ཆོས་མངོན་པའི་མཛོད་ཀྱི་བཤད་པ
Sanskrit title (Tibetan script, as in the text) ཨ་བྷི་དྷརྨྨ་ཀོ་ཥཾ་བྷཱ་ཥྱཾ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 140 · folio 53b
སེམས་ཅན་གྱི་བྱེ་བྲག་དང་། ཁྱད་པར་དག་ལ་དབང་བྱེད་དེ། དེ་ལ་སེམས་ཅན་གྱི་བྱེ་བྲག་ནི་ཕོའོ་མོའོ་ཞེས་བྱའོ། །སེམས་ཅན་གྱི་ཁྱད་པར་ནི་ནུ་མ་ལ་སོགས་པ་དབྱིབས་དང་ང་རོ་དང་སྤྱོད་པ་གཞན་པ་ཉིད་དོ། །གཞན་དག་ན་རེ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་ལ་དབང་བྱེད་དེ། འདི་ལྟར་དེ་དག་
དང་མི་ལྡན་པ་དང་། ཉམས་པ་ཟ་མ་དང་མ་ནིང་དང་། མཚན་གཉིས་པ་རྣམས་ལ་སྡོམ་པ་མ་ཡིན་པ་དང་། མཚམས་མེད་པ་དང་། དགེ་བའི་རྩ་བ་ཀུན་ཏུ་ཆད་པ་དང་། སྡོམ་པ་དང་། འབྲས་བུ་འཐོབ་པ་དང་། འདོད་ཆགས་དང་བྲལ་བ་རྣམས་མེད་དོ་ཞེས་ཟེར་རོ། །སྲོག་གི་དབང་པོ་ནི་རིས་མཐུན་
པར་མཚམས་སྦྱོར་བ་དང་། ཡང་དག་པར་འཛིན་པ་དག་ལ་དབང་བྱེད་དོ། །ཡིད་ཀྱི་དབང་པོ་ནི་ཡང་སྲིད་པར་མཚམས་སྦྱོར་བ་དང་། དབང་གི་ངོ་བོ་དང་མཐུན་པར་བྱེད་པ་དག་ལ་དབང་བྱེད་དེ། དེ་ལ་ཡང་སྲིད་པར་མཚམས་སྦྱོར་བ་ལ་དབང་བྱེད་པ་ནི་ཇི་སྐད་དུ། དེའི་ཚེ་དྲི་ཟའི་སེམས་གཉིས་པོ་རྗེས་སུ་
ཆགས་པ་དང་། ལྷན་ཅིག་པར་གྱུར་པ་འམ། ཁོང་ཁྲོ་བ་དང་ལྷན་ཅིག་པར་གྱུར་པ་གང་ཡང་རུང་བ་ཞིག་མངོན་དུ་གྱུར་ན་ཞེས་གསུངས་པ་ལྟ་བུའོ། །དབང་གི་ངོ་བོ་དང་མཐུན་པར་བྱེད་པ་ལ་དབང་བྱེད་པ་ནི་ཇི་སྐད་དུ། འཇིག་རྟེན་འདི་ནི་སེམས་ཀྱིས་ཁྲིད་དོ་ཞེས་རྒྱས་པར་གསུངས་པ་ལྟ་བུའོ། །བདེ་བ་
ལ་སོགས་པའི་དབང་པོ་ལྔ་གང་ཡིན་པ་དང་། དད་པ་ལ་སོགས་པ་གང་དག་ཡིན་པ། ལྔ་དང་བརྒྱད་པོ་དེ་རྣམས་ནི། །ཀུན་ནས་ཉོན་མོངས་རྣམ་བྱང་ལ། །གོ་རིམས་བཞིན་དུ་དབང་བྱེད་དེ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། བདེ་བ་ལ་སོགས་པ་ལྔ་པོ་དག་ནི་ཀུན་ནས་ཉོན་མོངས་པ་ལ་དབང་བྱེད་དེ། དེ་དག་ལ་
འདོད་ཆགས་ལ་སོགས་པ་རྒྱས་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །དད་པ་ལ་སོགས་པ་རྣམས་ནི་རྣམ་པར་བྱང་བ་ལ་དབང་བྱེད་དེ། དེ་དག་གིས་རྣམ་པར་བྱང་བར་བྱེད་དོ། །གཞན་དག་ན་རེ་བདེ་བ་ལ་སོགས་པ་རྣམས་ནི་རྣམ་པར་བྱང་བ་ལ་ཡང་དབང་བྱེད་དེ། འདི་ལྟར་བདེ་བར་གྱུར་པའི་སེམས་མཉམ་པར་འཇོག་
པར་འགྱུར་རོ་ཞེས་བྱ་བ་དང་། སྡུག་བསྔལ་གྱི་རྒྱུ་ཅན་གྱི་དད་པ་ཞེས་བྱ་བ་དང་། ཡིད་བདེ་བ་ལ་སོགས་པ་ངེས་པར་འབྱུང་བ་ལ་རྟེན་པ་དྲུག་ཅེས་འབྱུང་བའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་རྣམ་པར་ཤེས་ནས་ཡང་བ་ཡོངས་སུ་སྤོང་བའི་ཕྱིར་མིག་དང་རྣ་བ་དག་གིས་ལུས་ཡོངས་སུ་བསྲུང་བ་ནི་མ་
Vol. 140 · folio 54a
ཡིན་པ་ཉིད་ཀྱི་དེ་གཉིས་རྣམ་པར་ཤེས་པ་ལ་ནི་དབང་བྱེད་དོ། །གང་གི་ཕྱིར་དེ་གཉིས་ཐུན་མོང་མ་ཡིན་པའི་རྒྱུ་ཉིད་ལ་སོ་སོར་དབང་བྱེད་པར་རུང་བར་འགྱུར་བ་རྣམ་པར་ཤེས་པ་ལས་གཞན་པ་གཟུགས་མཐོང་བ་འམ་སྒྲ་ཐོས་པ་ཡང་མེད་པ་དེའི་ཕྱིར་དེ་དག་དེ་ལྟ་བུར་ནི་དབང་པོ་ཉིད་མ་ཡིན་
ནོ། །འོ་ན་ཇི་ལྟ་བུ་ཡིན་ཞེ་ན། རང་གི་དོན་དང་ཐམས་ཅད་ལ། །དམིགས་པར་དབང་བྱེད་ཕྱིར་དབང་དྲུག །མིག་ལ་སོགས་པ་ལྔ་པོ་དག་ནི་རང་རང་གི་དོན་ལ་དམིགས་པར་བྱ་བ་ལ་དབང་བྱེད་དོ། །ཡིད་ནི་དོན་ཐམས་ཅད་ལ་དམིགས་པར་བྱ་བ་ལ་དབང་བྱེད་དེ། དེའི་ཕྱིར་དེ་དག་ནི་སོ་སོར་དབང་པོ་
ཡིན་ནོ། །འདི་ལ་དོན་རྣམས་ཀྱང་དབང་བྱེད་པ་མ་ཡིན་ནམ་ཞེ་ན། དབང་བྱེད་པ་མ་ཡིན་ཏེ། ལྷག་པར་དབང་བྱེད་པ་ཉིད་ནི་དབང་བྱེད་པ་ཉིད་ཡིན་ལ། མིག་ནི་གཟུགས་ཐམས་ཅད་ལ་དམིགས་པར་བྱ་བ་ལ་ཐུན་མོང་གི་རྒྱུ་ཡིན་པའི་ཕྱིར་དང་། དམིགས་པ་དེ་གསལ་བ་དང་མི་གསལ་བ་ཉིད་ལ་སོགས་
པའི་རྗེས་སུ་བྱེད་པའི་ཕྱིར་གཟུགས་ལ་དམིགས་པར་བྱ་བ་ལ་ལྷག་པར་དབང་བྱེད་པ་ཡིན་གྱི། དེ་ལས་བཟློག་པ་ཡིན་པའི་ཕྱིར་གཟུགས་ཀྱི་ནི་མ་ཡིན་ཏེ། ཡིད་ཆོས་རྣམས་ལ་དབང་བྱེད་པའི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །མོ་ཉིད་ཕོ་ཉིད་ལས་དབང་ཕྱིར། །ལུས་ལས་མོ་དང་ཕོའི་དབང་དག །ལུས་
ཀྱི་དབང་པོ་ཁོ་ན་ལས་མོ་དང་ཕོའི་དབང་པོ་དག་རྣམ་པར་བཞག་སྟེ། དོན་ཐ་དད་པར་གྱུར་པ་དག་ནི་མེད་ཀྱི་ལུས་ཀྱི་དབང་པོའི་ཆ་འགའ་སྟེ། མདོམས་ཀྱི་ཕྱོགས་མོ་དང་ཕོའི་དབང་པོའི་མིང་འཐོབ་པ་གང་ཡིན་པ་དེ་ནི་རིམ་བཞིན་དུ་མོ་ཉིད་དང་ཕོ་ཉིད་དག་ལ་དབང་བྱེད་པའི་ཕྱིར་རོ། །དེ་ལ་མོའི་ངོ་བོ་
ནི་རང་བཞིན་ང་རོ་དང་གཡོ་བ་དང་བསམ་པ་དག་སྟེ། དེ་ནི་མོའི་མོ་ཉིད་ཡིན་ནོ། །ཕོའི་ངོ་བོ་ནི་རང་བཞིན་ང་རོ་དང་གཡོ་བ་དང་བསམ་པ་དག་པ་དག་སྟེ། དེ་ནི་ཕོའི་ཕོ་ཉིད་ཡིན་ནོ། །རིགས་གནས་ཀུན་ནས་ཉོན་མོངས་དང་། །རྣམ་པར་བྱང་ལ་དབང་བྱེད་ཕྱིར། །སྲོག་དང་ཚོར་བ་རྣམས་དང་ནི། །དད་
སོགས་དབང་པོ་ལྔར་འདོད་དོ། །སྲོག་གི་དབང་པོ་ནི་རིས་མཐུན་པར་གནས་པར་བྱ་བ་ལ་དབང་བྱེད་དོ། །ཚོར་བ་རྣམས་ནི་ཀུན་ནས་ཉོན་མོངས་པར་བྱ་བ་ལ་དབང་བྱེད་དེ། འདི་ལྟར་མདོ་ལས། བདེ་བའི་ཚོར་བ་ལ་ནི་འདོད་ཆགས་རྒྱས་པར་འགྱུར། སྡུག་བསྔལ་ལ་ནི་ཁོང་ཁྲོ་བ། །སྡུག་བསྔལ་
Vol. 140 · folio 54b
ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ལ་ནི་མ་རིག་པ་ཞེས་གསུངས་སོ། །དད་པ་ལ་སོགས་པ་ལྔ་པོ་དག་ནི་རྣམ་པར་བྱང་བར་བྱ་བ་ལ་དབང་བྱེད་དེ། འདི་ལྟར་དེ་དག་གིས་ཉོན་མོངས་པ་རྣམས་ཀྱང་རྣམ་པར་གནོན་ལ་ལམ་ཡང་འདྲེན་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་དེ་དག་ཀྱང་སོ་སོར་དབང་པོ་ཡིན་པར་འདོད་
དོ། །མྱ་ངན་འདས་སོགས་གོང་ནས་གོང་། །འཐོབ་པ་ལ་ནི་དབང་བྱེད་ཕྱིར། །ཀུན་ཤེས་བྱེད་དང་ཀུན་ཤེས་དང་། །དེ་བཞིན་ཀུན་ཤེས་ལྡན་དབང་པོ། །དེ་བཞིན་ཞེས་བྱ་བའི་སྒྲ་ནི་སོ་སོར་དབང་པོ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དེ་ལ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་ཀུན་ཤེས་པའི་དབང་པོ་འཐོབ་
པར་བྱ་བ་ལ་དབང་བྱེད་དོ། །ཀུན་ཤེས་པའི་དབང་པོ་ནི། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཐོབ་པར་བྱ་བ་ལ་དབང་བྱེད་དོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་ལ་དབང་བྱེད་དེ། སེམས་རྣམ་པར་མ་གྲོལ་བ་ལ་ཡོངས་སུ་མྱ་ངན་ལས་འདའ་བ་མེད་པའི་ཕྱིར་རོ། །སོགས་
པ་ཞེས་བྱ་བའི་སྒྲ་ནི་རྣམ་གྲངས་གཞན་བསྟན་པར་བྱ་བའི་ཕྱིར་ཏེ། རྣམ་གྲངས་གཞན་གང་ཞེ་ན། ཀུན་ཤེས་པར་བྱེད་པའི་དབང་པོ་ནི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་ལ་དབང་བྱེད་དོ། །ཀུན་ཤེས་པའི་དབང་པོ་ནི་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་ལ་དབང་བྱེད་དོ། །ཀུན་
ཤེས་པ་དང་ལྡན་པའི་དབང་པོ་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཕྱིར་དབང་བྱེད་དེ། རྣམ་པར་གྲོལ་བས་དགའ་བ་དང་བདེ་བ་ལ་སོ་སོར་ཡང་དག་པར་མྱོང་བའི་ཕྱིར་རོ། །དབང་བྱེད་པའི་ཕྱིར་དབང་པོ་ཉིད་ཡིན་ན། མ་རིག་པ་ལ་སོགས་པས་ཁ་བསྐང་དགོས་ཏེ། མ་རིག་པ་ལ་སོགས་པ་དག་ཀྱང་
འདུ་བྱེད་ལ་སོགས་པ་རྣམས་ལ་དབང་བྱེད་པས། དེའི་ཕྱིར་དེ་དག་ཀྱང་དབང་པོ་ཉིད་དུ་ཁ་བསྐང་བར་བྱ་ལ། ངག་ལ་སོགས་པ་དག་དང་། ལག་པ་དང་། རྐང་པ་དང་། རྐུབ་དང་། མདོམས་རྣམས་ཀྱང་ཚིག་དང་། ལེན་པ་དང་། འགྲོ་བ་དང་། རྟུག་པ་དང་། ཀུན་ཏུ་དགའ་བའི་བྱ་བ་དག་ལ་དབང་བྱེད་
པའི་ཕྱིར་དབང་པོ་ཉིད་དུ་ཁ་བསྐང་བར་བྱའོ་ཞེ་ན། ཁ་བསྐང་བར་མི་བྱ་སྟེ་འདི་ལྟར་འདིར་ནི། སེམས་ཀྱི་རྟེན་དང་དེའི་བྱེ་བྲག །གནས་དང་ཀུན་ནས་ཉོན་མོངས་ཉིད། །ཚོགས་དང་རྣམ་བྱང་ཇི་སྙེད་པ། །དབང་པོ་དག་ཀྱང་དེ་སྙེད་དུ། །འདོད་དེ། དེ་ལ་སེམས་ཀྱི་རྟེན་ནི་དབང་པོ་དྲུག་དག་ཡིན་ཏེ། སྐྱེ་མཆེད་
Vol. 140 · folio 55a
དྲུག་པོ་དེ་ནི་སེམས་ཅན་གྱི་རྫས་ཀྱི་གཞི་ཡིན་ནོ། །མོ་དང་ཕོའི་དབང་པོ་དག་གིས་ནི་དེ་མོ་དང་ཕོར་བྱེ་བྲག་ཏུ་འབྱེད་དོ། །སྲོག་གི་དབང་པོས་ནི་གནས་པར་བྱེད་དོ། །ཚོར་བ་རྣམས་ཀྱིས་ནི་ཀུན་ནས་ཉོན་མོངས་པར་བྱེད་དོ། །དད་པ་ལ་སོགས་པ་ལྔས་ནི་རྣམ་པར་བྱང་བའི་ཚོགས་སོགས་
པར་བྱེད་དོ། །གསུམ་གྱིས་ནི་རྣམ་པར་བྱང་བར་བྱེད་དེ། དེའི་ཕྱིར་མ་རིག་པ་ལ་སོགས་པ་ནི་དབང་པོ་ཉིད་དུ་མི་འདོད་དོ། །ཡང་ན་འཇུག་པའི་རྟེན་དང་ནི། །སྐྱེ་དང་གནས་དང་ཉེར་སྤྱོད་ལས། །བཅུ་བཞི་དེ་བཞིན་ལྡོག་པ་ལ། །དབང་པོ་རྣམས་ནི་གཞན་ཡིན་ནོ། །ཡང་ན་ཞེས་བྱ་བའི་སྒྲ་ནི་གཞུང་ལུགས་
ཐ་དད་པར་བསྟན་པའི་ཕྱིར་ཏེ། གཞན་དག་ན་རེ་འཇུག་པའི་རྟེན་ནི་དབང་པོ་དྲུག་ཡིན་ནོ། །སྐྱེ་བ་ནི་མོ་དང་ཕོའི་དབང་པོ་དག་ཡིན་ཏེ། དེ་ལས་སྐྱེ་བའི་ཕྱིར་རོ། །གནས་པ་ནི་སྲོག་གི་དབང་པོ་ཡིན་ཏེ། དེས་གནས་པར་བྱེད་པའི་ཕྱིར་རོ། །ཚོར་བ་རྣམས་ཀྱིས་ནི་ཉེ་བར་སྤྱོད་པར་བྱེད་དེ། དེའི་ཕྱིར་དེ་དག་ནི་
དབང་པོ་བཅུ་བཞི་ཡིན་ནོ། །རྣམ་པ་དེ་ཉིད་ཀྱིས་གཞན་དག་ནི་ལྡོག་པ་ཡིན་ཏེ། ལྡོག་པའི་རྟེན་ནི་དད་པ་ལ་སོགས་པ་ཡིན་ནོ། །སྐྱེ་བ་ནི་ཀུན་ཤེས་པར་བྱེད་པའི་དབང་པོ་ཡིན་ནོ། །གནས་པ་ནི་ཀུན་ཤེས་པའི་དབང་པོ་ཡིན་ནོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོས་ནི་ཉེ་བར་སྤྱོད་པར་བྱེད་དོ་ཞེས་ཟེར་ཏེ།
དེའི་ཕྱིར་དབང་པོ་དག་ནི་དེ་སྙེད་ཅིག་ཡིན་ལ། དེ་ཉིད་ཀྱི་ཕྱིར་དེ་དག་གི་གོ་རིམས་ཀྱང་དེ་ཡིན་ནོ། །ངག་གི་ཚིག་སྨྲ་བར་བྱ་བ་ལ་དབང་པོ་ཉིད་མ་ཡིན་ཏེ། སློབ་པའི་ཁྱད་པར་ལྟོས་པའི་ཕྱིར་རོ། །ལག་པ་དང་། རྐང་པ་དང་། ལེན་པ་དང་། འགྲོ་བ་ལས་གཞན་མ་ཡིན་པའི་ཕྱིར་ཏེ། དེ་དག་ཉིད་དེ་
དག་ཡིན་ཏེ། གཞན་དང་གཞན་དུ་འབྱུང་བ་ལ་ལེན་པ་དང་འགྲོ་བ་ཞེས་བྱའོ། །སྦྲུལ་ལ་སོགས་པ་ལ་ལག་པ་དང་། རྐང་པ་མེད་པ་བཞིན་དུ་ཡང་ལེན་ཞིང་འགྲོ་བའི་ཕྱིར་རོ། །རྐུབ་ཀྱང་རྟུག་པར་བྱ་བ་ལ་དབང་པོ་ཉིད་མ་ཡིན་ཏེ། ནམ་མཁའ་ལ་གནས་པའི་རྫས་ལྕི་བ་ཐམས་ཅད་དུ་ལྟུང་བའི་
ཕྱིར་དང་། དེ་རླུང་གིས་ཀྱང་བྲོ་བར་བྱེད་པའི་ཕྱིར་རོ། །མདོམས་ཀྱང་ཀུན་ཏུ་དགའ་བར་བྱ་བ་ལ་དབང་པོ་ཉིད་མ་ཡིན་ཏེ། དགའ་བ་དེ་ནི་མོ་དང་ཕོའི་དབང་པོས་བྱས་པ་ཡིན་པའི་ཕྱིར་རོ། །ལྐོག་མ་དང་། སོ་དང་། མིག་གི་ལམ་དང་ཚིགས་རྣམས་ཀྱང་མིད་པ་དང་། བཅའ་བ་དང་། འབྱེད་པ་དང་།
Vol. 140 · folio 55b
འཛུམས་པ་དང་། བསྐུམས་པ་དང་། བརྐྱང་བའི་བྱ་བ་དག་ལ་དབང་པོ་ཉིད་ཡིན་པའམ། རྒྱུར་གྱུར་པ་ཐམས་ཅད་རང་གི་བྱ་བ་ལ་དབང་པོ་ཉིད་ཡིན་པར་ཐལ་བར་འགྱུར་བས་ངག་ལ་སོགས་པ་དབང་པོ་ཉིད་ཡིན་པར་རིགས་པ་མ་ཡིན་ནོ། །དེ་ལ་མིག་ལ་སོགས་པ་ཕོའི་དབང་པོ་ལ་ཐུག་པ་རྣམས་ནི་
བསྟན་ཟིན་ཏོ། །སྲོག་གི་དབང་པོ་ནི་ལྡན་པ་མ་ཡིན་པ་ཡིན་པའི་ཕྱིར་ལྡན་པ་མ་ཡིན་པ་དག་གི་ནང་ཁོ་ན་ནས་འཆད་པར་འགྱུར་རོ། །དད་པ་ལ་སོགས་པ་རྣམས་ནི་སེམས་ལས་བྱུང་བ་དག་གི་ནང་ནས་འཆད་པར་འགྱུར་རོ། །བདེ་བ་ལ་སོགས་པ་དང་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་བཤད་
པར་བྱ་སྟེ་དེ་བརྗོད་པར་བྱའོ། །ལུས་ཚོར་སིམ་པ་མ་ཡིན་གང་། །སྡུག་བསྔལ་དབང་པོའོ། །སིམ་པ་མ་ཡིན་པ་ཞེས་བྱ་བ་ནི་གནོད་པར་བྱེད་པ་སྟེ་སྡུག་བསྔལ་ཞེས་བྱ་བའི་ཐ་ཚིག་གོ། །སིམ་པ་ནི་བདེ་བའོ། །ལུས་ཀྱི་ཚོར་བ་སིམ་པ་ནི་བདེ་བའི་དབང་པོའོ། །སིམ་པ་ཞེས་བྱ་བ་ནི་ཕན་འདོགས་
པ་སྟེ་བདེ་བ་ཞེས་བྱ་བའི་ཐ་ཚིག་གོ། །བསམ་གཏན་གསུམ་པ་ན། སེམས་ཀྱི་དེ་ནི་བདེ་དབང་པོ། །བསམ་གཏན་གསུམ་པ་ན་ནི་སེམས་ཀྱི་ཚོར་བ་སིམ་པ་དེ་ཉིད་བདེ་བའི་དབང་པོ་ཡིན་ཏེ། དེ་ན་རྣམ་པར་ཤེས་པའི་ཚོགས་ལྔ་མེད་པའི་ཕྱིར་ལུས་ཀྱི་ཚོར་བ་ནི་མེད་དོ། །གཞན་ན་དེ་ཡིས་བདེ་བ་ཡིན། །
བསམ་གཏན་གསུམ་པ་ལས་གཞན་པ་འདོད་པའི་ཁམས་དང་། བསམ་གཏན་དང་པོ་དང་། གཉིས་པ་ན་ནི་སེམས་ཀྱི་ཚོར་བ་སིམ་པ་གང་ཡིན་པ་དེ་ཡིད་བདེ་བའི་དབང་པོ་ཡིན་ནོ། །བསམ་གཏན་གསུམ་པ་ན་ནི་དགའ་བའི་འདོད་ཆགས་དང་བྲལ་བའི་ཕྱིར་བདེ་བའི་དབང་པོ་ཁོ་ན་ཡིན་གྱི་ཡིད་བདེ་བ་ནི་མ་ཡིན་ཏེ།
དགའ་བ་ནི་ཡིད་བདེ་བ་ཡིན་ནོ། །སེམས་ཀྱི་སིམ་པ་མ་ཡིན་པ། ཡིད་མི་བདེ་བའོ་བཏང་སྙོམས་ནི་བར་མའོ། །སིམ་པ་ཡང་མ་ཡིན་སིམ་པ་མ་ཡིན་པ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་བར་མ་ཞེས་བྱ་སྟེ། དེ་ནི་བཏང་སྙོམས་ཀྱི་དབང་པོ་ཡིན་ནོ། །ཅི་ལུས་ཀྱི་འམ།
སེམས་ཀྱི་ཞེས་བྱ་ཞེ་ན། སྨྲས་པ། གཉི་གའི་ཡིན་ནོ། །ཅིའི་ཕྱིར་འདི་བསྡུས་ནས་དབང་པོ་གཅིག་ཏུ་བྱས་ཤེ་ན། མི་རྟག་ཕྱིར། སེམས་ཀྱི་བདེ་བ་དང་། སྡུག་བསྔལ་ནི་ཕལ་ཆེར་རྣམ་པར་རྟོག་པ་ལས་སྐྱེའི་ལུས་ཀྱི་ནི་མ་ཡིན་ནོ། །ཡུལ་གྱི་དབང་གིས་ནི་དགྲ་བཅོམ་པ་རྣམས་ལ་ཡང་སྐྱེ་བས།
Vol. 140 · folio 56a
དེའི་ཕྱིར་དེ་དག་དབང་པོ་ཉིད་དུ་ཐ་དད་ཀྱི་ལུས་ཀྱི་དང་སེམས་ཀྱི་བཏང་སྙོམས་ནི་རྣམ་པར་མི་རྟོག་པ་ཁོ་ནར་རང་གི་ངང་གིས་སྐྱེ་བས་དབང་པོ་གཅིག་ཏུ་བྱས་སོ། །ལུས་ཀྱི་བདེ་བ་ཡང་གཞན་དུ་ཕན་འདོགས་ལ། སེམས་ཀྱི་ཡང་གཞན་དུ་ཕན་འདོགས་སོ། །དེ་བཞིན་དུ་ལུས་ཀྱི་
སྡུག་བསྔལ་ཡང་གཞན་དུ་གནོད་པ་བྱེད་ལ། སེམས་ཀྱི་ཡང་གཞན་དུ་གནོད་པ་བྱེད་དོ། །བཏང་སྙོམས་ལ་ནི་བྱེ་བྲག་དེ་མེད་དེ། དེ་བས་ན། བཏང་སྙོམས་ནི་བྱེ་བྲག་མེད་པས་ཐ་དད་པ་མེད་དོ། །མཐོང་བསྒོམ་མི་སློབ་ལམ་ལ་དགུ། །གསུམ་ཡིན། ཡིད་དང་། བདེ་བ་དང་། ཡིད་བདེ་བ་དང་། བཏང་
སྙོམས་རྣམས་དང་། དད་པ་ལ་སོགས་པ་ལྔ་དང་དབང་པོ་དགུ་པོ་དེ་དག་ནི་ལམ་གསུམ་དག་ཏུ་དབང་པོ་གསུམ་ཞེས་བྱ་སྟེ། མཐོང་བའི་ལམ་ལ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱའོ། །བསྒོམ་པའི་ལམ་ལ་ནི་ཀུན་ཤེས་པའི་དབང་པོ་ཞེས་བྱའོ། །མི་སློབ་པའི་ལམ་ལ་ནི་ཀུན་ཤེས་
པ་དང་ལྡན་པའི་དབང་པོ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། མཐོང་བའི་ལམ་ལ་ནི་མི་ཤེས་པ་ཀུན་ཤེས་པར་བྱ་བར་ཞུགས་པ་ཡིན་ནོ། །བསྒོམ་པའི་ལམ་ལ་ནི་སྔོན་མ་མཐོང་བ་ཀུན་ཤེས་པར་བྱ་བ་ནི་མེད་ཀྱི། ཕྲ་རྒྱས་ལྷག་མ་སྤང་བར་བྱ་བའི་ཕྱིར་དེ་ཉིད་ཀུན་ཤེས་པར་བྱེད་དོ། །མི་སློབ་པའི་ལམ་ལ་ནི་ཀུན་ཤེས་
སོ་སྙམ་དུ་རྟོགས་པ་ནི་ཀུན་ཤེས་པ་སྟེ། དེ་འདི་ལ་ཡོད་པས་སམ། འདི་ཀུན་ཤེས་པ་སྲུང་བའི་ངང་ཚུལ་ཅན་ཡིན་པས་ན་ཀུན་ཤེས་པ་དང་ལྡན་པའོ། །ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ཐོབ་པའི་ཕྱིར་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་ཏེ་ཡང་ཡོངས་སུ་ཤེས་པར་བྱར་མེད་དོ་སྙམ་པ་སྟེ། དེ་ལྟ་བུའི་དབང་
པོ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཡིན་ནོ། །རང་གི་ངོ་བོ་བསྟན་ནས་ཟག་པ་དང་བཅས་པ་རྣམས་ནི་དུ། ཟག་པ་མེད་པ་རྣམས་ནི་དུ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྣམ་པའི་བྱེ་བྲག་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་བཤད་མ་ཐག་པ་གང་དག་ཡིན་པ་དེ། གསུམ་ནི་
དྲི་མ་མེད་པ། ཟག་པ་མེད་པ་ཞེས་བྱ་བའི་ཐ་ཚིག་སྟེ། དྲི་མ་རྣམས་ནི་ཟག་པའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །གཟུགས་ཅན་སྲོག་དང་སྡུག་བསྔལ་དག །ཟག་དང་བཅས་པ། དབང་པོ་གཟུགས་ཅན་བདུན་དང་། སྲོག་གི་དབང་པོ་དང་། སྡུག་བསྔལ་དང་། ཡིད་མི་བདེ་བའི་དབང་པོ་དག་ནི་གཅིག་ཏུ་ཟག་
Vol. 140 · folio 56b
པ་དང་བཅས་པ་ཡིན་ནོ། །གཟུགས་ཅན་བདུན་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། མོ་དང་ཕོའི་དབང་པོ་རྣམས་ཏེ། གཟུགས་ཀྱི་ཕུང་པོས་བསྡུས་པའི་ཕྱིར་རོ། །དགུ་རྣམ་གཉིས། ཡིད་དང་བདེ་བ་དང་། ཡིད་བདེ་བ་དང་བཏང་སྙོམས་དག་དང་། དད་པ་ལ་སོགས་པ་ལྔ་དང་། དབང་པོ་དགུ་
པོ་དེ་དག་ནི་ཟག་པ་དང་བཅས་པ་ཡང་ཡིན་ལ་ཟག་པ་མེད་པ་ཡང་ཡིན་ནོ། །ཁ་ཅིག་ན་རེ་དད་པ་ལ་སོགས་པ་རྣམས་ནི་ཟག་པ་མེད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་གང་ལ་དབང་པོ་ལྔ་པོ་འདི་དག་ཐམས་ཅད་དུ་ཐམས་ཅད་མེད་པ་དེ་ནི་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པར་ང་སྨྲའོ་ཞེས་གསུངས་
སོ་ཞེས་ཟེར་རོ། །དེ་ནི་ཁུངས་སུ་མི་རུང་སྟེ། ཟག་པ་མེད་པ་རྣམས་ཀྱི་དབང་དུ་མཛད་ནས་གསུངས་པའི་ཕྱིར་རོ། །འདི་ལྟར་འཕགས་པའི་གང་ཟག་རྣམ་པར་གཞག་པ་མཛད་ནས་གང་ལ་དབང་པོ་འདི་དག་ཅེས་གསུངས་པའི་ཕྱིར་རོ། །ཡང་ན་སོ་སོའི་སྐྱེ་བོ་ནི་རྣམ་པ་གཉིས་ཏེ། ནང་པ་དང་། ཕྱི་རོལ་པའོ། །
ནང་པ་ནི་དགེ་བའི་རྩ་བ་ཀུན་ཏུ་མ་ཆད་པའོ། །ཕྱི་རོལ་པ་ནི་དགེ་བའི་རྩ་བ་ཀུན་ཏུ་ཆད་པ་སྟེ། དེའི་དབང་དུ་མཛད་ནས་ཕྱི་རོལ་སོ་སོའི་སྐྱེ་བོའི་ཕྱོགས་ལ་གནས་པར་ང་སྨྲའོ་ཞེས་གསུངས་པ་ཡིན་ནོ། །མདོ་ལས་ཀྱང་སེམས་ཅན་འཇིག་རྟེན་དུ་སྐྱེས་ཤིང་འཇིག་རྟེན་དུ་རྒས་པ་རྣམས་ལ་དབང་པོ་རྣོན་པོ་དག་ཀྱང་
མཆིས། དབང་པོ་འབྲིང་པོ་དག་ཀྱང་མཆིས། དབང་པོ་རྟུལ་པོ་དག་ཀྱང་མཆིས་སོ་ཞེས་ཆོས་ཀྱི་འཁོར་ལོ་མ་བསྐོར་བ་ཁོ་ནའི་ཚེ་གསུངས་ཏེ། དེའི་ཕྱིར་དད་པ་ལ་སོགས་པ་ཟག་པ་དང་བཅས་པ་དག་ཀྱང་ཡོད་པ་ཉིད་དོ། །ཡང་ངས་ཇི་སྲིད་དུ་དབང་པོ་ལྔ་པོ་འདི་དག་གི་ཀུན་འབྱུང་བ་དང་། མི་སྣང་བ་དང་།
རོ་མྱོང་བ་དང་། ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་མ་ཤེས་པ་དེ་སྲིད་དུ་ང་འཇིག་རྟེན་ལྷ་དང་བཅས་པ་འདི་ལས་ཞེས་རྒྱས་པར་གསུངས་ཏེ། ཟག་པ་མེད་པ་རྣམས་ལ་ནི་ཡོངས་སུ་བརྟག་པའི་རྣམ་པ་འདི་མེད་དོ། །དབང་པོ་དུ་ནི་རྣམ་པར་སྨིན་པ་དག་ཡིན། དུ་ནི་རྣམ་པར་
སྨིན་པ་མ་ཡིན་པ་དག་ཡིན་ཞེ་ན། རེ་ཞིག་གཅིག་ཏུ་སྲོག་ནི་རྣམ་སྨིན། འོ་ན་དགེ་སློང་དག་དགྲ་བཅོམ་པའི་ཚེའི་འདུ་བྱེད་དག་འཇོག་པར་བྱེད་པའི་སྲོག་གི་དབང་པོ་གང་ཡིན་པ་དེ་གང་གི་རྣམ་པར་སྨིན་པ་ཞེ་ན། བསྟན་བཅོས་ལས། ཚེའི་འདུ་བྱེད་དག་ཇི་ལྟར་འཇོག་པར་བྱེད་ཅེ་ན། དགེ་སློང་དགྲ་བཅོམ་པ་རྫུ་
Vol. 140 · folio 57a
འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པས་དགེ་འདུན་ནམ་གང་ཟག་ལ་ལྷུང་བཟེད་དམ་ཆོས་གོས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཕུལ་ནས། དེ་བསམས་ཏེ་རབ་ཀྱི་མཐའ་པའི་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་ཅིང་དེ་དེ་ལས་ལངས་ནས། བདག་
གི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེ། ཚེའི་རྣམ་པར་སྨིན་པར་གྱུར་ཅིག་སྙམ་དུ་སེམས་སྐྱེད་པར་བྱེད་ཅིང་ཚིག་ཏུ་ཡང་སྨྲ་བར་བྱེད་དོ། །དེའི་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པ་གང་ཡིན་པ་དེའི་ཚེའི་རྣམ་པར་སྨིན་པར་འགྱུར་རོ་ཞེས་འབྱུང་ངོ་། །གང་དག་རྣམ་པར་སྨིན་པའི་ལྷག་
མ་རྣམ་པར་སྨིན་པར་བྱེད་དོ་སྙམ་དུ་སེམས་པ་དེ་དག་ན་རེ་ནི་དེས་ཚེ་རབས་སྔ་མ་ལ་ལས་བྱས་པའི་རྣམ་པར་སྨིན་པ་བསྒོམས་པའི་སྟོབས་ཀྱིས་དྲངས་ནས་སོ་སོར་མྱོང་བར་བྱེད་དོ་ཞེས་ཟེར་རོ། །དེའི་ཚེའི་འདུ་བྱེད་དག་ཇི་ལྟར་གཏོང་ཞེ་ན། དེ་བཞིན་དུ་སྦྱིན་པ་བྱིན་ནས་བསམས་ཏེ་རབ་ཀྱི་མཐའ་པའི་བསམ་
གཏན་བཞི་པ་ལ་སྙོམས་པར་འཇུག་ཅིང་དེ་དེ་ལས་ལངས་ནས་བདག་གི་ཚེའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ལོངས་སྤྱོད་ཀྱི་རྣམ་པར་སྨིན་པར་གྱུར་ཅིག་སྙམ་དུ་སེམས་སྐྱེད་པར་བྱེད་ཅིང་ཚིག་ཏུ་ཡང་སྨྲ་བར་བྱེད་དེ། དེའི་དེ་ལྟ་བུར་འགྱུར་རོ། །བཙུན་པ་དབྱངས་སྒྲོགས་ན་རེ་ནི་དེས་ལུས་དེ་ཉིད་ལ་གཟུགས་
ན་སྤྱོད་པའི་འབྱུང་བ་ཆེན་པོ་ཚེ་དང་མཐུན་པ་འམ་འགལ་བ་དག་བསམ་གཏན་གྱི་སྟོབས་ཀྱིས་མངོན་དུ་བྱེད་དོ། །དེ་ལྟར་ཚེའི་འདུ་བྱེད་དག་འཇོག་པར་བྱེད་ཅིང་། དེ་ལྟར་གཏོང་བར་བྱེད་དོ་ཞེས་ཟེར་རོ། །འདི་ལྟ་བུ་ཡིན་ཏེ། དེ་དག་གི་དེ་ལྟ་བུ་དེ་ནི། ཏིང་ངེ་འཛིན་གྱི་མཐུ་ཁོ་ན་སྟེ། དེས་སྔོན་གྱི་ལས་ལས་
སྐྱེས་པ་དབང་པོའི་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་པའི་དུས་འཕེན་པ་ནི་ཟློག་པར་བྱེད་ལ། སྔོན་མེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་འཕེན་པ་ནི་འཕེན་པར་བྱེད་དེ། དེ་ལྟ་བས་ན་སྲོག་གི་དབང་པོ་དེ་ནི་རྣམ་པར་སྨིན་པ་མ་ཡིན་ལ། དེ་ལས་གཞན་པ་ནི་རྣམ་པར་སྨིན་པ་ཡིན་ནོ། །དྲི་བ་ལས་དྲི་བ་གཞན་
འབྱུང་སྟེ། ཅིའི་ཕྱིར་ཚེའི་འདུ་བྱེད་དག་བྱིན་གྱིས་རློབ་པར་བྱེད་ཅེ་ན། གཞན་ལ་ཕན་པའི་དོན་ཏམ། བསྟན་པ་གནས་པར་བྱ་བའི་དོན་དུ་སྟེ། དེ་དག་ནི་བདག་ཉིད་ཚེ་ཟད་པར་མཐོང་ཞིང་དེ་ལས་གཞན་ནུས་པ་ཡང་མ་མཐོང་བ་ཡིན་ནོ། །འོ་ན་ཅིའི་ཕྱིར་གཏོང་བར་བྱེད་ཅེ་ན། གསོན་ན་གཞན་
Vol. 140 · folio 57b
ལ་ཕན་པ་ཆུང་བ་དང་། ལུས་ནད་ལ་སོགས་པ་ལྟ་བུར་མཐོང་བ་ཡིན་ཏེ། ཇི་སྐད་དུ། ཚངས་སྤྱོད་འདི་ལ་ལེགས་སྤྱད་ཅིང་། །ལམ་ལའང་ཤིན་ཏུ་བསྒོམས་ན་ནི། །ཚེ་ཟད་པ་ལ་དགའ་འགྱུར་ཏེ། །དཔེར་ན་ནད་དང་བྲལ་བ་བཞིན། །ཞེས་གསུངས་པ་ལྟ་བུའོ། །འོ་ན་གང་དུ་འམ། གང་ཞིག་གི་ཚེའི་འདུ་བྱེད་
དག་འཇོག་པ་འམ། གཏོང་བ་དེ་རིག་པར་བྱ་ཞེ་ན། མིའི་ནང་ཁོ་ན་དག་ཏུ་སྟེ་གླིང་གསུམ་པོ་དག་ཏུའོ། །གང་ཞིག་གི་ཞེ་ན། དགྲ་བཅོམ་པ་ཕོ་མོ་རབ་ཀྱི་མཐའི་བསམ་གཏན་ཐོབ་པ་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་སྟེ། དེ་ནི་ཏིང་ངེ་འཛིན་ལ་ཡང་དབང་ཞིང་ཉོན་མོངས་པ་དག་གིས་ཀྱང་རྒྱུ་ཉེ་བར་མ་
བསྟན་པ་ཡིན་ནོ། །མདོ་ལས་བཅོམ་ལྡན་འདས་ཀྱིས། སྲོག་གི་འདུ་བྱེད་དག་བྱིན་གྱིས་བརླབས་ནས་ཚེའི་འདུ་བྱེད་དག་བཏང་ངོ་ཞེས་གསུངས་པ་དེ་དག་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། ཁ་ཅིག་ན་རེ་ཅུང་ཟད་ཀྱང་མེད་དེ། འདི་ལྟར་སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ་པའི་ཚེ་ཡིན་ནོ་
ཞེས་གསུངས་སོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ནི་སྔོན་གྱི་ལས་ཀྱི་འབྲས་བུ་ནི་ཚེའི་འདུ་བྱེད་དག་ཡིན་ལ། ད་ལྟར་བྱུང་བའི་ལས་ཀྱི་འབྲས་བུ་ནི་སྲོག་གི་འདུ་བྱེད་དག་ཡིན་ནོ་ཞེས་ཟེར་ཏེ། གང་དག་གིས་རིས་མཐུན་པར་གནས་པར་འགྱུར་བ་དེ་དག་ནི་ཚེའི་འདུ་བྱེད་དག་ཡིན་ལ། གང་དག་གིས་དུས་གཞན་གྱི་
བར་དུ་འཚོ་བ་དེ་དག་ནི་སྲོག་གི་འདུ་བྱེད་དག་ཡིན་ནོ། །མང་པོའི་ཚིག་ནི་ཚེ་དང་སྲོག་གི་འདུ་བྱེད་ཀྱི་སྐད་ཅིག་མ་རྣམ་པ་མང་པོ་རྣམས་ལ་གཏོང་ཞིང་བྱིན་གྱིས་རློབ་པའི་ཕྱིར་ཏེ། སྐད་ཅིག་མ་གཅིག་ལ་ནི་གཏོང་བ་འམ་བྱིན་གྱིས་རློབ་པ་མེད་དོ། །ཁ་ཅིག་ན་རེ་དུས་གཞན་གྱི་བར་དུ་འདུག་པ་ཚེའི་རྫས་གཅིག་
པུ་ནི་མེད་དོ་ཞེས་བསྟན་པའི་ཕྱིར་རོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་འདུ་བྱེད་མང་པོ་རྣམས་ལ་ཚེ་ཞེས་བྱ་བའི་ཚེའི་རྫས་གཅིག་པུ་ནི་མེད་དོ། །དེ་ལྟ་མ་ཡིན་ན་འདུ་བྱེད་སྨོས་པ་མི་མཛད་པར་འགྱུར་རོ་ཞེས་ཟེར་རོ། །ཡང་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚེའི་འདུ་བྱེད་དག་བཏང་ཞིང་བྱིན་གྱིས་བརླབས་ཤེ་ན།
འཆི་བ་ལ་མངའ་བ་ཉིད་དུ་བསྟན་པའི་ཕྱིར་ནི་བཏང་ལ། ཚེ་ལ་མངའ་བ་ཉིད་དུ་བསྟན་པའི་ཕྱིར་ནི་ཟླ་བ་གསུམ་ཁོ་ན་བྱིན་གྱིས་བརླབས་ཏེ། ཕྱིན་ཆད་ནི་གདུལ་བའི་དོན་མེད་པའི་ཕྱིར་མ་ཡིན་ནོ། །གང་ཡང་ངས་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དེ་ལྟར་བསྒོམས་པ་དག་གིས་འདོད་ན་བསྐལ་པ་འམ་བསྐལ་
Vol. 140 · folio 58a
པ་བས་ལྷག་པར་བཞུགས་པར་བྱའོ་ཞེས་དམ་བཅས་པ་དེ་ཡང་སྒྲུབ་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ནི་ཕུང་པོ་དང་འཆི་བདག་གི་བདུད་དག་ལས་རྒྱལ་བར་བསྟན་པའི་ཕྱིར་རོ་ཞེས་ཟེར་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་ནི་ཉོན་མོངས་པ་དང་ལྷའི་བུའི་བདུད་དག་ལས་རྒྱལ་ལོ། །
ཞར་ལ་འོངས་པ་རྫོགས་སོ།། །།དཀྱུས་མ་ཉིད་བརྩམ་པར་བྱ་སྟེ། བཅུ་གཉིས་གཉིས། བཅུ་གཉིས་གང་ཞེ་ན། ཐ་མ་བརྒྱད་དང་ཡིད་མི་བདེ། །མ་གཏོགས་པ་སྟེ། དད་པ་ལ་སོགས་པ་ཐ་མ་བརྒྱད་དང་། ཡིད་མི་བདེ་བ་མ་གཏོགས་པ་སྲོག་གི་དབང་པོ་ལས་གཞན་པ་བཅུ་གཉིས་ནི་རྣམ་པ་
གཉིས་ཏེ། རྣམ་པར་སྨིན་པ་ཡང་ཡིན་ལ། རྣམ་པར་སྨིན་པ་མ་ཡིན་པ་ཡང་ཡིན་ནོ། །དེ་ལ་མིག་ལ་སོགས་པ་བདུན་རྒྱས་པ་ལས་བྱུང་བ་རྣམས་ནི་རྣམ་པར་སྨིན་པ་མ་ཡིན་ནོ། །ལྷག་མ་རྣམས་ནི་རྣམ་པར་སྨིན་པ་ཡིན་ནོ། །ཡིད་དང་། སྡུག་བསྔལ་དང་། བདེ་བ་དང་། ཡིད་བདེ་བ་དང་། བཏང་
སྙོམས་ཀྱི་དབང་པོ་རྣམས་ནི་དགེ་བ་དང་ཉོན་མོངས་པ་ཅན་རྣམས་དང་། སྤྱོད་ལམ་པ་དང་བཟོའི་གནས་པ་དང་། སྤྲུལ་པ་རྣམས་ནི་ཅི་རིགས་པར་རྣམ་པར་སྨིན་པ་མ་ཡིན་ནོ། །ལྷག་མ་རྣམས་ནི་རྣམ་པར་སྨིན་པ་ཡིན་ནོ། །སྲོག་གི་དབང་པོ་དང་། མིག་ལ་སོགས་པ་བཅུ་གཉིས་མ་གཏོགས་པ་ལྷག་
མ་རྣམས་ནི་རྣམ་པར་སྨིན་པ་མ་ཡིན་པ་ཞེས་བྱ་བར་གྲུབ་པོ། །གལ་ཏེ་ཡིད་མི་བདེ་བ་རྣམ་པར་སྨིན་པ་མ་ཡིན་ན་ལས་ནི་གསུམ་སྟེ། ཡིད་བདེ་བ་མྱོང་བར་འགྱུར་བའི་ལས་དང་། ཡིད་མི་བདེ་བ་མྱོང་བར་འགྱུར་བའི་ལས་དང་། བཏང་སྙོམས་མྱོང་བར་འགྱུར་བའི་ལས་ཞེས་གསུངས་པའི་མདོ་འདི་
ཇི་ལྟར་དྲང་ཞེ་ན། མཚུངས་པར་ལྡན་པ་མྱོང་བར་འགྱུར་བའི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། ཡིད་མི་བདེ་བ་དང་མཚུངས་པར་ལྡན་པའི་ལས་ནི་ཡིད་མི་བདེ་བ་མྱོང་བར་འགྱུར་བ་སྟེ། དཔེར་ན་བདེ་བ་དང་མཚུངས་པར་ལྡན་པའི་རེག་པ་བདེ་བ་མྱོང་བར་འགྱུར་བ་ཡིན་པ་བཞིན་ནོ། །འོ་ན་ནི་ཡིད་བདེ་
བ་དང་བཏང་སྙོམས་མྱོང་བར་འགྱུར་བའི་ལས་དག་ཀྱང་དེ་དང་འདྲ་བར་འགྱུར་རོ་ཞེ་ན། ཇི་ལྟར་དགའ་བ་དེ་ལྟར་ཡིན་ལ་རག་སྟེ། མཚུངས་པར་ལྡན་པ་ཡིན་ན་ཡང་ཉེས་པ་མེད་ལ། རྣམ་པར་སྨིན་པ་ཡིན་ན་ཡང་ཉེས་པ་མེད་དོ། །གོ་སྐབས་མེད་པས་ན་དེ་ནི་དེ་ལྟར་ཤེས་སོ། །ཡིད་མི་བདེ་བ་རྣམ་པར་
Vol. 140 · folio 58b
སྨིན་པ་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཞིག་ཡོད་ཅེ་ན། ཡིད་མི་བདེ་བ་ནི་ཀུན་ཏུ་རྟོག་པའི་ཁྱད་པར་དག་གིས་སྐྱེད་པར་བྱེད་པ་ཡིན་གྱི་རྣམ་པར་སྨིན་པ་ནི་དེ་ལྟ་མ་ཡིན་ནོ། །ཡིད་བདེ་བ་ཡང་དེ་དང་འདྲ་བས་རྣམ་པར་སྨིན་པ་མ་ཡིན་པར་འགྱུར་རོ། །འོ་ན་གལ་ཏེ་ཡིད་མི་བདེ་བ་རྣམ་པར་སྨིན་པར་གྱུར་
ན་མཚམས་མེད་པ་བྱེད་པ་རྣམས་དེའི་ཕྱིར་ཡིད་མི་བདེ་བ་སྐྱེད་པས་ལས་དེ་རྣམ་པར་སྨིན་པར་འགྱུར་རོ་ཞེ་ན། ཡིད་མི་བདེ་བ་ཡང་དེ་དང་འདྲ་སྟེ། གལ་ཏེ་ཡིད་བདེ་བ་རྣམ་པར་སྨིན་པར་གྱུར་ན་བསོད་ནམས་བྱེད་པ་རྣམས་དེའི་ཕྱིར་ཡིད་བདེ་བ་སྐྱེད་པས་ལས་དེ་རྣམ་པར་སྨིན་པར་འགྱུར་རོ། །འོ་ན་འདོད་ཆགས་
དང་བྲལ་བ་རྣམས་ལ་ཡིད་མི་བདེ་བ་མི་སྲིད་པའི་ཕྱིར་ཏེ། རྣམ་པར་སྨིན་པ་ནི་དེ་ལྟ་མ་ཡིན་ནོ་ཞེ་ན། དེ་དག་གི་ཡིད་བདེ་བ་ལུང་དུ་མ་བསྟན་པ་རྣམ་པར་སྨིན་པ་ཡང་ཇི་ལྟ་བུ་ཞིག་ཡིན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། ཅི་འདྲ་ཡང་རུང་སྟེ། ཡིད་བདེ་བ་ལ་རྣམ་པར་སྨིན་པའི་གོ་སྐབས་ཡོད་ཇི་སྲིད་དུ་ཟིན་
ཀྱང་། ཡིད་མི་བདེ་བ་ནི་རྣམ་པ་ཐམས་ཅད་དུ་ཡང་ཀུན་དུ་མི་འབྱུང་བས་ཡིད་མི་བདེ་བ་ལ་རྣམ་པར་སྨིན་པ་མེད་ཅེས་ཟེར་རོ། །དེ་ལ་བརྒྱད་པ་སྲོག་གི་དབང་པོ་དང་། གཞན་རྣམས་བདེ་འགྲོ་ན་ནི་བདེ་བ་རྣམ་པར་སྨིན་པ་ཡིན་ལ། ངན་འགྲོ་བ་ནི་མི་བདེ་བའི་རྣམ་པར་སྨིན་པ་ཡིན་ནོ། །ཡིད་ཀྱི་
དབང་པོ་ནི་གཉིས་ཀར་གཉི་གའི་རྣམ་པར་སྨིན་པ་ཡིན་ནོ། །བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་རྣམས་ནི་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །སྡུག་བསྔལ་གྱི་དབང་པོ་ནི་མི་དགེ་བའི་རྣམ་པར་སྨིན་པ་ཡིན་ནོ། །བདེ་འགྲོ་ན་མི་དགེ་བས་མཚན་གཉིས་པོ་དེའི་གནས་རྙེད་པ་
ཡིན་གྱི་དབང་པོ་ནི་མ་ཡིན་ཏེ། དགེ་བས་འཕངས་པ་ཡིན་པའི་ཕྱིར་རོ། །དེ་ནི་རྫོགས་སོ།། །།འདི་བརྗོད་པར་བྱ་སྟེ། དབང་པོ་དུ་ནི་རྣམ་པར་སྨིན་པ་དང་བཅས་པ་དག་ཡིན། དུ་ནི་རྣམ་པར་སྨིན་པ་མེད་པ་དག་ཡིན་ཞེ་ན། གང་འདི་ཡིད་མི་བདེ་བ་བཤད་མ་ཐག་པ། དེ་གཅིག་ནི་རྣམ་
པར་སྨིན་བཅས་དེ་གཅིག་པུ་ནི་རྣམ་པར་སྨིན་པ་དང་བཅས་པ་ཁོ་ན་ཡིན་ནོ། །ནི་ཞེས་བྱ་བའི་སྒྲ་ནི་ཁོ་ན་ཞེས་བྱ་བའི་དོན་དང་རིམ་པ་གཞན་དུ་སྦྱར་བ་ཡིན་པར་རིག་པར་བྱ་སྟེ། དེ་ནི་ལུང་དུ་མ་བསྟན་པ་ཡང་མེད་ལ། མཉམ་པར་གཞག་པ་མ་ཡིན་པའི་ཕྱིར་ཟག་པ་མེད་པ་ཡང་མེད་དེ། དེའི་ཕྱིར་
Vol. 140 · folio 59a
ཡིད་མི་བདེ་བ་རྣམ་པར་སྨིན་པ་མེད་པ་མ་ཡིན་ནོ། །བཅུ་རྣམ་གཉིས། རྣམ་པར་སྨིན་པ་དང་བཅས་པ་དག་ཀྱང་ཡིན། རྣམ་པར་སྨིན་པ་མེད་པ་དག་ཀྱང་ཡིན་ནོ། །བཅུ་གང་ཞེ་ན། ཡིད་དང་ཚོར་གཞན་དད་ལ་སོགས། །ཚོར་བ་གཞན་ཞེས་བྱ་བ་སྨོས་པས་ནི་ཡིད་མི་བདེ་བ་ལས་
གཞན་པའི་ཚོར་བ་གཟུང་ངོ་། །དད་ལ་སོགས་ནི་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་པོ། །དེ་ལ་ཡིད་དང་བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་མི་དགེ་བ་ཟག་པ་དང་བཅས་པ་རྣམས་ནི་རྣམ་པར་སྨིན་པ་དང་བཅས་པ་ཡིན་ནོ། །ཟག་པ་མེད་པ་རྣམས་ནི་རྣམ་པར་སྨིན་
པ་མེད་པ་དག་ཡིན་ནོ། །སྡུག་བསྔལ་གྱི་དབང་པོ་ནི་དགེ་བ་དང་མི་དགེ་བ་ནི་རྣམ་པར་སྨིན་པ་དང་བཅས་པ་ཡིན་ནོ། །ལུང་དུ་མ་བསྟན་པ་ནི་རྣམ་པར་སྨིན་པ་མེད་པ་ཡིན་ནོ། །དད་པ་ལ་སོགས་པ་ཟག་པ་དང་བཅས་པ་རྣམས་ནི་རྣམ་པར་སྨིན་པ་དང་བཅས་པ་ཡིན་ནོ། །ཟག་པ་མེད་པ་རྣམས་ནི་རྣམ་པར་སྨིན་
པ་མེད་པ་དག་ཡིན་ནོ། །གཞན་ནི་རྣམ་པར་སྨིན་པ་མེད་པ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །དུ་ནི་དགེ་བ་དག་ཡིན། དུ་ནི་མི་དགེ་བ་དག་ཡིན་ཞེ་ན། རེ་ཞིག་གཅིག་ཏུ་དགེ་བ་བརྒྱད། །དད་པ་ལ་སོགས་པ་ལྔ་དང་། ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་གསུམ་མོ། །ཡིད་མི་བདེ་བ་རྣམ་
གཉིས། དགེ་བ་ཡང་ཡིན་མི་དགེ་བ་ཡང་ཡིན་ནོ། །ཡིད་དང་ཚོར་གཞན་ནི། རྣམ་གསུམ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དག་གོ། །གཞན་ནི་རྣམ་པ་གཅིག །གཞན་དེ་ཡང་ཞེ་ན། མིག་ལ་སོགས་པ་དང་། བརྒྱད་པ་སྲོག་སྟེ། དེ་དག་ནི་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ། །དབང་པོ་
འདི་རྣམས་ལས་དབང་པོ་གང་ཞིག་ཁམས་གང་དུ་གཏོགས་ཤེ་ན། དྲི་མེད་མ་གཏོགས་འདོད་པར་གཏོགས། །རེ་ཞིག་གཅིག་ཏུ་ཟག་པ་མེད་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་གསུམ་མ་གཏོགས་པའི་དབང་པོ་རྣམས་ནི་འདོད་པ་དང་ལྡན་པར་རིག་པར་བྱ་སྟེ། དེ་ནི་ལྡན་པ་མ་ཡིན་པ་ཁོ་
ན་ཡིན་ནོ། །ཕོ་མོའི་དབང་དང་སྡུག་བསྔལ་དག །མ་གཏོགས་གཟུགས་གཏོགས། དྲི་མ་མེད་པ་ཡང་མ་གཏོགས་ཞེས་བྱ་བར་སྦྱར་ཏེ། སྡུག་བསྔལ་དག་ཅེས་བྱ་བ་ནི་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དག་གོ། །གཟུགས་ཀྱི་ཁམས་དེ་ན་འཁྲིག་པའི་ཆོས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་དང་།
Vol. 140 · folio 59b
མི་མཛེས་པར་བྱེད་པའི་ཕྱིར་ཕོ་དང་མོའི་དབང་པོ་དག་མེད་དོ། །ད་ནི་ཇི་ལྟར་ན་དེ་དག་ཕོ་ཞེས་བྱ། ག་ལས་འབྱུང་། མོ་ཚངས་པ་ཉིད་བྱེད་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མ་ཡིན་ཞིང་སྐབས་མེད་དེ་གནས་མེད་དོ། །ཕོ་གང་ཡིན་པ་དེ་ནི་གནས་ཡོད་དོ། །ཞེས་གསུངས་ཏེ། ཕོའི་ངོ་བོར་
གཞན་འདོད་པའི་ཁམས་ན་ཕོ་རྣམས་ལ་ཡོད་པ་གང་ཡིན་པ་ནི་ཡོད་དོ། །ལུས་དང་བའི་ཕྱིར་དང་། མི་དགེ་བ་མེད་པའི་ཕྱིར་སྡུག་བསྔལ་གྱི་དབང་པོ་མེད་དོ། །རྒྱུ་ཞི་གནས་ཀྱིས་བརླན་པའི་ཕྱིར་དང་། ཀུན་ནས་མནར་སེམས་ཀྱི་གཞི་མེད་པའི་ཕྱིར་ཡིད་མི་བདེ་བའི་དབང་པོ་མེད་དོ། །གཟུགས་
ཅན་དང་། བདེ་བ་འམ་མ་གཏོགས་གཟུགས་མེད་གཏོགས། །ཕོ་དང་མོའི་དབང་པོ་དག་དང་། བདེ་བ་དག་དང་དྲི་མ་མེད་པ་ཡང་མ་གཏོགས་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་ལུས་ཤེ་ན། ཡིད་དང་སྲོག་དང་བཏང་སྙོམས་ཀྱི་དབང་པོ་དག་དང་། དད་པ་ལ་སོགས་པ་ལྔ་པོ་དེ་དག་ནི་གཟུགས་མེད་
པ་དང་ལྡན་པར་འདོད་དོ། །གཞན་དག་ནི་མེད་དོ། །དབང་པོ་དུ་ནི་མཐོང་བས་སྤང་བར་བྱ་བ་དག་ཡིན། དུ་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན། དུ་ནི་སྤང་བར་བྱ་བ་མ་ཡིན་པ་དག་གི་ཡིན་ཞེ་ན། ཡིད་དང་ཚོར་བ་གསུམ་རྣམ་གསུམ། །ཚོར་བ་གསུམ་གང་ཞེ་ན། བདེ་བ་དང་། ཡིད་བདེ་བ་དང་།
བཏང་སྙོམས་རྣམས་སོ། །གཉིས་ཀྱིས་སྤང་བྱ་ཡིད་མི་བདེ། །ཡིད་མི་བདེ་བ་ནི་མཐོང་བ་དང་བསྒོམ་པ་དང་གཉིས་ཀྱིས་སྤང་བར་བྱ་བ་ཡིན་ནོ། །དགུ་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ། །ཞེས་བྱ་བའི་སྐབས་ཡིན་ཏེ། མིག་ལ་སོགས་པ་དང་། བརྒྱད་པ་སྲོག་དང་། སྡུག་བསྔལ་གྱི་དབང་པོ་
ནི་བསྒོམས་པས་སྤང་བར་བྱ་བ་དག་ཁོ་ན་ཡིན་ནོ། །ལྔ་པོ་ནི། སྤང་བར་བྱ་མིན་ཡང་། དད་པ་ལ་སོགས་པ་ལྔ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཡིན་པའི་ཕྱིར་བསྒོམས་པས་སྤང་བར་བྱ་བ་དག་ཀྱང་ཡིན་ལ། སྤང་བར་བྱ་བ་མ་ཡིན་པ་དག་ཀྱང་མ་ཡིན་ནོ། །གསུམ་མིན། ཀུན་ཤེས་པར་
བྱེད་པའི་དབང་པོ་ལ་སོགས་པ་གསུམ་ནི་ཟག་པ་མེད་པའི་ཕྱིར་སྤང་བར་བྱ་བ་མ་ཡིན་པ་ཉིད་དེ། ཉེས་པ་མེད་པ་ནི་སྤང་བར་འོས་པ་མ་ཡིན་ནོ། །རྣམ་པའི་བྱེ་བྲག་བཤད་ཟིན་ཏོ། །ད་ནི་རྙེད་པ་དཔྱད་པར་བྱ་སྟེ། ཁམས་གང་དུ་དང་པོ་ཉིད་དུ་དབང་པོ་རྣམ་པར་སྨིན་པ་དུ་ཞིག་རྙེད་ཅེ་ན། འདོད་པར་
Vol. 140 · folio 60a
དང་པོར་རྣམ་སྨིན་གཉིས། །རྙེད་དེ། ལུས་ཀྱི་དབང་པོ་དང་། སྲོག་གི་དབང་པོའོ། །དེ་དག་ཀྱང་། རྫུས་ཏེ་སྐྱེ་བས་མིན། རྫུས་ཏེ་སྐྱེ་བ་བཀག་པས་སྒོ་ང་ལས་སྐྱེ་བ་དང་། མངལ་ལས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དག་གིས་རྙེད་པར་རིག་པར་བྱའོ། །ཅིའི་ཕྱིར་ཡིད་
དང་བཏང་སྙོམས་ཀྱིས་དབང་པོ་དག་མ་ཡིན་ཞེ་ན། དེ་གཉིས་ནི་ཉིང་མཚམས་སྦྱོར་བའི་ཚེ་གདོན་མི་ཟ་བར་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རོ། །ཡང་རྫུས་ཏེ་སྐྱེ་བ་དག་གིས་དུ་ཞིག་འཐོབ་ཅེ་ན། དེ་ཡིས་དྲུག་གམ་ཞེས་བྱ་བ་ནི་གལ་ཏེ་མཚན་མ་མེད་པ་ཞིག་ཡིན་ན་སྟེ། འདི་ལྟར་བསྐལ་པ་དང་པོ་
པ་རྣམས་ལྟ་བུའོ། །དྲུག་གང་ཞེ་ན། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་སྲོག་གི་དབང་པོ་རྣམས་སོ། །བདུན་ནམ་ཞེས་བྱ་བ་ནི་གལ་ཏེ་མཚན་གཅིག་པ་ཞིག་ཡིན་ན་སྟེ། འདི་ལྟར་ལྷ་ལ་སོགས་པ་དག་ནའོ། །བརྒྱད་ཅེས་བྱ་བ་ནི་གལ་ཏེ་མཚན་གཉིས་པ་ཞིག་ཡིན་ནའོ། །ཅི་རྫུས་ཏེ་སྐྱེ་བ་
ཡང་མཚན་གཉིས་པ་ཡོད་དམ་ཞེ་ན། ངན་སོང་དག་ན་ཡོད་དོ། །རེ་ཞིག་འདོད་པའི་ཁམས་ན་ནི་དེ་ལྟ་བུ་ཡིན་ནོ། །འོ་ན་གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ན་ཇི་ལྟ་བུ་ཡིན་ཞེ་ན། གཟུགས་ན་དྲུག་གོ་ཞེས་བྱ་བ་སྨོས་ཏེ། འདོད་པའི་ཁམས་ནི་འདོད་པ་གཙོ་བོ་ཡིན་པའི་ཕྱིར་འདོད་པ་
རྣམ་ཞེས་བསྟན་ལ། གཟུགས་ཀྱི་ཁམས་ནི་གཟུགས་གཙོ་བོ་ཡིན་པའི་ཕྱིར་གཟུགས་རྣམས་ཞེས་བསྟན་ཏེ། མདོ་ལས་ཀྱང་། གང་ཡང་གཟུགས་མེད་པའི་རྣམ་པར་ཐར་པ་ཞི་བ་གང་དག་གཟུགས་རྣམས་ལས་འདས་ཏེ་ཞེས་གསུངས་སོ། །གཟུགས་ཀྱི་ཁམས་དེ་ན་ནི་དང་པོ་ཉིད་དུ་དབང་པོ་དྲུག་
རྣམ་པར་སྨིན་པ་འཐོབ་སྟེ། འདོད་པའི་ཁམས་ན་རྫུས་ཏེ་སྐྱེ་བ་མཚན་མ་མེད་པ་དག་གིས་རྙེད་པ་གང་དག་ཡིན་པ་དེ་དག་ཉིད་དོ། །གོང་མར་གཅིག །གཟུགས་ཀྱི་ཁམས་པས་ནི་གཟུགས་མེད་པའི་ཁམས་སྙོམས་པར་འཇུག་པས་རིང་བའི་ཕྱིར་དང་། སྐྱེ་བས་ཆེས་མཆོག་ཡིན་པའི་ཕྱིར་གོང་
མ་སྟེ། དེར་ནི་དང་པོ་ཉིད་དུ་སྲོག་གི་དབང་པོ་གཅིག་ཁོ་ན་རྣམ་པར་སྨིན་པ་ཐོབ་སྟེ། གཞན་ནི་མ་ཡིན་ནོ། །རྙེད་པ་བཤད་ཟིན་ཏོ། །ད་ནི་གཏོང་བ་བརྗོད་པར་བྱ་སྟེ། ཁམས་གང་དུ་འཆི་བ་ན་དབང་པོ་ཞིག་ཐམས་ཅད་ཀྱི་ཐ་མར་གཏོང་ཞེ་ན། གཟུགས་མེད་དག་ཏུ་འཆི་བ་ནི། །སྲོག་དང་
Vol. 140 · folio 60b
ཡིད་དང་བཏང་སྙོམས་ཉིད། །འགག་པར་འགྱུར་རོ་གཟུགས་ན་བརྒྱད། །གཟུགས་ཀྱི་ཁམས་སུ་འཆི་ན་ཕུང་པོ་དེ་དག་དང་། མིག་ལ་སོགས་པ་ལྔ་དང་། དབང་པོ་བརྒྱད་འགག་སྟེ། བརྫུས་ཏེ་སྐྱེ་བ་ཐམས་ཅད་ནི་དབང་པོ་རྣམས་ཚང་བར་སྐྱེ་ཞིང་འཆིའོ། །འདོད་པར་བཅུ་འམ་དགུ་འམ་བརྒྱད་
འདོད་པའི་ཁམས་སུ་འཆི་ན་མཚན་གཉིས་པ་ཞིག་ཡིན་ན་ནི་བརྒྱད་པོ་དེ་དག་དང་། ཕོ་དང་མོའི་དབང་པོ་དང་དབང་པོ་བཅུ་འགག་པར་འགྱུར་རོ། །མཚན་གཅིག་པ་ཞིག་ན་ནི་དགུའོ། །མཚན་མེད་པ་ཞིག་ཡིན་ན་ནི་བརྒྱད་དེ། ཅིག་ཅར་འཆི་བ་ལ་ནི་ཚུལ་དེ་ལྟ་བུ་ཡིན་ནོ། །རིམ་གྱིས་འཆི་བ་དག་
ལ་བཞི། རིམ་གྱིས་འཆི་ན་ལུས་དང་སྲོག་དང་ཡིད་དང་བཏང་སྙོམས་ཀྱི་དབང་པོ་དག་དང་དབང་པོ་བཞི་འགག་སྟེ། དེ་རྣམས་ལ་ནི་སོ་སོར་འགག་པ་མེད་དོ། །ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་སེམས་ཀྱིས་འཆི་བ་ལ་ནི་ཚུལ་དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །གང་གི་ཚེ་དགེ་བའི་
སེམས་ལ་གནས་ཏེ་འཆི་བ་དེའི་ཚེ་ནི། དགེ་བ་ཐམས་ཅད་དག་ཏུ་ལྔ། །དགེ་བའི་སེམས་ལ་གནས་ཏེ་འཆི་ན་ཐམས་ཅད་དུ་ཇི་སྐད་བཤད་པའི་དབང་པོ་རྣམས་དང་། ལྷག་པར་དད་པ་ལ་སོགས་པ་ལྔ་འགག་སྟེ། དེ་རྣམས་ནི་དགེ་བའི་སེམས་ལ་གདོན་མི་ཟ་བར་ཡོད་དོ། །དེ་ལྟར་ན་གཟུགས་
མེད་པ་ན་ནི་བརྒྱད་འགག་པར་འགྱུར་རོ། །གཟུགས་ན་ནི་བཅུ་གསུམ་མོ་ཞེས་རྒྱས་པར་བརྩི་བར་བྱའོ། །དབང་པོའི་སྐབས་སུ་དབང་པོའི་ཆོས་ཐམས་ཅད་དཔྱད་པར་བྱ་སྟེ། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གང་ཞིག་དབང་པོ་དུ་དག་གིས་འཐོབ་ཅེ་ན། འབྲས་བུ་ཐ་མ་གཉིས་ནི་དབང་པོ་དགུས་
འཐོབ་བོ། །ཡང་ཐ་མ་གང་དག་ཡིན་ཞེ་ན། རྒྱུན་དུ་ཞུགས་པ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུའོ། །བར་མ་གང་དག་ཡིན་ཞེ་ན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུའོ། །དེ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་དད་པ་ལ་སོགས་པ་དང་། ཀུན་ཤེས་པ་དང་ལྡན་པའི་
དབང་པོ་མ་གཏོགས་པ་དག་དང་། ཡིད་དང་། བཏང་སྙོམས་ཀྱི་དབང་པོ་དག་དང་དགུས་འཐོབ་སྟེ། ཀུན་ཤེས་པར་བྱེད་པའི་དབང་པོ་ནི་བར་ཆད་མེད་པའི་ལམ་ལ་རིག་པར་བྱའོ། །ཀུན་ཤེས་པའི་དབང་པོ་ནི་རྣམ་པར་གྲོལ་བའི་ལམ་ལ་རིག་པར་བྱའོ། །གཉི་གས་ཀྱང་དེ་འཐོབ་སྟེ། གོ་
Vol. 140 · folio 61a
རིམས་བཞིན་དུ་བྲལ་བའི་འཐོབ་པ་འདྲེན་པར་བྱེད་པ་དང་། རྟེན་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པ་ཉིད་ནི་དད་པ་ལ་སོགས་པ་དང་། ཀུན་ཤེས་པར་བྱེད་པའི་དབང་པོ་མ་གཏོགས་པ་དག་དང་། ཡིད་ཀྱི་དབང་པོ་དང་། བདེ་བ་དང་། ཡིད་བདེ་བ་དང་། བཏང་
སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བ་ཞིག་དང་དགུས་འཐོབ་བོ། །གཉིས་ནི་བདུན་དང་བརྒྱད་དང་དགུས། །ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་དག་ནི་རེ་རེ་ཞིང་དབང་པོ་བདུན་ནམ་བརྒྱད་དམ་དགུ་དག་གིས་འཐོབ་སྟེ། ཇི་ལྟ་ཞེ་ན། རེ་ཞིག་གལ་ཏེ་ལན་ཅིག་ཕྱིར་
འོང་བའི་འབྲས་བུ་མཐར་གྱིས་འཐོབ་ལ་དེ་ཡང་འཇིག་རྟེན་པའི་ལམ་གྱིས་འཐོབ་ན་ནི་དེ་དད་པ་ལ་སོགས་པ་ལྔ་དང་། བཏང་སྙོམས་དང་ཡིད་ཀྱི་དབང་པོ་དང་དབང་པོ་བདུན་དག་གིས་འཐོབ་པོ། །འོན་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་ན་ནི་དེས་དབང་པོ་བརྒྱད་དག་གིས་འཐོབ་
སྟེ། བརྒྱད་པ་ནི་ཀུན་ཤེས་པའི་དབང་པོ་ཡིན་ནོ། །ཅི་སྟེ་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་ཞིག་གིས་འཐོབ་ན་ནི་དེ་དགུས་འཐོབ་སྟེ། གང་དག་ཁོ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པ་ཁོ་ན་ཡིན་ནོ། །གལ་ཏེ་ཕྱིར་མི་འོང་བའི་འབྲས་བུ་མཐར་གྱིས་འཐོབ་ལ་དེ་ཡང་འཇིག་
རྟེན་པའི་ལམ་གྱིས་འཐོབ་ན་ནི་དེ་དབང་པོ་བདུན་གྱིས་འཐོབ་སྟེ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ཇི་ལྟ་བ་བཞིན་ནོ། །འོན་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་ན་ནི་དེ་དབང་པོ་བརྒྱད་ཀྱིས་འཐོབ་སྟེ། དེ་དང་འདྲའོ། །ཅི་སྟེ་འདོད་ཆགས་དང་བྲལ་བ་ཞིག་གིས་འཐོབ་ན་ནི་དེ་
དགུས་འཐོབ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུའི་ཇི་ལྟ་བ་བཞིན་ནོ། །འདི་ནི་ཁྱད་པར་ཡིན་ཏེ། རྟེན་གྱི་བྱེ་བྲག་ལས་བདེ་བ་དང་ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བ་ཞིག་ཡིན་ནོ། །གང་གི་ཚེ་འདི་མཐར་གྱིས་པ་ཞིག་ཡིན་ལ། རྣམ་པར་གྲོལ་བའི་ལམ་དགུ་པ་
ལ་འཇིག་རྟེན་པའི་ལམ་གྱིས་བསམ་གཏན་ལ་འཇུག་པ་དེའི་ཚེ་ཡང་དབང་པོ་བརྒྱད་ཀྱིས་ཕྱིར་མི་འོང་བའི་འབྲས་བུ་འཐོབ་སྟེ། དེ་ལ་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་ནི་ཡིད་བདེ་བའི་དབང་པོ་བརྒྱད་པ་ཡིན་ནོ། །བར་ཆད་མེད་པའི་ལམ་ལ་ནི་རྟག་ཏུ་བཏང་སྙོམས་ཀྱི་དབང་པོ་ཁོ་ན་སྟེ། དེ་ནི་
Vol. 140 · folio 61b
གཉི་གས་ཀྱང་འཐོབ་བོ། །འོན་ཏེ་འཇིག་རྟེན་ལས་འདས་པས་འཇུག་ན་ནི་དེ་དབང་པོ་དགུས་འཐོབ་སྟེ། དགུ་པ་ནི་ཀུན་ཤེས་པའི་དབང་པོ་ཡིན་ནོ། །འོ་ན་ཆོས་མངོན་པ་ལས་དབང་པོ་དུ་ཞིག་གིས་དགྲ་བཅོམ་པ་ཉིད་འཐོབ་ཅེ་ན། སྨྲས་པ། བཅུ་གཅིག་གིས་འཐོབ་བོ་ཞེས་བཤད་པ་གང་ཡིན་
པ་དེ་ཇི་ལྟར་དགུ་དག་གིས་འཐོབ་ཅེས་བཤད་ཅེ་ན། དེ་ནི་དགུ་ཁོ་ནས་འཐོབ་སྟེ། བཅུ་གཅིག་དག་གིས་དགྲ་བཅོམ་ཉིད། །འགའ་ཞིག་སྲིད་ཕྱིར་བཤད་པ་ཡིན། །གང་ཟག་གཅིག་འགའ་ཞིག་ཡོངས་སུ་ཉམས་ཤིང་ཡོངས་སུ་ཉམས་ནས་བདེ་བ་དང་། ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་
པོ་དག་གིས་དགྲ་བཅོམ་པ་ཉིད་འཐོབ་པ་སྲིད་པ་ཡོད་པས་དེའི་ཕྱིར་བཅུ་གཅིག་གིས་ཞེས་བཤད་ཀྱི། བདེ་བ་ལ་སོགས་པ་དུས་གཅིག་ཏུ་སྲིད་པ་ནི་མེད་དོ། །འདི་ཕྱིར་མི་འོང་བ་ལ་ཡང་ཇི་ལྟར་ཐལ་བར་མི་འགྱུར་ཞེ་ན། འདི་ནི་ཡོངས་སུ་ཉམས་ཕན་ཆད་ནམ་ཡང་བདེ་བའི་དབང་པོས་འཐོབ་པ་མེད་
དོ། །འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་ལ་ནི་ཡོངས་སུ་ཉམས་པར་འགྱུར་བ་ཡང་མེད་དེ། དེའི་འདོད་ཆགས་དང་བྲལ་བ་ནི་ལམ་གཉིས་ཀྱིས་འཐོབ་པའི་ཕྱིར་རོ། །དབང་པོ་གང་ཞིག་དང་ལྡན་ན་གདོན་མི་ཟ་བར་དབང་པོ་དག་དང་ལྡན་པ་དག་ཡིན་ཞེས་བྱ་བ་འདི་དཔྱད་པར་བྱ་སྟེ། དེ་ལ་བཏང་
སྙོམས་དང་ནི་སྲོག་དང་ནི། །ཡིད་དང་ལྡན་ལ་ངེས་གསུམ་ལྡན། །གང་ཞིག་བཏང་སྙོམས་ལ་སོགས་པ་འདི་དག་ལས་གང་ཡང་རུང་བ་ཞིག་དང་ལྡན་པ་དེ་ནི་གདོན་མི་ཟ་བར་དབང་པོ་གསུམ་དག་དང་ལྡན་པ་ཡིན་ཏེ། དེ་དག་ཉིད་དང་ངོ་། །འདི་དག་ནི་ཕན་ཚུན་མེད་ན་མི་ལྡན་པ་ཡིན་གྱི་ལྷག་མ་རྣམས་
དང་ནི་མ་ངེས་ཏེ། ལྡན་པ་ཡང་ཡོད་མི་ལྡན་པ་ཡང་ཡོད་དོ། །དེ་ལ་རེ་ཞིག་མིག་དང་རྣ་བ་དང་སྣ་དང་ལྕེའི་དབང་པོ་དག་ནི་གཟུགས་མེད་པར་སྐྱེས་པ་དང་མི་ལྡན་ནོ། །འདོད་པའི་ཁམས་ན་ནི་གང་གིས་མ་ཐོབ་པ་དང་རྣམ་པར་ཉམས་པ་དག་དང་མི་ལྡན་ནོ། །ལུས་ཀྱི་དབང་པོ་ནི་གཟུགས་མེད་པར་
སྐྱེས་པ་དང་མི་ལྡན་ནོ། །མོའི་དབང་པོ་དང་ནི་གཟུགས་དང་གཟུགས་མེད་པར་སྐྱེས་པ་དང་མི་ལྡན་ནོ། །འདོད་པའི་ཁམས་ན་ནི་གང་གིས་མ་ཐོབ་པ་དང་། རྣམ་པར་ཉམས་པ་དང་མི་ལྡན་ཏེ། ཕོའི་དབང་པོ་ཡང་དེ་བཞིན་ནོ། །བདེ་བའི་དབང་པོ་དང་ནི་བསམ་གཏན་བཞི་པ་དང་གཟུགས་མེད་པར་
Vol. 140 · folio 62a
སྐྱེས་པའི་སོ་སོའི་སྐྱེ་བོ་དང་མི་ལྡན་ནོ། །ཡིད་བདེ་བའི་དབང་པོ་དང་ནི་བསམ་གཏན་གསུམ་པ་དང་། བཞི་པ་དང་། གཟུགས་མེད་པར་སྐྱེས་པའི་སོ་སོའི་སྐྱེ་བོ་ཁོ་ན་དང་མི་ལྡན་ནོ། །སྡུག་བསྔལ་གྱི་དབང་པོ་དང་ནི་གཟུགས་དང་གཟུགས་མེད་པར་སྐྱེས་པ་མི་ལྡན་ནོ། །ཡིད་
མི་བདེ་བ་དང་ནི་འདོད་པའི་འདོད་ཆགས་དང་བྲལ་བ་མི་ལྡན་ནོ། །དད་པ་ལ་སོགས་པ་དང་ནི་དགེ་བའི་རྩ་བ་ཀུན་ཏུ་ཆད་པར་མི་ལྡན་ནོ། །ཀུན་ཤེས་པར་བྱེད་པའི་དབང་པོ་དང་ནི་སོ་སོའི་སྐྱེ་བོ་དང་། འབྲས་བུ་ལ་གནས་པ་དག་དང་མི་ལྡན་ནོ། །ཀུན་ཤེས་པའི་དབང་པོ་དང་ནི་སོ་སོའི་སྐྱེ་བོ་དང་། མཐོང་བ་
དང་མི་སློབ་པའི་ལམ་ལ་གནས་པ་རྣམས་ནི་མི་ལྡན་ནོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་ནི་སོ་སོའི་སྐྱེ་བོ་དང་སློབ་པ་དག་དང་མི་ལྡན་ནོ། །མ་བཀག་པའི་གནས་སྐབས་དག་ཏུ་ནི་ཇི་སྐད་བཤད་པ་དང་ལྡན་པར་རིག་པར་བྱའོ། །བདེ་ལུས་ལྡན་ལ་བཞི་དག་དང་། །གང་ཞིག་བདེ་བའི་དབང་པོ་
དང་ལྡན་པ་དེ་ནི་གདོན་མི་ཟ་བར་བཏང་སྙོམས་ལ་སོགས་པ་གསུམ་པོ་དེ་དག་དང་། བདེ་བའི་དབང་པོ་དང་དབང་པོ་བཞི་དང་ལྡན་ལ། གང་ཞིག་ལུས་ཀྱི་དབང་པོ་དང་ལྡན་པ་དེ་ཡང་གསུམ་པོ་དེ་དག་དང་། ལུས་ཀྱི་དབང་པོ་བཞི་དང་ལྡན་ནོ། །མིག་སོགས་ལྡན་ལ་ལྔ་དང་ལྡན། །གང་ཞིག་
མིག་གི་དབང་པོ་དང་ལྡན་པ་དེ་ནི་གདོན་མི་ཟ་བར་བཏང་སྙོམས་དང་སྲོག་དང་ཡིད་དང་ལུས་ཀྱི་དབང་པོ་དག་དང་། དེ་དང་དབང་པོ་ལྔ་དང་ལྡན་ཏེ། རྣ་བ་དང་སྣ་དང་ལྕེའི་དབང་པོ་དག་དང་ལྡན་པ་དེ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །ཡིད་བདེ་ལྡན་ཡང་། གང་ཞིག་ཡིད་བདེ་བའི་དབང་པོ་དང་ལྡན་
པ་དེ་ཡང་གདོན་མི་ཟ་བར་བཏང་སྙོམས་དང་སྲོག་དང་ཡིད་དང་བདེ་བ་དང་ཡིད་བདེ་བ་དང་དབང་པོ་ལྔ་དང་ལྡན་ནོ། །བསམ་གཏན་གཉིས་པར་སྐྱེས་པ་བསམ་གཏན་གསུམ་པ་མ་ཐོབ་པ་བདེ་བའི་དབང་པོ་གང་དག་དང་ལྡན་པ་ཡིན་ཞེ་ན། བསམ་གཏན་གསུམ་པའི་ཉོན་མོངས་པ་ཅན་དང་ལྡན་ནོ། །སྡུག་
བསྔལ་ལྡན། བདུན་དང་། གང་ཞིག་སྡུག་བསྔལ་གྱི་དབང་པོ་དང་ལྡན་པ་དེ་ནི་གདོན་མི་ཟ་བར་ལུས་དང་སྲོག་དང་ཡིད་དག་དང་ཚོར་བའི་དབང་པོ་བཞི་དང་བདུན་དང་ལྡན་ནོ། །མོའི་དབང་སོགས་ལྡན། བརྒྱད་དང་། གང་ཞིག་མོའི་དབང་པོ་དང་ལྡན་པ་དེ་ནི་གདོན་མི་ཟ་བར་བདུན་པོ་དེ་དག་དང་མོའི་
Vol. 140 · folio 62b
དབང་པོ་དང་བརྒྱད་དང་ལྡན་ནོ། །སོགས་ཞེས་བྱ་བའི་སྒྲས་ནི་ཕོའི་དབང་པོ་དང་ཡིད་མི་བདེ་བ་དང་དད་པ་ལ་སོགས་པ་གཟུང་སྟེ། དེ་དག་དང་ལྡན་པ་ནི་རེ་རེ་ཞིང་ཡང་བརྒྱད་དང་ལྡན་པ་ཡིན་ཏེ། བདུན་པོ་དེ་དག་དང་ཕོའི་དབང་པོ་དང་ལྡན་ནོ། །ཡིད་མི་བདེ་བའི་དབང་པོ་ཡང་དེ་དང་འདྲའོ། །དད་པ་
ལ་སོགས་པ་དང་ལྡན་པ་ནི་ལྔ་པོ་དེ་དག་དང་བཏང་སྙོམས་དང་སྲོག་དང་ཡིད་དག་དང་ལྡན་ནོ། །ཀུན་ཤེས་ལྡན་པའི། དབང་པོ་ལྡན་ལ་བཅུ་གཅིག་ལྡན། །ཀུན་ཤེས་པ་ལ་དབང་བྱེད་པས་ན་ཀུན་ཤེས་པ་དང་ལྡན་པའི་དབང་པོའོ། །གང་ཞིག་ཀུན་ཤེས་པའི་དབང་པོ་དང་ལྡན་པ་དེ་ནི་གདོན་མི་ཟ་བར་བདེ་བ་
དང་ཡིད་བདེ་བ་དང་བཏང་སྙོམས་དང་སྲོག་དང་ཡིད་དང་དད་པ་ལ་སོགས་པ་དག་དང་། ཀུན་ཤེས་པའི་དབང་པོ་དང་བཅུ་གཅིག་དང་ལྡན་ནོ། །དེ་བཞིན་དུ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་ལྡན་པ་ཡང་བཅུ་པོ་དེ་དག་ཉིད་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་ལྡན་ནོ། །ཀུན་ཤེས་
བྱེད་པའི་དབང་ལྡན་ལ། །བཅུ་གསུམ་དག་དང་ལྡན་པ་ཡིན། །བཅུ་གསུམ་དག་དང་ལྡན་ཞེ་ན། །ཡིད་དང་སྲོག་དང་ལུས་ཀྱི་དབང་པོ་དག་དང་། ཚོར་བའི་དབང་པོ་བཞི་དག་དང་། དད་པ་ལ་སོགས་པ་དག་དང་། ཀུན་ཤེས་པར་བྱེད་པའི་དབང་པོ་དང་ལྡན་ནོ། །ཡང་གང་ཞིག་ནང་ན་ཉུང་བ་དག་དང་
ལྡན་པ་དེ་དབང་པོ་ཇི་སྙེད་ཅིག་དང་ལྡན་ཞེ་ན། དགེ་མེད་ནང་ན་ཉུང་ལྡན་པ། །ལུས་ཚོར་སྲོག་ཡིད་བརྒྱད་དང་ལྡན། །དགེ་མེད་ནི་དགེ་བའི་རྩ་བ་ཀུན་ཏུ་ཆད་པ་སྟེ། དེ་ནང་ན་ཉུང་བ་དག་དང་ལྡན་ན་ཚོར་བ་ལྔ་དག་དང་། ལུས་དང་ཡིད་དང་སྲོག་དག་དང་དབང་པོ་བརྒྱད་དང་ལྡན་ནོ། །ཚོར་བར་བྱེད་པ་
ནི་ཚོར་བ་སྟེ། མྱོང་བར་བྱེད་པའི་ཕྱིར་རོ། །ཡང་ན་ཚོར་བ་ནི་ཚོར་བ་སྟེ། དཔེར་ན་ཕུན་སུམ་ཚོགས་པ་ལ་ཕུན་སུམ་ཚོགས་པ་ཞེས་བྱ་བ་བཞིན་ནོ། །ཇི་ལྟར་དགེ་བ་མེད་པ་ནང་ན་ཉུང་བ་དག་དང་ལྡན་ན་དབང་པོ་བརྒྱད་དག་དང་ལྡན་པ་ལྟར་གཟུགས་མེད་བྱིས་པའང་དེ་བཞིན་ཏེ། བྱིས་པ་
ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་མིང་ངོ་། །བརྒྱད་གང་དག་དང་ལྡན་ཞེ་ན། བཏང་སྙོམས་སྲོག་ཡིད་དགེ་རྣམས་དང་། །བཏང་སྙོམས་དང་སྲོག་དང་། ཡིད་དང་དད་པ་ལ་སོགས་པ་དང་ལྡན་ནོ། །དགེ་བ་སྨོས་པ་ནི་དད་པ་ལ་སོགས་པ་གཟུང་བར་བྱ་སྟེ། གཅིག་ཏུ་དགེ་བ་ཡིན་པའི་ཕྱིར་རོ། །ཀུན་
Vol. 140 · folio 63a
ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་ཡང་བསྡུས་པར་ཐལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། བརྒྱད་ཀྱི་སྐབས་ཡིན་པའི་ཕྱིར་དང་། བྱིས་པའི་སྐབས་ཡིན་པའི་ཕྱིར་རོ། །ཡང་གང་ཞིག་ནང་ན་དབང་པོ་མང་པོ་དག་དང་ལྡན་པ་དེ་ཇི་སྙེད་ཅིག་དང་ལྡན་ཞེ་ན། མང་པོར་ལྡན་
ན་བཅུ་དགུ་སྟེ། །དྲི་མ་མེད་རྣམས་མ་གཏོགས་སོ། །ཟག་པ་མེད་པ་གསུམ་མ་གཏོགས་སོ། །དེ་ཡང་མཚན་གཉིས། མཚན་གཉིས་པ་དབང་པོ་ཚང་བ་གང་ཡིན་པ་དེ་ནི་བཅུ་དགུ་དང་ལྡན་ནོ། །གཞན་ཡང་གང་ཞིག་ཅེ་ན། འཕགས་པ་ཆགས་བཅས་ཏེ། སློབ་པ་འདོད་ཆགས་དང་མ་བྲལ་
བ་ཡང་ནང་ན་མང་པོ་དང་ལྡན་ན་བཅུ་དགུ་དང་ལྡན་ཏེ། མཚན་གཅིག་དྲི་མེད་གཉིས་མ་གཏོགས། །མཚན་གཅིག་དང་ཟག་པ་མེད་པ་གཉིས་ཏེ། ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་། གཉིས་པོ་ལས་གང་ཡང་རུང་བ་ཞིག་མ་གཏོགས་སོ། །ཁམས་རབ་ཏུ་དབྱེ་བའི་ཞར་ལ་འོངས་པ་དབང་པོ་
རྣམས་ཀྱི་རབ་ཏུ་དབྱེ་བ་རྒྱས་པར་བཤད་ཟིན་ཏོ། །ད་ནི་འདི་དཔྱད་པར་བྱ་སྟེ། ཅི་འདུས་བྱས་ཀྱི་ཆོས་འདི་དག་ཅི་ལྟར་མཚན་ཉིད་ཐ་དད་པ་དེ་བཞིན་དུ་ཐ་དད་པར་སྐྱེ་བ་ཞིག་ཡིན་ནམ། འོན་ཏེ་ཁ་ཅིག་ངེས་པར་ལྷན་ཅིག་སྐྱེ་བའང་ཡོད་ཅེ་ན། སྨྲས་པ་ཡོད་དེ། ཆོས་འདི་དག་ཐམས་ཅད་ནི་
གཟུགས་དང་སེམས་དང་། སེམས་ལས་བྱུང་བ་དག་དང་། སེམས་དང་ལྡན་པ་མ་ཡིན་པ་དག་དང་། འདུས་མ་བྱས་དང་ལྔར་འགྱུར་རོ། །དེ་ལ་འདུས་མ་བྱས་ལ་ནི་སྐྱེ་བ་མེད་པ་ཉིད་དོ། །ཆོས་གཟུགས་ཅན་རྣམས་ཀྱི་ངེས་པ་ནི་འདི་ཡིན་ཏེ། འདོད་ན་དབང་པོ་མེད་པ་དང་། །སྒྲ་
མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཐམས་ཅད་ལས་ཕྲ་བའི་གཟུགས་ནི་བསགས་པའི་རྡུལ་ཕྲ་རབ་ཅེས་བྱ་སྟེ། དེ་ལས་ཆེས་ཆུང་བ་ནི་མི་མངོན་ནོ། །དེ་འདོད་པའི་ཁམས་ན་སྒྲ་ཡང་མེད་དབང་པོ་ཡང་མེད་པ་ཞིག་ཡིན་ན་ནི་རྫས་བརྒྱད་དང་ལྡན་པར་སྐྱེ་སྟེ། གང་ཡང་རུང་བ་ཞིག་མེད་པར་ནི་མ་ཡིན་
ནོ། །རྫས་བརྒྱད་ནི་འབྱུང་བ་ཆེན་པོ་བཞི་དག་དང་། རྒྱུར་བྱས་པའི་གཟུགས་བཞི་སྟེ། གཟུགས་དང་། དྲི་དང་། རོ་དང་། རེག་བྱ་རྣམས་སོ། །རྡུལ་ཕྲ་རབ་དབང་པོ་དང་བཅས་ལ་སྒྲ་མེད་པ་ཞིག་ཡིན་ན་ནི་རྫས་དགུ་འམ། རྫས་བཅུ་དང་ལྡན་པར་སྐྱེ་སྟེ། དེ་ལ་རེ་ཞིག །ལུས་དབང་ལྡན་
Vol. 140 · folio 63b
ལ་རྫས་དགུའོ། །འདི་ལ་ལུས་ཀྱི་དབང་པོ་ཡོད་པས་ན་འདི་ནི་ལུས་དབང་ལྡན་ནོ། །དེ་ལ་རྫས་དགུ་ནི་བརྒྱད་པོ་དག་དང་ལུས་ཀྱི་དབང་པོའོ། །དབང་པོ་གཞན་རྫས་བཅུའོ། །དབང་པོ་གཞན་གྱི་རྡུལ་ཕྲ་རབ་གང་ལ་ཡོད་པ་དེ་ལ་རྫས་བཅུ་སྟེ། དགུ་པོ་དེ་དག་ཉིད་དང་། མིག་དང་། རྣ་བ་དང་།
སྣ་དང་། ལྕེའི་དབང་པོ་རྣམས་ལས་གང་ཡང་རུང་བ་ཞིག་གོ། །རྡུལ་ཕྲ་རབ་དེ་དག་སྒྲ་དང་བཅས་པ་ཞིག་ཏུ་སྐྱེ་ན་ནི་གོ་རིམས་བཞིན་དུ་རྫས་དགུ་དང་། བཅུ་དང་བཅུ་གཅིག་དང་ལྡན་པར་སྐྱེ་བ་ན་སྐྱེའོ། །དབང་པོ་དང་ཐ་མི་དད་པའི་སྒྲ་ཡང་ཡོད་དེ། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་
བ་གང་ཡིན་པའོ། །ཇི་ལྟར་ན་འབྱུང་བ་རྣམས་ཐ་མི་དད་པ་ལས་འདི་ན་འདུས་པ་ཁ་ཅིག་ཁོ་ན་ནི་སྲ་བར་དམིགས། ཁ་ཅིག་ཁོ་ན་ནི་གཤེར་བའམ་དྲོ་བ་འམ་གཡོ་བར་དམིགས་ཤེ་ན། གང་ཞིག་གང་ན་ཆེས་གསལ་ཞིང་མཐུའི་སྒོ་ནས་ཤས་ཆེ་བ་དེ་ནི་དེ་ན་དམིགས་ཏེ། དཔེར་ན་ཁ་བ་དང་སྡོང་བུའི་ཚོགས་
ལ་རེག་པ་ལྟ་བུ་དང་། ཕྱེ་དང་ལན་ཚྭའི་ཕྱེ་མའི་རོ་བཞིན་ནོ། །ཡང་ཇི་ལྟར་དེ་དག་ན་ལྷག་མ་རྣམས་ཡོད་པར་ཁོང་དུ་ཆུད་པར་བྱ་ཞེ་ན། ལས་ཀྱི་སྒོ་ནས་ཏེ། སྡུད་པ་དང་འཛིན་པ་དང་། སྨིན་པ་དང་། གཡོ་བའི་ཕྱིར་རོ། །རྐྱེན་དང་ཕྲད་ན་སྲ་བ་ལ་སོགས་པ་ཡང་གཤེར་བ་ལ་སོགས་པར་
འགྱུར་བའི་ཕྱིར་རོ། །གཞན་དག་ན་རེ་ཆུ་དག་ལ་གྲང་བའི་ཁྱད་པར་གྱི་སྒོ་ནས་དྲོ་བ་ཡོད་པར་ཁོང་དུ་ཆུད་དོ་ཞེས་ཟེར་རོ། །མ་འདྲེས་ཀྱང་ཁྱད་པར་ཡོད་པར་འགྱུར་ཏེ། སྒྲ་དང་ཚོར་བའི་ཁྱད་པར་བཞིན་ནོ། །གཞན་དག་ན་རེ་དེ་དག་ལས་དེ་དག་ས་བོན་གྱི་སྒོ་ནས་ཡོད་ཀྱི་རང་གི་ངོ་བོར་ནི་མ་ཡིན་ཏེ།
ཤིང་གི་ཕུང་པོ་འདི་ལ་ཁམས་རྣམ་པ་སྣ་ཚོགས་ཡོད་དོ་ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །རླུང་ལ་ཁ་དོག་ཇི་ལྟར་ཡོད་ཅེ་ན། དོན་འདི་ནི་དད་པར་བྱ་བ་ཡིན་གྱི་རྗེས་སུ་དཔག་པར་བྱ་བ་ནི་མ་ཡིན་ནོ། །ཡང་ན་འདྲེས་པར་དྲི་འཛིན་པའི་ཕྱིར་ཏེ། དེ་ལ་ནི་ཁ་དོག་འཁྲུལ་པ་མེད་པའི་ཕྱིར་རོ། །
གཟུགས་ཀྱི་ཁམས་ན་ནི་དྲི་དང་རོ་དག་མེད་པར་བཤད་པས་དེས་ན་ཡོད་པའི་རྡུལ་ཕྲ་རབ་རྣམས་ནི་རྫས་དྲུག་དང་། བདུན་དང་བརྒྱད་དང་ལྡན་པ་ཞེས་བཤད་ཟིན་པ་དང་འདྲ་བའི་ཕྱིར་མི་བཤད་དོ། །ཡང་ཅི་འདིར་རྫས་ཁོ་ན་ལ་རྫས་སུ་གཟུང་ངམ། འོན་ཏེ་སྐྱེ་མཆེད་ཀྱི་རྫས་ལ་རྫས་སུ་གཟུང་།
Vol. 140 · folio 64a
དེས་ན་ཅིར་འགྱུར། གལ་ཏེ་རྫས་ཁོ་ན་ལ་རྫས་སུ་གཟུང་ནས་ནི་རྫས་བརྒྱད་དང་ལྡན་པ་དང་རྫས་དགུ་དང་བཅུ་དང་ལྡན་པ་ཞེས་བྱ་བ་འདི་ཧ་ཅང་ཉུངས་པར་སྨྲས་པ་ཡིན་ཏེ། དེ་ཡང་རྡུལ་ཕྲ་རབ་བསགས་པ་ཡིན་པའི་ཕྱིར་གདོན་མི་ཟ་བར་དེ་ལ་དབྱིབས་ཀྱང་ཡོད་དོ། །ལྕི་
བ་ཉིད་དང་ཡང་བ་ཉིད་དག་ལས་གང་ཡང་རུང་བ་ཞིག་དང་། འཇམ་པ་ཉིད་དང་རྩུབ་པ་ཉིད་དག་ལས་གང་ཡང་རུང་བ་ཞིག་ཀྱང་ཡོད་དོ། །ཁ་ཅིག་ལ་ནི་གྲང་བ་ཡང་ཡོད་ལ། བཀྲེས་པ་དང་སྐོམ་པ་ཡང་ཡོད་དོ། །འོན་ཏེ་སྐྱེ་མཆེད་ལ་རྫས་སུ་གཟུང་ན་ནི་རྫས་བརྒྱད་དང་ལྡན་པ་ཞེས་
བྱ་བ་འདི་ཧ་ཅང་མངས་པར་སྨྲས་པ་ཡིན་ཏེ། རྫས་བཞི་དང་ལྡན་པ་ཞེས་བྱ་བ་བརྗོད་པར་བྱ་སྟེ། འབྱུང་བ་ཇི་སྙེད་པ་དག་ཀྱང་རེག་བྱའི་སྐྱེ་མཆེད་ཡིན་ནོ། །འདིར་ཅུང་ཟད་ཅིག་ནི་རྫས་ཁོ་ན་ལ་རྫས་སུ་གཟུང་སྟེ། རྟེན་དུ་གྱུར་པ་གང་ཡིན་པའོ། །འདིར་ཅུང་ཟད་ཅིག་ནི་སྐྱེ་མཆེད་ཀྱི་རྫས་ལ་རྫས་
སུ་གཟུང་སྟེ་རྟེན་ཅན་དུ་གྱུར་པ་གང་ཡིན་པའོ། །དེ་ལྟ་ན་ཡང་འབྱུང་བའི་རྫས་རྣམས་མང་པོར་འགྱུར་ཏེ། རྒྱུར་བྱས་པའི་གཟུགས་རྣམས་རེ་རེ་ཞིང་འབྱུང་བ་བཞི་ཚན་ལ་བརྟེན་པའི་ཕྱིར་རོ། །འདིར་ནི་རིགས་ལ་རྫས་སུ་གཟུང་སྟེ། འབྱུང་བ་བཞི་པོ་གཞན་དག་ཀྱང་རིགས་ལས་མི་འདའ་
བའི་ཕྱིར་རོ། །དེ་ལྟར་འབད་དེ་བྱེ་བྲག་ཏུ་བཤད་ཅི་དགོས། ཚིག་ནི་འདུན་པའི་སྒོ་ནས་འཇུག་པ་ཡིན་པས་དོན་ལ་བརྟག་པར་བྱའོ། །གཟུགས་ཅན་རྣམས་ཀྱི་ངེས་པར་ལྷན་ཅིག་སྐྱེ་བ་བཤད་ཟིན་ཏོ། །ལྷག་མ་རྣམས་ཀྱི་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག །སེམས་དང་སེམས་བྱུང་ངེས་ལྷན་
ཅིག །འདི་དག་ནི་ཕན་ཚུན་མེད་ན་འབྱུང་བར་མི་ནུས་སོ། །ཐམས་ཅད་འདུས་བྱས་མཚན་ཉིད་དང་། །ངེས་པར་ལྷན་ཅིག་ཅེས་བྱ་བར་སྦྱར་ཏེ། གཟུགས་སམ། སེམས་སམ། སེམས་ལས་བྱུང་བ་དག་གམ། །ལྡན་པ་མ་ཡིན་པ་དག་ཀྱང་རུང་། གང་ཅུང་ཟད་སྐྱེ་བ་དེ་ཐམས་ཅད་ནི་འདུས་བྱས་
ཀྱི་མཚན་ཉིད་རྣམས་དང་ལྷན་ཅིག་སྐྱེའོ། །འཐོབ་པ་འམ། ཐོབ་པ་དང་ནི་སེམས་ཅན་དུ་སྟོན་པ་ཁོ་ན་དང་ལྷན་ཅིག་སྐྱེའི་གཞན་དང་ནི་མ་ཡིན་ནོ། །ཞེས་བྱེ་བྲག་ཏུ་བྱ་བའི་ཕྱིར་རམ་ཞེས་བྱ་བའི་སྒྲ་སྨོས་སོ། །སེམས་ལས་བྱུང་བ་རྣམས་ཞེས་བརྗོད་པ་སེམས་ལས་བྱུང་བ་དེ་དག་གང་
Vol. 140 · folio 64b
ཞེ་ན། སེམས་བྱུང་རྣམ་ལྔ་སྟེ། ས་མང་ལ་སོགས་ཐ་དད་ཕྱིར། །སེམས་ལས་བྱུང་བ་རྣམས་ནི་རྣམ་པ་ལྔ་སྟེ། ས་མང་པོ་དག་དང་། དགེ་བའི་ས་མང་པོ་པ་རྣམས་དང་། ཉོན་མོངས་པའི་ས་མང་པོ་པ་རྣམས་དང་། མི་དགེ་བའི་ས་མང་པོ་པ་རྣམས་དང་། ཉོན་མོངས་པ་ཆུང་ངུའི་ས་པ་
རྣམས་སོ། །ས་ཞེས་བྱ་བ་ནི་གོ་སྐབས་ཀྱི་ཡུལ་ཏེ། གང་ཞིག་གང་གི་གོ་སྐབས་ཀྱི་ཡུལ་ཡིན་པ་དེ་ནི་དེའི་ས་ཞེས་བྱའོ། །དེ་ལ་འདི་དག་ལ་ས་མང་པོ་པ་ཡོད་པས་ན་ས་མང་པོ་པ་རྣམས་ཏེ། གང་དག་སེམས་ཐམས་ཅད་ལ་འབྱུང་བའོ། །གང་དག་སེམས་ཐམས་ཅད་ལ་འབྱུང་བ་དེ་དག་ཀྱང་
གང་ཞེ་ན། ཚོར་དང་སེམས་པ་འདུ་ཤེས་དང་། །འདུན་དང་རེག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང་། །ཏིང་ངེ་འཛིན་སེམས་ཐམས་ཅད་ལ། །ཆོས་བཅུ་པོ་འདི་དག་ནི་སེམས་ཀྱི་སྐད་ཅིག་མ་ཐམས་ཅད་ལ་ཚོགས་པར་འབྱུང་ངོ་ཞེས་གྲག་གོ་ལོ། །དེ་ལ་ཚོར་བ་ནི་མྱོང་བ་རྣམ་པ་
གསུམ་སྟེ། བདེ་བ་དང་། སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའོ། །སེམས་པ་ནི་སེམས་མངོན་པར་འདུ་བྱེད་པའོ། །འདུ་ཤེས་ནི་འདུས་ནས་ཤེས་པ་སྟེ། ཡུལ་ལ་མཚན་མར་འཛིན་པའོ། །འདུན་པ་ནི་བྱེད་འདོད་པའོ། །རེག་པ་ནི་ཡུལ་དང་དབང་པོ་དང་
རྣམ་པར་ཤེས་པ་འདུས་པ་ལས་སྐྱེས་པའི་རེག་པའོ། །བློ་གྲོས་ནི་ཤེས་རབ་སྟེ། ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །དྲན་པ་ནི་དམིགས་པ་མི་བརྗེད་པའོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པའོ། །མོས་པ་ནི་འདོད་པའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་དོ། །སེམས་དང་
སེམས་ལས་བྱུང་བ་རྣམས་ཀྱི་བྱེ་བྲག་ནི་ཕྲ་བས་དེ་ནི་རེ་ཞིག་རྒྱུན་རྣམས་ལ་ཡང་ཡོངས་སུ་གཅད་པར་དཀའ་ན་སྐད་ཅིག་མ་དག་ལ་ལྟ་སྨོས་ཀྱང་ཅི་དགོས། རེ་ཞིག་སྨན་ལ་སོགས་པ་གཟུགས་ཅན་རྣམས་ལ་ཡང་རོ་མང་པོ་ཁ་ཅིག་གི་རོའི་ཁྱད་པར་དབང་པོས་གཟུང་བར་བྱ་བ་རྣམས་ངེས་པར་གཟུང་བར་དཀའ་
ན། ཆོས་གང་དག་གཟུགས་ཅན་མ་ཡིན་ཞིང་བློས་གཟུང་བར་བྱ་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས། འདི་དག་ལ་དགེ་བའི་ས་མང་པོ་ཡོད་པས་འདི་དག་ནི་དགེ་བའི་ས་མང་པོ་པ་དག་ཡིན་ཏེ། གང་དག་དགེ་བའི་སེམས་ལ་རྟག་ཏུ་འབྱུང་བའོ། །དེ་དག་ཀྱང་གང་ཞེ་ན། དད་དང་བག་ཡོད་ཤིན་ཏུ་
Vol. 140 · folio 65a
སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་གཉིས་རྣམ་མི་འཚེ་དང་། །བརྩོན་འགྲུས་རྟག་ཏུ་དགེ་ལས་འབྱུང་། །ཆོས་འདི་དག་ནི་དགེ་བའི་སེམས་ལ་རྟག་ཏུ་འབྱུང་ངོ་། །དེ་ལ་དད་པ་ནི་སེམས་དང་བའོ། །གཞན་དག་ན་ནི་བདེན་པ་དང་དཀོན་མཆོག་དང་ལས་དང་
འབྲས་བུ་རྣམས་ལ་མངོན་པར་ཡིད་ཆེས་པ་ཡིན་ནོ་ཞེས་ཟེར་རོ། །བག་ཡོད་པ་ནི་དགེ་བའི་ཆོས་རྣམས་བསྒོམ་པའོ། །དེ་དག་ལས་གཞན་པ་བསྒོམ་པ་དེ་གང་ཞིག་ཡིན་ཞེ་ན། དེ་དག་ཉིད་ལ་གཅེས་སུ་འཛིན་པ་ཉིད་གང་ཡིན་པའོ། །སྡེ་བ་གཞན་དག་གི་མདོ་ལས་ནི་སེམས་ཀུན་ཏུ་བསྲུང་
བའོ་ཞེས་འདོན་ཏོ། །ཤིན་ཏུ་སྦྱངས་པ་ནི་སེམས་ལས་སུ་རུང་བ་ཉིད་དོ། །མདོ་ལས་ལུས་ཤིན་ཏུ་སྦྱངས་པ་ཞེས་ཀྱང་གསུངས་པ་མ་ཡིན་ནམ་ཞེ་ན། མ་གསུངས་པ་ནི་མ་ཡིན་མོད་ཀྱི་དེ་ནི་ལུས་ཀྱི་ཚོར་བ་ཇི་ལྟ་བ་དེ་བཞིན་དུ་རིག་པར་བྱའོ། །དེ་ཇི་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་ཏུ་རུང་བར་
འགྱུར་ཞེ་ན། འོ་ན་དེར་ནི་ལུས་ལས་སུ་རུང་བ་ཁོ་ན་ལ་ལུས་ཤིན་ཏུ་སྦྱངས་པ་ཡིན་པར་རིག་པར་བྱའོ། །དེ་ཇི་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་ཞེ་ན། བྱང་ཆུབ་ཀྱི་ཡན་ལག་དག་མཐུན་པའི་ཕྱིར་ཏེ། ལུས་ལས་སུ་རུང་བ་དེ་ནི་སེམས་ལས་སུ་རུང་བ་བྱང་ཆུབ་ཀྱི་ཡན་ལག་འདྲེན་པར་བྱེད་དོ། །
དེ་ལྟ་བུ་གཞན་ལ་ལར་སྣང་བ་ཡོད་དམ་ཞེ་ན། སྨྲས་པ་ཡོད་དེ། དཔེར་ན་བཅོམ་ལྡན་འདས་ཀྱིས་དགའ་བ་དང་དགའ་བའི་གནས་ལྟ་བུའི་ཆོས་རྣམས་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཏུ་གསུངས་པ་དང་། ཁོང་ཁྲོ་བ་དང་ཁོང་ཁྲོ་བའི་རྒྱུ་མཚན་གནོད་སེམས་ཀྱི་སྒྲིབ་པར་གསུངས་
པ་དང་། ཡང་དག་པའི་ལྟ་བ་དང་རྟོག་པ་དང་རྩོལ་བ་རྣམས་ཤེས་རབ་ཀྱི་ཕུང་པོར་གསུངས་པ་དག་ལྟ་བུ་སྟེ། རྟོག་པ་དང་རྩོལ་བ་དག་ཤེས་རབ་ཀྱི་རང་བཞིན་མ་ཡིན་ཡང་དེ་དང་མཐུན་པའི་ཕྱིར་དེའི་སྒྲ་འཐོབ་བོ། །དེ་བཞིན་དུ་ལུས་ཤིན་ཏུ་སྦྱངས་པ་ཡང་བྱང་ཆུབ་ཀྱི་ཡན་ལག་དང་མཐུན་
པའི་ཕྱིར། བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བའི་སྒྲ་འཐོབ་པར་འགྱུར་རོ། །བཏང་སྙོམས་ནི་སེམས་མཉམ་པ་ཉིད་དང་། སེམས་ལྷུན་གྱིས་གྲུབ་པ་ཉིད་དོ། །ད་ནི་ཇི་ལྟར་ན་སེམས་དེ་ཉིད་ལ་རྩོལ་བའི་བདག་ཉིད་ཡིད་ལ་བྱེད་པ་ཡང་འབྱུང་། རྩོལ་བ་མེད་པའི་བདག་ཉིད་བཏང་སྙོམས་ཀྱང་འབྱུང་
Vol. 140 · folio 65b
ཞེས་བྱ་བ་འདི་རུང་བར་འགྱུར་ཞེ་ན། འདི་དག་གི་བྱེ་བྲག་ནི་ཤེས་པར་དཀའོ་ཞེས་བཤད་པ་མ་ཡིན་ནམ། ཤེས་པར་དཀའ་བ་ཡང་ཤེས་པ་ནི་ཡོད་ཀྱི། གང་འགལ་བཞིན་དུ་ཡང་མི་འགལ་ལོ་ཞེས་བྱ་བ་ནི་ཤིན་ཏུ་ཤེས་པར་དཀའོ། །རྩོལ་བ་ཡང་གཞན་དུ་འབྱུང་ལ། རྩོལ་བ་མེད་པ་ཡང་གཞན་
དུ་འབྱུང་ངོ་ཞེས་བྱ་བ་འདི་ལ་འགལ་བ་ཅི་ཡོད་ཅེ་ན། འོ་ན་ནི་མཚུངས་པར་ལྡན་པ་ཐམས་ཅད་དམིགས་པ་གཅིག་ཏུ་མི་འགྱུར་རོ། །འདི་ལས་འདི་ལྟ་བུའི་རིགས་གཞན་ཡང་འབྱུང་བར་འགྱུར་བས་ངང་ཚུལ་གང་ཡིན་པ་དེ་འདི་ལ་ཡང་རིག་པར་བྱའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ནི་འོག་ནས་
འཆད་པར་འགྱུར་རོ། །རྩ་བ་གཉིས་ནི་དགེ་བའི་རྩ་བ་གཉིས་པོ་ཆགས་པ་མེད་པ་དང་། ཞེ་སྡང་མེད་པ་དག་ཡིན་ནོ། །གཏི་མུག་མེད་པ་ཡང་ཡོད་མོད་ཀྱི་དེ་ནི་ཤེས་རབ་ཀྱི་བདག་ཉིད་ཡིན་ལ། ཤེས་རབ་ནི་ས་མང་པོ་པ་ཡིན་པས་འདི་དགེ་བའི་ས་མང་པོ་པ་ཁོ་ན་ཡིན་པར་ནི་མི་བརྗོད་དོ། །རྣམ་
པར་མི་འཚེ་བ་ནི་རྣམ་པར་ཐོ་མི་འཚམས་པའོ། །བརྩོན་འགྲུས་ནི་སེམས་མངོན་པར་སྤྲོ་བའོ། །དགེ་བའི་ས་མང་པོ་པ་རྣམས་བཤད་ཟིན་ཏོ། །ས་མང་པོ་ནི་ས་མང་བ་ཡིན་ནོ། །འདི་དག་ལ་ཉོན་མོངས་པའི་ས་མང་པོ་ཡོད་པས། འདི་དག་ནི་ཉོན་མོངས་པའི་ས་མང་པོ་པ་དག་ཡིན་ཏེ། ཆོས་
གང་དག་ཉོན་མོངས་པ་ཅན་གྱི་སེམས་ལ་རྟག་ཏུ་འབྱུང་བ་ཡིན་ནོ། །ཉོན་མོངས་པ་ཅན་གྱི་སེམས་ལ་རྟག་ཏུ་འབྱུང་བ་དེ་དག་ཀྱང་གང་ཞེ་ན། རྨོངས་དང་བག་མེད་ལེ་ལོ་དང་། །མ་དད་པ་དང་རྨུགས་དང་རྒོད། །ཉོན་མོངས་ཅན་ལ་རྟག་ཏུ་འབྱུང་། །དེ་ལ་རྨོངས་པ་ཞེས་བྱ་བ་ནི་མ་རིག་པ་སྟེ། མི་
ཤེས་པ་དང་མི་གསལ་བའོ། །བག་མེད་པ་ནི་དགེ་བའི་ཆོས་རྣམས་མི་བསྒོམ་པ་སྟེ། བསྒོམ་པའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་སོ། །ལེ་ལོ་ནི་སེམས་མངོན་པར་མི་སྤྲོ་བ་སྟེ། བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་སོ། །མ་དད་པ་ནི་སེམས་མ་དད་པ་སྟེ། དད་པའི་མི་མཐུན་པའི་ཕྱོགས་
སོ། །རྨུགས་པ་གང་ཞེ་ན། ལུས་ལྕི་བ་ཉིད་དང་། སེམས་ལྕི་བ་ཉིད་དང་། ལུས་ལས་སུ་མི་རུང་བ་ཉིད་དང་། སེམས་ལས་སུ་མི་རུང་བ་ཉིད་གང་ཡིན་པའོ། །ཆོས་མངོན་པ་ལས་ལུས་ཀྱི་རྨུགས་པ་དང་། སེམས་ཀྱི་རྨུགས་པ་ཞེས་བཤད་པ་ཇི་ལྟར་ན་སེམས་ལས་བྱུང་བའི་ཆོས་ལུས་ཀྱི་
Vol. 140 · folio 66a
ཞེས་བྱ་ཞེ་ན། ལུས་ཀྱི་ཚོར་བ་ཇི་ལྟ་བ་བཞིན་ནོ། །རྒོད་པ་ནི་སེམས་རྣམ་པར་མ་ཞི་བ་སྟེ། དེ་ལྟར་ན་དྲུག་པོ་འདི་དག་ནི་ཉོན་མོངས་པའི་ས་མང་པོ་པ་དག་ཡིན་ནོ། །ཆོས་མངོན་པ་ལས། ཉོན་མོངས་པའི་ས་མང་པོ་པ་བཅུ་པོ་འདི་དག་མ་ཡིན་ནམ། དེ་ལས་རྨུགས་
པ་མི་འབྱུང་སྟེ། མ་དད་པ་དང་། ལེ་ལོ་དང་། བརྗེད་ངས་པ་དང་། སེམས་རྣམ་པར་གཡེང་བ་དང་། མ་རིག་པ་དང་། ཤེས་བཞིན་མ་ཡིན་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། ལོག་པར་མོས་པ་དང་། རྒོད་པ་དང་། བག་མེད་པའོ་ཞེས་འབྱུང་ངོ་ཞེ་ན། འགྱུར་བ་ཤེས་
པ་ནི་ལྷ་རྣམས་དགའ་བ་ཡིན་གྱི། འདོད་པ་ཤེས་པ་ནི་མ་ཡིན་ནོ། །འདི་ལ་འདོད་པ་གང་ཡིན་ཞེ་ན། བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། ལོག་པར་མོས་པ་རྣམས་ནི་ས་མང་པོ་པ་ཡིན་པའི་ཕྱིར། དཔེར་
ན་གཏི་མུག་མེད་པ་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་དེ་དགེ་བའི་ས་མང་པོ་པར་ངེས་པར་མ་བཟུང་བ་ལྟར་ཉོན་མོངས་པའི་ས་མང་པོ་པ་དག་ཁོ་ན་ཡིན་པར་ངེས་པར་མི་བཟུང་སྟེ། དྲན་པ་ཉོན་མོངས་པ་ཅན་ཁོ་ན་བརྗེད་ངས་པ་ཡིན་ལ། ཏིང་ངེ་འཛིན་ཉོན་མོངས་པ་ཅན་ཁོ་ན་རྣམ་པར་གཡེང་བ་
ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གང་དག་ས་མང་པོ་པ་ཡིན་པ་དེ་དག་ཉོན་མོངས་པའི་ས་མང་པོ་པ་ཡང་ཡིན་ནམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་། འདུན་པ་དང་། རེག་པའོ། །གཉིས་པ་ནི་མ་དད་པ་དང་། ལེ་
ལོ་དང་། མ་རིག་པ་དང་། རྒོད་པ་དང་། བག་མེད་པའོ། །གསུམ་པ་ནི་དྲན་པ་ལ་སོགས་པ་ཉོན་མོངས་པ་ཅན་ལྔ་ཇི་སྐད་བཤད་པ་རྣམས་སོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་འབྱུང་ངོ་། །ཁ་ཅིག་ནི་སེམས་རྣམ་པར་གཡེང་བ་ལོག་པའི་ཏིང་ངེ་འཛིན་ལས་གཞན་དུ་འདོད་དེ།
དེ་དག་གི་མུ་བཞི་པ་ནི་དེ་ལྟ་མ་ཡིན་ནོ། །རྨུགས་པ་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་པར་ལྡན་པར་འདོད་པ་དེ་ཉོན་མོངས་པའི་ས་མང་པོ་པ་དག་ཏུ་མ་བཏོན་པ་སུ་ཞིག་གིས་ཉེས། འདི་སྐད་དུ་གདོན་པར་བྱ་བ་ནི་ཡིན་མོད་ཀྱི་ཏིང་ངེ་འཛིན་དང་མཐུན་པའི་ཕྱིར་མ་བཏོན་ཏེ། རྨུགས་པ་སྤྱོད་པ་
Vol. 140 · folio 66b
ནི་ཏིང་ངེ་འཛིན་ཤིན་ཏུ་མྱུར་དུ་སྐྱེད་པར་འགྱུར་གྱི་རྒོད་པ་སྤྱོད་པ་ནི་མ་ཡིན་ནོ་ཞེས་ཟེར་རོ་ཞེས་གྲག་གོ། །གང་ཞིག་རྒོད་པ་མི་སྤྱོད་ལ་རྨུགས་པ་སྤྱོད་པ་ཡང་སུ་ཞིག་ཡོད། ཡང་ན་གང་ཞིག་རྨུགས་པ་མི་སྤྱོད་ལ་རྒོད་པ་སྤྱོད་པ་ཡང་སུ་ཞིག་ཡོད་དེ། འདི་དག་ནི་ནམ་དུ་ཡང་ལྷན་ཅིག་སྤྱོད་པ་ཉིད་འདོར་
བར་མི་འགྱུར་མོད་ཀྱི། འོན་ཀྱང་གང་ཞིག་གང་ལ་ཤས་ཆེ་བ་དེ་ནི་སྤྱོད་པར་ཤེས་པར་བྱ་སྟེ། དེའི་ཕྱིར་ཉོན་མོངས་པའི་ས་ཆེན་པོ་པ་ནི་དྲུག་པོ་ཁོ་ནར་འགྲུབ་བོ། །དེ་དག་ཀྱང་རྟག་ཏུ་ཉོན་མོངས་པ་ཅན་གྱི་སེམས་ཁོ་ན་ལ་འབྱུང་གི་གཞན་དུ་ནི་མ་ཡིན་ནོ། །མི་དགེ་ལ་ནི་ཁྲེལ་མེད་དང་། །ངོ་ཚ་མེད་
པའོ། །ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་མི་དགེ་བའི་སེམས་ལ་རྟག་ཏུ་འབྱུང་བས་ཆོས་འདི་ཉིད་ནི་མི་དགེ་བའི་ས་ཆེན་པོ་པ་དག་ཅེས་བྱའོ། །དེ་གཉིས་ཀྱི་མཚན་ཉིད་ནི་འོག་ནས་འཆད་དོ། །ཁྲོ་བ་དང་། ཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་འཚིག་འཆབ་སེར་སྣ་དང་། །སྒྱུ་དང་རྒྱགས་དང་རྣམ་
འཚེ་ནི། །ཉོན་མོངས་ཆུང་ངུའི་ས་པ་རྣམས། །འདི་དག་ལ་ཉོན་མོངས་པ་ཆུང་ངུའི་ས་ཡོད་པས་འདི་ནི་ཉོན་མོངས་པ་ཆུང་ངུའི་ས་པ་རྣམས་ཏེ། མ་རིག་པ་ཙམ་དང་བསྒོམས་པས་སྤང་བར་བྱ་བ་དང་། ཡིད་ཀྱི་ས་པ་ཁོ་ན་དང་མཚུངས་པར་ལྡན་པའི་ཕྱིར་རོ། །འདི་དག་ནི་ཉེ་བའི་ཉོན་མོངས་པ་དག་
གི་ནང་ནས་སྟོན་པར་འགྱུར་རོ། །སེམས་ལས་བྱུང་བ་རྣམ་པ་ལྔ་པོ་དེ་དག་བཤད་ཟིན་ཏོ། །རྟོག་པ་དང་དཔྱོད་པ་དང་འགྱོད་པ་དང་གཉིད་ལ་སོགས་པ་མ་ངེས་པ་གཞན་དག་ཀྱང་ཡོད་པས། དེ་ལ་སེམས་གང་ཞིག་ལ་སེམས་ལས་བྱུང་བ་དུ་ཞིག་གདོན་མི་ཟ་བར་འབྱུང་བ་བརྗོད་པར་བྱ་སྟེ། རེ་ཞིག་
འདོད་པ་ན་སྤྱོད་པའི་སེམས་ནི་རྣམ་པ་ལྔ་སྟེ། དགེ་བ་དང་མི་དགེ་བ་རྣམ་པ་གཉིས་ཏེ། མ་འདྲེས་པ་དང་། ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་དང་། ལུང་དུ་མ་བསྟན་པ་རྣམ་པ་གཉིས་ཏེ། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་པ་ལ་ལུང་དུ་མ་བསྟན་པའོ། །དེ་ལ་རེ་
ཞིག་འདོད་པ་ན་སྤྱོད་པའི་སེམས་ནི་ངེས་པར་རྟོག་པ་དང་དཔྱོད་པ་དང་བཅས་པ་ཡིན་པས་དེའི་ཕྱིར་འདི་ལ། འདོད་པའི་དགེ་བའི་སེམས་ལ་ནི། །རྟོག་དང་དཔྱོད་དང་བཅས་པའི་ཕྱིར། །སེམས་ལས་བྱུང་བ་ཉི་ཤུ་གཉིས། །གདོན་མི་ཟ་བར་འབྱུང་སྟེ། ས་མང་པོ་པ་བཅུ་དང་། དགེ་བའི་ས་མང་
Vol. 140 · folio 67a
པོ་པ་བཅུ་དང་། རྟོག་པ་དང་དཔྱོད་པའོ། །ལ་ལ་དག་ཏུ་འགྱོད་པ་བསྣན། །དགེ་བའི་སེམས་ཐམས་ཅད་ལ་ནི་འགྱོད་པ་མེད་པས་གང་ལ་ཡོད་པ་དེར་དེ་ཉིད་ཀྱིས་གླགས་ན་སེམས་ལས་བྱུང་བ་ཉི་ཤུ་རྩ་གསུམ་འབྱུང་ངོ་། །འགྱོད་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། ངན་པར་བྱས་
པའི་ངོ་བོ་ཉིད་ནི་འགྱོད་པའོ། །འདི་ནི་འགྱོད་པ་ལ་དམིགས་པའི་ཆོས་ཡིད་ལ་གཅགས་པ་ལ་འགྱོད་པ་ཞེས་བྱ་སྟེ། དཔེར་ན་སྟོང་པ་ཉིད་ལ་དམིགས་པའི་རྣམ་པར་ཐར་པའི་སྒོ་ལ་སྟོང་པ་ཞེས་བྱ་བ་དང་། མི་སྡུག་པ་ལ་དམིགས་པའི་མ་ཆགས་པ་ལ་མི་སྡུག་པ་ཞེས་བྱ་བ་བཞིན་ནོ། །འཇིག་རྟེན་ན་
ཡང་གྲོང་ཐམས་ཅད་ལྷགས་སོ། །ཡུལ་ཐམས་ཅད་ལྷགས་སོ་ཞེས་གནས་པ་སྟོན་པ་མཐོང་ལ། འགྱོད་པ་ཡང་ཡིད་ལ་གཅགས་པའི་གནས་སུ་གྱུར་པ་ཡིན་ནོ། །ཡང་ན་འདི་ནི་འབྲས་བུ་ལ་རྒྱུ་བཏགས་པ་ཡིན་ཏེ། དཔེར་ན་རེག་པའི་སྐྱེ་མཆེད་དྲུག་པོ་འདི་དག་ནི་སྔོན་གྱི་ལས་ཡིན་པར་
རིག་པར་བྱའོ་ཞེས་གསུངས་པ་ལྟ་བུའོ། །འོ་ན་གང་མ་བྱས་པ་ལ་དམིགས་པ་དེ་ཇི་ལྟར་འགྱོད་པ་ཡིན་ཞེ་ན། མ་བྱས་པ་ལ་བྱས་པ་ཞེས་བྱ་བ་ཡོད་དེ། བདག་གིས་མ་བྱས་པ་གང་ཡིན་པ་དེ་མ་ལེགས་པ་བྱས་སོ་ཞེས་བྱ་བ་ལྟ་བུའོ། །འགྱོད་པ་དགེ་བ་གང་ཞེ་ན། དགེ་བ་མ་བྱས་པ་དང་མི་དགེ་
བ་བྱས་པ་ནས་གདུང་བ་གང་ཡིན་པའོ། །བཟློག་པ་ནི་འགྱོད་པ་མི་དགེ་བ་ཡིན་ཏེ། དེ་གཉི་ག་ཡང་གཉི་ག་ལ་བརྟེན་པ་ཡིན་ནོ། །མི་དགེ་བ་ནི་མ་འདྲེས་དང་། །ལྟ་དང་ལྡན་ལའང་ཉི་ཤུ་འབྱུང་། །མི་དགེ་བའི་སེམས་མ་འདྲེས་པ་གང་ཡིན་པ་དེ་ལ་ནི་སེམས་ལས་བྱུང་བ་ཉི་ཤུ་འབྱུང་སྟེ། ས་མང་
པོ་པ་བཅུ་དང་། ཉོན་མོངས་པའི་ས་མང་པོ་པ་དྲུག་དང་། མི་དགེ་བའི་རྩ་བའི་ས་མང་པོ་པ་གཉིས་དང་། རྟོག་པ་དང་དཔྱོད་པའོ། །མ་འདྲེས་པ་ཞེས་བྱ་བ་ནི། སེམས་གང་ལ་མ་རིག་པ་འབའ་ཞིག་ཡོད་ཀྱི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་གཞན་མེད་པའོ། །མི་དགེ་བའི་སེམས་ལྟ་བ་
དང་ལྡན་པ་ལ་ཡང་ཉི་ཤུ་འབྱུང་སྟེ། མ་འདྲེས་པ་ལ་གང་དག་འབྱུང་བ་ཁོ་ནའོ། །ལྟ་བ་ལྷག་པའི་ཕྱིར་ཉི་ཤུ་རྩ་གཅིག་འབྱུང་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འདི་ལྟར་ས་མང་པོ་པ་ཁོ་ནའི་ཤེས་རབ་ཀྱི་ཁྱད་པར་འགའ་ཞིག་ལ་ལྟ་བ་ཞེས་བྱའོ། །དེ་ལ་མི་དགེ་བ་ལྟ་བ་དང་ལྡན་པ་ནི་གང་ལ་ལོག་
Vol. 140 · folio 67b
པར་ལྟ་བའམ། ལྟ་བ་མཆོག་ཏུ་འཛིན་པའམ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡོད་པའོ། །ཉོན་མོངས་བཞི་དང་ཁྲོ་སོགས་དང་། །འགྱོད་པ་དང་ནི་ཉི་ཤུ་གཅིག །མི་དགེ་བའི་སེམས་འདོད་ཆགས་ཀྱང་རུང་། ཁོང་ཁྲོ་བ་ཡང་རུང་། ང་རྒྱལ་ཡང་རུང་། ཐེ་ཚོམ་ཡང་
རུང་། ཉོན་མོངས་པ་བཞི་དང་མཚུངས་པར་ལྡན་པ་གང་ཡིན་པ་དེ་ལ་ནི་ཉི་ཤུ་རྩ་གཅིག་འབྱུང་སྟེ། ཉོན་མོངས་པ་དེ་དང་མ་འདྲེས་པར་བཤད་པ་ཉི་ཤུའོ། །ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་ཇི་སྐད་བཤད་པ་དག་དང་མཚུངས་པར་ལྡན་པའི་སེམས་ལ་ཡང་ཉི་ཤུ་པོ་དེ་དག་དང་། ཉེ་བའི་
ཉོན་མོངས་པ་དེ་དང་ཉི་ཤུ་རྩ་གཅིག་འབྱུང་ངོ་། །འགྱོད་པ་དང་ལྡན་པ་ལ་ཡང་ཉི་ཤུ་རྩ་གཅིག་འབྱུང་སྟེ། འགྱོད་པ་དེ་ཉིད་ཉི་ཤུ་རྩ་གཅིག་པ་ཡིན་ནོ། །མདོར་ན་མི་དགེ་བའི་སེམས་མ་འདྲེས་པ་དང་། ལྟ་བ་དང་མཚུངས་པར་ལྡན་པ་ལ་ཡང་ཉི་ཤུ་འབྱུང་ལ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་
པ་གཞན་དང་མཚུངས་པར་ལྡན་པ་ལ་ནི་ཉི་ཤུ་རྩ་གཅིག་འབྱུང་ངོ་། །བསྒྲིབས་ལ་བཅོ་བརྒྱད། འདོད་པའི་ཁམས་ན་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་མཚུངས་པར་ལྡན་པའི་སེམས་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །དེ་ལ་ནི་སེམས་ལས་བྱུང་བ་བཅོ་བརྒྱད་འབྱུང་
སྟེ། ས་དང་པོ་པ་བཅུ་དང་། ཉོན་མོངས་པའི་ས་མང་པོ་པ་དྲུག་དང་། རྟོག་པ་དང་དཔྱོད་པའོ། །ལྟ་བ་ནི་སྔ་མ་དང་འདྲ་བ་ཉིད་དེ་ལྷག་པ་མ་ཡིན་ནོ། །ལུང་མ་བསྟན་པ་གཞན་ལ་བཅུ་གཉིས་དག་ཏུ་འདོད། བསྒྲིབས་ལ་ལུང་དུ་མ་བསྟན་པ་ལས་གཞན་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་
པའོ། །དེ་ལ་ནི་སེམས་ལས་བྱུང་བ་བཅུ་གཉིས་འབྱུང་བར་འདོད་དེ། ས་མང་པོ་པ་བཅུ་དང་། རྟོག་པ་དང་དཔྱོད་པ་དག་གོ། །ཉི་འོག་པ་དག་ནི་འགྱོད་པ་ལུང་དུ་མ་བསྟན་པར་ཡང་འདོད་ལ་ཡིད་མི་བདེ་བ་ཡང་ཡིད་བདེ་བ་དང་འདྲ་བར་ལུང་དུ་མ་བསྟན་པར་ཡང་འདོད་དེ། དེ་དག་གི་ལྟར་
ན་དེ་དང་མཚུངས་པར་ལྡན་པའི་སེམས་ལ་བཅུ་གསུམ་འབྱུང་བར་འགྱུར་རོ། །གཉིད་ནི་ཀུན་ལ་མི་འགལ་ཕྱིར། །གང་ལ་ཡོད་པ་དེས་བསྣན་ནོ། །གཉིད་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་ཡིན་པའི་ཕྱིར་ཇི་སྐད་བཤད་པའི་སེམས་ཐམས་ཅད་དང་མི་འགལ་བས།
Vol. 140 · folio 68a
དེའི་ཕྱིར་གང་ལ་དེ་ཡོད་པ་དེ་ལ་དེས་བསྣན་པར་རིག་པར་བྱ་སྟེ། གང་ལ་ཉི་ཤུ་རྩ་གཉིས་འབྱུང་བ་དེ་ལ་ནི་ཉི་ཤུ་རྩ་གསུམ་མོ། །གང་ལ་ཉི་ཤུ་རྩ་གསུམ་འབྱུང་བ་དེ་ལ་ནི་ཉི་ཤུ་རྩ་བཞིའོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །གང་དེ་ལྟར་འདོད་པའི་ཁམས་ཀྱི་སེམས་ལས་
བྱུང་བ་ངེས་པར་བཤད་པ། དེ་ལས་འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་མེད། །བསམ་གཏན་དང་པོ་ན་ནི་ཇི་སྐད་བཤད་པ་དེ་ལས་འགྱོད་པ་དང་གཉིད་དང་། གང་ཡང་ཅུང་ཟད་མི་དགེ་བ་འདི་ལྟ་སྟེ། གཡོ་དང་སྒྱུ་དང་རྒྱགས་པ་མ་གཏོགས་པ་ཁྲོ་བ་ལ་སོགས་པ་དང་།
ཁོང་ཁྲོ་བ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དག་ཐམས་ཅད་དུ་མེད་དེ། གཞན་ཐམས་ཅད་ནི་དེ་དང་འདྲའོ། །བསམ་གཏན་དང་པོ་ན་མེད་པ་གང་དག་ཡིན་པ་དེ་དག་ཁོ་ན་དང་། རྟོག་པ་འང་བསམ་གཏན་ཁྱད་པར་ཅན་ན་མེད་དེ། ལྷག་མ་ནི་དེ་དང་འདྲའོ། །དེ་ཡི་གོང་ན་དཔྱོད་པ་ཡང་། །
བསམ་གཏན་ཁྱད་པར་ཅན་ལས་གོང་མ་བསམ་གཏན་གཉིས་པ་ལ་སོགས་པ་དང་། གཟུགས་མེད་པ་དག་ན་ནི་ཇི་སྐད་རྟོག་པ་དང་། དཔྱོད་པ་ཡང་མེད་དོ། །ཡང་ཞེས་བྱ་བའི་སྒྲས་ནི་གཡོ་དང་སྒྱུ་ཡང་མེད་དེ། ལྷག་མ་ནི་དེ་དང་འདྲའོ། །ཚངས་པའི་བར་དུ་སྒྱུ་ཡོད་པར་འབྱུང་གི །འཁོར་
དང་འབྲེལ་པ་མ་ཡིན་པའི་ཕྱིར་གོང་ན་ནི་མེད་དེ། དེ་ནི་རང་གི་འཁོར་གྱི་ནང་དུ་དགེ་སློང་རྟ་ཐུལ་གྱིས་འབྱུང་བ་ཆེན་པོ་འདི་དག་ཡོངས་སུ་མ་ལུས་པར་གང་དུ་འགག་པར་འགྱུར་ཞེས་དྲི་བ་དྲིས་པ་དང་། མི་ཤེས་པས་ཁོ་བོ་ནི་ཚངས་པའོ། །ཚངས་པ་ཆེན་པོའོ། །དབང་ཕྱུག་གོ། །བྱེད་པ་
པོའོ། །སྤྲུལ་པ་པོའོ། །འབྱིན་པར་བྱེད་པ་པོའོ། །འབྱིན་པ་པོའོ། །དངོས་པོ་རྣམས་ཀྱི་ཕ་ལྟ་བུ་ཡིན་ནོ་ཞེས་གཏམ་རླུང་ལ་བསྐུར་རོ། །ས་གང་ན་སེམས་གང་ལ་སེམས་ལས་བྱུང་བ་ཇི་སྙེད་ཅིག་འབྱུང་བ་དེ་ནི་བཤད་ཟིན་ཏོ། །ད་ནི་གཞུང་ལ་སེམས་ལས་བྱུང་བ་ཁ་ཅིག་གི་ཐ་དད་དུ་བྱ་བ་འབྱུང་བ་
བརྗོད་པར་བྱ་སྟེ། ངོ་ཚ་མེད་པ་དང་ཁྲེལ་མེད་པ་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། མ་གུས་ངོ་ཚ་མེད། ཡོན་ཏན་རྣམས་དང་ཡོན་ཏན་ཅན་རྣམས་ལ་མ་གུས་པ་ཉིད་དེ། བཀུར་བ་མེད་པ་ཉིད་དང་། འཇིགས་པས་དབང་མི་སྒྱུར་བ་ཉིད་ནི་ངོ་ཚ་མེད་པ་ཉིད་དེ་གུས་པའི་མི་མཐུན་པའི་ཕྱོགས་
Vol. 140 · folio 68b
སོ། །ཁྲེལ་མེད། ཁ་ན་མ་ཐོ་འཇིགས་མི་ལྟ། །ཁ་ན་མ་ཐོ་བ་ཞེས་བྱ་བ་ནི་དམ་པ་རྣམས་ཀྱིས་སྨད་པ་སྟེ། དེ་ལ་འཇིགས་པར་མི་ལྟ་བ་ནི་ཁྲེལ་མེད་པའོ། །འདིར་འཇིགས་པ་ནི་མི་འདོད་པའི་འབྲས་བུ་སྟེ། འདི་ལས་འཇིགས་པར་འགྱུར་བའི་ཕྱིར་རོ། །འདི་ཇི་ལྟར་ཤེས་པར་བྱ། མི་
འཇིགས་པར་ལྟ་བ་འཇིགས་པར་མི་ལྟ་བ་ཉིད་ཡིན་ནམ་འོན་ཏེ་འཇིགས་པར་མི་ལྟ་བ་ཉིད་ཡིན། དེ་ལས་ཅིར་འགྱུར་ཞེ་ན། གལ་ཏེ་མི་འཇིགས་པར་ལྟ་བ་ཡིན་ན་ནི་ཤེས་རབ་ཡིན་པར་ཤེས་པར་འགྱུར་རོ། །གལ་ཏེ་འཇིགས་པར་མི་ལྟ་བ་ཡིན་ན་ནི་མ་རིག་པར་ཤེས་པར་འགྱུར་རོ། །ལྟ་བ་ཡང་
ལྟ་བ་ཉིད་མ་ཡིན་ལ་མི་ལྟ་བ་ཡང་མི་ལྟ་བ་ཉིད་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་གཉིས་ཀྱི་རྒྱུ་མཚན་ཉེ་བའི་ཉོན་མོངས་པ་གང་ཡིན་པ་སྟེ། དེ་ནི་ཁྲེལ་མེད་པ་ཞེས་བྱའོ། །གཞན་དག་ན་རེ་ནི་བདག་ལ་ལྟོས་ནས་ཉེས་པ་རྣམས་ཀྱིས་མི་འཛེམ་པ་ནི་ངོ་ཚ་མེད་པ་ཡིན་ཏེ། གཞན་ལ་ལྟོས་ནས་ནི་ཁྲེལ་མེད་
པ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟ་ན་ཡང་ལྟོས་པ་གཉིས་ཅིག་ཅར་ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། བདག་དང་གཞན་ལ་ལྟོས་པ་ཅིག་ཅར་རོ་ཞེས་ནི་མི་ཟེར་རོ། །འོན་ཀྱང་མི་འཛེམ་པ་ཁ་ཅིག་བདག་ལ་ལྟོས་ནས་ཀྱང་འཇུག་པ་ཡོད་པ་གང་ཡིན་པ་དེ་ནི་ངོ་ཚ་མེད་པ་ཡིན་ནོ། །གཞན་ལ་ལྟོས་ནས་
འཇུག་པ་ཡོད་པ་གང་ཡིན་པ་དེ་ནི་ཁྲེལ་མེད་པ་ཡིན་ནོ། །བཟློག་པ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཡིན་པར་རིག་པར་བྱ་སྟེ། རེ་ཞིག་རྟོག་པ་དང་པོ་ལྟར་ན་གུས་པ་དང་བཅས་པ་ཉིད་དེ། བཀུར་བ་དང་བཅས་པ་ཉིད་དང་། འཇིགས་པས་དབང་སྒྱུར་བ་དང་བཅས་པ་ཉིད་ནི་ངོ་ཚ་ཤེས་པ་ཡིན་
ལ། ཁ་ན་མ་ཐོ་བ་དག་ལ་འཇིགས་པར་ལྟ་བ་ཉིད་ནི་ཁྲེལ་ཡོད་པ་ཡིན་ནོ། །རྟོག་པ་གཉིས་པ་ལྟར་ན་ནི་བདག་དང་གཞན་ལ་ལྟོས་པ་དག་ལས་འཛེམ་པ་དག་ཡིན་ནོ། །དགའ་བ་དང་གུས་པ་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། དགའ་དང་ཞེས་བྱ་བ་སྨོས་ཏེ། དགའ་བ་ནི་རྣམ་པ་གཉིས་ཏེ། ཉོན་མོངས་
པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའོ། །དེ་ལ་ཉོན་མོངས་པ་ཅན་ནི་སྲིད་པ་སྟེ། དཔེར་ན་བུ་དང་ཆུང་མ་ལ་སོགས་པ་དག་ལ་དགའ་བ་ལྟ་བུའོ། །ཉོན་མོངས་པ་ཅན་མ་ཡིན་པ་ནི་དད་པ་སྟེ། དཔེར་ན་སྟོན་པ་དང་བླ་མ་དང་ཡོན་ཏན་ཅན་རྣམས་ལ་དགའ་བ་ལྟ་བུའོ། །དད་པ་ཡིན་ལ་དགའ་བ་
Vol. 140 · folio 69a
མ་ཡིན་པ་ཡང་ཡོད་དེ། སྡུག་བསྔལ་དང་ཀུན་འབྱུང་བ་ལ་དམིགས་པའི་དད་པ་ལྟ་བུའོ། །དགའ་བ་ཡིན་ལ་དད་པ་མ་ཡིན་པ་ཡང་ཡོད་དེ། དགའ་བ་ཉོན་མོངས་པ་ཅན་ལྟ་བུའོ། །གཉི་ག་ཡིན་པ་ནི་འགོག་པ་དང་ལམ་ལ་དམིགས་པའི་དད་པ་ལྟ་བུའོ། །གཉི་ག་མ་
ཡིན་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །གང་ཟག་དག་ལ་ལྟོས་ནས་ནི་དགའ་བ་ཡིན་ལ་གུས་པ་མ་ཡིན་པ་ནི་བུ་དང་ཆུང་མ་དང་། ལྷན་ཅིག་གནས་པ་དང་། ཉེ་གནས་དག་ལ་དགའ་བ་ལྟ་བུའོ། །གུས་པ་ཡིན་ལ་དགའ་བ་མ་ཡིན་པ་ནི་བླ་མ་གཞན་དག་ལ་གུས་པ་ལྟ་བུའོ། །གཉི་ག་
ཡིན་པ་ནི་རང་གི་བླ་མ་དག་ལ་གུས་པ་ལྟ་བུའོ། །དེ་གཉི་ག་མ་ཡིན་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །གཞན་དག་ན་རེ་དད་པ་ཞེས་བྱ་བ་ནི་ཡོན་ཏན་ལ་ཡིད་ཆེས་པ་ཡིན་ལ། དེ་སྔོན་དུ་འགྲོ་བའི་དགའ་བ་ནི་དགའ་བ་ཡིན་ཏེ། དེ་ལྟ་བས་ན་དེ་ཉིད་དགའ་བ་ཡིན་ནོ་ཞེས་ཟེར་རོ། །གུས་ཉིད་ངོ་
ཚ་ཤེས། གུས་པ་ནི་ངོ་ཚ་ཤེས་པ་ཇི་སྐད་བཤད་པ་ཡིན་ནོ། །གཞན་དག་ན་རེ་གུས་པ་ཞེས་བྱ་བ་ནི་བཀུར་བ་དང་བཅས་པ་ཉིད་ཡིན་ལ། དེ་སྔོན་དུ་འགྲོ་བའི་འཛེམ་པ་ནི་ངོ་ཚ་ཤེས་པ་ཡིན་ཏེ། དེའི་ཕྱིར་གུས་པ་ཉིད་ངོ་ཚ་ཤེས་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་གཉིས་འདོད་དང་གཟུགས་
དག་ན། །གཟུགས་མེད་པའི་ཁམས་ན་ནི་དགའ་བ་དང་གུས་པ་དག་མེད་དོ། །དད་པ་དང་ངོ་ཚ་ཤེས་པ་དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་དེ་ན་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། དད་པ་ནི་རྣམ་པ་གཉིས་ཏེ། ཆོས་དག་དང་གང་ཟག་ལ་དད་པ་ཡིན་ལ། བཀུར་བ་དང་བཅས་པ་ཉིད་ཀྱང་དེ་
དང་འདྲའོ། །དེ་ལ་གང་དག་གང་ཟག་ལ་དམིགས་པའི་དད་པ་དང་ངོ་ཚ་ཤེས་པ་དེ་དག་དེ་ན་མེད་དེ། འདིར་ནི་དགའ་བ་དང་གུས་པ་དེ་དག་ལ་བསམས་པ་ཡིན་ནོ། །རྟོག་པ་དང་དཔྱོད་པ་དག་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། །གང་གི་ཞེ་ན། སེམས་
ཀྱིའོ་ཞེས་འོག་ནས་འཆད་དེ། རྟོག་པ་ནི་སེམས་རྩིང་བའོ། །དཔྱོད་པ་ནི་སེམས་ཞིབ་པའོ། །སེམས་གཅིག་ལ་དེ་གཉིས་ཇི་ལྟར་ལྡན་ཞེ་ན། ཁ་ཅིག་ན་རེ་དཔེར་ན་མར་སར་ཆུ་དག་གི་ནང་དུ་བོར་བ་སྟེང་ནས་ཉི་མའི་འོད་ཟེར་དག་གིས་རེག་ན་ཧ་ཅང་ཡང་མི་འཁྱག་ལ། ཧ་ཅང་ཡང་མི་འཇུ་
Vol. 140 · folio 69b
བ་དེ་བཞིན་དུ། སེམས་ཀྱང་རྟོག་པ་དང་དཔྱོད་པ་དང་ལྡན་པའི་ཕྱིར་ཧ་ཅང་ཞིབ་པར་ཡང་མི་འགྱུར། ཧ་ཅང་རྩིང་བར་ཡང་མི་འགྱུར་ལ། དེ་ལ་གཉི་གའི་བྱ་བ་ཡང་ཡོད་དོ་ཞེས་ཟེར་རོ། །དེ་ལྟ་ན་ནི་ཇི་ལྟར་ཉི་མ་དང་ཆུ་མར་སར་འཁྱག་པ་ཉིད་དང་འཇུ་བ་ཉིད་དག་གི་རྒྱུ་མཚན་ཉིད་ཡིན་
གྱི་དེ་དག་གི་ངོ་བོ་ཉིད་ནི་མ་ཡིན་པ་ལྟར་རྟོག་པ་དང་དཔྱོད་པ་དག་ཀྱང་རྩིང་བ་དང་ཞིབ་པ་ཉིད་དག་གི་རྒྱུ་མཚན་དུ་གྱུར་པ་ཡིན་ནོ། །རྩིང་བ་དང་ཞིབ་པ་ས་དང་རྣམ་པའི་བྱེ་བྲག་གིས་ལྟོས་པ་ཅན་ཡང་ཡིན་པས་སྲིད་པའི་རྩེ་མོའི་བར་དུ་རྟོག་པ་དང་། དཔྱོད་པ་དག་ཡོད་པར་འགྱུར་རོ། །རྩིང་བ་དང་
ཞིབ་པ་ཉིད་ཀྱིས་རང་བཞིན་ཐ་དད་པར་ཡང་རིགས་པ་མ་ཡིན་ནོ། །གཞན་དག་ན་རེ་མདོ་ལས་རྟོག་པ་དང་དཔྱོད་པ་དག་ནི་ངག་མངོན་པར་འདུ་བྱེད་པ་ཡིན་པར་གསུངས་ཏེ། བརྟགས་ཤིང་དཔྱད་ནས་ཚིག་ཏུ་སྨྲའི་མ་བརྟགས་མ་དཔྱད་པར་ནི་མ་ཡིན་ནོ་ཞེས་འབྱུང་ངོ་། །དེ་ལ་རྩིང་བ་གང་དག་
ཡིན་པ་དེ་དག་ནི་རྟོག་པ་ཡིན་ནོ། །ཞིབ་པ་གང་དག་ཡིན་པ་དེ་དག་ནི་དཔྱོད་པ་ཡིན་ནོ་ཞེས་ཟེར་རོ། །གལ་ཏེ་སེམས་རྩེ་གཅིག་ལ་རྩིང་བ་ཡང་ཆོས་གཞན་ཡིན། ཞིབ་པ་ཡང་ཆོས་གཞན་ཡིན་ན་འདི་ལ་འགལ་བ་ཅི་ཞིག་ཡོད། གལ་ཏེ་ཚོར་བ་དང་འདུ་ཤེས་བཞིན་དུ་རིགས་ཐ་དད་པ་ཞིག་
ཡིན་ན་ནི་འགལ་བ་མེད་དོ། །རིགས་གཅིག་པ་ནི་ཆུང་ངུ་དང་ཆེན་པོ་ཉིད་ཅིག་ཅར་འབྱུང་བ་མི་སྲིད་དོ། །རིགས་ཐ་དད་པ་ཡང་ཡོད་དོ། །འོ་ན་ནི་དེ་བརྗོད་པར་བྱ་དགོས་སོ། །དེ་བརྗོད་པར་ནི་དཀའ་སྟེ། དེའི་ཕྱིར་ཆུང་ངུ་དང་ཆེན་པོའི་ཉིད་ཀྱིས་གསལ་བར་འགྱུར་རོ། །དེ་ལྟ་ན་ནི་གསལ་བར་མི་འགྱུར་
ཏེ། རིགས་རེ་རེ་ལ་ཡང་ཆུང་ངུ་དང་ཆེན་པོ་ཡོད་པའི་ཕྱིར་རོ། །གཞན་དག་ན་རེ་སེམས་གཅིག་ལ་རྟོག་པ་དང་དཔྱོད་པ་དག་མི་འབྱུང་བ་ཉིད་དོ་ཞེས་ཟེར་རོ། །ད་ནི་ཇི་ལྟར་བསམ་གཏན་དང་པོ་ཡན་ལག་ལྔ་པར་བཤད་ཅེ་ན། ས་ལས་དེ་ཡན་ལག་ལྔ་པར་བཤད་ཀྱི་སྐད་ཅིག་ལས་ནི་མ་ཡིན་ནོ། །
ང་རྒྱལ་དང་རྒྱགས་པ་དག་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། ང་རྒྱལ་ཁེངས་པ་རྒྱགས་པ་ནི། །རང་གི་ཆོས་ལ་ཆགས་པ་ཡི། །སེམས་ནི་ཡོངས་སུ་གཏུགས་པའོ། །ཕ་རོལ་པོ་ལས་གང་ཡང་རུང་བའི་ཁྱད་པར་ཞིག་ཡོངས་སུ་བརྟགས་ནས་སེམས་ཁེངས་པ་ནི་ང་རྒྱལ་ལོ། །
Vol. 140 · folio 70a
རྒྱགས་པ་ནི་རང་གི་ཆོས་རྣམས་ཁོ་ན་ལ་ཆགས་པའི་སེམས་ཡོངས་སུ་གཏུགས་པ་གང་ཡིན་པའོ། །གཞན་དག་ན་རེ་ཆང་ལས་སྐྱེས་པ་ཇི་ལྟ་བ་དེ་བཞིན་དུ་རྒྱགས་པ་ཡང་འདོད་ཆགས་ལས་སྐྱེས་པའི་ཀུན་ཏུ་དགའ་བའི་བྱེ་བྲག་ཡིན་ནོ་ཞེས་ཟེར་རོ། །སེམས་ལས་བྱུང་བ་
རྣམས་སེམས་དང་བཅས་ཏེ་རྣམ་པ་རེ་རེ་ནས་བཤད་ཟིན་ཏོ། །གསུང་རབ་ལས་འདི་དག་གིས་ཐ་སྙད་དུ་འདོགས་པའི་ཕྱིར་དེ་དག་གི་མིང་འདི་དག་བརྗོད་དེ། སེམས་དང་ཡིད་དང་རྣམ་ཤེས་ནི་དོན་གཅིག་འབྱེད་པས་ན་སེམས་སོ། །ཤེས་པས་ན་ཡིད་དོ། །རྣམ་པར་ཤེས་པ་ནས་རྣམ་པར་ཤེས་
པའོ། །ཁ་ཅིག་ན་རེ་དགེ་བ་དང་མི་དགེ་བའི་ཁམས་དག་གིས་བསགས་པས་ན་སེམས་སོ། །དེ་ཉིད་རྟེན་དུ་གྱུར་པ་ནི་ཡིད་དོ། །རྟེན་པར་གྱུར་པ་ནི་རྣམ་པར་ཤེས་པའོ་ཞེས་ཟེར་རོ། །ཇི་ལྟར་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་དོན་གཅིག་པ་དེ་བཞིན་དུ་སེམས་དང་སེམས་བྱུང་
དང་། །རྟེན་དང་དམིགས་དང་རྣམ་བཅས་དང་། མཚུངས་པར་ལྡན་པའང་། དོན་གཅིག་སྟེ། སེམས་དང་སེམས་ལས་བྱུང་བ་དེ་དག་ཉིད་དབང་པོ་ལ་བརྟེན་པའི་ཕྱིར་རྟེན་དང་བཅས་པ་དག་ཅེས་བྱའོ། །ཡུལ་ལ་འཛིན་པའི་ཕྱིར་དམིགས་པ་དང་བཅས་པ་དག་གོ། །དམིགས་པ་དེ་ཉིད་ལ་
རྣམ་པ་རེ་རེ་ནས་བྱེ་བྲག་ཏུ་གཅོད་པའི་ཕྱིར་རྣམ་པ་དང་བཅས་པ་དག་གོ། །མཉམ་པར་ལྡན་པའི་ཕྱིར་མཚུངས་པར་ལྡན་པ་དག་གོ། །རྣམ་པ་གང་དག་གིས་མཚུངས་པར་ལྡན་ཞེ་ན། རྣམ་པ་ལྔས། མཚུངས་པ་རྣམ་པ་ལྔ་པོ་རྟེན་དང་དམིགས་པ་དང་རྣམ་པ་དང་དུས་དང་རྫས་མཚུངས་པ་དག་
གིས་མཚུངས་པར་ལྡན་ནོ། །རྫས་མཚུངས་པ་གང་ཞེ་ན། ཇི་ལྟར་སེམས་གཅིག་ཁོ་ན་ཡིན་པ་དེ་བཞིན་དུ་སེམས་ལས་བྱུང་བ་རྣམས་ཀྱང་རེ་རེ་ཡིན་པའོ། །སེམས་དང་སེམས་ལས་བྱུང་བ་རྒྱས་པ་དང་། རབ་ཏུ་དབྱེ་བ་དང་བཅས་པ་དག་བསྟན་ཟིན་ཏོ། །མི་ལྡན་པ་ཡི་འདུ་བྱེད་རྣམས། །ཐོབ་དང་
མ་ཐོབ་སྐལ་མཉམ་དང་། །འདུ་ཤེས་མེད་སྙོམས་འཇུག་དག་དང་། །སྲོག་དང་མཚན་ཉིད་རྣམས་དང་ནི། །མིང་གི་ཚོགས་ལ་སོགས་པ་ཡང་། །འདུ་བྱེད་འདི་དག་ནི་སེམས་དང་མཚུངས་པར་ལྡན་པ་ཡང་མ་ཡིན་ལ་གཟུགས་ཀྱི་རང་བཞིན་ཡང་མ་ཡིན་པས་སེམས་དང་ལྡན་པ་མ་ཡིན་པ་དག་
Vol. 140 · folio 70b
ཅེས་བྱའོ། །དེ་ལ་རེ་ཞིག་ཐོབ་པ་རྙེད་དང་ལྡན་པའོ། །ཐོབ་པ་ནི་རྣམ་པ་གཉིས་ཏེ། མ་ཐོབ་པ་དང་རྣམ་པར་ཉམས་པ་ལས་རྙེད་པ་དང་། ཐོབ་ནས་ལྡན་པའོ། །བཟློག་པ་ནི་མ་ཐོབ་པ་ཞེས་བྱ་བར་གྲུབ་བོ། །ཐོབ་པ་དང་མ་ཐོབ་པ་འདི་དག་གང་གི་ཡིན་ཞེ་ན། ཐོབ་དང་མ་ཐོབ་རང་རྒྱུད་དུ། །གཏོགས་
པ་རྣམས་ཀྱིའོ། །གཞན་གྱི་རྒྱུད་དུ་གཏོགས་པ་རྣམས་ཀྱི་ནི་མ་ཡིན་ཏེ། གཞན་གྱི་དག་དང་ནི་འགལ་ཡང་ལྡན་པ་མེད་དོ། །རྒྱུད་དུ་མ་གཏོགས་པ་རྣམས་ཀྱི་ཡང་མ་ཡིན་ཏེ། སེམས་ཅན་དུ་མི་བགྲང་བ་དག་དང་ནི་འགའ་ཡང་ལྡན་པ་མེད་དོ། །འདི་ནི་རེ་ཞིག་འདུས་མ་བྱས་དག་གི་ངེས་པ་
ཡིན་ནོ། །འདུས་མ་བྱས་རྣམས་ཀྱི་ཐོབ་པ་དང་མ་ཐོབ་པ་དག་ནི། འགོག་གཉིས་ཀྱི། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་ནི་སེམས་ཅན་ཐམས་ཅད་དང་ལྡན་ནོ། །དེ་ཉིད་ཀྱི་ཕྱིར་ཆོས་མངོན་པ་ལས། ཟག་པ་མེད་པའི་ཆོས་རྣམས་དང་སུ་ཞིག་ལྡན་ཞེ་ན། སྨྲས་པ། སེམས་
ཅན་ཐམས་ཅད་དོ་ཞེས་འབྱུང་ངོ་ཞེས་གྲག་གོ། །སོ་སོར་བརྟགས་པས་འགོག་པ་དང་ནི་འཆིང་བ་མཐའ་དག་དང་ལྡན་པ་སྐད་ཅིག་མ་དང་པོ་ལ་གནས་པ་མ་གཏོགས་པ་འཕགས་པ་ཐམས་ཅད་དང་། སོ་སོའི་སྐྱེ་བོ་ཁ་ཅིག་ཀྱང་ཡིན་ནོ། །ནམ་མཁའ་དང་ནི་འགའ་ཡང་ལྡན་པ་མེད་དེ། དེ་བས་ན་
འདི་ལ་ཐོབ་པ་མེད་དེ། གང་ལ་ཐོབ་པ་མེད་པ་དེ་ལ་ནི་མ་ཐོབ་པ་ཡང་མེད་དོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། །ཐོབ་པ་ཞེས་བྱ་བ་རྫས་གཞན་ཅུང་ཟད་ཅིག་ཡོད་དོ་ཞེས་བྱ་བ་འདི་གང་ལས། སྨྲས་པ་མདོ་ལས་ཏེ། མདོ་ལས་དེ་མི་སློབ་པའི་ཆོས་བཅུ་པོ་འདི་དག་བསྐྱེད་ཅིང་སོ་སོར་ཐོབ་
པ་ལས་ཀུན་ཏུ་ལྡན་པས་ན་ཡན་ལག་ལྔ་རྣམ་པར་སྤངས་པའི་འཕགས་པར་འགྱུར་རོ་ཞེས་རྒྱས་པར་གསུངས་སོ། །འོ་ན་ནི་དེས་ནི་སེམས་ཅན་དུ་མི་སྟེན་པ་དག་དང་སེམས་ཅན་གཞན་དག་དང་ཡང་ལྡན་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། མདོ་ལས་དགེ་སློང་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་
པོ་ཆེ་སྣ་བདུན་དང་ལྡན་པ་ཞེས་རྒྱས་པར་འབྱུང་བའི་ཕྱིར་རོ། །དེར་ནི་དབང་བ་དེ་ཉིད་ལ་ལྡན་པའི་སྒྲར་གསུངས་ཏེ། དེ་རིན་པོ་ཆེ་སྣ་བདུན་དག་ལ་དབང་ཉིད་དགའ་དགུར་བྱེད་པའི་ཕྱིར་རོ། །ལྡན་པ་དེར་ནི་དབང་བ་ཉིད་ཡིན་ལ། གཞན་དུ་ནི་རྫས་གཞན་ཡིན་ནོ། །ཞེས་བྱ་བ་འདི་དག་ལས། དེ་ལྟ་
Vol. 140 · folio 71a
ན་ཡང་མི་རུང་བ་ཅི་ཞིག་ཡོད། མི་རུང་བ་འདི་དག་ཡོད་དེ། གང་གི་ཕྱིར་གཟུགས་དང་སྒྲ་ལ་སོགས་པ་ལྟར་རམ། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ལྟར་འདིའི་རང་གི་ངོ་བོ་ཡང་མི་སྣང་ལ། མིག་དང་རྣ་བ་ལ་སོགས་པ་ལྟར་བྱ་བ་ཡང་མི་སྣང་བ་དེའི་ཕྱིར་རྫས་ཀྱི་ཆོས་མི་སྲིད་
པས་མི་རུང་ངོ་། །གལ་ཏེ་ཆོས་རྣམས་སྐྱེ་བའི་རྒྱུ་ལ་ཐོབ་པའོ་ཞེས་བྱའོ་ཞེ་ན། འདུས་མ་བྱས་ཀྱི་མ་ཡིན་པར་འགྱུར་རོ། །ཆོས་གང་དག་མ་ཐོབ་པ་རྣམས་དང་། གང་དག་ས་འཕོས་པ་དང་འདོད་ཆགས་དང་བྲལ་བས་བཏང་སྙོམས་པ་དེ་དག་ཀྱང་ཇི་ལྟར་སྐྱེ་བར་འགྱུར་རོ། །འོན་ཏེ་ལྷན་ཅིག་
སྐྱེས་པའི་ཐོབ་པའི་རྒྱུ་རྐྱེན་ཡིན་ནོ་ཞེ་ན། དེའི་ཚེ་སྐྱེ་བའམ། སྐྱེ་བའི་སྐྱེ་བ་ཅི་ཞིག་བྱེད་པར་འགྱུར། འཆིང་བ་མཐའ་དག་དང་ལྡན་པ་རྣམས་ཀྱི་ཉོན་མོངས་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་སྐྱེ་བའི་ཁྱད་པར་དུ་ཡང་མི་འགྱུར་ཏེ། ཐོབ་པ་བྱེ་བྲག་མེད་པའི་ཕྱིར་རོ། །འོན་ཏེ་དེ་ལས་དེ་དག་གི་བྱེ་བྲག་
ཏུ་འགྱུར་ན་ནི་དེ་ཁོ་ན་ལས་དེ་དག་སྐྱེ་བ་ཡིན་ནོ། །དེ་ལྟ་བས་ན་ཐོབ་པ་སྐྱེ་བའི་རྒྱུ་མ་ཡིན་ནོ། །ཐོབ་པ་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་དེ་སྐད་དུ་སུ་ཟེར། འོ་ན་ཅི་ཞེ་ན། རྣམ་པར་གཞག་པའི་རྒྱུ་ཡིན་ཏེ། ཐོབ་པ་མེད་ན་འཇིག་རྟེན་པའི་ཡིད་དང་ལྡན་པའི་འཕགས་པ་དང་། སོ་སོའི་སྐྱེ་བོ་རྣམས་ལ་
འདི་དག་ནི་འཕགས་པའོ། །འདི་དག་ནི་སོ་སོའི་སྐྱེ་བོའོ་ཞེས་རྣམ་པར་གཞག་པར་མི་འགྱུར་རོ། །དེ་ནི་ཉོན་མོངས་པ་སྤངས་པ་དང་མ་སྤངས་པ་ཉིད་ཀྱི་བྱེ་བྲག་ལས་འགྱུར་བར་འོས་སོ། །འདི་དག་ནི་ཉོན་མོངས་པ་སྤངས་པའོ། །འདི་དག་ནི་ཉོན་མོངས་པ་མ་སྤངས་པའོ་ཞེས་བྱ་བ་འདི་ཉིད་དུ་
ཡང་ཇི་ལྟར་འགྱུར། ཐོབ་པ་ཡོད་ན་ནི་དེ་དང་བྲལ་མ་བྲལ་ལས་འདི་ཡང་འགྲུབ་བོ། །འདི་ནི་རྟེན་གྱི་བྱེ་བྲག་ལས་འགྲུབ་པར་འགྱུར་ཏེ། འཕགས་པ་རྣམས་ཀྱི་གནས་དེ་ནི་མཐོང་བ་དང་བསྒོམ་པའི་ལམ་གྱི་མཐུས་ཇི་ལྟར་དེ་དག་གིས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཡང་འབྱུང་བར་མི་ནུས་པ་
དེ་ལྟར་གྱུར་པ་ཡིན་ཏེ། དེའི་ཕྱིར་རྟེན་འབྲུ་མེས་ཚིག་པ་བཞིན་དུ་ཉོན་མོངས་པ་རྣམས་ཀྱི་ས་བོན་དུ་མ་གྱུར་པའམ། འཇིག་རྟེན་པའི་ལམ་གྱི་ས་བོན་གྱི་དངོས་པོ་ཉམས་པར་བྱས་ན་ཉོན་མོངས་པ་སྤངས་པ་ཞེས་བྱ་ལ། བཟློག་པ་ནི་མ་སྤངས་པ་མ་ཡིན་པས་གང་མ་སྤངས་པ་དེ་དང་མི་ལྡན། གང་སྤངས་
Vol. 140 · folio 71b
པ་དེ་དང་ནི་མི་ལྡན་ནོ་ཞེས་གདགས་སོ། །དགེ་བའི་ཆོས་རྣམས་ཀྱང་རྣམ་པ་གཉིས་ཏེ། མ་འབད་པར་སྐྱེ་བ་རྣམས་དང་། འབད་དེ་སྐྱེ་བ་རྣམས་ཏེ། གང་དག་སྐྱེ་བས་ཐོབ་པ་དང་། སྦྱོར་བ་ལས་བྱུང་བ་ཞེས་བྱ་བ་དེ་དག་ཡིན་ནོ། །དེ་ལ་མ་འབད་པར་སྐྱེ་བ་རྣམས་དང་ནི་རྟེན་དེ་དག་གི་ས་བོན་གྱི་
དངོས་པོ་ཉམས་པར་མ་བྱས་པའི་ཕྱིར་ལྡན་ལ། ཉམས་པར་བྱས་པའི་ཕྱིར་མི་ལྡན་པ་ཞེས་བྱ་སྟེ། དགེ་བའི་རྩ་བ་ཀུན་ཏུ་ཆད་པ་ཡིན་ནོ། །དེ་ཡང་ལོག་པར་ལྟ་བས་ཡིན་པར་རིག་པར་བྱའོ། །རྒྱུ་ལ་དགེ་བའི་ཆོས་རྣམས་ཀྱི་ས་བོན་གྱི་དངོས་པོ་གཏན་དུ་ཡང་དག་པར་བཅོམ་པ་ནི་མ་ཡིན་
ནོ། །གང་དག་འབད་དེ་སྐྱེ་བ་ནི་སྐྱེས་པ་དེ་དག་དང་རྒྱུད་ལ་དེ་དག་སྐྱེ་བའི་དབང་ཉིད་ཐོགས་པ་མེད་པའི་ཕྱིར་ལྡན་པ་ཞེས་བྱའོ། །དེའི་ཕྱིར་འདིར་ས་བོན་ཁོ་ན་རྩ་ནས་མ་བཏོན་པ་དང་། ཉམས་པར་མ་བྱས་པ་དང་། དབང་ཉིད་ཀྱི་དུས་ན་རྒྱས་པར་གྱུར་པ་ནི་ལྡན་པ་ཞེས་བྱ་བའི་མིང་འཐོབ་ཀྱི་རྫས་
གཞན་ནི་མེད་དོ། །ས་བོན་ཞེས་བྱ་བ་འདི་ཅི་ཞིག་ཡིན། འབྲས་བུ་བསྐྱེད་པར་བྱ་བ་ལ་རྒྱུད་འགྱུར་བའི་བྱེ་བྲག་གི་མངོན་སུམ་མམ་བརྒྱུད་པས་ནུས་པའི་མིང་དང་གཟུགས་གང་ཡིན་པའོ། །འགྱུར་བ་ཞེས་བྱ་བ་འདི་ཅི་ཞིག་ཡིན། རྒྱུད་གཞན་ཉིད་དུ་འགྱུར་བའོ། །རྒྱུད་ཅེས་བྱ་བ་འདི་ཡང་
ཅི་ཞིག་ཡིན། འདུ་བྱེད་དུས་གསུམ་པ་རྒྱུ་དང་འབྲས་བུར་གྱུར་པ་རྣམས་སོ། །གང་ལས་ཆགས་པ་དང་ལྡན་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་པོ་དག་བསྒོམ་པའི་སྐལ་བ་དང་མི་ལྡན་ནོ་ཞེས་གསུངས་པ་དེར་ནི་ལྡན་པ་ཆགས་པ་དང་དུ་ལེན་བ་འམ་མི་སེལ་བ་ཡིན་ཏེ། ཇི་སྲིད་དུ་དེ་དང་དུ་ལེན་བའམ་
མི་སེལ་བ་དེ་སྲིད་དུ་དེ་དག་བསྒོམ་པའི་སྐལ་བ་དང་མི་ལྡན་ནོ། །དེ་ལྟར་ན་ལྡན་པ་འདི་དང་དེ་འགོག་པ་མི་ལྡན་པ་ནི་རྣམ་པ་ཐམས་ཅད་དུ་བཏགས་པའི་ཆོས་ཡིན་གྱི་རྫས་ཀྱི་ཆོས་ནི་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་གཉི་ག་རྫས་ཁོ་ན་ཡིན་ནོ་ཞེས་བརྗོད་དོ། །ཅིའི་ཕྱིར་ཞེ་ན། འདི་ནི་ཁོ་བོ་
ཅག་གིས་གྲུབ་པའི་མཐའ་ཡིན་ནོ་ཞེས་ཟེར་རོ། །ཐོབ་པ་དེ་ནི། དུས་གསུམ་པའི་རྣམ་པ་གསུམ་ཞེས་གྲག་སྟེ། ཆོས་འདས་པ་རྣམས་ཀྱི་ཐོབ་པ་འདས་པ་ཡང་ཡོད། མ་འོངས་པ་དང་ད་ལྟར་བྱུང་བ་ཡང་ཡོད་ལ། དེ་བཞིན་དུ་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་ཡང་སོ་སོར་རྣམ་པ་
Vol. 140 · folio 72a
གསུམ་མོ། །དགེ་ལ་སོགས་ཀྱི་དགེ་ལ་སོགས། །དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ཀྱི་ཐོབ་པ་ནི་རིམ་པ་བཞིན་དུ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ། །དེར་གཏོགས་རྣམས་ཀྱི་རང་ཁམས་པ། །ཆོས་གང་དག་ཁམས་གང་དུ་
གཏོགས་པ་དེ་དག་གི་ཐོབ་པ་ནི་རང་གི་ཁམས་པ་ཡིན་ཏེ། འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་ཐོབ་པ་ནི་རིམ་པ་བཞིན་དུ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཡིན་ནོ། །མ་གཏོགས་རྣམས་ཀྱི་རྣམ་པ་བཞི། །ཟག་པ་མེད་པའི་ཆོས་རྣམས་ཀྱི་ཐོབ་
པ་ནི་མདོར་བསྡུ་ན་རྣམ་པ་བཞི་སྟེ། ཁམས་གསུམ་པ་དང་། ཟག་པ་མེད་པའོ། །དེ་ལ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའི་ནི་ཁམས་གསུམ་པ་ཡིན་ནོ། །སོ་སོར་བརྟགས་པས་འགོག་པའི་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཡང་ཡིན་ལ། ཟག་པ་མེད་པ་ཡང་
ཡིན་ནོ། །ལམ་གྱི་བདེན་པའི་ཟག་པ་མེད་པ་ཉིད་དོ། །དེ་ནི་མདོར་བསྡུས་ཏེ་རྣམ་པ་བཞི་ཡིན་ནོ། །སློབ་པའི་ཆོས་རྣམས་ཀྱི་ཐོབ་པ་ནི་སློབ་པ་ཁོ་ན་ཡིན་ནོ། །མི་སློབ་པ་རྣམས་ཀྱི་ནི་མི་སློབ་པ་ཁོ་ན་ཡིན་ནོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམས་ཀྱི་ནི་བྱེ་བྲག་ཡོད་
པས་དེ་བསྟན་པར་བྱ་སྟེ། སློབ་དང་མི་སློབ་མིན་གྱི་གསུམ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཆོས་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་དང་། འདུས་མ་བྱས་སོ། །དེ་དག་གི་ཐོབ་པ་ནི་སློབ་པ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། རེ་ཞིག་ཟག་
པ་དང་བཅས་པ་རྣམས་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་། འཕགས་པ་མ་ཡིན་པས་ཐོབ་པ་སོ་སོར་བརྟགས་པས་འགོག་པའི་ཐོབ་པ་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ནོ། །དེ་ཉིད་སློབ་པའི་ལམ་གྱིས་ཐོབ་པའི་ནི་སློབ་པའོ། །མི་སློབ་པའི་ལམ་གྱི་ས་ཐོབ་པའི་
ནི་མི་སློབ་པའོ། །མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་རྣམས་ནི་ཐོབ་པ་ནི་རིམ་པ་བཞིན་དུ་མཐོང་བས་དང་བསྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །སྤང་བར་བྱ་བ་མ་ཡིན་པ་རྣམས་ཀྱི་ནི་བྱེ་བྲག་ཡོད་པས་དེ་བསྟན་པར་བྱ་བ་སྟེ། སྤང་བྱ་མིན་པའི་རྣམ་གཉིས་འདོད། །སྤང་བར་བྱ་བ་
Vol. 140 · folio 72b
མ་ཡིན་པའི་ཆོས་དག་ནི་ཟག་པ་མེད་པ་རྣམས་ཏེ། དེ་དག་ལས་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་། འཕགས་པ་མ་ཡིན་པས་ཐོབ་པ་སོ་སོར་བརྟགས་པས་འགོག་པའི་ཐོབ་པ་ནི་བསྒོམ་པས་སྤང་བར་བྱའོ། །དེ་ཉིད་འཕགས་པའི་ལམ་གྱིས་ཐོབ་པའི་དང་། ལམ་གྱི་བདེན་
པ་ནི་ཟག་པ་མེད་པ་སྟེ་སྤང་བར་བྱ་བ་མ་ཡིན་པའོ། །དུས་གསུམ་པའི་རྣམ་པ་གསུམ་ཞེས་སྤྱིར་བསྟན་པ་གང་ཡིན་པ་དེའི་དམིགས་ཀྱིས་བསྟན་པ་ནི་འདི་ཡིན་ཏེ། ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཀྱི་ཐོབ་པ་ནི་སྟོབས་ཆུང་བའི་ཕྱིར་ལྷན་ཅིག་སྐྱེ་
བ་ཁོ་ན་སྟེ། སྔར་སྐྱེ་བ་ཡང་མེད་ལ་དུས་ཕྱིས་སྐྱེ་བ་ཡང་མེད་དོ། །དེས་ན་དེ་དག་གི་ནི་འདས་པ་རྣམས་ཀྱི་ཡང་འདས་པ་ཁོ་ན་ཡིན་ལ། ད་ལྟར་བྱུང་བ་རྣམས་ཀྱི་བར་དུ་ཡང་ད་ལྟར་བྱུང་བ་ཁོ་ན་ཡིན་ནོ། །ཅི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཐམས་ཅད་ཀྱི་དེ་དང་འདྲ་འམ་ཞེ་ན། མངོན་ཤེས་
སྤྲུལ་པ་མ་གཏོགས་པ། །ཐམས་ཅད་ཀྱི་དེ་དང་མི་འདྲ་སྟེ། མངོན་པར་ཤེས་པ་ལུང་དུ་མ་བསྟན་པ་གཉིས་དང་། སྤྲུལ་པའི་སེམས་མ་གཏོགས་པའོ། །དེ་དག་ནི་སྦྱོར་བའི་ཁྱད་པར་གྱིས་འགྲུབ་པས་སྟོབས་དང་ལྡན་པའི་ཕྱིར་སྔར་དང་ཕྱིས་དང་ལྷན་ཅིག་ཏུ་སྐྱེ་བ་ཡང་ཡོད་དོ། །བཟོའི་
གནས་པ་ཁ་ཅིག་དང་། སྤྱོད་ལམ་པ་ཤིན་ཏུ་གོམས་པ་ཡང་འདོད་དོ། །ཅི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ནའི་ཐོབ་པ་ལ་ལྷན་ཅིག་སྐྱེ་བ་ཡིན་ནམ་ཞེ་ན། སྨྲས་པ། བསྒྲིབས་པའི་གཟུགས་ཀྱིའང་། གཟུགས་ཀྱི་རྣམ་པར་རིག་བྱེད་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཐོབ་པ་ཡང་ལྷན་
ཅིག་སྐྱེ་བ་ཁོ་ན་སྟེ། ཆེན་པོས་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་མི་སློབ་པས་སྟོབས་ཆུང་བས་གྲུབ་པའི་ཕྱིར་རོ། །ཇི་ལྟར་ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་ཐོབ་པའི་བྱེ་བྲག་འདི་ཡིན་པ་ལྟར་དགེ་བ་དང་མི་དགེ་བ་རྣམས་ཀྱི་ཐོབ་པ་ལ་ཡང་བྱེ་བྲག་འགའ་ཞིག་ཡོད་དམ་ཞེ་ན། སྨྲས་པ། ཡོད་
དེ། འདོད་པ་ན། གཟུགས་ཀྱི་སྔར་ནི་སྐྱེ་བ་མེད། །འདོད་པ་ན་སྤྱོད་པའི་གཟུགས་ཀྱི་ཐོབ་པ་ནི་རྣམ་པ་ཐམས་ཅད་དུ་སྔར་སྐྱེ་བ་མེད་དོ། །ལྷན་ཅིག་སྐྱེ་བ་དང་། དུས་ཕྱིས་སྐྱེ་བ་ནི་ཡོད་དོ། །ཅི་མ་ཐོབ་པ་ཡང་ཐོབ་པ་བཞིན་དུ་རྣམ་པའི་བྱེ་བྲག་ཡོད་དམ། སྨྲས་པ་མེད་དོ། །འོ་ན་ཅི་ལྟ་བུ་ཞེ་ན།
Vol. 140 · folio 73a
མ་ཐོབ་མ་བསྒྲིབས་ལུང་མ་བསྟན། །མ་ཐོབ་པ་ཐམས་ཅད་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ། །དུས་ཀྱི་བྱེ་བྲག་གིས་ནི། འདས་མ་སྐྱེས་ཀྱི་དེ་རྣམ་གསུམ། །ད་ལྟར་བྱུང་བའི་མ་ཐོབ་པ་ད་ལྟར་བྱུང་བ་ནི་མེད་དོ། །འདས་པ་དང་མ་འོངས་པ་དག་
གི་ནི་དུས་གསུམ་པ་མ་ཡིན་ནོ། །འདོད་སོགས་གཏོགས་དང་དྲི་མེད་ཀྱིའང་། །རྣམ་གསུམ་ཞེས་བྱ་བར་སྦྱར་ཏེ། འདོད་པར་གཏོགས་པ་རྣམས་ཀྱི་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཡིན་ལ། གཟུགས་དང་གཟུགས་མེད་པར་གཏོགས་པ་རྣམས་དང་། མ་གཏོགས་
པ་རྣམས་ཀྱི་ཡང་དེ་དང་འདྲའོ། །མ་ཐོབ་པ་ཟག་པ་མེད་པ་ནི་འགའ་ཡང་མེད་དེ། འདི་ལྟར། ལམ་མ་ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད་དོ། །བསྟན་བཅོས་ལས། སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན། འཕགས་པའི་ཆོས་རྣམས་ཀྱི་མ་རྙེད་པའོ་ཞེས་འདོན་ཏེ། གལ་ཏེ་མ་རྙེད་པ་ཞེས་བྱ་
བ་མ་ཐོབ་པ་ཡིན་པས་སོ་སོའི་སྐྱེ་བོ་ཉིད་ནི་ཟག་པ་མེད་པ་ཡིན་པར་མི་འོས་སོ། །འཕགས་པའི་ཆོས་གང་དག་གི་མ་རྙེད་པ་ཡིན་ཞེ་ན། ཐམས་ཅད་ཀྱི་ཡིན་ཏེ། ཁྱད་པར་མེད་པར་འབྱུང་བའི་ཕྱིར་རོ། །དེ་ནི་རྙེད་པ་མེད་པར་མ་རྙེད་པ་གང་ཡིན་པ་སྟེ། དེ་ལྟ་མ་ཡིན་ན་སངས་རྒྱས་ཀྱང་ཉན་
ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དག་དང་མི་ལྡན་པའི་ཕྱིར་དང་འཕགས་པ་མ་ཡིན་པར་འགྱུར་རོ། །འོ་ན་ནི་ཁོ་ན་ཞེས་བྱ་བའི་སྒྲ་འདོན་དགོས་སོ། །གདོན་མི་དགོས་ཏེ། ཚིག་གཅིག་པུ་དག་ཀྱང་ངེས་པར་འཛིན་པ་ཡིན་ཏེ། དཔེར་ན་ཆུ་འཐུང་བའོ། །རླུང་ཟ་བའོ་ཞེས་བྱ་བ་
བཞིན་ནོ། །གཞན་དག་ན་རེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་དེ་དག་ལྷན་ཅིག་འབྱུང་བ་རྣམས་ཀྱི་འོ་ཞེས་ཟེར་རོ། །དེ་དག་བཏང་བས་འཕགས་པ་མ་ཡིན་པ་ཉིད་དུ་ཐལ་བར་ཡང་མི་འགྱུར་ཏེ། དེ་དག་གི་མ་རྙེད་པ་གཏན་དུ་བཅོམ་པའི་ཕྱིར་རོ། །འོ་ན་ནི་དེ་དག་ཀྱང་རིགས་གསུམ་
པ་ཡིན་ན་གང་དག་གི་མ་རྙེད་པ་ཡིན། ཐམས་ཅད་ཀྱི་ཡིན་ནོ། །འོ་ན་ནི་ཉེས་པ་དེ་ཉིད་དུ་འགྱུར་རོ། །ལན་ཡང་དེ་ཉིད་ཡིན་ནོ། །འོ་ན་ནི་འབད་པ་དོན་མེད་པར་འགྱུར་བས་མདོ་སྡེ་པ་རྣམས་ཀྱི་ཇི་ལྟ་བ་དེ་ལྟ་བུ་ནི་ལེགས་པ་ཡིན་ནོ། །མདོ་སྡེ་པ་རྣམས་ཀྱི་ཇི་ལྟ་བུ་ཡིན། འཕགས་པའི་ཆོས་
Vol. 140 · folio 73b
རྣམས་མ་སྐྱེས་པའི་རྒྱུད་ནི་སོ་སོའི་སྐྱེ་བོ་ཉིད་ཡིན་ནོ་ཞེས་བྱ་བའོ། །ཡང་མ་ཐོབ་པ་འདི་ཇི་ལྟར་རྣམ་པར་ཉམས་པར་འགྱུར་ཞེ་ན། ཆོས་གང་གི་མ་ཐོབ་པ་གང་ཡིན་པ་དེ་ནི། དེ་ཐོབ་དང་། ས་འཕོས་ནས་ནི་རྣམ་ཉམས་འགྱུར། །རེ་ཞིག་འདི་ལྟ་སྟེ། འཕགས་པའི་ལམ་གྱི་མ་རྙེད་པ་ནི་སོ་སོའི་སྐྱེ་བོ་
ཉིད་དེ། དེ་ནི་དེ་རྙེད་པ་དང་ས་འཕོས་པ་ལས་རྣམ་པར་ཉམས་པར་འགྱུར་ཏེ། གཞན་དག་གི་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །རྣམ་པར་ཉམས་པར་འགྱུར་ཞེས་བྱ་བ་ནི་མ་ཐོབ་པ་དེ་མ་ཐོབ་པ་སྐྱེ་ཞིང་ཐོབ་པ་འཆད་པར་འགྱུར་རོ། །ཅི་མ་ཐོབ་པ་དང་ཐོབ་པ་དག་གི་ཡང་ཐོབ་པ་དང་།
མ་ཐོབ་པ་ཡོད་དམ། སྨྲས་པ། གཉི་གའི་ཡང་གཉི་ག་ཡོད་དོ། །དེ་ལྟ་ན་ཐོབ་པ་རྣམས་ཐུག་པ་མེད་པར་ཐལ་བར་འགྱུར་བ་མ་ཡིན་ནམ། ཕན་ཚུན་ལྡན་པའི་ཕྱིར་ཐུག་པ་མེད་པར་ཐལ་བར་མི་འགྱུར་རོ། །ཆོས་བདག་ཉིད་གཏོགས་པ་གསུམ་སྐྱེ་སྟེ། ཆོས་དེ་དང་། དེའི་ཐོབ་པ་དང་།
ཐོབ་པའི་ཐོབ་པའོ། །དེ་ལ་ཐོབ་པ་སྐྱེས་པས་ཆོས་དེ་དང་། ཐོབ་པའི་ཐོབ་པ་དང་ལྡན་པར་འགྱུར་ལ། ཐོབ་པའི་ཐོབ་པ་སྐྱེས་པས་ཐོབ་པ་ཁོ་ན་དང་ལྡན་པར་འགྱུར་བས་དེའི་ཕྱིར་ཐུག་པ་མེད་པ་མ་ཡིན་ནོ། །དེ་ལྟར་བྱས་ན་སྐད་ཅིག་མ་གཉིས་པ་ལ་དགེ་བའང་རུང་ཉོན་མོངས་པ་ཅན་ཡང་རུང་
ཆོས་བདག་ཉིད་གཏོགས་པར་གསུམ་གྱི་ཐོབ་པ་གསུམ་སྐྱེ་བར་འགྱུར་ལ། དེ་དག་གི་རྗེས་ཀྱི་ཐོབ་པ་ཡང་གསུམ་ཡིན་པས་དྲུག་ཏུ་འགྱུར་རོ། །སྐད་ཅིག་མ་གསུམ་པ་ལ་ནི་སྐད་ཅིག་མ་དང་པོ་དང་གཉིས་པ་ལ་སྐྱེས་པའི་རྫས་རྣམས་ཀྱི་ཐོབ་པ་དགུ་པོ་རྗེས་ཀྱི་ཐོབ་པ་དང་བཅས་པས་
བཅོ་བརྒྱད་དུ་འགྱུར་རོ། །དེ་ལྟར་ཐོབ་པ་རྣམས་གོང་ནས་གོང་དུ་སྤེལ་བའི་འགྲེས་ཀྱིས་བསྐྱེད་ན་སྲོག་ཆགས་གཅིག་ལ་ཡང་སྐད་ཅིག་སྐད་ཅིག་ལ་འདས་པ་དང་མ་འོངས་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། སྐྱེས་ནས་ཐོབ་པའི་དགེ་བའི་སྐད་ཅིག་མ་མཚུངས་པར་ལྡན་པ་
དང་ལྷན་ཅིག་འབྱུང་བར་བཅས་པ་ཐོག་མ་དང་ཐ་མ་མེད་པའི་འཁོར་བར་གཏོགས་པ་ཐམས་ཅད་ཀྱི་མཐའ་ཡས་པ་དག་སྐྱེ་བར་འགྱུར་བས་སེམས་ཅན་རྣམས་ཀྱི་སོ་སོའི་རྒྱུད་ཀྱི་ལུས་ཀྱི་སྐད་ཅིག་མ་ལ་རྫས་མཐའ་ཡས་པ་ཅན་དག་འབྱུང་ངོ་། །ཀྱེ་མ་འདི་ནི་ཐོབ་པ་རྣམས་ཀྱི་དགའ་སྟོན་ཆེན་པོ་
Vol. 140 · folio 74a
ཞིག་སྟེ། དེ་ཐོགས་པ་མེད་པས་འདི་ལྟར་གོ་སྐབས་རྙེད་ཀྱི། དེ་ལྟ་མ་ཡིན་ན་སྲོག་ཆགས་གཉིས་པའི་ནི་ནམ་མཁའ་ལ་གོ་སྐབས་ཡོད་པར་མི་འགྱུར་རོ། །ཡང་སྐལ་བ་མཉམ་པ་ཞེས་བྱ་བ་འདི་ཅི་ཞེ་ན། སྐལ་མཉམ་སེམས་ཅན་འདྲ་བའོ། །སྐལ་བ་མཉམ་པ་ཉིད་
ཅེས་བྱ་བའི་རྫས་ནི་སེམས་ཅན་རྣམས་ཀྱི་འདྲ་བ་ཡིན་ཏེ། བསྟན་བཅོས་ལས་ནི་འདིའི་མིང་རིས་མཐུན་པ་ཞེས་འབྱུང་ངོ་། །དེ་ཡང་ཐ་དད་པ་མ་ཡིན་པ་དང་། ཐ་དད་པ་སྟེ། ཐ་དད་པ་མ་ཡིན་པ་ནི། སེམས་ཅན་ཐམས་ཅད་སེམས་ཅན་དུ་སྐལ་བ་མཉམ་པ་སྟེ། ཐམས་ཅད་ལ་ཡང་སེམས་
ཅན་རེ་རེ་ཡོད་པའི་ཕྱིར་རོ། །ཐ་དད་པ་ནི་སེམས་ཅན་དེ་དག་ཉིད་ཁམས་དང་ས་དང་འགྲོ་བ་དང་། སྐྱེ་གནས་དང་། རིགས་དང་། ཕོ་དང་། མོ་དང་། དགེ་བསྙེན་དང་། དགེ་སློང་དང་། སློབ་པ་དང་། མི་སློབ་པ་ལ་སོགས་པའི་བྱེ་བྲག་གིས་སོ་སོར་ངེས་པའོ། །ཆོས་ཀྱི་སྐལ་བ་མཉམ་
པ་ནི་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་སྒོ་ནས་སོ། །གལ་ཏེ་སྐལ་བ་མཉམ་པ་ཞེས་བྱ་བའི་རྫས་ཁྱད་པར་མེད་པ་ཞིག་མེད་ན་ཕན་ཚུན་ཁྱད་པར་ཐ་དད་པའི་སེམས་ཅན་རྣམས་ལ་བྱེ་བྲག་མེད་པར་སེམས་ཅན་ཞེས་བྱ་བའི་བློ་འཇུག་པ་དང་། འདོགས་པར་ཡང་མི་འགྱུར་ཏེ། ཕུང་པོ་ལ་སོགས་
པའི་བློ་དང་འདོགས་པ་དག་ལ་ཡང་དེ་བཞིན་དུ་སྦྱོར་བར་བྱའོ། །འཆི་འཕོ་བར་ཡང་འགྱུར་ཞིང་སྐྱེ་བར་ཡང་འགྱུར་ལ། སེམས་ཅན་གྱི་སྐལ་བ་མཉམ་པ་ཉིད་འདོར་བར་ཡང་མི་འགྱུར་ཐོབ་པར་ཡང་མི་འགྱུར་བ་ཡོད་དམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་གང་ནས་འཆི་འཕོ་བ་དེ་ཉིད་དུ་
སྐྱེ་བ་ནའོ། །གཉིས་པ་ནི་ངེས་པ་ལ་འཇུག་པ་ན་སྟེ། དེ་ནི་སེམས་ཅན་གྱི་སྐལ་བ་མཉམ་པ་ཉིད་འདོར་ཞིང་། འཕགས་པའི་སྐལ་བ་མཉམ་པ་ཉིད་འཐོབ་བོ། །གསུམ་པ་ནི་འགྲོ་བ་འཕོ་བ་ལས་སོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །གལ་ཏེ་སོ་སོའི་སྐྱེ་བོའི་སྐལ་བ་མཉམ་པ་
ཉིད་ཅེས་བྱ་བའི་རྫས་ཤིག་ཡོད་ན་གོ་སོ་སོའི་སྐྱེ་བོ་ཉིད་ཀྱིས་ཅི་ཞིག་བྱ་སྟེ། མིའི་སྐལ་བ་མཉམ་པ་ལས་ནི་མི་ཉིད་གུད་ན་བརྟག་ཏུ་མེད་དོ། །འཇིག་རྟེན་གྱིས་ནི་སྐལ་བ་མཉམ་པ་ཉིད་གཟུགས་ཅན་མ་ཡིན་པའི་ཕྱིར་མི་མཐོང་བ་ཉིད་ལ། འདི་ཤེས་རབ་ཀྱིས་ཀྱང་ཡོངས་སུ་མི་ཆོད་མོད་ཀྱི།
Vol. 140 · folio 74b
སེམས་ཅན་རྣམས་ཀྱི་རིགས་ཐ་མི་དད་པ་ཡང་ཁོང་དུ་ཆུད་དོ། །དེ་ཡོད་དུ་ཆུག་ན་ཡང་དེ་ལས་ཇི་ལྟ་བུ་ཞིག་བྱེད། གཞན་ཡང་སེམས་ཅན་མ་ཡིན་པའི་སྐལ་བ་མཉམ་པ་ཉིད་ཀྱང་ཅིའི་ཕྱིར་མི་འདོད་དེ། སཱ་ལུ་དང་། ནས་དང་། མོན་སྲན་སྡེའུ་དང་། མོན་སྲན་གྲེའུ་དང་། ཨ་
མྲ་དང་། ཤིང་པ་ན་ས་དང་། ལྕགས་དང་། གསེར་ལ་སོགས་པ་རྣམས་རང་གི་རིགས་འདྲ་བའི་ཕྱིར་རོ། །སྐལ་བ་མཉམ་པ་ཕན་ཚུན་ཐ་དད་པ་དེ་དག་ཀྱང་ཇི་ལྟར་བྱེ་བྲག་མེད་པར་སྐལ་བ་མཉམ་པ་ཉིད་དུ་འདོགས་པར་བྱེད། དེ་ལྟ་ན་ནི་བྱེ་བྲག་པ་རྣམས་ཀྱིས་གསལ་བར་བྱས་པ་
ཡིན་ཏེ། དེ་དག་གི་གྲུབ་པའི་མཐའ་ནི་སྤྱི་ཞེས་བྱ་བའི་དངོས་པོ་ཞིག་ཡོད་དེ། དེས་ན་རྣམ་པ་མི་འདྲ་བ་རྣམས་ལ་ཡང་ཤེས་པ་མཚུངས་པ་སྐྱེའོ་ཞེས་བྱ་བ་འདི་ཡིན་ནོ། །དེ་དག་གཅིག་ཡིན་ཡང་དུ་མ་ལ་འཇུག་པ་འདི་ནི་དེ་དག་གི་ཁྱད་པར་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་གལ་
ཏེ་གསལ་བར་བྱས་ཀྱང་རུང་། གལ་ཏེ་གསལ་བར་མ་བྱས་ཀྱང་རུང་སྟེ། མདོ་ལས་འབྱུང་བའི་ཕྱིར་སྐལ་བ་མཉམ་པ་ནི་ཡོད་པ་ཁོ་ན་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པ་འདི་ལྟ་བུ་ཉིད་དུ་འོང་ན་ཞེས་གསུངས་སོ་ཞེས་ཟེར་རོ། །དེ་སྐད་གསུངས་མོད་
ཀྱི་རྫས་གཞན་ནོ་ཞེས་ནི་མ་གསུངས་སོ། །འོ་ན་ཅི་ཞེ་ན། གང་དག་ལ་མི་ལ་སོགས་པར་འདོགས་པའི་འདུ་བྱེད་དེ་ལྟ་བུར་གྱུར་པ་དེ་དག་ཁོ་ནར་ཟད་དེ། སཱ་ལུ་ལ་སོགས་པའི་སྐལ་བ་མཉམ་པ་དང་འདྲའོ། །དེ་སྐད་དུ་ནི་མི་བརྗོད་དོ། །ཡང་འདུ་ཤེས་མེད་པ་པ་ཞེས་བྱ་བ་འདི་ཅི་ཞེ་ན།
འདུ་ཤེས་མེད་པ་པ་འདུ་ཤེས། །མེད་པར་སེམས་དང་སེམས་བྱུང་རྣམས། །འགོག་པའོ། །འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་དག་གི་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་གང་ཡིན་པ་དེ་ནི་འདུ་ཤེས་མེད་པ་པ་ཞེས་བྱ་བའི་རྫས་ཡིན་ཏེ། གང་གིས་མ་འོངས་
པའི་དུས་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་དུས་གཞན་གྱི་བར་དུ་ཀླུང་གི་ཆུ་འགོག་པ་བཞིན་དུ་འགོག་ཅིང་སྐྱེར་མི་སྟེར་བའོ། །དེ་ཡང་གཅིག་ཏུ་རྣམ་པར་སྨིན། །གང་གི་རྣམ་པར་སྨིན་པ་ཡིན་ཞེ་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་ཡིན་ནོ། །གང་དག་ན་འདུ་ཤེས་
Vol. 140 · folio 75a
མེད་པའི་སེམས་ཅན་རྣམས་འཁོད་པའི་སེམས་ཅན་དེ་དག་གང་ཞེ་ན། དེ་འབྲས་ཆེའང་། གང་དག་གི་ཕྱོགས་གཅིག་ན་སེམས་ཅན་འདུ་ཤེས་མེད་པ་ཁ་ཅིག་འཁོད་པའི་ལྷ་དེ་དག་ནི་འབྲས་བུ་ཆེ་བ་ཞེས་བྱ་བ་ཡིན་ཏེ། བསམ་གཏན་ཁྱད་པར་ཅན་བཞིན་ནོ། །ཅི་དེ་དག་
ནམ་ཡང་འདུ་ཤེས་ཅན་དུ་མི་འགྱུར་རམ་ཞེ་ན། སྐྱེ་བའི་དུས་དང་འཆི་འཕོས་པའི་དུས་ན་འགྱུར་ཏེ། མདོ་ལས། སེམས་ཅན་དེ་དག་དུས་རིང་མོ་ཞིག་ཏུ་འདུག་སྟེ། འདུ་ཤེས་སྐྱེས་ནས་གནས་དེ་ནས་འཆི་འཕོ་བར་འགྱུར་རོ་ཞེས་འབྱུང་ངོ་། །དེ་དག་ཀྱང་ཡུན་རིང་པོར་གཉིད་ཀྱིས་ལོག་པ་
ལས་སངས་པ་བཞིན་དུ་དེ་ནས་ཤི་འཕོས་ནས་སྔོན་གྱི་སྙོམས་པར་འཇུག་པའི་འདུ་བྱེད་ཡོངས་སུ་ཟད་པའི་ཕྱིར་དང་། སྔོན་མེད་པ་མ་བསགས་པའི་ཕྱིར་མདའ་འཕངས་པ་ཤུགས་ཟད་པ་དག་ས་ལ་ལྟུང་བ་བཞིན་དུ་འདོད་པའི་ཁམས་སུ་སྐྱེ་བར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །གང་ཞིག་
དེར་སྐྱེ་བར་འགྱུར་བ་དེ་ལ་ནི་གདོན་མི་ཟ་བར་འདོད་པ་ན་སྤྱོད་པའི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཡོད་དེ། དཔེར་ན་བྱང་གི་སྒྲ་མི་སྙན་པ་རྣམས་ཀྱི་ལྷར་སྐྱེ་བ་མྱོང་བར་འགྱུར་བ་བཞིན་ནོ། །ཡང་། སྙོམས་འཇུག་དག་ཅེས་གང་བཤད་པ། །སྙོམས་པར་འཇུག་པ་དེ་དག་གང་
ཡིན་ཞེ་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པའོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་འདི་ཅི་ཞེ་ན། ཇི་ལྟར་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་ལ་འདུ་ཤེས་མེད་པ་པར་བཤད་པ། དེ་བཞིན་འདུ་ཤེས་མེད་
སྙོམས་འཇུག །འདུ་ཤེས་མེད་པ་རྣམས་ཀྱི་སྙོམས་པར་འཇུག་པའམ་འདུ་ཤེས་མེད་པ་ཅན་ཡིན་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་སྟེ། དེ་ཡང་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་འགོག་པ་ཡིན་ནོ། །དེ་བཞིན་ཞེས་བྱ་བའི་སྒྲས་ནི་དེ་ཙམ་ཞིག་མཐུན་པར་འདོན་
ཏོ། །སྙོམས་པར་འཇུག་པ་དེ་ནི་བསམ་གཏན་ཐ་མར། བསམ་གཏན་ཐ་མ་ནི་བཞི་པ་སྟེ། དེ་ནི་དེར་གཏོགས་པ་ཡིན་གྱི་ས་གཞན་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་འདི་ལ་སྙོམས་པར་འཇུག་ཅེ་ན། འབྱུང་འདོད་པས། འདི་ལ་ངེས་པར་འབྱུང་བར་སེམས་ཏེ། དེའི་ཕྱིར་ཐར་པར་འདོད་
Vol. 140 · folio 75b
པས་སྙོམས་པར་འཇུག་གོ། །འདུ་ཤེས་མེད་པ་པ་ནི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་ལུང་དུ་མ་བསྟན་པ་ཞེས་བྱ་བར་གྲུབ་བོ། །འདི་ནི་དགེ་བའོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ནི་དགེ་བ་ཁོ་ན་ཡིན་ནོ། །དེའི་རྣམ་པར་སྨིན་པ་ནི་འདུ་ཤེས་མེད་པའི་སེམས་ཅན་
རྣམས་ཀྱི་ནང་དུ་ཕུང་པོ་ལྔ་འགྲུབ་པའོ། །དེ་དགེ་བ་ཡིན་ཡང་། སྐྱེས་ནས་མྱོང་འགྱུར་ཉིད། སྐྱེས་ནས་མྱོང་བར་འགྱུར་བ་ཁོ་ན་ཡིན་གྱི་མཐོང་བའི་ཆོས་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཡང་མ་ཡིན་ལ་མ་ངེས་པ་ཡང་མ་ཡིན་ནོ། །གང་ཞིག་གིས་འདི་བསྐྱེད་ནས་ཡོངས་སུ་
ཉམས་པ་དེ་ཡང་གདོན་མི་ཟ་བར་ཡང་བསྐྱེད་ནས་འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཞེས་གྲག་གོ། །དེ་ཉིད་ཀྱི་ཕྱིར་དེ་ཐོབ་པ་ནི་ངེས་པ་ལ་མི་འཇུག་གོ། །དེ་ཡང་སོ་སོའི་སྐྱེ་བོ་ཁོ་ནའི་ཡིན་པར་འདོད་ཀྱི། འཕགས་པའི་མ་ཡིན། འཕགས་པ་
རྣམས་ནི་འདི་ལ་རྣམ་པར་ལྟུང་བའི་གནས་ལྟ་བུར་གཟིགས་པས་འདུ་ཤེས་མེད་པའི་སྙོམས་པར་མི་འཇུག་གི་ངེས་པར་འབྱུང་བའི་འདུ་ཤེས་ཅན་དག་ནི་དེ་ལ་སྙོམས་པར་འཇུག་གོ། །ཡང་ཅི་འཕགས་པ་བསམ་གཏན་བཞི་པ་ཐོབ་ནས་བསམ་གཏན་བཞིན་དུ་འདི་འདས་པ་དང་མ་
འོངས་པ་དག་ཀྱང་འཐོབ་བམ་ཞེ་ན། རེ་ཞིག་གཞན་དག་གིས་ཀྱང་མི་འཐོབ་པོ་ཅིའི་ཕྱིར་ཞེ་ན། འདི་ནི་འདྲིས་པ་ཡིན་ཡང་མངོན་པར་འདུ་བྱ་བ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དང་། སེམས་མེད་པ་པ་ཡིན་པའི་ཕྱིར་རོ། །དུས་གཅིག་འཐོབ་དུས་གཅིག་པ་ཞེས་བྱ་
བའི་ཐ་ཚིག་སྟེ། སོ་སོར་ཐར་པའི་སྡོམ་པ་ཇི་ལྟ་བ་བཞིན་དུ་ད་ལྟར་གྱི་དུས་པ་ཁོ་ན་འཐོབ་པོ། །སྐད་ཅིག་མ་གཉིས་པ་ལ་སོགས་པར་ནི་ཇི་སྲིད་མི་གཏོང་བ་དེ་སྲིད་དུ་ཐོབ་པ་འདས་པ་དང་ཡང་ལྡན་པ་ཡིན་ནོ། །སེམས་མེད་པ་པ་ཡིན་པའི་ཕྱིར་མ་འོངས་པ་ནི་མི་འཐོབ་པོ། །ད་ནི་
འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཇི་ལྟ་བུར། འགོག་པ་ཞེས་པའང་དེ་བཞིན་ཉིད། །དེ་བཞིན་ཞེས་བྱ་བའི་སྒྲས་རྣམ་པ་གང་ཞིག་གཟུང་ཞེ་ན། སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པའོ་ཞེས་བྱ་བ་གཟུང་ངོ་། །
Vol. 140 · folio 76a
འདིའི་ཁྱད་པར་ནི་འདི་ཡིན་ཏེ། འདི་གནས་དོན་དུ། ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་འདི་ལ་སྙོམས་པར་འཇུག་གི །དེ་ལ་ནི་ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བས་སོ། །ཡང་དེ་ནི་བསམ་གཏན་བཞི་པའི་ས་པ་ཡིན་གྱི་
འདི་ནི། སྲིད་རྩེ་སྐྱེས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ས་པ་ཁོ་ན་ཡིན་ནོ། །འདི་ནི་དགེ་བའོ། །དགེ་བ་ཁོ་ན་ཡིན་ཏེ། ཉོན་མོངས་པ་ཅན་ཡང་མ་ཡིན་ལ། ལུང་དུ་མ་བསྟན་པ་ཡང་མ་ཡིན་ནོ། །དགེ་བ་ཡིན་ཡང་། གཉིས་སུ་མྱོང་འགྱུར་དང་མ་ངེས། །སྐྱེ་
ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྟེ། དུས་གཉིས་སུ་མྱོང་བར་འགྱུར་བ་དང་། རྣམ་པར་སྨིན་པའི་ཕྱིར་མ་ངེས་པ་ཡང་ཡིན་ཏེ། གལ་ཏེ་འདིར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་ན་ནམ་ཡང་རྣམ་པར་མི་སྨིན་པ་ཁོ་ནར་འགྱུར་རོ། །དེའི་
རྣམ་པར་སྨིན་པ་ནི་སྲིད་པའི་རྩེ་མོའི་ཕུང་པོ་བཞི་ཡིན་ནོ། །དེ་ཡང་གཅིག་ཏུ་འཕགས་པའི་སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་འགོག་པའི་སྙོམས་པར་འཇུག་པ་སྐྱེད་མི་ནུས་ཏེ། ཆད་པས་འཇིགས་པའི་ཕྱིར་དང་། འཕགས་པའི་ལམ་གྱི་སྟོབས་ཀྱིས་བསྐྱེད་པའི་ཡང་ཕྱིར་རོ། །མཐོང་བའི་ཆོས་
ལ་མྱ་ངན་ལས་འདས་པ་ནི་དེ་ལ་མོས་པའི་ཕྱིར་རོ། །འཕགས་པའི་ཡང་འདི་ནི་འདོད་ཆགས་དང་བྲལ་བས་ཐོབ་པར་བྱ་བ་མ་ཡིན་ཏེ། འོ་ན་ཇི་ལྟ་བུ་ཞེ་ན། སྦྱོར་བས་འཐོབ། འདི་ནི་སྦྱོར་བས་འཐོབ་པར་བྱ་བ་ཁོ་ན་ཡིན་པས། འདས་པ་ཡང་མི་འཐོབ་ལ་མ་འོངས་པ་ཡང་མི་འཐོབ་སྟེ། དེ་ནི་
སེམས་ཀྱི་སྟོབས་ཀྱིས་འཐོབ་པའི་ཕྱིར་རོ། །ཅི་བཅོམ་ལྡན་འདས་ཀྱི་ཡང་སྦྱོར་བ་ལས་བྱུང་བ་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། ཐུབ་པའི་བྱང་ཆུབ་ཀྱིས་ཐོབ་བྱ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་འདི་ཟད་པ་མཁྱེན་པ་དང་དུས་མཉམ་དུ་བརྙེས་སོ། །
སངས་རྒྱས་རྣམས་ཀྱི་ནི་སྦྱོར་བ་ལས་བྱུང་བ་ཞེས་བྱ་བ་ཅུང་ཟད་ཀྱང་མེད་དེ། དེ་དག་གི་ཡོན་ཏན་འབྱོར་པ་མངོན་སུམ་དུ་འགྱུར་བ་ཐམས་ཅད་ནི་བཞེད་པ་ཙམ་ལ་རག་ལུས་པ་ཡིན་པས་དེ་ལྟ་བས་ན་དེ་དག་གི་ཐམས་ཅད་ནི། འདོད་ཆགས་དང་བྲལ་བས་བརྙེས་པ་ཡིན་ནོ། །ད་ནི་ཡང་བཅོམ་ལྡན་འདས་
Vol. 140 · folio 76b
ཀྱིས་འགོག་པའི་སྙོམས་པར་འཇུག་པ་མ་བསྐྱེད་ན་ཟད་པ་མཁྱེན་པའི་དུས་སུ་གཉི་གའི་ཆ་ལས་རྣམ་པར་གྲོལ་བར་ཇི་ལྟར་འགྲུབ་ཅེ་ན། འགྲུབ་སྟེ། བསྐྱེད་ཟིན་པ་བཞིན་དུ་དེ་ལ་མངའ་བའི་ཕྱིར་རོ། །ནུབ་ཕྱོགས་པ་དག་ན་རེ་དེ་ནི་དང་པོ་ཁོ་ནར་བྱང་ཆུབ་སེམས་དཔའ་སློབ་པའི་གནས་སྐབས་
ན་སྐྱེད་པར་བྱེད་དོ་ཞེས་ཟེར་རོ། །ཡང་འདི་ཅིའི་ཕྱིར་མི་འདོད་ཅེ་ན། དེ་ལྟར་ན་གནས་བརྟན་ཉེ་བསྲུངས་ཀྱི་ལུགས་ཀྱི་ཚིག་ནི་དེ་བཞིན་གཤེགས་པ་ནི་འགོག་པའི་སྙོམས་པར་འཇུག་པ་བསྐྱེད་ནས་ཟད་པ་མཁྱེན་པ་སྐྱེད་པར་མཛད་དོ་ཞེས་བརྗོད་པར་བྱའོ། །ཞེས་བྱ་བ་འབྱུང་བ་འདི་ཚད་མར་
བྱས་པ་ཡིན་ནོ། །དང་པོར་མ་ཡིན། ཁ་ཆེ་བ་རྣམས་ན་རེ་དེ་ལྟར་བསྐྱེད་དུ་མི་རུང་ངོ་ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན། སྐད་ཅིག་མ། སུམ་ཅུ་རྩ་བཞིས་འཐོབ་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཀྱི་སྐད་ཅིག་མ་སུམ་ཅུ་རྩ་བཞིས་བྱང་ཆུབ་རྗེས་སུ་འཐོབ་པ་སྟེ། བདེན་པ་མངོན་པར་རྟོགས་པ་
ན་བཅུ་དྲུག་དང་། སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བ་ན་ཉོན་མོངས་པའི་རྣམ་པ་དགུ་སྤོང་བར་བྱེད་པ་ན་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་དགུ་དགུ་སྐྱེ་བའི་ཕྱིར་བཅོ་བརྒྱད་དེ། དེ་དག་ནི་སུམ་ཅུ་རྩ་བཞིར་འགྱུར་རོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་དེ་ངེས་པ་ལ་
འཇུག་པའི་ཕྱིར་ས་འོག་མ་པའི་ཉོན་མོངས་པ་རྣམས་ནི་ཡང་སྤང་བར་བྱ་བ་མ་ཡིན་ནོ། །དེའི་ཕྱིར་བར་སྐབས་འདིར་མི་འདྲ་བའི་སེམས་མི་སྲིད་པས་འགོག་པའི་སྙོམས་པར་འཇུག་པ་མི་རུང་ངོ་ཞེས་ཟེར་རོ། །ཞེས་གྲག་གོ། །གལ་ཏེ་བར་སྐབས་སུ་མི་འདྲ་བའི་སེམས་མངོན་དུ་བྱས་ན་ཅིར་འགྱུར་ཞེ་ན།
བསམ་པ་ལྡང་བ་ཅན་དུ་འགྱུར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་བསམ་པ་མི་ལྡང་བ་ཅན་ཡིན་ནོ། །ཉི་འོག་པ་རྣམས་ན་རེ་བསམ་པ་མི་ལྡང་བ་ཅན་ཡིན་པ་བདེན་མོད་ཀྱི། ཟག་པ་མེད་པའི་ལམ་ལས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཟག་པ་ཟད་པ་མ་ཐོབ་ཀྱི་བར་དུ་རེ་ཞིག་སྐྱིལ་མོ་ཀྲུང་མི་
གཞིག་གོ་སྙམ་པའི་བསམ་པ་འདི་མི་ལྡང་བའི་ཕྱིར་ཏེ། སྟན་གཅིག་ཁོ་ན་ལ་དོན་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་རོ་ཞེས་ཟེར་རོ། །སྔ་མ་ཁོ་ན་ཡིན་ནོ་ཞེས་ནི་བརྗོད་དོ། །སྙོམས་པར་འཇུག་པ་འདི་གཉིས་ཀྱི་རྣམ་པའི་བྱེ་བྲག་མ་ཡིན་མོད་ཀྱི། གཉི་ག་འདོད་དང་གཟུགས་
Vol. 140 · folio 77a
རྟེན་ཅན། །འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པར་འཇུག་པ་འདི་གཉི་ག་ཡང་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་སུ་སྐྱེད་དོ། །གང་དག་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གཟུགས་ཀྱི་ཁམས་སུ་མི་འདོད་པ་དེ་དག་གི་ལྟར་ན་ཆོས་མངོན་པའི་གཞུང་གཟུགས་
ཀྱི་སྲིད་པ་ཡིན་ལ། སྲིད་པ་དེ་རྣམས་དང་འདྲིད་པ་ཅན་སྔ་མ་ཡིན་པ་ཡོད་དམ་ཞེ་ན། ཡོད་དེ། གཟུགས་ན་སྤྱོད་པའི་སེམས་ཅན་ལྷ་འདུ་ཤེས་ཅན་སེམས་མི་འདྲ་བ་ལ་གནས་པ་རྣམས་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལ་
སྙོམས་པར་ཞུགས་པ་རྣམས་དང་། ལྷ་འདུ་ཤེས་མེད་པ་འདུ་ཤེས་མེད་པ་པ་ཐོབ་པ་རྣམས་ཀྱི་སྲིད་པ་གང་ཡིན་པའོ་ཞེས་འབྱུང་བ་འདི་དང་འགལ་ཏེ། དེའི་ཕྱིར་འདི་གཉི་ག་ཡང་འདོད་པ་དང་གཟུགས་ལ་བརྟེན་པ་དག་ཡིན་ནོ། །དེ་ལ་ཡང་ཁྱད་པར་ནི་འདི་ཡོད་དོ། །འགོག་པ་དང་པོར་མིའི་ནང་
དུ། འགོག་པའི་སྙོམས་པར་འཇུག་པ་ནི་དང་པོ་ཉིད་དུ་མི་དག་གི་ནང་དུ་སྐྱེད་དོ། །ཕྱིས་ནི་སྔར་ཡོངས་སུ་ཉམས་པ་དག་གིས་གཟུགས་ཀྱི་ཁམས་སུ་ཡང་སྐྱེད་དོ། །ཅི་འདི་ལས་ཀྱང་ཡོངས་སུ་ཉམས་པ་ཡོད་དམ་ཞེ་ན། སྨྲས་པ་ཡོད་དོ། །དེ་ལྟ་མ་ཡིན་ན་འཆར་བྱེད་ཀྱི་མདོ་ལས་
ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡང་ཡིན། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་ཡང་ཡིན། ཤེས་རབ་ཕུན་སུམ་ཚོགས་པ་ཡང་ཡིན་པ་དེ་ནི་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྡང་བའི་གནས་དེ་ཡོད་དོ་ཞེས་བྱ་བར་ཡང་དག་པ་
ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དེ་ནི་མཐོང་བའི་ཆོས་ཁོ་ན་ལ་དང་པོ་ཉིད་དུ་ཀུན་ཤེས་པ་ཐོབ་པར་ཡང་མི་བྱེད་ཅིང་འཆི་བའི་དུས་ཀྱི་ཚེ་ཡང་མ་ཡིན་ལ་ལུས་ཞིག་ནས་ཀྱང་ཁམ་གྱི་ཟས་ཟ་བའི་ལྷ་ལས་འདས་ཏེ། ཡིད་ལས་བྱུང་བའི་ལྷའི་ལུས་གང་ཡང་རུང་བ་ཞིག་ཏུ་སྐྱེ་བར་འགྱུར་རོ། །དེ་དེར་
སྐྱེས་ནས་ཡང་དང་ཡང་དུ་འདུ་ཤེས་དང་ཚོར་བ་འགོག་པ་ལ་སྙོམས་པར་འཇུག་པ་དང་ལྡང་བའི་གནས་དེ་ཡང་ཡོད་དོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་འབྱུང་བ་དང་འགལ་ལོ། །དེར་ཡང་བཅོམ་ལྡན་འདས་ཀྱིས་ཡིད་ལས་བྱུང་བའི་ལུས་ཅན་གྱི་ལྷ་ནི་གཟུགས་ན་
Vol. 140 · folio 77b
སྤྱོད་པ་ཡིན་པར་གསུངས་ལ། སྙོམས་པར་འཇུག་པ་འདི་ནི་སྲིད་པའི་རྩེ་མོ་པ་ཡིན་ན་དེ་ཇི་ལྟར་དེ་ཐོབ་པ་ཡོངས་སུ་མ་ཉམས་པ་གཟུགས་ཀྱི་ཁམས་སུ་སྐྱེ་བར་འགྱུར། སྡེ་པ་གཞན་དག་འགོག་པའི་སྙོམས་པར་འཇུག་པ་བསམ་གཏན་བཞི་པའི་ས་པ་ཡང་ཡིན་པར་འདོད་པ་དེ་དག་གི་ལྟར་ན་
འདི་ཡོངས་སུ་ཉམས་པ་མེད་བཞིན་དུ་ཡང་འགྲུབ་པ་འདྲ་མོད་ཀྱི། འདི་བསམ་གཏན་བཞི་པའི་ས་པ་ཡང་ཡོད་དོ་ཞེས་བྱ་བ་འདི་ནི་མི་འགྲུབ་བོ། །ཅིའི་ཕྱིར་ཞེ་ན། མདོ་ལས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་འབྱུང་བའི་ཕྱིར་རོ། །གལ་ཏེ་དེ་ངེས་པ་ཡིན་ན་ཇི་ལྟར་ཐོད་རྒལ་
དུ་སྙོམས་པར་འཇུག་པ་དག་ཡིན་ཞེ་ན། འདི་ནི་རྩོམ་པ་དང་པོ་པ་ལས་ངེས་པ་ཡིན་ཏེ། དགའ་མགུའི་དབང་ཐོབ་པ་དག་ཡིན་ན་ནི་རྣམ་པར་རྒལ་ཏེ་ཡང་སྙོམས་པར་འཇུག་གོ། །དེ་ལྟར་ན་སྙོམས་པར་འཇུག་པ་འདི་གཉིས་ནི་ས་ལས་ཀྱང་ཁྱད་པར་ཡོད་དེ། བསམ་གཏན་བཞི་པ་དང་
སྲིད་པའི་རྩེ་མོའི་ས་པ་ཡིན་པའི་ཕྱིར་རོ། །སྦྱོར་བ་ལས་ཀྱང་ངེས་པར་འབྱུང་བ་དང་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་སྦྱོར་བའི་ཕྱིར་རོ། །རྒྱུད་ལས་ཀྱང་སོ་སོའི་སྐྱེ་བོ་དང་འཕགས་པའི་རྒྱུད་ལ་སྐྱེ་བའི་ཕྱིར་རོ། །འབྲས་བུ་ལས་ཀྱང་འདུ་ཤེས་མེད་པ་པ་དང་
སྲིད་པའི་རྩེ་མོའི་འབྲས་བུ་ཡིན་པའི་ཕྱིར་རོ། །མྱོང་བར་འགྱུར་བ་ལས་ཀྱང་མྱོང་བར་འགྱུར་བར་ངེས་པ་དང་གཉི་ག་ཡིན་པའི་ཕྱིར་རོ། །དང་པོ་སྐྱེད་པ་ལས་ཀྱང་ཁམས་གཉིས་དང་མིའི་ནང་དུ་སྐྱེད་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་འདི་དག་སེམས་དང་སེམས་ལས་བྱུང་བ་འགོག་པའི་
རང་བཞིན་ཡིན་ན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་ཞེ་ན། དེ་དག་དང་མི་མཐུན་པས་དེ་དག་ལ་སྙོམས་པར་འཇུག་པར་སྦྱོར་བའི་ཕྱིར་ཏེ། ཚོར་བ་ལ་སོགས་པ་ཡང་ཤེས་མོད་ཀྱི་གཞན་གྱི་སེམས་
ཤེས་པ་ཞེས་བྱ་བ་བཞིན་ནོ། །ད་ནི་ཇི་ལྟར་འགགས་ནས་ཡུན་རིང་དུ་ལོན་པའི་སེམས་ལས་ཡང་སེམས་སྐྱེ་བར་འགྱུར་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདས་པ་ཡང་ཡོད་པའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་འདོད་དེ། སྔོན་གྱི་སློབ་དཔོན་གཞན་དག་ན་རེ་ནི་རེ་ཞིག་གཟུགས་
Vol. 140 · folio 78a
མེད་པར་སྐྱེས་པ་རྣམས་ཀྱི་གཟུགས་འགགས་ནས་རིང་དུ་ལོན་ན་ཡང་གཟུགས་ཇི་ལྟར་སྐྱེ་ཞེ་ན། དེ་ནི་སེམས་ཁོ་ན་ལས་སྐྱེའི་གཟུགས་ལས་ནི་མ་ཡིན། དེ་བཞིན་དུ་སེམས་ཀྱང་དབང་པོ་དང་བཅས་པའི་ལུས་འདི་ཁོ་ན་ལས་སྐྱེའི་སེམས་ལས་ནི་མ་ཡིན་ཏེ། འདི་
ལྟ་སྟེ། སེམས་དང་དབང་པོ་དང་བཅས་པའི་ལུས་གཉིས་ནི་ཕན་ཚུན་ས་བོན་ཅན་ཡིན་ནོ་ཞེས་ཟེར་རོ། །བཙུན་པ་དབྱིག་བཤེས་ཀྱིས་ནི་ཡོངས་སུ་དྲིས་པ་ལས། འདི་ནི་གང་གི་ལྟར་ན་འགོག་པའི་སྙོམས་པར་འཇུག་པ་སེམས་མེད་པ་པ་ཡིན་པ་དེ་ལ་སྐྱོན་དུ་འགྱུར་གྱི་ཁོ་བོ་ནི་
འགོག་པའི་སྙོམས་པར་འཇུག་པ་སེམས་དང་བཅས་པ་ཡིན་ནོ་ཞེས་ཟེར་རོ། །བཙུན་པ་དབྱངས་སྒྲོགས་ན་རེ་དེ་ནི་མི་འཐད་དེ། བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པ་ཡོད་ན་གསུམ་འདུས་པ་ལས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ་དང་འདུ་ཤེས་དང་སེམས་པ་ཞེས་
གསུངས་ཏེ། དེའི་ཕྱིར་འདི་ལ་འདུ་ཤེས་དང་ཚོར་བ་དག་ཀྱང་འགག་པར་མི་འགྱུར་རོ། །འོན་ཏེ་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་གསུངས་མོད་ཀྱི་དགྲ་བཅོམ་པ་ལ་ཚོར་བ་ཡོད་བཞིན་དུ་སྲེད་པ་མི་སྐྱེ་བ་དེ་བཞིན་དུ་རེག་པ་ཡོད་བཞིན་དུ་ཚོར་བ་ལ་སོགས་པ་མི་འབྱུང་ངོ་ཞེ་ན། ཁྱད་པར་
དུ་བྱས་པའི་ཕྱིར་དེ་ནི་མ་ཡིན་ཏེ། མ་རིག་པའི་འདུས་ཏེ་རེག་པ་ལས་སྐྱེས་པའི་ཚོར་བ་ལ་བརྟེན་ནས་སྲེད་པ་སྐྱེས་སོ་ཞེས་གསུངས་ཀྱི། ཚོར་བ་སྐྱེས་པ་ལ་རེག་པ་ནི་བྱེ་བྲག་ཏུ་མ་བྱས་པས་འདི་ནི་མི་འདྲའོ། །དེ་ལྟ་བས་ན་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འགོག་པའི་སྙོམས་པར་འཇུག་
པ་ནི་སེམས་མེད་པ་པ་ཡིན་ནོ་ཞེས་ཟེར་རོ། །ཇི་ལྟར་ན་སེམས་མེད་པའི་སྙོམས་པར་འཇུག་པ་ཉིད་ཡིན་ཞེ་ན། འབྱུང་བ་ཆེན་པོ་མཉམ་པ་ཉིད་དུ་སྒྲུབ་པའི་ཕྱིར་རམ། ཡང་ན་སྙོམས་པར་འཇུག་པའི་སེམས་ཀྱིས་དེ་ལ་སྙོམས་པར་འཇུག་ཅིང་འཐོབ་པར་འགྱུར་བས་ན་སྙོམས་པར་
འཇུག་པ་ཡིན་ནོ། །ཡང་ཅི་སྙོམས་པར་འཇུག་པ་འདི་དག་རྫས་སུ་ཡོད་དམ་འོན་ཏེ་བཏགས་པར་ཡོད་ཅེ་ན། སེམས་སྐྱེ་བ་ལ་བགེགས་བྱེད་པའི་ཕྱིར་རྫས་སུ་ཡོད་དོ་ཞེས་ཟེར་རོ། །མ་ཡིན་ཏེ། སྙོམས་པར་འཇུག་པའི་སེམས་ཁོ་ན་དེ་ལ་བགེགས་བྱེད་པའི་ཕྱིར་རོ། །སྙོམས་
Vol. 140 · folio 78b
པར་འཇུག་པའི་སེམས་ཁོ་ན་དེ་དང་འགལ་བའི་རྟེན་སྐྱེད་པའི་ཕྱིར་གང་གིས་ན་དུས་གཞན་གྱི་བར་དུ་སེམས་མི་འཇུག་པ་ཙམ་དུ་འགྱུར་བ་དེ་ལས་གཞན་པའི་སེམས་དང་འགལ་བར་སྐྱེ་སྟེ། དེ་ལ་སྙོམས་པར་འཇུག་པ་ཞེས་གདགས་སོ། །མི་འཇུག་པ་ཙམ་སྟེ་ཡང་སྔོན་མ་བྱུང་བ་དང་ཕྱིས་
ལངས་པ་ལ་མེད་པ་ཡིན་པས་སྙོམས་པར་འཇུག་པ་འདི་ནི་འདུས་བྱས་སུ་བཏགས་སོ། །ཡང་ན་རྟེན་ཉིད་དེ་ལྟར་མཉམ་པར་བསྒྲུབས་པས་ན་སྙོམས་པར་འཇུག་པ་ཡིན་ནོ། །འདུ་ཤེས་མེད་པ་པ་ཡང་དེ་བཞིན་དུ་བལྟ་བར་བྱ་སྟེ། འདིས་དེས་སེམས་ཁོ་ན་སེམས་འཇུག་པ་
དང་འགལ་བ་ཐོབ་སྟེ། མི་འཇུག་པ་ཙམ་དེ་ཡང་འདུ་ཤེས་མེད་པ་པར་གདགས་སོ། །དེ་སྐད་དུ་ནི་མི་བརྗོད་དོ། །སྙོམས་པར་འཇུག་པ་དག་བཤད་ཟིན་ཏོ། །སྲོག་གང་ཞེ་ན། སྲོག་ནི་ཚེ་ཡིན། ཆོས་མངོན་པ་ལས་འདི་སྐད་དུ། སྲོག་གི་དབང་པོ་གང་ཞེ་ན། ཁམས་
གསུམ་པའི་ཚེ་ཡིན་ནོ་ཞེས་འབྱུང་ངོ་། །ཚེ་ཞེས་བྱ་བའི་ཆོས་དེ་གང་ཡིན་པ་དེ་ཡང་མི་ཤེས་པས། དྲོད་དང་ནི། རྣམ་ཤེས་རྟེན་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། ཚེ་དང་དྲོད་དང་རྣམ་ཤེས་འདིས། །གང་ཚེ་ལུས་ནི་འདོར་བྱེད་ཅིང་། །བོར་ནས་དེ་ཚེ་འདུག་པ་
ནི། །སེམས་མེད་ཇི་ལྟར་ཤིང་བཞིན་ནོ། །ཞེས་གསུངས་ཏེ། དེ་ལྟ་བས་ན་དྲོད་དང་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའི་ཆོས་གནས་པའི་རྒྱུ་གང་ཡིན་པ་དེ་ནི་ཚེ་ཡིན་ནོ། །ད་ནི་ཚེ་དེའི་རྟེན་དུ་གྱུར་པ་གང་ཡིན་ཞེ་ན། དྲོད་དང་རྣམ་པར་ཤེས་པ་དེ་དག་ཉིད་ཡིན་ནོ། །འོ་ན་ནི་ཕན་ཚུན་ལྟོས་ཏེ་
འཇུག་པའི་ཕྱིར། དེ་དག་ལས་གང་གི་དབང་གིས་ན་གཞན་དག་ལྡོག་པར་འགྱུར་བ་གང་ཞིག་སྔར་ལྡོག་པར་འགྱུར་ཏེ། རྟག་ཏུ་ལྡོག་པ་མེད་པར་ཐལ་བར་འགྱུར་རོ། །འོ་ན་ནི་ཚེའི་རྟེན་དུ་གྱུར་པ་ལས་ཡིན་ཏེ། ལས་ཀྱིས་ཇི་སྲིད་དུ་འཕངས་པ་དེ་སྲིད་དུ་རྗེས་སུ་འཇུག་
པའི་ཕྱིར་རོ་ཞེ་ན། དྲོད་དང་རྣམ་པར་ཤེས་པ་དག་གི་རྟེན་དུ་གྱུར་པ་ཡང་ལས་ཁོ་ན་ཡིན་པར་ཅིའི་ཕྱིར་མི་འདོད་དོ། །མ་ཤི་བའི་བར་དུ་རྣམ་པར་ཤེས་པ་ཐམས་ཅད་རྣམ་པར་སྨིན་པར་འགྱུར་དུ་འོང་ངོ་། །འོ་ན་ནི་དྲོད་ཀྱི་རྟེན་དུ་གྱུར་པ་ལས་ཡིན་པར་འགྱུར་ལ། དྲོད་ཀྱང་རྣམ་པར་
Vol. 140 · folio 79a
ཤེས་པའི་རྟེན་དུ་གྱུར་པ་ཡིན་པར་འགྱུར་རོ། །དེ་ལྟ་ན་ནི་གཟུགས་མེད་པ་དག་ན་དྲོད་མེད་པའི་ཕྱིར་རྣམ་པར་ཤེས་པ་རྟེན་མེད་པར་འགྱུར་རོ། །དེའི་རྟེན་ནི་ལས་ཡིན་པར་འགྱུར་རོ། །གང་ལ་ལར་ནི་རྣམ་པར་ཤེས་པའི་རྟེན་དྲོད་ཁོ་ན་ཡིན་པར་འགྱུར་རོ། །ལ་
ལར་ནི་ལས་ཁོ་ན་ཡིན་ནོ་ཞེས་བྱ་བ་འདོད་དགུ་མི་འཐོབ་པ་ཉིད་དེ་བཤད་ཀྱང་ཟིན་ཏོ། །ཇི་སྐད་དུ་བཤད་ཅེ་ན། མ་ཤི་བའི་བར་དུ་རྣམ་པར་ཤེས་པ་ཐམས་ཅད་རྣམ་པར་སྨིན་པར་འགྱུར་དུ་འོང་ངོ་ཞེས་བཤད་དོ། །དེ་ལྟ་བས་ན་དེ་གཉིས་ཀྱི་རྐྱེན་དུ་གྱུར་པ་ཚེ་ནི་ཡོད་པ་ཁོ་ནའོ། །མེད་དོ་ཞེས་ནི་
མི་སྨྲ་མོད་ཀྱི་རྫས་གཞན་ནི་མེད་དོ། །འོ་ན་དེ་ཅི་ཡིན་ཞེ་ན། ཁམས་གསུམ་པའི་ལས་ཀྱིས་རིས་མཐུན་པ་གནས་པའི་དུས་ཀྱིས་འཕེན་པ་ཡིན་ཏེ། དུས་འདི་སྲིད་ཅིག་ཏུ་གནས་པར་བྱའོ་ཞེས་ཇི་སྲིད་དུ་ལས་ཀྱི་རིས་མཐུན་པ་འཕངས་པ་དེ་སྲིད་དུ་དེ་གནས་པ་དེ་ལ་ཚེ་ཞེས་བྱ་སྟེ།
འབྲུ་རྣམས་ཀྱི་སྨིན་པའི་དུས་ཀྱིས་འཕེན་པ་ལྟ་བུ་དང་། མདའ་འཕངས་པ་དག་གི་གནས་པའི་དུས་ཀྱིས་འཕེན་པ་བཞིན་ནོ། །གང་ཞིག་འདུ་བྱེད་ཅེས་བྱ་བ་ཡོན་ཏན་གྱི་ཁྱད་པར་འགའ་མདའ་ལ་སྐྱེ་སྟེ། དེའི་དབང་གིས་ན་མ་ལྟུང་གི་བར་དུ་འགྲོ་བར་འགྱུར་རོ་སྙམ་དུ་སེམས་པ་དེའི་དེ་ནི་
གཅིག་པུ་ཡིན་པའི་ཕྱིར་དང་། གེགས་བྱེད་པ་མེད་པའི་ཕྱིར་ཡུལ་གཞན་དག་ཏུ་མགྱོགས་པ་དང་ཆེས་དང་ཤིན་ཏུ་ཆེས་མགྱོགས་པར་ཕྱིན་པའི་དུས་ཀྱི་བྱེ་བྲག་ཀྱང་མི་འཐད་ལ་ལྟུང་བ་ཡང་མི་འཐད་དོ། །གལ་ཏེ་རླུང་གིས་དེ་ལ་གེགས་བྱེད་དོ་ཞེ་ན། རླུང་ལ་ཁྱད་པར་མེད་པའི་ཕྱིར་
དྲུང་དུ་ལྟུང་བ་འམ་ཡང་ན་གཞར་ཡང་མི་ལྟུང་བར་ཐལ་བར་འགྱུར་རོ། །འདི་སྐད་དུ་ཚེ་རྫས་གཞན་ཁོ་ན་ཞིག་ཡོད་དོ་ཞེས་ནི་བརྗོད་དོ། །ཡང་ཅི་ཚེ་ཟད་པ་ཁོ་ནས་འཆི་བར་འགྱུར་རམ། འོན་ཏེ་གཞན་དུ་ཡང་ཡིན་ཞེ་ན། བཏགས་པ་ལས། ཚེ་ཟད་པར་འཆི་བར་འགྱུར་ལ་བསོད་
ནམས་ཟད་པས་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་མུ་བཞི་གསུངས་ཏེ། མུ་དང་པོ་ནི་ཚེ་རྣམ་པར་སྨིན་པ་ཅན་གྱི་ལས་ཡོངས་སུ་གཏུགས་པ་ལས་སོ། །གཉིས་པ་ནི་ལོངས་སྤྱོད་རྣམ་པར་སྨིན་པ་ཅན་གྱི་ལས་ཡོངས་སུ་གཏུགས་པ་ལས་སོ། །གསུམ་པ་ནི་གཉི་གའོ། །བཞི་པ་ནི་ཡ་ང་བ་ཡོངས་སུ་
Vol. 140 · folio 79b
མ་སྤངས་སོ། །ཚེ་བཏང་བ་ལས་ཀྱང་བརྗོད་པར་བྱའོ། །ཚེ་ཟད་ན་བསོད་ནམས་ཟད་པ་འཆི་བར་བྱ་བ་ལ་ནུས་པ་མེད་དོ། །དེ་ལྟ་བས་ན་གཉི་ག་ཟད་ན་གཉི་ག་ཟད་པ་ལས་འཆི་བར་བཤད་དོ། །ཡེ་ཤེས་ལ་འཇུག་པ་ལས། ཚེ་རྒྱུད་ལ་རག་ལུས་ཏེ་འཇུག་པ་ཞེས་བརྗོད་པར་བྱའམ། ལན་ཅིག་
སྐྱེས་ནས་གནས་པ་ཞེས་བརྗོད་པར་བྱ། སྨྲས་པ། འདོད་པ་ན་སྤྱོད་པའི་སེམས་ཅན་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་མ་ཞུགས་པ་རྣམས་ཀྱི་ནི་རྒྱུད་ལ་རག་ལུས་ཏེ། འཇུག་པ་ཞེས་བརྗོད་པར་བྱའོ། །སྙོམས་པར་ཞུགས་
པ་རྣམས་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་སེམས་ཅན་རྣམས་ཀྱི་ནི་ལན་ཅིག་སྐྱེས་ནས་གནས་པ་ཞེས་བརྗོད་པར་བྱའོ་ཞེས་གསུངས་པ་བཤད་པ་འདིའི་དོན་གང་ཡིན་ཞེ་ན། གང་ལ་ལུས་ལ་གནས་པས་གནོད་པར་འགྱུར་བ་དེ་ནི་རྒྱུད་ལ་རག་ལུས་པའི་ཕྱིར་དང་པོ་ཡིན་ནོ། །གང་
གི་ལུས་ལ་གནོད་པ་ཉིད་མེད་པ་དེ་ནི་ཇི་ལྟར་སྐྱེས་པ་བཞིན་དུ་གནས་པའི་ཕྱིར་གཉིས་པ་ཡིན་ནོ། །ཁ་ཆེ་བ་རྣམས་ན་རེ་གློ་བུར་དང་བཅས་པ་ནི་དང་པོ་ཡིན་ནོ། །གློ་བུར་མེད་པ་ནི་གཉིས་པ་ཡིན་ནོ་ཞེས་ཟེར་ཏེ། དེ་ལྟ་བས་ན་དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །མདོ་ལས་ལུས་ཐོབ་པ་ནི་བཞི་སྟེ།
ལུས་ཐོབ་པ་གང་ལ་བདག་ཉིད་འཆི་བར་འགྱུར་གྱི་གཞན་གྱིས་གསོད་པས་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་མུ་བཞིར་གསུངས་པ། འདོད་པའི་ཁམས་ན་ལྷ་རྩེད་མོས་མྱོས་པ་རྣམས་དང་། ཡིད་རབ་ཏུ་འཁྲུགས་པ་རྣམས་ནི་བདག་ཉིད་འཆི་བ་ཁོ་ནར་འགྱུར་བ་ཡིན་ཏེ། དེ་རྣམས་ནི་རབ་ཏུ་
དགའ་བ་དང་ཡིད་རབ་ཏུ་འཁྲུགས་པ་དག་གི་གནས་དེ་ནས་འཆི་འཕོ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །སངས་རྒྱས་རྣམས་ཀྱི་ཡང་ཡིན་པར་བརྗོད་པར་བྱ་སྟེ། བདག་ཉིད་འགྲོངས་པའི་ཕྱིར་རོ། །མངལ་དང་སྒོ་ང་ན་འདུག་པ་རྣམས་ནི་གཞན་གྱིས་གསོད་པ་ཁོ་ནར་འགྱུར་
བ་ཡིན་ནོ། །འདོད་པ་ན་སྤྱོད་པ་རྣམས་གཞན་དག་ཕལ་ཆེར་ནི་གཉི་ག་ཡིན་ནོ། །སྲིད་པ་བར་མ་པ་ཐམས་ཅད་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་དང་། འདོད་པ་ན་སྤྱོད་པ་ཁ་ཅིག་འདི་ལྟ་སྟེ་དམྱལ་བ་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་དང་། མཐོང་
Vol. 140 · folio 80a
བའི་ལམ་དང་། བྱམས་པ་དང་འགོག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་རྣམས་དང་། རྒྱལ་པོའི་དྲང་སྲོང་དང་། རྒྱལ་པོའི་ཕོ་ཉ་དང་། རྒྱལ་བས་བསྟན་པ་དང་། ཆོས་ལེན་པ་དང་། མཆོག་ཅན་དང་། གང་
ལ་ལེན་པ་དང་། ཚོང་དཔོན་གྱི་བུ་གྲགས་པ་གཞོན་ནུ་དང་། འཚོ་བྱེད་ལ་སོགས་པ་རྣམས་དང་། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། བྱང་ཆུབ་སེམས་དཔའི་ཡུམ་དེ་ལྷུམས་ན་གནས་པ་དང་། འཁོར་ལོས་སྒྱུར་བ་དང་། འཁོར་ལོས་སྒྱུར་བའི་མ་དེ་མངལ་ན་གནས་
པ་གཉི་ག་མ་ཡིན་ནོ། །ཡང་ཅིའི་ཕྱིར་མདོ་ལས། བཙུན་པ་གང་དག་བདག་ཉིད་འགུམ་པར་ཡང་མི་འགྱུར་ལ་གཞན་གྱིས་གསོད་པ་ཡང་མ་ལགས་པའི་སེམས་ཅན་དེ་དག་གང་ལགས། ཤཱ་རིའི་བུ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་ཡིན་ནོ་ཞེས་གསུངས་ཤེ་
ན། བསམ་གཏན་དང་གཟུགས་མེད་པ་གཞན་དག་ནི་བདག་ཉིད་འཆི་བ་ནི་རང་གི་ས་པའི་འཕགས་པའི་ལམ་ཡིན་ལ། གཞན་གྱིས་གསོད་པ་ནི་ས་གོང་མའི་ཉེར་བསྡོགས་ཡིན་གྱི། དེ་ན་ནི་གཉི་ག་མེད་དོ་ཞེས་ཟེར་རོ་ཞེས་གྲག་གོ། །དེ་ལྟ་ན་འོ་ན་དེ་ན་ཡང་གཞན་གྱི་ས་པའི་འཕགས་པའི་
ལམ་གཞན་གྱིས་གསོད་པར་འགྱུར་བ་མ་ཡིན་ནམ་ཞེ་ན། འོ་ན་ནི་མཐར་སྨོས་པས་དེ་ལ་སོགས་པ་གོའོ། །ལ་ལར་ནི་མཐའ་ཡང་དང་པོས་གོ་སྟེ། འདི་ལྟ་སྟེ་ཚངས་རིས་ཀྱི་ལྷ་དག་ལྟ་བུ་སྟེ། འདི་ནི་བདེ་བ་སྐྱེ་བ་དང་པོ་ཡིན་ནོ་ཞེས་གང་བཤད་པ་ལྟ་བུའོ། །ལ་ལར་ནི་དང་པོ་ཡང་
མཐས་གོ་སྟེ། འདི་ལྟ་སྟེ། འོད་གསལ་བའི་ལྷ་རྣམས་ལྟ་བུ་སྟེ། འདི་ནི་བདེ་བ་སྐྱེ་བ་གཉིས་པ་ཡིན་ནོ་ཞེས་གང་བཤད་པ་ལྟ་བུའོ། །འདིར་ནི་འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་འདི་དཔེར་ན་བརྗོད་པ་ཡིན་པས་འདི་ལས་ལྷག་མ་གོ་བར་ཡང་རིགས་ཏེ། དཔེའི་ཆོས་ནི་གང་གཅིག་ཡིན་ཡང་དེ་དང་
འདྲ་བ་ཡང་སྟོན་པར་བྱེད་པ་འདི་ཡིན་ནོ། །འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་དེ་ཡང་འདི་ན་མེད་པས་འདི་ནི་ཉེ་བར་སྦྱར་དུ་མི་རུང་ངོ་། །གལ་ཏེ་འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་འདི་དཔེར་བརྗོད་པ་ཡིན་ན་ནི་སེམས་ཅན་ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་མི་རྣམས་དང་ལྷ་ཁ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words