ཆོས་མངོན་པའི་མཛོད་ཀྱི་བཤད་པ
Sanskrit title (Tibetan script, as in the text) ཨ་བྷི་དྷརྨྨ་ཀོ་ཥཾ་བྷཱ་ཥྱཾ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 140 · folio 26b
༄༅༅། །རྒྱ་གར་སྐད་དུ། ཨ་བྷི་དྷརྨྨ་ཀོ་ཥཾ་བྷཱ་ཥྱཾ། བོད་སྐད་དུ། ཆོས་མངོན་པའི་མཛོད་ཀྱི་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །
དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས། །ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ། །བསྟན་བཅོས་བྱེད་པར་འདོད་པས་རང་གི་སྟོན་པའི་ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར་དེ་ལ་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བའི་ཕྱག་འཚལ་བ་རྩོམ་མོ། །གང་ཞིག་ཅེས་བྱ་བ་ནི།
སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས་སྨྲས་པའོ། །འདིའི་འམ་འདིས་མུན་པ་བཅོམ་པས་མུན་པ་བཅོམ་པའོ། །ཐམས་ཅད་ལ་མུན་པ་རྣམ་པ་ཐམས་ཅད་དུ་བཅོམ་པས་ཀུན་ལ་མུན་པ་གཏན་བཅོམ་པའོ། །མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་
བགེགས་སུ་གྱུར་པའི་ཕྱིར་མུན་པ་སྟེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཉེན་པོ་བརྙེས་ནས་ཤེས་བྱ་ཐམས་ཅད་ལ་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་གཏན་ནས་ཡེ་བཅོམ་པ་སྟེ། དེའི་ཕྱིར་འདིའི་ནི་ཀུན་ལ་མུན་པ་གཏན་བཅོམ་པའོ། །དེ་རང་
སངས་རྒྱས་དང་ཉན་ཐོས་རྣམས་ཀྱང་ཉོན་མོངས་པ་ཅན་གྱི་རྨོངས་པ་དང་བྲལ་བའི་ཕྱིར་ཀུན་ལ་མུན་པ་བཅོམ་པར་ནི་འདོད་མོད་ཀྱི་གཏན་ནས་ནི་མ་ཡིན་ཏེ་འདི་ལྟར་དེ་དག་ལ་སངས་རྒྱས་ཀྱི་ཆོས་དང་། ཡུལ་དང་། དུས་ཤིན་ཏུ་བསྐལ་པ་དང་། དོན་རབ་ཏུ་དབྱེ་བ་མཐའ་ཡས་
པ་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ། །དེ་ལྟར་བདག་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པས་ཡང་དག་པར་བསྟོད་ནས། ཡང་བཅོམ་ལྡན་འདས་དེ་ཉིད་ལ་གཞན་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པས་ཡང་དག་པར་བསྟོད་པ་ནི། འཁོར་
བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །ཞེས་བྱ་བ་སྟེ། འཁོར་བ་ནི་འགྲོ་བ་ཀུན་ཏུ་ཆགས་པའི་གནས་ཡིན་པའི་ཕྱིར་དང་། བརྒལ་བར་དཀའ་བའི་ཕྱིར་འདམ་ལྟ་བུ་ཡིན་ཏེ། འགྲོ་བ་དེར་བྱིང་བ་སྐྱབས་མེད་པ་ལ་བཅོམ་ལྡན་འདས་ཐུགས་བརྩེ་བ་དང་ལྡན་པས་
Vol. 140 · folio 27a
དམ་པའི་ཆོས་སྟོན་པའི་ཕྱག་བརྐྱང་བ་དག་གིས་སྐལ་བ་ཇི་ལྟ་བ་བཞིན་དུ་དྲངས་སོ། །དོན་ཇི་ལྟ་བ་བཞིན་ཕྱིན་ཅི་མ་ལོག་པར་སྟོན་པས་ན་དོན་བཞིན་སྟོན་པའོ། །འདིས་ནི་འདིའི་གཞན་ལ་ཕན་པ་སྒྲུབ་པའི་ཐབས་སྟོན་ཏེ། དེ་ནི་སྟོན་པ་ན་ཡང་དག་པ་
ཇི་ལྟ་བ་བཞིན་དུ་སྟོན་པས་འཁོར་བའི་འདམ་ལས་འགྲོ་བ་དྲངས་ཀྱི་རྫུ་འཕྲུལ་དང་། དམ་པ་སྦྱིན་པའི་མཐུས་ནི་མ་ཡིན་ནོ། །དེ་ལྟར་བདག་དང་གཞན་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པ་དེ་ལྟ་བུ་དང་ལྡན་པ་གང་ཡིན་པ་དེ་ལ་ཕྱག་འཚལ་ནས་ཞེས་བྱ་བ་ནི་མགོས་བཏུད་ནས་སོ། །
དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས་ཅི་ཞིག་བྱ་ཞེ་ན། བསྟན་བཅོས་རབ་བཤད་བྱ་ཞེས་བྱ་བ་སྨོས་ཏེ། སློབ་མ་འཆོས་པས་ན་བསྟན་བཅོས་སོ། །བསྟན་བཅོས་གང་ཞེ་ན། ཆོས་མངོན་མཛོད་ཅེས་བྱ་བ་སྨོས་སོ། །ཆོས་མངོན་པ་ཞེས་བྱ་བ་འདི་གང་ཞེ་ན།
ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། །ཞེས་བྱ་བ་སྟེ། དེ་ལ་ཤེས་རབ་ཅེས་བྱ་བ་ནི། ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །དྲི་མེད་ཅེས་བྱ་བ་ནི་གང་ཟག་པ་མེད་པའོ། །རྗེས་འབྲང་བཅས་ཞེས་བྱ་བ་ནི་འཁོར་དང་བཅས་པ་སྟེ། དེ་ལྟར་ན་ཟག་པ་མེད་པའི་
ཕུང་པོ་ལྔ་པོ་ལ་ཆོས་མངོན་པ་ཞེས་བསྟན་པར་འགྱུར་རོ། །རེ་ཞིག་འདི་ནི་དོན་དམ་པའི་ཆོས་མངོན་པའོ། །བརྡར་བཏགས་པ་ནི། དེ་ཐོབ་བྱའི་ཕྱིར་གང་དང་བསྟན་བཅོས་གང་ཞེས་བྱ་བ་སྟེ། གང་དང་ཞེས་བྱ་བ་ནི་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་
བྱུང་བའི་ཤེས་རབ་གང་ཟག་པ་དང་བཅས་པ་དང་། སྐྱེས་ནས་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པའོ། །བསྟན་བཅོས་གང་ཞེས་བྱ་བ་ནི་དེ་ཡང་ཟག་པ་མེད་པའི་ཤེས་རབ་ཐོབ་པར་བྱ་བའི་ཕྱིར་དེའི་ཚོགས་སུ་གྱུར་པས་ཆོས་མངོན་པ་ཞེས་བྱའོ། །ངེས་པའི་ཚིག་ཏུ་
རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་ཏེ། དེ་ལྟ་བས་ན་འདི་ནི་དོན་དམ་པའི་ཆོས་མྱ་ངན་ལས་འདས་པ་འམ། ཆོས་ཀྱི་མཚན་ཉིད་ལ་མངོན་དུ་ཕྱོགས་པའི་ཕྱིར་ཆོས་མངོན་པའོ། །ཆོས་མངོན་པ་བཤད་ཟིན་ཏོ། །བསྟན་བཅོས་འདི་ཇི་ལྟར་ན་ཆོས་མངོན་པའི་མཛོད་
Vol. 140 · folio 27b
ཡིན་ཞེ་ན། འདིར་དེ་དོན་དུ་ཡང་དག་ཆུད་ཕྱིར་རམ། འདི་ཡི་གནས་དེ་ཡིན་པས་ཆོས་མངོན་མཛོད་ཅེས་བྱ་བ་སྨོས་ཏེ། ཆོས་མངོན་པའི་བསྟན་བཅོས་ཞེས་བྱ་བ་དེ་ཇི་ལྟར་གཅེས་གཅེས་རྣམས་དོན་དུ་འདིར་ཆུད་དེ། དེ་ལྟ་བས་ན་བསྟན་བཅོས་འདི་ནི་དེའི་མཛོད་ལྟ་བུ་ཡིན་
ནོ། །ཡང་ན་དེ་ལས་འདི་ཕྱུང་བས་ཆོས་མངོན་པ་དེ་བསྟན་བཅོས་འདིའི་གནས་ལྟ་བུ་ཡིན་ནོ། །དེའི་ཕྱིར་ཆོས་མངོན་པ་དེ་ཉིད་འདིའི་མཛོད་ཡིན་ཏེ། དེ་ལྟ་བས་ན་བསྟན་བཅོས་འདི་ནི་ཆོས་མངོན་པའི་མཛོད་ཡིན་ནོ། །ཡང་ཅིའི་ཕྱིར་ཆོས་མངོན་པ་བསྟན། འདི་དང་
པོ་ཉིད་དུ་སུས་བསྟན་ན། འདི་ལྟར་སློབ་དཔོན་ཆོས་མངོན་པའི་མཛོད་འཆད་པར་གུས་ཤེ་ན། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་
འཁྱམས་ཏེ། །དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པ་མེད་པར་ཉོན་མོངས་པ་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། ཉོན་མོངས་པ་རྣམས་ཀྱིས་ཀྱང་འཇིག་རྟེན་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར་
འཁྱམ་པར་བྱེད་པ་དེའི་ཕྱིར་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་པར་འདོད་པ་དེའི་དོན་དུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་མངོན་པ་གསུངས་སོ་ལོ། །ཆོས་མངོན་པ་བསྟན་པ་མེད་པར་ནི་སློབ་མས་ཆོས་རབ་ཏུ་རྣམ་པར་འབྱེད་པར་མི་ནུས་སོ། །བྱེ་བྲག་ཏུ་སྨྲ་བ་
རྣམས་ན་རེ་དེ་ནི་བཅོམ་ལྡན་འདས་ཀྱིས་སིལ་བུར་བཤད་ལ། བཙུན་པ་ཀཱ་ཏྱཱའི་བུ་ལ་སོགས་པས་བསྡུས་ནས་བཞག་སྟེ། བཙུན་པ་ཆོས་སྐྱོབ་ཀྱིས་ཆེད་དུ་བརྗོད་པའི་སྡེ། སྡེ་ཚན་དུ་བྱས་པ་བཞིན་ནོ་ཞེས་ཟེར་རོ། །གང་དག་ཆོས་མངོན་པ་བསྟན་པས་རབ་ཏུ་རྣམ་པར་
དབྱེ་བར་བྱ་བའི་ཆོས་དེ་དག་ཀྱང་གང་ཞེ་ན། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་བྱ་བ་སྨོས་ཏེ། འདི་ནི་ཆོས་རྣམས་ཐམས་ཅད་མདོར་བསྡུས་ཏེ་བསྟན་པའོ། །དེ་ལ་ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། ལམ་མ་གཏོགས་པ་འདུས་བྱས་
Vol. 140 · folio 28a
རྣམས། །ཟག་བཅས་ཞེས་བྱ་བ་སྟེ། ལམ་གྱི་བདེན་པ་མ་གཏོགས་པ་འདུས་བྱས་ཀྱི་ཆོས་གཞན་རྣམས་ནི་ཟག་པ་དང་བཅས་པ་དག་གོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེས་བྱ་བ་སྟེ། འགོག་པ་
དང་ལམ་གྱི་བདེན་པ་ལ་དམིགས་པས་ཀྱང་ཟག་པ་སྐྱེ་བར་ནི་འདོད་མོད་ཀྱི། དེ་གཉིས་ལ་རྒྱས་པར་མི་འགྱུར་བས་དེ་གཉིས་ཟག་པ་དང་བཅས་པ་ཉིད་དུ་ཐལ་བ་མེད་དོ། །ཇི་ལྟར་རྒྱས་པར་མི་འགྱུར་བ་དེ་ནི་འོག་ནས་ཕྲ་རྒྱས་བསྟན་པ་ཉིད་དུ་བསྟན་པར་བྱའོ། །ཟག་པ་དང་
བཅས་པ་དག་བཤད་ཟིན་ཏོ། །ཟག་པ་མེད་པ་རྣམས་གང་ཞེ་ན། ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམ་གསུམ་ཡང་སྟེ། །ཞེས་བྱ་བའོ། །རྣམ་གསུམ་གང་ཞེ་ན། ནམ་མཁའ་དང་ནི་འགོག་པ་གཉིས། །ཞེས་བྱ་བ་སྟེ། གཉིས་གང་ཞེ་ན། སོ་སོར་
བརྟགས་པས་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྟེ། དེ་ལྟར་ནམ་མཁའ་ལ་སོགས་པ་འདུས་མ་བྱས་རྣམ་པ་གསུམ་པོ་དེ་དང་། ལམ་གྱི་བདེན་པ་ནི་ཟག་པ་མེད་པའི་ཆོས་རྣམས་ཏེ། དེ་དག་ལ་ཟག་པ་རྒྱས་པར་འགྱུར་བ་མེད་པའི་ཕྱིར་རོ། །
འདུས་མ་བྱས་རྣམ་པ་གསུམ་པོ་བསྟན་པ་གང་ཡིན་པ་དེ་ལ་ནམ་མཁའ་མི་སྒྲིབ་པ། ནམ་མཁའ་ནི་སྒྲིབ་པ་མེད་པའི་རང་བཞིན་ཏེ་གང་ན་གཟུགས་ཀྱི་གོ་ཡོད་པའོ། །སོ་སོར་བརྟགས་པས་འགོག་པ་དང་བྲལ་བའོ། །གང་ཟག་པ་དང་བཅས་པའི་ཆོས་རྣམས་དང་བྲལ་བ་
དེ་ནི་སོ་སོར་བརྟགས་པས་འགོག་པའོ། །སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་ལ་སོ་སོར་རྟོག་པ་ནི་སོ་སོར་བརྟགས་པ་སྟེ་ཤེས་རབ་ཀྱི་བྱེ་བྲག་གོ། །དེས་ཐོབ་པར་བྱ་བའི་འགོག་པ་ནི་སོ་སོར་བརྟགས་པས་འགོག་པའོ། །བར་གྱི་ཚིག་མི་མངོན་པར་བྱ་
བ་སྟེ། དཔེར་ན་བ་ལང་དག་དང་ལྡན་པའི་ཤིང་རྟ་ལ་བ་ལང་གི་ཤིང་རྟ་ཞེས་བྱ་བ་ལྟ་བུའོ། །ཅི་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་སོ་སོར་བརྟགས་པས་འགོག་པ་གཅིག་ཁོ་ན་འམ་ཞེ་ན། སྨྲས་པ། མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། སོ་སོ་སོ་སོ་ཡིན། ལྡན་
Vol. 140 · folio 28b
པའི་རྫས་རྣམས་ཇི་སྙེད་པ་བྲལ་བའི་རྫས་རྣམས་ཀྱང་དེ་སྙེད་དོ། །དེ་ལྟ་མ་ཡིན་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་འགོག་པ་མངོན་སུམ་དུ་བྱས་པས་ཉོན་མོངས་པ་ཐམས་ཅད་འགོག་པ་མངོན་སུམ་དུ་བྱེད་པར་ཐལ་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་ལྷག་
མའི་གཉེན་པོ་བསྒོམ་པ་དོན་མེད་པར་འགྱུར་རོ། །འོ་ན་འགོག་པ་ནི་འདྲ་བ་མ་ཡིན་ནོ་ཞེས་བཤད་པ་འདིའི་དོན་ཇི་ལྟ་བུ་ཡིན་ཞེ་ན། ཚིག་དེའི་དོན་ནི་འདི་འདྲ་བའི་རྒྱུ་གང་ཡང་མ་ཡིན་ལ། འདི་ཡང་གང་གི་འདྲ་བའི་རྒྱུ་ཡང་མ་ཡིན་ནོ་ཞེས་བྱའོ། །འདི་ལ་འདྲ་བ་གང་ཡང་མེད་
དོ་ཞེས་བྱ་བ་ནི་མ་ཡིན་ནོ། །སོ་སོར་བརྟགས་པས་འགོག་པ་བཤད་ཟིན་ཏོ། །སྐྱེ་ལ་གཏན་དུ་བགེགས་བྱེད་པ། །འགོག་གཞན་སོ་སོར་བརྟགས་མིན་པས། །ཆོས་མ་འོངས་པ་རྣམས་སྐྱེ་བ་ལ་གཏན་དུ་བགེགས་སུ་གྱུར་པ་བྲལ་བ་ལས་གཞན་པའི་འགོག་པ་གང་ཡིན་པ་དེ་ནི་
སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྟེ། འདི་སོ་སོར་བརྟགས་པས་འཐོབ་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྐྱེན་མ་ཚང་བ་ལས་ཐོབ་སྟེ། དཔེར་ན་མིག་དང་ཡིད་གཟུགས་གཅིག་ལ་ཡེངས་པའི་གཟུགས་གཞན་པ་རྣམས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་གང་ཡིན་
པ་དག་ནི་འདས་པར་འགྱུར་ལ། དེ་དག་ལ་དམིགས་པའི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ནི་ཡང་སྐྱེ་བར་ཡང་མི་ནུས་ཏེ། དེ་དག་འདས་པའི་ཡུལ་ལ་དམིགས་པའི་མཐུ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་གི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དེ་ནི་རྐྱེན་
མ་ཚང་བས་འཐོབ་བོ། །འདིར་མུ་བཞིར་འགྱུར་ཏེ། གང་དག་གིས་སོ་སོར་བརྟགས་པས་འགོག་པ་ཁོ་ན་འཐོབ་པའི་ཆོས་དེ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། ཟག་པ་དང་བཅས་པ་འདས་པ་དང་ད་ལྟར་བྱུང་བ་དང་འབྱུང་བའི་ཆོས་ཅན་རྣམས་ཀྱི་ལྟ་བུའོ། །གང་དག་གིས་སོ་སོར་
བརྟགས་པ་མ་ཡིན་པས་འགོག་པ་ཁོ་ན་འཐོབ་པ་ཡང་ཡོད་དེ། འདི་ལྟ་སྟེ། ཟག་པ་མེད་པའི་འདུས་བྱས་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱི་ལྟ་བུའོ། །གང་དག་གིས་གཉི་ག་འཐོབ་པ་ཡང་ཡོད་དེ། འདི་ལྟ་སྟེ། ཟག་པ་དང་བཅས་པ་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱི་ལྟ་བུའོ། །
Vol. 140 · folio 29a
གང་དག་གིས་གཉི་ག་མི་འཐོབ་པ་ཡང་ཡོད་དེ། འདི་ལྟ་སྟེ། ཟག་པ་མེད་པ་འདས་པ་དང་ད་ལྟར་བྱུང་བ་དང་འབྱུང་བའི་ཆོས་ཅན་རྣམས་ཀྱི་ལྟ་བུའོ། །འདུས་མ་བྱས་རྣམ་པ་གསུམ་བཤད་ཟིན་ཏོ། །ལམ་མ་གཏོགས་པ་འདུས་བྱས་རྣམས། །ཟག་བཅས་
ཞེས་གང་སྨྲས་པའི་འདུས་བྱས་དེ་དག་གང་ཞེ་ན། འདུས་བྱས་ཆོས་རྣམས་དེ་དག་ཀྱང་། །གཟུགས་ལ་སོགས་པ་ཕུང་པོ་ལྔ། །གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ་བ་དེ་
དག་ནི་འདུས་བྱས་ཀྱི་ཆོས་རྣམས་སོ། །རྐྱེན་རྣམས་འདུས་ཤིང་ཕྲད་ནས་བྱས་པ་དག་ནི་འདུས་བྱས་རྣམས་ཏེ། རྐྱེན་གཅིག་གིས་བསྐྱེད་པ་ནི་འགའ་ཡང་མེད་དོ། །དེ་དང་རིགས་མཐུན་པའི་ཕྱིར་མ་འོངས་པ་དག་ལ་ཡང་མི་འགལ་ཏེ་འོ་མ་དང་ཤིང་བཞིན་ནོ། །དེ་དག་ཉིད་དུས་གཏམ་
གཞི་དང་། །ངེས་པར་འབྱུང་བ་གཞི་དང་བཅས། །དེ་དག་ཉིད་ནི་འདུས་བྱས་ཀྱི་ཆོས་རྣམས་སོ། །སོང་བ་དང་འགྲོ་བ་དང་འགྲོ་བར་འགྱུར་བའི་ཕྱིར་རམ། མི་རྟག་པ་ཉིད་ཀྱིས་ཟ་བའི་ཕྱིར་དུས་རྣམས་སོ། །གཏམ་ནི་ངག་གོ། །དེའི་གཞི་ནི་མིང་སྟེ། དོན་དང་བཅས་པའི་གཞི་སྨོས་
པའི་ཕྱིར་ན་འདུས་བྱས་ནི་གཏམ་གྱི་གཞི་ཞེས་བྱའོ། །དེ་ལྟ་མ་ཡིན་ན་རབ་ཏུ་བྱེད་པ་ལས། གཏམ་གྱི་གཞི་རྣམས་ནི་ཁམས་བཅོ་བརྒྱད་ཀྱིས་བསྡུས་སོ་ཞེས་འབྱུང་བའི་གཞུང་དང་འགལ་བར་འགྱུར་རོ། །གདོན་མི་ཟ་བར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། འདུས་བྱས་ཐམས་
ཅད་ཀྱི་མྱ་ངན་ལས་འདས་པའོ། །དེ་འདི་དག་ལ་ཡོད་པས་ངེས་པར་འབྱུང་བཅས་དག་གོ། །རྒྱུ་དང་བཅས་པའི་ཕྱིར་གཞི་དང་བཅས་པ་དག་སྟེ། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་གཞི་ཞེས་བྱ་བའི་སྒྲ་ནི་རྒྱུའི་ཚིག་ཡིན་ལོ། དེ་ལྟར་ན་དེ་དག་ནི་འདུས་བྱས་ཀྱི་ཆོས་ཀྱི་རྣམ་གྲངས་
དག་ཡིན་ནོ། །ཡང་འདུས་བྱས་དེ་དག་ཉིད། གང་དག་ཟག་བཅས་ཉེར་ལེན་པའི། །ཕུང་པོའང་དེ་དག །འདིས་ཅི་ཞིག་གྲུབ་པར་འགྱུར་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་གང་དག་ཡིན་པ་དེ་དག་ནི་ཕུང་པོ་ཡང་ཡིན་ནོ། །ཕུང་པོ་དག་ཁོ་ན་ཡིན་ལ་ཉེ་བར་ལེན་པའི་ཕུང་པོ་
Vol. 140 · folio 29b
མ་ཡིན་པ་དག་ཀྱང་ཡོད་དེ། འདུ་བྱེད་ཟག་པ་མེད་པ་རྣམས་སོ། །དེ་ལ་ཉེར་བར་ལེན་པ་དག་ནི་ཉོན་མོངས་པ་རྣམས་སོ། །དེ་དག་ལས་བྱུང་བའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་དག་སྟེ། དཔེར་ན་རྩྭ་དང་སོག་མའི་མེ་བཞིན་པ་འམ། དེ་དག་ལ་རག་ལུས་པའི་ཕྱིར་རྒྱལ་པོའི་མི་
བཞིན་ནོ། །ཡང་ན་དེ་དག་ལས་ཉེ་བར་ལེན་པ་རྣམས་འབྱུང་བས་ཉེ་བར་ལེན་པའི་ཕུང་པོ་རྣམས་ཏེ། མེ་ཏོག་དང་འབྲས་བུའི་ཤིང་ལྗོན་པ་བཞིན་ནོ། །ཟག་པ་དང་བཅས་པའི་ཆོས་དེ་དག་ཉིད། འཐབ་བཅས་ཀྱང་ཞེས་བྱའོ། །འཐབ་པ་ནི་ཉོན་མོངས་པ་རྣམས་ཏེ། བདག་དང་གཞན་ལ་གནོད་
པའི་ཕྱིར་རོ། །དེ་དག་གིས་རྒྱས་པར་བྱས་པའི་ཕྱིར་འཐབ་བཅས་དག་སྟེ་ཟག་པ་དང་བཅས་པ་བཞིན་ནོ། །སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ལྷ་གནས་སྲིད་པའང་དེ་དག་ཡིན། །འཕགས་པ་རྣམས་དང་མི་མཐུན་པའི་ཕྱིར་སྡུག་བསྔལ་ལོ། །འདི་ལས་སྡུག་བསྔལ་ཀུན་
འབྱུང་བས་ཀུན་འབྱུང་བའོ། །འཇིག་པས་ན་འཇིག་རྟེན་ནོ། །འདི་ལ་ལྟ་བས་རྒྱས་པར་འགྱུར་བའི་སྒོ་ནས་གནས་པས་ན་ལྟ་བའི་གནས་སོ། །འབྱུང་བས་ན་སྲིད་པ་སྟེ། དེ་ལྟར་ན་འདི་དག་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་རྣམ་གྲངས་དོན་དང་མཐུན་པ་དག་གོ། །
གཟུགས་ལ་སོགས་པ་ཕུང་པོ་ལྔ། །ཞེས་སྨྲས་པ་དེ་ལ། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །དབང་པོ་ལྔ་པོ་མིག་དང་རྣ་བ་དང་། །སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོ་རྣམས་དང་། དོན་ལྔ་པོ་མིག་ལ་སོགས་པ་རྣམས་དེ་དག་ཉིད་ཀྱི་ཡུལ་གང་དག་ཡིན་པ་
གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་དང་། རྣམ་པར་རིག་བྱེད་མ་ཡིན་པ་སྟེ་དེ་སྙེད་ཅིག་ནི་གཟུགས་ཀྱི་ཕུང་པོའོ། །དེ་ལ་གཟུགས་ལ་སོགས་པ་འདི་དག་སྨོས་པ་གང་དག་ཡིན་པ། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །མིག་ལ་སོགས་གཟུགས་དང་བ་རྣམས། །
གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་རྣམ་པར་ཤེས་པ་རྣམས་ཀྱི་རྟེན་དུ་གྱུར་པ་གཟུགས་དང་བའི་བདག་ཉིད་ལྔ་པོ་གང་དག་ཡིན་པ་དེ་དག་ནི་གོ་རིམས་བཞིན་དུ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དག་ཡིན་པར་རིག་པར་བྱ་སྟེ། བཅོམ་ལྡན་འདས་
Vol. 140 · folio 30a
ཀྱིས་ཇི་སྐད་དུ་དགེ་སློང་མིག་ནི་ནང་གི་སྐྱེ་མཆེད་དེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་དང་བའོ་ཞེས་རྒྱས་པར་གསུངས་པ་ལྟ་བུའོ། །ཡང་ན་མིག་ལ་སོགས་པ་འདི་དག་སྨོས་པ་གང་དག་ཡིན་པ། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །མིག་ལ་
སོགས་གཟུགས་དང་བ་རྣམས། །མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྟེན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལྟར་བཤད་ན་རབ་ཏུ་བྱེད་པ་ལས། མིག་གི་དབང་པོ་གང་ཞེ་ན། མིག་གི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བའོ་ཞེས་རྒྱས་པར་འབྱུང་བའི་གཞུང་དང་ཡང་
མཐུན་པར་འགྱུར་རོ། །དབང་པོ་ལྔ་དག་བཤད་ཟིན་ཏོ། །དོན་ལྔ་བཤད་པར་བྱ་སྟེ། དེ་ལ་རེ་ཞིག །གཟུགས་རྣམ་གཉིས་དང་། ཁ་དོག་དང་། དབྱིབས་སོ། །དེ་ལ་ཁ་དོག་ནི་རྣམ་པ་བཞི་སྟེ། སྔོན་པོ་ལ་སོགས་པའོ། །གཞན་དག་ནི་དེའི་བྱེ་བྲག་གོ། །དབྱིབས་ནི་རྣམ་པ་
བརྒྱད་དེ། རིང་པོ་ལ་སོགས་པ་ནས་ཕྱ་ལེ་བ་མ་ཡིན་པ་ལ་ཐུག་པའོ། །ཡང་གཟུགས་ཀྱི་སྐྱེ་མཆེད་དེ་ཉིད། རྣམ་པ་ཉི་ཤུ་ཞེས་བྱ་སྟེ། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། དམར་པོ་དང་། རིང་པོ་དང་། ཐུང་ངུ་དང་། ལྷམ་པ་དང་། ཟླུམ་པོ་དང་། མཐོན་
པོ་དང་། དམའ་བ་དང་། ཕྱ་ལེ་བ་དང་། ཕྱ་ལེ་བ་མ་ཡིན་པ་དང་། སྤྲིན་དང་། དུ་བ་དང་། རྡུལ་དང་། ཁུག་རྣ་དང་། གྲིབ་མ་དང་། ཉི་མ་དང་། སྣང་བ་དང་། མུན་པའོ། །ཁ་ཅིག་ནི་ནམ་མཁའ་ལ་ཁ་དོག་གཅིག་དང་རྣམ་པ་ཉི་ཤུ་རྩ་གཅིག་ཏུ་འདོན་ཏོ། །དེ་ལ་ཕྱ་ལེ་བ་ནི་དབྱིབས་
མཉམ་པའོ། །ཕྱ་ལེ་བ་མ་ཡིན་པ་ནི་དབྱིབས་མི་མཉམ་པའོ། །ཁུག་རྣ་ནི་ལྷོ་བུར་རོ། །ཉི་མ་ནི་ཉི་མའི་འོད་དོ། །སྣང་བ་ནི་ཟླ་བ་དང་སྐར་མ་དང་མེ་དང་སྨན་དང་ནོར་བུ་རྣམས་ཀྱི་འོད་དག་གོ། །གྲིབ་མ་ནི་གང་ན་གཟུགས་རྣམས་སྣང་བའོ། །དེ་ལས་བཟློག་པ་ནི་མུན་པའོ། །ལྷག་
མ་ནི་བརྡ་ཕྲད་པར་སླ་བས་རྣམ་པར་མ་ཕྱེ་བའོ། །གཟུགས་ཀྱི་སྐྱེ་མཆེད་ཁ་དོག་ཏུ་ཡོད་ལ་དབྱིབས་སུ་མེད་པ་ཡང་ཡོད་དེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། གྲིབ་མ་དང་། ཉི་མ་དང་། སྣང་བ་དང་། མུན་པ་ཞེས་བྱའོ། །དབྱིབས་སུ་ཡོད་ལ་ཁ་དོག་
Vol. 140 · folio 30b
ཏུ་མེད་པ་ཡང་ཡོད་དེ། རིང་པོ་ལ་སོགས་པའི་ཕྱོགས་ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དོ། །གཉི་གར་ཡོད་པ་ཡང་ཡོད་དེ། གཟུགས་ཀྱི་སྐྱེ་མཆེད་ལྷག་མའོ། །གཞན་དག་ན་རེ། སྔོན་པོ་ལ་སོགས་པ་དང་རིང་པོ་ལ་སོགས་པར་ཡོངས་སུ་ཆད་པར་སྣང་བས་ན་ཉི་མ་དང་།
སྣང་བ་ཁོ་ན་ཁ་དོག་ཏུ་ཡོད་དོ་ཞེས་ཟེར་རོ། །ཇི་ལྟར་ན་རྫས་གཅིག་ལ་གཉི་གར་ཡོད་ཅེ་ན། དེ་ལ་གཉི་ག་མངོན་པའི་ཕྱིར་ཏེ། ཡོད་པ་འདི་ནི་ཤེས་པའི་དོན་ཡིན་གྱི་ཡོད་པའི་དོན་ནི་མ་ཡིན་ནོ། །འོ་ན་ནི་ལུས་ཀྱི་རྣམ་པར་རིག་བྱེད་ལའང་ཐལ་བར་འགྱུར་རོ། །གཟུགས་ཀྱི་སྐྱེ་
མཆེད་བཤད་ཟིན་ཏོ། །སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་སེམས་ཅན་དང་། སེམས་ཅན་མ་ཡིན་པར་སྟོན་པ་སྟེ་རྣམ་པ་བཞིའོ། །དེ་ཡང་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་བྱེ་བྲག་གིས་རྣམ་པ་བརྒྱད་དུ་འགྱུར་རོ། །
དེ་ལ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་འདི་ལྟ་སྟེ། ལག་པ་དང་ངག་གི་སྒྲ་ལྟ་བུའོ། །མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་འདི་ལྟ་སྟེ། རླུང་དང་། ནགས་ཚལ་དང་། ཆུའི་སྒྲ་ལྟ་བུའོ། །སེམས་ཅན་དུ་སྟོན་པ་ནི་ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲའོ། །
གཞན་ནི་སེམས་ཅན་དུ་སྟོན་པ་མ་ཡིན་པའོ། །གཞན་དག་ན་རེ་ཟིན་པ་དང་། མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའི་སྒྲ་ཡང་ཡོད་དེ། དཔེར་ན་ལག་པ་དང་རྫ་རྔ་ཕྲད་པ་ལས་སྐྱེས་པ་ལྟ་བུའོ་ཞེས་ཟེར་ཏེ། དེ་ནི་འདི་ལྟར་ཁ་དོག་གི་རྡུལ་ཕྲ་རབ་གཅིག་ལས་བྱུང་བ་བཞི་
ཚན་གཉིས་རྒྱུར་བྱས་པར་མི་འདོད་པ་དེ་བཞིན་དུ་མི་འདོད་པར་བྱའོ། །སྒྲ་བཤད་ཟིན་ཏོ། །རོ་ནི་རྣམ་པ་དྲུག །མངར་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། ཚ་བ་དང་། ཁ་བ་དང་། བསྐ་བའི་བྱེ་བྲག་གིས་སོ། །དྲི་རྣམ་བཞི། དྲི་ཞིམ་པ་དང་། དྲི་ང་བ་རྣམ་པ་གཉིས། དྲི་མཉམ་པ་དང་།
མི་མཉམ་པའི་ཕྱིར་རོ། །བསྟན་བཅོས་ལས་ནི་དྲི་ཞིམ་པ་དང་། དྲི་ང་བ་དང་། དྲི་མཉམ་པའོ་ཞེས་རྣམ་པ་གསུམ་འབྱུང་ངོ་། །རེག་བྱ་བཅུ་གཅིག་བདག་ཉིད་དོ། །རེག་བྱ་རྫས་ཀྱི་རང་བཞིན་ནི་བཅུ་གཅིག་སྟེ། འབྱུང་བ་ཆེན་པོ་བཞི་དག་དང་། འཇམ་པ་ཉིད་དང་།
Vol. 140 · folio 31a
རྩུབ་པ་ཉིད་དང་། ལྕི་བ་ཉིད་དང་། ཡང་བ་ཉིད་དང་། གྲང་བ་དང་། བཀྲེས་པ་དང་། སྐོམ་པའོ། །དེ་ལ་འབྱུང་བ་རྣམས་ནི་འོག་ནས་བཤད་པར་བྱའོ། །འཇམ་པ་ཉིད་ནི་མཉེན་པའོ། །རྩུབ་པ་ཉིད་ནི་རུད་རུད་པའོ། །ལྕི་བ་ཉིད་ནི་གང་གིས་ན་དངོས་པོ་རྣམས་འཇལ་བར་བྱེད་
པའོ། །བཟློག་པ་ནི་ཡང་བ་ཉིད་དོ། །གྲང་བ་ནི་དྲོ་བར་འདོད་པར་བྱེད་པའོ། །བཀྲེས་པ་ནི་ཟད་འདོད་པར་བྱེད་པའོ། །སྐོམ་པ་ནི་སྐོམ་འདོད་པར་བྱེད་པའོ། །རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་ཏེ་དཔེར་ན། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བའོ། །དགེ་འདུན་མཐུན་
པ་བདེ་བ་ཡིན། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །ཞེས་བྱ་བ་བཞིན་ནོ། །དེ་ལ་གཟུགས་ཀྱི་ཁམས་ན་ནི་བཀྲེས་པ་དང་སྐོམ་པ་མེད་དོ། །ལྷག་མ་ནི་ཡོད་དོ། །གལ་ཏེ་དེ་ནི་གོས་རེ་རེ་ནས་མི་འཇལ་ཡང་བསགས་པ་དག་ནི་འཇལ་ལོ། །གནོད་པར་བྱེད་པའི་གྲང་བ་མེད་
ཀྱི་ཕན་པར་བྱེད་པ་ནི་ཡོད་དོ་ལོ། །གང་འདི་གཟུགས་རྣམ་པ་མང་པོ་བཤད་པ་དེ་ལ་རེས་འགའ་ནི་རྫས་གཅིག་གིས་མིག་གི་རྣམ་པར་ཤེས་པ་སྐྱེད་དེ། གང་གི་ཚེ་དེའི་རྣམ་པ་བྱེ་བྲག་ཏུ་གཅོད་པར་འགྱུར་བ་ནའོ། །རེས་འགའ་ནི་མང་པོས་ཏེ། གང་གི་ཚེ་བྱེ་བྲག་ཏུ་མི་གཅོད་པ་ན་
སྟེ། དཔེར་ན་ཐག་རིང་པོ་ནས་དམག་བཤམས་པ་འམ། ནོར་བུའི་ཚོགས་ཀྱི་ཁ་དོག་དང་དབྱིབས་དུ་མ་ལ་ལྟ་བ་ལྟ་བུའོ། །རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་ཁ་ཅིག་ན་རེ་ཤིན་ཏུ་མང་ན་འབྱུང་བ་ཆེན་པོ་བཞི་དག་
དང་། འཇམ་པ་ཉིད་ལ་སོགས་པ་གཅིག་དང་རེག་བྱ་ལྔས་སྐྱེད་དོ་ཞེས་ཟེར་རོ། །གཞན་དག་ན་རེ་བཅུ་གཅིག་པོ་ཐམས་ཅད་ཀྱིས་ཀྱང་སྐྱེད་དོ་ཞེས་ཟེར་རོ། །དེ་ལྟ་ན་སྤྱི་ལ་དམིགས་པའི་ཕྱིར་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་སྤྱིའི་ཡུལ་ཅན་དུ་འགྱུར་གྱི། རང་གི་མཚན་
ཉིད་ཀྱི་ཡུལ་ཅན་མ་ཡིན་པ་མ་ཡིན་ནམ་ཞེ་ན། འདི་དག་ནི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་འདོད་ཀྱི། རྫས་ཀྱི་རང་གི་མཚན་ཉིད་ཀྱི་ནི་མ་ཡིན་པས་ཉེས་པ་མེད་དོ། །འདི་དཔྱད་པར་བྱ་སྟེ། ལུས་དང་ལྕེའི་དབང་པོ་གཉིས་ཅིག་ཅར་དུ་ཡུལ་དང་ཕྲད་ན་རྣམ་པར་
Vol. 140 · folio 31b
ཤེས་པ་གང་སྔར་སྐྱེ་ཞེ་ན། གང་གི་ཡུལ་ཤས་ཆེ་བའོ། །ཡུལ་མཉམ་པ་དང་ཕྲད་ན་ནི་ལྕེའི་རྣམ་པར་ཤེས་པ་སྔར་སྐྱེ་སྟེ། ཟ་བར་འདོད་པས་རྒྱུད་གཏད་པའི་ཕྱིར་རོ། །དབང་པོ་ལྔ་དང་། དོན་ལྔ་དང་། དེ་དག་ལ་ཇི་ལྟར་འཛིན་པ་ཡང་བཤད་ཟིན་ཏོ། །ད་ནི་རྣམ་པར་རིག་བྱེད་མ་ཡིན་
པ་བསྙད་པར་བྱ་བ་དེ་བརྗོད་པར་བྱ་སྟེ། གཡེངས་དང་སེམས་མེད་པ་ཡི་ཡང་། །དགེ་དང་མི་དགེའི་རྗེས་འབྲེལ་གང་། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །སེམས་གཡེངས་པ་ཞེས་བྱ་བ་ནི་དེ་ལས་གཞན་པའི་སེམས་ཀྱི་ཡང་ཡིན་པའོ། །སེམས་མེད་
པའི་ཡང་ཞེས་བྱ་བ་ནི་འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་པར་འཇུག་པའི་ཡང་ཡིན་པའོ། །ཡང་ཞེས་བྱ་བའི་སྒྲས་ནི་མ་གཡེངས་པ་སེམས་དང་བཅས་པའི་ཡང་ཡིན་ནོ་ཞེས་བྱ་བར་མངོན་ནོ། །དགེ་དང་མི་དགེ་ཞེས་བྱ་བ་ནི་དགེ་ལེགས་དང་དགེ་ལེགས་མ་ཡིན་
པའོ། །རྗེས་འབྲེལ་གང་ཞེས་བྱ་བ་ནི་རྒྱུན་ཏོ། །ཐོབ་པའི་རྒྱུན་ཡང་འདི་ལྟ་བུ་ཡོད་པས་བྱེ་བྲག་ཏུ་བྱ་བའི་ཕྱིར། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །ཞེས་བྱ་བ་བརྗོད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་རྒྱུར་བྱས་པའི་དོན་ནི་རྒྱུའི་དོན་ཏོ། །སྐྱེད་པ་ལ་སོགས་པ་རྒྱུའི་ངོ་བོ་ཉིད་
ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་རྣམ་རིག་བྱེད་མིན་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བའི་སྒྲ་ནི་དེའི་མིང་ཤེས་པར་བྱ་བའི་ཕྱིར་ཏེ། གཟུགས་དང་བྱེད་པའི་རང་བཞིན་ཡིན་ཡང་རྣམ་པར་རིག་བྱེད་བཞིན་དུ་གཞན་དག་ལ་རྣམ་པར་རིག་པར་བྱེད་པ་མ་ཡིན་པས་རྣམ་པར་རིག་བྱེད་མ་ཡིན་པའོ། །
བརྗོད་ཅེས་བྱ་བ་ནི་སློབ་དཔོན་གྱི་ཚིག་ཡིན་པར་སྟོན་པའོ། །མདོར་ན་རྣམ་པར་རིག་བྱེད་དང་ཏིང་ངེ་འཛིན་ལས་བྱུང་བའི་གཟུགས་དགེ་བ་དང་མི་དགེ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །ཞེས་སྨྲས་པ་དེ་དག་གང་ཞེ་ན། འབྱུང་བ་དག་ནི་སའི་ཁམས་
དང་། ཆུ་དང་མེ་དང་རླུང་གི་ཁམས་རྣམས་ཞེས་བྱ་བ་སྟེ། བཞི་པོ་དེ་དག་ནི་རང་གི་མཚན་ཉིད་དང་རྒྱུར་བྱས་པའི་གཟུགས་འཛིན་པའི་ཕྱིར་ཁམས་དག་གོ། །འབྱུང་བ་ཆེན་པོ་བཞི་རྣམས་ཞེས་བྱ་བ་ནི་འདི་དག་གཟུགས་གཞན་ཐམས་ཅད་ཀྱི་རྟེན་ཉིད་དུ་རིགས་པའི་ཕྱིར་ན་ཆེན་པོ་ཉིད་དོ། །
Vol. 140 · folio 32a
ཡང་ན་ས་དང་ཆུ་དང་མེ་དང་རླུང་གི་ཕུང་པོ་དེ་དག་བྱ་བ་ལ་ཤས་ཆེ་བ་དེ་དག་ལ་དེ་རྣམས་ཆེན་པོར་གནས་པའི་ཕྱིར་རོ། །ཡང་ཁམས་དེ་དག་གི་ལས་ནི་གང་དུ་ཡང་དག་པར་འགྲུབ། རང་བཞིན་ནི་ཅི་ཞེ་ན། འཛིན་པ་ལ་སོགས་ལས་སུ་གྲུབ། །ཅེས་བྱ་བ་སྨོས་ཏེ།
ས་དང་ཆུ་དང་མེ་དང་རླུང་གི་ཁམས་འདི་དག་ནི་གོ་རིམས་བཞིན་དུ་འཛིན་པ་དང་སྡུད་པ་དང་སྨིན་པར་བྱེད་པ་དང་རྒྱས་པར་བྱེད་པའི་ལས་དག་ཏུ་གྲུབ་བོ། །རྒྱས་པར་བྱེད་པ་ནི་འཕེལ་བ་དང་རྒྱས་པར་བྱེད་པར་རིག་པར་བྱ་སྟེ། འདི་དག་ནི་དེ་དག་གི་ལས་ཡིན་ནོ། །རང་བཞིན་ནི་
གོ་རིམས་བཞིན་དུ། སྲ་གཤེར་དྲོ་ཉིད་གཡོ་བ་རྣམས་ཏེ། སྲ་བ་ནི་སའི་ཁམས་སོ། །གཤེར་བ་ནི་ཆུའི་ཁམས་སོ། །དྲོ་བ་ནི་མེའི་ཁམས་སོ། །གཡོ་བ་ནི་རླུང་གི་ཁམས་སོ། །འདིས་འབྱུང་བའི་རྒྱུན་ཡུལ་གཞན་དུ་སྐྱེད་བའི་ཕྱིར་གཡོ་བར་བྱེད་དེ། སྒྲོན་མེ་གཡོ་བ་བཞིན་
དུ་གཡོ་བར་བྱེད་པ་ཡིན་ནོ། །རབ་ཏུ་བྱེད་པ་དག་དང་མདོ་སྡེ་ལས་རླུང་གི་ཁམས་གང་ཞེ་ན། ཡང་བ་ཉིད་དོ་ཞེས་གསུངས་ལ། རབ་ཏུ་བྱེད་པ་དག་ལས། ཡང་བ་ཉིད་དེ་རྒྱུར་བྱས་པའི་གཟུགས་ཞེས་ཀྱང་བཤད་དོ། །དེའི་ཕྱིར་གཡོ་བའི་རང་བཞིན་གྱི་ཆོས་གང་ཡིན་པ་དེ་ནི་རླུང་
གི་ཁམས་ཤེས་པ་སྟེ། འདིའི་རང་བཞིན་ལས་ཀྱིས་གསལ་བ་ཡིན་ནོ། །ས་ལ་སོགས་པ་དང་། སའི་ཁམས་ལ་སོགས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། འཇིག་རྟེན་གྱི་ནི་ཐ་སྙད་དོ། །ཁ་དོག་དབྱིབས་ལ་ས་ཞེས་བརྗོད། །འདི་ལྟར་ས་སྟོན་པ་ན་ཁ་དོག་དང་དབྱིབས་སྟོན་པར་
བྱེད་དོ། །ས་ལ་ཇི་ལྟ་བ་དེ་བཞིན་དུ། ཆུ་མེ་ཡང་ངོ་། །འཇིག་རྟེན་གྱི་ཐ་སྙད་དུ་ཁ་དོག་དང་དབྱིབས་ཉིད་ལ་བརྗོད་དོ། །རླུང་ཚོགས་ཁམས་ཉིད་ཡིན། རླུང་གི་ཁམས་གང་ཡིན་པ་དེ་ཉིད་ལ་འཇིག་རྟེན་ན་རླུང་ཞེས་འདོགས་སོ། །དེ་དང་འདྲ་བའང་ཡིན། ཇི་ལྟར་འཇིག་རྟེན་གྱི་ཐ་སྙད་
དུ་ཁ་དོག་དང་དབྱིབས་ལ་ས་ཞེས་བརྗོད་པ་དེ་བཞིན་དུ་རླུང་ལ་ཡང་རླུང་སྔོན་པོ་རླུང་ཟླུམ་པོའོ་ཞེས་བརྗོད་དོ། །ཅིའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པའི་བར་འདི་གཟུགས་ཀྱི་ཕུང་པོ་ཞེས་བྱ་ཞེ་ན། གཟུགས་སུ་རུང་བའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གཟུགས་སུ་ཡོད་ཅིང་
Vol. 140 · folio 32b
གཟུགས་སུ་རུང་བས། དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱའོ། །ཅིས་གཟུགས་སུ་རུང་ཞེ་ན། ལག་པའི་འདུས་ཏེ་རེག་པས་ན་རེག་ན་ཡང་གཟུགས་སུ་རུང་ངོ་ཞེས་རྒྱས་པར་གསུངས་པ་ལྟ་བུའོ། །གཟུགས་སུ་རུང་ཞེས་བྱ་བ་ནི་གནོད་པར་བྱར་རུང་ཞེས་བྱ་བའི་
ཐ་ཚིག་སྟེ་འདི་ལྟར་དོན་གྱི་སྡེ་ཚན་དག་ལས། གལ་ཏེ་འདོད་པ་ཚོལ་བྱེད་ཅིང་། །འདུན་པ་སྐྱེས་པའི་ལུས་ཅན་ཏེ། འདོད་པ་དེ་དག་མ་འབྱོར་ན། །ཟུག་རྔུས་ཟུག་བཞིན་གནོད་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །གཟུགས་ཀྱི་གནོད་པ་གང་ཞེ་ན། ཡོངས་སུ་འགྱུར་བ་སྐྱེད་
པའོ། །གཞན་དག་ན་རེ་གཟུགས་སུ་རུང་བ་ནི་ཐོགས་པའོ་ཞེས་ཟེར་རོ། །འོ་ན་ནི་རྡུལ་ཕྲ་རབ་གཟུགས་མ་ཡིན་པར་འགྱུར་ཏེ། གཟུགས་སུ་མེད་པའི་ཕྱིར་རོ། །རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་པུ་ལོགས་ཤིག་ཏུ་གྱུར་པ་ནི་མེད་པ་ཉིད་དོ། །འདུས་པ་ལ་གནས་པ་དེ་ལ་ནི་གཟུགས་སུ་
རུང་བ་ཉིད་དོ། །འོ་ན་ནི་འདས་པ་དང་མ་འོངས་པ་གཟུགས་མ་ཡིན་པར་འགྱུར་རོ། །དེ་ཡང་གཟུགས་སུ་ཡོད་ཟིན་པ་དང་། གཟུགས་སུ་ཡོད་པར་འགྱུར་བ་དང་། དེ་དང་རིགས་མཐུན་པའི་ཕྱིར་གཟུགས་ཡིན་ཏེ་བུད་ཤིང་བཞིན་ནོ། །འོ་ན་ནི་རྣམ་པར་རིག་བྱེད་མ་ཡིན་པ་
གཟུགས་མ་ཡིན་པར་འགྱུར་རོ། །དེ་ཡང་རྣམ་པར་རིག་བྱེད་ལ་གཟུགས་སུ་ཡོད་པའི་ཕྱིར་གཟུགས་སུ་ཡོད་པར་འགྱུར་ཏེ། ཤིང་ལྗོན་པ་གཡོས་པས་གྲིབ་མ་གཡོ་བ་བཞིན་ནོ། །འགྱུར་བ་མེད་པའི་ཕྱིར་མ་ཡིན་ཏེ། རྣམ་པར་རིག་བྱེད་ལོག་ན་རྣམ་པར་རིག་བྱེད་མ་ཡིན་པ་ཡང་
ལྡོག་པར་འགྱུར་ཏེ། ཤིང་ལྗོན་པ་མེད་ན་གྲིབ་མ་མེད་པ་བཞིན་ནོ། །གཞན་དག་ན་རེ་རྟེན་གྱི་འབྱུང་བ་ལ་གཟུགས་སུ་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལྟ་ན་འོ་ན་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡང་རྟེན་གཟུགས་སུ་ཡོད་པའི་ཕྱིར་གཟུགས་ཉིད་དུ་ཐལ་བར་འགྱུར་རོ། །ཉེ་
བར་བཀོད་པ་འདི་ནི་མི་མཐུན་པ་ཡིན་ཏེ། རྣམ་པར་རིག་བྱེད་མ་ཡིན་པ་འདི་ནི་ཤིང་ལྗོན་པ་ལ་གྲིབ་མ་ཉིད་དང་། ནོར་བུ་ལ་འོད་ཉིད་བཞིན་དུ་འབྱུང་བ་རྣམས་ལ་བརྟེན་ནས་འཇུག་གོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ནི་དེ་ལྟར་མིག་ལ་སོགས་པ་ལ་བརྟེན་ནས་འཇུག་
Vol. 140 · folio 33a
པ་མ་ཡིན་ཏེ། དེ་དག་ནི་དེ་དག་གི་སྐྱེ་བའི་རྒྱུ་མཚན་ཙམ་ཡིན་པ་འབའ་ཞིག་ཙམ་དུ་ཟད་པས་སོ། །ཤིང་ལྗོན་པ་ལ་བརྟེན་ནས་གྲིབ་མ་དང་། མར་མེ་ལ་བརྟེན་ནས་འོད་འཇུག་གོ་ཞེས་བྱ་བ་འདི་ནི་རེ་ཞིག་བྱེ་བྲག་ཏུ་སྨྲ་བ་མ་ཡིན་ཏེ། གྲིབ་མ་ལ་སོགས་པ་ཁ་དོག་གི་རྡུལ་
ཕྲ་རབ་རྣམས་སོ་སོ་རང་གི་འབྱུང་བ་བཞི་ཚན་ལ་བརྟེན་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །གྲིབ་མ་དང་འོད་དེ་དག་ལ་བརྟེན་པ་ཉིད་ཡིན་ཡང་རྣམ་པར་རིག་བྱེད་མ་ཡིན་པའི་རྟེན་འབྱུང་བ་ཆེན་པོ་དག་འགགས་ཀྱང་འགག་པར་ཁས་ལེན་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ནི་དེ་ལྟར་
བརྟེན་པར་མི་རུང་ངོ་། །དེའི་ཕྱིར་དེ་ནི་ལན་དུ་མི་རུང་ངོ་། །གཞན་དག་ནི་འདི་ལ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྟེན་ནི་ཐ་དད་དུ་གྱུར་པ་སྟེ། ཁ་ཅིག་ནི་གཟུགས་སུ་རུང་བ་སྟེ་མིག་ལ་སོགས་པའོ། །ལ་ལ་ནི་གཟུགས་སུ་མི་རུང་བ་སྟེ་ཡིད་དོ། །རྣམ་པར་རིག་བྱེད་མ་
ཡིན་པ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟ་བས་ན་འདྲ་བར་ཐལ་བ་མེད་དོ། །དེའི་ཕྱིར་གཟུགས་སུ་ཡོད་པས་ན་གཟུགས་སོ་ཞེས་བྱ་བ་འདི་ནི་འཐད་པ་ཡིན་ནོ་ཞེས་ལན་འདེབས་སོ། །གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་བསྟན་པ་གང་དག་ཡིན་པ། དབང་དོན་དེ་དག་ཁོ་ན་ལ། །སྐྱེ་
མཆེད་དང་ནི་ཁམས་བཅུར་འདོད། །སྐྱེ་མཆེད་རྣམ་པར་གཞག་པ་ནི་སྐྱེ་མཆེད་བཅུ་སྟེ། མིག་གི་སྐྱེ་མཆེད་དང་གཟུགས་ཀྱི་སྐྱེ་མཆེད་ནས། ལུས་ཀྱི་སྐྱེ་མཆེད་དང་རེག་བྱའི་སྐྱེ་མཆེད་ཀྱི་བར་ཡིན་ནོ། །ཁམས་རྣམ་པར་གཞག་པ་ནི་དེ་དག་ཉིད་ཁམས་བཅུ་སྟེ། མིག་གི་
ཁམས་དང་། གཟུགས་ཀྱི་ཁམས་ནས། ལུས་ཀྱི་ཁམས་དང་རེག་བྱའི་ཁམས་ཀྱི་བར་ཡིན་ནོ། །གཟུགས་ཀྱི་ཕུང་པོ་དང་། དེའི་སྐྱེ་མཆེད་དང་། ཁམས་རྣམ་པར་གཞག་པ་བཤད་ཟིན་ཏོ། །ཚོར་བ་ལ་ལོགས་པ་བརྗོད་པར་བྱ་སྟེ། དེ་ལ་ཚོར་བ་མྱོང་བ། མྱོང་བ་
རྣམ་པ་གསུམ་ནི་ཚོར་བའི་ཕུང་པོ་སྟེ། བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའོ། །དེ་ཡང་དབྱེ་ན་ཚོར་བའི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་
Vol. 140 · folio 33b
བར་རོ། །འདུ་ཤེས་ནི། མཚན་མར་འཛིན་པའི་བདག་ཉིད་དོ། །གང་སྔོན་པོ་དང་། སེར་པོ་དང་། རིང་པོ་དང་། ཐུང་ངུ་དང་། ཕོ་དང་། མོ་དང་། མཛའ་བཤེས་དང་། མཛའ་བཤེས་མ་ཡིན་པ་དང་། བདེ་བ་དང་། སྡུག་བསྔལ་བ་ལ་སོགས་པའི་རང་བཞིན་གྱི་ཁྱད་པར་ལ་མཚན་
མར་འཛིན་པ་དེ་ནི་འདུ་ཤེས་ཀྱི་ཕུང་པོའོ། །དེ་ཡང་དབྱེ་ན་འདུ་ཤེས་ཀྱི་ཚོགས་དྲུག་སྟེ། ཚོར་བ་བཞིན་ནོ། །འདུ་བྱེད་ཕུང་པོ་བཞི་ལས་གཞན། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། རྣམ་པར་ཤེས་པ་དང་ཕུང་པོ་བཞི་ལས་གཞན་པའི་འདུ་བྱེད་རྣམས་ནི་འདུ་བྱེད་ཀྱི་ཕུང་
པོའོ། །བཅོམ་ལྡན་འདས་ཀྱིས་མདོ་ལས། སེམས་པ་ཚོགས་དྲུག་གོ་ཞེས་གསུངས་པ་ནི་གཙོ་བོ་ཡིན་པའི་ཕྱིར་ཏེ། དེ་ནི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་མངོན་པར་འདུ་བྱ་བ་ལ་གཙོ་བོ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། འདུས་བྱས་མངོན་པར་འདུ་
བྱེད་དེ། དེ་ལྟ་བས་ན་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ན་སེམས་ལས་བྱུང་བ་ལྷག་མ་རྣམས་དང་ལྡན་པ་མ་ཡིན་པ་རྣམས་ཕུང་པོར་འདུས་པའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་ཉིད་དུ་མི་འགྱུར་བས་ཡོངས་སུ་ཤེས་པ་དང་སྤང་བར་
ཡང་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ནི། ཆོས་གཅིག་མངོན་པར་མ་ཤེས་ཤིང་ཡོངས་སུ་མ་ཤེས་པར་ཡང་སྡུག་བསྔལ་གྱི་མཐར་བྱེད་པར་ང་མི་སྨྲའོ་ཞེས་གསུངས་ལ། དེ་བཞིན་དུ་མ་སྤངས་པར་ཡང་ཞེས་གསུངས་ཏེ། དེ་ལྟ་བས་ན་གདོན་མི་ཟ་བར་དེ་དག་འདུ་བྱེད་
ཀྱི་ཕུང་པོར་བསྡུས་པར་ཁས་བླང་བར་བྱའོ། །དེ་གསུམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ཀྱི་ཕུང་པོ་དག་སྟེ། སྐྱེ་མཆེད་དང་། ཁམས་རྣམ་པར་གཞག་པ་ནི། རྣམ་རིག་བྱེད་མིན་དང་། འདུས་མ་བྱས་རྣམས་བཅས་པ་ནི། །ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་
བྱ། །དེ་ལྟར་ན་རྫས་བདུན་པོ་དེ་དག་ནི་ཆོས་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་ཁམས་ཞེས་བྱའོ། །རྣམ་ཤེས་སོ་སོར་རྣམ་རིག་པ། །ཡུལ་དང་ཡུལ་ལ་སོ་སོར་རྣམ་པར་རིག་ཅིང་དམིགས་པ་ནི་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱའོ། །དེ་ཡང་རྣམ་པར་ཤེས་པའི་
Vol. 140 · folio 34a
ཚོགས་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་རོ། །རྣམ་པར་ཤེས་པའི་ཕུང་པོ་བསྟན་པ་གང་ཡིན་པ་དེ་སྐྱེ་མཆེད་རྣམ་པར་གཞག་པ་ནི། ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། ཁམས་རྣམ་པར་གཞག་པ་
ཡང་དེ་དག་ཉིད། ཁམས་བདུན་དག་ཏུའང་འདོད་པ་སྟེ། བདུན་གང་ཞེ་ན། རྣམ་པར་ཤེས་པ་དྲུག་དང་ཡིད། །མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་ཀྱི་བར་རོ། །དེ་ལྟར་ན་འདིར་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་
གཉིས་དང་། ཁམས་བཅོ་བརྒྱད་དུ་བསྟན་པར་འགྱུར་ཏེ། རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་པ་གཟུགས་ཀྱི་ཕུང་པོའི་སྐྱེ་མཆེད་བཅུ་དང་། ཁམས་བཅུ་དག་གོ། །ཚོར་བ་ལ་སོགས་པ་ཕུང་པོ་གསུམ་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། འདུས་མ་བྱས་དག་ནི་ཆོས་
ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་ཁམས་སོ། །རྣམ་པར་ཤེས་པའི་ཕུང་པོ་ནི་ཡིད་ཀྱི་སྐྱེ་མཆེད་དང་། རྣམ་པར་ཤེས་པའི་ཁམས་དྲུག་དང་། ཡིད་ཀྱི་ཁམས་སོ། །རྣམ་པར་ཤེས་པའི་ཚོགས་དྲུག་ནི་རྣམ་པར་ཤེས་པའི་ཕུང་པོར་བཤད་པ་མ་ཡིན་ནམ། ཡང་དེ་དག་ལས་
གཞན་པ་ཡིད་ཀྱི་ཁམས་དེ་གང་ཞེ་ན། གཞན་ནི་གང་ཡང་མེད་དོ། །འོ་ན་ཅི་ཞེ་ན། དྲུག་པོ་དེ་དག །ཉིད་ལས་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡོད་དོ། །རྣམ་པར་ཤེས་པ་གང་དང་གང་འགགས་མ་ཐག་པ་དེ་ཉིད་ནི་ཡིད་ཀྱི་ཁམས་ཞེས་བྱ་སྟེ། དཔེར་
ན་བུ་དེ་ཉིད་གཞན་གྱི་ཕར་འགྱུར་བ་དང་། འབྲས་བུ་དེ་ཉིད་གཞན་གྱི་ས་བོན་ཡིན་པ་ལྟ་བུའོ། །དེ་ལྟ་ན་འོ་ན་ནི་རྣམ་པར་ཤེས་པའི་ཁམས་དྲུག་དང་ཡིད་ཀྱི་ཁམས་རྣམས་གཅིག་གི་ནང་དུ་གཅིག་འདུས་པའི་ཕྱིར་རྫས་སུ་ན་ཁམས་བཅུ་བདུན་ནམ་བཅུ་གཉིས་སུ་འགྱུར་ན་ཅིའི་
ཕྱིར་ཁམས་བཅོ་བརྒྱད་དུ་རྣམ་པར་གཞག་ཅེ་ན། དེ་ལྟའང་ཡིན་མོད་ཀྱི། འོན་ཀྱང་། དྲུག་པའི་རྟེན་ནི་རབ་བསྒྲུབ་ཕྱིར། །ཁམས་ནི་བཅོ་བརྒྱད་དག་ཏུ་འདོད། །རྣམ་པར་ཤེས་པའི་ཁམས་ལྔ་པོ་དག་གི་རྟེན་ལྔ་ནི་མིག་གི་ཁམས་ལ་སོགས་པ་ཡིན་ན་དྲུག་པོ་ཡིད་ཀྱི་རྣམ་
Vol. 140 · folio 34b
པར་ཤེས་པའི་ཁམས་ཀྱི་རྟེན་ནི་གཞན་མེད་དེ། དེའི་ཕྱིར་དེའི་རྟེན་རབ་ཏུ་བསྒྲུབ་པའི་ཕྱིར་ཡིད་ཀྱི་ཁམས་བསྟན་ཏོ། །དེ་ལྟར་ན་རྟེན་དང་བརྟེན་པ་དང་དམིགས་པ་དྲུག་ཚན་རྣམ་པར་གཞག་པས་ཁམས་བཅོ་བརྒྱད་དག་ཏུ་འགྱུར་རོ། །འོ་ན་ནི་དགྲ་བཅོམ་པའི་སེམས་ཐ་མ་ཡིད་
མ་ཡིན་པར་འགྱུར་ཏེ། དེ་གང་གིས་མཚུངས་པ་དེ་མ་ཐག་པ་འདས་པར་འགྱུར་བ་དེ་ནི་མེད་དོ་ཞེ་ན། དེ་ཡང་ཡིད་ཀྱི་ངོ་བོར་གནས་པའི་ཕྱིར་ན་མ་ཡིན་ཏེ། རྒྱུ་གཞན་མ་ཚང་བའི་ཕྱིར་རྣམ་པར་ཤེས་པ་ཕྱི་མ་མི་སྐྱེ་བར་ཟད་དོ། །དེ་ལ་ཕུང་པོ་དག་གིས་ནི་འདུས་བྱས་ཐམས་ཅད་བསྡུས་
སོ། །ཉེ་བར་ལེན་པའི་ཕུང་པོ་དེ་དག་གིས་ནི་ཟག་པ་དང་བཅས་པ་ཐམས་ཅད་བསྡུས་སོ། །སྐྱེ་མཆེད་དང་ཁམས་དག་གིས་ནི་ཆོས་ཐམས་ཅད་བསྡུས་སོ། །མདོར་བསྡུ་ན་ཕུང་པོ་དང་ནི་སྐྱེ་མཆེད་དང་། ཁམས་གཅིག་གིས་ནི་ཐམས་ཅད་བསྡུས་པར་ཤེས་པར་བྱ་སྟེ། གཟུགས་
ཀྱི་ཕུང་པོ་དང་ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་ཀྱིས་ཆོས་རྣམས་ཐམས་ཅད་བསྡུས་པར་རིག་པར་བྱའོ། །བསྡུ་བ་དེ་ནི་གང་དང་གང་ནས་འབྱུང་ཡང་རུང་། རང་གི་ངོ་བོ་ཉིད་ཀྱིས་ཏེ། གཞན་གྱི་དངོས་པོས་ནི་མ་ཡིན་པར་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན། གཞན་གྱི་དངོས་
དང་མི་ལྡན་ཕྱིར། །ཆོས་ནི་གཞན་གྱི་དངོས་པོ་དང་མི་ལྡན་ནོ། །དེ་ལྟ་བས་ན་གང་དང་མི་ལྡན་པ་དེ་ཉིད་ཀྱིས་བསྡུས་པར་ནི་མི་རུང་སྟེ། དཔེར་ན་མིག་གི་དབང་པོ་ནི་གཟུགས་ཀྱི་ཕུང་པོ་དང་། མིག་གི་སྐྱེ་མཆེད་དང་། ཁམས་དག་དང་། སྡུག་བསྔལ་དང་། ཀུན་འབྱུང་བའི་བདེན་
པ་དག་གིས་བསྡུས་ཏེ། དེ་དག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་གི་ངོ་བོ་དང་མི་ལྡན་པའི་ཕྱིར་ཕུང་པོ་ལ་སོགས་པ་གཞན་དག་གིས་ནི་མ་ཡིན་ནོ། །དཔེར་ན་བསྡུ་བའི་དངོས་པོ་བཞི་པོ་དག་གིས་འཁོར་རྣམས་བསྡུས་པ་ལྟ་བུ་གཞན་གྱིས་གཞན་བསྡུས་སོ་ཞེས་བྱ་བ་གང་
ཡིན་པ་དེ་ནི་རེས་འགའ་བ་ཡིན་པའི་ཕྱིར་བརྡར་བཏགས་པ་ཡིན་པར་བྱའོ། །མིག་དང་རྣ་བ་དང་སྣ་དག་གཉིས་གཉིས་ཡོད་པའི་ཕྱིར་ཁམས་ཉི་ཤུ་རྩ་གཅིག་ཏུ་འགྱུར་བ་མ་ཡིན་ནམ་ཞེ་ན་མི་འགྱུར་ཏེ། འདི་ལྟར། མིག་ལ་སོགས་པ་གཉིས་མོད་ཀྱི། །རིགས་དང་སྤྱོད་ཡུལ་
Vol. 140 · folio 35a
རྣམ་པར་ཤེས། །འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད། །དེ་ལ་རིགས་འདྲ་བ་ནི་གཉི་ག་མིག་གི་རང་བཞིན་ཡིན་པའི་ཕྱིར་རོ། །སྤྱོད་ཡུལ་འདྲ་བ་ནི་གཉི་གའི་ཡུལ་གཟུགས་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པ་འདྲ་བ་ནི་གཉི་ག་མིག་གི་རྣམ་པར་ཤེས་པ་གཅིག་གི་
རྟེན་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་མིག་གི་ཁམས་ནི་གཅིག་པ་ཉིད་དོ། །དེ་བཞིན་དུ་རྣ་བ་དང་། སྣ་དག་ལ་ཡང་སྦྱར་བར་བྱའོ། །མཛེས་བྱའི་ཕྱིར་ན་གཉིས་འབྱུང་ངོ་། །མིག་ལ་སོགས་པ་ཁམས་གཅིག་པ་ཉིད་ཡིན་ཡང་རྟེན་མཛེས་པར་བྱ་བའི་ཕྱིར་གཉིས་འབྱུང་ངོ་། །
དེ་ལྟ་མ་ཡིན་ཏེ། མིག་དང་རྣ་བའི་རྟེན་གཅིག་དང་། །སྣའི་བུ་ག་གཅིག་ཏུ་གྱུར་ན་ཤིན་ཏུ་མི་མཛེས་པར་འགྱུར་རོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་བཤད་ཟིན་ཏོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དོན་གང་ཡིན་པ་འདིར་བརྗོད་པར་བྱ་སྟེ། སྤུངས་དང་སྐྱེ་དགུ་
རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །མདོ་ལས། གཟུགས་གང་ཡིན་པ་ཅི་ཡང་རུང་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ། ཐག་རིང་བ་ན་ཡོད་
པ་གང་ཡིན་པ་འམ། ཉེ་བ་ན་ཡོད་པ་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་འབྱུང་བའི་ཕྱིར་སྤུངས་པའི་དོན་ནི་ཕུང་པོའི་དོན་ཏོ་ཞེས་བྱ་བར་གྲུབ་པོ། །དེ་ལ་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་གཟུགས་འདས་པ་ནི་མི་རྟག་པ་
ཉིད་ཀྱིས་འགགས་པའོ། །མ་འོངས་པ་ནི་མ་བྱུང་བའོ། །ད་ལྟར་བྱུང་བ་ནི་བྱུང་བ་ལ་མ་འགགས་པའོ། །ནང་གི་ནི་རང་གི་རྒྱུད་ལ་ཡོད་པའོ། །གཞན་ནི་ཕྱིའི་འོ། །ཡང་སྐྱེ་མཆེད་ཀྱི་སྒོ་ནས་སོ། །རགས་པ་ནི་ཐོགས་པ་དང་བཅས་པའོ། །ཕྲ་བ་ནི་ཐོགས་པ་མེད་པའོ། །
ཡང་ན་ལྟོས་པ་པ་ཡིན་ནོ། །གལ་ཏེ་ལྟོས་པ་པ་ཡིན་པའི་ཕྱིར་མ་གྲུབ་བོ་ཞེ་ན། མ་ཡིན་ཏེ། ལྟོས་པས་ཐ་དད་པའི་ཕྱིར་རོ། །གང་ལ་ལྟོས་ཏེ་རགས་པ་ཡིན་པ་ནི་ནམ་དུ་ཡང་དེ་ལ་ལྟོས་ནས་ཕྲ་བ་མ་ཡིན་ཏེ། ཕ་དང་བུ་བཞིན་ནོ། །ངན་པ་ནི་ཉོན་མོངས་པ་ཅན་ནོ། །གྱ་ནོམ་པ་ནི་
Vol. 140 · folio 35b
ཉོན་མོངས་པ་ཅན་མ་ཡིན་པའོ། །རིང་བ་ནི་འདས་པ་དང་མ་འོངས་པའོ། །ཉེ་བ་ནི་ད་ལྟར་བྱུང་བ་སྟེ། རྣམ་པར་ཤེས་པའི་བར་དུའང་དེ་དང་འདྲའོ། །འདི་ནི་ཁྱད་པར་ཡིན་ཏེ། རགས་པ་ནི་དབང་པོ་ལྔ་ལ་བརྟན་པའོ། །ཕྲ་བ་ནི་ཡིད་ལས་བྱུང་བའོ། །ཡང་ན་ས་ལས་རིག་
པར་བྱའོ་ཞེས་སོ། །བཙུན་པ་ན་རེ་ནི་གཟུགས་རགས་པ་ནི་དབང་པོ་ལྔས་གཟུང་བར་བྱ་བའོ། །གཞན་ནི་ཕྲ་བའོ། །ངན་པ་ནི་ཡིད་དུ་མི་འོང་བའོ། །གྱ་ནོམ་པ་ནི་ཡིད་དུ་འོང་བའོ། །རིང་བ་ནི་ཡུལ་མི་སྣང་བ་ཅན་ནོ། །ཉེ་བ་ནི་ཡུལ་སྣང་བ་ཅན་ནོ། །འདས་པ་ལ་སོགས་པ་ནི་
རང་གི་མིང་གིས་བསྟན་པའི་ཕྱིར་ཏེ། ཚོར་བ་ལ་སོགས་པ་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་དག་གིས་རིང་བ་དང་ཉེ་བ་ཉིད་ནི་དེ་རྟེན་གྱི་དབང་གིས་སོ། །རགས་པ་དང་ཕྲ་བ་ཉིད་ནི་སྔ་མ་བཞིན་ནོ་ཞེས་ཟེར་རོ། །སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བའི་སྒོའི་དོན་ནི་སྐྱེ་མཆེད་ཀྱི་
དོན་ཏེ། ངེས་པའི་ཚིག་ཏུ་ན་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བ་མཆེད་པར་བྱེད་པས་སྐྱེ་མཆེད་རྣམས་ཏེ། རྒྱས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །རིགས་ཀྱི་དོན་ནི་ཁམས་ཀྱི་དོན་ཏེ། དཔེར་ན་རི་འགའ་ཞིག་ལ་ལྕགས་དང་ཟངས་དང་དངུལ་དང་གསེར་ལ་སོགས་པ་
རིགས་མང་པོ་དག་ཡོད་པ་ལ་ཁམས་ཞེས་བརྗོད་པ་དེ་བཞིན་དུ་རྟེན་དང་རྒྱུད་གཅིག་ལ་རིགས་བཅོ་བརྒྱད་དག་ཡོད་པ་ལ་ཁམས་བཅོ་བརྒྱད་ཅེས་བྱའོ། །དེ་ལ་འབྱུང་གནས་དག་ནི་རིགས་ཞེས་བྱ་བ་ནི་མིག་ལ་སོགས་པ་འདི་དག་གང་གི་འབྱུང་གནས་ཡིན་ཞེ་ན། རང་གི་རིགས་ཀྱི་ཡིན་ཏེ།
སྐལ་བ་མཉམ་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདུས་མ་བྱས་ཁམས་མ་ཡིན་པར་འགྱུར་རོ་ཞེ་ན། འོ་ན་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཡིན་ནོ། །གཞན་དག་ན་རེ་ཆོས་བཅོ་བརྒྱད་པོ་དག་རིགས་ཀྱི་རང་བཞིན་ནོ་ཞེ་ན། ཁམས་བཅོ་བརྒྱད་ཅེས་བྱ་བས་ཁམས་ཞེས་བྱ་
བའི་སྒྲ་འདི་ནི་རིགས་ཀྱི་ཚིག་ཡིན་ཞེས་ཟེར་རོ། །གལ་ཏེ་སྤུངས་པའི་དོན་ཕུང་པོའི་དོན་ཡིན་ན་ཕུང་པོ་རྣམས་བཏགས་པའི་ཡོད་པར་འགྱུར་ཏེ། རྫས་སུ་མ་འདུས་པ་ཡིན་པའི་ཕྱིར་སྤུངས་པ་དང་གང་ཟག་བཞིན་ནོ་ཞེ་ན། མ་ཡིན་ཏེ། རྫས་ཀྱི་རྡུལ་ཕྲ་རབ་གཅིག་པུ་ཡང་
Vol. 140 · folio 36a
ཕུང་པོ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་གཅིག་པུ་ལ་སྤུངས་པ་ཉིད་མེད་པས་སྤུངས་པའི་དོན་ནི་ཕུང་པོའི་དོན་ཏོ་ཞེས་བརྗོད་པར་མི་བྱའོ། །གཞན་དག་ན་རེ། བྱ་བའི་ཁུར་ཁྱེར་བའི་དོན་ནམ། ཡོངས་སུ་ཆད་པའི་དོན་ནི་ཕུང་པོའི་དོན་ཏེ། འདི་ལྟར་སྨྲ་བ་པོ་དབུལ་
བར་བྱ་བའི་ཕུང་པོ་གསུམ་དག་ཏུ་དབུལ་བར་བྱའོ་ཞེས་སྨྲ་བ་བཞིན་ནོ་ཞེས་ཟེར་ཏེ། དེ་ནི་མདོ་དང་འགལ་ལོ། །མདོ་ལས་ནི་སྤུངས་པའི་དོན་ཁོ་ནར་གསུངས་ཏེ། གཟུགས་གང་ཅི་ཡང་རུང་བ་འདས་པའམ། མ་འོངས་པའམ་ཞེས་རྒྱས་པར་གསུངས་སོ། །དེར་ནི་གཟུགས་
འདས་པ་ལ་སོགས་པ་སོ་སོར་ཕུང་པོ་ཉིད་ཡིན་པར་ཤེས་ཏེ། གཟུགས་འདས་པ་ལ་སོགས་པ་འདི་ཐམས་ཅད་རེ་རེ་ཞིང་གཟུགས་ཀྱི་ཕུང་པོ་ཡིན་ནོ་ཞེ་ན། དེ་ལྟར་ནི་ཤེས་པར་མི་ནུས་ཏེ། དེ་ཐམས་ཅད་གཅིག་ཏུ་བསྡུས་ནས་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟ་བས་ན་གཟུགས་
ཀྱི་ཕུང་པོ་དག་ནི་སྤུངས་པ་བཞིན་དུ་བཏགས་པའི་ཡོད་པ་ཡིན་ནོ། །དེ་ལྟ་ན་སྐྱེ་མཆེད་གཟུགས་ཅན་རྣམས་ཀྱང་བཏགས་པའི་ཡོད་པར་འགྱུར་ཏེ། མིག་ལ་སོགས་པའི་རྡུལ་ཕྲ་རབ་མང་པོ་ནི་སྐྱེ་བའི་སྒོར་གྱུར་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་ཚོགས་པ་རྣམས་རེ་རེ་ནས་རྒྱུའི་ངོ་
བོར་གྱུར་པའི་ཕྱིར་རམ། ཡུལ་ལྷན་ཅིག་བྱེད་པ་ཡིན་པའི་ཕྱིར་དབང་པོ་ལས་ལོགས་ཤིག་ཏུ་སྐྱེ་མཆེད་དུ་ཡང་མི་འགྱུར་རོ། །བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་ནི། གལ་ཏེ་ཆོས་མངོན་པ་པ་ཞིག་ཕུང་པོ་བཏགས་པའི་ཡོད་པར་ལྟ་ན་ནི་དེ་རྡུལ་ཕྲ་རབ་ཁམས་གཅིག་དང་། སྐྱེ་མཆེད་
གཅིག་དང་། ཕུང་པོ་གཅིག་གི་ཕྱོགས་ཡིན་ནོ་ཞེས་སྨྲའོ། །འོན་ཏེ་མི་ལྟ་ན་ནི་དེ་རྡུལ་ཕྲ་རབ་ཁམས་གཅིག་དང་། སྐྱེ་མཆེད་གཅིག་དང་། ཕུང་པོ་གཅིག་ཡིན་ནོ་ཞེས་སྨྲའོ་ཞེས་འབྱུང་ངོ་། །ཕྱོགས་ཡིན་ཡང་ཕྱོགས་ཅན་ཡིན་བཞིན་དུ་ཉེ་བར་འདོགས་པ་ཡང་ཡོད་དེ། དཔེར་
ན་རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་གི་ཞེས་བྱ་བ་བཞིན་ནོ། །ཡང་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཕུང་པོ་ལ་སོགས་པའི་སྒོ་ནས་སྟོན་པ་རྣམ་པ་གསུམ་རྩོམ་པར་མཛད་ཅེ་ན། སྨྲས་པ། གདུལ་བ་རྣམས་ཀྱི། །རྨོངས་དབང་འདོད་རྣམས་གསུམ་གྱི་ཕྱིར། །
Vol. 140 · folio 36b
ཕུང་པོ་ལ་སོགས་གསུམ་བསྟན་ཏོ། །རྣམ་པ་གསུམ་ནི་རྣམ་གསུམ་མོ། །སེམས་ཅན་རྣམས་ཀྱི་རྨོངས་པ་ནི་རྣམ་པ་གསུམ་སྟེ། ཁ་ཅིག་ནི་སེམས་ལས་བྱུང་བ་རྣམས་ལ་རིལ་པོའི་བདག་ཉིད་དུ་འཛིན་པས་རྨོངས་སོ། །ཁ་ཅིག་ནི་གཟུགས་ཁོ་ན་ལའོ། །ཁ་ཅིག་ནི་གཟུགས་དང་
སེམས་དག་ལའོ། །དབང་པོ་དག་ཀྱང་རྣམ་པ་གསུམ་སྟེ། དབང་པོ་རྣོན་པོ་དང་། འབྲིང་དང་། རྟུལ་པོའི་ཕྱིར་རོ། །འདོད་པ་ཡང་རྣམ་པ་གསུམ་སྟེ། ཚིག་བསྡུས་པ་དང་། བར་མ་དང་། རྒྱ་ཆེན་པོ་འདོད་པའི་ཕྱིར་ཏེ། དེ་དག་ལ་གོ་རིམས་བཞིན་དུ་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་
དང་གསུམ་བསྟན་ཏོ་ཞེས་གྲག་གོ། །ཡང་ཅིའི་ཕྱིར་སེམས་ལས་བྱུང་བ་གཞན་རྣམས་ནི་འདུ་བྱེད་ཀྱི་ཕུང་པོ་གཅིག་ཏུ་བསྡུས་ལ་འདུ་ཤེས་དང་ཚོར་བ་དག་ནི་ལོགས་ཤིག་ཏུ་ཕུང་པོར་བྱས་ཤེ་ན། སྨྲས་པ། རྩོད་པའི་རྩ་བར་གྱུར་པ་དང་། །འཁོར་བའི་རྒྱུ་ཕྱིར་རིམ་རྒྱུའི་ཕྱིར། །སེམས་བྱུང་
རྣམས་ལས་ཚོར་བ་དང་། །འདུ་ཤེས་ལོགས་ཤིག་ཕུང་པོར་བཞག །རྩོད་པའི་རྩ་བ་དག་ནི་གཉིས་ཏེ། འདོད་པ་ལ་ལྷག་པར་ཞེན་པ་དང་། ལྟ་བ་ལ་ལྷག་པར་ཞེན་པའོ། །དེ་གཉིས་ཀྱི་རྒྱུའི་གཙོ་བོ་ནི་གོ་རིམས་བཞིན་དུ་ཚོར་བ་དང་། འདུ་ཤེས་དག་སྟེ། ཚོར་བ་རོ་མྱང་བའི་དབང་
གིས་ནི་འདོད་པ་རྣམས་ལས་མངོན་པར་ཞེན་ལ། འདུ་ཤེས་ཕྱིན་ཅི་ལོག་གིས་ནི་ལྟ་བ་རྣམས་ལའོ། །དེ་དག་ནི་འཁོར་བའི་རྒྱུའི་གཙོ་བོ་ཡང་ཡིན་ཏེ། ཚོར་བ་ལ་ཞེན་ཅིང་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་འཁོར་རོ། །གང་ཡང་ཕུང་པོའི་གོ་རིམས་ཀྱི་རྒྱུ་སྟོན་པར་འགྱུར་བའི་གོ་རིམས་
ཀྱི་རྒྱུ་དེའི་ཕྱིར་ཡང་འདི་གཉིས་ལོགས་ཤིག་ཏུ་ཕུང་པོར་བྱས་པར་རིག་པར་བྱ་སྟེ། དེ་ནི་དེ་ཉིད་དུ་བཤད་པར་བྱའོ། །འོ་ན་ཅིའི་ཕྱིར་སྐྱེ་མཆེད་དང་ཁམས་དག་ཏུ་ནི་འདུས་མ་བྱས་བཤད་ལ། ཕུང་པོ་དག་ཏུ་ནི་མ་ཡིན་ཞེ་ན། ཕུང་པོ་དག་ཏུ་འདུས་མ་བྱས། །དོན་དུ་མི་རུང་ཕྱིར་མ་བཤད། །
དེ་ནི་ཕུང་པོ་དག་གི་ནང་དུ་བརྗོད་ན་དེ་ནི་གཟུགས་མ་ཡིན་ཞིང་རྣམ་པར་ཤེས་པའི་བར་དུ་ཡང་མ་ཡིན་པས་དོན་དུ་མི་རུང་བའི་ཕྱིར་རེ་ཞིག་དེ་དག་ཉིད་ཀྱི་ནང་དུ་བསྡུ་བར་ནི་མི་ནུས་སོ། །ཕུང་པོ་དྲུག་པར་བརྗོད་པར་ཡང་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། དོན་དུ་མི་རུང་བའི་ཕྱིར་ཏེ། སྤུངས་པའི་
Vol. 140 · folio 37a
དོན་དུ་ནི་ཕུང་པོའི་དོན་ཏོ་ཞེས་བཤད་ན། འདུས་མ་བྱས་ན་གཟུགས་བཞིན་དུ་འདི་ལྟར་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་འདུས་མ་བྱས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོ་བར་འགྱུར་བ་འདས་པ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་མ་ཡིན་ནོ། །ཡང་ཀུན་
ནས་ཉོན་མོངས་པའི་གཞི་ཤེས་པར་བྱ་བའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་ལ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གཞི་ཤེས་པར་བྱ་བའི་ཕྱིར་ཕུང་པོ་ཞེས་ཀྱང་བྱ་ན། འདུས་མ་བྱས་ནི་དོན་དུ་མི་རུང་བའི་ཕྱིར་གཉི་ག་ཡང་མ་ཡིན་ཏེ། དེ་དག་ཏུ་རྣམ་པར་གཞག་གོ། །ཁ་
ཅིག་ན་རེ་ཇི་ལྟར་བུམ་པ་ཆག་པ་བུམ་པ་མ་ཡིན་པ་དེ་བཞིན་དུ་ཕུང་པོ་ཞིག་པ་ཡང་ཕུང་པོ་ཡིན་པར་མི་འོས་སོ་ཞེས་ཟེར་ཏེ། དེ་དག་གི་ལྟར་ན་ཁམས་དང་སྐྱེ་མཆེད་དག་ལ་ཡང་དེ་ལྟར་ཐལ་བར་འགྱུར་རོ། །ཕུང་པོ་རྣམས་ཀྱི་རྣམ་པ་གཞན་བཤད་ཟིན་ཏོ། །རིམ་ནི་རགས་དང་ཀུན་ཉོན་མོངས། །
སྣོད་སོགས་དོན་ཁམས་ཇི་བཞིན་ནོ། །གཟུགས་ནི་ཐོགས་པ་དང་བཅས་པའི་ཕྱིར་ཐམས་ཅད་པས་རགས་སོ། །གཟུགས་ཅན་མ་ཡིན་པ་རྣམས་ཀྱི་ནང་ན་ཡང་ཚོར་བ་ནི་རྒྱུ་བ་རགས་པའི་ཕྱིར་ཏེ། འདི་ལྟར་ངའི་ལག་པ་ལ་ཚོར་རོ། །ངའི་རྐང་པ་ལ་ཚོར་རོ་ཞེས་ཐ་སྙད་འདོགས་སོ། །
འདུ་ཤེས་ནི་གཉིས་པས་ཆེས་རགས་སོ། །རྣམ་པར་ཤེས་པ་བས་ནི་འདུ་བྱེད་དེ། དེའི་ཕྱིར་གང་ཆེས་རགས་པ་དེ་སྔར་བཤད་དོ། །ཡང་ན་ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་ཕོ་དང་མོ་དག་ཕན་ཚུན་གཟུགས་ལ་མངོན་པར་དགའ་སྟེ། དེ་དག་ཀྱང་ཚོར་བའི་རོ་མྱང་བ་ལ་ཆགས་པའི་ཕྱིར་
རོ། །དེ་ལ་ཆགས་པ་ཡང་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ། །ཕྱིན་ཅི་ལོག་དེ་ཡང་ཀུན་ནས་ཉོན་མོངས་པ་དག་གིས་སོ། །སེམས་ཀྱང་དེ་དག་གིས་ཀུན་ནས་ཉོན་མོངས་པ་ཅན་དུ་བྱས་པས་ཀུན་ནས་ཉོན་མོངས་པའི་གོ་རིམས་ཇི་ལྟ་བ་བཞིན་ནོ། །ཡང་ན་སྣོད་ལ་སོགས་
པའི་དོན་གྱིས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ནི་སྣོད་དང་ཟས་དང་ཚོད་མ་དང་བྱན་པོ་དང་ཟ་བ་པོ་ལྟ་བུའོ། །ཡང་ན་ཁམས་ཀྱིས་ཏེ་འདོད་པའི་ཡོན་ཏན་གཟུགས་ཀྱིས་རབ་ཏུ་ཕྱེ་བ་ནི་འདོད་པའི་ཁམས་སོ། །ཚོར་བས་རབ་ཏུ་ཕྱེ་བ་ནི་བསམ་གཏན་རྣམས་སོ། །འདུ་ཤེས་ཀྱིས་
Vol. 140 · folio 37b
རབ་ཏུ་ཕྱེ་བ་ནི་གཟུགས་མེད་པ་གསུམ་མོ། །འདུ་བྱེད་ཙམ་གྱིས་རབ་ཏུ་ཕྱེ་བ་ནི་སྲིད་པའི་རྩེ་མོ་སྟེ། འདི་དག་ནི་རྣམ་པར་ཤེས་པ་གནས་པ་ཡིན་ལ། དེ་དག་ལ་རྣམ་པར་ཤེས་པ་གནས་སོ་ཞེས་ཕུང་པོའི་གོ་རིམས་ཞིང་དང་ས་བོན་གྱི་གོ་རིམས་ལྟ་བུར་བསྟན་པའི་ཕྱིར་རོ། །དེ་
ཉིད་ཀྱི་ཕྱིར་ཕུང་པོ་རྣམས་ནི་ལྔ་སྟེ་མི་ཉུང་མི་མང་ངོ་། །གང་གི་ཕྱིར་འདི་དག་ནི་ཆེས་རགས་པ་དང་། ཀུན་ནས་ཉོན་མོངས་པའི་གོ་རིམས་ཀྱི་རྒྱུ་དང་ཟས་དང་ཚོད་མ་ལྟ་བུ་དང་། དེ་དག་གི་ཁམས་གཉིས་རབ་ཏུ་ཕྱེ་བའི་གོ་རིམས་ཀྱི་རྒྱུ་དེ་ཉིད་ཀྱི་ཕྱིར་ཚོར་བ་དང་འདུ་ཤེས་དག་ནི་
འདུ་བྱེད་རྣམས་ལས་ལོགས་ཤིག་ཏུ་ཕུང་པོར་བྱས་སོ། །མིག་ལ་སོགས་པའི་ཁམས་དང་སྐྱེ་མཆེད་དྲུག་གི་གོ་རིམས་བརྗོད་པར་བྱ་སྟེ། དེའི་དབང་ཉིད་ཀྱིས་ན་དེའི་ཡུལ་དང་རྣམ་པར་ཤེས་པ་རྣམས་ཀྱི་གོ་རིམས་སུ་འགྱུར་རོ། །དྲུག་པོ་དེ་དག་ལས། ད་ལྟའི་དོན་ཕྱིར་དང་པོར་
ལྔ། །མིག་ལ་སོགས་པ་ལྔའི་ཡུལ་ནི་ད་ལྟར་ཡིན་པའི་ཕྱིར་སྔར་སྨོས་སོ། །ཡིད་ཀྱི་ཡུལ་མ་ངེས་པ་ཅན་ཡིན་ཏེ། ཁ་ཅིག་གི་ཡུལ་ནི་ད་ལྟར་ཡིན་པ་ནས། ཁ་ཅིག་གི་ཡུལ་ནི་དུས་གསུམ་དང་དུས་མ་ཡིན་པའི་བར་ཡིན་ནོ། །འབྱུང་བ་ལས་གྱུར་དོན་ཕྱིར་བཞི། །དང་པོར་ཞེས་བྱ་
བར་སྙེགས་སོ། །ལྔ་རྣམས་ལས་ཀྱང་བཞིར་སྔར་སྨོས་པ་ནི་ཡུལ་འབྱུང་བ་ལས་གྱུར་པ་ཡིན་པའི་ཕྱིར་རོ། །ལུས་ཀྱི་ཡུལ་ནི་མ་ངེས་ཏེ། རེས་འགའ་ནི་འབྱུང་བ་དག་ཡིན་ལ། རེས་འགའ་ནི་འབྱུང་བ་ལས་གྱུར་པ་དག་ཡིན་ནོ། །རེས་འགའ་ནི་གཉི་ག་ཡིན་ནོ། །གཞན་
ནི་ཆེས་རིང་མྱུར་འཇུག་ཕྱིར། །ལྷག་མ་ནི་ཅི་རིགས་པར་ཆེས་རྒྱང་རིང་བ་དང་མྱུར་བར་འཇུག་པས་གཞན་པས་སྔར་སྨོས་ཏེ། མིག་དང་རྣ་བའི་ཡུལ་རྒྱང་རིང་བའི་ཕྱིར་གཉིས་པས་དེ་དག་སྔར་སྨོས་སོ། །དེ་གཉིས་ལས་ཀྱང་མིག་ནི་ཆེས་རྒྱང་རིང་པོ་ལ་འཇུག་སྟེ། ཆུ་ཀླུང་
རྒྱང་རིང་པོ་ནས་མཐོང་ཡང་དེའི་སྒྲ་མི་ཐོས་པས་དེའི་ཕྱིར་དེ་སྔར་སྨོས་སོ། །སྣ་དང་ལྕེ་ནི་རྒྱང་རིང་པོ་ལ་འཇུག་པ་མེད་མོད་ཀྱི། དེ་གཉིས་ལས་ཀྱང་སྣ་ནི་ཆེས་མྱུར་བར་འཇུག་པའི་ཕྱིར་སྔར་སྨོས་ཏེ། ཟས་ལྕེ་དང་མ་ཕྲད་པ་ཉིད་ཀྱི་དྲི་འཛིན་པའི་ཕྱིར་རོ། །ཡང་ན་ཇི་ལྟར་གནས་བཞིན་
Vol. 140 · folio 38a
རིམ། །ཡང་ན་ལུས་འདི་ལ་མིག་གི་རྟེན་ནི་དང་པོ་ན་གནས་སོ། །དེའི་འོག་ན་ནི་རྣ་བའི་འོ། །དེའི་འོག་ན་ནི་སྣའིའོ། །དེའི་འོག་ན་ནི་ལྕེའིའོ། །ལུས་ཀྱི་ནི་ཕལ་ཆེར་དེའི་འོག་ནའོ། །ཡིད་ནི་དེ་དག་ལ་བརྟེན་པ་དང་ཡུལ་ན་མི་གནས་པའི་ཕྱིར་ཏེ། དེ་དག་གི་གོ་རིམས་
ནི་ཇི་ལྟར་གནས་པ་བཞིན་ཡིན་ནོ། །ཡང་ཅིའི་ཕྱིར་གཟུགས་ཀྱི་ཕུང་པོས་བསྡུས་པའི་སྐྱེ་མཆེད་བཅུ་པོ་དག་ལས་གཅིག་གཟུགས་ཀྱི་སྐྱེ་མཆེད་དུ་བརྗོད་ལ། ཐམས་ཅད་ཀྱང་ཆོས་ཀྱི་རང་བཞིན་ཡིན་ན་གཅིག་ཆོས་ཀྱི་སྐྱེ་མཆེད་ཅེས་བྱ་ཞེ་ན། སྨྲས་པ། བྱེ་བྲག་དོན་དང་གཙོ་
བོའི་ཕྱིར། །ཆོས་མང་བ་དང་མཆོག་བསྡུས་ཕྱིར། །གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་དང་། །གཅིག་ནི་ཆོས་ཞེས་བྱ་བར་བརྗོད། །བྱེ་བྲག་གི་དོན་ཅི་ལྟ་བུ་ཞེ་ན། ཅི་ནས་ཀྱང་ཡུལ་དང་ཡུལ་ཅན་ཉིད་དུ་རྣམ་པར་གཞག་པའི་སྒོ་ནས་བཅུ་པོ་འདི་དག་གི་སོ་སོར་སྐྱེ་མཆེད་
ཉིད་ཡིན་གྱི་སྤྱིར་ནི་མ་ཡིན་ནོ་ཞེས་རྟོགས་པར་བྱ་བ་ཡིན་ལ། མིག་ལ་སོགས་པ་བྱེ་བྲག་ཏུ་བྱས་པ་དག་གིས་ནི་གང་མིག་ལ་སོགས་པར་ནི་མིང་མ་བཏགས་ལ་གཟུགས་ནི་ཡིན་པ་དེ་གཟུགས་ཀྱི་སྐྱེ་མཆེད་དུ་ཤེས་པར་འགྱུར་བས་འདིའི་མིང་གཞན་མ་བརྗོད་དོ། །ཡང་ན་
གཟུགས་ཀྱི་སྐྱེ་མཆེད་ནི་གཙོ་བོ་ཡིན་པའི་ཕྱིར་ཏེ། དེ་ནི་ཐོགས་པ་དང་བཅས་པ་ཡིན་པའི་ཕྱིར་ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་རེག་ན་གཟུགས་སུ་རུང་བ་དང་། བསྟན་དུ་རུང་བའི་ཕྱིར་ཏེ། འདི་ནི་འདི་ནའོ། །ཆེ་གེ་མོ་ཞིག་ནའོ་ཞེས་བརྟག་ཏུ་རུང་བའི་ཕྱིར་རོ། །
འཇིག་རྟེན་ན་ཡང་དེ་གཟུགས་སོ་ཞེས་གྲགས་ཀྱི་གཞན་དག་ལ་ནི་མ་ཡིན་ནོ། །བྱེ་བྲག་གི་དོན་ཉིད་ཀྱིས་གཅིག་ནི་ཆོས་ཀྱི་སྐྱེ་མཆེད་དུ་བཤད་ཀྱི་ཐམས་ཅད་ནི་མ་ཡིན་ནོ། །གཞན་ཡང་འདིར་ཚོར་བ་ལ་སོགས་པ་ཆོས་མང་པོ་རྣམས་བསྡུས་ཏེ། དེའི་ཕྱིར་ཆོས་ཀྱི་སྒྲར་སྤྱིར་རྗོད་
པར་བྱེད་དོ། །ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་དེ་ཡང་དེར་བསྡུས་ཏེ་གཞན་དག་ཏུ་ནི་མ་ཡིན་ནོ། །གཞན་དག་ན་རེ་རྣམ་པ་ཉི་ཤུའི་རིག་པའི་ཕྱིར་དང་། ཤའི་དང་ལྷའི་དང་འཕགས་པའི་ཤེས་རབ་དང་མིག་གསུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་གཅིག་གཟུགས་ཀྱི་སྐྱེ་
Vol. 140 · folio 38b
མཆེད་དུ་བསྟན་ཏོ་ཞེས་ཟེར་རོ། །མདོ་དག་ལས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཞེས་བྱ་བ་གཞན་དང་གཞན་དག་ཀྱང་དམིགས་ན། ཅི་དེ་རྣམས་འདི་དག་ཉིད་ཀྱིས་བསྡུས་སམ། འོན་ཏེ་ཐ་དད་པ་ཞིག་ཡིན་པར་རིག་པར་བྱ་ཞེ་ན། འདི་དག་ཉིད་ཀྱིས་བསྡུས་ཀྱི་ཐ་དད་པ་ནི་མེད་
དེ་དེ་ལ་རེ་ཞིག །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །གང་དག་གི་ལྟར་ན་སངས་རྒྱས་ཀྱི་གསུང་ཚིག་གི་རང་བཞིན་ཡིན་པ་དེ་དག་གི་ལྟར་ན་དེ་དག་ནི་གཟུགས་ཀྱི་ཕུང་པོས་བསྡུས་སོ། །
གང་དག་གི་ལྟར་ན་མིང་གི་རང་བཞིན་ཡིན་པ་དེ་དག་གི་ལྟར་ན་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་སོ། །ཡང་ཆོས་ཀྱི་ཕུང་པོའི་ཚད་ཇི་ཙམ་ཞེ་ན། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཁ་ཅིག་ན་རེ་དེ་ནི་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་བསྟན་བཅོས་མངོན་པའི་ཚད་ཙམ་མོ་ཞེས་ཟེར་ཏེ། དེ་
ནི་ཤློ་ཀ་དྲུག་སྟོང་ངོ་། །ཡང་གཞན་དག་ན་རེ། ཕུང་པོ་ལ་སོགས་གཏམ་རེ་ཡིན། །ཞེས་ཟེར་ཏེ། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། བདེན་པ་དང་། ཟས་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པ་དང་། རྣམ་
པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སྨོན་ནས་ཤེས་པ་དང་། ཉོན་མོངས་པ་མེད་པ་ལ་སོགས་པའི་གཏམ་རྒྱུད་རེ་རེ་ནི་ཆོས་ཀྱི་
ཕུང་པོའོ་ཞེས་ཟེར་རོ། །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །འདི་སྐད་དུ། སེམས་ཅན་རྣམས་ཀྱི་སྤྱོད་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་ང་རྒྱལ་ལ་སོགས་པ་སྤྱོད་པ་ཐ་དད་པ་བརྒྱད་ཁྲི་ཡོད་དེ། དེ་དག་གི་གཉེན་པོར་
བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་གསུངས་སོ་ཞེས་བརྗོད་དོ། །ཇི་ལྟར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་འདི་ཕུང་པོ་ལྔ་པོ་འདི་དག་ཉིད་དུ་བསྡུས་པ། དེ་བཞིན་གཞན་ཡང་ཅི་རིགས་པར། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །རང་གི་མཚན་ཉིད་ལེགས་དཔྱད་དེ། །
Vol. 140 · folio 39a
ཇི་སྐད་བཤད་པར་བསྡུ་བར་བྱ། །མདོ་གཞན་དག་ལས་ཕུང་པོ་དང་སྐྱེ་མཆེད་དང་ཁམས་གཞན་གང་དག་གསུངས་པ་དེ་དག་ཀྱང་བསྟན་བཅོས་འདི་ལས། ཇི་སྐད་བཤད་པ་བཞིན་དེ་དག་གི་རང་རང་གི་མཚན་ཉིད་ལེགས་པར་དཔྱད་ནས་ཕུང་པོ་ལ་སོགས་པ་ཇི་སྐད་
བཤད་པ་འདི་དག་ཉིད་དུ་བསྡུ་བར་བྱ་སྟེ། དེ་ལ་རེ་ཞིག་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དག་ལས་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོས་བསྡུས་སོ། །ལྷག་མ་རྣམས་ནི་འདུ་
བྱེད་ཀྱི་ཕུང་པོས་བསྡུས་སོ། །ཟད་པར་གྱི་སྐྱེ་མཆེད་བཅུ་པོ་དག་ལས་བརྒྱད་ནི་མ་ཆགས་པའི་རང་བཞིན་ཡིན་པའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །འཁོར་རྣམས་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་པའི་ཕྱིར་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་གིས་བསྡུས་ཏེ།
ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱང་དེ་དང་འདྲའོ། །ཟད་པར་ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དག་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་བཞི་པོ་དག་ནི་ཕུང་པོ་བཞིའི་རང་བཞིན་ཡིན་པའི་ཕྱིར་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་གིས་
བསྡུས་སོ། །རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་པོ་དག་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །འཁོར་རྣམས་དང་བཅས་ན་ནི་སྒྲ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་རྣམས་ཀྱིས་བསྡུས་སོ། །སྐྱེ་མཆེད་གཉིས་ལས་འདུ་ཤེས་མེད་པའི་སེམས་
ཅན་ནི་དྲི་དང་རོའི་སྐྱེ་མཆེད་བཅུ་བཞི་པོ་རྣམས་ཀྱིས་བསྡུས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་ནི་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་གིས་བསྡུས་སོ། །དེ་བཞིན་དུ་ཁམས་མང་པོ་ལ་ལས་ཁམས་དྲུག་ཅུ་རྩ་གཉིས་བསྟན་པ་དེ་དག་ཀྱང་ཅི་རིགས་པར་
བསྡུ་བར་རིག་པར་བྱའོ། །དེར་གང་དག་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དྲུག་བསྟན་པ་ལ། དེ་དག་ལས་གཉིས་ཀྱི་མཚན་ཉིད་མ་བཤད་ན། དེ་ཅི་ནམ་མཁའ་ཉིད་
Vol. 140 · folio 39b
ནམ་མཁའི་ཁམས་ཡིན་ལ། རྣམ་པར་ཤེས་པ་ཐམས་ཅད་ཀྱང་རྣམ་པར་ཤེས་པའི་ཁམས་ཡིན་པར་རིག་པར་བྱ་འམ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྒོ་དང་སྐར་ཁུང་དང་ཁ་དང་སྣ་ལ་སོགས་པའི་བུ་ག་ནམ་མཁའི་ཁམས་ཞེས་བྱ། བུ་ག་ཞེས་བྱ་བ་ཅི་ཞིག་ཡིན་པར་
རིག་པར་བྱ། སྣང་དང་མུན་པ་དག་ཡིན་ལོ། །བུ་ག་ནི་སྣང་བ་དང་མུན་པ་དག་ལས་གཞན་དུ་གཟུང་དུ་མེད་དོ། །དེ་ལྟ་བས་ན་ནམ་མཁའི་ཁམས་ནི་སྣང་བ་དང་མུན་པའི་རང་བཞིན་ཏེ། མཚན་མོ་དང་ཉིན་མོའི་རང་བཞིན་དུ་ཡིན་པར་རིག་པར་བྱའོ་ཞེས་གྲག་གོ། །དེ་ཉིད་ཐོགས་པའི་
ཉེ་བའི་འཁོར་གྱི་གཟུགས་ཞེས་བྱ་སྟེ། ཐོགས་པ་ཞེས་བྱ་བ་ནི་ཤིན་ཏུ་གནོད་པར་བྱར་རུང་བའི་ཕྱིར་བསགས་པར་གནས་པའི་གཟུགས་ཏེ། དེ་ནི་དེའི་འཁོར་རོ་ལོ། །གཞན་དག་ན་རེ་དེ་ལ་གཞན་མི་ཐོགས་པའི་ཕྱིར་ཏེ། དེ་ནི་ཐོགས་མེད་ཀྱང་ཡིན་ལ་གཟུགས་གཞན་གྱི་ཉེ་འཁོར་ཡང་ཡིན་
པས་ཐོགས་མེད་ཉེ་འཁོར་ཡིན་ནོ་ཞེས་ཟེར་རོ། །ཟག་པ་དང་བཅས་པའི་རྣམ་ཤེས་ནི། རྣམ་ཤེས་ཁམས་ཡིན། ཅིའི་ཕྱིར་ཟག་པ་མེད་པ་ལ་མི་བྱ་ཞེ་ན། འདི་ལྟར་ཁམས་དྲུག་པོ་འདི་དག་ནི། སྐྱེ་བའི་རྟེན་ཡིན་པར་འདོད་དེ། དེ་དག་ཉིང་མཚམས་སྦྱོར་བའི་སེམས་ནས་འཆི་བའི་
སེམས་ཀྱི་བར་དུ་སྐྱེ་བའི་གཞིར་གྱུར་པ་སྟེ། ཟག་པ་མེད་པའི་ཆོས་རྣམས་ནི་དེ་ལྟ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་དེ་དག་ལས་ཁམས་བཞི་ནི་རེག་བྱའི་ཁམས་ཀྱི་ནང་དུ་འདུས་སོ། །ལྔ་པ་ནི་གཟུགས་ཀྱི་ཁམས་ཀྱི་ནང་དུ་འདུས་སོ། །དྲུག་པ་ནི་རྣམ་པར་ཤེས་པའི་ཁམས་བདུན་པོ་དག་
ཏུ་འདུས་སོ། །གང་དག་ཁམས་བཅོ་བརྒྱད་བསྟན་པ་དེ་དག་ལས་བསྟན་དུ་ཡོད་པ་རྣམས་ནི་དུ། བསྟན་དུ་མེད་པ་རྣམས་ནི་དུ་ཞེ་ན། བསྟན་ཡོད་འདིར་ནི་གཟུགས་གཅིག་ཏུ། །དེ་ནི་འདི་ནི་འདི་ནའོ། །ཆེ་གེ་མོ་ཞིག་ནའོ་ཞེས་བསྟན་པར་ནུས་སོ། །ལྷག་མ་རྣམས་ནི་བསྟན་དུ་མེད་
པའོ་ཞེས་བཤད་པར་འགྱུར་རོ། །ཐོགས་པ་དང་བཅས་པ་རྣམས་ནི་དུ། ཐོགས་པ་མེད་པ་རྣམས་ནི་དུ་ཞེ་ན། ཐོགས་དང་བཅས་པ་གཟུགས་ཅན་བཅུ། །གཟུགས་ཀྱི་ཕུང་པོས་བསྡུས་པའི་ཁམས་བཅུ་གང་དག་བཤད་པ་དེ་དག་ནི་ཐོགས་པ་དང་བཅས་པ་ཡིན་ཏེ། ཐོགས་པ་
Vol. 140 · folio 40a
ཞེས་བྱ་བ་ནི་རྡུགས་པའོ། །དེ་ཡང་རྣམ་པ་གསུམ་སྟེ། སྒྲིབ་པ་དང་ཡུལ་དང་དམིགས་པ་ལ་ཐོགས་པའོ། །དེ་ལ་སྒྲིབ་པ་ལ་ཐོགས་པ་ནི་རང་གི་ཡུལ་དུ་གཞན་སྐྱེ་བའི་གེགས་བྱེད་པ་སྟེ། དཔེར་ན་ལག་པ་འམ། རྡོ་བ་ལ་ལག་པ་རྡུགས་ཤིག་ཐོགས་པའམ།
རྡོ་བ་ཡང་དེ་གཉིས་ལ་ཐོགས་པ་ལྟ་བུའོ། །ཡུལ་ལ་ཐོགས་པ་ནི་མིག་ལ་སོགས་པ་ཡུལ་ཅན་རྣམས་གཟུགས་ལ་སོགས་པ་ཡུལ་རྣམས་ལ་ཐོགས་པ་སྟེ། བཏགས་པ་ལས་ཇི་སྐད་དུ། ཆུ་ལ་ཐོགས་པ་ལ་སྐམ་ལ་མ་ཡིན་པའི་མིག་ཀྱང་ཡོད་དེ། དཔེར་ན་ཉ་རྣམས་ཀྱི་ལྟ་བུའོ། །
སྐམ་ཐོགས་ལ་ཆུ་ལ་མ་ཡིན་པ་ཡང་ཡོད་དེ། མི་ཕལ་ཆེ་བའི་ལྟ་བུའོ། །གཉི་གར་ཐོགས་པ་ཡང་ཡོད་དེ། ཆུ་སྲིན་བྱིས་པ་གསོད་པ་དང་། སྦལ་བ་དང་། ཤ་ཟ་བ་དང་། ཉ་པ་ལ་སོགས་པ་རྣམས་ཀྱི་ལྟ་བུའོ། །གཉི་གར་མ་ཡིན་པ་ཡང་ཡོད་དེ། རྣམ་པ་དེ་དག་མ་
གཏོགས་པའོ། །མིག་གང་མཚན་མོ་ཐོགས་ལ་ཉིན་པར་མ་ཡིན་པ་ཡོད་དེ། ཕ་ཝང་དང་། འུག་པ་ལ་སོགས་པ་རྣམས་ཀྱི་ལྟ་བུའོ། །ཉིན་པར་ཐོགས་ལ་མཚན་མོ་མ་ཡིན་པ་ནི་མི་ཕལ་ཆེའི་ལྟ་བུའོ། །མཚན་མོ་དང་ཉིན་པར་ཐོགས་པ་ནི་ཁྱི་དང་། ཝ་དང་། རྟ་དང་། གུང་དང་། བྱི་ལ་
ལ་སོགས་པ་རྣམས་ཀྱི་ལྟ་བུའོ། །གཉི་གར་ཡང་མ་ཡིན་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་གསུངས་པ་ལྟ་བུ་སྟེ། འདི་ནི་ཡུལ་ལ་ཐོགས་པའོ། །དམིགས་པ་ལ་ཐོགས་པ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་རང་གི་དམིགས་པ་དག་ལ་ཐོགས་པའོ། །ཡུལ་དང་དམིགས་
པ་དག་ལ་བྱེ་བྲག་ཅི་ཡོད་ཅེ་ན། གང་ལ་གང་ཞིག་བྱེད་པ་དེ་ནི་ཡུལ་ཡིན་ལ། གང་ཞིག་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་འཛིན་པ་དེ་ནི་དམིགས་པ་ཡིན་ནོ། །ཡང་ཇི་ལྟར་ན་རང་གི་ཡུལ་ལ་དམིགས་པ་ལ་འཇུག་པ་ལ་ཐོགས་པ་ཞེས་བྱ་ཞེ་ན། དེ་ལས་གཞན་དུ་མི་འཇུག་པའི་ཕྱིར་རོ། །ཡང་ན་འདི་ལ་གཏོད་པ་
ནི་ཐོགས་པ་ཡིན་ཏེ། རང་གི་ཡུལ་ལ་འཇུག་པ་གང་ཡིན་པའོ། །དེ་ལྟ་བས་ན་འདིར་བཅུ་པོ་དག་ནི་སྒྲིབ་པ་ལ་ཐོགས་པས་ཐོགས་པ་དང་བཅས་པ་ཉིད་དུ་རིག་པར་བྱ་སྟེ། ཕན་ཚུན་སྒྲིབ་པའི་ཕྱིར་རོ། །ཆོས་གང་དག་ཡུལ་ལ་ཐོགས་པས་ཐོགས་པ་དང་བཅས་པ་དེ་དག་སྒྲིབ་པ་ལ་
Vol. 140 · folio 40b
ཐོགས་པས་ཀྱང་ཡིན་ནམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་སེམས་ཀྱི་ཁམས་བདུན་དག་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་མཚུངས་པར་ལྡན་པ་གང་ཡིན་པའོ། །གཉིས་པ་ནི་ཡུལ་ལྔ་པོ་དག་གོ། །གསུམ་པ་ནི་དབང་པོ་ལྔ་དག་གོ། །བཞི་པ་ནི་མཚུངས་པར་ལྡན་པ་མ་གཏོགས་པ་
ཆོས་ཀྱི་ཁམས་ཀྱི་ཕྱོགས་སོ། །གང་དག་ཡུལ་ལ་ཐོགས་པས་ཐོགས་པ་དང་བཅས་པ་དེ་དག་ཉིད་དམིགས་པ་ལ་ཐོགས་པས་ཀྱང་ཡིན་ནམ་ཞེ་ན། ཚིག་ཕྱི་མ་དང་སྦྱོར་བ་སྟེ། རེ་ཞིག་དམིགས་པ་ལ་ཐོགས་པ་གང་དག་ཡིན་པ་དེ་དག་ནི་ཡུལ་ལ་ཐོགས་པས་ཀྱང་ཡིན་ནོ། །ཡུལ་ལ་
ཐོགས་པས་ཡིན་ལ་དམིགས་པ་ལ་ཐོགས་པས་མ་ཡིན་པ་ཡང་ཡོད་དེ་དབང་པོ་ལྔ་རྣམས་སོ། །བཙུན་པ་གཞོན་ནུ་ལན་ན་རེ་ནི་གང་ལ་ཡིད་སྐྱེ་བར་འདོད་པ་ལ་གཞན་དག་གིས་ཐོགས་པར་བྱེད་ནུས་པ་དེ་ནི་ཐོགས་པ་དང་བཅས་པ་ཡིན་པར་ཤེས་པར་བྱ་ལ། བཟློག་པ་ནི་ཐོགས་པ་མེད་
པར་འདོད་དོ་ཞེས་ཟེར་རོ། །ཐོགས་པ་དང་བཅས་པ་དག་བཤད་ཟིན་ཏོ། །ཁམས་བཅོ་བརྒྱད་པོ་དེ་དག་ལས་དགེ་བ་རྣམས་ནི་དུ། མི་དགེ་བ་རྣམས་ནི་དུ། ལུང་དུ་མ་བསྟན་པ་རྣམས་ནི་དུ་ཞེ་ན། ལུང་མ་བསྟན་བརྒྱད། བརྒྱད་པོ་དག་གང་ཞེ་ན། ཐོགས་པ་དང་བཅས་པ་བཅུ་བཤད་
པ་གང་དག་ཡིན་པ། དེ་དག་ཉིད། གཟུགས་སྒྲ་མ་གཏོགས་དབང་པོ་ལྔ་རྣམས་དང་། དྲི་དང་རོ་དང་རེག་བྱའི་ཁམས་རྣམས་དང་བརྒྱད་པོ་དེ་དག་ནི་དགེ་བ་དང་མི་དགེ་བའི་ངོ་བོར་ལུང་བསྟན་དུ་མེད་པའི་ཕྱིར་ལུང་དུ་མ་བསྟན་པ་དག་གོ། །གཞན་དག་ན་རེ་ནི་རྣམ་པར་སྨིན་པའི་ཕྱིར་
ལུང་བསྟན་དུ་མེད་པའི་ཕྱིར་ཞེས་ཟེར་ཏེ། དེ་ལྟར་ན་ནི་ཟག་པ་མེད་པ་ལ་ཐལ་བར་འགྱུར་རོ། །གཞན་རྣམ་གསུམ། གཞན་ཁམས་བཅུ་པོ་དག་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡང་ཡིན་ཏེ། དེ་ལ་སེམས་ཀྱི་ཁམས་བདུན་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་
ལྡན་པ་དག་ནི་དགེ་བ་ཡིན་ནོ། །ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་དག་ནི་མི་དགེ་བ་ཡིན་ནོ། །གཞན་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །ཆོས་ཀྱི་ཁམས་ནི་མ་ཆགས་པ་ལ་སོགས་པའི་ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང་། ཀུན་ནས་བསླང་བ་དང་། སོ་སོར་
Vol. 140 · folio 41a
བརྟགས་པས་འགོག་པ་ནི་དགེ་བའོ། །ཆགས་པ་ལ་སོགས་པའི་ངོ་བོ་ཉིད་དང་མཚུངས་པར་ལྡན་པ་དང་། ཀུན་ནས་བསླང་བ་ནི་མི་དགེ་བའོ། །གཞན་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །གཟུགས་དང་སྒྲའི་ཁམས་ནི་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱིས་བསྡུས་
པ་དགེ་བ་དང་མི་དགེ་བའི་སེམས་ཀྱིས་ཀུན་ནས་བསླང་བ་དག་ནི་དགེ་བ་དང་མི་དགེ་བ་ཡིན་ནོ། །དེ་ལས་གཞན་པ་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །དགེ་བ་ལ་སོགས་པའི་དངོས་པོ་བཤད་ཟིན་ཏོ། །ཁམས་བཅོ་བརྒྱད་པོ་དེ་དག་ལས་འདོད་པར་གཏོགས་པ་རྣམས་ནི་དུ། གཟུགས་
དང་གཟུགས་མེད་པར་གཏོགས་པ་རྣམས་ནི་དུ་ཞེ་ན། འདོད་ཁམས་གཏོགས་པ་ཐམས་ཅད་དོ། །གཏོགས་པ་ནི་མ་བྲལ་བ་སྟེ། འདོད་པའི་ཁམས་དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ཀྱི་ཁམས་ནི་བཅུ་བཞིའོ། །གཟུགས་ཀྱི་ཁམས་ན་ནི་ཁམས་བཅུ་བཞི་སྟེ། དྲི་
དང་རོ་དང་སྣ་དང་ནི། །ལྕེའི་རྣམ་པར་ཤེས་ཁམས་མ་གཏོགས། །དེ་ན་དྲི་དང་རོ་དག་མེད། །དེ་གཉིས་ནི་ཁམས་ཀྱི་ཟས་ཡིན་པའི་ཕྱིར་ལ། དེ་དག་གི་འདོད་ཆགས་དང་བྲལ་བ་རྣམས་ཀྱང་དེར་སྐྱེ་བའི་ཕྱིར་རོ། །དེ་ལྟ་བས་ན་དམིགས་པ་མེད་པའི་ཕྱིར་སྣ་དང་ལྕེའི་རྣམ་པར་ཤེས་པ་
དག་ཀྱང་མེད་དོ། །དེ་ལྟ་ན་ནི་འོ་ན་དེ་ནི་རེག་བྱའི་ཁམས་ཀྱང་མེད་པར་ཐལ་བར་འགྱུར་ཏེ། ཁམས་ཀྱི་ཟས་ཡིན་པའི་ཕྱིར་རོ། །ཟས་ཀྱི་རང་བཞིན་མ་ཡིན་པ་གང་ཡིན་པ་དེ་དེ་ན་ཡོད་དོ། །དྲི་དང་རོ་དག་ཀྱང་དེ་ལྟར་ཐལ་བར་འགྱུར་རོ། །རེག་བྱ་དབང་པོའི་རྟེན་དང་གཞི་དང་བགོ་བ་
ལ་སོགས་པའི་དངོས་པོར་ཡོད་དུ་ཆུག་ཀྱང་ཟས་མིད་པ་མེད་པར་དྲི་དང་རོ་དག་ལ་ཡོངས་སུ་ལོངས་སྤྱོད་པ་མེད་དེ། དེ་ལྟ་བས་ན་དེ་ན་ཟས་མིད་པའི་འདོད་ཆགས་དང་བྲལ་བ་རྣམས་ལ་དྲི་དང་རོ་དག་དགོས་པ་མེད་ཀྱི་རེག་བྱ་ནི་མ་ཡིན་ནོ། །གཞན་དག་ན་རེ་ནི་སྙོམས་པར་འཇུག་པའི་བསམ་
གཏན་ལ་བརྟེན་ནས་འདིར་གཟུགས་རྣམས་ཀྱང་མཐོང་ཞིང་སྒྲ་རྣམས་ཀྱང་ཐོས་ལ་ཤིན་ཏུ་སྦྱངས་པ་དང་ལྷན་ཅིག་པར་གྱུར་པའི་རེག་བྱའི་ཁྱད་པར་གྱིས་ཀྱང་ལུས་ལ་ཕན་འདོགས་པས། དེའི་ཕྱིར་སྐྱེ་བའི་བསམ་གཏན་ན་གསུམ་པོ་དེ་དག་སྲིད་ཀྱི། དྲི་དང་རོ་དག་ནི་མ་ཡིན་ནོ་ཞེས་
Vol. 140 · folio 41b
ཟེར་རོ། །དེ་ལྟ་ན་ནི་འོ་ན་སྣ་དང་ལྕེའི་དབང་པོ་དག་ཀྱང་མེད་པར་ཐལ་བར་འགྱུར་ཏེ། དགོས་པ་མེད་པའི་ཕྱིར་རོ། །དགོས་པ་ཡོད་དེ། དེ་དག་མེད་པར་ནི་རྟེན་མཛེས་པ་ཉིད་དང་། མངོན་པར་བརྗོད་པར་ཡང་མི་འགྱུར་རོ། །གལ་ཏེ་དགོས་པ་དེར་ཟད་ན་མཛེས་པར་བྱ་བའི་དོན་དང་།
ཚིག་གི་དོན་དུ་རྟེན་ཁོ་ནས་ཆོག་གི་དབང་པོ་ནི་དགོས་པ་མེད་དོ། །དབང་པོ་མེད་པའི་རྟེན་ནི་མི་སྲིད་དེ། ཕོའི་དབང་པོའི་རྟེན་བཞིན་ནོ། །དེ་ནི་དགོས་པ་མེད་པའི་ཕྱིར་མི་སྲིད་པར་རིགས་ཀྱི་སྣ་དང་ལྕེའི་དབང་པོའི་རྟེན་ནི་དགོས་པ་དང་བཅས་པ་ཡིན་པས། དེའི་ཕྱིར་འདི་དག་ནི་
དབང་པོ་མེད་པར་ཡང་སྲིད་པར་རིགས་སོ། །དགོས་པ་མེད་པར་ཡང་དབང་པོ་མངོན་པར་འགྲུབ་པར་འགྱུར་ཏེ། དཔེར་ན་མངལ་དུ་ངེས་པར་འཆི་བ་རྣམས་ཀྱི་ལྟ་བུའོ། །དགོས་པ་མེད་པ་ཡིན་མོད་ཀྱི་རྒྱུ་མེད་པ་ཅན་ནི་མ་ཡིན་ནོ། །དབང་པོ་སྐྱེ་བའི་རྒྱུ་གང་ཞེ་ན། དབང་པོ་ལ་
སྲེད་པ་དང་བཅས་པའི་ལས་ཀྱི་ཁྱད་པར་རོ། །གང་ཡང་ཡུལ་ལ་སྲེད་པ་དང་བྲལ་བ་དེ་ནི་གདོན་མི་ཟ་བར་དབང་པོ་ལས་ཀྱང་སྲེད་པ་དང་བྲལ་བ་ཡིན་པས་དེ་དག་གི་ཡུལ་ལ་འདོད་ཆགས་དང་བྲལ་བ་རྣམས་ལ་སྣ་དང་ལྕེའི་དབང་པོ་དག་འབྱུང་བར་འོས་པ་མ་ཡིན་ནོ། །ཡང་ན་
ཕོའི་དབང་པོ་ཡང་ཅི་སྟེ་འགྲུབ་པར་མི་འགྱུར། མི་མཛེས་པར་བྱེད་པའི་ཕྱིར་རོ། །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་རྣམས་ཀྱི་ཅིའི་ཕྱིར་མི་མཛེས་པར་འགྱུར། དགོས་པའི་དབང་གིས་འབྱུང་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྒྱུའི་དབང་གིས་འབྱུང་བས་རྒྱུ་ཡོད་ན་མི་མཛེས་
པར་བྱེད་བཞིན་དུ་ཡང་འབྱུང་བར་འགྱུར་བ་ཉིད་དོ། །འོ་ན་ནི་མདོ་ལས་དབང་པོ་རྣམས་མ་ཚང་བ་མེད་ཅིང་མེད་པ་མ་ཡིན་ནོ་ཞེས་འབྱུང་བ་དང་འགལ་ལོ་ཞེ་ན། དེ་ན་དབང་པོ་གང་དག་སྲིད་པ་དེ་དག་གིས་དབང་པོ་མེད་པ་མ་ཡིན་པས་འདི་ལ་འགལ་བ་ཅི་ཞིག་ཡོད།
དེ་ལྟ་མ་ཡིན་ན་ཕོའི་དབང་པོ་ཡང་ཡོད་པར་ཐལ་བར་འགྱུར་རོ། །འདི་སྐད་དུ་ལུས་ཀྱི་སྒོ་ནས་སྐྱེ་མཆེད་དྲུག་ལ་སྲེད་པ་ཀུན་དུ་སྤྱོད་ཀྱི་ཡུལ་གྱི་སྒོ་ནས་ནི་མ་ཡིན་པས་དེ་ན་སྣ་དང་ལྕེའི་དབང་པོ་དག་ནི་ཡོད་པ་ཉིད་ཀྱི་དྲི་དང་རོ་དག་ནི་མ་ཡིན་ནོ། །ཕོའི་དབང་པོ་ནི་འཁྲིག་
Vol. 140 · folio 42a
པ་རེག་པའི་སྒོ་ནས་སྲེད་པ་ཀུན་ཏུ་སྤྱོད་པས་དེ་ལྟ་བས་ན་གཟུགས་ཀྱི་ཁམས་སུ་གཏོགས་པའི་ཁམས་བཅུ་བཞིའོ་ཞེས་བྱ་བ་དེ་གྲུབ་བོ་ཞེས་བརྗོད་དོ། །གཟུགས་མེད་གཏོགས་པ་ཡིད་དང་ནི། །ཆོས་དང་ཡིད་ཀྱི་རྣམ་པར་ཤེས། །ཁམས་གཟུགས་ཀྱི་འདོད་
ཆགས་དང་བྲལ་བ་རྣམས་དེར་སྐྱེ་སྟེ། དེའི་ཕྱིར་དེ་ནི་གཟུགས་ཀྱི་རང་བཞིན་གྱི་ཁམས་བཅུ་དང་དེ་དག་ལ་རྟེན་པ་དང་དམིགས་པ་རྣམ་པར་ཤེས་པའི་ཁམས་ལྔ་ཡང་མེད་དོ། །ཟག་པ་དང་བཅས་པ་རྣམས་ནི་དུ། ཟག་པ་མེད་པ་རྣམས་ནི་དུ་ཞེ་ན། ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་
ཤེས་པའི་ཁམས་གང་དག་བཤད་པ། དེ་གསུམ་ཟག་བཅས་ཟག་པ་མེད། །གང་དག་ལམ་གྱི་བདེན་པ་དང་འདུས་མ་བྱས་ཀྱིས་བསྡུས་པ་དེ་དག་ནི་ཟག་པ་མེད་པ་ཡིན་ནོ། །གཞན་དག་ནི་ཟག་པ་དང་བཅས་པ་ཡིན་ནོ། །ལྷག་མ་རྣམས་ནི་ཟག་བཅས་སོ། །ལྷག་མ་ཁམས་བཅོ་ལྔ་
པོ་དེ་དག་ནི་གཅིག་ཏུ་ཟག་པ་དང་བཅས་པ་ཡིན་ནོ། །རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་རྣམས་ནི་དུ། རྟོག་པ་མེད་ལ་དཔྱོད་པ་ཙམ་དག་ནི་དུ། རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པ་རྣམས་ནི་དུ་ཞེ་ན། རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་
ཡིན། །འདི་དག་ནི་རྟག་ཏུ་རྟོག་པ་དང་དཔྱོད་པ་དག་དང་མཚུངས་པར་ལྡན་པ་ཡིན་ཏེ། འདི་ལྟར་ཁ་ཕྱི་རོལ་དུ་བལྟས་པའི་ཕྱིར་རྩིང་བ་ཡིན་ནོ། །ནི་ཞེས་བྱ་བ་ནི་ངེས་པར་བཟུང་བའི་དོན་ཏོ། །ཐ་མ་གསུམ་ནི་རྣམ་གསུམ་མོ། །ཐ་མ་དག་ནི་ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་
ཀྱི་རྣམ་པར་ཤེས་པའི་ཁམས་ཏེ། གསུམ་པོ་དེ་དག་ནི་རྣམ་པ་གསུམ་སྟེ། དེ་ལ་ཡིད་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། རྟོག་པ་དང་དཔྱོད་པ་དག་ལས་གཞན་པ་ཆོས་ཀྱི་ཁམས་མཚུངས་པར་ལྡན་པ་དག་དང་འདོད་པའི་ཁམས་དང་བསམ་གཏན་དང་པོ་ན་ནི་རྟོག་པ་
དང་བཅས་དཔྱོད་པ་དང་བཅས་པ་དག་ཡིན་ནོ། །བསམ་གཏན་ཁྱད་པར་ཅན་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་དག་ཡིན་ནོ། །བསམ་གཏན་གཉིས་པ་ནས་བཟུང་སྟེ། སྲིད་པའི་རྩེ་མོའི་བར་གྱི་དང་། ཆོས་ཀྱི་ཁམས་མཚུངས་པར་ལྡན་པ་མ་ཡིན་པ་ཐམས་ཅད་དང་། བསམ་གཏན་ཁྱད་པར་ཅན་
Vol. 140 · folio 42b
གྱི་དཔྱོད་པ་ནི་རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པ་དག་ཡིན་ནོ། །རྟོག་པ་ནི་རྟོག་པ་གཉིས་པ་མེད་པའི་ཕྱིར་དང་། དཔྱོད་པ་དང་མཚུངས་པར་ལྡན་པའི་ཕྱིར་རྟག་ཏུ་རྟོག་པ་མེད་ཅིང་དཔྱོད་པ་ཙམ་ཡིན་ནོ། །འདོད་པའི་ཁམས་དང་བསམ་གཏན་དང་པོའི་དཔྱོད་པ་རྣམ་པ་གསུམ་པོ་འདི་དག་གི་ནང་དུ་མི་འདུ་ན་དེ་ཇི་
སྐད་དུ་བརྗོད་པར་བྱ་ཞེ་ན། དཔྱོད་པ་གཉིས་པ་མེད་པའི་ཕྱིར་དང་། རྟོག་པ་དང་མཚུངས་པར་ལྡན་པའི་ཕྱིར་དཔྱོད་པ་མེད་ཅིང་རྟོག་པ་ཙམ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ས་ན་ཆོས་རྣམ་པ་བཞི་ཡོད་དེ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དག་ནི་རྟོག་པ་དང་དཔྱོད་
པ་མ་རྟོགས་པ་མཚུངས་པར་ལྡན་པ་རྣམས་སོ། །རྟོག་པ་མེད་ཅིང་དཔྱོད་པ་ཙམ་དག་ནི་རྟོག་པའོ། །རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་དག་ནི་མཚུངས་པར་ལྡན་པ་མ་ཡིན་པ་རྣམས་སོ། །དཔྱོད་པ་མེད་ཅིང་རྟོག་པ་ཙམ་ནི་དཔྱོད་པའོ་ཞེས་བྱའོ། །ལྷག་མ་རྣམས་ནི་གཉི་ག་སྤངས། །ལྷག་མ་
རྣམས་ནི་གཟུགས་ཅན་གྱི་ཁམས་བཅུ་པོ་དག་སྟེ། དེ་དག་ནི་མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་རྟག་ཏུ་རྟོག་པ་ཡང་མེད་དཔྱོད་པ་ཡང་མེད་པ་དག་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པའི་ཚོགས་པ་ལྔ་པོ་རྣམས་རྟོག་པ་དང་དཔྱོད་པ་དང་བཅས་པ་དག་ཡིན་ན། ཇི་ལྟར་ན་རྣམ་པར་རྟོག་པ་མེད་པ་
དག་ཅེས་བྱ་ཞེ་ན། ངེས་པར་རྟོག་དང་རྗེས་དྲན་པའི། །རྣམ་པར་རྟོག་པ་རྣམས་མི་རྟོག །རྣམ་པར་རྟོག་པ་ནི་རྣམ་པ་གསུམ་མོ་ཞེས་གྲག་སྟེ། ངོ་བོ་ཉིད་དང་། ངེས་པར་རྟོག་པ་དང་། རྗེས་སུ་དྲན་པའི་རྣམ་པར་རྟོག་པའོ། །དེ་བས་ན་དེ་དག་ལ་ངོ་བོ་ཉིད་ཀྱི་རྟོག་པ་ཡོད་ཀྱི་གཞན་དག་ཡིན་ཏེ། དེ་ལྟ་
བས་ན་རྣམ་པར་རྟོག་པ་མེད་པ་དག་ཅེས་བྱ་སྟེ། དཔེར་ན་རྟ་རྐང་གཅིག་པ་ལ་རྐང་མེད་ཅེས་བྱ་བ་བཞིན་ནོ། །དེ་ལ་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་ནི་རྟོག་པ་ཡིན་ཏེ། དེ་ནི་འོག་ནས་སེམས་ལས་བྱུང་བ་དག་གི་ནང་ནས་སྟོན་ཏོ། །གཞན་དག་གི་རང་བཞིན་ཅི་ཞེ་ན། རིམ་བཞིན་དུ། དེ་དག་ཡིད་ཀྱི་ཤེས་རབ་
གཡེང་། །ཡིད་ཀྱི་དྲན་པ་ཐམས་ཅད་ཉིད། །ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་ནི་ཡིད་ཀྱི་ཞེས་བྱའོ། །མཉམ་པར་གཞག་པ་མ་ཡིན་པ་ནི་གཡེང་བ་ཞེས་བྱ་སྟེ། དེ་ནི་ངེས་པར་རྟོག་པའི་རྣམ་པར་རྟོག་པའོ། །ཡིད་ཀྱི་དྲན་པ་ཉིད་མཉམ་པར་གཞག་པ་དང་མཉམ་པར་གཞག་པ་
Vol. 140 · folio 43a
མ་ཡིན་པ་ཐམས་ཅད་ནི་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ཡིན་ནོ། །དམིགས་པ་དང་བཅས་པ་རྣམས་ནི་དུ། དམིགས་པ་མེད་པ་རྣམས་ནི་དུ་ཞེ་ན། དམིགས་བཅས་སེམས་ཀྱི་ཁམས་བདུན་ནོ། །མིག་དང་། རྣ་བ་དང་། སྣ་དང་ལྕེ་དང་། ལུས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམས་དང་།
ཡིད་ཀྱི་ཁམས་ཏེ། སེམས་ཀྱི་ཁམས་བདུན་པོ་དེ་དག་ནི་ཡུལ་འཛིན་པའི་ཕྱིར་དམིགས་པ་དང་བཅས་པ་དག་གོ། །ཆོས་ཀྱི་སྐྱེ་མཆེད་ཀྱང་། དམིགས་པ་དང་བཅས་པ་ཡིན་ཏེ། སེམས་ལས་བྱུང་བའི་རང་བཞིན་གང་ཡིན་པའོ། །ལྷག་མ་གཟུགས་ཅན་གྱི་ཁམས་བཅུ་པོ་དག་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་
ལྡན་པ་མ་ཡིན་པ་ནི་དམིགས་པ་མེད་པ་ཞེས་བྱ་བར་གྲུབ་བོ། །ཟིན་པ་རྣམས་ནི་དུ། མ་ཟིན་པ་རྣམས་ནི་དུ་ཞེ་ན། མ་ཟིན་དགུ། དགུ་གང་ཞེ་ན། དམིགས་པ་དང་བཅས་པ་བདུན་བརྒྱད་པའི་ཕྱེད་དང་བཅས་ཏེ་བཤད་པ་གང་དག་ཡིན་པ། བརྒྱད་པོ་དེ་དག་རྣམས་དང་སྒྲ། །དེ་ལྟར་ན་སེམས་ཀྱི་ཁམས་བདུན་དང་།
ཆོས་ཀྱི་ཁམས་དང་། སྒྲའི་ཁམས་དང་། ཁམས་དགུ་པོ་དེ་དག་ནི་མ་ཟིན་པ་ཡིན་ནོ། །དགུ་པོ་གཞན་ནི་རྣམ་པ་གཉིས། །ཟིན་པ་དག་ཀྱང་ཡིན། མ་ཟིན་པ་དག་ཀྱང་ཡིན་ཏེ། དེ་ལ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ད་ལྟར་བྱུང་བ་རྣམས་ནི་ཟིན་པ་ཡིན་ནོ། །འདས་པ་དང་མ་འོངས་པ་རྣམས་ནི་མ་
ཟིན་པ་ཡིན་ནོ། །གཟུགས་དང་། དྲི་དང་། རོ་དང་། རེག་བྱའི་ཁམས་ད་ལྟར་བྱུང་བ་དབང་པོ་དང་ཐ་མི་དད་པ་རྣམས་ནི་ཟིན་པ་ཡིན་ནོ། །གཞན་དག་ནི་མ་ཟིན་པ་རྣམས་ཏེ། འདི་ལྟ་སྟེ་རྩ་བ་མ་གཏོགས་པའི་སྐྲ་དང་། བ་སྤུ་དང་། སེན་མོ་དང་། སོ་དག་ལ་ཡོད་པ་དང་། ཕྱི་ས་དང་། གཅིན་དང་། མཆིལ་མ་
དང་། སྣབས་དང་། ཁྲག་ལ་སོགས་པ་དག་ལ་ཡོད་པ་དང་། ས་དང་ཆུ་ལ་སོགས་པ་དག་ལ་ཡོད་པ་ལྟ་བུའོ། །ཟིན་པ་ཞེས་བྱ་བའི་དོན་ཅི་ཞེ་ན། ཕན་པ་དང་གནོད་པ་དག་གིས་ཕན་ཚུན་མཐུན་པར་བྱེད་པའི་ཕྱིར་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་རྟེན་གྱི་དངོས་པོར་ཉེ་བར་གཟུང་བ་སྟེ།
འཇིག་རྟེན་གྱི་ན་སེམས་པ་དང་བཅས་པ་ཞེས་བརྗོད་པ་གང་ཡིན་པའོ། །ཁམས་དུ་དག་གཅིག་ནི་འབྱུང་བའི་ངོ་བོ་ཉིད་ཡིན། དུ་དག་གཅིག་ནི་འབྱུང་བ་ལས་གྱུར་པ་ཡིན་ཞེ་ན། རེག་བྱ་རྣམ་པ་གཉིས་ཡིན་ཏེ། འབྱུང་བ་དག་དང་། འབྱུང་བ་ལས་གྱུར་པའོ། །དེ་ལ་འབྱུང་བ་དག་ནི་བཞིའོ། །འབྱུང་བ་
Vol. 140 · folio 43b
ལས་གྱུར་པ་ནི་འཇམ་པ་ཉིད་ལ་སོགས་པ་རྣམ་པ་བདུན་ཏེ། འབྱུང་བ་དག་ལ་ཡོད་པའི་ཕྱིར་རོ། །ལྷག་མ་གཟུགས་ཅན་དགུ་པོ་ནི། །འབྱུང་གྱུར། དབང་པོ་ལྔའི་ཁམས་དག་དང་ཡུལ་བཞི་སྟེ། ཁམས་དགུ་པོ་དེ་རྣམས་ནི་འབྱུང་བ་ལས་གྱུར་པ་དག་ཁོ་ནའོ། །ཆོས་ཁམས་ཕྱོགས་གཅིག་ཀྱང་། འབྱུང་
བ་ལས་གྱུར་པ་སྟེ། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱའོ། །ལྷག་མ་སེམས་ཀྱི་ཁམས་བདུན་དང་། རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་པ་ཆོས་ཀྱི་ཁམས་ནི་གཉིས་ག་མ་ཡིན་པའོ། །བཙུན་པ་སངས་རྒྱས་ལྷ་ན་རེ་ནི་སྐྱེ་མཆེད་བཅུ་པོ་དག་ནི་འབྱུང་བ་ཙམ་མོ་ཞེས་ཟེར་རོ། །དེ་ནི་དེ་ལྟ་མ་ཡིན་ཏེ།
མདོ་ལས་འབྱུང་བ་རྣམས་ནི་བཞི་ཉིད་དང་། སྲ་བ་ལ་སོགས་པའི་མཚན་ཉིད་དུ་ངེས་པར་གཟུང་བའི་ཕྱིར་ལ། དེ་དག་ཀྱང་རེག་བྱ་ཡིན་པའི་ཕྱིར་རོ། །མིག་ལ་སོགས་པས་ཀྱང་སྲ་བ་ལ་སོགས་པ་མི་འཛིན་ལ། ལུས་ཀྱི་དབང་པོས་ཀྱང་ཁ་དོག་ལ་སོགས་པ་མ་ཡིན་ནོ། །མདོ་ལས་ཀྱང་དགེ་སློང་མིག་ནི་ནང་
གི་སྐྱེ་མཆེད་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་དང་བ་གཟུགས་ཅན་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་སྟེ་ལུས་ཀྱི་བར་དུ་ཡང་དེ་བཞིན་ནོ། །དགེ་སློང་གཟུགས་རྣམས་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་ཅན་བསྟན་དུ་ཡོད་ལ་ཐོགས་པ་
དང་བཅས་པ་ཡིན་ནོ། །དགེ་སློང་སྒྲ་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་གཟུགས་ཅན་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པ་སྟེ། དྲི་དང་རོ་ཡང་དེ་བཞིན་ནོ། །དགེ་སློང་རེག་བྱ་རྣམས་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་དག་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་
པ་གཟུགས་ཅན་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའོ་ཞེས་གསུངས་ཏེ། རེག་བྱའི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་ཁོ་ནས་འབྱུང་བ་རྣམས་བསྡུས་པའི་ཕྱིར་ལྷག་མ་རྣམས་ནི་འབྱུང་བ་དག་མ་ཡིན་ནོ་ཞེས་བྱ་བར་གསལ་བར་ཀུན་དུ་བསྟན་པ་ཡིན་ནོ། །འོ་ན་མདོ་ལས། གང་མིག་གི་ཤའི་གོང་བུ་ལ་སྲ་བ་མཁྲང་
བར་གྱུར་པ་གང་ཡིན་པ་ཞེས་གསུངས་སོ། །དེ་དང་ཐ་མི་དད་པར་འཇུག་པའི་ཤའི་གོང་བུ་ལ་དེ་སྐད་དུ་བསྟན་པར་ཟད་དོ། །མངལ་དུ་འཇུག་པ་ལས། དགེ་སློང་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་གསུངས་སོ། །སེམས་ཅན་གྱི་རྫས་ཀྱི་གཞི་བསྟན་པའི་ཕྱིར་ཏེ། ཡང་རེག་པའི་སྐྱེ་མཆེད་དྲུག་ཅེས་གསུངས་པའི་
Vol. 140 · folio 44a
ཕྱིར་དང་། སེམས་ལས་བྱུང་བ་རྣམས་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སེམས་ཉིད་སེམས་ལས་བྱུང་བ་རྣམས་ཡིན་ནོ་ཞེས་བྱ་བར་ཁས་བླངས་པར་རིགས་པ་ཡང་མ་ཡིན་ཏེ། མདོ་ལས། འདུ་ཤེས་དང་སེམས་པའི་ཆོས་འདི་ནི་སེམས་ལས་བྱུང་བ་སེམས་ལ་བརྟེན་པའོ་ཞེས་འབྱུང་
བའི་ཕྱིར་དང་། སེམས་འདོད་ཆགས་དང་བཅས་པ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །དེ་ལྟ་བས་ན་ཁམས་རྣམས་ཀྱི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཉིད་ནི་ཇི་སྐད་བཤད་པ་བཞིན་ཡིན་ནོ། །བསགས་པ་རྣམས་ནི་དུ། བསགས་པ་མ་ཡིན་པ་རྣམས་ནི་དུ་ཞེ་ན། གཟུགས་ཅན་བཅུ་ནི་བསགས་པའོ། །དབང་
པོའི་ཁམས་ལྔ་དང་ཡུལ་ལྔ་དག་ནི་རྡུལ་ཕྲ་རབ་འདུས་པ་ཡིན་པའི་ཕྱིར་བསགས་པ་དག་གོ། །ཁམས་བཅོ་བརྒྱད་པོ་དག་ལས་གཅོད་པར་བྱེད་པ་ནི་གང་གཅད་པར་བྱ་བ་ནི་གང་། སྲེག་པར་བྱེད་པ་ནི་གང་། བསྲེག་པར་བྱ་བ་ནི་གང་། འཇལ་བར་བྱེད་པ་ནི་གང་། གཞལ་བར་བྱ་བ་ནི་གང་ཞེ་ན། གཅོད་བྱེད་
གཅད་པར་བྱ་བ་ཉིད། །ཕྱི་རོལ་གྱི་ནི་ཁམས་བཞི་ཡིན། །གཟུགས་དང་དྲི་དང་རོ་དང་རེག་བྱ་ཞེས་བྱ་བ་སྟེ། དགྲ་སྟ་དང་ཤིང་ཞེས་བྱ་བ་ལ་སོགས་པའོ། །གཅོད་པ་ཞེས་བྱ་བའི་ཆོས་འདི་ཅི་ཞེ་ན། འདུས་པའི་རྒྱུན་འབྲེལ་བར་འབྱུང་བ་ཅན་རྣམ་པར་འབྱེད་པ་སྐྱེད་པའོ། །ལུས་ཀྱི་དབང་པོ་ལ་སོགས་པ་ནི་
གཅད་པར་བྱ་བ་མ་ཡིན་ཏེ། ཡན་ལག་མ་ལུས་པར་བཅད་ན་དེ་དག་ལ་གཉིས་སུ་བྱར་མེད་པའི་ཕྱིར་རོ། །དབང་པོ་རྣམས་ལ་ནི་གཉིས་སུ་འགྱུར་བ་མེད་དེ། གཅད་པའི་ཡན་ལག་ལ་དབང་པོ་མེད་པའི་ཕྱིར་རོ། །གཅོད་པར་བྱེད་པ་ཡང་མ་ཡིན་ཏེ། ནོར་བུའི་འོད་བཞིན་དུ་དང་བའི་ཕྱིར་རོ། །ཇི་ལྟར་གཅོད་བྱེད་
གཅད་པར་བྱ་བ་ཉིད་ཕྱི་རོལ་གྱི་ཁམས་བཞི་ཡིན་པ་ལྟར་དེ་བཞིན་བསྲེག་བྱ་འཇལ་བར་བྱེད་པའོ། །དེ་དག་ཉིད་བསྲེག་པར་བྱ་བ་ཡིན་ལ། དེ་དག་ཉིད་འཇལ་བར་བྱེད་པ་ཡིན་ནོ། །དབང་པོ་རྣམས་ནི་མ་ཡིན་ཏེ། དང་བའི་ཕྱིར་འོད་བཞིན་ནོ། །སྒྲ་ཡང་མ་ཡིན་ཏེ། ཆད་པ་ཡིན་པའི་ཕྱིར་རོ། །སྲེག་དང་གཞལ་ལ་
མི་མཐུན་སྨྲ། །ཁ་ཅིག་ན་རེ་ནི་ཁམས་བཞི་པོ་དེ་དག་ཉིད་སྲེག་པར་བྱེད་པ་ཡང་ཡིན་ལ། གཞལ་བར་བྱ་བའང་ཡིན་ནོ་ཞེས་བརྗོད་དོ། །ཁ་ཅིག་ན་རེ་ནི་མེའི་ཁམས་ཁོ་ན་སྲེག་པར་བྱེད་པ་ཡིན་ལ། ལྕི་བ་ཉིད་ཁོ་ན་གཞལ་བར་བྱ་བ་ཡིན་ནོ་ཞེས་བརྗོད་དོ། །རྣམ་པར་སྨིན་པ་ལས་སྐྱེས་པའི་ཁམས་རྣམས་ནི་
Vol. 140 · folio 44b
དུ། རྒྱས་པ་ལས་བྱུང་བ་རྣམས་ནི་དུ། རྒྱུ་མཐུན་པ་ལས་བྱུང་བ་རྣམས་ནི་དུ། རྫས་དང་ལྡན་པ་རྣམས་ནི་དུ། སྐད་ཅིག་པ་རྣམས་ནི་དུ་ཞེ་ན། སྨྲས་པ། རྣམ་པར་སྨིན་ལས་སྐྱེས་པ་དང་། །རྒྱས་ལས་བྱུང་བ་ནང་གི་ལྔ། །རེ་ཞིག་མིག་ལ་སོགས་པ་ནང་གི་ཁམས་ལྔ་པོ་དག་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་
ཡིན་ལ། རྒྱས་པ་ལས་བྱུང་བ་ཡང་ཡིན་ནོ། །རྒྱུ་མཐུན་པ་ལས་བྱུང་བ་ནི་མེད་དེ། དེ་དག་ལས་མ་གཏོགས་པ་རྒྱུ་མཐུན་པ་མེད་པའི་ཕྱིར་རོ། །དེ་ལ་རྣམ་པར་སྨིན་པའི་རྒྱུ་ལས་སྐྱེས་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་བ་ལང་གི་ཤིང་རྟ་ཞེས་བྱ་བ་ལྟ་བུའོ། །ཡང་ན་
འབྲས་བུའི་དུས་སུ་ཕྱིན་པའི་ལས་ནི་རྣམ་པར་སྨིན་པ་ཞེས་བྱ་སྟེ། རྣམ་པར་སྨིན་པར་འགྱུར་བའི་ཕྱིར་རོ། །དེ་ལས་སྐྱེས་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་སོ། །འབྲས་བུ་ནི་རྣམ་པར་སྨིན་པ་ཁོ་ན་ཡིན་པས་རྣམ་པར་སྨིན་པའོ། །ཡང་ན་རྒྱུ་ལ་འབྲས་བུ་བཏགས་པ་ཡིན་ཏེ། དཔེར་ན་འབྲས་བུ་ལ་རྒྱུ་བཏགས་
པ་རེག་པའི་སྐྱེ་མཆེད་དྲུག་པོ་འདི་དག་ནི་སྔོན་གྱི་ལས་ཡིན་པར་རིག་པར་བྱའོ་ཞེས་གསུངས་པ་ལྟ་བུའོ། །ཟས་དང་། ལེགས་པར་བྱ་བ་དང་། གཉིད་ལོག་པ་དང་། ཏིང་ངེ་འཛིན་གྱི་ཁྱད་པར་དག་གིས་རྒྱས་པར་བྱས་པ་རྣམས་ནི་རྒྱས་པ་ལས་བྱུང་བ་དག་གོ། །གཞན་དག་ན་རེ་ནི་ཚངས་པར་སྤྱོད་པས་ཀྱང་རྒྱས་
པར་བྱེད་དོ་ཞེས་ཟེར་ཏེ། དེས་ནི་མི་གནོད་པ་ཙམ་དུ་ཟད་ཀྱི་རྒྱས་པ་ནི་མ་ཡིན་ནོ། །རྒྱས་པའི་རྒྱུད་ནི་རྣམ་པར་སྨིན་པའི་རྒྱུད་ལ་ཕྱིར་བཞིན་དུ་ཀུན་ཏུ་བསྲུང་ངོ་། །སྒྲ་ནི་རྒྱས་པ་ལས་བྱུང་བ་དང་། རྒྱུ་མཐུན་པ་ལས་བྱུང་བ་ཡོད་ཀྱི། སྒྲ་ནི་རྣམ་སྨིན་ལས་སྐྱེས་མིན། །ཅིའི་ཕྱིར་ཞེ་ན། འདོད་དགུར་འབྱུང་བའི་ཕྱིར་རོ། །འོ་
ན་གང་བསྟན་བཅོས་བཏགས་པ་ལས། ཚིག་རྩུབ་པོ་སྤོང་བ་ཤིན་ཏུ་བསྒོམ་པའི་ཕྱིར་སྐྱེས་བུ་ཆེན་པོའི་མཚན་ཚངས་པའི་དབྱངས་ཉིད་འགྲུབ་བོ་ཞེས་གསུངས་སོ། །ཁ་ཅིག་ན་རེ་ནི་བརྒྱུད་པ་འདི་ནི་གསུམ་པ་ཡིན་ཏེ། ལས་དག་ལས་ནི་འབྱུང་བ་རྣམས་འགྲུབ། འབྱུང་བ་རྣམས་ལས་ནི་སྒྲ་འགྲུབ་བོ་ཞེས་ཟེར་
རོ། །ཁ་ཅིག་ན་རེ་བརྒྱུད་པ་འདི་ནི་ལྔ་པ་ཡིན་ཏེ། ལས་དག་ལས་ནི་རྣམ་པར་སྨིན་པ་ལས་སྐྱེས་པའི་འབྱུང་བ་རྣམས་འགྲུབ། དེ་དག་ལས་ནི་རྒྱས་པ་ལས་བྱུང་བ་རྣམས་འགྲུབ། དེ་དག་ལས་ནི་རྒྱུ་མཐུན་པ་ལས་བྱུང་བ་རྣམས་འགྲུབ་བོ། །དེ་དག་ལས་ནི་སྒྲ་འགྲུབ་བོ་ཞེས་ཟེར་རོ། །དེ་ལྟ་ན་འོ་ན་ནི་ལུས་ཀྱི་
Vol. 140 · folio 45a
ཚོར་བ་ཡང་ལས་ལས་སྐྱེས་པའི་འབྱུང་བ་ལས་བྱུང་བའི་ཕྱིར་རྣམ་པར་སྨིན་པ་མ་ཡིན་པར་འགྱུར་རོ། །གལ་ཏེ་སྒྲ་བཞིན་དུ་རིགས་པ་དང་འགལ་བར་གྱུར་ན་རྣམ་པར་སྨིན་པ་མ་ཡིན་པར་འགྱུར་རོ། །རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས། །ཐོགས་པ་མེད་པ་བརྒྱད། བརྒྱད་གང་ཞེ་ན། སེམས་
ཀྱི་ཁམས་བདུན་དག་དང་། ཆོས་ཀྱི་ཁམས་ཏེ་སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་བའི་རྒྱུས་བསྐྱེད་པ་རྣམས་ནི་རྒྱུ་མཐུན་པ་ལས་བྱུང་བ་དག་གོ། །རྣམ་པར་སྨིན་པའི་རྒྱུས་བསྐྱེད་པ་རྣམས་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དག་གོ། །རྒྱས་པ་ལས་བྱུང་བ་ནི་མེད་དེ། ཐོགས་པ་མེད་པ་རྣམས་ལ་རྒྱས་པ་མེད་པའི་
ཕྱིར་རོ། །གཞན་རྣམ་གསུམ། གཞན་ནི་ལྷག་མ་བཞི་པོ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་ཁམས་དག་སྟེ། དེ་དག་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དག་ཀྱང་ཡིན། རྒྱས་པ་ལས་བྱུང་བ་དག་ཀྱང་ཡིན། རྒྱུ་མཐུན་པ་ལས་བྱུང་བ་དག་ཀྱང་ཡིན་ནོ། །རྫས་དང་ལྷན་ཅིག །འདུས་མ་བྱས་
ནི་བརྟན་པའི་ཕྱིར་རྫས་སོ། །དེ་ཡང་ཆོས་ཀྱི་ཁམས་ལ་ཡོད་པས་དེའི་ཕྱིར་ཆོས་ཀྱི་ཁམས་གཅིག་པུ་རྫས་དང་ལྡན་པ་ཡིན་ནོ། །ཐ་མ་གསུམ་སྐད་ཅིག་མ་སྟེ། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནི་འདོན་པའི་རིམ་པས་ཐ་མ་དག་ཡིན་ཏེ། དེ་
དག་ནི་ཟག་པ་མེད་པའི་བཟོད་པའི་དང་པོ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཚོགས་ལ་སྐད་ཅིག་མ་གཅིག་རྒྱུ་མཐུན་པ་ལས་བྱུང་བ་མ་ཡིན་པར་འགྱུར་ཏེ། དེའི་ཕྱིར་སྐད་ཅིག་མ་རྣམས་ཞེས་བྱའོ། །འདུས་བྱས་གཞན་ནི་རྒྱུ་མཐུན་པ་ལས་མ་བྱུང་བ་འགའ་ཡང་མེད་དོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་
པའི་བཟོད་པ་དང་མཚུངས་པར་ལྡན་པའི་སེམས་ནི་ཡིད་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཡིན་ནོ། །ལྷག་མ་དེ་དང་ལྷན་ཅིག་འབྱུང་བ་རྣམས་ནི་ཆོས་ཀྱི་ཁམས་སོ། །འདི་དཔྱད་པར་བྱ་སྟེ། གང་གིས་མིག་གི་ཁམས་དང་མི་ལྡན་པ་ལས་ལྡན་པ་འཐོབ་པ་དེ་མིག་གི་རྣམ་པར་ཤེས་པ་དང་ལྡན་པ་ཡང་
ཡིན་ནམ། གང་མིག་གི་རྣམ་པར་ཤེས་པ་དང་ཡིན་པ་དེ་མིག་གི་ཁམས་དང་ཡང་ཡིན་ནམ་ཞེ་ན། སྨྲས་པ། མིག་དང་ནི། རྣམ་ཤེས་ཁམས་དག་སོ་སོ་དང་། །ལྷན་ཅིག་ཏུ་ཡང་འཐོབ་པ་ཡོད། །རེ་ཞིག་སོ་སོ་ནི་མིག་གི་ཁམས་དང་ཡིན་ལ། མིག་གི་རྣམ་པར་ཤེས་པའི་ཁམས་དང་མ་ཡིན་པ་ཡང་ཡོད་དེ། འདོད་
Vol. 140 · folio 45b
པའི་ཁམས་ན་རིམ་གྱིས་མིག་གི་དབང་པོ་འཐོབ་པ་དང་། གཟུགས་མེད་པ་ནས་ཤི་འཕོས་ནས་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེ་བ་ནའོ། །མིག་གི་རྣམ་པར་ཤེས་པའི་ཁམས་དང་ཡིན་ལ་མིག་གི་ཁམས་དང་མ་ཡིན་པ་ཡང་ཡོད་དེ། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པའི་མིག་གི་རྣམ་
པར་ཤེས་པ་མངོན་དུ་བྱེད་པ་དང་། དེ་དག་ནས་ཤི་འཕོས་ནས་འོག་མར་སྐྱེ་བ་ནའོ། །ལྷན་ཅིག་ཏུ་ཡང་ནི་གཉི་ག་དང་ལྡན་པ་ཡང་ཡོད་དེ། གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་འདོད་པའི་ཁམས་དང་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ནའོ། །གཉི་ག་དང་མ་ཡིན་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །
གང་མིག་གི་ཁམས་དང་ལྡན་པ་དེ་མིག་གི་རྣམ་པར་ཤེས་པའི་ཁམས་དང་ཡང་ཡིན་ནམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་མིག་གི་རྣམ་པར་ཤེས་པ་མངོན་དུ་མི་བྱེད་པ་ནའོ། །གཉིས་པ་ནི་འདོད་པའི་ཁམས་ན་མིག་མ་ཐོབ་པ་དང་ཉམས་པའོ། །གསུམ་པ་ནི་འདོད་པའི་
ཁམས་ན་མིག་གི་ཐོབ་པ་དང་མ་ཉམས་པ་དང་། བསམ་གཏན་དང་པོར་སྐྱེས་པ་དང་། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་ལྟ་བུའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །དེ་བཞིན་དུ་མིག་གི་ཁམས་དང་གཟུགས་དག་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། གཟུགས་དག་
འཐོབ་པ་དང་ལྡན་པ་དག་ཀྱང་ཅི་རིགས་པར་བརྟག་པར་བྱའོ། །ལྷན་ཅིག་ཏུ་ཡང་ཞེས་བྱ་བའི་ཡང་གི་སྒྲ་ནི་ཞར་ལ་འོངས་པ་འདི་བསྡུ་བའི་དོན་ཏོ། །ཁམས་དུ་དག་གཅིག་ནི་ནང་གི་ཡིན། དུ་དག་གཅིག་ནི་ཕྱིའི་ཡིན་ཞེ་ན། ནང་གི་བཅུ་གཉིས། བཅུ་གཉིས་གང་དག་ཅེ་ན། གཟུགས་ལ་སོགས་པ་མ་གཏོགས་རྣམ་པར་ཤེས་
པ་དྲུག་དང་། རྟེན་དྲུག་སྟེ། ཁམས་བཅུ་གཉིས་པོ་དེ་དག་ནི་ནང་གི་ཡིན་ནོ། །གཟུགས་ལ་སོགས་པ་ཡུལ་གྱི་ཁམས་དྲུག་པོ་དེ་དག་ནི་ཕྱིའི་ཡིན་ནོ། །བདག་མེད་ན་ཇི་ལྟར་ན་ནང་གི་འམ། ཕྱིའི་ཡིན་ཞེ་ན། སེམས་ནི་ངར་འཛིན་པའི་རྟེན་ཡིན་པའི་ཕྱིར་བདག་ཅེས་ཉེ་བར་འདོགས་ཏེ། མཁས་པས་བདག་ཉིད་ཤིན་ཏུ་
ནི། །དུལ་བས་མཐོ་རིས་ཐོབ་པར་འགྱུར། །ཞེས་གསུངས་ལ། བཅོམ་ལྡན་འདས་ཀྱིས་གཞན་ལས། སེམས་དུལ་བ་ནི་ལེགས་པ་སྟེ། །སེམས་དུལ་བས་ནི་བདེ་བ་འདྲེན། །ཞེས་སེམས་དུལ་བ་ཡིན་པར་གསུངས་པས་དེའི་ཕྱིར་མིག་ལ་སོགས་པ་ནི་སེམས་བདག་ཏུ་གྱུར་པའི་རྟེན་གྱི་དངོས་པོར་ཉེ་བར་གྱུར་
Vol. 140 · folio 46a
པའི་ཕྱིར་ནང་གི་ཉིད་ཡིན་ནོ། །གཟུགས་ལ་སོགས་པ་རྣམས་ནི་ཡུལ་དུ་གྱུར་པའི་ཕྱིར་ཕྱི་རོལ་གྱི་ཉིད་ཡིན་ནོ། །དེ་ལྟ་ན། འོ་ན་ནི་རྣམ་པར་ཤེས་པའི་ཁམས་དྲུག་པོ་དག་ནང་གི་ཡིན་པར་མི་འགྱུར་ཏེ། དེ་དག་ཡིད་ཀྱི་ཁམས་ཉིད་དུ་མ་གྱུར་པ་ནི་སེམས་ཀྱི་རྟེན་དུ་མི་འགྱུར་རོ་ཞེ་ན། གང་གི་ཚེ་ཡིན་
པ་དེའི་ཚེ་ན་ཡང་དེ་དག་ཉིད་དེ་དག་ཡིན་ཏེ་མཚན་ཉིད་ལས་ནི་མི་འདའོ། །དེ་ལྟ་མ་ཡིན་ན་ཡིད་ཀྱི་ཁམས་འདས་པ་ཁོ་ན་ཡིན་པར་འགྱུར་གྱི་མ་འོངས་པ་དང་ད་ལྟར་བྱུང་བ་ཡིན་པར་ནི་མི་འགྱུར་བ་ཞིག་ན་ཁམས་བཅོ་བརྒྱད་པོ་དག་ནི་དུས་གསུམ་པ་ཡིན་པར་ཡང་འདོད་དོ། །གལ་ཏེ་ཡང་རྣམ་པར་ཤེས་པ་མ་འོངས་པ་
དང་ད་ལྟར་བྱུང་བ་ཡིད་ཀྱི་ཁམས་ཀྱི་མཚན་ཉིད་མ་ཡིན་པར་གྱུར་ན་འདས་པའི་དུས་ན་ཡང་ཡིད་ཀྱི་ཁམས་སུ་རྣམ་པར་གཞག་པར་མི་འགྱུར་ཏེ། མཚན་ཉིད་ནི་དུས་རྣམས་སུ་འཁྲུལ་པ་མེད་དོ། །བརྟེན་པ་དང་བཅས་པའི་ཁམས་རྣམས་ནི་དུ། དེ་དང་མཚུངས་པ་རྣམས་ནི་དུ་ཞེ་ན། རེ་ཞིག་གཅིག་ཏུ།
ཆོས་ཞེས་བྱ་བ་ནི། བརྟེན་པ་དང་བཅས། གང་ཞིག་རྣམ་པར་ཤེས་པ་གང་གི་ཡུལ་དུ་ངེས་ལ་གལ་ཏེ་དེ་ལ་རྣམ་པར་ཤེས་པ་དེ་སྐྱེས་པའམ་སྐྱེས་པའི་ཆོས་ཅན་གྱི་ཡུལ་དེ་ནི་བརྟེན་པ་དང་བཅས་པ་ཞེས་བྱ་ལ། གང་ལ་ཡིད་ཀྱི་རྣམ་པར་ཤེས་པ་མཐའ་ཡས་པ་མ་སྐྱེས་པའམ་སྐྱེ་བར་མི་འགྱུར་བའི་ཆོས་ཀྱི་ཁམས་
གང་ཡིན་པ་དེ་ནི་འགའ་ཡང་མེད་དེ། འདི་ལྟར་འཕགས་པའི་གང་ཟག་ཐམས་ཅད་ནི་གདོན་མི་ཟ་བར་ཆོས་ཐམས་ཅད་ལ་བདག་མེད་དོ་སྙམ་པའི་སེམས་འདི་སྐྱེའོ། །དེའི་དམིགས་པ་ཡང་རང་གི་ངོ་བོ་དང་ལྷན་ཅིག་འབྱུང་བ་མ་གཏོགས་པ་ཆོས་ཐམས་ཅད་ཡིན་ནོ། །སེམས་ཀྱི་སྐད་ཅིག་མ་དེ་ཡང་སེམས་ཀྱི་
སྐད་ཅིག་མ་གཞན་གྱི་དམིགས་པ་མ་ཡིན་པས་སྐད་ཅིག་མ་གཉིས་ཀྱི་དམིགས་པར་ནི་ཆོས་ཐམས་ཅད་འགྱུར་ཏེ། དེ་ལྟ་བས་ན་ཆོས་ཀྱི་ཁམས་ནི་རྟག་ཏུ་བརྟེན་པ་དང་བཅས་པ་ཡིན་ནོ། །ལྷག་མ་ནི། དེ་དང་མཚུངས་པ་དག་ཀྱང་ཡིན། །ཀྱང་ཞེས་བྱ་བའི་སྒྲ་ནི་བརྟེན་པ་དང་བཅས་པ་དག་ཀྱང་ཡིན་པའོ། །དེ་དང་
མཚུངས་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། གང་ཞིག་རང་གི་ལས་མི་བྱེད། །གང་རང་གི་ལས་བྱེད་པ་དེ་ནི་བརྟེན་པ་དང་བཅས་པའོ་ཞེས་བཤད་པར་འགྱུར་རོ། །དེ་ལ་མིག་གང་གིས་གཟུགས་རྣམས་མཐོང་བ་དང་། ལྟ་བ་འམ་ལྟ་བར་འགྱུར་བའི་མིག་དེ་ནི་བརྟེན་པ་དང་བཅས་ཞེས་བྱ་སྟེ། དེ་བཞིན་དུ་ཡིད་ཀྱི་བར་
Vol. 140 · folio 46b
ལ་ཡང་རང་རང་གི་ཡུལ་ལ་བྱེད་པས་བརྗོད་པར་བྱའོ། །ཁ་ཆེ་བ་རྣམས་ཀྱི་ལྟར་ན་དེ་དང་མཚུངས་པའི་མིག་ནི་རྣམ་པ་བཞི་སྟེ། གཟུགས་རྣམས་མ་མཐོང་བར་འགགས་པ་དང་། འགག་པ་དང་། འགག་པར་འགྱུར་བ་གང་ཡིན་པ་དང་། མི་སྐྱེ་བའི་ཆོས་གང་ཡིན་པའོ། །ནུབ་ཕྱོགས་པ་རྣམས་ཀྱི་ལྟར་ན་རྣམ་
པ་ལྔ་སྟེ། མི་སྐྱེ་བའི་ཆོས་དེ་ཉིད་རྣམ་པར་ཤེས་པ་དང་ལྡན་པ་དང་། ལྡན་པ་མ་ཡིན་པ་དང་རྣམ་པ་གཉིས་སུ་ཕྱེ་བའི་ཕྱིར་ཏེ། ལུས་ཀྱི་བར་དུ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཡིད་ནི་མི་སྐྱེ་བའི་ཆོས་ཁོ་ན་དེ་འདྲ་བ་ཡིན་ནོ། །གཟུགས་གང་དག་མིག་གིས་མཐོང་བར་གྱུར་པ་དང་། མཐོང་བ་དང་། མཐོང་བར་
འགྱུར་བ་དེ་དག་ནི་བརྟེན་པ་དང་བཅས་པ་རྣམས་སོ། །དེ་དང་འདྲ་བ་ནི་རྣམ་པ་བཞི་སྟེ། གང་དག་མ་མཐོང་བ་ཉིད་དུ་འགགས་པ་དང་། འགག་པ་དང་། འགག་པར་འགྱུར་བ་དང་། གང་དག་མི་སྐྱེ་བའི་ཆོས་རྣམས་ཏེ། དེ་བཞིན་དུ་རེག་བྱའི་བར་དག་ལ་ཡང་རང་གི་དབང་པོའི་བྱེད་པས་དེ་དང་འདྲ་བ་དག་ཏུ་རིག་པར་
བྱའོ། །གཅིག་གི་མིག་བརྟེན་པ་དང་བཅས་པ་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་ཡིན་ནོ། །དེ་དང་མཚུངས་པ་རྣམས་ཀྱང་དེ་བཞིན་ཏེ། ཡིད་ཀྱི་བར་དུ་ཡང་དེ་དང་འདྲའོ། །གཟུགས་ནི་གང་ཞིག་ལྟ་བ་དེའི་བརྟེན་པ་དང་བཅས་པ་ཡིན་ལ་གང་མི་ལྟ་བ་དེའི་ནི་དེ་དང་མཚུངས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཟུགས་གང་
ལ་གཅིག་ལྟ་བ་དེ་ལ་མང་པོ་ཡང་ལྟ་བར་འགྱུར་བ་སྲིད་པ་ཡོད་དེ། དཔེར་ན་ཟླ་བ་དང་བྲོ་གར་དང་གྱད་དག་ལ་ལྟ་བ་ལྟ་བུའོ། །གང་གཉིས་མིག་གཅིག་གིས་ལྟ་བར་འགྱུར་བ་སྲིད་པ་ནི་མེད་དེ། དེའི་ཕྱིར་འདི་ཐུན་མོང་མ་ཡིན་པའི་ཕྱིར་རྒྱུད་གཅིག་གི་དབང་གིས་རྣམ་པར་གཞག་གོ། །གཟུགས་ནི་ཐུན་མོང་ཡིན་པའི་ཕྱིར་
རྒྱུད་མའི་དབང་གིས་རྣམ་པར་གཞག་གོ །གཟུགས་ཇི་ལྟ་བ་དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱའི་ཁམས་དག་ལ་ཡང་རིག་པར་བྱའོ། །སྒྲ་ནི་དེ་ལྟ་ཡིན་དུ་ཆུག་ན་དྲི་ལ་སོགས་པ་ནི་གང་དག་གཅིག་གིས་འཛིན་པ་དེ་དག་གཞན་གྱིས་མི་འཛིན་ཏེ། ཕྲད་ནས་འཛིན་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་དག་ཀྱང་ཐུན་མོང་མ་
ཡིན་པའི་ཕྱིར་མིག་ལ་སོགས་པ་བཞིན་དུ་བསྒྲེ་བའི་རིགས་སོ་ཞེ་ན། དེ་ལྟ་བུ་ཡོད་མོད་ཀྱི་འོན་ཀྱང་དེ་དག་ལ་ཡང་སྲིད་པའི་ཕྱིར་ཐུན་མོང་བ་ཉིད་དེ། གཅིག་གིས་སྣ་ལ་སོགས་པའི་རྣམ་པར་ཤེས་པ་བསྐྱེད་པར་འགྱུར་བའི་དྲི་ལ་སོགས་པ་གང་དག་ཡིན་པ་དེ་དག་ཉིད་གཞན་དག་གི་ཡང་ཡིན་པ་སྲིད་པ་དེ་ནི་ཡོད་ཀྱི་མིག་ལ་
Vol. 140 · folio 47a
སོགས་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ལྟ་བས་ན་དེ་དག་ནི་གཟུགས་བཞིན་དུ་བསྒྲེའོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དག་གི་བརྟེན་པ་དང་བཅས་པ་དང་དེ་དང་མཚུངས་པ་ཉིད་ནི་སྐྱེ་བ་དང་མི་སྐྱེ་བའི་ཆོས་ཡིན་པའི་ཕྱིར་ཡིད་ཀྱི་ཁམས་ཇི་ལྟ་བ་བཞིན་ནོ། །བརྟེན་པ་དང་བཅས་པ་ཞེས་བྱ་བའི་དོན་
ཅི་ཞེ་ན། དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ཕན་ཚུན་བརྟེན་པ་འམ། བྱེད་པ་ལ་བརྟེན་པ་ནི་བརྟེན་པའོ། །དེ་འདི་དག་ལ་ཡོད་པས་བརྟེན་པ་དང་བཅས་པ་རྣམས་སམ། འབྲས་བུ་རེག་པ་འདྲ་བའི་ཕྱིར་བརྟེན་པ་མཚུངས་པའོ། །གང་དག་བརྟེན་པ་དང་བཅས་པ་མ་ཡིན་པ་དེ་དག་ནི་བརྟེན་པ་དང་
བཅས་པ་དེ་དག་དང་རིགས་འདྲ་བའི་ཕྱིར་དེ་དག་དང་མཚུངས་པ་དག་གོ། །མཐོང་བས་སྤང་བར་བྱ་བའི་ཁམས་རྣམས་ནི་དུ། བསྒོམས་པས་སྤང་བར་བྱ་བ་རྣམས་ནི་དུ། སྤང་བར་བྱ་བ་མ་ཡིན་པ་རྣམས་ནི་དུ་ཞེ་ན། རེ་ཞིག་གཟུགས་ཅན་བཅུ་ནི་བསྒོམས་པས་སྤང་བྱ་ཡིན། ལྔ་ཡང་ཡིན་ཏེ་རྣམ་པར་ཤེས་པའི་ཁམས་
ལྔ་པོ་དག་གོ། །ཐ་མའི་གསུམ་རྣམ་གསུམ། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཁམས་གསུམ་པོ་འདི་དག་ནི་རྣམ་པ་གསུམ་པོ་འདི་དག་སྟེ། ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་དང་། །དེ་དག་དང་ལྷན་ཅིག་འབྱུང་བ་དང་། དེ་དག་གི་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པ་
རྣམས་ནི་མཐོང་བས་སྤང་བར་བྱ་བ་དག་ཡིན་ནོ། །ཟག་པ་དང་བཅས་པ་ལྷག་མ་རྣམས་ནི་བསྒོམས་པས་སྤང་བར་བྱ་བ་དག་ཡིན་ནོ། །ཟག་པ་མེད་པ་རྣམས་ནི་སྤང་བར་བྱ་བ་མ་ཡིན་པ་དག་གོ། །སོ་སོའི་སྐྱེ་བོ་ཉིད་དང་། ངན་སོང་བའི་ལུས་དང་ངག་གི་ལས་ཀྱང་འཕགས་པའི་ལམ་དང་འགལ་བའི་ཕྱིར་མཐོང་བས་
སྤང་བར་བྱ་བ་གཞན་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། དེ་དག་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་ཏེ། མདོར་བསྡུ་བ་ནི་འདི་ཡིན་ནོ། །ཉོན་མོངས་ཅན་མིན་མཐོང་སྤང་མིན། །གཟུགས་མིན་དྲུག་པ་མིན་སྐྱེས་མིན། །ཉོན་མོངས་པ་ཅན་མ་ཡིན་པ་ནི་མཐོང་བས་སྤང་བར་བྱ་བ་ཅུང་ཟད་ཀྱང་མེད་ལ་གཟུགས་ཀྱང་མ་ཡིན་ནོ། །
སོ་སོའི་སྐྱེ་བོ་ཉིད་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ལུང་དུ་མ་བསྟན་པ་ཡིན་ཏེ། དགེ་བའི་རྩ་བ་ཀུན་ཏུ་ཆད་པ་དང་། འདོད་ཆགས་དང་བྲལ་བ་རྣམས་ཀྱང་དེ་དང་ལྡན་པའི་ཕྱིར་རོ། །ལུས་དང་ངག་གི་ལས་ནི་གཟུགས་ཡིན་ནོ། །དེ་ལྟ་བས་ན་དེ་དག་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་ཏེ། བདེན་པ་དག་ལ་ལོག་པར་
Vol. 140 · folio 47b
མི་རྟོག་པའི་ཕྱིར་དང་། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ན་སོ་སོའི་སྐྱེ་བོ་ཉིད་དུ་ཐལ་བར་འགྱུར་བའི་ཡང་ཕྱིར་རོ། །དྲུག་པ་ལས་མ་སྐྱེས་པ་ཡང་མ་ཡིན་ཏེ། དྲུག་པ་ཞེས་བྱ་བ་ནི་ཡིད་ཀྱི་སྐྱེ་མཆེད་དོ། །དེ་ལས་གཞན་པ་ལས་སྐྱེས་པ་ནི་དྲུག་པ་ལས་མ་སྐྱེས་པ་སྟེ། དབང་པོ་ལྔ་ལས་སྐྱེས་པ་གང་ཡིན་པ་སྟེ།
དེ་ཡང་མཐོང་བས་སྤང་བར་བྱ་བ་ནི་མེད་དོ། །ཁམས་བཅོ་བརྒྱད་པོ་དག་ལས་ལྟ་བ་ནི་དུ། ལྟ་བ་མ་ཡིན་པ་ནི་དུ་ཞེ་ན། མིག་དང་ཆོས་ཀྱི་ཁམས་ཕྱོགས་ནི། ལྟ་བ་ཡིན་ཏེ། དེ་གང་ཞེ་ན། སྨྲས་པ། རྣམ་པ་བརྒྱད། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལ་ལྟ་བ་ལྔ་དག་དང་། འཇིག་རྟེན་པའི་ཡང་དག་པའི་ལྟ་
བ་དང་། སློབ་པའི་ལྟ་བ་དང་། མི་སློབ་པའི་ལྟ་བ་སྟེ། ཆོས་ཀྱི་ཁམས་རྣམ་པ་བརྒྱད་པོ་འདི་དག་ནི་ལྟ་བ་ཡིན་ནོ། །ལྷག་མ་ནི་ལྟ་བ་མ་ཡིན་ནོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ནི་ཕྲ་རྒྱས་བསྟན་པར་སྟོན་པའི་དུས་ལ་འབབ་པར་འགྱུར་རོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ཡིད་ཀྱི་རྣམ་པར་ཤེས་
པ་དང་མཚུངས་པར་ལྡན་པའི་ཤེས་རབ་དགེ་བ་ཟག་པ་དང་བཅས་པའོ། །སློབ་པའི་ཟག་པ་མེད་པའི་ལྟ་བ་ནི་སློབ་པའི་འོ། །མི་སློབ་པ་ནི་མི་སློབ་པའི་འོ། །སྤྲིན་དང་བཅས་པ་དང་སྤྲིན་མེད་པའི་མཚན་མོ་དང་ཉིན་མོ་གཟུགས་ལ་ལྟ་བ་བཞིན་དུ་འཇིག་རྟེན་པ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་དང་། སློབ་
པ་དང་མི་སློབ་པའི་ལྟ་བ་དག་གིས་ཆོས་ལ་ལྟ་བའོ། །ཡང་ཅིའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ཁོ་ན་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཞེས་བྱ་ཞེ་ན། འདི་ལྟར། རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། །ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །རྟོག་པར་བྱེད་པ་ནི་ལྟ་བ་ཡིན་ཏེ། ངེས་པར་སེམས་
པ་ལ་ཞུགས་པ་དག་ལྟ་བ་ཡིན་ན་རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པའི་ཤེས་རབ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟ་བས་ན་འདི་ནི་ལྟ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཉོན་མོངས་པ་ཅན་ནམ་ཉོན་མོངས་པ་ཅན་མ་ཡིན་པ་གཞན་ཡང་ལྟ་བ་མ་ཡིན་ནོ། །འོ་ན་ནི་མིག་ཀྱང་རྟོག་པར་བྱེད་པ་ཉིད་མེད་ན། ཇི་ལྟར་ལྟ་བ་
ཡིན་ཞེ་ན། གཟུགས་ལ་ལྟ་བའི་དོན་གྱིས་ཏེ། གང་གི་ཕྱིར། མིག་གིས་གཟུགས་རྣམས་མཐོང་། གལ་ཏེ་མིག་གིས་མཐོང་བར་གྱུར་ན། རྣམ་པར་ཤེས་པ་གཞན་དང་ལྡན་པས་ཀྱང་མཐོང་བར་འགྱུར་རོ་ཞེ་ན། མིག་ཐམས་ཅད་ཀྱིས་མཐོང་བ་ནི་མ་ཡིན་པ་ཉིད་དོ། །འོ་ན་ཅི་ཞེ་ན། བརྟེན་བཅས། གང་གི་ཚེ་རྣམ་
Vol. 140 · folio 48a
པར་ཤེས་པ་དང་བཅས་པ་དེའི་ཚེ་མཐོང་གི་གཞན་དུ་ནི་མ་ཡིན་ནོ། །དེ་ལྟ་ན་འོ་ན་ནི་མིག་ལ་བརྟེན་པའི་རྣམ་པར་ཤེས་པ་དེ་ཁོ་ནས་མཐོང་བར་འགྱུར་རོ་ཞེ་ན། དེ་ལ་བརྟེན་པའི་རྣམ་པར་ཤེས་པས་མཐོང་ངོ་ཞེས་ངེས་པར་བྱ་བར་ནུས་པ་ནི་མིན་ནོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་བར་དུ་ཆོད་པ་ཡི། །
གཟུགས་ནི་མཐོང་བ་མིན་ཕྱིར་ལོ། །གང་གི་ཕྱིར་རྩིག་པ་ལ་སོགས་པས་བར་དུ་ཆོད་པའི་གཟུགས་མི་མཐོང་ངོ་ཞེས་གྲག་གོ། །གལ་ཏེ་རྣམ་པར་ཤེས་པས་མཐོང་བར་གྱུར་ན་དེ་ནི་ཐོགས་པ་མེད་པའི་ཕྱིར་རྩིག་པ་ལ་སོགས་པ་ལ་ཡང་ཐོགས་པ་མེད་པས་གཟུགས་བསྒྲིབས་པ་ལ་ཡང་མཐོང་བར་འགྱུར་རོ། །བསྒྲིབས་
པ་ལ་ནི་མིག་གི་རྣམ་པར་ཤེས་པ་མི་སྐྱེ་བ་ཉིད་དེ། དེ་བས་ན་མ་སྐྱེས་པས་ཇི་ལྟར་མཐོང་བར་འགྱུར། ཅི་སྟེ་མི་སྐྱེ། གང་གི་ལྟར་ན་མིག་གིས་མཐོང་བ་དེའི་ལྟར་ན་ནི་མིག་ཐོགས་པ་དང་བཅས་པའི་ཕྱིར་བསྒྲིབས་པ་ལ་འཇུག་པ་མེད་པས་རྣམ་པར་ཤེས་པ་ཡང་རྟེན་དང་ལྷན་ཅིག་ཏུ་ཡུལ་གཅིག་ལ་འཇུག་པའི་ཕྱིར་མི་སྐྱེ་
བར་མི་རུང་ངོ་། །མིག་ཀྱང་ལུས་ཀྱི་དབང་པོ་བཞིན་དུ་ཡུལ་དེ་ཕྲད་པ་ཞིག་ཡིན་ནམ་ཅི་ན། འདི་ལྟར་ཐོགས་པ་དང་བཅས་པའི་ཕྱིར་བསྒྲིབས་པ་མི་མཐོང་མཆིང་བུ་དང་། ལྷང་ཚེར་དང་ཤེལ་དང་ཆུ་དག་གིས་བར་དུ་ཆོད་པ་ཡང་ཇི་ལྟར་མཐོང་བར་འགྱུར་ཏེ། དེ་ལྟ་བས་ན་མིག་ཐོགས་པ་དང་བཅས་པའི་ཕྱིར་གཟུགས་
བསྒྲིབས་པ་མི་མཐོང་བ་ནི་མ་ཡིན་ནོ། །འོ་ན་ཇི་ལྟ་ཞེ་ན། གང་ལ་སྣང་བ་ལ་གེགས་མེད་ན་གཟུགས་བསྒྲིབས་བཞིན་དུ་ཡང་དེ་ལ་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ཉིད་ཡིན་ལ། གང་ལ་གེགས་ཡོད་པ་དེ་ནི་མི་སྐྱེ་བས་མ་སྐྱེས་པའི་ཕྱིར་བསྒྲིབས་པ་མི་མཐོང་ངོ་། །འོ་ན་གང་མདོ་ལས། གང་མིག་གིས་གཟུགས་རྣམས་
མཐོང་ནས་ཞེས་གསུངས་སོ། །དེར་ནི་དགོངས་པ་ནི་དེ་ལ་བརྟེན་ཏེ་ཞེས་བྱ་བ་འདི་ཡིན་ཏེ། དཔེར་ན་ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པར་བྱས་ནས་ཞེས་གསུངས་པ་ལྟ་བུའོ། །ཡིད་ནི་འདས་པ་ཡིན་པའི་ཕྱིར། །ཆོས་རྣམས་རྣམ་པར་མི་ཤེས་སོ། །འོ་ན་ཅི་ལྟར་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པས་སོ། །
ཡང་ན་བརྟེན་པའི་ལས་བརྟེན་ལ་ཉེ་བར་བཏགས་པ་ཡིན་ཏེ། དཔེར་ན་ཁྲིའུ་དག་འབོད་དོ་ཞེས་གསུངས་པ་ལྟ་བུའོ། །ཇི་ལྟར་མདོ་ལས། མིག་གི་རྣམ་པར་ཤེས་པས་ཤེས་པར་བྱ་བའི་གཟུགས་ཡིད་དུ་འོང་བ་སྡུག་པ་རྣམས་ཞེས་གསུངས་པ་ལྟ་བུ་སྟེ། དེ་དག་མིག་གིས་རྣམ་པར་མི་ཤེས་སོ། །མདོ་ལས། བྲམ་ཟེ་
Vol. 140 · folio 48b
མིག་ནི་འདི་ལྟ་སྟེ། གཟུགས་རྣམས་མཐོང་བར་བྱ་བ་ལ་སྒོ་ཡིན་ནོ་ཞེས་ཀྱང་གསུངས་ཏེ། དེའི་ཕྱིར་མིག་གི་སྒོ་ནས་མིག་གི་རྣམ་པར་ཤེས་པས་མཐོང་ངོ་ཞེས་བྱ་བར་ཁོང་དུ་ཆུད་དོ། །དེར་ནི་ལྟ་བ་ལ་སྒོ་ཞེས་བྱ་བར་ཟད་དོ། །མིག་ནི་གཟུགས་རྣམས་མཐོང་བར་བྱ་བ་ལ་ལྟ་བ་ཡིན་ནོ་ཞེས་བྱ་བ་འདི་ནི་མི་རུང་ངོ་། །གལ་
ཏེ་རྣམ་པར་ཤེས་པས་མཐོང་ན་གང་གིས་རྣམ་པར་ཤེས་ཤེ་ན། འདི་གཉིས་ལ་ཁྱད་པར་ཡང་ཅི་ཞིག་ཡོད་དེ། གང་གིས་གཟུགས་རྣམ་པར་ཤེས་པ་དེ་ཉིད་ཀྱིས་འདི་མི་མཐོང་མོད། དཔེར་ན་ཤེས་རབ་འགའ་ཞིག་ལ་མཐོང་ཞེས་ཀྱང་བྱ། རབ་ཏུ་ཤེས་པ་ཞེས་ཀྱང་བྱ་བ་དེ་བཞིན་དུ། རྣམ་པར་ཤེས་པ་འགའ་ཞིག་ལ་མཐོང་
ཞེས་ཀྱང་བྱ་སྟེ། རྣམ་པར་ཤེས་པ་ཞེས་ཀྱང་བྱའོ། །གཞན་དག་ན་རེ་ནི་གལ་ཏེ་མིག་གིས་མཐོང་ན་མིག་བྱེད་པ་པོར་གྱུར་པའི་ལྟ་བའི་བྱ་བ་གཞན་གང་ཞིག་ཡིན་པ་བརྗོད་དགོས་སོ་ཞེས་ཟེར་རོ། །དེ་ནི་ཀླན་ཀར་མི་རུང་སྟེ། ཇི་ལྟར་རྣམ་པར་ཤེས་པས་ཤེས་སོ་ཞེས་བྱ་བར་འདོད་ལ། དེ་ལ་བྱེད་པ་པོ་དང་བྱ་བའི་བྱེ་བྲག་ཀྱང་མེད་
པ་དེ་བཞིན་དུ་འདི་ལ་ཡང་རུང་བར་འགྱུར་རོ། །གཞན་དག་ན་རེ་ནི་མཐོང་བ་ནི་མིག་གི་རྣམ་པར་ཤེས་པ་ཡིན་ལ། མིག་ནི་དེའི་རྟེན་དུ་གྱུར་པའི་ཕྱིར་མཐོང་བ་ཞེས་བྱ་སྟེ། དཔེར་ན་སྒྲོགས་པའི་རྟེན་དུ་གྱུར་པའི་ཕྱིར་དྲིལ་སྒྲོགས་སོ་ཞེས་བྱ་བ་བཞིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་མིག་གི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཕྱིར་
རྣམ་པར་ཤེས་སོ་ཞེས་བྱ་བར་ཡང་འགྱུར་བ་མ་ཡིན་ནམ་ཞེ་ན། མི་འགྱུར་ཏེ། འཇིག་རྟེན་ན་རྣམ་པར་ཤེས་པ་དེ་ནི་མཐོང་བའོ་ཞེས་གྲགས་ཏེ། འདི་ལྟར་དེ་སྐྱེས་ན་གཟུགས་མཐོང་ངོ་ཞེས་ཟེར་གྱི་རྣམ་པར་ཤེས་སོ་ཞེས་ནི་མི་ཟེར་རོ། །བྱེ་བྲག་ཏུ་བཤད་པ་ལས་ཀྱང་། མིག་དང་ཕྲད་ཅིང་རྣམ་པར་ཤེས་པས་ཉམས་སུ་མྱོང་
བ་ལ་མཐོང་བ་ཞེས་བྱ་བའོ་ཞེས་འབྱུང་སྟེ། དེ་ལྟ་བས་ན་མིག་གིས་མཐོང་བ་ཁོ་ན་ཞེས་བྱའི། རྣམ་པར་ཤེས་པ་ཞེས་ནི་མི་བྱའོ། །རྣམ་པར་ཤེས་པ་ནི་ཡོད་པ་ཙམ་གྱིས་གཟུགས་རྣམ་པར་ཤེས་པས་སོ་ཞེས་བྱ་སྟེ། དཔེར་ན་ཉི་མས་ཉིན་པར་བྱེད་དོ་ཞེས་བྱ་བ་བཞིན་ནོ། །མདོ་སྡེ་པ་རྣམས་ན་རེ་ནི་ནམ་མཁའ་ལྡན་
པ་འདིས་ཅི་དགོས། མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་དེ་ལ་ལྟ་བ་ནི་སུ་ཞིག་ཡིན། ལྟ་བ་ནི་གང་ཞིག་ཡིན་ཏེ། འདི་ནི་བྱེད་པ་མེད་པ་དང་ཆོས་ཙམ་དང་རྒྱུ་དང་འབྲས་བུ་ཙམ་དུ་ཟད་ལ། དེ་ལ་ཡང་ཐ་སྙད་དུ་གདགས་པའི་དོན་དུ་འདུན་པའི་སྒོ་ནས་མིག་གིས་མཐོང་ངོ་། །རྣམ་
Vol. 140 · folio 49a
པར་ཤེས་པས་རྣམ་པར་ཤེས་སོ་ཞེས་ཉེ་བར་འདོགས་པར་བྱེད་པས་འདི་ལ་མངོན་པར་ཞེན་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལྗོངས་ཀྱི་མིའི་ཚིག་ལ་མངོན་པར་ཞེན་པར་མི་བྱའོ། །འཇིག་རྟེན་གྱི་མིང་ལ་མངོན་པར་བརྒྱུག་པར་མི་བྱའོ་ཞེས་གསུངས་སོ་ཞེས་ཟེར་རོ། །མིག་གིས་
མཐོང་ངོ་། །རྣ་བས་ཐོས་སོ། །སྣས་ཚོར་རོ། །ལྕེས་མྱོང་ངོ་། །ལུས་ཀྱིས་རེག་གོ། །ཡིད་ཀྱིས་རྣམ་པར་ཤེས་སོ་ཞེས་བྱ་བ་འདི་ནི་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་གྲུབ་པའི་མཐའ་ཡིན་ནོ། །ཅི་མིག་གཅིག་གིས་གཟུགས་རྣམས་མཐོང་ངམ། འོན་ཏེ་གཉི་གས་ཤེ་ན། འདི་ལ་ངེས་པ་མེད་དོ། །མིག་ནི་གཉི་ག་དག་
གིས་ཀྱང་། །མཐོང་སྟེ་གསལ་བར་མཐོང་ཕྱིར་རོ། །ཆོས་མངོན་པ་པ་རྣམས་ན་རེ་མིག་གཉི་གས་ཀྱང་མཐོང་སྟེ། འདི་ལྟར་གཉི་ག་ཕྱེ་ན་གསལ་བར་རབ་ཏུ་མཐོང་བར་འགྱུར་རོ། །མིག་གཅིག་ཕྱེ་ལ་གཉིས་པ་ཕྱེད་ཕྱེ་ན་ཟླ་བ་གཉིས་སུ་འཛིན་གྱི་གང་ཡང་རུང་བ་ཞིག་གཞན་དུ་གྱུར་ན་ནི་མ་ཡིན་ནོ། །རྟེན་རྣམ་པར་
ཆད་པར་ཐལ་བར་ཡང་མེད་དེ། རྣམ་པར་ཤེས་པ་ནི་གཟུགས་བཞིན་དུ་ཡུལ་ན་མི་གནས་པའི་ཕྱིར་རོ་ཞེས་ཟེར་རོ། །གལ་ཏེ་མིག་གིས་མཐོང་བ་དང་རྣ་བས་ཐོས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་ཡིན་ན་ཅི་འདི་དག་ཡུལ་དང་ཕྲད་པ་ཞིག་གམ། འོན་ཏེ་མ་ཕྲད་པ་ཞིག་ཡིན་ཞེ་ན། མིག་དང་ཡིད་དང་རྣ་བ་
ནི། ཡུལ་དང་མ་ཕྲད། འདི་ལྟར་གཟུགས་རྒྱང་རིང་པོ་ནས་མཐོང་ཞིང་མིག་ལ་ཡོད་པའི་མིག་སྨན་མི་མཐོང་ལ། དེ་བཞིན་དུ་སྒྲ་རྒྱང་རིང་པོ་ནས་ཐོས་སོ། །ཡུལ་དང་ཕྲད་པ་ཉིད་ཅིག་ཡིན་ན་ནི་འདི་ན་བསམ་གཏན་པ་རྣམས་ལ་ལྷའི་མིག་དང་། རྣ་བ་སྐྱེ་བར་མི་འགྱུར་ཏེ། སྣ་ལ་སོགས་པ་བཞིན་ནོ། །གལ་ཏེ་མིག་
ཡུལ་དང་མ་ཕྲད་པ་ཡིན་ན་ཅིའི་ཕྱིར་ཐག་རིང་བ་དང་བར་དུ་ཆོད་པ་མ་ཕྲད་པ་ཐམས་ཅད་མི་མཐོང་ཞེ་ན། རེ་ཞིག་ཁབ་ལོང་གིས་ཀྱང་ལྕགས་མ་ཕྲད་པ་ཐམས་ཅད་ཇི་ལྟར་མི་འདྲེན། ཡུལ་དང་ཕྲད་པ་ཉིད་ཅིག་ཡིན་ན་ཡང་ཅིའི་ཕྱིར་མིག་སྨན་ནམ་ཐུར་མ་ཕྲད་པ་ཐམས་ཅད་མི་མཐོང་སྟེ་དེ་ནི་མཚུངས་སོ། །ཇི་ལྟར་ཡང་སྣ་ལ་
སོགས་པ་ཡུལ་དང་ཕྲད་པ་ཡིན་ཡང་ལྷན་ཅིག་སྐྱེས་པའི་དྲི་ལ་སོགས་པ་མི་འཛིན་པའི་ཕྱིར་ཐམས་ཅད་ནི་མ་ཡིན་པ་དེ་བཞིན་དུ། མིག་ཀྱང་མ་ཕྲད་པ་ཡིན་མོད་ཀྱི་ཐམས་ཅད་ནི་མ་ཡིན་ནོ། །ཡིད་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་ཕྲད་པ་ཉིད་དུ་མི་ནུས་སོ། །ཡང་ཁ་ཅིག་ནི་རྣ་བའི་ནང་དུ་ཡང་སྒྲ་ཐོས་པའི་ཕྱིར། རྣ་བ་
Vol. 140 · folio 49b
ནི་ཡུལ་དང་ཕྲད་པ་དང་མ་ཕྲད་པ་ཡང་ཡིན་པར་སེམས་སོ། །ལྷག་མ་སྣ་དང་ལྕེ་དང་ལུས་ཞེས་བྱ་བ། གསུམ་གཞན་དུ། ཡུལ་དང་ཕྲད་པ་ཞེས་བྱ་བའི་ཐ་ཚིག་གོ། །སྣ་ཇི་ལྟར་ཡུལ་དང་ཕྲད་པ་ཡིན་ཞེ་ན། དབུགས་མ་བརྔུབས་པར་དྲི་མི་འཛིན་པའི་ཕྱིར་རོ། །ཕྲད་པ་ཞེས་བྱ་བ་འདི་ཅི་ཞེ་ན། འདབ་ཆགས་པར་འབྱུང་བའོ། །
ཅི་རྡུལ་ཕྲ་རབ་རྣམས་ཕན་ཚུན་རེག་གམ་འོན་ཏེ་མི་རེག་ཅེ་ན། ཁ་ཆེ་བ་རྣམས་ན་རེ་མི་རེག་གོ་ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན། རེ་ཞིག་གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་རེག་པར་འགྱུར་ན་ནི་རྫས་རྣམས་འདྲེས་པར་འགྱུར་རོ། །འོན་ཏེ་ཕྱོགས་གཅིག་གིས་རེག་ན་ནི་ཆ་ཤས་དང་བཅས་པ་དག་ཏུ་ཐལ་བར་འགྱུར་
བ་ཞིག་ན་རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་མེད་པ་ཡིན་ནོ། །འོ་ན་ཇི་ལྟར་སྒྲ་མངོན་པར་འགྲུབ་པར་འགྱུར་ཞེ་ན། དེ་ཉིད་ཀྱི་ཕྱིར་ཏེ། གལ་ཏེ་རེག་པར་གྱུར་ན་ལག་པས་ལག་པ་ལ་བསྣུན་ན་འབྱིང་བར་འགྱུར་ལ། རྡོ་བས་རྡོ་བ་ལ་བསྣུན་ན་ཡང་འབྱིང་བར་འགྱུར་རོ། །ཇི་ལྟར་བསགས་པ་ལ་བརྒྱབ་ན་ཞིགས་པར་མི་འགྱུར་
ཞེ་ན། རླུང་གི་ཁམས་ཀྱིས་བཟུང་བའི་ཕྱིར་རོ། །རླུང་གི་ཁམས་ཁ་ཅིག་ནི་འཇིག་པར་ཞུགས་པ་ཡིན་ཏེ་དཔེར་ན་འཇིག་པའི་ཚེ་ལྟ་བུའོ། །ཁ་ཅིག་ནི་འཛིན་པར་ཞུགས་པ་ཡིན་ཏེ་དཔེར་ན་ཆགས་པའི་ཚེ་ལྟ་བུའོ། །ད་ནི་ཇི་ལྟར་འདབ་ཆགས་པར་ཕྲད་པས་གསུམ་པོ་ཡུལ་དང་ཕྲད་པ་ཞེས་བྱ་ཞེ་
ན། དེ་དག་གི་དབུས་ན་ཅུང་ཟད་ཀྱང་མེད་པ་གང་ཡིན་པ་དེ་ཁོ་ན་འདབ་ཆགས་པ་ཉིད་ཡིན་ནོ། །ཡང་འདུས་པ་རྣམས་ནི་ཆ་ཤས་དང་བཅས་པ་ཡིན་པའི་ཕྱིར་རེག་པར་འགྱུར་བས་ཉེས་པ་མེད་དོ། །དེ་ལྟར་བྱས་ན་བྱེ་བྲག་ཏུ་བཤད་པ་ལས། ཅི་རེག་པའི་རྒྱུ་ཅན་གྱི་རེག་པ་ཞིག་སྐྱེས་པ་འམ། འོན་ཏེ་མ་རེག་པའི་
རྒྱུ་ཅན་ཞིག་སྐྱེ་ཞེས་དྲིས་ནས་སྨྲས་པ། རྒྱུའི་ཕྱིར་རེས་འགའ་ནི་རེག་པའི་རྒྱུ་ཅན་གྱི་མ་རེག་པ་སྐྱེ་སྟེ། གང་གི་ཚེ་རྣམ་པར་ཞིགས་པ་ནའོ། །རེས་འགའ་ནི་མ་རེག་པའི་རྒྱུ་ཅན་གྱི་རེག་པ་སྐྱེ་སྟེ། གང་གི་ཚེ་བསགས་པར་འགྱུར་བ་ནའོ། །རེས་འགའ་ནི་རེག་པའི་རྒྱུ་ཅན་གྱི་རེག་པ་སྐྱེ་སྟེ། གང་གི་ཚེ་བསགས་པ་དང་
ལྡན་པ་བསགས་པ་ཁོ་ནའོ། །རེས་འགའ་ནི་མ་རེག་པའི་རྒྱུ་ཅན་གྱི་མ་རེག་པ་སྐྱེ་སྟེ་དཔེར་ན་ཉི་ཟེར་གྱི་རྡུལ་ལྟ་བུའོ་ཞེས་འབྱུང་བའི་གཞུང་འདི་ཡང་འཐད་པར་འགྱུར་རོ། །བཙུན་པ་དབྱིག་བཤེས་ན་རེ་ནི་རྡུལ་ཕྲ་རབ་རྣམས་རེག་པར་གྱུར་ན་ནི་སྐད་ཅིག་མ་ཕྱི་མར་གནས་པར་འགྱུར་རོ་ཞེས་ཟེར་རོ། །བཙུན་པ་ན་རེ་ནི་
Vol. 140 · folio 50a
རེག་པ་ནི་མེད་ཀྱི་འདབ་ཆགས་པ་ལ་རེག་གོ་སྙམ་དུ་འདུ་ཤེས་པར་ཟད་དོ་ཞེས་ཟེར་ཏེ། བཙུན་པའི་ལུགས་འདོད་པར་བྱའོ། །དེ་ལྟ་མ་ཡིན་ན་ནི་རྡུལ་ཕྲ་རབ་བར་དང་བཅས་པ་རྣམས་ཀྱིས་བར་སྟོང་པ་དག་ཏུ་འགྲོ་བ་ལ་སུ་ཞིག་འགོག་ན་འདི་ལྟར་ཐོགས་པ་དང་བཅས་པ་དག་ཏུ་འདོད། རྡུལ་ཕྲ་
རབ་རྣམས་ལས་བསགས་པ་དག་གཞན་པ་ཡང་མ་ཡིན་པས་དེ་དག་ཁོ་ན་བསགས་པ་ལ་རེག་པ་ཡིན་ཏེ་དཔེར་ན་གཟུགས་སུ་རུང་བ་ལྟ་བུའོ། །གལ་ཏེ་རྡུལ་ཕྲ་རབ་ལ་ཕྱོགས་ཆ་ཐ་དད་པར་རྟོག་ན་ནི་རེག་གམ་མ་རེག་ཀྱང་རུང་སྟེ། ཆ་ཤས་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་མ་ཡིན་ན་ནི། རེག་
ཀྱང་ཐལ་བར་མི་འགྱུར་རོ། །ཡང་ཅིའི་མིག་ལ་སོགས་པ་འདི་དག་གིས་བདག་ཉིད་ཀྱི་ཚད་དང་མཉམ་པའི་དོན་ལ་མགལ་མེའི་འཁོར་ལོ་ལ་སོགས་པ་བཞིན་དུ་མྱུར་དུ་འཇུག་པས་རི་ལ་སོགས་པ་འཛིན་ཏམ། འོན་ཏེ་མཉམ་པ་དང་མི་མཉམ་པ་ཞིག་ལ་འཛིན་ཅེ་ན། རེ་ཞིག་གང་དག་ཡུལ་དང་ཕྲད་པར་
བཤད་པ། སྣ་ལ་སོགས་པ་གསུམ་པོ་དེ་དག་རྣམས་ཀྱིས་ནི། ཡུལ་ནི་མཉམ་པར་འཛིན་པར་འདོད། །དབང་པོའི་རྡུལ་ཕྲ་རབ་རྣམས་ཇི་སྙེད་པ་དེ་སྙེད་ཀྱི་ཡུལ་གྱི་རྡུལ་ཕྲ་རབ་རྣམས་དང་ཕྲད་ནས་རྣམ་པར་ཤེས་པ་སྐྱེད་དོ། །མིག་དང་རྣ་བ་དག་གིས་ནི་མ་ངེས་ཏེ། རེས་འགའ་ནི་ཆུང་སྟེ་གང་གི་ཚེ་སྐྲའི་རྩེ་མོ་མཐོང་
བ་ནའོ། །རེས་འགའ་ནི་མཉམ་སྟེ་གང་གི་ཚེ་རྒུན་འབྲུམ་མཐོང་བ་ནའོ། །རེས་འགའ་ནི་ཆེ་སྟེ་གང་གི་ཚེ་མིག་ཕྱེ་བ་ཙམ་གྱིས་རི་ཆེན་པོ་མཐོང་བ་ནའོ། །དེ་བཞིན་དུ་རྣ་བས་སྦྲང་བུ་དང་འབྲུག་ལ་སོགས་པའི་སྒྲ་ཐོས་པ་ལ་ཡང་སྦྱར་བར་བྱའོ། །ཡིད་ནི་ལུས་ཅན་མ་ཡིན་པ་ཁོ་ན་བས་འདིའི་ཚད་ཡོངས་སུ་ཆད་པ་ནི་མི་
སྤྱད་དོ། །ཡང་མིག་གི་དབང་པོ་ལ་སོགས་པ་འདི་དག་གི་རྡུལ་ཕྲ་རབ་རྣམས་ཇི་ལྟར་གནས་ཤེ་ན། རེ་ཞིག་མིག་གི་རྡུལ་ཕྲ་རབ་རྣམས་ནི་མིག་གི་འབྲས་བུ་ལ། གོ་སྙོད་ཀྱི་མེ་ཏོག་བཞིན་དུ་གནས་ཏེ། ཁ་དོག་དང་བཅས་བཀབ་པས་གྱེས་པར་མི་འགྱུར་རོ། །གཞན་དག་ན་རེ་གོང་བུ་བཞིན་དུ་བླ་འོག་ན་གནས་ཏེ། ཤེལ་བཞིན་དུ་དང་བའི་
ཕྱིར་ཕན་ཚུན་མི་སྒྲིབ་པོ་ཞེས་ཟེར་རོ། །རྣ་བའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་རྣ་བའི་བུ་གའི་ནང་ན་གནས་སོ། །སྣའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་མཚུལ་པའི་ནང་ན་གནས་ཏེ། དབང་པོ་དང་པོ་གསུམ་ནི་ཕྲེང་བ་བཞིན་དུ་གནས་སོ། །ལྕེའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་ཟླ་བ་ཁམ་པ་ལྟ་བུ་ཡིན་ཏེ། ལྕེའི་དབུས་ན་
Vol. 140 · folio 50b
སྐྲའི་རྩེ་མོའི་ཁྱོན་ཙམ་ཞིག་ལྕེའི་དབང་པོའི་རྡུལ་ཕྲ་རབ་དག་གིས་མ་ཁེབས་སོ་ཞེས་གྲག་གོ། །ལུས་ཀྱི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་ལུས་བཞིན་དུ་གནས་སོ། །མོའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་རྔའི་སྦུབས་ལྟ་བུ་ཡིན་ནོ། །ཕོའི་དབང་པོའི་རྡུལ་ཕྲ་རབ་རྣམས་ནི་མཐེ་བོང་ལྟ་བུ་ཡིན་ནོ། །དེ་ལ་མིག་གི་དབང་པོའི་
རྡུལ་ཕྲ་རབ་རྣམས་རེས་འགའ་ནི་ཐམས་ཅད་བསྟེན་པ་དང་བཅས་པ་དག་ཡིན་ནོ། །རེས་འགའ་ནི་དེ་དང་མཚུངས་པ་དག་ཡིན་ནོ། །རེས་འགའ་ནི་ཁ་ཅིག་བསྟེན་པ་དང་བཅས་པ་དག་ཡིན་ལ། ཁ་ཅིག་དེ་དང་མཚུངས་པ་ཡིན་ཏེ། ལྕེའི་དབང་པོའི་རྡུལ་ཕྲ་རབ་ཀྱི་བར་དུ་ཡང་དེ་དང་འདྲའོ། །ལུས་ཀྱི་དབང་པོའི་
རྡུལ་ཕྲ་རབ་རྣམས་ནི་རིལ་གྱིས་བསྟེན་པ་དང་བཅས་པ་ནི་མེད་དེ། རབ་ཏུ་འབར་བའི་དམྱལ་བའི་ནང་ན་འཁོད་པ་རྣམས་ལ་ཡང་ལུས་ཀྱི་དབང་པོའི་རྡུལ་ཕྲ་རབ་ཚད་མེད་པ་ཞིག་དེ་དང་མཚུངས་པ་ཡིན་ཏེ། ཐམས་ཅད་ཀྱིས་རྣམ་པར་ཤེས་པ་བསྐྱེད་ན་ནི་ལུས་ཞིག་པར་འགྱུར་རོ་ལོ། །དབང་པོའི་རྡུལ་ཕྲ་རབ་
བམ་ཡུལ་གྱི་རྡུལ་ཕྲ་རབ་གཅིག་གིས་རྣམ་པར་ཤེས་པ་སྐྱེད་པ་ནི་མེད་དེ། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་རྟེན་དང་དམིགས་པ་ནི་བསགས་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྡུལ་ཕྲ་རབ་ནི་མི་མཐོང་བའི་ཕྱིར་བསྟན་དུ་མེད་པ་ཡིན་ནོ། །ཅི་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་
གྱི་ཁམས་དྲུག་པོ་བཤད་པ་གང་དག་ཡིན་པ་འདི་དག་ཇི་ལྟར་ལྔ་རྣམས་ཀྱི་ཡུལ་ད་ལྟར་ཡིན་ལ། ཐ་མའི་དུས་གསུམ་ཡིན་པ་ལྟར་རྟེན་ཀྱང་དེ་ལྟ་བུ་ཡིན་ནམ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཐ་མའི་རྟེན་འདས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་རྟེན་ནི་འགགས་མ་ཐག་པའི་ཡིད་
དོ། །ལྔ་རྣམས་ཀྱི། དེ་དག་ལྷན་ཅིག་སྐྱེས་པའང་ཡིན། འང་ཞེས་བྱ་བའི་སྒྲ་ནི་འདས་པ་ཡང་ཡིན་པའོ། །དེ་ལ་མིག་གི་རྣམ་པར་ཤེས་པའི་ལྷན་ཅིག་སྐྱེས་པའི་རྟེན་ནི་མིག་ཡིན་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་ཡང་ལུས་ཡིན་ལ། དེ་དག་གི་འདས་པའི་རྟེན་ནི་ཡིད་ཡིན་ནོ། །དེ་ལྟར་ན་རྣམ་
པར་ཤེས་པའི་ཚོགས་ལྔ་པོ་དེ་དག་གི་རྟེན་ནི་དབང་པོ་གཉིས་གཉིས་ཡིན་ནོ། །དེ་གཉིས་ཀྱི་ཕྱིར་གང་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་དངོས་པོར་ཡིན་པ་དེ་དེའི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་དངོས་པོར་ཡང་ཡིན་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་མིག་ཡིན་ནོ། །གཉིས་པ་ནི་ཆོས་ཀྱི་ཁམས་སེམས་
Vol. 140 · folio 51a
ལས་བྱུང་བ་འདས་མ་ཐག་པ་ཡིན་ནོ། །གསུམ་པ་ནི་འདས་མ་ཐག་པའི་ཡིད་ཡིན་ནོ། །བཞི་པ་ནི་བཤད་པ་ལས་མ་གཏོགས་པའི་ཆོས་རྣམས་ཡིན་ཏེ། ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་རང་གི་དབང་པོ་བརྗོད་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པའི་ནི་ཚིག་སྔ་མ་དང་སྦྱོར་བ་
སྟེ། རེ་ཞིག་གང་རྟེན་གྱི་དངོས་པོར་ཡིན་པ་དེ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་དངོས་པོར་ཡང་ཡིན་ནོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་དངོས་པོར་ཡིན་ལ་རྟེན་གྱི་དངོས་པོར་མ་ཡིན་པ་ཡང་ཡོད་དེ། ཆོས་ཀྱི་ཁམས་སེམས་ལས་བྱུང་བ་འདས་མ་ཐག་པའོ། །ཡང་མིག་གི་རྣམ་པར་ཤེས་པ་ནི་གཉི་
ག་ལ་རག་ལུས་ཏེ་སྐྱེ་ན། ཅིའི་ཕྱིར་མིག་ལ་སོགས་པ་ཁོ་ན་ལ་རྟེན་ཞེས་བྱའི་གཟུགས་ལ་སོགས་པ་ནི་མ་ཡིན་ཞེ་ན། དེ་དག་གྱུར་པས་འགྱུར་ཉིད་ཕྱིར། །རྟེན་ནི་མིག་ལ་སོགས་པ་ཡིན། །ཁམས་རྣམས་ཞེས་བྱ་བར་སྦྱར་ཏེ། མིག་ལ་སོགས་པ་རྣམས་གྱུར་པས་རྣམ་པར་ཤེས་པ་རྣམས་འགྱུར་བ་ཡིན་
ཏེ། ཕན་པ་དང་གནོད་པ་དང་། གསལ་བ་དང་མི་གནོད་པ་དང་མི་གསལ་བ་ཉིད་ཀྱི་རྗེས་སུ་བྱེད་པའི་ཕྱིར་རོ། །གཟུགས་ལ་སོགས་པ་རྣམས་གྱུར་པས་ནི་དེ་དག་འགྱུར་བ་མ་ཡིན་ཏེ། དེ་ལྟ་བས་ན་དེ་དག་ལ་རག་ལུས་པའི་ཕྱིར་དེ་དག་ཉིད་རྟེན་ཡིན་ནོ། །ཞེས་བྱ་བ་ནི་ཤིན་ཏུ་ལེགས་པ་ཡིན་གྱི་གཟུགས་ལ་སོགས་
པ་ནི་མ་ཡིན་ནོ། །ཡང་དེ་དག་གིས་ནི་གཟུགས་ལ་སོགས་པ་རྣམ་པར་ཤེས་ན། ཅིའི་ཕྱིར་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བ་ནས། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་བར་ཡིན་གྱི་གཟུགས་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ནས་ཆོས་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་བར་དུ་ནི་མ་ཡིན་ཞེ་ན། གང་གི་
ཕྱིར་དེ་དག་གི་རྟེན་ནི་མིག་ལ་སོགས་པ་ཡིན་ན། དེའི་ཕྱིར་ཐུན་མོང་མ་ཡིན་ཕྱིར། །དེ་དག་གིས་ནི་རྣམ་ཤེས་བསྟན། །ཇི་ལྟར་ན་ཐུན་མོང་མ་ཡིན་པ་ཉིད་ཡིན་ཞེ་ན། མིག་ནི་རྣམ་པར་ཤེས་པ་གཞན་གྱི་རྟེན་དུ་འགྱུར་བར་མི་ནུས་ལ། གཟུགས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པར་ཡང་འགྱུར་
ལ། མིག་གི་རྣམ་པར་ཤེས་པ་གཞན་གྱི་དམིགས་པར་ཡང་འགྱུར་ཏེ། ལུས་ཀྱི་བར་དུ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །དེ་ལྟ་བས་ན་རྟེན་དུ་གྱུར་པའི་ཕྱིར་དང་། ཐུན་མོང་མ་ཡིན་པའི་ཕྱིར་དེ་དག་ཁོ་ནས་རྣམ་པར་ཤེས་པ་བསྟན་གྱི་གཟུགས་ལ་སོགས་པས་ནི་མ་ཡིན་ཏེ། དཔེར་ན་རྔ་བོ་ཆེའི་སྒྲ་
Vol. 140 · folio 51b
དང་། ནས་ཀྱི་མྱུ་གུ་བཞིན་ནོ། །ཡང་ལུས་དག་ལ་གནས་ཏེ་མིག་གིས་གཟུགས་རྣམས་ལ་ལྟ་བ་ནས། ཅི་ལུས་དང་མིག་དང་གཟུགས་དང་རྣམ་པར་ཤེས་པ་དེ་རྣམས་ས་གཅིག་པ་ཁོ་ན་ཞིག་ཡིན་ནམ། འོན་ཏེ་གཞན་གྱི་ས་པ་ཡང་ཡིན་ཞེ་ན། སྨྲས་པ། ཐམས་ཅད་ལ་བྱེ་བྲག་ཡོད་དེ། འདོད་པའི་
ཁམས་སུ་སྐྱེས་པ་རང་གི་མིག་གིས་རང་གི་གཟུགས་རྣམས་ལ་ལྟ་བ་ནི་ཐམས་ཅད་རང་གི་ས་པ་ཡིན་ནོ། །དེ་ཉིད་རང་གི་གཟུགས་རྣམས་ལ་བསམ་གཏན་དང་པོའི་མིག་གིས་ལྟ་བ་ན་ལུས་དང་གཟུགས་དག་ནི་རང་གི་ས་པ་ཡིན་ལ། རྣམ་པར་ཤེས་པ་དང་མིག་དག་ནི་དེའི་ས་པ་ཡིན་ནོ། །བསམ་གཏན་དང་པོའི་
ས་པ་དག་ལ་ལྟ་ན་ནི་གཟུགས་རྣམས་ཀྱང་དེའི་ས་པ་ཡིན་ནོ། །རང་གི་གཟུགས་རྣམས་ཀྱང་བསམ་གཏན་གཉིས་པའི་མིག་གིས་ལྟ་བ་ན་ལུས་དང་གཟུགས་དག་ནི་རང་གི་ས་པ་ཡིན་ལ། མིག་ནི་དེའི་ས་པ་ཡིན་ནོ། །མིག་གི་རྣམ་པར་ཤེས་པའི་ས་ནི་བསམ་གཏན་དང་པོའི་ས་པ་ཡིན་ནོ། །བསམ་གཏན་དང་
པོའི་ས་པ་དག་ལ་ལྟ་བ་ན་རྣམ་པར་ཤེས་པ་དང་གཟུགས་དག་ནི་དེའི་ས་པ་ཡིན་ལ། ལུས་ནི་འདོད་པ་ན་སྤྱོད་པ་ཡིན་ནོ། །མིག་ནི་བསམ་གཏན་གཉིས་པའི་ས་པ་ཡིན་ནོ། །བསམ་གཏན་གཉིས་པའི་ས་པ་དག་ལ་ལྟ་བ་ན་མིག་དང་གཟུགས་དག་ནི་དེའི་ས་པ་ཡིན་ལ། ལུས་ནི་འདོད་པ་ན་སྤྱོད་པ་ཡིན་ནོ། །རྣམ་
པར་ཤེས་པ་ནི་བསམ་གཏན་དང་པོའི་ས་པ་ཡིན་ཏེ། དེ་ལྟར་བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པའི་ས་པའི་མིག་གིས་དེ་དག་གི་ས་པ་དང་། ས་འོག་མ་པའི་གཟུགས་རྣམས་ལ་ལྟ་བ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །བསམ་གཏན་དང་པོའི་སྐྱེས་པ་རང་གི་མིག་གིས་རང་གི་གཟུགས་རྣམས་ལ་
ལྟ་བ་ན་ཐམས་ཅད་རང་གི་ས་པ་ཡིན་ནོ། །འོག་མ་རྣམས་ལ་ལྟ་བ་ནི་གསུམ་རང་གི་ས་པ་ཡིན་ནོ། །རང་གི་གཟུགས་རྣམས་ལ་བསམ་གཏན་གཉིས་པའི་མིག་གིས་ལྟ་བ་ན་གསུམ་ནི་རང་གི་ས་པ་ཡིན་ལ། མིག་ནི་དེའི་ས་པ་ཡིན་ནོ། །འདོད་པ་ན་སྤྱོད་པ་རྣམས་ལ་ལྟ་བ་ན་ལུས་དང་རྣམ་པར་ཤེས་པ་དག་ནི་རང་གི་
ས་པ་ཡིན་ལ། གཟུགས་རྣམས་ནི་འོག་མ་པ་ཡིན་ནོ། །མིག་ནི་དེའི་ས་པ་ཡིན་ནོ། །བསམ་གཏན་གཉིས་པ་རྣམས་ལ་ལྟ་བ་ན་མིག་དང་གཟུགས་ནི་དེའི་ས་པ་ཡིན་ལ། ལྷག་མ་ནི་རང་གི་ས་པ་ཡིན་ཏེ། བསམ་གཏན་གསུམ་པ་ལ་སོགས་པའི་མིག་གིས་ལྟ་བའི་ཡང་དེ་བཞིན་དུ་སྦྱར་རོ། །བསམ་
Vol. 140 · folio 52a
གཏན་གཉིས་པ་ལ་སོགས་པར་སྐྱེས་པ་རང་དང་གཞན་གྱི་མིག་དག་གིས་རང་དང་གཞན་གྱི་ས་པའི་གཟུགས་རྣམས་ལ་ལྟ་བ་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །འདི་ནི་ངེས་པ་ཡིན་ཏེ། ལུས་ལ་འོག་མའི་མིག་མ་ཡིན། །ལུས་དང་མིག་དང་གཟུགས་རྣམས་ནི་འདོད་པ་ན་སྤྱོད་པ་ནས་
བསམ་གཏན་བཞི་པའི་བར་ས་ལྔ་པ་ཡིན་ནོ། །མིག་གི་རྣམ་པར་ཤེས་པ་ནི་འདོད་པ་ན་སྤྱོད་པ་དང་། བསམ་གཏན་དང་པོའི་ས་པ་དང་། ས་གཉིས་པ་ཡིན་ནོ། །དེ་ལ་ས་གང་བའི་ལུས་ཡིན་པ་ས་དེ་པ་འམ། ས་གོང་མ་པའི་མིག་ཡིན་གྱི་ས་འོག་མ་པ་ནི་མ་ཡིན་ནོ། །འདིའི་མིག་གི་ཡུལ་ནི་དེའི་ས་པ་འམ། ས་
འོག་མ་པའི་གཟུགས་ཡིན་གྱི། མིག་གི་གོང་མའི་གཟུགས་མ་ཡིན། །ས་གོང་མ་པའི་གཟུགས་ས་འོག་མ་པའི་མིག་གིས་མཐོང་བར་ནི་ནམ་ཡང་མི་ནུས་སོ། །རྣམ་པར་ཤེས་པའང་། གོང་མ་ནི་མིག་གི་མ་ཡིན་ཏེ། གཟུགས་བཞིན་ནོ། །དེ་ཡི་གཟུགས། ལུས་ཀྱིའང་གཉི་ག་ཐམས་ཅད་དུ། །དེའི་ཞེས་བྱ་བ་
བཤད་མ་ཐག་པའི་མིག་གི་རྣམ་པར་ཤེས་པའི་ཡུལ་ནི་གོང་མ་དང་འོག་མ་དང་རང་གི་ས་པའི་གཟུགས་ཐམས་ཅད་དུ་ཡིན་ལ། ལུས་ཀྱིའང་གཟུགས་དང་། རྣམ་པར་ཤེས་པ་དག་ཐམས་ཅད་དུ་ཡིན་ནོ། །ཇི་ལྟར་མིག་འདི་རྒྱས་པར་བཤད་པ་ལྟར། རྣ་བའང་དེ་བཞིན་དུ་རིག་པར་བྱ་སྟེ། ལུས་ལ་འོག་མའི་རྣ་བ་
ཡིན། །རྣ་བའི་གོང་མའི་སྒྲ་མ་ཡིན། །རྣམ་པར་ཤེས་པའང་དེའི་སྒྲ། །ལུས་ཀྱིའང་གཉི་ག་ཐམས་ཅད་དུ་ཞེས་རྒྱས་པར་སྦྱར་བར་བྱའོ། །གསུམ་དག་ནི། ཐམས་ཅད་རང་གི་ས་པ་ཉིད། །སྣ་དང་ལྕེ་དང་ལུས་ཀྱི་ཁམས་རྣམས་ཀྱི་ལུས་དང་རང་གི་ཡུལ་དང་རྣམ་པར་ཤེས་པ་རྣམས་རང་གི་ས་པ་ཁོ་ན་ཡིན་ནོ། །དེ་
ལྟར་བྱེ་བྲག་ཏུ་མ་ཕྱེ་བར་སྤྱིར་བསྟན་ནས། ཡང་བྱེ་བྲག་ཏུ་དབྱེ་བའི་ཕྱིར་དམིགས་ཀྱིས་བསལ་བ་རྩོམ་སྟེ། ལུས་ཀྱི་རྣམ་ཤེས་འོག་དང་ནི། །རང་གི་ས། ལུས་དང་ལུས་ཀྱི་ཁམས་དང་རེག་བྱ་ནི་རྟག་ཏུ་རང་གི་ས་པ་དག་ཁོ་ན་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་ཁ་ཅིག་གི་ནི་རང་གི་ས་པ་ཡིན་ཏེ། འདི་ལྟ་སྟེ་
འདོད་པའི་ཁམས་དང་བསམ་གཏན་དང་པོར་སྐྱེས་པ་རྣམས་ཀྱི་ལྟ་བུའོ། །ཁ་ཅིག་གི་ནི་ས་འོག་མ་ཡིན་པས་ཏེ། འདི་ལྟ་སྟེ། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་རྣམས་ཀྱི་ལྟ་བུའོ། །ཡིད་མ་ངེས་ཏེ། རེས་འགའ་ནི་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་ཆོས་དག་དང་མཚུངས་པའི་ས་པའི་ཡིད་
Vol. 140 · folio 52b
ཡིན་ལ། རེས་འགའ་ནི་ས་གོང་མ་དང་འོག་མ་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ས་ལྔ་པའི་ལུས་ལ་ཡང་སྙོམས་པར་འཇུག་པ་དང་། སྐྱེ་བའི་ཚེ་ཡིད་ལ་སོགས་པ་ཅི་རིགས་པར་ས་ཐམས་ཅད་པ་དག་ཡིན་ཏེ། འདི་རྒྱས་པར་ནི་སྙོམས་པར་འཇུག་པ་བསྟན་པའི་མཛོད་ཀྱི་གནས་ནས་འཆད་པར་འགྱུར་རོ། །
ཚིག་གི་ཁུར་ཧ་ཅང་མངས་པ་ཡོངས་སུ་སྤང་བའི་ཕྱིར་ད་ནི་མི་བཤད་དེ། དགོས་པ་ཆུང་ལ་ངལ་བ་ཆེ་བའི་ཕྱིར་རོ། །ཞར་ལ་འོངས་པའི་སྐབས་རྫོགས་སོ།། །།ད་ནི་འདི་དཔྱད་པར་བྱ་སྟེ། ཁམས་བཅྭ་བརྒྱད་དང་། རྣམ་པར་ཤེས་པ་དྲུག་པོ་རྣམས་ལ་གང་ཞིག་རྣམ་པར་ཤེས་པ་གང་དག་གིས་རྣམ་པར་
ཤེས་པར་བྱ་བ་ཡིན་ཞེ་ན། སྨྲས་པ། གཉིས་ཀྱིས་རྣམ་པར་ཤེས་ཕྱིར་ལྔ། །གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ནི་གྲངས་བཞིན་དུ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པ་དག་གིས་ཉམས་སུ་མྱོང་ནས་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་ཏེ། དེ་ལྟར་ན་དེ་དག་ནི་རེ་རེ་ཞིང་རྣམ་
པར་ཤེས་པ་གཉིས་ཀྱིས་རྣམ་པར་ཤེས་པར་བྱ་བ་ཡིན་ནོ། །ཁམས་ལྷག་མ་བཅུ་གསུམ་ནི་རྣམ་པར་ཤེས་པའི་ཚོགས་ལྔའི་ཡུལ་མ་ཡིན་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་པུས་རྣམ་པར་ཤེས་པར་བྱ་བ་ཡིན་ནོ་ཞེས་རྣམ་པར་བཤད་པར་འགྱུར་རོ། །རྟག་པ་རྣམས་ནི་དུ། མི་རྟག་པ་རྣམས་ནི་དུ་
ཞེ་ན། ཁམས་གཅིག་རིལ་པོར་རྟག་པ་ནི་མེད་མོད་ཀྱི། འོན་ཀྱང་། འདུས་མ་བྱས་ཆོས་རྟག་པའོ། །དེས་ན་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་རྟག་ལ། ལྷག་མ་རྣམས་ནི་མི་རྟག་པ་ཡིན་ནོ། །དབང་པོ་རྣམས་ནི་དུ། དབང་པོ་མ་ཡིན་པ་རྣམས་ནི་དུ་ཞེ་ན། ཆོས་ཀྱི་ཕྱེད་དང་གང་དག་ནི། །བཅུ་གཉིས་
ནང་གིར་བཤད་དབང་པོ། །མདོ་ལས། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་དང་། མོའི་དབང་པོ་དང་། ཕོའི་དབང་པོ་དང་། སྲོག་གི་དབང་པོ་དང་། བདེ་བའི་དབང་པོ་དང་། སྡུག་བསྔལ་གྱི་དབང་པོ་དང་། ཡིད་བདེ་
བའི་དབང་པོ་དང་། ཡིད་མི་བདེ་བའི་དབང་པོ་དང་། བཏང་སྙོམས་ཀྱི་དབང་པོ་དང་། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་།
Vol. 140 · folio 53a
ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་། དབང་པོ་ཉི་ཤུ་རྩ་གཉིས་གསུངས་པ་ལ་ཆོས་མངོན་པ་པ་རྣམས་ནི་སྐྱེ་མཆེད་དྲུག་གི་གོ་རིམས་རྣམ་པར་གཞག་པ་ལ་མ་གུས་པས་ཡིད་ཀྱི་དབང་པོ་སྲོག་གི་དབང་པོའི་མཇུག་ཐོགས་སུ་འདོན་ཏེ། དམིགས་པ་དང་བཅས་པའི་ཕྱིར་རོ། །དེ་ལ་
ཆོས་ཀྱི་ཕྱེད་ནི་སྲོག་གི་དབང་པོ་ལ་སོགས་པ་དབང་པོ་བཅུ་གཅིག་དང་། གསུམ་པོ་དག་གི་ཆ་སྟེ། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཡིན་པའི་ཕྱིར་རོ། །ནང་གི་བཅུ་གཉིས་ནི་མིག་ལ་སོགས་པ་རང་གི་མིང་གིས་སྨོས་པ་ལྔ་དང་། ཡིད་ཀྱི་དབང་པོ་ནི་སེམས་ཀྱི་ཁམས་བདུན་ནོ། །ཕོ་དང་མོའི་དབང་པོ་དག་ནི་ལུས་ཀྱི་
ཁམས་ཀྱི་ཕྱོགས་ཡིན་ནོ་ཞེས་འོག་ནས་འཆད་དོ། །ལྷག་མ་ཁམས་ལྔ་པོ་དེ་དག་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་ནི་དབང་པོ་མ་ཡིན་པ་ཞེས་བྱ་བ་འགྲུབ་བོ། །ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་ལས་ཁམས་བསྟན་པ་ཞེས་བྱ་བ་སྟེ་མཛོད་ཀྱི་གནས་དང་པོའོ།། །།དབང་པོ་རྣམས་བཤད་པ་
ལ་དབང་པོའི་དོན་ཅི་ཞེ་ན། དབང་ནི་དབང་ཕྱུག་དམ་པའོ། །དེ་དབང་བྱེད་པས་ན་དབང་པོ་རྣམས་ཏེ། དེའི་ཕྱིར་དབང་བྱེད་པའི་དོན་ནི་དབང་པོའི་དོན་ཏོ། །འདི་དག་ལས་གང་ཞིག་གང་ལ་དབང་བྱེད་ཅེ་ན། ལྔ་པོ་རྣམས་ནི་དོན་བཞི་ལ་དབང་བྱེད། རེ་ཞིག་མིག་དང་། རྣ་བ་དག་རེ་རེ་ཞིང་དོན་བཞི་ལ་དབང་བྱེད་
པ་ནི་ལོང་བ་དང་འོན་པ་དག་ནི་མི་མཛེས་པའི་ངོ་བོ་ཡིན་པའི་ཕྱིར་ལུས་མཛེས་པར་བྱ་བ་དང་། མཐོང་བ་དང་། ཐོས་ནས་ཡང་བ་ཡོངས་སུ་སྤོང་བའི་ཕྱིར་ལུས་ཡོངས་སུ་བསྲུང་བ་དང་། མིག་དང་རྣ་བའི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་དག་སྐྱེད་པ་དང་། གཟུགས་བལྟ་བ་དང་སྒྲ་མཉན་པ་
དག་གི་ཐུན་མོང་མ་ཡིན་པའི་རྒྱུ་ཉིད་ལ་དབང་བྱེད་པའོ། །སྣ་དང་ལྕེ་དང་ལུས་རྣམས་ནི་སྔ་མ་བཞིན་དུ་མཛེས་པར་བྱ་བ་ལ་དབང་བྱེད་པ་དང་། དེ་དག་གི་ཁམ་གྱི་ཟས་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་ལུས་ཡོངས་སུ་བསྲུང་བ་ལ་དབང་བྱེད་པ་དང་། སྣ་ལ་སོགས་པའི་རྣམ་པར་ཤེས་པས་མཚུངས་པར་
ལྡན་པ་དང་བཅས་པ་རྣམས་སྐྱེད་པ་དང་། དྲི་བསྣམས་པ་དང་རོ་མྱང་བ་དང་། རེག་བྱ་རེག་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ཉིད་ལ་དབང་བྱེད་པའོ། །བཞི་རྣམས་གཉིས་ལ་ལོ། །ཕོ་དང་མོ་དང་སྲོག་དང་ཡིད་ཀྱི་དབང་པོ་རྣམས་ནི་རེ་རེ་ཞིང་དོན་གཉིས་ལ་དབང་བྱེད་དེ། རེ་ཞིག་ཕོ་དང་མོའི་དབང་པོ་དག་ནི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words