སྤྱོད་པ་དང་། ཀུན་ནས་ཉོན་མོངས་པ་དང་། འགྲོ་བ་དང་། ལས་རྣམ་པ་གསུམ་ནི། སྡོམ་བརྩོན་ཚངས་སྤྱོད་ཀུན་ཉོན་མོངས། །འགྲོ་དང་ལས་རྣམ་གསུམ་ཕྱིར་ཏེ། །དེ་དག་གི་ཕྱིར་ཞེས་སྦྱར་བར་བྱའོ། །དེ་བཞིན་དུ་ཉོན་མོངས་སྐབས་དང་སྟེ། ཉོན་མོངས་པའི་

གནས་སྐབས་དང་། སྤྱོད་པ་དང་། རྣམ་པར་དང་། རྟེན་དང་། བྱེད་པ་རྣམ་གསུམ་ནི། ཉོན་མོངས་སྐབས་དང་སྤྱོད་དང་དག །རྟེན་དང་བྱེད་རྣམ་གསུམ་ཕྱིར་ཏེ། །དེ་དག་གི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །སྦྱོར་བ་འདི་ནི་ད་ལྟར་བྱུང་བ་བཞིན་དུ་འདས་པའི་དུས་ལ་བྱ་བ་རིགས་པ་མ་ཡིན་

ནོ། །སྦྱོར་བ་དེ་ལྟ་བུ་ནི་འཇིག་རྟེན་ན་ཡང་མ་མཐོང་ལ། ད་ལྟར་བྱུང་བ་ནི་ད་ལྟར་ཉིད་ཡིན་པས་ཞེས་བྱ་བའི་ཚུལ་གྱིས་ཀྱང་མ་ཡིན་ནོ་ཞེས་སྨྲའོ། །དངོས་པོ་ཙམ་ལ་ཞེས་བྱ་བ་ནི་བྱ་བ་ཙམ་ལ་ཞེས་བྱ་བའི་ཐ་ཚིག་གོ། །ལས་དང་བཅས་པའི་བྱེད་པ་པོར་བཤད་པ་ནི་རིགས་པ་མ་ཡིན་ཞེས་བྱ་བ་

དེ་ལ། ལས་ནི་ཤེས་པར་བྱ་བ་གང་ཡིན་པ་དེ་དང་། རྣམ་པར་ཤེས་པར་བྱ་བ་གང་ཡིན་པ་དེ་ཡིན་ཏེ། ལས་དེ་དང་ལྷན་ཅིག་པ་ནི་ལས་དང་བཅས་པ་སྟེ། རབ་ཏུ་ཤེས་པར་བྱེད་ཅེས་བྱ་བ་དང་། རྣམ་པར་ཤེས་པར་བྱེད་ཅེས་བྱ་བའི་བྱེད་པ་པོར་བཤད་པ་ནི་རིགས་པ་མ་ཡིན་ནོ་ཞེས་དཔེར་ན་འགྲོ་

Vol. 137 · folio 251a

བ་གྲོང་དུ་འགྲོ་བར་བྱེད་ཅེས་བྱ་བ་ལྟ་བུའོ་ཞེས་བྱ་བའི་སྒྲ་དེ་ལྟར་སྦྱོར་བ་ན་འཇིག་རྟེན་ན་མཐོང་ངོ་། །དེ་བཞིན་དུ་མིག་དང་གཟུགས་ལ་བརྟེན་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདི་ལ་ཡང་འཇིག་རྟེན་ཚད་མར་བྱས་ཀྱང་སྦྱོར་བ་འདི་རིགས་པ་མ་ཡིན་ལ། བྱེད་པ་པོ་གཅིག་པུ་དག་

ལ་དུས་སྔ་མ་ཤོས་ཀྱི་དང་། གཞན་དང་གཞན་ཕྲད་པ་ལ་ནས་ཞེས་བྱ་བ་འབྱུང་བས་བྱཱ་ཀ་ར་ཎའི་ཚུལ་ཁྲིམས་ཀྱང་མ་ཡིན་ནོ་ཞེས་སྨྲའོ། །གང་ཞིག་གིས་བརྟེན་ནས་ཞེས་བྱ་བ་ནི་གང་ཞིག་གིས་རྙེད་ནས་སོ། །འདི་ལ་མིག་དང་གཟུགས་ལས་རྒལ་ནས་མིག་གི་རྣམ་པར་ཤེས་པ་ཡོད་དོ་ཞེས་བྱ་བ་

ལྟ་བུར་གཞན་དང་གཞན་ཕྲད་པ་ཡང་མེད་པར་བསམས་པ་ཡིན་ནོ། །ཚོར་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་ནི་ཚོར་བའི་ཚོགས་དྲུག་གོ་ཞེས་ནི་མ་གསུངས་ལ་ཞེས་བྱ་བ་ལ། ཇི་སྐད་གསུངས་ཤེ་ན། མདོ་སྡེ་དེ་ཉིད་ལས་ཚོར་བ་ཉེ་བར་ལེན་པའི་ཕུང་པོ་གང་ཞེ་ན། ཚོར་བའི་ཚོགས་དྲུག་རྣམས་

སོ་ཞེས་བྱ་བ་དང་། དེ་བཞིན་དུ་རྣམ་པར་ཤེས་པའི་ཚོགས་དྲུག་རྣམས་སོ་ཞེས་བྱ་བའི་བར་དུ་འབྱུང་ངོ་། །དེ་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་བཞིན་དུ་སྐྱེ་མཆེད་བཅུ་གཉིས་པོ་མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་ཅེས་བྱ་བའི་

བར་འདི་རྣམས་ལས་བཅུ་ཆར་དང་། བཅུ་གཅིག་པ་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་གཟུགས་ཡིན་བཞིན་དུ་མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་ཅེས་གཅིག་པུ་ཞིག་གཟུགས་ཀྱི་སྐྱེ་མཆེད་དུ་གསུངས་པ་ཡང་མཚན་ཉིད་འདྲ་བ་ལ་དགོངས་

པ་མེད་པར་བྱེ་བྲག་ཏུ་བཤད་པ་ནི་རིགས་པ་མ་ཡིན་ནོ། །གཟུགས་དང་ཚོར་བ་ཡང་མཚན་ཉིད་འདྲ་བའི་སྐབས་སུ་བབ་ལ། མིག་ལ་སོགས་པའི་སྐྱེ་མཆེད་བཅུ་རྣམས་དང་། བཅུ་གཅིག་པའི་ཕྱོགས་ཀྱང་གཟུགས་ཀྱི་མཚན་ཉིད་ཡིན་པར་འདྲ་བ་བཞིན་དུ། ཇི་སྐད་དུ་གཟུགས་གང་ཡིན་པ་ཅི་ཡང་རུང་

སྟེ་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུར་དགོས་པ་མེད་པར་བྱེ་བྲག་ཏུ་བཤད་པ་ནི་རིགས་པ་མ་ཡིན་ནོ། །ཁ་ཅིག་ལས། བྲམ་ཟེའི་བདེན་པ་གསུམ་དག་ཅེས་གསུངས་པ་ཇི་ལྟ་བུ་ཞེ་ན། བྲམ་ཟེ་དང་ཀུན་དུ་རྒྱུ་དག་ངས་རང་གིས་མངོན་པར་ཤེས་ཏེ་མངོན་པར་རྫོགས་པར་བྱང་ཆུབ་ནས་བསྟན་

Vol. 137 · folio 251b

པ་གང་ཡིན་པ་འདི་དག་ནི་བྲམ་ཟེའི་བདེན་པ་གསུམ་དག་གོ། །བྲམ་ཟེ་དང་ཀུན་དུ་རྒྱུ་དག་གསུམ་གང་དག་ཅེ་ན། བྲམ་ཟེ་དང་ཀུན་དུ་རྒྱུ་དག་ན་རེ་འདི་སྐད་དུ་སེམས་ཅན་ཐམས་ཅད་ནི་གསད་པར་བྱ་བ་མ་ཡིན་ནོ་ཞེས་ཟེར་ཞིང་། སྨྲ་ན་བདེན་པར་སྨྲས་པ་ཡིན་ཏེ། བརྫུན་པ་མ་ཡིན་ལ། དེས་དེ་

དག་མཆོག་གོ་སྙམ་དུ་མི་སེམས། འདྲའོ་སྙམ་དུ་མི་སེམས། དམན་པའོ་སྙམ་དུ་མི་སེམས། དགེ་སྦྱོང་ངོ་སྙམ་དུ་མི་སེམས། བྲམ་ཟེའོ་སྙམ་དུ་མི་སེམས་སོ། །དེ་ལྟར་འདིར་བདེན་པ་གང་ཡིན་པ་དེ་ལ་གནས་ནས་འཇིག་རྟེན་ཐམས་ཅད་ལ་བྱམས་པའི་རང་བཞིན་དུ་གནས་པ་འདི་ནི་

བྲམ་ཟེའི་བདེན་པ་དང་པོ་སྟེ། ངས་རང་གིས་མངོན་པར་ཤེས་ཏེ། མངོན་པར་རྫོགས་པར་བྱང་ཆུབ་ནས་བཤད་པ་གང་ཡིན་པའོ། །གཞན་ཡང་བྲམ་ཟེ་དང་། ཀུན་དུ་རྒྱུ་དག་ན་རེ་འདི་སྐད་དུ་ཀུན་འབྱུང་བའི་ཆོས་ཅན་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་ནི་འགོག་པའི་ཆོས་ཅན་ཡིན་ནོ་

ཞེས་ཟེར་ཞིང་སྨྲ་ན་བདེན་པར་སྨྲས་པ་ཡིན་ཏེ། བརྫུན་པ་མ་ཡིན་ལ། དེས་དེ་དག་མཆོག་གོ་སྙམ་དུ་མི་སེམས་ཞེས་བྱ་བ་རྒྱས་པར་འབྱུང་བའི་བར་དུ་སྟེ། དེ་ལྟར་འདིར་བདེན་པ་གང་ཡིན་པ་དེ་ལ་གནས་ནས་འཇིག་རྟེན་ཐམས་ཅད་ལ་འབྱུང་བ་དང་འཇིག་པར་རྗེས་སུ་ལྟ་ཞིང་གནས་པ་འདི་ནི་བྲམ་ཟེའི་

བདེན་པ་གཉིས་པ་ཡིན་ཏེ། ངས་རང་གིས་མངོན་པར་ཤེས་ཏེ་མངོན་པར་རྫོགས་པར་བྱང་ཆུབ་ནས་བསྟན་པ་གང་ཡིན་པའོ། །གཞན་ཡང་བྲམ་ཟེ་དང་ཀུན་དུ་རྒྱུ་དག་ན་རེ་འདི་སྐད་དུ་ངའི་བྱ་བ་ནི་གང་ན་ཡང་མེད། ཅུང་ཟད་ཀྱང་མེད་ལ། ང་ཡང་གང་ན་ཡང་མེད། གང་གི་ཡང་མ་ཡིན། ཅུང་

ཟད་ཀྱང་མེད་དོ་ཞེས་ཟེར་ཞིང་སྨྲ་ན་བདེན་པ་ཁོ་ནར་སྨྲས་པ་ཡིན་ཏེ་བརྫུན་པ་མ་ཡིན་ལ། དེས་དེ་དག་མཆོག་གོ་སྙམ་དུ་མི་སེམས་ཞེས་བྱ་བ་རྒྱས་པར་འབྱུང་བའི་བར་དུ་སྟེ། དེ་ལྟར་འདིར་ནི་བདེན་པ་གང་ཡིན་པ་འདི་ལ་གནས་ནས་འཇིག་རྟེན་ཐམས་ཅད་ལ་ང་ཡིར་འཛིན་པ་མེད་པའི་རང་བཞིན་

དུ་གནས་པ་འདི་ནི་བྲམ་ཟེའི་བདེན་པ་གསུམ་པ་ཡིན་ཏེ། ངས་རང་གིས་མངོན་པར་ཤེས་ཏེ་མངོན་པར་རྫོགས་པར་བྱང་ཆུབ་ནས་བསྟན་པ་གང་ཡིན་པའོ་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །ཁ་ཅིག་ལས་བདེན་པ་ནི་གཅིག་ཁོ་ན་སྟེ་གཉིས་པ་མེད་དོ་ཞེས་བྱ་བ་དང་། མི་རྣམས་ཀྱི་ནི་འདི་ན་བསོད་

Vol. 137 · folio 252a

ནམས་དང་། སྡིག་པ་གང་ཡིན་པ་གཉི་ག་བྱེད་པ་དེ་ཞེས་དེ་ལྟར་ཚིགས་སུ་བཅད་པ་ལས་བྱེད་པ་པོ་བཤད་ནས། །བྱེད་པ་པོ་ནི་མི་དམིགས་སོ་ཞེས་འབྱུང་བ་ནི་སྔ་ཕྱི་འགལ་བ་ཡིན་ནོ། །ཅི་འདི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཅི་འདི་རྫས་ཀྱི་དབང་དུ་མཛད་དེ་གསུངས་

ཏེ། རྡུལ་ཕྲ་རབ་ཀྱི་རྫས་བརྒྱད་དང་དགུ་ལ་སོགས་པ་ཚོགས་པ་རྣམས་ལས་སའི་ཁམས་ལ་སོགས་པ་རྫས་རེ་རེའི་དབང་དུ་མཛད་དེ་ཆེད་དུ་མཛད་དེ་གསུངས་སམ། འོན་ཏེ་གོང་བུ་སྟེ། གཟུགས་ཅན་འདུལ་བ་མ་ཡིན་པ་དེ་ཉིད་ཁྱད་པར་དུ་མ་ཕྱེ་པ་ལས་སམ། འོན་ཏེ་རིགས་ལས་ཏེ། གཟུགས་

ཀྱི་རིགས་ཏེ་གཟུགས་ཀྱི་རྣམ་པ་འདི་སྙེད་ཅིག་ནི་འདི་ལྟ་སྟེ། གཟུགས་གང་ཡིན་པ་ཅི་ཡང་རུང་། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་བྱ་བ་ལས་སམ། འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་ཀྱིས་སོ་སོའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་

སའི་ཁམས་ལ་སོགས་པ་འབྱུང་བ་རྣམས་དང་། གཟུགས་དང་སྒྲ་ལ་སོགས་པ་འབྱུང་བ་ལས་གྱུར་པ་རྣམས་ཀྱི་སོ་སོའི་མཚན་ཉིད་མེད་པར་ཐལ་བར་འགྱུར་ཏེ། སའི་ཁམས་ལ་སོགས་པའི་མཚན་ཉིད་སྲ་བ་ཉིད་ལ་སོགས་པ་མེད་པ་དང་། གཟུགས་ལ་སོགས་པ་འབྱུང་བ་ལས་གྱུར་པ་

རྣམས་ཀྱིས་སོ་སོའི་མཚན་ཉིད་མིག་གི་རྣམ་པར་ཤེས་པས་རྣམ་པར་བྱ་བ་ཉིད་ལ་སོགས་པ་ཡང་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཐམས་ཅད་ཀྱང་མཚན་ཉིད་ཐམས་ཅད་དུ་འགྱུར་བའི་ཕྱིར་ཏེ། འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཐམས་ཅད་ཀྱང་རེ་རེ་ཡང་མཚན་ཉིད་ཐམས་ཅད་དུ་གྱུར་པའི་

ཕྱིར་ན་མཚན་ཉིད་གང་གིས་ན་འབྱུང་བ་དང་འབྱུང་བ་ལས་གྱུར་པ་དེ་ངེས་པར་གཟུང་བར་བྱ། གཞན་ཡང་དབང་པོ་ཐམས་ཅད་ཀྱིས་འཛིན་པར་ཐལ་བར་འགྱུར་རོ། །ཇི་ལྟར་འབྱུང་བ་རྣམས་ལུས་ཀྱིས་གཟུང་བར་བྱ་བ་བཞིན་དུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་ཞེས་བྱ་བ་འབྱུང་བ་ལས་གྱུར་པ་

ཡང་དེ་བཞིན་དུ་འགྱུར་བའམ། ཇི་ལྟར་གཟུགས་ལ་སོགས་པ་འབྱུང་བ་ལས་གྱུར་པ་དག་མིག་གི་དབང་པོ་ལ་སོགས་པས་གཟུང་བར་བྱ་བ་ཡིན་པ་བཞིན་དུ་འབྱུང་བ་རྣམས་ཀྱང་དེ་བཞིན་དུ་འགྱུར་རོ། །འོན་ཏེ་གཟུགས་གང་ཡིན་པ་ཅི་ཡང་རུང་ཞེས་རྒྱས་པར་འབྱུང་བ་ནི་གོང་བུའི་དབང་དུ་མཛད་དེ་

Vol. 137 · folio 252b

གསུངས་སོ་ཞེ་ན། གཟུགས་འདུས་པ་འོད་ལ་སོགས་པ་དང་། ས་ལ་སོགས་པ་ཐམས་ཅད་ལ་འབྱུང་བ་བཞི་ཆར་དམིགས་པར་ཐལ་བར་འགྱུར་ན་འོད་དག་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །ནོར་བུའི་འོད་ལ་གཤེར་བ་དང་ཚ་བ་གཉིས་ཀ་མེད་ཅིང་། རྡོ་བ་ལ་སོགས་པ་དག་

ལ་ཡང་དེ་གཉི་ག་མེད་དོ། །བརྟན་པ་རྡོ་རྗེ་དང་རྡོ་བ་ལ་སོགས་པ་དག་ལ་ཡང་ཞིང་གཡོ་བ་ཉིད་མེད་པ་ཡིན་ནོ། །འབྱུང་བ་གཞན་ཤས་ཆེ་བས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཤས་ཆེ་བས་ནི་སྟོབས་དང་ལྡན་པས་སམ་མཚན་ཉིད་བརྟས་པས་སོ། །འབྱུང་བ་གཞན་གྱིས་འབྱུང་བ་གཞན་ཟིལ་གྱིས་

གནོན་ན་མི་དམིགས་ཏེ། དཔེར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ་ཞེ་ན། འདིར་སློབ་དཔོན་གྱིས་གསུངས་པ། ཡོད་པར་རབ་ཏུ་གྲུབ་ན་ནི་འོད་ལ་སོགས་པ་ལ་སྲ་བ་ལ་སོགས་པ་ཡང་འབྱུང་བ་གཞན་ཤས་ཆེ་བས་འབྱུང་བ་གཞན་ཟིལ་གྱིས་ནོན་ན་མི་དམིགས་སོ་ཞེས་བྱ་བ་འདི་ཤེས་པར་ཡང་

ནུས་ན། ཡོད་པར་རབ་ཏུ་མ་གྲུབ་ན་འོད་ལ་སོགས་པ་ལ་སྲ་བ་ཉིད་ལ་སོགས་པ་ཡོད་པ་འདི་ཤེས་པར་ནུས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྔོན་པོ་ལ་སོགས་པ་ཁ་དོག་གི་རྣམ་པ་ཐམས་ཅད་ལ་སེར་པོ་དང་དམར་པོ་ལ་སོགས་པ་ཁ་དོག་ལ་སོགས་པའི་བྱེ་བྲག་ཐམས་ཅད་ཡོད་པར་ཐལ་བར་གྱུར་ན་མི་

རུང་བས་སོ། །འོད་ལ་སོགས་པ་གང་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྐྱུར་བའི་རོས་ཆུ་ཟིལ་གྱིས་ནོན་ན་མི་དམིགས་པ་ལྟ་བུ་ཞེས་གང་སྨྲས་པ་ཡིན་ཏེ། འདིར་སློབ་དཔོན་གྱིས་གསུངས་པ། ཆུར་སྐྱུར་བ་བཏབ་ཀྱང་ཆུ་དེའི་རོ་ནི་དམིགས་པ་ཁོ་ན་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འཛིན་པ་ཐ་དད་

པའི་ཕྱིར་རོ། །གང་གི་ཕྱིར་སྐྱུར་བ་བསྲེས་པའི་ཆུ་དང་། མ་བསྲེས་པའི་ཆུ་དང་། གཞན་དང་མ་བསྲེས་པའི་སྐྱུར་བའི་རོ་འཛིན་པ་ཐ་དད་པ་མཐོང་ངོ་། །དེའི་ཕྱིར་དེར་སྐྱུར་བ་བཏབ་ཀྱང་དེའི་རོ་དམིགས་པ་ཁོ་ན་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་དག་གིས་སྨྲས་པ། འོ་ན་ནི་ཆུ་དང་རྡོ་ལ་སོགས་པ་རྣམས་ལ་ཡང་

ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སའི་དྲི་བཞིན་ནོ། །ཇི་ལྟར་ས་ལ་དྲི་ཡོད་བཞིན་དུ་ཡང་རྐྱེན་གྱི་ཁྱད་པར་དང་ཕྲད་ན་སྟེ། ཆུའི་ཁྱད་པར་དང་ཕྲད་ན་མཚན་ཉིད་བརྟས་པས་ཕྱིས་དམིགས་པ་ཡིན་ནོ་ཞེས་ཟེར་ན། སློབ་དཔོན་གྱིས་གསུངས་པ། མཚན་ཉིད་བརྟས་པའི་ཕྱིར་ཡིན་གྱི། སྐྱེས་པའི་ཕྱིར་

Vol. 137 · folio 253a

མ་ཡིན་པ་འདི་ཇི་ལྟར་ཤེས་པར་བྱ། རྐྱེན་གྱི་ཁྱད་པར་དང་ཕྲད་པས་མཚན་ཉིད་བརྟས་པའི་ཕྱིར་དམིགས་པ་ཡིན་གྱི། སྐྱེས་པའི་ཕྱིར་མ་ཡིན་ནོ་ཞེ་ན་དེ་ལྟ་ན་ནི་ཧ་ཅང་ཐལ་ཆེས་བར་གྱུར་ཏེ། ཇི་ལྟར་བྱས་པས་ཤེ་ན། རེག་བྱ་གཞན་བཞིན་ཏེ། ཇི་ལྟར་ཁྱོད་ཀྱི་ལུགས་

ཀྱིས་སྲ་བ་ཉིད་དང་། གཤེར་བ་ཉིད་དང་། ཚ་བ་ཉིད་འདོད་པ་བཞིན་ནོ། །དེ་ལྟ་ན་ནི་གཟུགས་དང་དྲི་དང་རོ་གཞན་རྣམས་དང་། སྒྲ་ཡང་རྐྱེན་རྙེད་པས་དམིགས་པའི་ཕྱི་རོལ་ནས་ཡོད་པ་ཉིད་དུ་ཐལ་བའི་ཕྱིར་ཏེ། དེ་དག་ཀྱང་མཚན་ཉིད་བརྟས་པའི་ཕྱིར་དམིགས་པ་ཡིན་གྱི་སྐྱེས་པའི་ཕྱིར་

ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཧ་ཅང་ཐལ་ཆེས་པར་འགྱུར་རོ། །དེ་ལྟར་སྐྱེས་པའི་ཕྱིར་དམིགས་པ་ཡིན་གྱི། མཚན་ཉིད་བརྟས་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བྱ་བར་རིགས་པས་བསྒྲུབས་ནས་མདོ་སྡེའི་དུམ་བུར་བྱེད་པ་ནི་མདོ་སྡེ་གཞན་ལས་ཀྱང་དགེ་སློང་བསམ་གཏན་བྱེད་པ་དག་ཡིན་ཞིང་ཞེས་བྱ་བ་

ནས་རྒྱས་པར་གསུངས་སོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་ལྟར་ཤིང་གི་སྡོང་པོ་དེ་ལ་ཁམས་སྣ་ཚོགས་དག་ལས་ཁམས་གཞན་དེ་དག་འབྱུང་བ་དེ་ལྟར་ན་རྐྱེན་གྱི་ཁྱད་པར་དང་ཕྲད་པ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །ཁམས་དག་དུམ་བུ་དག་ཀྱང་མ་ཡིན་ཏེ།

ཤིང་གི་སྡོང་པོ་དེ་ལ་ས་ལ་སོགས་པའི་ཁམས་དག་ཡོད་པ་དུམ་བུ་དག་ཀྱང་མ་ཡིན་ནོ། །དུམ་བུ་དག་ཀྱང་ཞེས་བྱ་བ་ནི་ས་ལ་སོགས་པའི་ཁམས་ཀྱི་དུམ་བུ་དག་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། ཆ་ཤས་གཅིག་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཤིང་གི་སྡོང་པོ་དེའི་ཆ་ཤས་

གཅིག་ལ་ཡང་ཇི་ལྟར་མོས་པ་བཞིན་དུ་ཡོངས་སུ་འགྱུར་བའི་ཕྱིར་དང་། དེའི་ཆ་ཤས་གཅིག་པོ་དེ་ལ་ཡང་དུམ་བུ་མཐའ་ཡས་པ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི་ས་ལ་སོགས་པའི་ཁམས་ཀྱི་དུམ་བུ་མཐའ་ཡས་པ་དག་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་ཁམས་ཀྱི་དུམ་བུ་དག་ཀྱང་མ་ཡིན་ནོ། །ཁམས་སྣ་

ཚོགས་ནི་ས་བོན་སྣ་ཚོགས་སོ། །ཁམས་ཞེས་བྱ་བ་ནི་འབྲས་བུ་སྐྱེད་པར་བྱེད་པས་ན་ཁམས་སོ། །སའི་དྲི་བཞིན་ནོ་ཞེས་གང་སྨྲས་པ་ཡང་། སའི་དྲི་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །འདུས་པ་ཁ་ཅིག་ལ་འབྱུང་བ་ཆེན་པོ་ཁ་ཅིག་གང་ཡོད་པར་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བ་ནི་ས་ལ་

Vol. 137 · folio 253b

སོགས་པ་འདུས་པ་ཁ་ཅིག་ལ་ཆུ་ལ་སོགས་པ་འབྱུང་བ་ཆེན་པོ་ཁ་ཅིག་ཡོད་པར་ཁས་མ་བླངས་པའི་ཕྱིར་རོ། །དེ་ལྟར་ན་ནི་མདོ་སྡེ་དང་འགལ་ཏེ། སྐྱེ་མཆེད་སོ་སོར་ཕྱེ་བའི་མདོ་སྡེ་དང་འགལ་ཏེ། སྐྱེ་མཆེད་སོ་སོའི་མདོ་སྡེ་ལས་སྐྱེ་མཆེད་དགུ་པོ་རྣམས་ནི་རེ་རེ་ཡང་འབྱུང་བ་ཆེན་པོ་བཞི་དག་

རྒྱུར་བྱས་པའོ་ཞེས་བཤད་པའི་ཕྱིར་རོ། །ཇི་སྐད་ཞེ་ན་རྒྱས་པར་གསུངས་ནས་བཙུན་པ་ནང་གི་སྐྱེ་མཆེད་མིག་གང་ལགས། དགེ་སློང་ནང་གི་སྐྱེ་མཆེད་མིག་ནི་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཡིན་ཞིང་གཟུགས་ཅན་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་ཡིན་ནོ། །དེ་ལྟར་ནང་གི་སྐྱེ་

མཆེད་གཟུགས་ཅན་དག་རྒྱས་པར་གསུངས་ནས། དགེ་སློང་ཕྱིའི་སྐྱེ་མཆེད་གཟུགས་ནི་འབྱུང་བ་ཆེན་པོ་བཞི་པོ་དག་རྒྱུར་བྱས་པ་ཡིན་ཞིང་གཟུགས་ཅན་བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པ་ཡིན་ནོ། །དེ་ལྟར་ནང་གི་སྐྱེ་མཆེད་གཟུགས་ཅན་དག་རྒྱས་པར་གསུངས་ནས། དགེ་སློང་ཕྱིའི་

སྐྱེ་མཆེད་གཟུགས་ནི་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཡིན་ཞིང་གཟུགས་ཅན་བསྟན་དུ་ཡོད་པ་ཐོགས་པ་དང་བཅས་པ་ཡིན་ནོ། །དེ་བཞིན་དུ་དགེ་སློང་ཕྱིའི་སྐྱེ་མཆེད་རེག་བྱ་ནི་འབྱུང་བ་ཆེན་པོ་བཞི་དག་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཡིན་ཞིང་གཟུགས་ཅན་བསྟན་དུ་མེད་ལ་

ཐོགས་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་བར་དུ་འབྱུང་བ་སྟེ། དེ་རྣམས་ལས་ཕྱིའི་སྐྱེ་མཆེད་རེག་བྱ་བཞག་སྟེ། སྐྱེ་མཆེད་དགུ་དག་ཏུ་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན། རེག་བྱའི་སྐྱེ་མཆེད་ནི་འབྱུང་བ་ཆེན་པོ་བཞི་དག་དང་། འཇམ་པ་ཉིད་ལ་སོགས་པ་འབྱུང་བ་ལས་གྱུར་པ་ཡང་ཡིན་ལ་འབྱུང་

བ་ཆེན་པོ་བཞི་དག་ནི་འབྱུང་བ་ཆེན་པོ་དག་རྒྱུར་བྱས་པ་མ་ཡིན་པས་སོ། །ལག་པ་རྡོབ་པ་ལྟ་བུ་ལས་ཀྱང་། མིག་གི་ཤའི་གོང་བུ་ལ་འབྱུང་བ་ཆེན་པོ་བཞི་དག་ཡོད་པར་བཤད་པའི་ཕྱིར་རོ། །ཇི་སྐད་དུ་ཞེ་ན། མིག་གི་ཤའི་གོང་བུ་ལ་ནང་ན་ཡོད་ཅིང་རང་ལ་ཡོད་པས་སྲ་བ་མཁྲེགས་པར་གྱུར་པ་ཉེ་བར་

བླངས་ཤིང་ཟིན་པ་གང་ཡིན་པ་དེ་ནི་མིག་གི་ཤའི་གོང་བུ་ལ་ཡོད་པ་ནང་གི་སའི་ཁམས་ཞེས་བྱའོ། །དེ་བཞིན་དུ་མིག་གི་ཤའི་གོང་བུ་ལ་ཡོད་པ་ནང་གི་རླུང་གི་ཁམས་ཞེས་བྱའོ་ཞེས་བྱ་བའི་བར་དུ་རྒྱས་པར་འབྱུང་བ་ཡིན་ནོ། །འདས་པ་དང་མ་འོངས་པ་ནི་མེད་པ་ཉིད་ཡིན་པར་མངོན་སུམ་པ་ཡིན་པས་འདི་

Vol. 137 · folio 254a

སྒྲུབ་མི་དགོས་ཏེ། དཔེར་ན་རུས་སྦལ་གྱི་སྤུ་མེད་པ་ཉིད་ཡིན་པར་མངོན་སུམ་དུ་འགྱུར་བ་བཞིན་ནོ། །མངོན་སུམ་དང་འགལ་བ་འབའ་ཞིག་ཏུ་མ་ཟད་དེ། འདས་པ་ཡང་མ་ཡིན་ལ་ཡོད་པ་ཡང་མ་ཡིན་ཞེས་བྱ་བ་འདི་སྔ་ཕྱི་འགལ་བ་ཡང་ཡིན་ཏེ། གལ་ཏེ་ཡོད་ན་དེ་ཇི་ལྟར་

འདས་པ་དང་། འདས་པ་ཞེས་བྱ་བ་ནི་འཇིག་རྟེན་ན་ཟད་པ། འགག་པ། ཞིག་པ། རྣམ་པར་གྱུར་པ་ཡིན་ནོ། །གལ་ཏེ་ཡོད་ན་དེ་ཇི་ལྟར་མ་འོངས་པ་ཡིན་ཏེ། མ་འོངས་པ་ཡང་དེ་དང་འདྲ་བ་ཡིན་ནོ་དེ་དང་འདིར་འགལ་བ་ནི་དགེ་སློང་དག་གཟུགས་འདས་པ་ཡོད་དོ། །གཟུགས་མ་འོངས་

པ་ཡོད་དོ་ཞེས་གསུངས་པ་གང་ཡིན་པ་དེ་དང་། མིག་སྐྱེ་བ་ན་གང་ནས་ཀྱང་མི་འོང་ལ་ཞེས་བྱ་བ་རྒྱས་པར་གསུངས་པ་གང་ཡིན་པ་འདི་དང་འགལ་བ་ཡིན་ནོ། །མདོ་སྡེ་ལས། གཟུགས་རྣམས་ཀྱི་ངེས་པར་འབྱུང་བ་ནི་གཟུགས་མེད་པའོ་ཞེས་གསུངས་པ་ཇི་སྐད་ཅེ་ན། རྒྱས་པར་གསུངས་ནས།

འདོད་པ་རྣམས་ཀྱི་ངེས་པར་འབྱུང་བ་ནི་གཟུགས་དག་ཡིན་ལ། གཟུགས་རྣམས་ཀྱི་ངེས་པར་འབྱུང་བ་ནི་གཟུགས་མེད་པའོ། །མངོན་པར་འདུ་བྱས་ཤིང་མངོན་པར་བསགས་པ་གང་ཡིན་པ་ཅི་ཡང་རུང་དེའི་ངེས་པར་འབྱུང་བ་ནི་འགོག་པ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །གཟུགས་རྣམས་ཀྱི་ངེས་པར་འབྱུང་བ་

ནི་གཟུགས་མེད་པའོ་ཞེས་བྱ་བ་འདི་ནི་རྗེས་སུ་དཔག་པ་དང་འགལ་བ་ཡིན་ཏེ། ཚོར་བ་ལ་སོགས་པ་རྣམས་ནི་གཟུགས་ལ་རག་ལས་ཏེ་སྐྱེ་བར་མཐོང་བའི་ཕྱིར་རོ། །འདི་ལྟར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ནི་གཟུགས་ལ་རག་ལས་ཏེ་སྐྱེ་བར་མཐོང་གི་

གཟུགས་མེད་པར་ནི་མ་ཡིན་ནོ། །དེའི་ཕྱིར་གང་ན་ཁ་ཅིག་ལ་ཚོར་བ་ལ་སོགས་པ་སྐྱེ་བ་དེ་ནི་གཟུགས་ལ་སོགས་པ་མེད་པར་ནི་མ་ཡིན་པར་དེ་ལྟར་རྗེས་སུ་དཔག་གོ། །མདོ་སྡེ་ལས་ནི། གཟུགས་རྣམས་ཀྱི་ངེས་པར་འབྱུང་བ་ནི། གཟུགས་མེད་པར་གསུངས་ལ། གཟུགས་མེད་པ་དེ་དག་ཏུ་ནི་

ཚོར་བ་ལ་སོགས་པ་སྐྱེ་བར་ཁས་བླངས་པས་ན་རྗེས་སུ་དཔག་པ་དང་འགལ་བ་ཡིན་ནོ། །དེ་བཞིན་དུ་གང་ཞིག་སྐྱེ་བའི་ཀུན་དུ་སྦྱོར་བ་ནི་སྤངས་ལ་མངོན་པར་འགྲུབ་པའི་ཀུན་དུ་སྦྱོར་བ་ནི་མ་སྤངས་པའི་གང་ཟག་ཡོད་དོ་ཞེས་བྱ་བ་རྗེས་སུ་དཔག་པ་དང་འགལ་བ་ཡིན་ཏེ། ཇི་ལྟར་བྱས་པས་ཤེ་ན། སྐྱེ་བར་

Vol. 137 · folio 254b

ཀུན་དུ་སྦྱོར་བ་ནི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་སྟེ། དེ་སྤངས་པའི་ཕྱིར་མངོན་པར་འགྲུབ་པ་སྟེ། སྲིད་པ་བར་མ་དོའི་ཀུན་དུ་སྦྱོར་བ་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་གང་ཡིན་པ་དེ་ཡང་སྤངས་པ་ཡིན་ནོ་ཞེས་རྗེས་སུ་དཔག་སྟེ། དེ་ལས་བསྡུས་པའི་ཕྱིར་རོ། །དེ་ལྟར་བྱས་ན་སྐྱེ་

བའི་ཀུན་དུ་སྦྱོར་བ་ནི་སྤངས་ལ་མངོན་པར་འགྲུབ་པའི་ཀུན་དུ་སྦྱོར་བ་ནི་མ་སྤངས་ཞེས་བྱ་བ་སྙན་པ་ཡང་རྗེས་སུ་དཔག་པ་དང་འགལ་བ་ཡིན་ནོ།། །།རྣམ་པར་བཤད་པ་རིགས་པའི་བཤད་པ། བམ་པོ་བཅུ་གཅིག་པ། དགེ་བསྙེན་གྱི་བསླབ་པའི་གཞི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དགེ་བསྙེན་གྱི་

བསླབ་པའི་གཞི་ལྔ་ནི་སྲོག་གཅོད་པ་ལས་ལྡོག་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་སྦྱར་བའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་ལྡོག་པའོ། །འདུལ་བའི་བྱེ་བྲག་ཏུ་སྨྲ་བ་པ་རྣམས་ཀྱི་ལུགས་ཀྱིས་

བསླབ་པའི་གཞི་སོ་སོའི་ཚིག་རེ་རེའི་དོན་རབ་ཏུ་དབྱེ་བ་བཤད་པ་དེ་ལས་ཏེ། ཚིག་གི་དོན་རྣམ་གྲངས་དང་། མཚན་ཉིད་དང་ངེས་པའི་ཚིག་དང་། རབ་ཏུ་དབྱེ་བའི་མཚན་ཉིད་རྣམ་པ་བཞི་པོ་ལས་རབ་ཏུ་དབྱེ་བ་བཤད་པ་ན། ཆང་འཐུང་བ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ན་ཞེས་འབྱུང་བ་

ཡང་ལུང་དང་འགལ་བ་ཡིན་ཏེ། ལུང་གང་དང་ཞེ་ན། ལུས་ཀྱིས་ཉེས་པར་སྤྱོད་པ་རྣམ་པ་བཞི་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་འདི་དང་ངོ་། །ལུས་ཀྱིས་ཉེས་པར་སྤྱད་པ་རྣམ་པ་བཞི་སྟེ་ཞེས་བྱ་བ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། འབྲུའི་ཆང་དང་

སྦྱར་བའི་ཆང་མྱོས་པར་འགྱུར་བ་འཐུང་བའོ། །ཅིའི་ཕྱིར་ཞེ་ན། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལ་ནི་ཉེས་པར་སྤྱད་པ་ཡིན་ནོ་ཞེས་མི་བརྗོད་དེ། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ལ་ཉེས་པར་སྤྱད་པ་ཞེས་བྱ་བ་ཡིན་པས་སོ། །བྱང་ཆུབ་ཀྱི་བར་དུ་ཞེས་བྱ་བ་ནི་ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལས། རབ་འབྱོར་གཟུགས་ནི་དངོས་པོ་མེད་པའོ། །རབ་འབྱོར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་དངོས་པོ་མེད་པའོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནས། བྱང་ཆུབ་ཀྱི་བར་དུ་ཡང་དངོས་པོ་མེད་པའོ་ཞེས་བྱ་བ་འབྱུང་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་མ་རིག་

Vol. 137 · folio 255a

པ་གང་ཞེ་ན། གང་དེ་དང་། སྔོན་གྱི་མཐའ་མི་ཤེས་པའོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནས་ཆོས་རྣམས་ཀྱི་རང་བཞིན་ཡང་བསྟན་པས། དེ་ལ་ཆོས་ཐམས་ཅད་ནི་རང་བཞིན་མེད་པ་ཞེས་བསྟན་པ་གང་ཡིན་པ་ལུང་དང་འགལ་བ་ཡིན་ནོ། །འདི་ཡོད་པས་འདི་འབྱུང་། འདི་

སྐྱེ་བའི་ཕྱིར་འདི་སྐྱེ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་ཞེས་བྱ་བ་སྐྱེ་བ་ལ་སོགས་པ་ཡང་བསྟན་པས། དེ་ལ་ཆོས་ཐམས་ཅད་ནི་མ་སྐྱེས་པ་ཞེས་བསྟན་པ་གང་ཡིན་པ་ལུང་དང་འགལ་བ་ཡིན་ནོ། །འདུ་བྱེད་འདི་དག་ཐམས་ཅད་ནི་འདས་པ། ཟད་པ། འགགས་

པ། བྲལ་བ། ཡོངས་སུ་གྱུར་པའོ་ཞེས་བྱ་བ་འགགས་པ་ཡང་བསྟན་པས། དེ་ལ་ཆོས་ཐམས་ཅད་ནི་མ་འགགས་པ་ཞེས་བསྟན་པ་གང་ཡིན་པ་ལུང་དང་འགལ་བ་ཡིན་ནོ། །ཆོས་ཐམས་ཅད་ནི་གཟོད་མ་ནས་ཞི་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བསྟན་པ་གང་ཡིན་པ་དེ་

ཡང་ལུང་དང་འགལ་བ་ཡིན་ཏེ། འདི་ལྟར། ཀྱེ་མ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །ཞེས་བྱ་བ་ནས་བརྩམས་ཏེ། འདི་ཀུན་རྒྱུ་དང་བཅས་ལས་བྱུང་། །ཞེས་བྱ་བ་གསུངས་སོ། །རབ་འབྱོར་གཟུགས་ནི་དངོས་པོ་མེད་པའོ། །རབ་འབྱོར་བྱང་ཆུབ་ཀྱི་བར་དུ་ཡང་

དངོས་པོ་མེད་དོ་ཞེས་བསྟན་པ་དེ་ཡང་ལུང་དང་འགལ་བ་ཡིན་ཏེ། འདི་ལྟར་དེ་བཞིན་དུ་གཟུགས་ནི་མི་རྟག་པ་ཞེས་རྒྱས་པར་གསུངས་པས་སོ། །སོགས་པའི་སྒྲས་ནི་ལས་ཀྱང་ཡོད་རྣམ་པར་སྨིན་པ་ཡང་ཡོད་ལ། བྱེད་པ་པོ་ནི་མི་དམིགས་སོ་ཞེས་བྱ་བ་བསྡུའོ། །མ་ཟིན་པ་ཉིད་ལ་ནི་རེ་ལྡེ་བྱེད་

དོ་ཞེས་བྱ་བ་ལྟ་བུ་ནི་ད་ལྟར་བྱུང་བ་ཁོ་ནའི་དུས་སོ། །དེའི་ཆོས་ཉིད་ལ་སྟེ། དེའི་ཆོས་ཀྱི་དངོས་པོ་ནི་དེའི་ཆོས་ཉིད་དེ་དེ་ལའོ། །དངོས་པོ་དེ་ལ་ཇི་ལྟར་ན་བྱེད་པ་པོ་ཉིད་དུ་བཤད་ཅེས་བྱ་བ་ནི་ཇི་ལྟར་ན་འབྱུང་བར་གྱི་བྱ་བ་ལ་བྱེད་དོ་ཞེས་བྱ་བ་འདིས་བྱེད་པ་པོར་བཤད། དཔེར་ན་སྐྱེ་བར་བྱེད་པས་ན་སྐྱེད་དོ་

ཞེས་བྱ་བ་ལྟ་བུར་འབྱུང་བར་ཞེས་བྱ་བ་འདིས་འབྱུང་བར་བྱ་བ་ཞིག་བྱེད་དམ་ཞེ་ན། གང་གི་ཕྱིར་བྱེད་དོ་ཞེས་སྨོས་ཤེ་ན། བྱེད་དོ་ཞེས་བྱ་བ། གལ་ཏེ་ནང་ཡོད་གསལ་བྱེད་ཡིན་ན་སྟེ། གལ་ཏེ་རང་གི་ཡོད་པ་གསལ་བར་བྱེད་དེ། དེའི་ཕྱིར་བྱེད་དོ་ཞེས་སྨོས་པ་ཡིན་ནོ་སྙམ་དུ་སེམས་ན། དེ་ཉིད་

Vol. 137 · folio 255b

དངོས་རང་འབྱུང་བའི་མཚན་ཉིད་ཀྱིས་ཡོད་པ་དེ་ཉིད་ཀྱང་དངོས་པོ་ཁོ་ན་ཡིན་ཏེ། དངོས་པོ་ལ་གསལ་བར་བྱེད་པར་འགྱུར་རོ། །རེ་ཞིག་འབྱུང་བར་གྱི་མཚན་ཉིད་ཀྱི་དངོས་པོ་དེ་ཉིད་མེད་ན་དེ་ལས་གཞན་པའི་ཡོད་པ་ལྟ་སྨོས་ཀྱང་ཅི་དགོས། རྟོག་པ་འདི་ནི་བཟང་པོ་མ་ཡིན་ནོ། །གཞན་ཡང་

ཡོད་པ་གང་ཡིན་པ་དེ་ཡང་བདོག་གོ་ཞེས་ཀྱང་ཇི་སྐད་བྱ། ཡོད་པ་དེ་ནི་བདོག་གོ། །ཡོད་པ་ནི་བྱེད་དོ་ཞེ་ན། ཡོད་པ་དེས་འབྱུང་བའི་བྱ་བ་ཞིག་བྱེད་དམ། ཅི་ནས་གང་གི་ཕྱིར་བྱེད་དོ་ཞེས་བྱ། ཇི་ལྟར་རང་ལ་གསལ་བྱེད་དེ། ཅི་སྟེ་རང་ལ་གསལ་བར་བྱེད་དོ་སྙམ་དུ་སེམས་ན། དེ་ལྟ་ན་ནི་འབྱུང་

བ་ལས་བཅས་འགྱུར། དཔེར་ན་ཨན་ཛུའི་སྐད་ཀྱི་དབྱིངས་འདི་རང་ལ་གསལ་བར་བྱེད་པ་དང་འདྲ་སྟེ། ཨན་ཛུ་ནི་གསལ་བར་བྱེད་པ་དང་། ཉུགས་པ་དང་། འགྲོ་བ་རྣམས་སུ་འདྲེན་ཏེ། འདི་ནི་ལས་དང་བཅས་པ་ཡིན་ནོ། །ཡོད་པ་དེ་ཡང་གསལ་བར་བྱ་བ་ཡིན་པས་ལས་སུ་འགྱུར་ཏེ། འབྱུང་

བའི་སྐད་ཀྱི་དབྱིངས་འདི་ཡང་དེ་བཞིན་དུ་འབྱུང་བ་ནི་ཡོད་པ་ལ་བྱ་བ་ཡིན་པས་གསལ་བར་བྱ་བ་ཡིན་པའི་དོན་དུ་སྟོན་པ་ལས་དང་བཅས་པར་འགྱུར་ན། འདི་ནི་ལས་དང་བཅས་པ་ཡང་མ་ཡིན་པས་གྲུབ་པའི་མཐའ་མ་རུང་བར་བྱས་པ་ཡིན་ནོ། །གཞན་ཡང་ལས་དང་བྱེད་པ་པོ་མ་ངེས་ཏེ། དེ་ཉིད་གསལ་

བར་བྱེད་པ་ཡང་ཡིན་ལ། དེ་ཉིད་གསལ་བར་བྱ་བ་ཡང་ཡིན་པས་སོ། །ཅི་སྟེ་ཡོད་པ་ནི་བདོག་གོ། །ཡོད་པ་ནི་བྱེད་དོ་ཞེས་སྨྲས་པ་དང་། བདག་གི་ཡོད་པ་ལ་འཛིན་པར་བྱེད་དོ་ཞེས་བྱ་བ་དོན་འདི་ཁོང་དུ་ཆུད་པར་འགྱུར་རོ་སྙམ་དུ་སེམས་ན། རང་འཛིན་སྐྱོན་དེར་འགྱུར། ཇི་ལྟ་བུར་འགྱུར་

ཞེ་ན། འབྱུང་བ་ལས་བཅས་འགྱུར། ལས་དང་བྱེད་པ་པོར་མ་ངེས་ཞེས་བྱ་བ་ལྟ་བུར་འགྱུར་རོ། །གཞན་ཡང་བྱེད་དོ་ཞེས་བྱ་བ་ནི་མི་འཇིག་ཡིན་པར་འཇིག་རྟེན་ན་ཁོང་དུ་ཆུད་པ་ཡིན་ནོ། །འོ་ན་ཅི་ཞེ་ན། སྐྱེ་བོ་ཞེས་བྱ་བར་ཁོང་དུ་ཆུད་དོ། །དེའི་ཕྱིར་འཛིན་པའི་དོན་འདི་རིགས་པ་མ་ཡིན་ནོ། །

དེ་ལྟར་རེ་ཞིག་དངོས་པོ་ཙམ་ལ་ལས་དང་བཅས་པའི་བྱེད་པ་པོར་བཤད་པ་ནི་རིགས་པ་མ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་འཁྲུལ་པ་ཡོད་པར་རྒྱ་ཆེར་བཀག་གོ། །ཡུལ་གཞན་དུ་གྲིབ་མ་འགྲོལ་བར་བྱེད་དོ། །མེ་འབར་ཞིང་འགྲོ་བར་བྱེད་དོ་ཞེས་བྱ་བ་གང་ཡིན་པ་འདི་ལ་ཞེས་བྱ་བས་ནི་

Vol. 137 · folio 256a

དཔེར་ན་བྱ་བ་དང་རང་དབང་ཡོད་པ་མེད་པར་ཡང་བྱེད་པ་པོར་བཤད་པ་མ་མཐོང་བ་དེ་ལྟ་བུར་སྟོན་པར་བྱེད་དོ། །བྱ་བ་དང་རང་དབང་ཡོད་པ་ཡང་ཇི་ལྟར་མེད་ཅེ་ན། དེའི་རྒྱུ་འདུག་པ་བཞིན་དུ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེའི་རྒྱུ་ལྷས་བྱིན་ལ་སོགས་པ་འདུག་བཞིན་

དུ་ཡང་ཉི་མ་འཁོར་བ་དང་། རྒྱང་རིང་བ་དང་། ཉ་བ་ལས་ཏེ། ཉི་མ་འཁོར་བ་དང་། རྒྱང་རིང་བ་དང་། ཉེ་བ་ལས་དེའི་འཁོར་བ་དང་། ཆེ་བ་དང་། ཆུང་བར་འགྱུར་བའི་ཕྱིར་ཏེ། གྲིབ་མ་འཁོར་བའི་ཕྱིར་དང་། ཆེ་བའི་ཕྱིར་དང་། ཆུང་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་བྱས་བས་ཤེ་ན། ལྷོ་

ཕྱོགས་སུ་སོང་ན་དེ་འཁོར་བའི་ཕྱིར་རོ། །དེ་རྒྱང་རིང་བ་ཉིད་ཀྱིས་ཏེ། ཉི་མ་གུང་ནས་ནུབ་ཕྱོགས་སུ་སོང་ན་ནི་ཤར་ཕྱོགས་སུ་དེ་ཆེ་བར་འགྱུར་བའི་ཕྱིར་རོ། །ཉི་མ་ཤར་བ་ལས་གུང་ལ་བབ་སྟེ་ཉེ་བར་གྱུར་པ་ཉིད་ཀྱིས་ནི་ནུབ་ཕྱོགས་སུ་དེ་ཆུང་བར་འགྱུར་བའི་ཕྱིར་རོ། །དེའི་རྒྱུ་འདུག་སྟེ་འཁོར་བ་ལ་

སོགས་པ་མི་བྱེད་བཞིན་དུ་ཡང་གྲིབ་མ་དེ་འཁོར་བ་ལ་སོགས་པ་ནི་རིགས་པ་མ་ཡིན་པས་དེའི་ཕྱིར་ཉི་མ་ལས་འགྱུར་གྱི་འགྲོ་བ་ནི་མི་བྱེད་དོ་ཞེས་བྱ་བར་འགྲུབ་བོ། །དེའི་རྒྱུ་འདུག་བཞིན་དུ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་དེ་ཉིད་ཀྱི་ཕྱིར་རང་དབང་ཡོད་པ་ནི་མེད་པའོ། །མེ་འབར་བ་ཡང་མི་འཕོ་སྟེ།

བུད་ཤིང་གི་རང་གི་ཕྱོགས་བསྲེགས་ནས་དེ་ཉིད་དུ་འཆི་བའི་ཕྱིར་རོ། །དེ་ཉིད་དུ་འཆི་བར་ཇི་ལྟར་ཤེས་ཤེ་ན། བུད་ཤིང་གི་ཕྱོགས་ཐ་དད་པ་ལས་མཆེད་པ་དང་། འབྲི་བ་དང་། རྣོ་བ་དང་། ཞན་པ་དག་གིས་དེ་ཐ་དད་པའི་ཕྱིར་ཏེ། མེ་འབར་བ་ཐ་དད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཐ་དད་

པ་ཡང་ཇི་ལྟ་བུ་ཞེ་ན། མཆེད་པ་དང་། འབྲི་བ་དང་། རྣོ་བ་དང་། ཞན་པ་དག་གིས་སོ། །གལ་ཏེ་མེ་འབར་བ་དེ་ཉིད་འཕོ་ན་ནི་ཐ་དད་པ་དེར་མི་འགྱུར་བ་ཞིག་ན། དེ་ཡང་མཐོང་བས་ན་དེ་ནི་མི་འཕོའོ། །དེ་རྣམས་ནི་སྟེ། དབང་པོ་ལ་སོགས་པ་རྣམས་ནི་གཅིག་ལ་གཅིག་ལྟོས་པའི་ཕྱིར་རྣམ་པར་ཤེས་པ་

སྐྱེད་པ་དེ་ལ་རང་དབང་ཡོད་པ་ཉིད་ག་ལ་ཡོད་པ་ཡིན། དེའི་རྣམ་པར་སྐྱེས་པ་ནས་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་ཡུལ་འཛིན་པའི་རྣམ་པར་སྐྱེས་པས་ནའོ། །སྨས་པ། གལ་ཏེ་དེ་གཉིས་ལ་སྟེ། གྲིབ་མ་དང་མེར་འབར་བ་གཉིས་ལའོ། །སློབ་དཔོན་གྱིས་བཤད་པ། ཁོང་དུ་ཆུད་པ་རྣམས་ཀྱིས་

Vol. 137 · folio 256b

ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་དུ་ཟིན་གྱིས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་བསམ་པའི་བྱ་བ་སྟེ། འདོད་པའི་བྱ་བ་མེད་པར་ཡང་དཔེར་ན་གྲིབ་མ་དང་མེ་འབར་ཞིང་འགྲོ་བར་བྱེད་དོ་ཞེས་བྱ་བའོ། །རྣམ་པར་ཤེས་པར་བྱེད་པས་ན་དེའི་ཕྱིར་རྣམ་པར་ཤེས་

པར་བྱེད་པའོ་ཞེས་བྱ་བ་འདི་སྨྲ་བའི་ཚུལ་དེ་ནི་མཚན་ཉིད་མེད་པ་ཡིན་ནོ་ཞེས། སློབ་དཔོན་གྱིས་བཤད་པ། མཚན་ཉིད་ཇི་ལྟ་བུ་སྨྲས་པ། ཇི་ལྟར་བྱཱ་ཀ་ར་ཎ་ལས་འབྱུང་བའི་མཚན་ཉིད་བཞིན་ཏེ། དངོས་པོ་དང་། བྱེད་པ་དང་གཞི་ལ་རྣམ་པར་ཤེས་པ་ཞེས་བྱ་བ་འདི་འབྱུང་བ་སྟེ། རེ་ཞིག་དངོས་

པོ་ལ་ནི་ཤེས་པ་ཁོ་ན་རྣམ་པར་ཤེས་བའོ་ཞེས་བྱ་བ་ལྟ་བུའོ། །བྱེད་པ་ལ་ནི་འདིས་རྣམ་པར་ཤེས་པས་ན། རྣམ་པར་ཤེས་པའོ་ཞེས་བྱ་བ་ལྟ་བུའོ། །གཞི་ལ་ནི་འདི་ཡོད་ན་རྣམ་པར་ཤེས་པའི་ཕྱིར་རྣམ་པར་ཤེས་པའོ་ཞེས་བྱ་བ་ལྟ་བུའོ། །དེ་དང་འདྲ་བར་ནི་བྱཱ་ཀར་ཎ་ལས། རྣམ་པར་ཤེས་པར་བྱེད་

པས་ན་དེའི་ཕྱིར་རྣམ་པར་ཤེས་པའོ་ཞེས་བྱ་བ་ཙམ་ལ་བྱེད་པ་པོའི་བྱ་བ་མི་འབྱུང་བའི་ཕྱིར་ན་མཚན་ཉིད་ཡོད་པ་མ་ཡིན་པས་མཚན་ཉིད་མེད་པ་ཡིན་ནོ། །རིག་བྱེད་ཉིད་ཀྱང་ཉེས་པར་བཤད་པ་ཡིན་ཏེ། དེ་དག་ལས་ནི་འཚེ་བ་ལ་སོགས་པ་བཤད་པའི་ཕྱིར་རོ། །ཡོན་ཏན་དང་ནི་སྐྱོན་དག་རྟོགས་

པར་མི་བྱེད་པ་ཞེས་བྱ་བའི་རྟོགས་པར་མི་བྱེད་ཅེས་བྱ་བ་ནི་འཇིག་རྟེན་ན་བྱ་བ་མེད་པར་ཡང་བྱེད་པ་པོར་བཤད་པ་འདི་མཐོང་ངོ་། །རྨོངས་པ་མེད་པར་གང་གིས་ཡིད་ལ་བདེ་བར་མི་བྱེད་པ་དེ་བདེ་ཞེས་ཇི་སྐད་བྱ་ཞེས་བྱ་བ་ཡང་དེ་དང་འདྲ་ལ། གང་གི་བློ་ནི་མང་དུ་ཐོས་ཀྱང་སྐྱེ་བ་ཤེས་པར་མི་བྱེད་ཅེས་བྱ་བར་

ཡང་དེ་དང་འདྲ་བ་དང་། གང་གི་ཚིག་གིས་སྙིང་ནི་སྡུད་ནུས་ཤིང་ཞེས་བྱ་བ་ཡང་དེ་དང་འདྲ་སྟེ། འཇིག་རྟེན་ན་བྱ་བ་མེད་པར་ཡང་དེ་ལྟ་བུར་བྱེད་པ་པོར་བཤད་པའི་ཕྱིར་མཐོང་བ་ཡིན་ནོ། །བྱཱ་ཀ་ར་ཎ་ལས་ཀྱང་འདི་མ་ངེས་པར་སྨྲས་པ་ཡིན་ཏེ། མང་དུ་འདྲེན་པ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །ཇི་ལྟ་

ཞེ་ན། ཀྲི་ཏྱའི་དོན་དང་། ལུ་ཊ་གཉིས་མང་དུ་འདྲེན་པ་ཡིན་ནོ་ཞེས་བཤད་དེ། ཀྲི་ཏྱ་དང་། ལུ་ཊ་གཉིས་དོན་གང་དག་ཏུ་བཤད་པ་དེ་དག་ལས་གཞན་དུ་ཡང་འགྱུར་རོ་ཞེས་འབྱུང་བས་སོ། །ཡང་ནི་གཏན་ཚིགས་ཀྱི་དོན་དུ་བལྟ་བར་བྱ་སྟེ། རབ་ཏུ་ཤེས་པར་བྱེད་པས་ཞེས་བྱ་བ་འདིའིའོ། །

Vol. 137 · folio 257a

གཞན་ལ་མི་ལྟོས་པར་འཇུག་པ་ཞེས་བྱ་བ་ནི་གྲོགས་གཞན་མེད་པར་འཇུག་པ་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ་ཞེས་བྱ་བ་ནི་ཇི་ལྟར་གྲུ་རྟེན་དུ་གྱུར་པ་ཉིད་ཀྱིས་ལྟོས་པ་མེད་པར་རང་གི་བྱ་བ་ལ་འཇུག་པ་དེ་བཞིན་དུ། ལྗོན་ཤིང་ཡང་

རྟེན་དུ་གྱུར་པ་ཉིད་ཀྱིས་ལྟོས་པ་མེད་པར་རང་གི་འགུལ་བའི་བྱ་བ་ལ་འཇུག་སྟེ། དེ་ལྟ་བས་ན་དེ་ནི་དེ་ལ་རང་དབང་ཡོད་པ་ཡིན་ནོ། །དེ་བཞིན་དུ་མེ་ཡང་རྟེན་དུ་གྱུར་པ་ཉིད་ཀྱིས་ལྟོས་པ་མེད་པར་རང་གི་འབྱུང་བའི་བྱ་བ་ལ་འཇུག་སྟེ། དེ་ལྟ་བས་ན་དེ་ནི་དེ་ལ་རང་དབང་ཡོད་པ་མ་ཡིན་ནོ། །དེ་བཞིན་

དུ་ཆུ་ཡང་རྟེན་དུ་གྱུར་པ་ཉིད་ཀྱིས་ལྟོས་པ་མེད་པར་རང་གི་གནས་པའི་བྱ་བ་ལ་འཇུག་པ་སྟེ། དེ་ལྟ་བས་ན་དེ་ནི་དེ་ལ་རང་དབང་ཡོད་པ་བཞིན་ནོ། །དེ་སྐད་ཅེས་སྨྲས་པ་དང་། སློབ་དཔོན་གྱིས་བཤད་པ། དེ་ནི་དེ་ལྟ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ལ་བྱུང་བའི་ཕྱིར་ན་རྟེན་གྱུར་པའི། །དེ་ཡང་

དེ་དང་གཞན་དང་འབྲེལ་ཕྱིར་རོ། །ཚིགས་སུ་བཅད་པ་ཕྱེད་པོ་འདི་ནི་སྔར། །རང་དགར་འཇུག་པ་རང་དབང་ཡོད་ཡིན་ན། །སེམས་པ་མེད་པ་བྱེད་པོར་མི་འགྱུར་རོ། །ཞེས་སྨོས་པ་གང་ཡིན་པ་དེའི་ཕྱིར་ཡིན་ནོ། །བྱེད་པོ་ཕྱི་མ་འདིའི་དོན་ནི་འདི་ལྟར་དེ་དེ་ལ་འབྱུང་བ་གང་ཡིན་པའི་གྲུ་དེ་ཞེས་བྱ་བ་

རྒྱ་ཆེར་འབྱུང་བ་ཡིན་ནོ། །སྨྲས་པ། བྱ་བ་དེ་ལ་གྲུ་དེ་ཇི་ལྟར་དེ་ལ་རང་དབང་ཡོད་པ་ཉིད་དུ་འགྱུར་ཞེས་གང་བསྟན་པ་དེ་ལ་སྨྲ་བར་བྱ་སྟེ། བྱ་བ་གང་འབྱུང་བ་དེ་ནི་དེ་ལ་གནས་ལ། དེ་ལ་གནས་པ་ན་རང་དབང་ཡོད་པ་ཉིད་ཡིན་ནོ་ཞེས་སྨྲས་ན། གང་ལ་དེ་རང་དབང་ཡོད་པས་རྒྱུ་གཞན་དང་

འབྲེལ་བ་ལས་འབྱུང་བའི་བྱ་བ་དེ་འབྱུང་ན། དེའི་ཚེ་དེ་ལ་ཅི་ཞིག་བྱར་ཡོད། དེ་ལྟ་བས་ན་ད་ནི་གྱི་ནའོ། །འདིར་རེ་ཞིག་གྲུ་དང་བྱ་བ་དོན་གཞན་དུ་འགྱུར་བའི་ཕྱིར་དེ་དེའི་རྟེན་དུ་གྱུར་པའམ། དེ་ལ་རང་དབང་ཡོད་པ་ཡིན་ནོ་སྙམ་དུ་རྟོག་ལ་རག་གོ། །སྐྱེ་བ་ཡང་སྐྱེ་བ་སོ་སོའི་བདག་ཉིད་དུ་གྱུར་པ་

ཡིན་ན། སྐྱེ་བ་གང་ཡིན་པ་དེ་ནི་སྐྱེ་བ་པོ་དེའི་ཡིན་ན། སྐྱེ་བ་པོ་དེའི་རྟེན་དུ་ཇི་ལྟར་རིགས། བདག་ཉིད་དུ་མ་གྱུར་པ་དང་སྟེ། སྐྱེ་བ་པོ་དེ་ལས་གཞན་པ་ཡང་སྐྱེ་བ་པོ་དེ་ལ་ཇི་ལྟར་འབྱུང་། གཞན་ཡང་སྐྱེ་བ་ལ་ཡང་སྐྱེ་བ་ཐུག་པ་མེད་པར་འགྱུར་བས་ཧ་ཅང་ཐལ་ཆེས་བར་འགྱུར་ཏེ། སྐྱེ་བ་ཡང་སྐྱེ་

Vol. 137 · folio 257b

པར་གྱུར་པས་སོ། །སྨྲས་པ། གལ་ཏེ་དེ་ལྟར་རང་དབང་ཡོད་པ་ཉིད་བྱེད་པ་པོར་མི་འཐད་པའི་ཕྱིར་བྱེད་པ་པོའི་བྱེད་པ་པོ་མི་རུང་ན། འོ་ན་བརྗོད་པར་འདོད་པ་ལས་ཞེས་བྱ་བ་རྒྱས་པར་སྨོས་པ་ཡིན་ནོ། །སློབ་དཔོན་གྱིས། གལ་ཏེ་བརྗོད་པར་འདོད་པ་ལས་ཡིན་ན་ཞེས་བྱ་བ་རྒྱ་ཆེར་

བཤད་པ་དང་། བརྡ་སྤྲད་པ་པས་སྨྲས་པ་གཉི་ག་ཡིན་ནོ། །སློབ་དཔོན་གྱིས། དེ་ལྟར་མཚན་ཉིད་གཉིས་མེད་བཞིན་དུ་ཡང་། །ཞེས་རྒྱ་ཆེར་བཤད་དེ། དེ་ལྟར་དུས་གཅིག་ཏུ་གཞན་གྱི་དབང་ཉིད་དམ་རང་དབང་ཡོད་པ་ཉིད་མེད་བཞིན་དུ་ཡང་མཚན་ཉིད་དེ་སྒྲའི་རིག་པ་ལས་མཁས་

པས་ཅི་དགར་བྱེད་པ་པོ་རྣམས་སྦྱར་བར་རུང་ངམ། སྨྲས་པ་རུང་སྟེ། འདི་ལྟར་གང་གི་ཕྱིར་ངེས་པའི་ཚིག་གི་ཆོས་ཉིད་ཀྱི་རང་གི་མཚན་ཉིད་འཛིན་པས་ན། ཆོས་ཞེས་བྱའོ་ཞེས་བྱ་བ་དེ་ལ་བྱེད་པ་པོ་དང་། ལས་དང་བྱ་བའི་བྱེད་པ་ཡང་མེད་དོ། །འདི་ལྟར་དེ་ཁོ་ནའི་ཚེ་གཟུགས་ལ་སོགས་

པའི་མཚན་ཉིད་དེ་ཉིད་འཛིན་པ་སྟེ་བྱ་བའི་བྱེད་པ་པོར་གང་འགྱུར་བའི་བྱེད་པ་པོ་ཉིད་དང་། ལས་དང་བྱ་བ་དབྱེར་མེད་དོ། །ལས་ཀྱི་དབྱེ་བས་ཀྱང་དབྱེར་མེད་དོ། །ཇི་ལྟར་ན་རང་གི་མཚན་ཉིད་བྱེད་པ་པོར་གྱུར་ནས། དེ་ཉིད་གཟུང་བར་བྱ་བ་ལས་སུ་འགྲུབ་པར་འགྱུར། བྱ་བའི་དབྱེ་བས་ཀྱང་དབྱེར་

མེད་དེ་འདི་ལྟར་མཚན་ཉིད་དེ་ཉིད་འཛིན་པ་སྟེ་བྱ་བར་མི་འཐད་དོ། །རང་གི་མཚན་ཉིད་ལས་ལོགས་ཤིག་ན་ཡང་འཛིན་པའི་བྱ་བ་མེད་དོ། །འོན་ཀྱང་བརྗོད་པར་འདོད་པ་ལས་ནི་རང་གི་མཚན་ཉིད་འཛིན་པས་ན་ཆོས་ཞེས་བྱའོ་ཞེས་བྱ་བ་དེའི་སྦྱོར་བར་འགྱུར་རོ། །སྒྲ་ལ་མཁས་པས་ཅིའི་ཕྱིར་ཞེ་ན་

ཞེས་བྱ་བ་རྒྱས་པར་སྨྲས་པ་དང་། སློབ་དཔོན་གྱིས་རྣམ་པར་ཤེས་པ་ཙམ་ལ་ཞེས་བྱ་བ་རྒྱ་ཆེར་བཤད་དོ། །བདག་ཏུ་ལྟ་བས་ཀུན་དུ་བརྟགས་པ་ནི་བདག་ཏུ་ལྟ་བ་དག་གིས་ཀུན་དུ་བརྟགས་པའོ། །དེ་བཞིན་དུ་རབ་ཏུ་ཤེས་པར་བྱེད་པས་ན་ཤེས་རབ་བོ་ཞེས་བྱ་བ་ཡང་རིགས་པར་བཤད་པ་ཡིན་ནོ་

ཞེས་བྱ་བ་ནི་ཤེས་རབ་ཙམ་ལ་བྱེད་པ་པོ་ཉིད་དུ་སྙད་གདགས་ཀྱི་བདག་ཏུ་ལྟ་བས་ཀུན་དུ་བརྟགས་པའི་བྱེད་པ་པོ་ནི་འགའ་ཡང་ཡོད་པ་མ་ཡིན་ན་ཞེས་བསྟན་པའི་ཕྱིར་རོ། །དེ་དག་ལ་བརྗོད་པར་འདོད་པ་བྱེད་པ་པོ་འགའ་ཡང་ཅི་ཞིག་ཡོད་དེ་ཞེས་བྱ་བ་ནི་གྲྭ་དང་། སྒོ་དང་། ལམ་དེ་དག་ལ་སྨྲ་བ་

Vol. 137 · folio 258a

པོའི་བརྗོད་པར་འདོད་པ་བྱེད་པ་པོ་ཉིད་ཅི་ཞིག་ཡོད་ན། གང་གི་ཕྱིར་ཁྱིམ་གྱི་གྲྭ་ཞུམ་པ་དང་། གྲྭ་གློས་པ་དང་། སྒོ་འདི་ཡུལ་བཅོམ་བརླག་ཏུ་འབྱུང་ངོ་། །ལམ་འདི་ཡུལ་བཅོམ་བརླག་ཏུ་འགྲོའོ་ཞེས་འདི་བྱེད་པ་པོ་ཉིད་དུ་བཤད། དེ་ལྟ་བུའི་སྦྱོར་བ་ནི་བྱེད་པ་པོ་ཐ་དད་

པ་ལ་ཡང་མཐོང་སྟེ་ཞེས་བྱ་བ་ནི་ནས་ཞེས་བྱ་བ་བརྗོད་པའི་རྣམ་པའི་སྦྱོར་བ་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་མར་འཐུངས་ནས་སྟོབས་འབྱུང་ངོ་། །སེང་གེ་མཐོང་ནས་འཇིགས་པ་འབྱུང་ངོ་ཞེས་བྱ་བ་ལ་དེ་འཐུང་བར་བྱེད་པ་གང་ཡིན་པ་དེ་ནི་བྱ་བ་མར་འཐུང་བའི་བྱེད་པ་པོ་ཡིན་ནོ། །སྟོབས་ནི་བྱ་

བ་སྟོབས་འབྱུང་བའི་བྱེད་པ་པོ་ཡིན་ནོ། །ལྟ་བ་པོ་ནི་བྱ་བ་ལྟ་བའི་བྱེད་པ་པོ་ཡིན་ནོ། །འཇིགས་པ་ནི་བྱ་བ་འཇིགས་པ་འབྱུང་བའི་བྱེད་པ་པོ་ཡིན་པས་བྱེད་པ་པོ་ཐ་དད་པ་ལ་ཡང་ནས་ཞེས་བརྗོད་པ་འབྱུང་ངོ་། །འོན་ཏེ་མར་འཐུང་བར་བྱེད་པ་གང་ཡིན་པ་དེ་ཉིད་སྟོབས་འབྱུང་བ་ཡང་དེ་ཡིན་ནོ། །སེང་གེ་

མཐོང་བ་པོ་གང་ཡིན་པ་དེ་ཉིད་འཇིགས་པ་འབྱུང་བ་ཡང་དེ་ཉིད་ཡིན་ནོ་ཞེས་བྱ་བ་དེ་ལྟར་འདྲེན་ན། དེ་བཞིན་དུ་སྐར་རྒྱལ་སྐྱེས་ཞེས་རྒྱས་པར་འབྱུང་བ་ཡིན་ནོ། །དུས་སྔ་མ་ཤོས་མ་ཡིན་པ་ལ་ཡང་མཐོང་སྟེ་ཞེས་བྱ་བ་ནི་དུས་མཉམ་པ་ལ་ཡང་ནས་ཞེས་བརྗོད་པ་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །བརྡ་སྤྲོད་

པ་པས་སྨྲས་པ། ཅི་ཁ་གདངས་ནས་དུས་ཕྱི་མ་ལ་ཉལ་བ་མ་ཡིན་ནམ། མིག་བཙུམས་ནས་དུས་ཕྱི་མ་ལ་ཉལ་བ་མ་ཡིན་ནམ། གང་གི་ཕྱིར་ཁ་གདངས་ནས་ཉལ་ཞེས་བྱ་བ་རྒྱ་ཆེར་སྨོས་ཤེ་ན། འདིར་སློབ་དཔོན་གྱིས་བཤད་པ་མི་རུང་སྟེ། ཇི་ལྟར་སྔར་ཁྲུས་བྱས་ནས་ཞེས་བྱ་བ་རྒྱ་ཆེར་སྨོས་

པ་ཡིན་ཏེ། ཁ་གདངས་པའམ། མིག་འཛུམས་པ་ནི་ཉལ་བ་དང་དུས་མཉམ་དུ་འབྱུང་བ་ཡིན་པར་མངོན་ནོ། །ཇི་ལྟར་མངོན་ཞེ་ན། འདི་ལྟར་ཞེས་བྱ་བ་རྒྱ་ཆེར་སྨོས་པ་དང་། དེ་ནི་སྔར་འགེངས་པའམ་ཞེས་བྱ་བ་རྒྱ་ཆེར་སྨོས་པ་ཡིན་ཏེ། འོད་དང་ལྡན་པ་རྣམས་ནི་འོད་ཀྱིས་སྔར་འཇིག་རྟེན་

འགེངས་པའམ། ཆ་ཤས་ཀྱིས་སྔར་ཞུགས་ནས་ཕྱིས་འཆར་བའམ། མུན་པ་སེལ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་ཁར་བ་ཞེས་བྱ་བ་རྒྱ་ཆེར་སྨོས་པ་དེ་ནི་དུས་ཕྱི་མའི་བྱ་བ་ལ་ཡང་ནས་ཞེས་བརྗོད་པ་མཐོང་བ་ཡིན་ནོ་ཞེས་བྱ་བའི་དཔེར་བརྗོད་པ་ཡིན་ནོ། །རྒྱུ་དེ་ཉིད་ཀྱིས་ཇི་སྐད་སྨོས་པ་བཞིན་དུ་འབྱུང་

Vol. 137 · folio 258b

ཞེས་བྱ་བ་ནི་བུད་ཤིང་ལ་སོགས་པའི་རྒྱུས་མེ་ལ་སོགས་པ་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་དེ་ཉིད་གསལ་བར་མཛད་པ་ན་ཞེས་བྱ་བ་ནི་རྒྱུའི་དོན་ཡིན་ནོ། །འདིར་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བའི་སྦྱོར་བ་འདི་ནི་ཅི་ནས་ཀྱང་རྒྱུའི་དོན་ཁོ་ན་

ཉིད་ཡིན་པར་ཤེས་པར་བྱ་བའི་དུས་སྔ་མ་ཤོས་ཀྱིས་བྱ་བའི་དོན་དུ་ནི་ཤེས་པར་མི་བྱའོ། །འབྱུང་བ་ནི་སྐྱེས་པ་ཡིན་གྱི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་འོན་ཏེ། འབྱུང་བ་འདས་པ་གང་ཡིན་པ་དེ་སྐྱེས་པ་ཡིན་གྱི། ཡོད་པ་སྟེ་ད་ལྟར་བྱུང་བ་གང་ཡིན་པ་ནི་མ་ཡིན་པར་འདོད་ཅིང་། ཁྱོད་ཀྱིས་ཀྱང་གལ་ཏེ་

ཡོད་ན་དེའི་ཚེ་དེ་སྐྱེས་པ་ཉིད་ཡིན་པས་ཞེས་དུས་འགལ་བར་སྨྲས་པ་ཡིན་ནོ་སྙམ་དུ་དེ་ལྟར་སེམས་ན་རྟོག་པ་དེ་ལ་ཡང་གང་གི་ཚེ་དེ་ཞིག་པ་དེའི་ཚེ་སྐྱེས་པ་ཡིན་པར་འགྱུར་ཏེ། ཞིག་པ་ཡིན་པར་འགྱུར་བའི་སྐྱོན་འདིར་འགྱུར་རོ། །གཞན་ཡང་ངེས་པའི་ཚིག་ལས་ཀྱང་ཞེས་བྱ་བ་རྒྱ་ཆེར་སྨོས་པ་ཡིན་

ནོ། །གཞན་ཡང་གལ་ཏེ་ཡོད་ལ་མ་སྐྱེས་པ་ཞིག་ཡིན་ན། སྐྱེ་བའི་སྔ་རོལ་དེ་ཡོད་པ་ཞེས་བྱ་བར་འགྱུར་རོ། །དེའི་ཕྱིར་བརྟེན་ནས་ཞེས་བྱ་བ་ཡང་གྲུབ་པོ། །རྒྱུ་དེས་ན་སྐྱེ་བའི་སྔ་རོལ་ན་རྣམ་པར་ཤེས་པ་དེ་ཡོད་པར་འགྱུར་རོ། །དེའི་ཕྱིར་མིག་དང་གཟུགས་ལ་བརྟེན་ནས་ཤེས་པར་ཡང་འགྱུར་ཏེ།

གྲུབ་པ་ཡིན་པས་དེ་ལ་རྣམ་པར་ཤེས་པ་ནི་གང་ཞིག་གིས་བརྟེན་ནས་ཕྱིས་སྐྱེ་བར་འགྱུར་བའི་སྐྱེ་བའི་སྔ་རོལ་ན་ཡང་མེད་ཅིང་ཞེས་གང་སྨྲས་པ་དེ་མི་རུང་ངོ་། །ཡོད་པ་མ་སྐྱེས་པ་ཡིན་ཞེས་ཟེར་ན། ཡང་ན་སྐྱེ་བའི་ཚེ་ཡང་མ་སྐྱེས་པ་ཡིན་ཞེས་བྱ་བའི་སྐྱོན་གཞན་འདི་ཡང་ཡོད་དེ། སྐྱེ་བའི་ཚེ་ཞེས་བྱ་བ་ནི་

ད་ལྟར་བྱུང་བ་ཡིན་ལ། སྐྱེས་བ་ཞེས་བྱ་བ་ནི་མཐར་ཐུག་པའི་དུས་ཡིན་ནོ། །དེ་ལྟར་བྱས་ན་སྐྱེ་བའི་ཚེ་ཡང་མ་སྐྱེས་པ་ཡིན་ནོ། །སྐྱེ་བའི་འོག་ཏུ་རྣམ་པར་ཤེས་པ་དེ་སྐྱེས་པ་ཡིན་པས་སྐྱེ་བའི་འོག་དེའི་ཚེ་ཞིག་པ་ཁོ་ན་ཡིན་པས་གང་གི་ཚེ་ཞིག་པ་དེའི་ཚེ་སྐྱེས་པ་ཡིན་པར་འགྱུར་བས་དེ་ཡང་འདོད་

པ་མ་ཡིན་ནོ། །དེ་ལྟར་ན་རེ་ཞིག་གང་གི་ཚེ་རྣམ་པར་ཤེས་པ་སྐྱེ་བ་ན། གལ་ཏེ་དེ་ཡོད་ན་དེའི་ཕྱིར་སྐྱོན་དེ་དག་ཡོད་དོ། །འོན་ཏེ་མེད་པ་ཞིག་ཡིན་ན་ཞེས་བྱ་བ་རྒྱ་ཆེར་སྨོས་པ་ཡིན་ནོ། །ཡང་ན་ཡོད་པ་དང་མེད་པ་ཞེས་བྱ་བ་ཐལ་ཆེས་པའི་ཚིག་མང་པོ་བོར་ཏེ་ཞེས་བྱ་བ་ཐལ་ཆེས་པའི་ཚིག་

Vol. 137 · folio 259a

རྣམ་པ་མང་པོ་དེ་ཡང་ཇི་ལྟ་བུ་ཞེ་ན། གལ་ཏེ་ཡོད་ན་དེའི་ཚེ་སྐྱེ་བ་ཁོ་ན་ཡིན་ནོ་ཞེས་རྣམ་པར་རྟོག་པ་དེ་ལ་དེའི་ཚིག་དེ་ཐལ་ཆེས་པར་འགྱུར་ཏེ། ཡོད་པ་ནི་ཞེས་བྱ་བ་རྒྱས་པར་སྨོས་པའི་ཡོད་པ་ན་ད་ལྟར་བྱུང་བའི་དུས་ཡིན་ལ། སྐྱེས་པ་ཞེས་བྱ་བ་ནི་མཐར་ཐུག་པ་ཡིན་ནོ། །

ཞེས་བྱ་བ་དང་། གལ་ཏེ་དེ་ལྟ་ཡིན་ན་འབྱུང་བ་ནི་སྐྱེས་བ་ཡིན་གྱི་ཡོད་པ་མ་ཡིན་ནོ། །གང་གི་ཚེ་དེ་ཞིག་པ་དེའི་ཚེ་སྐྱེས་པ་ཡིན་པར་འགྱུར་བ་ཞིག་ན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཐལ་ཆེས་པའི་ཚིག་མང་པོ་བོར་ཏེ། གང་གི་ཚེ་རྣམ་པར་ཤེས་པ་སྐྱེ་བ་ནི་ཅི་དེའི་ཚེ་རྣམ་པར་ཤེས་པ་རྣམ་པར་

ཤེས་པའི་བདག་ཉིད་ཀྱིས་བདག་ཏུ་བཅས་པ་ཡིན་ནམ། བདག་མེད་པ་ཡིན་ཞེས་དཔྱད་པར་བྱའོ། །གལ་ཏེ་རྣམ་པར་ཤེས་པའི་བདག་ཉིད་ཀྱིས་བདག་ཏུ་བཅས་པ་ཡིན་ན་དེའི་ཚེ་དེ་སྐྱེ་བ་ཉིད་ཡིན་པས་ཡང་སྐྱེ་བས་ཅི་ཞིག་བྱ། འོན་ཏེ་ཞེས་འོན་ཏེ་རྣམ་པར་ཤེས་པའི་བདག་ཉིད་ཀྱིས་བདག་

མེད་པ་ཡིན་ན་ཇི་ལྟར་དེ་བདག་མེད་པར་བྱ་བ་སྐྱེ་བ་དག་ལ་སྐྱེ་བའི་བྱེད་པ་པོ་ཡིན་པ་དེ་བཞིན་དུ་བརྟེན་ནས་ཞེས་བྱ་བ་ཡང་གྲུབ་པ་ཡིན་ཏེ། རྣམ་པ་དེ་ཉིད་ཀྱིས་བརྟེན་ནས་ཞེས་བྱ་བ་བརྟེན་པའི་བྱེད་པ་པོ་ཉིད་དུ་གྲུབ་པ་ཡིན་ནོ། །ཡང་ན་དོན་གང་གིས་ན་དེ་བྱེད་ཅེས་བྱ་བ། ཅིའི་ཕྱིར་ཞེ་ན། བྱེད་པ་ལ་

རང་གི་ཐུན་མོང་མ་ཡིན་པའི་དོན་ནི་འགའ་ཡང་མེད་དེ། འདི་ལྟར་བདེ་བ་བྱེད་ཅེས་བྱ་བ་རྒྱས་པར་སྨོས་པ་ལ། འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་སྐྱེ་བའི་བྱེད་པ་པོའི་བྱེད་ཅེས་བྱ་བའི་དོན་བརྗོད་པར་བྱ་དགོས་སོ་ཞེས་བྱ་བ་ནི་གང་གི་ཕྱིར་བྱེད་ཅེས་བྱ་བའི་དོན་མང་

དུ་སྙེགས་པ་དེའི་ཕྱིར་སྐྱེ་བའི་བྱེད་པ་པོའི་བྱེད་ཅེས་བྱ་བའི་དོན་བརྗོད་པར་བྱ་དགོས་སོ། །ཡང་ན་དེ་ལ་སྐྱེ་བའི་རག་ལུས་པ་ཅི་ཞིག་ཡོད་ན་གང་གི་ཕྱིར་སྐྱེ་བར་བྱེད་ཅེས་བྱ། གལ་ཏེ་འབྱུང་བར་བྱེད་དོ་ཞེ་ན། དེ་ཉིད་ཐུག་པ་མེད་པར་འགྱུར་ཏེ། སྐྱེ་བ་དེ་འབྱུང་བ་ལ་ནི་འབྱུང་བ་མེད་པས་དེ་ནི་གྱི་

ནའོ། །རྐྱེན་རྙེད་པ་ཙམ་ལ་བརྟེན་ནས་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྐྱེན་རྣམས་རྙེད་པ་ཙམ་ལ་བརྟེན་ནས་ཞེས་བྱ་བར་འགྱུར་རོ། །དེ་ལ་བྱ་བ་འགའ་ཡང་མེད་ལ་ཞེས་བྱ་བ་རྒྱས་པར་སྨོས་པ་ཡིན་ནོ། །འདི་ལྟར་གཟུགས་དེ་ལ་གང་ཅི་ཡང་རུང་བ་ཞེས་བཤད་པ་ནི། གཟུགས་ཀྱི་དོན་དུ་མར་

Vol. 137 · folio 259b

རབ་ཏུ་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ། གཟུགས་ཞེས་བྱ་བ་ཉིད་དོན་ཡིན་པས་གཟུགས་ཀྱི་དོན་ཏོ། །གཟུགས་ཀྱི་དོན་དུ་མ་དེ་རབ་ཏུ་བསྟན་པའི་ཕྱིར་རོ། །ཚོར་བ་ལ་ནི་ཚོར་བའི་དོན་དུ་མ་ཉིད་མེད་དེ། འདི་ལྟར་ཚོར་བ་ཐམས་ཅད་ནི་མྱོང་བའི་མཚན་ཉིད་ཡིན་ནོ། །དེའི་ཕྱིར་དེ་ལ་ཚོར་བ་གང་ཅི་ཡང་

རུང་བ་ཞེས་བྱ་བ་གསུངས་སོ། །ཡུལ་བརྟག་ཏུ་རུང་བའི་དོན་ཞེས་བྱ་བ་ལ། ཡུལ་བརྟག་ཏུ་རུང་བ་ཞེས་བྱ་བ་ནི་བསྟན་དུ་རུང་བ་ཞེས་བྱ་བ་ཡིན་ནོ། །ཡུལ་བརྟག་ཏུ་རུང་བ་ཉིད་ཀྱི་དོན་ཡིན་པས་ཡུལ་བརྟག་ཏུ་རུང་བའི་དོན་ཡིན་ནོ། །ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་འགྱུར་བ་

བསྐྱེད་པ་གཟུགས་སུ་རུང་བའི་དོན་ཞེས་བྱ་བ་ལ། འགྱུར་བ་བསྐྱེད་པ་ཉིད་གཟུགས་སུ་རུང་བ་ཡིན་ལ། རྣམ་པར་གཞག་པ་ནི་འགྱུར་བ་སྐྱེད་པ་གཟུགས་སུ་རུང་བ་ཡིན་ནོ། །ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་འགྱུར་བ་བསྐྱེད་པ་གཟུགས་སུ་རུང་བ་ཉིད་ནི་ལག་པ་ལ་སོགས་

པའི་འདུས་ཏེ་རེག་པ་དག་གིས་འགྱུར་བ་བསྐྱེད་པ་གདགས་སུ་རུང་བའི་དོན་ཡིན་ནོ། །གཟུགས་ཀྱིས་དེ་གདགས་པས་གཟུགས་སུ་རུང་བའི་དོན་ཞེས་བྱ་བ་ལ། གཟུགས་ཞེས་བྱ་བ་ལུས་དང་ངག་གི་གཟུགས་ཀྱིས་སོ། །གདགས་པ་ཉིད་གཟུགས་སུ་རུང་བ་སྟེ། རྣམ་པར་བཞག་ཏུ་རུང་

བ་ཡིན་པས་གདགས་པ་གཟུགས་སུ་རུང་བའོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དེར་གདགས་པ་གཟུགས་སུ་རུང་བ་ཉིད་དོན་ཡིན་པས་དེ་གདགས་པ་གཟུགས་སུ་རུང་བའི་དོན་ཡིན་ཏེ། འདི་ལྟར་ཞེས་བྱ་བ་རྒྱས་པར་སྨོས་པས་ནི་གཟུགས་ཀྱི་དོན་རྣམ་པ་གསུམ་ཆར་ཡང་རྒྱ་ཆེར་རྣམ་

པར་མ་ཕྱེ་བས་རྣམ་པར་འབྱེད་པ་ཡིན་ནོ། །བསྟན་དུ་ཡོད་པའི་གཟུགས་ནི་མིག་གི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་སྔོན་པོ་དང་། སེར་པོ་ལ་སོགས་པ་གང་ཡིན་པ་སྟེ། འདི་ནི་བསྟན་དུ་ཡོད་ཅིང་ཐོགས་པ་དང་བཅས་པ་ཞེས་བྱའོ། །ཐོགས་པ་དང་བཅས་པའི་གཟུགས་ནི་རྣ་བ་ལ་

སོགས་པའི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་སྒྲ་དང་དྲི་ལ་སོགས་པ་གང་ཡིན་པ་སྟེ། འདི་ནི་བསྟན་དུ་མེད་ཅིང་ཐོགས་པ་དང་བཅས་པ་ཞེས་བྱའོ། །བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་ནི་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱི་གཟུགས་ཀྱིས་དེ་གདགས་པའི་ཕྱིར་

Vol. 137 · folio 260a

ལུས་དང་ངག་གི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་ཡིན་ཏེ། ལུས་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་དང་། ངག་གི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བའོ། །སྨྲས་པ། རྣམ་པར་རིག་བྱེད་མ་ཡིན་པ་དེ་གདགས་པ་ཡིན་ན་ལུས་དང་ངག་གཉིས་ཀྱིས་ཁས་བླངས་

ནས་མི་བྱེད་པ་ཙམ་ལ་ཅིའི་ཕྱིར་གཟུགས་ཞེས་བྱ་ཞེ་ན། གཟུགས་ཀྱིས་ཞེས་བྱ་བ་རྒྱས་པར་སྨོས་པ་ཡིན་ཏེ། གང་གི་ཕྱིར་ལུས་དང་ངག་གི་གཟུགས་ཀྱི་རྣམ་པར་རིག་བྱེད་མ་ཡིན་པར་དེ་གདགས་པ་གཟུགས་སུ་རུང་བ་རྣམ་པར་གཞག་ཏུ་རུང་བ་ལུས་ཀྱི་སྤོང་བ་དང་། ངག་གི་སྤོང་བ་ཞེས་བྱ་བ་ཡིན་

པས་དེའི་ཕྱིར་གཟུགས་ཀྱིས་གདགས་པ་གཟུགས་སུ་རུང་བའི་ཕྱིར་གསུངས་པ་ཡིན་ནོ། །དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། འདི་ལྟར་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དེ་ནི་ལུས་དང་ངག་གཉིས་མེད་ན་གདགས་སུ་ཡོད་པ་མ་ཡིན་ཏེ། གཟུགས་མེད་པ་ན་དེ་གདགས་པ་མེད་པའི་ཕྱིར་རོ། །གཟུགས་

མེད་པ་ན་ལུས་དང་ངག་གཉིས་མེད་པས་འདི་ལྟར་དེ་གདགས་པ་མེད་དོ། །གཟུགས་ཅན་མ་ཡིན་པ་ཞེས་བྱ་བ་ནི་མ་གསུངས་པ་ཡིན་ལ་ཞེས་བྱ་བ་ནི་དེ་ལ་གལ་ཏེ་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མ་གཟིགས་ན་ཅིར་དགོས་ཏེ། དེ་ལྟ་བས་ན་རྣམ་པར་རིག་བྱེད་མ་

ཡིན་པ་ཡོད་དོ། །ཇི་ལྟ་ཞེ་ན། ཆོས་ཀྱི་སྐྱེ་མཆེད་བསྟན་ནས་ཡིད་དང་ཆོས་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་སྟེ། དེ་ལ་ཆོས་གཟུགས་ཅན་ཡིད་ལས་བྱུང་བ་གང་དག་ཡིན་པ་འདི་ནི་གཟུགས་ཀྱི་ཕུང་པོ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གཟུགས་ཅན་འདས་པ་དང་མ་འོངས་པ་གང་ཡིན་པ་དག

ཅེས་བྱ་བ་རྒྱས་པར་སྨོས་པ་ནི་སྨྲས་པ་ཆོས་གཟུགས་ཅན་མིག་ལ་སོགས་པ་ནས་རེག་བྱ་ལ་ཐུག་པ་འདས་པ་དང་མ་འོངས་པ་གང་ཡིན་པ་དེ་དག་དེར་ཆོས་ཀྱི་སྐྱེ་མཆེད་ཡིན་པ་དེ་ལྟར་ཅིའི་ཕྱིར་མི་འདོད་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་དེའི་ཚེ་སྐྱེ་ཞིང་མཆེད་པར་མི་བྱེད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པའི་

དམིགས་པ་ནི་ཡིན་པའི་ཕྱིར་དེ་དག་ཆོས་ཀྱི་སྐྱེ་མཆེད་ཉིད་དུ་རིག་པས་དེ་ལ་རྣམ་པར་རིག་བྱེད་མ་ཡིན་པ་བོར་ན་ཆོས་ཀྱི་སྐྱེ་མཆེད་དུ་འགྱུར་བ་ཆོས་གཟུགས་ཅན་གཞན་གང་དག་ཡོད་ཅེས་སྨྲས་པ་གང་ཡིན་པ་དེ་མི་རུང་ངོ་ཞེ་ན། འདིར་བཤད་པ་སྐྱེ་མཆེད་སོ་སོ་བའི་མདོ་དང་འགལ་ཏེ་ཞེས་བྱ་བ་རྒྱས་

Vol. 137 · folio 260b

པར་སྨོས་པ་ཡིན་ནོ། །འདི་ལྟར་དེ་ལས་ནི་བཙུན་པ་ཆོས་ཕྱིའི་སྐྱེ་མཆེད་དེ་དག་གང་ལགས། དགེ་སློང་དག་ཆོས་ཀྱི་སྐྱེ་མཆེད་བཅུ་གཅིག་པོ་དག་གིས་མ་བསྡུས་པ་བསྟན་དུ་མེད་ཅིང་ཐོགས་པ་མེད་པ་ཡིན་ནོ། །བཅུ་གཅིག་གང་དག་གིས་མ་བསྡུས་ཤེ་ན། མིག་གི་སྐྱེ་མཆེད་ལ་སོགས་པ་དག་

གིས་མ་བསྡུས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ན། །ཇི་ལྟར་དེ་དང་འགལ་ཞེ་ན། མིག་ལ་སོགས་པ་འདས་པ་དང་ཞེས་བྱ་བ་རྒྱ་ཆེར་སྨོས་པ་ཡིན་ཏེ། དེ་ལ་མིག་དང་རྣ་བ་ལ་སོགས་པ་དང་། གཟུགས་དང་སྒྲ་ལ་སོགས་པ་འདས་པ་དང་མ་འོངས་པ་དག་ལས་གཟུགས་གཅིག་པུ་ནི་བསྟན་དུ་ཡོད་ཅིང་

ཐོགས་པ་དང་བཅས་པ་ཡིན་ནོ། །ལྷག་མ་རྣམས་ནི་བསྟན་དུ་མེད་པ་ཐོགས་པ་དང་བཅས་པ་ཡིན་ནོ། །དེ་ལྟ་ན་དེ་དག་ནི་སྐྱེ་མཆེད་བཅུ་གཅིག་གིས་བསྡུས་པའི་ཕྱིར་དང་། ཇི་ལྟར་རིགས་པར་བསྟན་དུ་ཡོད་ཅིང་ཐོགས་པ་དང་བཅས་པའི་ཕྱིར་མདོ་དེ་དང་འགལ་བ་ཡིན་ནོ། །འོན་ཏེ་དེ་དག་ནི་དེའི་ཚེ་དེ་འདི་

ནའོ། །པའི་ནའོ་ཞེས་བཤད་དུ་མེད་པ་ཐོབ་པར་བྱར་ཡང་མེད་པས་དེའི་ཕྱིར་བསྟན་དུ་མེད་ཅིང་ཐོགས་པ་དང་བཅས་པ་ཉིད་མེད་དོ་ཞེ་ན། དེའི་ཕྱིར་འདི་སྐད་དུ་ཡང་ན་གཟུགས་ཉིད་དུ་ཡང་འདོད་པར་མི་བྱ་སྟེ། འདི་ལྟར་དེ་དག་ནི་དེའི་ཚེ་གཟུགས་སུ་མེད་པས་སོ་ཞེས་བྱ་བ་སྨོས་པ་ཡིན་ནོ། །གཞན་ཡང་

རིགས་བཅུ་པོ་མིག་གི་སྐྱེ་མཆེད་ལ་སོགས་པ་གཟུགས་ཅན་དག་ཀྱང་དུས་སུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མིག་ལ་སོགས་པ་འདས་པ་དང་། མ་འོངས་པ་དག་ནི་ཆོས་ཀྱི་སྐྱེ་མཆེད་ཡིན་པས་སོ། །གཉིས་གཉིས་འབྲེལ་བར་རབ་ཏུ་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་མིག་གི་སྐྱེ་མཆེད་དང་། གཟུགས་

ཀྱི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་ཀྱི་བར་དུ་གཉིས་གཉིས་འབྲེལ་པར་རབ་ཏུ་བསྟན་པའི་ཕྱིར་རོ། །ཇི་ལྟར་འབྲེལ་ཅེ་ན། ཡུལ་ཅན་དང་ཡུལ་ཉིད་དུ་སྟེ། མིག་གི་སྐྱེ་མཆེད་ནི་ཡུལ་ཅན་ཡིན། གཟུགས་ཀྱི་སྐྱེ་མཆེད་ནི་ཡུལ་ཡིན། དེ་བཞིན་དུ་ཡིད་ཀྱི་སྐྱེ་མཆེད་ནི་

ཡུལ་ཅན་ཡིན། ཆོས་ཀྱི་སྐྱེ་མཆེད་ནི་ཡུལ་ཡིན་པའི་བར་དུའོ། །ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་ཞེས་བྱ་བ་རྒྱས་པར་སྨོས་པ་ནི་ཡིད་ཀྱི་སྐྱེ་མཆེད་ཀྱི་ཡུལ་ཡང་མིག་གི་སྐྱེ་མཆེད་ནས། ཆོས་ཀྱི་སྐྱེ་མཆེད་ཀྱི་བར་ཐམས་ཅད་ཡིན་ལ། ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་སྟེ།

Vol. 137 · folio 261a

མཚུངས་པར་ལྡན་པའི་ཡུལ་ཡང་ཐམས་ཅད་ཡིན་ནོ། །གཉིས་སུ་ངེས་པ་ཉམས་པ་མ་ཡིན་ནམ། དེ་ཉམས་པའི་ཕྱིར་བཅུ་གཉིས་ཁོ་ནར་རྣམ་པར་གཞག་པ་ཡང་མེད་དོ། །དེ་རྣམ་པར་གཞག་པ་མེད་ན་སྒྲ་ལ་བརྒལ་བར་སྐྱེ་མཆེད་བཅུ་གཉིས་རྣམས་ལས་ཞེས་བྱ་བ་རྒྱ་ཆེར་སྨྲས་པ་

གང་ཡིན་པ་དེ་ཉིད་ཀྱི་སོ་ན་འདུག་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལ་ལན་དུ་མི་རུང་ན། འོ་ན་དེ་ལྟ་ན་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འོ་ན་དེ་ལྟ་ན་ནི་གཟུགས་མང་པོ་ལས་གཅིག་གཟུགས་ཀྱི་སྐྱེ་མཆེད་དུ་བསྟན་པ་ནི་འབྲེལ་པར་རབ་ཏུ་བསྟན་པའི་ཕྱིར་རོ། །ཇི་ལྟར་བྱས་པས་འབྲེལ་པར་རབ་ཏུ་བསྟན་པའི་ཕྱིར་

ཡིན་ཞེ་ན། དབང་པོ་དྲུག་གི་དབང་དུ་མཛད་ནས་ཏེ། མིག་ལ་སོགས་པ་ནས་ཡིད་ཀྱི་དབང་པོ་ལ་ཐུག་པ་ལས་བརྩམས་ཏེ། མིག་ལ་སོགས་པ་ནས་ལུས་ཀྱི་དབང་པོའི་བར་དབང་པོ་འདིའི་ཡུལ་ནི་གཟུགས་ལ་སོགས་པ་ནས། རེག་བྱའི་བར་འདི་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་ཡུལ་ཅན་དང་

ཡུལ་དུ་འབྲེལ་པ་ངེས་པ་འདི་རབ་ཏུ་བསྟན་པའི་ཕྱིར་རོ། །གཉིས་ཚན་ལྔ་དག་ཅེས་བྱ་བ་ནི་མིག་དང་གཟུགས་ནི་གཉིས་ཚན་གཅིག་ཡིན་པ་ནས་ལུས་དང་རེག་བྱ་ཞེས་བྱ་བ་འདི་ནི་གཉིས་ཚན་ལྔ་པ་ཡིན་ནོ། །དབང་པོ་འདི་ཁོ་ནའི་ཡིད་ཀྱི་དབང་པོའིའོ། །ཡུལ་ནི་འདི་ཡིན་ཞེས་བྱ་བ་ནི་ཆོས་ཏེ་ཚོར་

བ་ལ་སོགས་པ་བདུན་ནོ། །གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མིག་ལ་སོགས་པའིའོ། །གཉིས་ཚན་དྲུག་པ་ཡིན་ནོ་ཞེས་བྱ་བ་ནི་ཡིད་དང་ཆོས་སོ། །དབང་པོ་ལྔ་དག་ཀྱང་ཞེས་བྱ་བ་ནི་མིག་ལ་སོགས་པ་ནས་ལུས་ཀྱི་དབང་པོ་ལ་ཐུག་པ་ཡིན་ནོ། །དབང་པོ་དྲུག་ཁོ་ནའི་ཞེས་བྱ་བ་ཡིད་ཀྱི་དབང་

པོའི་ཡུལ་ཡིན་གྱི་གཞན་གྱི་ནི་མ་ཡིན་པས་གཉིས་ཚན་དྲུག་པར་ངེས་པ་ཡང་ཉམས་པ་མ་ཡིན་ནམ། དེ་ལྟ་བས་ན་འདི་ཡང་མི་རུང་ངོ་ཞེ་ན། འོ་ན་ནི་དབང་པོ་གང་ཁོ་ནའི་ཞེས་བྱ་བ་རྒྱ་ཆེར་སྨོས་པའི་ལན་གཞན་འདི་ཡོད་དོ། །དེ་ནི་འདི་སྐད་དུ་ཡིད་ཀྱི་དབང་པོ་ཞེས་བྱ་བ་དབང་པོ་གང་ཁོ་ནའི་ཡུལ་ཁོ་ན་

གང་ཡིན་པ་ཚོར་བ་ལ་སོགས་པ་གང་དག་རྟེན་མ་ཡིན་པའོ། །ཚོར་བ་ལ་སོགས་པ་མཚུངས་པར་ལྡན་པ་རྣམས་ཀྱི་རྟེན་ནི་སེམས་ཁོ་ན་ཡིན་ཏེ། དེ་མ་ཐག་པའི་རྐྱེན་ཡིན་པའི་ཕྱིར་རོ། །ཚོར་བ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་ནི་མ་ཡིན་ནོ། །དེ་ལྟ་ན་གཉིས་ཚན་དྲུག་པ་རྣམ་པར་གཞག་པར་

Vol. 137 · folio 261b

བྱའོ། །འདི་ལྟར་དེ་དག་ནི་ཡིད་ཀྱི་ཡུལ་འབའ་ཞིག་མ་ཡིན་གྱི་རྟེན་ཡང་ཡིན་ཏེ། དེ་དག་ཡིད་ཀྱི་རྟེན་ཡང་ཡིན་པར་ཇི་ལྟར་ཤེས་པར་བྱ་ཞེ་ན། ཡིད་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པའི་ཚོགས་

ལྔ་པོ་གང་དག་ཡིད་ཀྱི་མཚན་ཉིད་ཡིན་པ་དེ་རྣམས་ཀྱི་རྟེན་ནི་མིག་ལ་སོགས་པ་ལྔ་པོ་དེ་དག་ཡིན་ནོ། །བསྡུ་བའི་ཚིགས་སུ་བཅད་པ་ནི་དོན་འདི་ཉིད་ཀྱི་དབང་པོ་གང་གི་ནི་མིག་ལ་སོགས་པའི་དབང་པོའིའོ། །དོན་གང་ཉིད་ནི་གཟུགས་ལ་སོགས་པ་ཡུལ་ལོ། །དེ་ལྟར་ན་སྐྱེ་མཆེད་གཉིས་

ཚན་ལྔ་དག་ཡིན་ནོ། །གང་ཉིད་ཀྱི་ཞེས་བྱ་བ་ནི་ཡིད་ཀྱི་དབང་པོའིའོ། །དོན་ཉིད་གང་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པ་སྟེ། གཉིས་ཚན་སྐྱེ་མཆེད་དྲུག་པ་ཡིན་ནོ། །དེའི་རྒྱུན་ལ་དགོངས་ནས་གསུངས་པའི་ཕྱིར་ཞེས་བྱ་བ་ལ། སེམས་དེའི་རྒྱུན་ནི་རྒྱུད་ཡིན་པས་དེའི་རྒྱུན་ནོ། །དེའི་རྒྱུན་ལ་དགོངས་ནས་

ཏེ། ཐུགས་ལ་དགོངས་ནས་གསུངས་པ་ནི་དེའི་རྒྱུན་ལ་དགོངས་ནས་གསུངས་པ་སྟེ། དེའི་ཕྱིར་རོ། །གྲིབ་མ་དང་མེ་འབར་ཞིང་འགྲོ་བ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་གྲིབ་མ་འགྲོའོ། །མེ་འབར་ཞིང་འགྲོའོ་ཞེས་བྱ་བ་དེའི་རྒྱུན་གྱིས་ཡིན་པར་བསྟན་པ་ལ་ཉེས་པ་མེད་པར་བསྟན་པ་དེ་དང་འདྲའོ། །དེར་ཡང་

དགོངས་པ་ཐ་དད་པའི་ཕྱིར་འགལ་བ་མེད་དེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དགོངས་པ་ཐ་དད་པ་ནི་དགོངས་པ་ཐ་དད་པ་སྟེ། དེའི་ཕྱིར་དགོངས་པ་ཐ་དད་པའི་ཕྱིར་འགལ་བ་མེད་དོ། །ཇི་ལྟར་བྱས་པས་ཤེ་ན། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་གཉིས་ཞེས་བྱ་བ་ལ། ཀུན་ནས་ཉོན་

མོངས་པའི་ཕྱོགས་དང་། རྣམ་པར་བྱང་བའི་ཕྱོགས་མདོར་བསྡུས་ན་རྒྱུ་དང་འབྲས་བུ་ཕྱིན་ཅི་མ་ལོག་པ་ཉིད་ཡིན་པར་དགོངས་ཏེ། ཀུན་ནས་ཉོན་མོངས་པའི་ཕྱོགས་ལ་སྡུག་བསྔལ་ཕྱིན་ཅི་མ་ལོག་པ་ནི་འབྲས་བུ་ཡིན་ནོ། །ཀུན་འབྱུང་བ་ཕྱིན་ཅི་མ་ལོག་པ་ནི་འབྲས་བུ་དེའི་རྒྱུ་ཡིན་ནོ། །རྣམ་པར་བྱང་

བའི་ཕྱོགས་ལ་ཡང་འགོག་པ་ཕྱིན་ཅི་མ་ལོག་པ་ནི་འབྲས་བུ་ཡིན་ནོ། །ལམ་ཕྱིན་ཅི་མ་ལོག་པ་ནི་འབྲས་བུ་དེའི་རྒྱུ་ཡིན་ནོ། །དེ་ལྟར་ན་ཕྱིན་ཅི་མ་ལོག་པ་ཉིད་ཡིན་པར་དགོངས་ནས་བདེན་པ་བཞི་དག་ཏུ་གསུངས་པ་ཡིན་ནོ། །མིང་གི་བྲམ་ཟེ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མིང་གི་བྲམ་ཟེ་

Vol. 137 · folio 262a

རྣམས་ནི་མཆོད་སྦྱིན་སྲེག་ལ་སོགས་པའོ། །མངོན་པར་མཐོ་བའི་རྒྱུའི་སྐབས་སུ་ཞེས་བྱ་བ་ནི་མངོན་པར་མཐོ་བའི་རྒྱུའི་སྐབས་སུའོ། །ལས་དང་ལས་ཀྱི་འབྲས་བུ་དང་། བདག་ནི་དེའི་བདག་པོ་ཡིན་པའི་དབང་དུ་བྱས་ནས་ཞེས་བྱ་བ་ལ། ལས་ཀྱི་དབང་དུ་བྱས་ནས་ཞེས་བྱ་བའོ། །

ཆེད་དུ་བྱས་ནས་དང་། འབྲས་བུའི་དབང་དུ་བྱས་ནས་དང་། བདག་ནི་དེའི་བདག་པོ་ཞེས་བྱ་བ་ལ། འབྲས་བུའི་བདག་པོ་ཡིན་པའི་དབང་དུ་བྱས་ནས་བྲམ་ཟེའི་བདེན་པ་གསུམ་དག་ཏུ་རྣམ་པར་འཇོག་པར་བྱེད་དོ། །གསུམ་གང་དག་ཅེ་ན། གོ་རིམས་བཞིན་དུ་མཆོད་སྦྱིན་རྣམས་ལ་ཕྱུགས་ལ་སོགས་

པ་སེམས་ཅན་དེ་དང་དེ་དག་ནི་གསད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་ལས་ཀྱི་དབང་དུ་བྱས་ནས་བྲམ་ཟེའི་བདེན་པ་དང་པོ་རྣམ་པར་འཇོག་པར་བྱེད་པ་ཡིན་ནོ། འཇིག་རྟེན་རྟག་པ་དག་འཐོབ་བོ་ཞེས་བྱ་བ་ནི་འབྲས་བུའི་དབང་དུ་བྱས་ནས་བྲམ་ཟེའི་བདེན་པ་གཉིས་པ་རྣམ་པར་བྱེད་པ་ཡིན་ནོ། །དེའི་འབྲས་བུ་

བདག་ལ་འབྱུང་བས་བདག་ནི་དེའི་འབྲས་བུ་ལ་ཟ་བ་ཡིན་ནོ་ཞེས་བྱ་བ་ནི་བྲམ་ཟེའི་བདེན་པ་གསུམ་པའི་དབང་དུ་བྱས་ནས་རྣམ་པར་འཇོག་པར་བྱེད་པ་ཡིན་ནོ། །དེ་ཡང་དོན་ཡང་དག་པའི་བྲམ་ཟེ་སློབ་པ་དང་མི་སློབ་བ་རྣམས་ལ་བརྫུན་པ་ཡིན་ནོ། །བཟློག་པ་ནི་བདེན་པ་ཡིན་པའི་ཕྱིར་དེ་ལ་དགོངས་ནས་བྲམ་ཟེའི་

བདེན་པ་གསུམ་དག་ཏུ་གསུངས་སོ། །ཇི་ལྟ་ཞེ་ན། རྒྱས་པར་གསུངས་ནས་བྲམ་ཟེ་དང་། ཀུན་དུ་རྒྱུ་དག་བྲམ་ཟེ་རྣམས་འདི་སྐད་དུ་སེམས་ཅན་ཐམས་ཅད་ནི་གསད་པར་བྱ་བ་མ་ཡིན་ནོ་ཞེས་ཟེར་ན་བདེན་པ་ཁོ་ན་ཟེར་བ་ཡིན་ཏེ། བརྫུན་པ་ནི་མ་ཡིན་ནོ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ཡིན་ནོ། །མ་ནོར་བ་ནི་མ་

འཁྲུལ་པ་ཡིན་ནོ། །དཔེར་ན་རྐང་པ་གཉིས་ཀྱིས་རྒལ་བར་བྱེད་པའི་འབབ་སྟེགས་ལ་ཞེས་བྱ་བ་ནི་འདི་ནས་རྒལ་བར་བྱེད་པས་ན་འབབ་སྟེགས་སོ། །བརྒལ་བར་བྱ་བའི་སྒྲ་མི་མངོན་པར་བྱས་པའི་ཕྱིར་རོ། །དེ་བཞིན་དུ་ཀོ་གྲུས་བརྒལ་བར་བྱ་བའི་འབབ་སྟེགས་ལ་ཀོ་གྲུའི་འབབ་སྟེགས་ཞེས་བྱ་

བའོ། །དེ་བཞིན་དུ་ཀུན་རྫོབ་དེས་ཁོང་དུ་ཆུད་པར་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། ཁོང་དུ་ཆུད་པར་བྱ་བའི་སྒྲ་མི་མངོན་པར་བྱས་པའི་ཕྱིར་རོ། །སྟོན་པ་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྟོན་པ་སེར་སྐྱ་དང་འུག་པ་ལ་སོགས་པ་མུ་སྟེགས་ཅན་རྣམས་ཀྱི་ལུགས་ཐ་དད་པ་སྟེ། དེའི་གྲུབ་པའི་

Vol. 137 · folio 262b

མཐའ་ཐ་དད་པ་ལ་དགོངས་ནས་ཞེས་བྱ་བ་ནི་ཐུགས་ལ་དགོངས་ནས་བདེན་པ་ནི་གཅིག་ཁོ་ན་སྟེ། གཉིས་པ་མེད་དོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་བདེན་པ་གཉིས་ཕན་ཚུན་འགལ་བ་དག་ནི་འདི་ཁོ་ན་བདེན་པ་ཡིན་ཞེས་བྱ་བར་མི་ནུས་པས་སོ། །དེ་ལ་དེ་གཉིས་ཀྱི་རྒྱུ་ཡོད་ཅིང་

ཞེས་བྱ་བ་ནི་ཕུང་པོའི་རྒྱུན་དེ་ལ་དེ་གཉིས་ཀྱི་སེམས་པ་ལ་སོགས་པ་ཡོད་དོ། །རྒྱུ་ཚོགས་པའི་མཚན་ཉིད་ཀྱི་རྒྱུ་བྱེད་པ་པོ་ལས་དགོངས་ནས་བྱེད་པ་པོ་མི་དམིགས་སོ་ཞེས་གསུངས་པ་ནི་མ་ཡིན་ཏེ། འདི་ལྟར་མདོ་དེ་ཉིད་ལས་གང་ཞིག་ཕུང་པོ་འདི་དག་འདོར་ཞིང་ཕུང་པོ་གཞན་དག་ཏུ་མཚམས་སྦྱོར་བར་བྱེད་

པའི་ཞེས་བྱ་བ་དེ་ལྟ་བུའི་མཚན་ཉིད་ཀྱི་བྱེད་པ་པོ་ནི་མདོ་ལྟ་བུའི་མཚན་ཉིད་ཀྱི་བྱེད་པ་པོ་ནི་མེད་དོ་ཞེས་བྱ་བ་ཁྱད་པར་དུ་མཛད་པ་དག་ཡིན་ནོ། །ལས་རྣམས་ནུབ་ཀྱང་དེའི་འབྲས་བུ། །སྐྱེ་བ་དེ་ཡི་ཆོས་ཉིད་དོ། །ཇི་ལྟ་ཞེ་ན། ལས་རྣམས་ནུབ་པར་གྱུར་དུ་ཟིན་ཀྱང་ལས་དེས་ཡོངས་སུ་བསྒོས་པའི་

སེམས་ཀྱི་ཁྱད་པར་ལས་རིམ་གྱིས་རྒྱུད་དེ་ཉིད་ལས་འབྲས་བུ་འབྱུང་ངོ་། །དེ་ཁོ་ན་བཞིན་དུ་ཁས་བླངས་པའི་ཕྱིར་རོ། །ཇི་ལྟར་ན་དེ་ལྟར་ཁས་བླངས་པ་ཡིན་ཞེ་ན། འདུས་པ་ཁ་ཅིག་ལ་འབྱུང་བ་ཆེན་པོ་ཁ་ཅིག་ཡོད་པར་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་ན་ནི་མདོ་སྡེ་དང་ཡང་མི་འགལ་ཏེ། ཇི་ལྟར་

བྱས་པས་ཤེ་ན། སྐྱེ་མཆེད་སོ་སོའི་མདོ་སྡེ་ལས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ཡིན་ནོ། །སྐྱེ་མཆེད་སོ་སོའི་མདོ་སྡེ་ལས་སྐྱེ་མཆེད་དགུ་པོ་མིག་གི་སྐྱེ་མཆེད་ལ་སོགས་པ་ནས། ལུས་ཀྱི་སྐྱེ་མཆེད་ལ་ཐུག་པ་རྣམས་ནི་རེ་རེ་ཡང་རིགས་སྨོས་པས་ཏེ་སྐྱེ་མཆེད་དང་སྐྱེ་མཆེད་རེ་རེ་ཡང་གཟུགས་ཀྱི་རྣམ་པ་སྨོས་པས་

ཇི་ལྟར་སྲིད་པར་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་བཤད་པའི་ཕྱིར་འདུས་པ་རེ་རེ་ནི་ས་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ་ཞེས་བཤད་པ་ནི་མ་ཡིན་ཏེ། དཔེར་ན་སེམས་ཅན་ཐམས་ཅད་སྐྱེ་གནས་བཞི་ལས་སྐྱེས་པ་ཡིན་ནོ་ཞེས་བཤད་པ་ན། སེམས་ཅན་རེ་རེ་ཡང་སྐྱེ་གནས་

བཞི་ལས་སྐྱེས་པ་ཉིད་དུ་ནི་ཤེས་པར་མི་བྱའོ། །སེམས་ཅན་གྱི་རིགས་གང་ཇི་སྙེད་པ་དེ་ཐམས་ཅད་ནི་སྐྱེ་གནས་བཞི་ལས་སྐྱེས་པ་ཉིད་ལས་ལོགས་ཤིག་ན་མི་གནས་པ་ལྟ་བུ་སྟེ། དེ་དང་འདྲའོ། །ལག་པ་རྡོབ་པ་ལྟ་བུ་ལས་ཇི་སྐད་གསུངས་པ་དེ་ཁོ་ན་བཞིན་དུ་ཁས་བླངས་པའི་ཕྱིར་ཏེ། དེ་ལས་ཇི་སྐད་

Vol. 137 · folio 263a

གསུངས་ཤེ་ན། མིག་གི་ཤའི་གོང་བུ་ལ་རང་གི་ནང་ན་ཡོད་པ་སྲ་བ་དང་མཁྲང་བར་གྱུར་ལ་ཁས་བླངས་ཤིང་ཟིན་པ་གང་ཡིན་པ་འདི་ནི་མིག་གི་ཤའི་གོང་བུ་ལ་ཡོད་པ་ནང་གི་སའི་ཁམས་ཞེས་བྱའོ། །དེ་བཞིན་དུ་མིག་གི་ཤའི་གོང་བུ་ལ་ཡོད་པ་ནང་གི་རླུང་གི་ཁམས་ཞེས་

བྱའོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་འབྱུང་བ་དེ་སྐད་དུ་གསུངས་པ་ཡིན་ཏེ། འདི་ལྟ་སྟེ། གང་གི་ཕྱིར་མིག་གི་ཤའི་གོང་བུ་ལ་ཞེས་བྱ་བ་རྒྱ་ཆེར་སྨོས་པས་དེ་ལྟར་ཡང་ཁས་བླངས་པའི་ཕྱིར་རོ། །དེ་ལྟར་སྣང་བའི་ཕྱིར་རོ་ཞེས་བྱ་བ་གཟུགས་སྔོན་འབྱུང་བ་དང་། གཟུགས་འབྱུང་བར་འགྱུར་བ་ཞེས་བྱ་

བར་སྣང་བར་འགྱུར་བའི་ཕྱིར་རོ། །སྨྲས་པ། གཞན་ཡང་གཟུགས་གང་ཞིག་མེད་པར་ཡང་དེ་ཡོད་དོ་ཞེས་བྱ་བ་སྟེ། འདས་པ། འགགས་པ། བྲལ་བ། ཡོངས་སུ་གྱུར་པ་དེ་ཡོད་དོ་ཞེས་བྱ་བར་རིགས་སམ། དོན་དེ་རྟོགས་པ་ལས་རྣམ་པ་གཞན་དུ་ནི་མི་འཐད་པའི་ཕྱིར་ཏེ་མི་སྲིད་པའི་ཕྱིར་དེ་སེམས་

ཀྱི་རྒྱུད་ལ་འབྲས་བུ་འབྱིན་པའི་ནུས་པ་སྐྱེད་པར་དགོངས་ནས་གསུངས་པ་ཡིན་ནོ་ཞེས་བྱ་བར་གཟུགས་བར་བྱའོ། །དེ་ལས་སྐྱེས་པ་ལས་ཞེས་བྱ་བ་ནི་དེ་ལས་སྐྱེས་པས་ན། དེ་ལས་སྐྱེས་པས་ཏེ་དེ་ལའོ། །གྲོང་ལ་སྤྱོད་དོ་ཞེས་བྱ་བ་ནི། གྲོང་དེ་ཉིད་ལ་སྤྱོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གྲོང་ནས་

བྱུང་བའི་འབྲས་བུ་གང་ཡིན་པའོ། །འོན་ཀྱང་དེ་ལ་གདགས་སོ། །དེ་བཞིན་དུ་པ་ན་བཟའོ་ཞེས་བྱ་བ་ཡང་པ་ན་དེ་ཉིད་ཟ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་དག་ལས་བྱུང་བའི་འབྲས་བུ་གང་ཡིན་པའོ། །འོན་ཀྱང་དེ་ལ་གདགས་སོ། །སྔོན་གྱི་ལས་ཡིན་པར་ཡང་རིག་པར་བྱའོ་ཞེས་བྱ་བ་ཡང་དེ་ནི་སྔོན་གྱི་

ལས་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གྲོང་ནས་བྱུང་བའི་འབྲས་བུ་གང་ཡིན་པའོ། །འོན་ཀྱང་དེ་ལ་གདགས་སོ། །དེའི་འབྲས་བུ་ཡིན་ནོ། །འོན་ཀྱང་དེ་ལ་གདགས་པ་ཡིན་ཏེ། འདིར་ཡང་དེ་བཞིན་ནོ། །དགོངས་པ་འདིས་འདས་པ་དང་མ་འོངས་པ་ཡོད་པ་ཉིད་དུ་གསུངས་པ་ཡིན་ནོ། །གང་གིས་ཤེ་ན།

སྔོན་བྱུང་བ་ཉིད་ཀྱི་གཟུགས་དེ་ཡོད་པ་ཡིན་གྱི། གཟུགས་ཀྱི་བདག་ཉིད་ཀྱིས་ནི་མ་ཡིན་ནོ། །འབྱུང་བར་གྱུར་པ་ཉིད་ཀྱིས་གཟུགས་དེ་ཡོད་པ་ཡིན་གྱི། གཟུགས་ཀྱི་བདག་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །མིག་ནི་མ་སྐྱེས་པ་ལས་སྐྱེ་ཞིང་སྐྱེས་ནས་ཀྱང་འཇིག་གོ་ཞེས་བྱ་བ་འདི་ཡང་རིགས་པ་

Vol. 137 · folio 263b

ཡིན་ནོ། །དེའི་ཕྱིར་གཞན་དུ་ན་རྫས་ལས་ཡིན་ན་ནི་གཟུགས་མ་འོངས་པ་ཡོད་དོ་ཞེས་གསུངས་ན། མིག་ནི་མ་སྐྱེས་པ་ལས་སྐྱེ་ཞིང་ཞེས་བྱ་བ་དང་འགལ་བར་འགྱུར་རོ། །དེ་བཞིན་དུ་གཟུགས་འདས་པ་ཡོད་དོ་ཞེས་གསུངས་ན། སྐྱེས་ནས་ཀྱང་འཇིག་གོ་ཞེས་བྱ་བ་དང་འགལ་བར་འགྱུར་ཏེ།

འཇིག་པ་མེད་པར་འགྱུར་བའི་ཐ་ཚིག་གོ། །དེའི་ཕྱིར་མདོ་སྡེ་གཞན་ལས་མིག་སྐྱེ་བ་ན་ཞེས་རྒྱ་ཆེར་གསུངས་པ་དེ་འགལ་བ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་ལེན་བཏབ་པ་ཡིན་ནོ། །དེ་ལྟ་བས་ན་འདིར་ཡང་མངོན་སུམ་དང་འགལ་བ་མེད་ཅིང་སྔ་ཕྱི་འགལ་བ་ཡང་མེད་དོ། །ཇི་སྐད་བཤད་པ་ལྟ་བུས་

ད་ལྟར་བྱུང་བའི་གཟུགས་བཞིན་དུ་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དེ་ཡང་དེ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་ཡང་དེ་ཡིན་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པ་གཟུགས་ལ་རག་ལས་ཏེ་སྐྱེ་བ་ཞེས་གང་སྨྲས་པ་དེ་ཡིན་ནོ། །དེ་ལྟར་དང་། མཐོང་ངོ་ཞེས་བྱ་བའི་ཚིག་འདི་དང་སྦྱར་བར་

བྱའོ། །ཡང་ཚོར་བ་ལ་སོགས་པ་གཟུགས་ལ་རག་ལས་ཏེ་སྐྱེ་བ་དེ་ལྟར་མཐོང་བ་སུ་དག་ལ་ཞེ་ན། གང་དག་གཟུགས་ལས་འདོད་ཆགས་དང་མ་བྲལ་བ་རྣམས་ཏེ། གཟུགས་ལས་འདོད་ཆགས་དང་མ་བྲལ་བ་དེ་དག་གཟུགས་དང་ལྷན་ཅིག་ཏུ་མངོན་པར་འགྲུབ་པ་ན་དེ་ལྟར་མ་མཐོང་ངོ་། །གཟུགས་

ལས་འདོད་ཆགས་དང་བྲལ་བ་རྣམས་ནི་གཟུགས་མེད་བཞིན་དུ་ལུས་མངོན་པར་འགྲུབ་པ་ཡིན་པས་རྗེས་སུ་དཔག་པ་དེ་མི་འཐད་དེ། འདོད་པ་དང་གཟུགས་ཀྱི་ཁམས་གཉིས་སུ་ཚོར་བ་ལ་སོགས་པ་གཟུགས་ལ་རག་ལས་ཏེ་མཐོང་ཞེས་ཏེ། གཟུགས་མེད་པའི་ཁམས་སུ་ཡང་གཟུགས་མེད་པར་

ཚོར་བ་ལ་སོགས་པར་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བ་དེའོ། །འོན་ཏེ་དེ་ལྟར་མི་འདོད་ན་ནི་ཡང་ན་གཟུགས་ལས་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་བྱ་བར་ཁས་བླང་བར་མི་བྱའོ། །འོ་ན་ཅི་ཞེ་ན། ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་དགྲ་བཅོམ་པ་ཁོ་ནར་འགྱུར་ཏེ། གཟུགས་ཀྱི་ཁམས་

ལས་འདོད་ཆགས་དང་བྲལ་བ་གཟུགས་མེད་པ་ན་སྤྱོད་པ་མེད་པའི་ཕྱིར་རོ། །ཡང་ན་གཟུགས་ལས་འདོད་ཆགས་དང་བྲལ་བ་ནི་ཡིན་ལ། གཟུགས་ལས་འདོད་ཆགས་དང་བྲལ་བ་དེ་ལ་ཡང་ཕྱིས་གཟུགས་མེད་པའི་ཁམས་སུ་གཟུགས་མངོན་པར་འགྲུབ་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ཁས་བླང་བར་

Vol. 137 · folio 264a

བྱ་གྲང་ན། དེ་ཡང་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་འདི་ཉིད་དུ་རབ་ཏུ་གྲགས་པའི་ཕྱིར་རོ། །འདི་ལྟར་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་གཟུགས་ཁོ་ན་ལས་འདོད་ཆགས་དང་བྲལ་བ་ཡིན་གྱི། ཚོར་བ་ལ་

སོགས་པ་དག་ལས་ནི་མ་ཡིན་པར་འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་འདི་ཉིད་དུ་རབ་ཏུ་གྲགས་པའི་ཕྱིར་མི་རིགས་སོ། །འདིའི་ཕྱིར་ཡང་མི་རིགས་ཏེ། འདོད་པ་རྣམས་ལ་རྣམ་པར་སུན་འབྱིན་པར་བྱེད་པ་ན་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་ཡིན་ལ། གཟུགས་

རྣམས་ལ་རྣམ་པར་སུན་འབྱིན་པར་བྱེད་པ་ན་ནི་གཟུགས་རྣམས་ལས་འདོད་ཆགས་དང་བྲལ་བ་མ་ཡིན་ནོ་ཞེས་བྱ་བའི་རིགས་པ་མེད་པའི་ཕྱིར་རོ། །འོན་ཏེ་གཟུགས་རྣམས་ལས་འདོད་ཆགས་དང་བྲལ་བ་ལས་ཀྱང་ཕྱིས་གཟུགས་མངོན་པར་འགྲུབ་པ་ཁོ་ན་ཡིན་པར་འདོད་ན། དེ་ལྟ་ན་ནི་འཕགས་པ་དགྲ་

བཅོམ་པ་ལ་ཡང་ཕུང་པོ་མངོན་པར་གྲུབ་པ་ཡོངས་སུ་ཟིན་ཀྱང་ཐར་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་མི་རིགས་སོ། །འབྲས་བུ་འབྱིན་པ་ལ་ནི་དེ་རྣམས་ཀྱི་ལས་སྟོབས་དང་སྟོབས་མེད་པ་ཡིན་པར་བརྟག་པར་བྱའི། །དེ་ནི་རྗེས་སུ་དཔག་པ་དང་འགལ་བ་ཡིན་ནོ་ཞེས་བརྗོད་པ་ནི་མི་རིགས་སོ། །ཇི་ལྟར་ན་

འབྲས་བུ་འབྱིན་པ་ལ་སེར་སྣ་ཅན་གཏོང་བ་དེ་རྣམས་ཀྱི་ལས་སྟོབས་དང་སྟོབས་མེད་པ་ཡིན་པར་བརྟག་པར་བྱ་ཞེ་ན། སེར་སྣ་ཅན་རྣམས་ཀྱི་སེར་སྣས་ལོངས་སྤྱོད་ཀྱིས་ཕོངས་པར་འགྱུར་བའི་ལས་གང་ཡིན་པ་དེ་ལན་ཅིག་སྣོད་ཁྱད་པར་ཅན་ལ་ཕུལ་བ་ལས་སྐྱེས་པའི་ལས་སྟོབས་དང་ལྡན་པས་གེགས་བྱས་པས་དེ་

མ་ཐག་པའི་ཚེ་རབས་ལ་རྣམ་པར་སྨིན་པར་མི་འགྱུར་རོ། །གལ་ཏེ་དེས་མ་བྱས་ན་ནི་དེ་མ་ཐག་ཏུ་སྨིན་པར་འགྱུར་རོ། །དེའི་འབྲས་བུ་ཉམས་སུ་མྱོང་ནས་ནི་སྨིན་པར་འགྱུར་རོ། །དེ་བཞིན་དུ་གཏོང་བ་རྣམས་ཀྱི་ལས་ལོངས་སྤྱོད་ཆེན་པོ་ཉིད་འགྲུབ་པར་འགྱུར་བ་གང་ཡིན་པ་དེ་ཡང་གཞན་དག་ལོངས་སྤྱོད་

དང་བྲལ་བ་ལས་སྟོབས་དང་ལྡན་པ་གང་ཡིན་པ་དེས་གེགས་བྱས་པའི་ཕྱིར་དེ་མ་ཐག་པའི་ཚེ་རབས་ལ་ཕྱུག་པོ་ཉིད་དུ་མི་འཐོབ་བོ། །གལ་ཏེ་མེད་ན་ནི་དེ་འཐོབ་པར་འགྱུར་རོ། །དེ་ཡང་འདིར་ལྷ་རྣམས་དགའ་བས་ནི་སྤངས་པའི་དོན་མི་ཤེས་ཏེ། དེ་ནི་སྤངས་པའི་དོན་དེ་སྐད་ཅེས་མི་ཟེར་རོ། །འོ་ན་ཅི་ཞེ་ན།

Vol. 137 · folio 264b

འདིར་དོན་ནི་གང་ཞིག་སྐྱེ་བའི་སྲིད་པ་ལས་འདོད་ཆགས་དང་བྲལ་ལ་སྲིད་པ་བར་མ་དོ་ལས་ནི་མ་ཡིན་པའི་གང་ཟག་ཡོད་དོ་ཞེས་བྱ་བ་འདི་ཡིན་ནོ་ཞེས་བྱ་བར་རོ། །དེ་ལྟར་ཡང་ཡིན་ཏེ། འདིར་དོན་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་མངོན་པར་ཤེས་པ་མྱུར་བ་ནི་མྱུར་དུ་མངོན་པར་ཤེས་པར་བྱེད་པས་ན།

མངོན་པར་ཤེས་པ་མྱུར་བ་སྟེ། དེ་ཡང་དབང་པོ་རྣོན་པོ་ཡིན་ནོ། །དེ་ནི་མི་སྐྱེ་བའི་ཆོས་ཉིད་དུ་གནས་པའི་ཕྱིར་ཞེས་བྱ་བ་ནི་དེའི་སྐྱེ་བའི་སྲིད་པར་མཚམས་སྦྱོར་བར་བྱེད་པ་གང་ཡིན་པ་དེའི་ཉོན་མོངས་པ་དེ་ནི་ལམ་བསྒོམས་པས་མི་སྐྱེ་བའི་ཆོས་ཉིད་དུ་གནས་པའི་ཕྱིར་རོ། །གཞན་དག་ན་རེ་སྟེ། བྱེ་བྲག་ཏུ་

སྨྲ་བ་དག་ན་རེ་སྐྱེ་བའི་ཀུན་དུ་སྦྱོར་བ་ནི་སྤངས་ལ་མངོན་པར་འགྲུབ་པའི་ཀུན་དུ་སྦྱོར་བ་ནི་མ་སྤངས་པ་ཞེས་བྱ་བའི་སྤངས་པ་ཞེས་བྱ་བ་ནི་སྐྱེ་བའི་སྲིད་པར་ཉིང་མཚམས་སྦྱོར་བའི་ཉོན་མོངས་པ་དེ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པས་ཐོབ་པ་ལ་དགོངས་ནས་གསུངས་པ་ཡིན་ནོ་ཞེས་ཟེར་རོ། །བར་མ་

དོར་ནི་ཟད་པའི་ཞེས་བྱ་བ་ནི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ནོ། །དེ་དེའི་ཞེས་བྱ་བ་ནི་ཀུན་དུ་སྦྱོར་བ་དེའོ། །སོ་སོར་བརྟགས་མིན་པའི། འགག་པས་འགགས་ཏེ་ཞེས་བྱ་བ་ནི། སོ་སོར་བརྟགས་པའི་འགོག་པས་འགགས་པའོ། །དེས་ན་ནི་དེའི་དེ་སྤངས་པ་ཞེས་བྱ་བར་བརྗོད། རྒྱུ་དེས་ན་སྐྱེ་

བའི་ཀུན་དུ་སྦྱོར་བ་དེ་སྤངས་པ་ཞེས་བྱ་བར་བརྗོད་དོ། །གཉིས་པོ་སོ་སོར་བརྟགས་པའི་འགོག་པ། ཅིག་ཅར་ཡིན་པར་འདོད་ཅེས་བྱ་བ་ནི་སྐྱེ་བའི་ཀུན་དུ་སྦྱོར་བ་དང་། མངོན་པར་འགྲུབ་པའི་ཀུན་དུ་སྦྱོར་བ་སྟེ། ཅིག་ཅར་དུ་འདོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ཅིར་འགྱུར་ཞེ་ན་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་

ནི་གལ་ཏེ་ཆང་གང་ཞིག་མི་འདོད་བཞིན་དུ་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་སྨན་པའི་ལུང་ལས་སོ་སོར་བརྟགས་ནས་འཐུང་བ་སྲིད་པ་ཡོད་ན་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཇི་ལྟར་ཉེས་པར་སྤྱད་པར་འཐད། འོན་ཏེ་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་འཐུང་བ་སྲིད་པ་མེད་

དོ་ཞེ་ན། དེ་ལྟར་ཏེ་སྨན་པའི་ལུང་གིས་སོ་སོར་བརྟགས་ནས་འཐུང་བ་ལ་ཇི་ལྟར་ཉོན་མོངས་པ་ཅན་གྱི་སེམས་སུ་འཐད་ཅེ་ན། སྨྲས་པ། དེ་གང་ལ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ཡིན་ནོ། །གང་ཞིག་ཚོད་ཟིན་པས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་སློབ་དཔོན་གྱི་ཞལ་ནས་སོ། །དེ་ལྟར་ཡང་ཤེས་ནས་འཐུང་

Vol. 137 · folio 265a

བ་ཞེས་བྱ་བ་ནི་ཚད་འདི་ཙམ་གྱིས་བདག་མྱོས་པར་མི་འགྱུར་རོ་སྙམ་དུ་དེ་ལྟར་ཤེས་ནས་འཐུང་བའོ། །དེ་ཡང་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཏེ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་ཆང་འཐུང་བ་དེ་ཡང་གང་ཞིག་ཆང་འཐུང་བར་བྱེད་པ་ཆང་འཐུང་བ་ལས་མི་ལྡོག་པ་རྣམས་

དགའ་བ་ཉིད་ཀྱིས་དང་བདག་ཉིད་མྱོས་པར་འགྱུར་རོ་སྙམ་དུ་སེམས་ཤིང་འཐུང་བ་དེ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཏེ། དགག་པ་བཅས་པ་མེད་ཀྱང་སྲོག་གཅོད་པ་དང་འདྲའོ། །ཅིའི་ཕྱིར་ཞེ་ན། ཁ་ན་མ་ཐོ་བ་དང་བཅས་པ་ཉིད་ཡིན་པའི་ཕྱིར་ཏེ། ཉོན་མོངས་པ་ཅན་གྱི་སེམས་ཀྱིས་འཐུང་

བ་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ། །རྣམ་པར་བཤད་པ་རིགས་པའི་བཤད་པ་ལ། ལེའུར་བཅད་པ་གསུམ་པའོ།། །།རྣམ་པར་བཤད་པ་རིགས་པའི་བཤད་པ། བམ་པོ་བཅུ་གཉིས་པ། སྔར་བརྒལ་བ་བསྟན་པར་འགལ་བ་སྟེ་སྔ་ཕྱི་འགལ་བ་བསྟན་པ་གང་ཡིན་པའི་འགལ་བ་

དེའི་ཕྱིར་རོ། །འདི་དག་ཡོད་ན་ཞེས་བྱ་བ་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་དག་དང་། མིག་གི་དབང་པོ་ཡོད་ནའོ། །གཞན་དག་ན་རེ་ངའོ་སྙམ་པའི་ང་རྒྱལ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་ཕའོ། །གཞན་དུ་ན་ནི་མདོ་སྡེ་སྔ་མ་དོན་མེད་པར་འགྱུར་ཏེ། ཚོར་བ་ནི་གསུམ་སྟེ་བདེ་བ་དང་། སྡུག་བསྔལ་བ་

དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དང་། དེ་བཞིན་དུ་ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་མདོ་སྡེ་སྔ་མ་གལ་ཏེ་དགོངས་ནས་གསུངས་པ་མ་ཡིན་ན་དོན་མེད་པར་འགྱུར་རོ། །དེ་ལྟ་བས་ན་མདོ་སྡེ་འདི་དག་དང་འགལ་བ་རྣམས་

ཀྱི་དོན་ནི་དགོངས་པ་ཅན་ཡིན་པའི་ཕྱིར་འགལ་བ་མེད་པ་ཡིན་ནོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་བཤད་པ་སུས་ཀྱང་མ་བྱས་པས་གཞན་ཡང་མེད་པར་གྱུར་པ་ཡིན་ནོ། །ལོ་ཉི་ཤུ་ལྷག་ཅིག་ཅེས་བྱ་བ་ནི་ལོ་ཉི་ཤུ་རྩ་ལྔ་ཡིན་ཏེ། འདི་ལྟར་སྡེ་པ་གཞན་ལས་ལོ་ཉི་ཤུ་རྩ་ལྔ་པོ་ཞེས་འདོན་ཏོ། །ཆོས་ཀྱི་ཕུང་

པོ་བརྒྱད་ཁྲི་ལྷག་ཅེས་བྱ་བ་ནི་ཆོས་ཀྱི་ཕུང་པོ་གཉིས་ལྷག་པའོ། །གཉིས་ནི་དགེ་སློང་དག་ལས་སོ་ཞེས་བྱ་བ་ནི་ཆོས་ཀྱི་ཕུང་པོ་གཉིས་སོ། །དེ་ནི་དགེ་སློང་རྣམས་ལས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་དེ་ནི་དགེ་སློང་རྣམས་ལས་གཟུང་བ་གང་ཡིན་པ་དེ་ཁོ་ནར་ཟད་དོ་ཞེས་སྨྲ་བར་རིགས་པ་ནི་མ་ཡིན་ཏེ། ཅིའི་ཕྱིར་

Vol. 137 · folio 265b

ཞེ་ན། དུས་དེ་སྲིད་དུ་སྟེ་ལོ་ཉི་ཤུར་བཞི་བཅུ་ཆ་བས་ཀྱང་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་བཅུའི་ཆ་ནི་ཆོས་ཀྱི་ཕུང་པོ་ཉིས་སྟོང་ངོ་། །བཞི་བཅུའི་ཆ་དེ་བས་ཀྱང་ཉུང་བའི་ཆོས་བཤད་པ་ནི་མི་རུང་བས་སོ། །མདོ་སྡེ་དེ་མི་སྣང་ངོ་ཞེས་བྱ་བ་ནི་གང་དུ་བཅོམ་ལྡན་འདས་ཀྱིས་རྟ་ཅང་ཤེས་བཞོན་བཟངས་ཀྱི་ཆོས་

ཀྱི་རྣམ་གྲངས་བཤད་པའོ། །མདོ་སྡེ་དེ་མི་སྣང་ངོ་ཞེས་བྱ་བ་ནི་གང་དུ་བཅོམ་ལྡན་འདས་ཀྱིས་གཅེར་བུ་པ་རྣམས་ཀྱི་དབང་དུ་མཛད་ནས་གདམས་ངག་མཛད་པའོ། །མདོ་སྡེ་དེ་མི་སྣང་ངོ་ཞེས་བྱ་བ་ནི་གང་དུ་མུ་སྟེགས་ཅན་ཀུན་དུ་རྒྱུ་བ་རབ་ཏུ་མང་པོ་དག་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ནས་ཞེས་བྱ་བ་རྒྱ་

ཆེར་འབྱུང་བའོ། །མདོ་སྡེ་མི་སྣང་ངོ་ཞེས་བྱ་བ་ནི་གང་དུ་ཚོར་བ་བཞི་བཤད་པའོ། །མདོ་སྡེ་དེ་མི་སྣང་ངོ་ཞེས་བྱ་བ་ནི་གང་དུ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ང་ནི་ད་ལྟར་སྟོང་པ་ཉིད་ཀྱིས་ལན་མང་དུ་གནས་སོ་ཞེས་བྱའོ། །མདོ་སྡེ་དེ་མི་སྣང་ངོ་ཞེས་བྱ་བ་ནི་གང་དུ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་

བདག་གིས་ནི་དགེ་སློང་ངམ། བྲམ་ཟེ་གང་ལ་ལས་ལན་ཅིག་ཤེས་པར་འགྱུར་བའམ་ཞེས་རྒྱ་ཆེར་འབྱུང་བའོ། །མདོ་སྡེ་དེ་མི་སྣང་ངོ་ཞེས་བྱ་བ་ནི་གང་དུ་སྔོན་འཕགས་པ་ཀུན་དགའ་བོ་གསར་བུར་གྱུར་པ་ན་ཞེས་བྱ་བ་ནས། ཟབ་ཅིང་ཟབ་པའི་ཆོས་དང་ལྡན་པའི་གཏམ་འདི་ལྟ་བུ་འདི་བཤད་དོ་ཞེས་བྱ་བའོ། །

མདོ་སྡེ་དེ་མི་སྣང་ངོ་ཞེས་བྱ་བ་ནི་གང་དུ་བཅོམ་ལྡན་འདས་ཀྱིས་དེ་ལ་བསམ་གཏན་ཐམས་ཅད་བསྔགས་སོ་ཞེས་བྱ་བའོ། །མདོ་སྡེ་དེ་མི་སྣང་ངོ་ཞེས་བྱ་བ་ནི་གང་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེས་ན་ངས་དགེ་སློང་སྟེན་ལྔ་རྣམས་ལ་བཀའ་སྩལ་པ། སྟེན་ལྔ་དག་ང་སྔོན་ཞེས་བྱ་བ་རྒྱ་ཆེར་འབྱུང་

བའོ། །མདོ་སྡེ་དེ་མི་སྣང་ངོ་ཞེས་བྱ་བ་ནི་གང་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་བཅོམ་ལྡན་འདས་སྤྱན་དང་ལྡན་པ་དག་ཅེས་བྱ་བ་རྒྱ་ཆེར་འབྱུང་བའོ། །མདོ་སྡེ་དེ་མི་སྣང་ངོ་ཞེས་བྱ་བ་ནི་གང་དུ་ལམ་བསྟན་པ་བཞི་པོ་བཤད་པ་ཞེས་བྱ་བའོ། །མདོ་སྡེ་དེ་མི་སྣང་ངོ་ཞེས་བྱ་བ་ནི་གོང་དུ་

མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་ཀུན་དགའ་ར་བ་ཕུལ་བའི་རྒྱུས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཞེས་བྱ་བ་རྒྱ་ཆེར་འབྱུང་བའོ། །མདོ་སྡེ་དེ་མི་སྣང་ངོ་ཞེས་བྱ་བ་ནི་གང་དུ་བཅོམ་ལྡན་འདས་ཀྱིས་སྔར་གསུངས་པས་བསྟན་པ་ན། མཽད་གལ་གྱི་བུ་མཽད་གལ་གྱི་བུ་ཞེས་རྒྱ་ཆེར་འབྱུང་བ་དང་།

Vol. 137 · folio 266a

གང་དུ་འདི་ནི་འཕགས་པའི་གནས་པ་ཡིན་པས་འདི་ལ་བག་མེད་པར་མ་བྱེད་ཅིག་ཅེས་བྱ་བའོ། །མདོ་སྡེ་དེ་དག་ནི་མདོ་སྡེ་དེ་དག་ཁོ་ནའི་ནང་ནས་འབྱུང་བས་དེའི་ཕྱིར་མདོ་སྡེ་དེ་མི་སྣང་ངོ་ཞེས་གང་སྨྲས་པ་དེ་ཡང་བརྗོད་པར་མི་བྱའོ་ཞེ་ན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་

པའི་མདོ་སྡེ་གཞན་དག་གི་ནང་ནས་བྱུང་བའི་མདོ་སྡེ་མང་པོ་རྣམས་ནི་འདོད་པ་ཐ་དད་པར་སྣང་སྟེ་དཔེར་ན། དབྱར་ཚུལ་དང་། ཉེ་བ་འཁོར་དང་། ལེགས་མཐོང་ཆེན་པོ་དང་། མིག་ཆུང་གི་མདོ་སྡེ་ལ་སོགས་པ་ལྟ་བུའོ། །དེ་ལྟ་བས་ན་འདི་དག་དང་། མདོ་སྡེའི་ཁུངས་གཞན་མང་པོ་དག་གིས་ཞེས་བྱ་བ་རྒྱ་

ཆེར་འབྱུང་བ་ཡིན་ནོ། །ཡང་དག་པར་བསྡུས་པའི་བཞི་པོ་འོད་སྲུངས་ཆེན་པོ་ལ་སོགས་པ་དགྲ་བཅོམ་པ་རྣམས་ཀྱིས་མཛད་པ་གང་ཡིན་པ་དེ་ཡང་ད་ལྟར་ཉམས་སོ། །ཇི་ལྟར་ཤེས་ཤེ་ན། སྡེ་པ་གཞན་དག་ལས་ལུང་དང་། ལེའུ་དང་མདོ་རྣམ་པར་གཞག་པ་ཐ་དད་པའི་ཕྱིར་རོ། །འདི་ལྟར་སྡེ་པ་གཞན་

དག་ལས་ཏེ། སློབ་དཔོན་གྱི་རིགས་གཞན་དག་ལས་ལུང་རྣམ་པར་གཞན་པ་ཐ་དད་པ་དེ་དག་ཁ་ཅིག་ལས་ནི་ལུང་བཞིའོ། །ཁ་ཅིག་ལས་ནི་ལྔའོ། །དེ་བཞིན་དུ་ལུང་དང་ལེའུ་ལས་ལེའུ་རྣམ་པར་གཞག་པ་ཐ་དད་ཅིང་། མདོ་རྣམ་པར་གཞག་པ་ཐ་དད་དོ། །གཞན་ཡང་ལུང་དང་ཞེས་བྱ་བ་རྒྱ་ཆེར་

འབྱུང་བ་དང་། གཞན་ཡང་སིལ་བུ་དང་ཞེས་བྱ་བ་རྒྱ་ཆེར་འབྱུང་བས་སོ། །ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ། མ་བྱུང་བ། མ་འགགས་པ། གཟོད་མ་ནས་ཞི་བ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་འབྱུང་བ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པས་

འཇུག་པར་འདོད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱོན་མེད་པ་སྟེ། མཐོང་བའི་ལམ་ལ་འཇུག་པར་འདོད་པ་ནི་མངོན་སུམ་དུ་བྱ་བར་འདོད་པའོ། །དོར་བར་འདོད་པ་ཞེས་བྱ་བ་ནི་གཏོང་བར་འདོད་པའོ། འཆལ་པའི་ཤེས་རབ་ཀྱི་སེམས་མི་སྤྲོ་བར་འདོད་པས་ཞེས་བྱ་བ་ནི་འཆལ་པའི་ཤེས་རབ་

ནི་སྤྲོ་བ་སྟེ། རྣམ་པར་རྟོག་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་འདི་སྐད་དུ་རྣམ་པར་རྟོག་པར་རྣམ་པར་མི་རྟོག་པར་འདོད་པས་ཞེས་བྱ་བར་བསྟན་པ་ཡིན་ནོ། །འདི་ལྟ་སྟེ། ཤའི་སྤྱན་ནི་བདག་ཅག་ལྟ་བུ་ལ་ཡོད་པ་གང་ཡིན་པའོ། །ལྷའི་སྤྱན་ནི་མངོན་པར་ཤེས་པའི་སྤྱན་ཏེ། བསམ་གཏན་དང་པོ་ལ་

Vol. 137 · folio 266b

སོགས་པའི་ས་པའོ། །འཕགས་པའི་ཤེས་རབ་ཀྱི་སྤྱན་ནི་ཟག་པ་མེད་པའི་ཡེ་ཤེས་སོ། །ཆོས་ཀྱི་སྤྱན་ནི་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཏེ། གང་གིས་ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །སངས་རྒྱས་ཀྱི་སྤྱན་ནི་ཤེས་བྱ་ཐམས་ཅད་ལ་རྣམ་པ་ཐམས་ཅད་མཁྱེན་པའོ། །དེ་ལ་

སོགས་པ་ནི་བསྟན་མ་ཐག་པ་སྟེ། ཡང་དེ་ཉིད་ལས་བཤད་པ་ཞེས་བྱ་བ་དང་སྦྱར་རོ། །གཞན་ཡང་སྡིག་པ་ཐམས་ཅད་སོ་སོར་བཤགས་པ་ལ་སོགས་པ་ཡང་བསྟན་ཏེ། དེ་ཉིད་ལས་སྡིག་པ་ཐམས་ཅད་སོ་སོར་འཆགས་སོ། །བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་

ལ་གསོལ་བ་འདེབས་སོ། །བདག་གི་ཡེ་ཤེས་རྫོགས་པའི་བྱང་ཆུབ་ཏུ་གྱུར་ཅིག་ཅེས་འབྱུང་ངོ་། །གལ་ཏེ་ངོ་བོ་ཉིད་མེད་པ་ལ་སོགས་པའི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ཡིན་ནོ། །ངེས་པའི་དོན་བཤད་པ་མེད་པར་ཡང་ཞེས་བྱ་བ་ནི་མདོ་སྡེའམ་ཚིགས་སུ་བཅད་པའོ། །ཚིགས་སུ་བཅད་པ་འདི་གཉིས་ནི་

སྒྲ་ཇི་བཞིན་གྱི་དོན་དུ་ངེས་པར་གཟུང་བར་མི་བྱ་སྟེ། མདོ་སྡེ་གཞན་དང་འགལ་བའི་ཕྱིར་རོ། །འདི་ལྟར་འདི་ལ་ཁ་ཅིག་མཚམས་མེད་པ་ལྔའི་ལས་གང་དག་ཡིན་པ་བྱས་ཤིང་བསྩགས་པས་ལུས་ཞིག་མ་ཐག་ཏུ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འབྱུང་བར་འགྱུར་རོ་ཞེས་བྱ་བའི་མདོ་སྡེ་འདི་དང་འགལ་

ལོ། །མདོ་གཞན་འདི་དང་འགལ་བའི་ཕྱིར། ཕ་དང་མ་ནི་གསད་བྱ་ཞིང་ཞེས་བྱ་བ་སྒྲ་ཇི་བཞིན་གྱི་དོན་དུ་ངེས་པར་གཟུང་བར་མི་བྱའོ། །འདི་ལྟར་བཙུན་པ་གང་སུ་ཡང་རུང་བ་དགེ་བའི་ཆོས་རྣམས་ལ་དད་པ་མ་མཆིས་པ་དེ་ནི་གང་ཟག་མ་དད་པ་ཡོངས་སུ་ཉམས་པའི་ཆོས་ཅན་ནོ་ཞེས་རྒྱས་པར་འབྱུང་བ་

དང་། དེ་བཞིན་དུ་དགེ་སློང་དག་གང་དག་བྱས་པ་ཤེས་པ། བྱས་པ་ཚོར་བ་དེ་དག་ནི་ངའི་ཡིན་ནོ་ཞེས་རྒྱ་ཆེར་འབྱུང་བ་ནི་མདོ་འདི་དང་ཡང་འགལ་ལོ། །མདོ་འདི་དང་འགལ་བའི་ཕྱིར། །མ་དད་བྱས་པ་མི་ཤེས་དང་། །ཞེས་བྱ་བ་སྒྲ་ཇི་བཞིན་གྱི་དོན་དུ་ངེས་པར་གཟུང་བར་མི་བྱའོ། །འདི་འགལ་དུ་ཟིན་ཀྱང་ཞེས་

བྱ་བ་རྒྱ་ཆེར་འབྱུང་བ་ནི་ཉན་ཐོས་དག་ན་རེའོ། །དེ་ནི་དེ་དག་གི་ཤེས་རབ་ཀྱི་ཉེས་པ་ཡིན་པའམ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་སློབ་དཔོན་གྱི་ཞལ་ནས་སོ། །གོང་དུ་འགལ་བའི་ཕྱིར་རོ་ཞེས་བྱ་བ་མངོན་པར་སྦྱར་རོ། །ཇི་ལྟར་འགལ་ཞེ་ན། མདོ་གཞན་ལས་གང་དག་དེ་བཞིན་གཤེགས་པས་གསུངས་

Vol. 137 · folio 267a

པའི་དོན་དང་ཞེས་བྱ་བ་རྒྱས་པར་འབྱུང་བས་སོ། །དགོངས་པའི་རྣམ་གྲངས་ཀྱི་རྟག་པ་གསུངས་པ་ཡིན་པར་ཉིད་ཞལ་གྱིས་འཆེ་བར་མཛད་ཅེས་བྱ་བའི་རྟག་པ་ནི་མྱ་ངན་ལས་འདས་པ་གསུང་བ་ཡིན་པར་ཉིད་ཞལ་གྱིས་འཆེ་བར་མཛད་ཅེས་བྱ་བའི་ཐ་ཚིག་གོ། །ཀུན་ནས་ཉོན་

མོངས་པ་གསུམ་པ་ཡིན་པར་ཉིད་ཞལ་གྱིས་འཆེ་བར་མཛད་པ་ནི་ཀུན་ནས་ཉོན་མོངས་པ་འཆར་བར་མཛད་པས་ཀུན་ནས་ཉོན་མོངས་པ་གསུང་པ་སྟེ། ཀུན་ནས་ཉོན་མོངས་པ་གསུང་བ་དེ་ཡིན་པར་ཉིད་ཞལ་གྱིས་འཆེ་བར་མཛད་པ་ཡིན་ནོ། །སྡིག་པའི་ཆོས་རྣམས་ཆད་པ་གསུང་བ་ཡིན་པར་ཉིད་

ཞལ་གྱིས་འཆེ་བར་མཛད་པ་ཡིན་ནོ། །སྲོག་གཅོད་པ་ལ་སོགས་པ་དག་ནི་མི་བྱ་བ་ཡིན་པ། མི་བྱ་བར་གསུང་བས་ན་མི་བྱ་བར་གསུང་བ་སྟེ། མི་བྱ་བར་གསུང་བ་ཡིན་པར་ཉིད་ཞལ་གྱིས་འཆེ་བར་མཛད་པ་ཡིན་ནོ། །འདི་ནི་ལོག་པར་ལྟ་བ་ཅན་ཡིན་ནོ་ཞེས་དེ་སྐད་གསུངས་པས་ན་ལོག་པར་ལྟ་བ་ཅན་

ཡིན་པར་གསུང་བའོ། །ལོག་པར་ལྟ་བ་ཅན་ཡིན་པ་ཉིད་ཞལ་གྱིས་འཆེ་བར་མཛད་པ་ཡིན་ནོ། །གཞན་ལ་དད་པར་མི་མཛད་པས་ན་མ་དད་པ་ཡིན་ཏེ། དེ་ལྟར་ན་མ་དད་པ་ཡིན་པར་ཉིད་ཞལ་གྱིས་འཆེ་བར་མཛད་པ་ཡིན་ནོ། །བྱས་པ་མི་ཤེས་པ་ནི་མྱ་ངན་ལས་འདས་པ་ཤེས་པ་སྟེ། དེ་ནི་མ་བྱས་པ་ཡིན་

པའི་ཕྱིར་རོ། །དེ་ལྟར་ན་བྱས་པ་མི་ཤེས་པ་ཡིན་པར་ཉིད་ཞལ་གྱིས་འཆེ་བར་མཛད་པ་ཡིན་ནོ། །ཡང་སྲིད་པའི་མཚམས་སྦྱོར་བ་འཇོམས་པར་མཛད་པས་ན་ཁྱིམ་འབུགས་པ་ཡིན་ཏེ། དེ་ལྟར་ན་ཁྱིམ་འབུགས་པ་ཡིན་པར་ཉིད་ཞལ་གྱིས་འཆེ་བར་མཛད་པ་ཡིན་ནོ། །བཅོམ་ལྡན་འདས་དེ་ནི་སྐྱུགས་

པ་བཟའ་བ་སྟེ་སྲིད་པ་ན་སྐྱུགས་པ་སྟེ། དེ་སྤངས་པ་ཡིན་ནོ། །དེ་ལྟར་སྐྱུགས་པ་ཟ་བ་ཡིན་པར་ཉིད་ཞལ་གྱིས་འཆེ་བར་མཛད་པ་ཡིན་ནོ། །གང་ལ་ཁམས་གསུམ་པ་འདིར་གོ་སྐབས་བཅོམ་པ་ཡོད་པ་དེ་ནི་གོ་སྐབས་བཅོམ་པ་ཡིན་ཏེ། དེ་ལྟར་ན་གོ་སྐབས་བཅོམ་པ་ཡིན་པར་ཉིད་ཞལ་གྱིས་འཆེ་

བར་མཛད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། དེ་བཞིན་གཤེགས་པ་ནི་བསྟན་པ་དེ་དག་ལ་སྟེ། རྟག་པ་ལ་སོགས་པ་བསྟན་པ་དེ་དག་ལ་མེད་ཅིང་མི་སྣང་ངོ་། །ད་ནི་དེ་བཞིན་གཤེགས་པས་དགོངས་ནས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་

Vol. 137 · folio 267b

དགོངས་པ་དེ་གང་གིས་ཏེ། ཐུགས་ལ་དགོངས་པ་གང་གིས་བཤད་པ་ན་སེམས་ཅན་རྣམས་ཀྱིས་དགོངས་པ་དེ་རྟོགས་ནས་མངོན་པའི་ང་རྒྱལ་གཏོང་བའི་དགོངས་པ་དེ་དག་སྟོན་པར་མཛད་པ་ཡིན་ནོ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ཡིན་ནོ། །ཡང་ན་འདོད་ན་ནི་ཞེས་བྱ་བ་ནི་སྒྲ་ཇི་བཞིན་གྱི་དོན་མ་ཡིན་པ་ཉིད་

དུའོ། །ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པའང་ཡིན་ཏེ་ཞེས་བྱ་བ་ནི་རྟག་པ་དང་ཆད་པའི་མཐའ་སྤངས་ནས་གསུངས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་འདི་ཀུན་རྒྱུ་ལ་བརྟེན་ནས་འབྱུང་བ་ཡིན་ཞེས་བྱ་བ་ནི་འདུ་བྱེད་ལ་སོགས་པའི་ཆོས་འདི་དག་ཐམས་ཅད་ནི་རྒྱུ་མ་རིག་པ་ལ་སོགས་པ་ལ་

བརྟེན་ནས་འབྱུང་བ་ཡིན་ནོ། །དེའི་ཕྱིར་འདི་ལ་བདག་མེད་ཅིང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ཡིན་ནོ། །མི་མོས་པའི་གནས་སུ་གྱུར་པའི་ཉེས་པ་ཞེས་བྱ་བ་ནི་མི་དད་པའི་གནས་སུ་གྱུར་པའི་ཉེས་པ་ཞེས་བྱ་བའི་ཐ་ཚིག་གོ། །བརྩལ་བ་ཉམས་པའི་ཉེས་པ་ཞེས་བྱ་བ་ནི་དགེ་བའི་ཆོས་རྣམས་ལ་ལྷག་པར་

གནས་པ་ཉམས་པ་ཞེས་བྱ་བའི་ཐ་ཚིག་གོ། །རང་དགའ་དག་གིས་བློ་ནི་ཉམས་སུ་འགྱུར་ལ་ཞེས་བྱ་བ་ལ། རང་དགའ་ནི་རང་གི་ལྟ་བ་མཆོག་ཏུ་འཛིན་ཅིང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཀྲིར་མི་བཏུབ་པ་སྟེ། བློ་ཉམས་པར་འགྱུར། ཆོས་ལ་ཁོང་ཁྲོ་སྒྲིབ་པར་འགྱུར་བ་ཡིན་ཞེས་བྱ་བ་

ནི་ཆོས་ལ་ཡང་ཁོང་ཁྲོ་བར་འགྱུར་ཞིང་དེ་ལ་ཡང་སྒྲིབ་པར་འགྱུར་རོ། །ཀུན་དུ་སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་ཅེས་བྱ་བ་ནི་ཀུན་དུ་རྟོག་པའི་ངོ་བོ་ཉིད་ལ་དགོངས་ནས་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དང་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ནི་ཉོན་མོངས་པ་

ཅན་རྣམས་སོ། །རྣམ་པར་བྱང་བའི་ཆོས་རྣམས་ལ་ཡང་ཞེས་བྱ་བ་ནི་རྣམ་པར་བྱང་བའི་ཆོས་དགེ་བ་རྣམས་སོ། །མེད་པ་ཉིད་དུ་མཚན་མར་བཟུང་ནས་ཞེས་བྱ་བ་ནི་འདུ་ཤེས་ཀྱིས་མེད་པ་ཉིད་དུ་མཚན་མར་བཟུང་ནས་ཞེས་བྱ་བའི་ཐ་ཚིག་གོ། །ལྟ་བ་མ་ཡིན་པར་ལྟ་བ་ཞེས་བྱ་བ་ནི་ལྟ་བ་ཡོད་པ་བཞིན་དུ་མི་

ལྟའོ་ཞེས་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟའོ། །སྐུར་པ་འདེབས་པའི་ལྟ་བ་ཞེས་བྱ་བ་ནི་སྐུར་པ་འདེབས་པའི་ལྟ་བ་ལ་སོགས་པ་སྐུར་པ་འདེབས་པ་གསུམ་པོ་གང་ཡིན་པ་དེ་དག་སྟེ། དེར་ལྟ་བ་ནི་སྐུར་པ་འདེབས་པའི་ལྟ་བའོ། །བདག་གམ་གཞན་གྱི་ཕྱིར་ཞེས་བྱ་བ་ནི་བདག་གམ་གཞན་གྱི་དབང་དུ་བྱས་ནས་

Vol. 137 · folio 268a

ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་བདག་གམ་གཞན་གྱི་ཕྱིར་རེ་ཞིག་ཐེག་པ་དམན་པ་ཞེས་བྱ་བ་རྒྱ་ཆེར་འབྱུང་བས་ནི་བསྟན་པ་ཡིན་ནོ། །ཇི་སྐད་བསྟན་པའི་ལྟ་བའི་ཚུལ་ངེས་པར་འབྱིན་པ་མ་ཡིན་པ་དེ་གཉི་ག་ཡང་འདི་ལ་ཡོད་པ་འདི་ནི་ངེས་པར་འབྱིན་པ་མ་ཡིན་པའི་ལྟ་བའོ། །

ཐག་རིང་དུ་ཞེས་བྱ་བ་ནི་རྒྱང་རིང་དུ་ཞེས་བྱ་བའི་ཐ་ཚིག་གོ། །སྟོན་པ་ཞེས་བྱ་བ་ནི་གསལ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །བཀུར་སྟི་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་གང་ཞིག་མེད་པར་ལྟ་བ་དེ་ལ་བརྟེན་པའོ། །ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཅི་འདྲ་བ་ཞིག་དུས་ཚད་མེད་པར་སྒྲིབ་པ་ཡོངས་སུ་

འཛིན་པར་བྱེད་པ་སྟེ། དུས་ཚད་མེད་པར་སྒྲིབ་པ་ཡོངས་སུ་འཛིན་པར་བྱེད་པས་ན་དུས་ཚད་མེད་པར་སྒྲིབ་པ་ཡོངས་སུ་འཛིན་པའོ། །དུས་ཚད་མེད་པར་སྒྲིབ་པ་ཡོངས་སུ་འཛིན་པར་བྱེད་པའི་ལས་དང་འཇིག་རྟེན་ཀུན་དུ་སྦྱོར་བར་བྱེད་དོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་བོ་ཞེས་བྱ་བ་ནི་དེ་ལ་མི་སྐྱེ་བའི་

ཆོས་ནི་བརྒྱད་དེ། འདི་ལྟ་སྟེ། འཁོར་བ་གཟོད་མ་ནས་མི་སྐྱེ་བའི་ཆོས་ནི་འཁོར་བར་སྔོན་སྐྱེས་སྐྱེས་པ་གང་དག་ཡིན་པའི་ཆོས་དེ་དག་ཁོ་ན་མི་སྐྱེ་བ་དང་། འཁོར་བར་སྔོན་གང་དག་མ་སྐྱེས་པ་ངའི་ཆོས་ཀྱི་ཚུལ་སྔོན་མ་བྱུང་བ་རྣམས་ཀྱང་མི་སྐྱེ་བ་དང་། ཀུན་བརྟགས་པའི་ངོ་བོ་ཉིད་རང་གི་མཚན་

ཉིད་ཀྱིས་མི་སྐྱེ་བ་དང་། གཞན་གྱི་དབང་གི་ངོ་བོ་ཉིད་རང་གིས་མི་སྐྱེ་བ་དང་། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དངོས་པོ་གཞན་དུ་མི་སྐྱེ་བ་དང་། དགྲ་བཅོམ་པ་ལ་ཕྱིས་ཀུན་ནས་ཉོན་མོངས་པ་མི་སྐྱེ་བ་དང་། སངས་རྒྱས་དང་ཆོས་ཀྱི་སྐུ་རྣམས་ལ་ཁྱད་པར་དུ་མི་སྐྱེ་བ་སྟེ། མི་སྐྱེ་བའི་ཆོས་བརྒྱད་པོ་

འདི་དག་ལ་བཟོད་པ་འཐོབ་བོ། །བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཉིད་ནི་རང་གི་དངོས་པོ་ཡོངས་སུ་གཏོང་བ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །རྒྱུ་ཅི་ཞིག་གིས་ན་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ཞེ་ན། ལྟ་བ་སྤངས་པས་ཏེ། བདག་དང་བདག་གིར་ལྟ་བ་ཡོངས་སུ་སྤངས་པ་ཞེས་

བྱ་བའི་ཐ་ཚིག་གོ། །ཚུལ་ཁྲིམས་ཡོངས་སུ་དག་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་ན་སྤྱོད་པའི་ཚུལ་ཁྲིམས་ཡོངས་སུ་དག་པ་ཡིན་ནོ། །རྒྱུ་ཅི་ཞིག་གིས་ན་དེ་རྣམས་ཀྱི་དེ་ཡོངས་སུ་དག་པ་ཞེས་བྱ་ཞེ་ན། ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བས་ཏེ། འཆལ་བའི་ཚུལ་ཁྲིམས་

Vol. 137 · folio 268b

ཀུན་ནས་སློང་བར་བྱེད་པ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་སྤངས་པ་ཞེས་བྱ་བའི་ཐ་ཚིག་གོ། །བཟོད་པའི་སྟོབས་དང་ལྡན་པ་ཉིད་ནི་རྒྱུ་གང་གིས་ན་བྱང་ཆུབ་སེམས་དཔའ་བཟོད་པའི་སྟོབས་དང་ལྡན་པ་ཡིན་ཞེ་ན། ཆོས་ལ་འཇུག་པས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་

རྟོགས་པས་ཞེས་བྱ་བའི་ཐ་ཚིག་གོ། །བརྩོན་འགྲུས་བརྩམས་པ་ཉིད་ནི་རྒྱུ་གང་གིས་ན་བྱང་ཆུབ་སེམས་དཔའ་རྣམས་བརྩོན་འགྲུས་བརྩམས་པ་ཡིན་ཞེ་ན། དབེན་པའི་ཆོས་ལ་མོས་པ་སྟེ། སྟོང་པ་ཉིད་ཀྱི་ཆོས་ལ་མོས་པས་ཞེས་བྱ་བའི་ཐ་ཚིག་གོ། །དེ་རྣམས་ཀྱི་སེམས་ནི་དེ་ལ་མོས་པས་

རྣམ་པར་མི་གཡེང་བའི་སྟོབས་སྐྱེ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བཞི་པོ་གཞན་དག་དང་ཡང་ལྡན་ནོ་ཞེས་རྒྱ་ཆེར་འབྱུང་སྟེ། རྒྱུ་གང་གིས་ན་བྱམས་པ་ཆེན་པོ་ཞེས་བྱ་ཞེ་ན། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་ཉིད་ཀྱིས་ཏེ། ངེས་པའི་ཚིག་གི་ཚུལ་གྱིས་བདག་གིས་

སེམས་ཅན་འདི་དག་ཐམས་ཅད་ཡོངས་སུ་བསྐྱབ་པར་བྱ་བ་ཡིན་ནོ། །རྒྱུ་གང་གིས་ན་སྙིང་རྗེ་ཆེན་པོ་ཡིན་ཞེ་ན། འཁོར་བ་ལས་ཡོངས་སུ་མི་སྐྱོ་བ་ཉིད་ཀྱིས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་འཁོར་བ་ལས་ཡོངས་སུ་མི་སྐྱོའོ། །རྒྱུ་གང་གིས་ན་དགའ་བ་ཆེན་པོ་ཡིན་ཞེ་ན། ཆོས་ལ་དགའ་བ་

དང་རབ་ཏུ་དགའ་བ་ཉིད་ཀྱིས་ཏེ། ཆོས་ལ་དགའ་བ་ཡང་ཡིན་ལ་རབ་ཏུ་དགའ་བ་ཡང་ཡིན་པས་དགའ་བ་དང་རབ་ཏུ་དགའ་བའོ། །ཆོས་རྣམས་ལ་དགའ་བ་དང་། རབ་ཏུ་དགའ་བས་ན་ཆོས་ལ་དགའ་བ་དང་རབ་ཏུ་དགའ་བས་ཏེ་དེས་སོ། །འདིར་ཡང་འདི་ལྟར་ཡང་ཤེས་པར་བྱ་སྟེ། གལ་ཏེ་

དགའ་བ་དང་རབ་ཏུ་དགའ་བ་ཡིན་ལ། བདེ་བ་ཡིན་ཡང་དགའ་བ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཡིད་བདེ་བའི་ཁྱད་པར་འགའ་ཞིག་ཁོ་ན་ལ་བྱའོ། །རབ་ཏུ་དགའ་བ་ཞེས་བྱ་བའི་ཁྱད་པར་གང་ཡིན་པ་དེ་ཡང་ཡིད་བདེ་བའི་ཁྱད་པར་འགའ་ཞིག་ཡིན་ཏེ། མདོ་ལས་རབ་ཏུ་དགའ་བ་ལས་དགའ་བ་སྐྱེ་

བའི་ཕྱིར་རོ་ཞེས་འབྱུང་བའི་ཕྱིར་རོ། །རྒྱུ་གང་གིས་ནི་བཏང་སྙོམས་ཆེན་པོ་ཡིན་ཞེ་ན། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྤངས་པས་ཏེ། དེ་གཉིས་ཀ་སྤངས་པས་བཏང་སྙོམས་ལ་གནས་པ་ཡིན་ནོ། །མདོ་སྡེ་གཞན་གྱི་ཁྱད་པར་གཞན་མང་པོ་དག་ལས་ཞེས་བྱ་བ་ནི་མདོ་སྡེ་གཞན་དག་གི་མདོ་སྡེའི་

Vol. 137 · folio 269a

ཁྱད་པར་དེ་དག་ལས་མདོ་སྡེའི་ཚིག་གང་དག་འབྱུང་བ་དེ་དག་ནི་མདོ་སྡེ་གཞན་གྱི་ཁྱད་པར་ཏེ། ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུ་ཡིན་ནོ། །དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་བྱེད་དོ། །འདིར་དགོངས་པ་ནི་མཚན་ཉིད་ངོ་བོ་ཉིད་

མེད། སྐྱེ་བ་ངོ་བོ་ཉིད་མེད་དོན་དམ་ངོ་བོ་ཉིད་མེད་དོ་ཞེས་ངས་བཤད་དེ་ཞེས་བྱ་བ་ཡིན་ནོ། །དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ནི་ཀུན་དུ་བརྟགས་པའི་ངོ་བོའོ། །སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ནི་གཞན་གྱི་དབང་གིའོ། །དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ནི་ཡོངས་སུ་གྲུབ་པའིའོ། །མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཅེས་

བྱ་བ་ནས། དོན་དམ་པ་ངོ་བོ་ཉིད་མེད་ཅེས་བྱ་བའི་བར་གྱི་ཡི་གེའི་དོན་ཅི་ཞེ་ན། རང་གི་དངོས་པོ་ནི་ངོ་བོ་ཉིད་དོ། །འདི་ལ་ངོ་བོ་ཉིད་མེད་པས་ངོ་བོ་ཉིད་མེད་པ་སྟེ། དེའི་དངོས་པོ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་སྟེ། མཚན་ཉིད་གཟུགས་ལ་སོགས་པའི་ངོ་བོ་ཉིད་མེད་པའོ། །དེའི་དངོས་པོ་ནི་མཚན་ཉིད་མེད་པ་ཉིད་ནི་

གཞན་གྱི་དབང་གིའོ། །གཞན་གྱི་དབང་གང་ལས་སྐྱེ་བ་ངོ་བོ་ཉིད་མེད་པ་སྟེ། དེའི་དངོས་པོ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་དོ། །དོན་དམ་པ་ངོ་བོ་ཉིད་མེད་པ་དེ་ནི་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དོ། །དེ་ཡང་གཞན་གྱི་དབང་གི་ངོ་བོ་ཉིད་དག་ནི་གཟུང་བ་དང་འཛིན་པའི་མཚན་ཉིད་དང་མཚན་ཉིད་མི་མཐུན་

པ་ཉིད་ཡིན་ནོ། །དེ་ལྟར་བྱས་ན་ཆོས་རྣམས་ནི་ངོ་བོ་ཉིད་མེད་པ་ཡིན་ནོ། །གང་དག་ངོ་བོ་ཉིད་མེད་པ་དེ་དག་ནི་མ་སྐྱེས་པ་ཡིན་ནོ། །གང་དག་མ་སྐྱེས་པ་དེ་དག་ནི་མ་འགགས་པ་ཡིན་ནོ། །གང་དག་མ་འགགས་པ་དེ་དག་ནི་གཟོད་མ་ནས་ཞི་བ་ཡིན་ནོ། །གང་དག་གཟོད་མ་ནས་ཞི་བ་དེ་དག་ནི་རང་བཞིན་གྱིས་

ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་རབ་ཏུ་བསྟན་པ་ཡིན་ནོ། །དེ་དག་བརྟགས་པ་བཞིན་དུ་མེད། །ཅེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་དེ་དག་བྱིས་པ་རྣམས་ཀྱིས་ཇི་ལྟར་བརྟགས་པ་དེ་ལྟར་མེད་དོ། །དེ་དག་མེད་པ་འོང་མ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་བརྗོད་དུ་མེད་པའི་ངོ་བོར་རོ། །གལ་ཏེ་

ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པར་གྱུར་ན། དངོས་པོ་ཐམས་ཅད་མེད་པའི་ཕྱིར། །ཀུན་ནས་ཉོན་མོངས་དག་པ་མེད། །ཅེས་བྱ་བའི་སྐྱོན་འདིར་འགྱུར་རོ། །ཆོས་རྣམས་ཐམས་ཅད་མ་སྐྱེས་པ། །ཞེས་བྱ་བ་ནི་འདུས་བྱས་རྣམས་སོ། །གལ་ཏེ་ཀུན་དུ་བརྟགས་པའི་རང་བཞིན་གྱིས་ཆོས་ཐམས་ཅད་མ་

Vol. 137 · folio 269b

སྐྱེས་པ་ཡིན་ན་ཅི་ལ་བརྟེན་ནས་རྣམ་པར་རྟོག་པ་སྐྱེ་ཞེ་ན། གཞན་གྱི་དབང་ལ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ཡིན་ཏེ། གཞན་གྱི་དབང་གི་ངོ་བོ་ཉིད་ལ་བརྟེན་ནས་རྣམ་པར་རྟོག་པ་སྟེ་དེར་རྣམ་པར་རིག་པ་སྐྱེའོ། །ནམ་ཞིག་གཞན་གྱི་དབང་དག་སྟེ། ཅི་ལྟ་བུ་ཞེ་ན། རྣམ་པར་རྟོག་དང་བྲལ་བ་ན། །ཞེས་བྱ་བ་

ནི་གཟུང་བ་དང་འཛིན་པའི་དངོས་པོ་དང་བྲལ་བའོ། །ཤིན་ཏུ་གྱུར་པ་དེ་བཞིན་ཉིད་ལ་གནས་པའོ། །དེ་ལྟ་བུ་ནི་གཞན་གྱི་དབང་གི་མཚན་ཉིད་ཤིན་ཏུ་གྱུར་པ་དང་དེ་བཞིན་ཉིད་ཀྱི་བདག་ཉིད་ལ་གནས་པ་ཡིན་ནོ། །ཕྱི་རོལ་དོན་མཐོང་བརྟགས་ན་ནི། །ཕྱི་རོལ་གྱི་དོན་གཟུགས་དང་སྒྲ་ལ་སོགས་པ་མཐོང་ན་སྟེ་

དམིགས་ན་བརྟགས་པ་ནི་སྟེ། བརྟགས་པར་བྱ་བ་གང་ཡིན་པ་ནི་ཀུན་དུ་བརྟགས་པའི་རང་བཞིན་ནོ་ཞེས་བྱ་བ་འདི་ཡིན་པར་ཁོང་དུ་ཆུད་པར་བྱའོ། །གཞན་གྱི་དབང་ནི། རྟོགས་པ་གང་གིས་རྟོག་བྱེད་པ། །ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །ཕྱི་རོལ་དོན་མཐོང་ལོག་པ་སྟེ། །ཞེས་བྱ་བ་རྒྱ་ཆེར་འབྱུང་

བ་ནི་ཕྱི་རོལ་གྱི་དོན་གཟུགས་དང་སྒྲ་ལ་སོགས་པ་མཐོང་བ་ནི་ལོག་པ་ཡིན་ནོ། །ཇི་ལྟར་ལོག་པ་ཡིན་ཞེ་ན། འདི་ལྟར་གཟུགས་དང་སྒྲ་ལ་སོགས་པའི་དོན་མེད་ཀྱི། དེ་ནི་སེམས་འབའ་ཞིག་སྟེ། གཟུགས་དང་སྒྲ་ལ་སོགས་པ་སྣང་བའི་རྣམ་པར་རིག་པ་ཙམ་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར།

རིགས་པས་རྣམ་པར་གཞིགས་ན་ནི། །གཟུང་བ་དང་ནི་འཛིན་པ་འགག །ཅེས་བྱ་བ་ནི་གཟུང་བ་གང་ཡིན་པ་དང་། འཛིན་པ་གང་ཡིན་པ་དེ་གཉི་ག་སྤངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་བྱིས་པས་བརྟགས་པ་ལྟར། །ཕྱི་རོལ་གྱི་ནི་དོན་མེད་དོ། །གལ་ཏེ་ཕྱི་རོལ་གྱི་དོན་མེད་ན་ཇི་ལྟར་དེར་སྣང་བའི་

རྣམ་པར་ཤེས་པ་སྐྱེ་ཞེ་ན། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་ཤིན་ཏུ་འབྱུང་། །རྣམ་པར་རིག་པའི་བག་ཆགས་ཀྱིས་དཀྲུགས་པ་སྟེ། བསྒོས་པའི་སེམས་ཀུན་གཞི་རྣམ་པར་ཤེས་པ་ལ་འཇུག་པའི་རྣམ་པར་ཤེས་པ་རབ་ཏུ་འབྱུང་ངོ་། །དེ་ལྟ་བས་ན་ཀུན་གཞི་རྣམ་པར་

ཤེས་པ་ལ་དེ་ལྟར་བསྒོས་པས་གཟུགས་ལ་སོགས་པའི་རྣམ་པར་འཛིན་པའི་འཇུག་པའི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ནི་རྒྱུ་ཡིན་ལ། ལྷན་ཅིག་འབྱུང་བའི་འཇུག་པའི་རྣམ་པར་ཤེས་པ་ནི་བདག་པོའི་རྐྱེན་ཡིན་ནོ། །བཤད་པ་འདི་དག་ཐམས་

Vol. 137 · folio 270a

ཅད་ཀྱི་དོན་གྱི་མཚམས་སྦྱར་བ་ནི་མི་རུང་སྟེ། ཁ་ཅིག་ཐེག་པ་ཆེན་པོའི་མདོ་སྡེ་ཁ་ཅིག་ལས་འབྱུང་ངོ་། །སྟོང་པ་ཉིད་ལ་སོགས་པའི་མདོ་སྡེ་ཞེས་བྱ་བ་ནི་སྟོང་པ་ཉིད་དང་། གཟུགས་ཅན་སྙིང་པོ་བསུ་བ་དང་། མིའི་མདོ་ལ་སོགས་པའོ། །སྲིད་པ་བར་མ་དོ་དང་ལྡན་པའི་

མདོ་སྡེ་གང་དག་ཅེ་ན། སྲིད་པ་བདུན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྟེ། སྲིད་པ་བདུན་ཞེས་བྱ་བའི་མདོ་དང་། ཕྱིར་མི་འོང་བའི་མདོ་དང་། འགྲོ་བའི་མདོ་དང་མངལ་དུ་འཇུག་པའི་མདོ་སྡེ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་མདོ་སྡེ་རྣམས་ནི་ས་སྟོན་པའི་སྡེ་ལ་སོགས་པ་རྣམས་ཀྱིས་ཁས་མི་ལེན་

ཏེ། ས་སྟོན་པའི་སྡེ་དང་། ཆོས་སྲུང་བའི་སྡེ་དང་། འོད་སྲུངས་ཀྱི་སྡེ་ལ་སོགས་པ་དེ་རྣམས་ཀྱིས་ཁས་མི་ལེན་པས་དེ་དག་སངས་རྒྱས་ཀྱི་གསུང་དུ་མི་འགྱུར་རོ། །སྡེ་པ་ཕན་ཚུན་ཐ་དད་པའི་མདོ་སྡེ་གང་དག་ཡིན་པ་འདི་ལྟ་སྟེ། ཆོས་ཀྱི་ཕྱག་རྒྱའི་མདོ་དང་། འགྲོ་བའི་མདོ་སྡེ་ལ་སོགས་པའོ། །སངས་

རྒྱས་ཀྱི་གསུང་མཐའ་དག་ནི་དེང་སོང་མི་སྣང་ངོ་ཞེས་དེ་སྐད་ཀྱང་བསྟན་ཟིན་ཏོ། །སངས་རྒྱས་ཀྱི་གསུང་གང་མི་སྣང་བ་དེ་ནི་སློབ་དཔོན་གྱི་རིགས་འགས་ཀྱང་ཡོངས་སུ་མ་བཟུང་བས་དེ་དག་སངས་རྒྱས་ཀྱི་གསུང་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་སངས་རྒྱས་ཀྱི་གསུང་ཡིན་ཞེ་ན། ཆེན་པོ་བསྟན་པ་

ཚད་མ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་མདོ་ལས་ཆེན་པོ་བསྟན་པ་ཚད་མ་ཡིན་གྱི། ནག་པོ་བསྟན་པ་མ་ཡིན་ཏེ། ཇི་ལྟ་ཞེ་ན། རྒྱ་ཆེར་གསུངས་ནས། འདི་ལ་ཀུན་དགའ་བོ་དགེ་སློང་ཞིག་འོངས་ནས་དེ་འདི་སྐད་ཅེས། འདི་ལྟ་སྟེ། འདི་ནི་ཆོས་ཡིན། འདི་ནི་འདུལ་བ་ཡིན། འདི་ནི་སྟོན་པའི་བསྟན་པ་

ཡིན་ཏེ། བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས་ཤིང་མངོན་སུམ་དུ་བཟུང་བ་ཡིན་ནོ་ཞེས་ཟེར་ན། དགེ་སློང་དེའི་བཤད་པ་དེ་ལ་སྤྲོ་བར་ཡང་མི་བྱ་ཞིང་སྨད་པར་ཡང་མི་བྱའོ། །སྤྲོ་བར་ཡང་མ་བྱས་ཤིང་སྨད་པར་ཡང་མ་བྱས་པར་མདོ་སྡེ་ལ་འཇུག་པར་བྱ། འདུལ་བ་ལ་སྣང་བར་བྱའོ། །ཆོས་

ཉིད་དང་མཐུན་པར་བྱའོ། །གལ་ཏེ་མདོ་སྡེ་ལ་འཇུག་པར་བྱས། འདུལ་བ་ལ་སྣང་བར་བྱས་པ་ལས། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་མི་མཐུན་པར། དགེ་སློང་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་གོར་མ་ཆག་པར་ཆོས་འདི་དག་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་

Vol. 137 · folio 270b

ཡིན་ཞིང་ཚེ་དང་ལྡན་པ་ཉིད་ཀྱིས་ཉེ་བར་བཟུང་བ་ཡིན་ཏེ། འདི་ལྟར་ཆོས་འདི་དག་ནི་མདོ་སྡེ་ལ་འཇུག་པར་བྱས། འདུལ་བ་ལ་སྣང་བར་བྱས་པ་ལས། མདོ་སྡེ་ལ་མི་འཇུག །འདུལ་བ་ལ་མི་སྣང་། ཆོས་ཉིད་དང་མི་མཐུན་པས་འདི་ནི་ཆོས་མ་ཡིན། འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་

པའི་བསྟན་པ་མ་ཡིན་ནོ་སྙམ་དུ་ཤེས་པར་བྱ་སྟེ་དོར་བར་བྱའོ་ཞེས་བརྗོད་པར་བྱའོ། །འོ་ན་འཕགས་པའི་བདེན་པའི་མདོ་སྡེ་ལ་འཇུག་པ་སྟེ། འདི་ལྟ་སྟེ། རྒྱ་ཆེར་གསུངས་ནས། དགེ་སློང་དག་བཞི་པོ་འདི་དག་ནི་འཕགས་པའི་བདེན་པ་དག་གོ། །བཞི་པོ་གང་དག་ཅེ་ན། སྡུག་བསྔལ་

འཕགས་པའི་བདེན་པ་དང་། ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་རྒྱ་ཆེར་འབྱུང་བའོ། །ཉོན་མོངས་པ་འདུལ་བ་ལ་སྣང་ཞེས་བྱ་བ་ནི་ཉོན་མོངས་པ་འདུལ་བ་ནི་ཉོན་མོངས་པའི་གཉེན་པོ་གང་ཡིན་པའོ། །

རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་དང་མི་མཐུན་པ་མ་ཡིན་པ་ཞེས་བྱ་བ་ནི་འདི་ཡོད་པས་འདི་འབྱུང་ཞེས་བྱ་བའི་ཆོས་ཉིད་དང་མི་མཐུན་པ་མ་ཡིན་པའོ། །གལ་ཏེ་འགལ་བའི་ཕྱིར་རོ་ཞེ་ན། ཉེས་པ་དེ་ནི་སྔར་བསལ་ཟིན་ཏོ། །ཇི་ལྟ་ཞེ་ན། གལ་ཏེ་དེ་ལྟ་བུའི་རང་བཞིན་དང་འགལ་བའི་ཕྱིར་ཐེག་

པ་ཆེན་པོ་སངས་རྒྱས་ཀྱི་གསུང་མ་ཡིན་ན་ཁྱེད་ལ་གྲགས་པའི་སངས་རྒྱས་ཀྱི་གསུང་གང་ཡིན་པ་གཞན་ཡང་དེ་བཞིན་དུ་སངས་རྒྱས་ཀྱི་གསུང་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འགལ་བའི་ཕྱིར་རོ་ཞེས་རྒྱ་ཆེར་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་ཚིག་རྣམས་ནི་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་

ངོ་བོ་ཉིད་མེད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེ་ལྟ་བུའི་རྣམ་པའི་ཚིག་རྣམས་སོ། །རང་བཞིན་གྱིས་མིག་སྐྱོན་ཅན་དུ་གྱུར་པ་དག་ལ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་མིག་སྐྱོན་ཅན་དུ་གྱུར་པ་དག་ལའོ། །དེ་མེད་པ་ཉིད་ཡིན་པ་དང་འདྲ་བར་ཞེས་བྱ་བ་ནི་ཇི་ལྟར་དེ་དག་ལ་དེར་འཛིན་པ་བསལ་བའི་

ཕྱིར་གཟུགས་དེ་མེད་པ་ཉིད་ཡིན་པར་བསྟན་པ་དེ་དང་འདྲའོ། །མགོ་སྨོས་པ་མི་ཤེས་པ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ནི་གང་དག་དོན་རྣམ་པར་མ་ཕྱེ་བ་མི་རྟོགས་པ་དེ་དག་ནི་མགོ་སྨོས་པ་མི་ཤེས་པ་སྟེ། མགོ་སྨོས་པ་མི་ཤེས་པ་དེ་རྣམས་བརྗོད་དུ་མེད་པའི་ཆོས་གང་ཡིན་པ་སྟེ། བརྗོད་དུ་མེད་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words