ཆོས་མངོན་པའི་མཛོད་ཀྱི་བཤད་པ

Sanskrit title (Tibetan script, as in the text) ཨ་བྷི་དྷརྨྨ་ཀོ་ཥཾ་བྷཱ་ཥྱཾ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 140 · folio 80b

ཅིག་གོ་ཞེས་བྱ་བ་འདིར་ཐོབ་པར་མི་འགྱུར་ཏེ། དེ་ལྟ་བས་ན་འདི་ནི་ཉེ་བར་བསྟན་པའི་དོན་ཁོ་ནར་བལྟ་བར་བྱའོ། །ཧ་ཅང་ཐལ་བས་ཆོག་གོ། །སྲོག་བཤད་ཟིན་ཏོ། །མཚན་ཉིད་དག་ནི་སྐྱེ་བ་དང་། །རྒ་དང་གནས་དང་མི་རྟག་ཉིད། །བཞི་པོ་འདི་རྣམས་ནི་འདུས་བྱས་ཀྱི་མཚན་ཉིད་དག་

ཡིན་ཏེ། གང་ལ་འདི་དག་ཡོད་པའི་ཆོས་དེ་ནི་འདུས་བྱས་སུ་མངོན་ནོ། །བཟློག་པ་ནི་འདུས་མ་བྱས་སོ། །དེ་ལ་སྐྱེ་བས་ནི་ཆོས་དེ་སྐྱེད་པར་བྱེད་དོ། །གནས་པས་ནི་གནས་པར་བྱེད་དོ། །རྒ་བས་ནི་རྙིངས་པར་བྱེད་དོ། །མི་རྟག་པ་ཉིད་ཀྱིས་ནི་འཇིག་པར་བྱེད་དོ། །མདོ་ལས་གསུམ་པོ་འདི་

དག་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་ནོ་ཞེས་གསུངས་པ་མ་ཡིན་ནམ། དེར་བཞི་པ་ཡང་བརྗོད་པར་བྱ་དགོས་པར་འགྱུར་རོ། །དེར་གང་ཞིག་མ་གསུངས། སྨྲས་པ། གནས་པའོ། །འོ་ན་ནི་གནས་པ་གཞན་དུ་འགྱུར་བ་ཞེས་བྱ་བ་གང་ཡིན་པ་འདི་ཡིན་ནོ། །འདི་ནི་རྒ་བའི་རྣམ་གྲངས་ཡིན་ཏེ།

དཔེར་ན་སྐྱེ་བའི་འབྱུང་བ་ཞེས་བྱ་བ་དང་། མི་རྟག་པ་ཉིད་ཀྱི་འཇིག་པ་ཞེས་བྱ་བ་བཞིན་ནོ། །མདོ་ལས་ནི་ཡིད་འབྱུང་བར་བྱ་བའི་ཕྱིར་ཆོས་གང་དག་འདུ་བྱེད་རྣམས་ཀྱི་དུས་འཕོ་བར་བྱ་བའི་ཕྱིར་ཞུགས་པ་དེ་དག་ཉིད་མཚན་ཉིད་དུ་གསུངས་ཏེ། སྐྱེ་བས་ནི་འདུ་བྱེད་རྣམས་མ་འོངས་པའི་དུས་

ནས་ད་ལྟར་བྱུང་བའི་དུས་སུ་སྐྱེད་པར་བྱེད་དོ། །རྒ་བ་དང་མི་རྟག་པ་ཉིད་དག་གིས་ནི་ད་ལྟར་བྱུང་བ་ནས་འདས་པར་ཏེ། ཉམ་ཆུང་ངུར་བྱས་ཏེ་འཇོམས་པར་བྱེད་པའི་ཕྱིར་དཔེར་ན་ཐིབས་པོར་ཞུགས་པའི་མི་ཞིག་ལ་དགྲ་གསུམ་ཡོད་དེ། དེ་ལས་གཅིག་གིས་ནི་ཐིབས་པོ་ནས་འབྱིན་

པར་བྱེད། གཉིས་ཀྱིས་ནི་སྲོག་གཅོད་པར་བྱེད་པ་དེ་དང་འདྲའོ་ཞེས་ཟེར་རོ་ཞེས་གྲག་གོ། །གནས་པ་ནི་མི་འབྲལ་བར་འདོད་པ་དེ་བཞིན་དུ་འདུ་བྱེད་དེ་དག་འཁྱུད་ནས་གནས་སོ། །དེའི་ཕྱིར་འདི་ནི་འདུས་བྱས་ཀྱི་མཚན་ཉིད་དུ་རྣམ་པར་མ་བཞག་གོ། །འདུས་མ་བྱས་ཀྱང་རང་

གི་མཚན་ཉིད་ལ་གནས་པ་ཡོད་པའི་ཕྱིར་རོ། །གཞན་དག་རྟོག་པར་བྱེད་པ་ནི་མདོ་ལས་གནས་པ་དང་རྒ་བ་བསྡུས་ཏེ། གནས་པ་གཞན་དུ་འགྱུར་བ་ཉིད་ཅེས་མཚན་ཉིད་གཅིག་ཏུ་གསུངས་སོ། །ཅི་དགོས་ཤེ་ན། འདི་དག་གི་ནང་ན་འདི་ནི་ཆགས་པའི་གཞི་ཡིན་པས་དེའི་ཕྱིར་

Vol. 140 · folio 81a

དེ་ལ་མ་ཆགས་པར་བྱ་བའི་དོན་དུ་དེ་ནི་དཔལ་དང་འདྲ་བ་འདི་དང་རྣ་ནག་མ་དང་ལྷན་ཅིག་ཏུ་བསྟན་ཏེ། དེའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་ནི་བཞི་ཁོ་ནའོ་སྙམ་མོ། །སྐྱེ་བ་ལ་སོགས་པ་དེ་དག་ཀྱང་འདུས་བྱས་ཡིན་པའི་ཕྱིར་སྐྱེ་བ་ལ་སོགས་པ་གཞན་ཡང་ཡོད་པར་

འགྱུར་རོ་ཞེ་ན། ཡོད་པ་ཁོ་ན་སྟེ། དེ་དག་སྐྱེ་བའི་སྐྱེ་ལ་སོགས། །དེ་དག་ལ་ཡང་སྐྱེ་བའི་སྐྱེ་བ་དང་། རྒ་བའི་རྒ་བ་དང་། གནས་པའི་གནས་པ་དང་། མི་རྟག་པ་ཉིད་ཀྱི་མི་རྟག་པ་ཉིད་ཅེས་བྱ་བ་རྗེས་སུ་མཐུན་པའི་མཚན་ཉིད་བཞི་ཡོད་དོ། །དེ་དག་ལ་ཡང་སྐྱེ་བ་ལ་སོགས་པ་གཞན་དུ་

ཐལ་བའི་ཕྱིར་རེ་རེ་ལ་ཡང་མཚན་ཉིད་བཞི་པ་དང་མཐར་ཐུག་པ་མེད་པའི་སྐྱོན་དུ་ཡང་འགྱུར་བ་མ་ཡིན་ནམ་ཞེ་ན། མི་འགྱུར་ཏེ། འདི་ལྟར། དེ་ཆོས་བརྒྱད་དང་གཅིག་ལ་འཇུག །སྐྱེ་བ་ལ་སོགས་པ་དེ་དག་ནི་ཆོས་བརྒྱད་ལ་འཇུག་གོ། །འཇུག་པ་ཞེས་བྱ་བ་འདི་ཅི་ཞེ་ན། བྱེད་པ་སྟེ་

སྐྱེས་བུའི་རྩལ་ལོ། །སྐྱེ་བའི་སྐྱེ་བ་ལ་སོགས་པ་ནི་ཆོས་གཅིག་ལ་འཇུག་གོ། །ཇི་ལྟ་ཞེ་ན། ཆོས་བདག་ཉིད་གཏོགས་པར་མཚན་ཉིད་དང་རྗེས་སུ་མཐུན་པའི་མཚན་ཉིད་བརྒྱད་དང་ལྷན་ཅིག་ཏུ་དགུ་སྐྱེ་ལ། དེ་ལ་སྐྱེ་བས་ནི་བདག་ཉིད་མ་གཏོགས་པའི་ཆོས་གཞན་བརྒྱད་སྐྱེད་པར་

བྱེད་དོ། །སྐྱེ་བའི་སྐྱེ་བས་ནི་སྐྱེ་བ་དེ་ཁོ་ན་སྐྱེད་པར་བྱེད་དོ། །དཔེར་ན་ཁྱིམ་བྱ་མོ་ལ་ལ་ལས་ནི་ཕྲུ་གུ་མང་དུ་འབྲང་ལ། ལ་ལས་ནི་ཉུང་ངུ་འབྲང་བ་དེ་དང་འདྲའོ། །གནས་པས་ཀྱང་བདག་ཉིད་མ་གཏོགས་པའི་ཆོས་གཞན་བརྒྱད་གནས་པར་བྱེད་ལ། གནས་པའི་གནས་པས་

ནི་གནས་པ་དེ་ཁོ་ན་གནས་པར་བྱེད་དོ། །དེ་བཞིན་དུ་རྒ་བ་དང་མི་རྟག་པ་ཉིད་དག་ལ་ཡང་ཅི་རིགས་པར་སྦྱར་བར་བྱ་སྟེ། དེ་བས་ན་ཐུག་པ་མེད་པར་ཐལ་བར་མི་འགྱུར་རོ་ཞེས་གྲག་གོ། །མདོ་སྡེ་པ་རྣམས་ན་རེ་འདི་ནི་ནམ་མཁའ་ལ་འདྲལ་བར་བསྐྱོད་པ་ཡིན་ཏེ། སྐྱེ་བ་ལ་སོགས་

པའི་ཆོས་ཅན་དེ་དག་ནི་ཇི་ལྟར་རྣམ་པར་འབྱེད་པ་ལྟར་རྫས་སུ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚད་མ་མེད་པའི་ཕྱིར་ཏེ། དེ་དག་རྫས་སུ་ཡོད་པའི་ཚད་མ་ཇི་ལྟར་གཟུགས་ལ་སོགས་པའི་ཆོས་བཞིན་དུ་མངོན་སུམ་པ་འམ། རྗེས་སུ་དཔག་པ་འམ། ཡིད་ཆེས་པའི་ལུང་ནི་ཅུང་ཟད་ཀྱང་མེད་དོ། །

Vol. 140 · folio 81b

འོ་ན་གང་མདོ་སྡེ་ལས། འདུས་བྱས་སྐྱེ་བར་ཡང་མངོན་ནོ། །འཇིག་པར་ཡང་མངོན་ནོ། །གནས་པ་གཞན་དུ་འགྱུར་བ་ཉིད་དུ་ཡང་མངོན་ནོ་ཞེས་གསུངས་སོ་ཞེ་ན། ཚིག་ཤེས་པ་ནི་ལྷ་རྣམས་དགའ་བ་ཡིན་གྱི་དོན་ཤེས་པ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ནི་དོན་ལ་བརྟེན་པར་

གསུངས་སོ། །འདིའི་དོན་གང་ཞེ་ན། མ་རིག་པས་ལྡོངས་པའི་བྱིས་པ་རྣམས་འདུ་བྱེད་ཀྱི་རྒྱུན་ལ་བདག་དང་བདག་གིར་མོས་པས་མངོན་པར་ཞེན་པས་མོས་པ་དེ་བཟློག་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་འདུ་བྱེད་ཀྱི་རྒྱུན་དེ་འདུས་བྱས་ཉིད་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དུ་བསྟན་

པར་བཞེད་ནས། གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་དག་ཡིན་ནོ་ཞེས་གསུངས་པར་ཟད་ཀྱི་ཡང་སྐད་ཅིག་མ་ལ་ནི་མ་ཡིན་ནོ། །སྐད་ཅིག་མ་ལ་ནི་སྐྱེ་བ་ལ་སོགས་པ་མི་མངོན་ནོ། །མི་མངོན་པ་དེ་དག་ནི་མཚན་ཉིད་ཡིན་པར་འོས་པ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་མདོ་དེ་ལས།

འདུས་བྱས་སྐྱེ་བར་ཡང་མངོན་ནོ་ཞེས་གསུངས་སོ། །ཡང་འདུས་བྱས་ཞེས་སྨོས་པ་ནི་ཅི་ནས་ཀྱང་འདུས་བྱས་ཉིད་ཀྱི་མཚན་ཉིད་དག་ཡིན་ནོ་སྙམ་དུ་ཤེས་པར་བྱ་བའི་ཆུ་དང་ཆུ་སྐྱར་ལྟར་རམ། དགེ་བ་དང་མི་དགེ་བ་ཉིད་ཀྱི་བུ་མོའི་མཚན་བཞིན་དུ་འདུས་བྱས་ཀྱི་དངོས་པོ་ཡོད་པ་ཉིད་ཀྱི་མཚན་ཉིད་

དག་ཡིན་ནོ་ཞེས་བྱ་བ་དེ་ལྟར་ཤེས་ན་ནི་མི་རུང་ངོ་སྙམ་ནས་སྨོས་པ་ཡིན་ནོ། །དེ་ལ་རྒྱུན་གྱི་དབང་པོ་ནི་སྐྱེ་བ་ཡིན་ནོ། །ལྡོག་པ་ནི་འཇིག་པ་ཡིན་ནོ། །རྒྱུན་དེ་ཉིད་རྗེས་སུ་འཇུག་པ་ནི་གནས་པ་ཡིན་ནོ། །དེའི་སྔ་ཕྱིའི་བྱེ་བྲག་ནི་གནས་པ་གཞན་དུ་འགྱུར་བ་ཉིད་ཡིན་ནོ། །དེ་ལྟ་ཡིན་པས་ན། རིགས་

ཀྱི་བུ་དགའ་བོའི་ཚོར་བ་ནི་རིག་བཞིན་དུ་སྐྱེའོ། །རིག་བཞིན་དུ་གནས་སོ། །རིག་བཞིན་དུ་ནུབ་པ་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་འགྱུར་རོ་ཞེས་གསུངས་སོ། །འདིར་སྨྲས་པ། རྒྱུན་གྱི་དང་པོ་སྐྱེ་བ་ཡིན། །ཆད་པ་འཇིག་པ་གནས་པ་སྟེ། །དེ་ཉིད་སྔ་ཕྱིའི་བྱེ་བྲག་

ནི། །གནས་པ་གཞན་དུ་འགྱུར་བ་ཉིད། །ཡང་འདིར་སྨྲས་པ། སྔོན་མེད་ལས་བྱུང་སྐྱེ་བ་སྟེ། །རྒྱུན་གནས་དེ་ཆད་འཇིག་པ་ཡིན། །རྒྱུན་གྱི་སྔ་ཕྱིའི་བྱེ་བྲག་ནི། །གནས་པ་གཞན་དུ་འགྱུར་བར་འདོད། །སྐད་ཅིག་མ་ཡི་ཆོས་ལ་ནི། །གནས་པ་མེད་ན་འཇིག་པར་འགྱུར། །དེ་ཡང་འཇིག་འགྱུར་དེ་

Vol. 140 · folio 82a

ཡི་ཕྱིར། །དེ་ཡི་དེར་རྟོགས་དོན་མེད་དོ། །དེ་ལྟ་བས་ན་གནས་པ་ནི་རྒྱུན་ཁོ་ན་ཡིན་ནོ། །དེ་ལྟར་བཤད་ན་ཆོས་མངོན་པ་ལས་གནས་པ་གང་ཞེ་ན། འདུས་བྱས་སྐྱེ་བ་རྣམས་མི་འཇིག་པ་ཡིན་ནོ་ཞེས་བསྟན་པ་འདི་ཡང་འཐད་པ་ཡིན་ཏེ། སྐྱེས་པ་སྐད་ཅིག་མ་

ལ་ནི་འཇིག་པ་མེད་པའི་ཕྱིར་རོ། །གང་ཡང་ཡེ་ཤེས་ལ་འཇུག་པ་ལས། སེམས་གཅིག་ལ་འབྱུང་བ་གང་ཞེ་ན། སྨྲས་པ། སྐྱེ་བའོ། །འཇིག་པ་གང་ཞེ་ན། འཆི་བའོ། །གནས་པ་གཞན་དུ་འགྱུར་བ་ཉིད་གང་ཞེ་ན། རྒ་བའོ་ཞེས་གསུངས་པ་དེར་ཡང་རིས་མཐུན་པའི་སེམས་ལ་རུང་བར་

འགྱུར་རོ། །སྐད་ཅིག་མ་རེ་རེ་ལ་ཡང་རྫས་གཞན་དུ་རྟོགས་པ་མེད་པ་བཞིན་དུ་འདུས་བྱས་ཀྱི་དེ་དག་རུང་སྟེ། ཇི་ལྟ་ཞེ་ན། སྐད་ཅིག་མ་རེ་རེ་ལ་མ་བྱུང་བ་ལས་བྱུང་བ་ནི་སྐྱེ་བའོ། །བྱུང་ནས་མེད་པ་ནི་འཇིག་པའོ། །སྔ་མ་སྔ་མ་དང་ཕྱི་མ་ཕྱི་མའི་སྐད་ཅིག་མ་རྗེས་སུ་འབྲེལ་བ་ནི་གནས་པའོ། །

དེའི་མི་འདྲ་བ་ཉིད་ནི་གནས་པ་གཞན་དུ་འགྱུར་བ་ཉིད་དོ། །འོ་ན་གང་གི་ཚེ་འདྲ་བར་ཡང་སྐྱེའོ་ཞེ་ན། དེ་དག་ཁྱད་པར་མེད་པ་མ་ཡིན་ནོ། །འདི་ཇི་ལྟར་ཤེས་ཤེ་ན། རྡོ་རྗེ་ལ་སོགས་པ་འཕངས་པ་དང་མ་འཕངས་པ་དང་། སྟོབས་ཆེན་པོ་དང་། སྟོབས་

ཆུང་ངུས་འཕངས་པ་བུལ་བ་དང་མྱུར་བ་དང་། ཆེས་དལ་བ་དང་། ཆེས་མྱུར་བར་ལྟུང་བའི་དུས་ཀྱི་བྱེ་བྲག་ལས་དེའི་འབྱུང་བ་རྣམས་ཡོངས་སུ་གྱུར་པའི་བྱེ་བྲག་འགྲུབ་པའི་ཕྱིར་རོ། །འདུས་བྱས་རྣམས་ནི་བྱེ་བྲག་གི་ཁྱད་པར་ཆེན་པོ་མཚར་ཅིག་མེད་པས་གཞན་དུ་འགྱུར་བ་ཉིད་ཡོད་དུ་

ཟིན་ཀྱང་འདྲ་བ་བཞིན་དུ་སྣང་ངོ་། །འོ་ན་ནི་སྒྲ་དང་མེ་ལྕེའི་སྐད་ཅིག་མ་ཐ་མ་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་ཚེའི་སྐྱེ་མཆེད་དྲུག་ལ་སྐད་ཅིག་མ་ཕྱི་མ་མེད་པའི་ཕྱིར་གནས་པ་གཞན་དུ་འགྱུར་བ་མེད་པས་མཚན་ཉིད་རྣམ་པར་གཞག་པ་མ་ཁྱབ་པ་ཅན་དུ་འགྱུར་རོ། །འདུས་བྱས་

ཀྱི་མཚན་ཉིད་ནི་གནས་པ་ཁོ་ན་ཡང་མ་ཡིན་གྱི་གནས་པ་གཞན་དུ་འགྱུར་བ་ཉིད་ཀྱང་ཡིན་ནོ། །དེའི་ཕྱིར་གང་ལ་གནས་པ་ཡོད་པ་དེ་ལ་གདོན་མི་ཟ་བར་གཞན་དུ་འགྱུར་བ་ཉིད་ཀྱང་ཡོད་པས་རྣམ་པར་གཞག་པ་ཉམས་པ་མེད་དོ། །མདོར་ན་བཅོམ་ལྡན་འདས་ཀྱིས་ནི་མདོ་འདི་ལས་འདུས་

Vol. 140 · folio 82b

བྱས་ཞེས་བྱ་བ་ནི། གང་མ་བྱུང་བ་ལས་འབྱུང་བ་དང་། བྱུང་ནས་ཀྱང་མི་འབྱུང་བ་འདི་འདུས་བྱས་ཀྱི་མཚན་ཉིད་ཡིན་པར་གསུངས་ལ། འདིའི་གནས་པ་ཞེས་བྱ་བ་རྒྱུན་གང་ཡིན་པ་དེ་ཡང་གཞན་དང་གཞན་དུ་འགྱུར་བ་ཡིན་ན། འདིར་སྐྱེ་བ་ལ་སོགས་པ་རྫས་གཞན་དག་གིས་ཅི་ཞིག་བྱ། ད་

ནི་ཇི་ལྟར་ན་མཚན་ཉིད་ཀྱི་གཞིའི་ཆོས་དེ་ཉིད་ཀྱི་མཚན་ཉིད་དུ་རུང་བར་འགྱུར་ཞེ་ན། རེ་ཞིག་ཇི་ལྟར་ན་སྐྱེས་བུ་ཆེན་པོའི་མཚན་རྣམས་སྐྱེས་བུ་ཆེན་པོ་ལས་མི་གཞན་པ་ཡིན། བ་ལང་ཉིད་ཀྱི་མཚན་ཉིད་ལྐོག་ཤལ་དང་། མཇུག་མ་དང་། ནོག་དང་། རྨིག་པ་དང་། རྭ་རྣམས་ཀྱང་བ་ལང་

ལས་མི་གཞན་པ་ཡིན། སའི་ཁམས་ལ་སོགས་པའི་མཚན་ཉིད་སྲ་བ་ཉིད་ལ་སོགས་པ་རྣམས་ཀྱང་དེ་དག་ལས་མི་གཞན་པ་ཡིན། གཞན་ཡང་ཇི་ལྟར་གྱེན་དུ་འགྲོ་བ་ལས་ནི་ཐག་རིང་པོ་ནས་དུ་བ་ལ་དུ་བ་ཉིད་དུ་ཤེས་མོད་ཀྱི། དེ་ནི་དེ་ལས་ཀྱང་མི་གཞན་པ་ལྟར་འདིར་ཡང་ཚུལ་

དེ་ཉིད་ཡིན་ནོ། །འདུས་བྱས་གཟུགས་ལ་སོགས་པ་རང་གི་ངོ་བོ་བཟུང་ཡང་ཇི་སྲིད་དུ་སྔ་ན་མེད་པ་དང་ཕྱིས་མེད་པ་དང་རྒྱུན་གྱི་བྱེ་བྲག་མི་ཤེས་པ་དེ་སྲིད་དུ་འདུས་བྱས་ཉིད་དུ་མི་ཤེས་ཏེ། དེ་ལྟ་བས་ན་དེ་ཉིད་ཀྱིས་དེ་མཚོན་པ་ཡང་མ་ཡིན་ལ། དེ་དག་ལས་སྐྱེ་བ་ལ་སོགས་པ་རྫས་གཞན་ཉིད་དུ་ཡོད་

པ་ཡང་མ་ཡིན་ནོ། །འོན་ཏེ་སྐྱེ་བ་ལ་སོགས་པ་རྫས་གཞན་ཞིག་ཏུ་གྱུར་ན་ཡང་ཅི་ལྟར་འགྱུར་ཞེ་ན། དེ་དག་ནི་ལྷན་ཅིག་འབྱུང་བའི་ཕྱིར་ཆོས་གཅིག་དུས་གཅིག་ཏུ་སྐྱེས་པ་དང་གནས་པ་དང་རྒས་པ་དང་ཞིག་པར་འགྱུར་རོ། །མ་ཡིན་ཏེ། བྱ་བའི་དུས་ཐ་དད་པའི་ཕྱིར་རོ། །སྐྱེ་བ་མ་

འོངས་པ་ནི་བྱ་བ་བྱེད་དེ། འདི་ལྟར་མ་སྐྱེས་པ་སྐྱེད་དོ། །བསྐྱེད་ཟིན་པའི་ཆོས་ལ་ནི་ད་ལྟར་གནས་པ་ལ་སོགས་པ་བྱ་བ་བྱེད་པས་གང་གི་ཚེ་སྐྱེ་བ་དེ་ཚེ་གནས་པའམ། རྒ་བ་འམ། འཇིག་པར་མི་འགྱུར་རོ། །རེ་ཞིག་འདིར་ཅི་མ་འོངས་པ་རྫས་སུ་ཡོད་དམ་མེད་ཅེས་བྱ་བ་འདི་དཔྱད་

དགོས་པར་འགྱུར་ཏེ། ཕྱིས་ནི་སྐྱེད་པར་བྱེད་དམ་འོན་ཏེ་མ་ཡིན་ཞེས་བྱ་བ་འགྲུབ་པར་འགྱུར་རོ། །དེ་ཡོད་དུ་ཆུག་ན་ཡང་སྐྱེ་བ་བྱ་བ་བྱེད་ན་ཇི་ལྟར་མ་འོངས་པར་འགྲུབ་པར་འགྱུར། དེ་ལྟ་བས་ན་མ་འོངས་པའི་མཚན་ཉིད་ཀྱང་བརྗོད་པར་བྱའོ། །བྱུང་བ་ཡང་བྱ་བ་ཞིག་པ་ཡིན་ན་

Vol. 140 · folio 83a

ཇི་ལྟར་ན་ད་ལྟར་འགྲུབ་པར་འགྱུར། དེ་ལྟ་བས་ན་ད་ལྟའི་མཚན་ཉིད་ཀྱང་བརྗོད་པར་བྱའོ། །གནས་པ་ལ་སོགས་པ་ཡང་ཅིག་ཅར་བྱ་བ་ལ་འཇུག་པ་ཡིན་ན་ནི་སྐད་ཅིག་མ་གཅིག་ཁོ་ན་ལ་ཆོས་གནས་པ་དང་རྒ་བ་དང་འཇིག་པར་ཐལ་བར་འགྱུར་ཏེ། འདི་གང་གི་ཚེ་གནས་པས་

གནས་པར་བྱེད་པ་དེ་ཉིད་ཀྱི་ཚེ་རྒ་བས་རྒ་བར་བྱེད་ཅིང་མི་རྟག་པ་ཉིད་ཀྱིས་འཇིག་པར་བྱེད་པའི་ཕྱིར་འདི་ཅི་དུས་དེར་གནས་སམ། འོན་ཏེ་རྒ་བའམ། འོན་ཏེ་འཇིག་པར་འགྱུར། གང་ཡང་སྐྱེ་བ་ལ་སོགས་པ་རྣམས་ཀྱང་བྱ་བ་རིམ་གྱིས་བྱེད་དོ་ཞེས་ཟེར་བ་དེའི་ལྟར་ན་སྐད་ཅིག་མ་གཅིག་ལ་གནོད་པར་

འགྱུར་རོ། །འོན་ཏེ་ཇི་སྐད་དུ་ཁོ་བོ་ཅག་གི་སྐད་ཅིག་མ་ནི་ཇི་ཙམ་གྱིས་འདི་ཐམས་ཅད་རྫོགས་པར་འགྱུར་བ་དེ་ཡིན་ནོ་ཞེས་བརྗོད་ན། དེ་ལྟ་ན་ཡང་དེ་དག་དང་ལྷན་ཅིག་འབྱུང་བ་ལས་རེ་ཞིག་གནས་པས་ནི་གནས་པར་བྱེད་ཀྱི་རྒ་བས་ཀྱང་རྒས་པར་མི་བྱེད་ལ། མི་རྟག་པ་ཉིད་ཀྱིས་ཀྱང་འཇིག་པར་

མི་བྱེད་དོ་ཞེས་བྱ་བ་འདི་ག་ལས། གནས་པ་སྟོབས་དང་ལྡན་པའི་ཕྱིར་རོ། །ཕྱིས་ཅིའི་ཕྱིར་སྟོབས་དང་མི་ལྡན་པ་ཉིད་དུ་འགྱུར། གང་གི་ཕྱིར་ན་འདི་ཆོས་དང་ལྷན་ཅིག་ཏུ་མི་རྟག་པ་ཉིད་ཀྱིས་འཇོམས། བྱ་བ་བྱས་ཟིན་པས་ཡང་མི་ནུས་ཏེ་སྐྱེ་བ་བཞིན་ནོ། །སྐྱེ་བས་ནི་མི་ནུས་པར་རིགས་

ཏེ། སྐྱེ་བས་བསྐྱེད་པར་བྱ་བ་ད་ལྟ་ཉིད་དུ་ཁྱེར་ཏེ་འོངས་ནས་ཡང་བཀུར་བར་ནི་མི་ནུས་སོ། །གནས་པས་ནི་གནས་པར་བྱ་བ་ཡེ་གནས་པར་བྱ་བར་ཡང་ནུས་སོ། །དེ་ལྟ་བས་ན་གང་མི་ནུས་པ་ནི་རིགས་པ་མ་ཡིན་ནོ། །ཡང་ན་འདི་ལ་བགེགས་བྱེད་པ་ཡང་གང་ཞིག་ཡིན་ཏེ། རྒ་བ་དང་མི་

རྟག་པ་ཉིད་དེ་དག་ཁོ་ན་ཡིན་ནོ། །གལ་ཏེ་དེ་དག་སྟོབས་དང་ལྡན་པ་ཞིག་ཡིན་ན་ནི་སྔོན་ཁོ་ན་ཡིན་ནོ། །གནས་པའི་བྱ་བ་ལོག་ན་ཡང་དེ་དག་ཀྱང་མི་གནས་ལ་ཆོས་དེ་ཡང་མི་གནས་ན་ཇི་ལྟར་གང་ལ་བྱ་བ་བྱེད་པ་ནུས་པར་འགྱུར། ཡང་ན་དེ་དག་གིས་ཅི་ཞིག་བྱ་སྟེ། གནས་པས་ཡོངས་སུ་

གཟུང་བའི་ཕྱིར་ཆོས་སྐྱེས་པ་ཙམ་དེ་མ་ཞིག་པར་གྱུར་པ་ཡིན་ལ། དེས་དེ་ཡལ་བར་བཏང་ན་ནི་ངེས་པར་མི་གནས་པས་འདི་ཉིད་འདིའི་འཇིག་པ་ཡིན་ནོ། །རེ་ཞིག་ཆོས་སྐྱེས་པ་གཅིག་ལ་མི་འཇིག་པ་ནི་གནས་པ་ཡིན་ལ། འཇིག་པ་ནི་མི་རྟག་པ་ཉིད་ཡིན་ལ། གཅིག་ལ་རྒ་བ་ནི་རྣམ་པ་

Vol. 140 · folio 83b

ཐམས་ཅད་དུ་མི་སྲིད་དེ། རྒ་བ་ཞེས་བྱ་བ་ནི་གཞན་ཉིད་དུ་འགྱུར་ཞིང་རྣམ་པར་འགྱུར་བ་ཡིན་ན་དེ་ཉིད་ལས་དེའི་རྣམ་པ་གཞན་ཉིད་དུ་ནི་རུང་བ་མ་ཡིན་ནོ། །འདིར་སྨྲས་པ། དེ་བཞིན་ན་ནི་རྒ་མི་འགྱུར། །གཞན་དུ་འགྱུར་ན་དེ་གཞན་ཉིད། །དེ་ལྟ་བས་ན་དངོས་གཅིག་ལ། །རྒ་ཞེས་བྱ་བ་མི་འཐད་དོ། །

གང་ཡང་སྡེ་པ་གཞན་དག་ན་རེ་འཇིག་པའི་རྒྱུ་དང་ཕྲད་ནས་མི་རྟག་པ་ཉིད་ཀྱིས་འཇིག་པར་བྱེད་དོ་ཞེས་ཟེར་བ་དེའི་ནི་འཁྲུ་བ་དང་ཕྲད་ནས་ལྷས་འཁྲུ་བར་བྱེད་དོ་ཞེས་བྱ་བ་ལྟ་བུར་འགྱུར་ཏེ། འཇིག་པའི་རྒྱུ་དེ་ཉིད་ཀྱིས་འཇིག་ན་དེ་བརྟགས་པས་ཅི་ཞིག་བྱ། སེམས་དང་སེམས་ལས་བྱུང་བ་རྣམས་སྐད་

ཅིག་མ་ཉིད་དུ་ཁས་བླངས་པས་དེ་དག་གིས་མི་རྟག་པ་ཉིད་འཇིག་པའི་རྒྱུ་ལ་མི་ལྟོས་པའི་ཕྱིར་གནས་པ་དང་མི་རྟག་པ་ཉིད་དག་དུས་ཐ་མི་དད་པར་བྱ་བ་བྱེད་པར་འགྱུར་བས་ཅིག་ལ་དུས་གཅིག་ཏུ་གནས་པ་དང་འཇིག་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་རྒྱུན་ལ་འདུས་བྱས་ཀྱི་མཚན་ཉིད་འདི་

དག་གསུངས་པ་ཡིན་ཏེ། དེ་ལྟ་ན་མདོ་དེ་ལེགས་པར་དྲངས་པ་ཡིན་ནོ། །གཞན་ཡང་གལ་ཏེ་མ་འོངས་པའི་སྐྱེ་བ་བསྐྱེད་པར་བྱ་བ་སྐྱེད་པར་བྱེད་པ་ཡིན་ན་མ་འོངས་པ་ཐམས་ཅད་ཅིག་ཅར་ཅིའི་ཕྱིར་མི་བསྐྱེད། འདི་ལྟར། རྒྱུ་དང་རྐྱེན་དག་མེད་པར་ནི། །སྐྱེ་བས་བསྐྱེད་བྱ་སྐྱེད་བྱེད་མིན། །

རྒྱུ་དང་རྐྱེན་ཚོགས་པ་མེད་པར་ནི་སྐྱེ་བས་སྐྱེད་པར་བྱེད་པ་མ་ཡིན་ནོ། །འོ་ན་ནི་ཚོགས་པ་ཡོད་ན་ནི་འབྱུང་ལ་མེད་ན་ནི་མི་འབྱུང་བའི་ཕྱིར་རྒྱུ་དང་རྐྱེན་རྣམས་ཁོ་ནའི་མཐུ་ཡིན་པར་བལྟ་བར་བྱའི་སྐྱེ་བ་ནི་མ་ཡིན་པས་རྒྱུ་དང་རྐྱེན་ཁོ་ན་སྐྱེད་པར་བྱེད་པ་དག་ཡིན་ནོ་ཞེས་ཟེར་རོ། །ཀྱེ་ཡོད་པ་ཐམས་ཅད་དམིགས་

སམ་ཅི་ཆོས་ཀྱི་རང་བཞིན་ཕྲ་མོ་དག་ཡོད་བཞིན་དུ་ཡང་མི་དམིགས་སོ། །སྐྱེ་བ་ཞིག་མེད་ན་སྐྱེས་ཞེས་བྱ་བ་ཉིད་དང་། གཟུགས་ཀྱི་སྐྱེ་བ་ཞེས་བྱ་བ་དྲུག་པའི་ཚིག་ཏུ་ཡང་མི་འགྱུར་ཏེ་དཔེར་ན་གཟུགས་ཀྱི་གཟུགས་ཞེས་མི་བྱ་བ་བཞིན་ནོ། །དེ་བཞིན་དུ་མི་རྟག་པ་ཉིད་ཀྱི་བར་དུ་ཅི་རིགས་པར་བརྗོད་པར་བྱའོ། །འོ་

ན་ནི་དེས་ན་བདག་མེད་པའི་བློ་འགྲུབ་པར་བྱ་བའི་ཕྱིར་བདག་མེད་པ་ཉིད་ཅིག་ཀྱང་འདོད་པར་བྱས་ལ། གཅིག་དང་། གཉིས་དང་། ཆེན་པོ་དང་། ཆུང་ངུ་དང་། ཐ་དད་པ་དང་ལྡན་པ་དང་། རྣམ་པར་ཕྱེ་བ་དང་། གཞན་དང་། གཞན་མ་ཡིན་པ་དང་། ཡོད་པ་ལ་སོགས་པའི་བློ་འགྲུབ་པར་བྱ་བའི་

Vol. 140 · folio 84a

ཕྱིར་དང་། དྲུག་པར་བྱ་བའི་ཕྱིར་མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟག་པ་གྲངས་དང་། ཚད་དང་། ཐ་དད་པ་ཉིད་དང་ལྡན་པ་དང་། རྣམ་པར་དབྱེ་བ་དང་། གཞན་ཉིད་དང་། གཞན་མ་ཡིན་པ་ཉིད་དང་། ཡོད་པ་ལ་སོགས་པ་དང་། གཟུགས་ཀྱི་ལྡན་པ་ཞེས་བྱ་བ་ཡང་

ཁས་བླང་བར་བྱ་དགོས་སོ། །གཟུགས་ཀྱི་རང་བཞིན་ཞེས་བྱ་བ་དྲུག་པ་འདི་ཡང་ཇི་ལྟར་བརྟག །དེ་ལྟ་བས་ན་སྐྱེ་བ་ཞེས་བྱ་བ་འདི་ནི་མ་བྱུང་བ་ལས་བྱུང་བ་ཁོ་ནར་ཤེས་པར་བྱ་བའི་དོན་དུ་བརྟགས་པ་ཙམ་མཛད་པ་ཡིན་ནོ། །མ་བྱུང་བ་ལས་བྱུང་བའི་མཚན་ཉིད་ཀྱི་སྐྱེ་བ་དེ་ཡང་རྣམ་པ་མང་དུ་ཡོད་པས་དེ་

བྱེ་བྲག་ཏུ་བྱ་བའི་ཕྱིར་གཟུགས་ཀྱི་སྐྱེ་བ་ཞེས་དྲུག་པར་མཛད་དེ། ཅི་ནས་ཀྱང་གཟུགས་ཞེས་བྱ་བ་ཁོ་ན་སྐྱེ་བར་ཤེས་པར་བྱའི་གཞན་དུ་ནི་ཤེས་པར་མི་འགྱུར་བར་བྱ་བ་ཡིན་ཏེ། དཔེར་ན་ཙན་དན་གྱི་དྲི་ལ་སོགས་པ་དང་། མཆི་གུའི་ལུས་ཞེས་བྱ་བ་བཞིན་ནོ། །དེ་བཞིན་དུ་གནས་པ་ལ་སོགས་པ་ལ་

ཡང་ཅི་རིགས་པར་བྱའོ། །གལ་ཏེ་སྐྱེ་བ་མེད་པར་སྐྱེ་ན་ནམ་མཁའ་ལ་སོགས་པ་འདུས་མ་བྱས་ཀྱང་ཅིའི་ཕྱིར་མི་སྐྱེ་ཞེ་ན། སྐྱེ་བ་ཞེས་བྱ་བ་ནི་མ་བྱུང་བ་ལས་འབྱུང་བ་ཡིན་ན་འདུས་མ་བྱས་ནི་རྟག་ཏུ་ཡོད་པའི་ཕྱིར་མི་སྐྱེའོ། །ཡང་ཇི་ལྟར་ཆོས་ཉིད་ཀྱིས་ཐམས་ཅད་སྐྱེ་བ་དང་ལྡན་པར་མི་འདོད་པ་དེ་

ལྟར་ཐམས་ཅད་མི་སྐྱེའོ་ཞེས་བྱ་བར་འདོད་པར་བྱའོ། །ཡང་ན་ཇི་ལྟར་སྐྱེ་བ་དང་ལྡན་པར་མཚུངས་པ་ལས་དེ་དག་ལས་གཞན་པའི་རྐྱེན་རྣམས་ཀྱིས་དེ་དག་ལས་གཞན་པ་བསྐྱེད་པར་ནུས་པ་མ་ཡིན་པ་དེ་བཞིན་དུ་ཐམས་ཅད་ཀྱིས་ཀྱང་འདུས་མ་བྱས་བསྐྱེད་པར་མི་ནུས་པར་འགྱུར་རོ། །བྱེ་བྲག་

ཏུ་སྨྲ་བ་རྣམས་ན་རེ་སྐྱེ་བ་ལ་སོགས་པ་རྫས་ཀྱི་དངོས་པོར་གྲུབ་པ་ཉིད་དོ། །རི་དགས་དག་ཡོད་ཅེས་ཏེ་ནས་མི་རྨོ་བ་མ་ཡིན་པ་དང་སྦྲང་བུ་དག་ཡོད་ཅེས་ཏེ་ལ་དུ་མི་བཟའ་བ་མ་ཡིན་པ་ལྟར་སུན་འབྱིན་པ་དག་ཡོད་ཅེས་ཏེ་ལུང་དོར་དུ་མི་རུང་བས་དེ་ལྟ་བས་ན་སྐྱོན་རྣམས་ལ་ཡང་ལན་གདབ་པར་བྱ་

ལ། གྲུབ་པའི་མཐའི་རྗེས་སུ་འབྲང་བར་ཡང་བྱའོ་ཞེས་ཟེར་རོ། །མཚན་ཉིད་རྣམས་བཤད་ཟིན་ཏོ། །མིང་གི་ཚོགས་ལ་སོགས་པ་གང་ཞེ་ན། མིང་གི་ཚོགས་ལ་སོགས་པ་ནི། །མིང་དང་ངག་དང་ཡི་གེའི་ཚོགས། །སོགས་པ་སྨོས་པས་ནི་ཚིག་དང་ཡི་གེའི་ཚོགས་གཟུང་ངོ་། །དེ་ལ་

Vol. 140 · folio 84b

མིང་བྱེད་པ་ནི་མིང་སྟེ། དཔེར་ན་གཟུགས་སྒྲ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ལྟ་བུའོ། །ངག་ནི་ཚིག་སྟེ། དཔེར་ན། ཀྱེ་མ་འདུ་བྱེད་རྣམས་མི་རྟག །ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཇི་ཙམ་གྱིས་དོན་ཡོངས་སུ་རྫོགས་པ་སྟེ། གང་གིས་བྱ་བ་དང་ཡོན་ཏན་དང་དུས་ཀྱི་འབྲེལ་བའི་ཁྱད་པར་རྟོགས་པར་

འགྱུར་རོ། །ཡི་གེ་ནི་ཡི་གེ་སྟེ། དཔེར་ན་ཨ་ཨཱ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཡི་གེ་རྣམས་ཀྱང་ཡི་གེ་འབྲུའི་ཡན་ལག་དག་གི་མིང་དག་མ་ཡིན་ནམ་ཞེ་ན། ཡི་གེ་འབྲུའི་ཡན་ལག་རྣམས་གོ་བར་བྱ་བའི་ཕྱིར་ཡི་གེ་རྣམས་བྱས་པ་ནི་མ་ཡིན་གྱི། ཇི་ལྟར་ན་མིང་ཐོས་པ་བྲིས་པས་གོ་བར་འགྱུར་ཞེས་ཡི་

གེ་རྣམས་གོ་བར་བྱ་བའི་ཕྱིར་ནི་ཡི་གེའི་འབྲུ་རྣམས་བྱས་པ་ཡིན་པས། ཡི་གེ་རྣམས་ནི་དེ་དག་གི་མིང་མ་ཡིན་ནོ། །མིང་ལ་སོགས་པ་དེ་དག་གི་ཚོགས་ནི་མིང་ལ་སོགས་པའི་ཚོགས་དག་ཡིན་ཏེ། མང་པོའི་དོན་གང་ཡིན་པའོ། །དེ་ལ་མིང་གི་ཚོགས་ནི་དཔེར་ན་གཟུགས་སྒྲ་དྲི་རོ་རེག་བྱ་དག་ཅེས་བྱ་

བ་སྟེ། དེ་ལྟ་བུ་ལ་སོགས་པའོ། །ཚིག་གི་ཚོགས་ནི་དཔེར་ན་འདུ་བྱེད་ཐམས་ཅད་མི་རྟག་པ་དག་གོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་སྟེ། དེ་ལྟ་བུ་ལ་སོགས་པའོ། །ཡི་གེའི་ཚོགས་ནི་དཔེར་ན་ཀ་ཁ་ག་གྷ་ང་ཞེས་བྱ་བ་སྟེ། དེ་ལྟ་བུ་ལ་སོགས་པའོ། །དེ་དག་ཀྱང་ངག་གི་རང་བཞིན་

ཡིན་པའི་ཕྱིར་སྒྲའི་བདག་ཉིད་ཡིན་པས་གཟུགས་ཀྱི་རང་བཞིན་དག་མ་ཡིན་ནམ་ཅིའི་ཕྱིར་སེམས་དང་ལྡན་པ་མ་ཡིན་པ་རྣམས་ཞེས་བྱ་ཞེ་ན། དེ་དག་ནི་ངག་གི་རང་བཞིན་མ་ཡིན་ཏེ། ངག་གི་སྒྲ་ཡིན་ན་སྒྲ་ཙམ་གྱིས་ནི་དོན་གང་དག་གོ་བར་མི་འགྱུར་རོ། །འོ་ན་ཅི་ཞེ་ན། ངག་ནི་མིང་ལ་འཇུག་ལ་

མིང་གིས་ནི་དོན་རྗོད་པར་བྱེད་དོ། །སྒྲ་ཙམ་ཁོ་ན་ནི་ངག་མ་ཡིན་གྱི་སྒྲ་གང་གིས་དོན་གོ་བར་འགྱུར་བའི་སྒྲ་དེ་ངག་ཡིན་ནོ། །ཡང་སྒྲ་གང་གིས་དོན་གོ་བར་འགྱུར་ཞེ་ན། གང་གིས་སྨྲ་བ་པོ་རྣམས་ཀྱིས་དོན་དག་ལ་མཚམས་བཅད་པ་སྟེ། དཔེར་ན་གཽ་ཞེས་བྱ་བ་ལྟ་བུའོ། །སྒྲ་དེ་ནི་དོན་དགུ་དག་ལ་མཚམས་

བཅད་པ་ཡིན་ཏེ། ངག་ཕྱོགས་པ་དང་འོད་ཟེར་དང་། །ཕྱུགས་དང་མིག་དང་རྡོ་རྗེ་དང་། །མཐོ་རིས་ཆུ་དང་དོན་དགུ་ལ། །མཁས་པས་གཽ་སྒྲ་དེས་གཟུང་བྱ། །ཞེས་བྱ་བ་ལྟ་བུའོ། །གང་ཡང་མིང་གིས་དོན་རྗོད་པར་བྱེད་དོ་སྙམ་དུ་སེམས་པ་དེས་ཀྱང་གདོན་མི་ཟ་བར་གལ་ཏེ་དོན་གོ་བར་བྱེད་པ་ཡིན་ཞེས་

Vol. 140 · folio 85a

བྱ་བ་འདི་ཁས་བླང་བར་བྱ་དགོས་ཏེ། དེ་ནི་དོན་གོ་བར་བྱེད་པའི་སྒྲ་ཙམ་ཁོ་ནས་འགྲུབ་ན་དོན་གཞན་རྫས་མིང་བཏགས་ཏེ་ཅི་ཞིག་བྱ། ཇི་ལྟར་ན་ངག་མིང་ལ་འཇུག་པ་འདི་ཡང་མི་ཤེས་སོ། །ཅི་རེ་ཞིག་སྐྱེད་པར་བྱེད་དམ། འོན་ཏེ་གསལ་བར་བྱེད། གལ་ཏེ་སྐྱེད་པར་བྱེད་

ན་ནི་ངག་ནི་སྒྲའི་རང་བཞིན་ཡིན་པའི་ཕྱིར་སྒྲ་ཙམ་ཐམས་ཅད་ཀྱིས་མིང་སྐྱེད་པར་འགྱུར་རོ། །འོན་ཏེ་སྒྲའི་ཁྱད་པར་དེ་ལྟ་བུ་ཞིག་མིང་སྐྱེད་པར་བྱེད་པ་ཡིན་པར་འདོད་ན་ནི་དེ་ཉིད་དོན་རྗོད་པར་བྱེད་པ་ཡིན་པར་འགྱུར་རོ། །འོན་ཏེ་གསལ་བར་བྱེད་པ་ཡིན་ནོ་ཞེ་ན་ནི་ངག་གི་སྒྲའི་རང་བཞིན་ཡིན་པའི་ཕྱིར་

སྒྲ་ཙམ་ཐམས་ཅད་ཀྱི་མིང་གསལ་བར་བྱེད་པར་འགྱུར་རོ། །འོན་ཏེ་སྒྲའི་ཁྱད་པར་དེ་ལྟ་བུ་ཞིག་གསལ་བར་བྱེད་པ་ཡིན་པར་འདོད་ན་ནི་དེ་ཉིད་དོན་གསལ་བར་བྱེད་པ་ཡིན་པར་འགྱུར་རོ། །ཡང་སྒྲ་རྣམས་ནི་ཚོགས་པ་མེད་ལ་ཆོས་གཅིག་ལ་ཆ་ཤས་ཀྱི་སྐྱེད་པ་ཡང་རིགས་པ་མ་ཡིན་ལ། སྐྱེད་

པར་བྱེད་པ་ན་ཇི་ལྟར་ངག་གིས་མིང་སྐྱེད་པར་བྱེད། རེ་ཞིག་ཇི་ལྟར་ན་འདས་པ་ལ་ལྟོས་པའི་རྣམ་པར་རིག་བྱེད་ཀྱི་སྐད་ཅིག་མ་ཐ་མས་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེད་པར་བྱེད། དེ་ལྟ་ན་འོ་ན་ནི་སྒྲ་ཐ་མ་ཁོ་ནས་མིང་སྐྱེད་པའི་ཕྱིར་གང་གིས་དེ་གཅིག་ཁོ་ན་ཐོས་པ་དེས་ཀྱང་དོན་གོ་བར་འགྱུར་རོ། །འོན་ཏེ་

འདི་སྙམ་དུ་ངག་གིས་ནི་ཡི་གེ་སྐྱེད་པར་བྱེད་ལ། ཡི་གེས་ནི་མིང་སྐྱེད་པར་བྱེད་དོ་སྙམ་དུ་རྟོག་པར་བྱེད་ན། འདི་ལ་ཡང་སྐྱོན་དེ་ཉིད་ཡོད་དེ། ཡི་གེ་རྣམས་ཚོགས་པ་མེད་པའི་ཕྱིར་རོ། །ངག་མིང་གསལ་བར་བྱེད་པ་ཡིན་ན་ཡང་སྐྱོན་དེ་ཉིད་ཡོད་དོ། །ཡི་གེ་ཡང་ངག་ལས་ཁྱད་པར་དུ་ཡོད་པར་ཤེས་

རབ་དང་ལྡན་པར་ཡིད་བརྟན་པས་ཀྱང་མཚན་ཉིད་ཀྱི་སྒོ་ནས་ཡོངས་སུ་བཅད་པར་མི་ནུས་པས་ངག་ནི་ཡི་གེ་སྐྱེད་པར་བྱེད་པ་ཡིན་པར་ཡང་མི་རུང་ལ། གསལ་བར་བྱེད་པ་ཡིན་པར་ཡང་མི་རུང་ངོ་། །འོན་ཏེ་མིང་དོན་དང་ལྷན་ཅིག་སྐྱེད་པ་ཡིན་ཏེ། སྐྱེ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བར་འདོད་ན་ནི་

དེ་ལྟ་ན་དོན་འདས་པ་དང་མ་འོངས་པའི་མིང་ད་ལྟ་བ་ཡིན་པར་མི་འགྱུར་རོ། །ཕ་རྣམས་ཀྱིས་བུ་དག་གི་མིང་དགའ་མགུར་འདོགས་ན་མིང་གང་ཞིག་དེ་དང་ལྷན་ཅིག་སྐྱེས་པ་ཡིན་པར་འགྱུར། ཆོས་འདུས་མ་བྱས་པ་རྣམས་ཀྱི་མིང་ཡང་གང་དང་ལྷན་ཅིག་སྐྱེས་པ་ཡིན་པར་འགྱུར། དེ་ལྟ་བས་ན་འདི་

Vol. 140 · folio 85b

ཉིད་མི་འདོད་པ་ཉིད་དོ། །གང་ཡང་བཅོམ་ལྡན་འདས་ཀྱིས། ཚིགས་བཅད་མིང་ལ་བརྟེན་པ་སྟེ། །ཚིགས་བཅད་བཞི་ནི་སྙན་དངགས་མཁན། །ཞེས་གསུངས་པ་དེར་ཡང་དོན་རྣམས་ལ་མཚམས་བཅད་པའི་སྒྲ་ནི་མིང་ཡིན་ལ། མིང་རྣམས་བཀོད་པའི་ཁྱད་པར་ཡང་ཚིགས་སུ་བཅད་པ་ཡིན་

པས་མིང་ལ་བརྟེན་པ་ཡིན་ནོ། །བཀོད་པའི་ཁྱད་པར་ཡང་རྫས་གཞན་དུ་མི་འཐད་དེ་ཕྲེང་བ་ལྟ་བུ་དང་སེམས་ཀྱི་རིམ་པ་བཞིན་ནོ། །ཡི་གེ་ཙམ་ཞིག་རྫས་གཞན་གྱི་དངོས་པོར་ཡོངས་སུ་རྟོག་པ་ཡིན་དུ་ཆུག་ན་ཡང་དེའི་ཚོགས་ཁོ་ན་མིང་གི་ཚོགས་ལ་སོགས་པ་ཡིན་བར་འགྱུར་བས་དེ་དག་ཏུ་རྟོག་པ་

དོན་མེད་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཆོས་ཐམས་ཅད་རྟོག་གེའི་སྤྱོད་ཡུལ་མ་ཡིན་པས་ལྡན་པ་ཡང་མ་ཡིན་པའི་འདུ་བྱེད་ཀྱི་རང་བཞིན་མིང་གི་ཚོགས་ལ་སོགས་པ་ནི་རྫས་སུ་ཡོད་པ་ཁོ་ནའོ་ཞེས་ཟེར་རོ། །ཡང་ཅི་མིང་གི་ཚོགས་ལ་སོགས་པ་འདི་དག་ལྡན་པ་འམ། སེམས་ཅན་དུ་སྟོན་

པ་འམ། སེམས་ཅན་དུ་སྟོན་པ་མ་ཡིན་པ་འམ། རྣམ་པར་སྨིན་པ་ལས་སྐྱེས་པ་འམ། རྒྱས་པ་ལས་འབྱུང་བ་འམ། རྒྱུ་མཐུན་པ་ལས་བྱུང་བ་འམ། དགེ་བ་འམ། མི་དགེ་བ་འམ། ལུང་དུ་མ་བསྟན་པ་དག་ཅིག་ཅེས་བརྗོད་པར་བྱ་ཞེ་ན། སྨྲས་པ། འདོད་དང་གཟུགས་གཏོགས་སེམས་ཅན་

སྟོན། །རྒྱུ་མཐུན་ལས་བྱུང་ལུང་བསྟན་མིན། །འདི་དག་ནི་འདོད་པར་གཏོགས་པ་དང་། གཟུགས་སུ་གཏོགས་པ་དག་ཡིན་ནོ། །གཞན་དག་ན་རེ་གཟུགས་མེད་པར་གཏོགས་པ་ཡང་ཡོད་མོད་ཀྱི་དེ་དག་ནི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་ཟེར་རོ། །དེ་དག་ནི་སེམས་ཅན་དུ་སྟོན་པ་ཡིན་ནོ། །

གང་ཞིག་རྗོད་པར་བྱེད་པ་དེ་དག་དང་ལྡན་གྱི་བརྗོད་པར་བྱ་བ་གང་ཡིན་པ་དང་ནི་མ་ཡིན་ནོ། །རྒྱུ་མཐུན་པ་ལས་བྱུང་བ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་ཡིན་ནོ། །ཇི་ལྟར་མིང་གི་ཚོགས་ལ་སོགས་པ་འདི་དག་སེམས་ཅན་དུ་སྟོན་པ་དང་། རྒྱུ་མཐུན་པ་ལས་བྱུང་བ་དང་། མ་བསྒྲིབས་

ལ་ལུང་དུ་མ་བསྟན་པ་དག་ཡིན་པ་དེ་བཞིན་སྐལ་མཉམ་དེ་ནི་རྒྱུ་མཐུན་པ་ལས་བྱུང་བ་འབའ་ཞིག་མ་ཡིན་གྱི། རྣམ་པར་སྨིན་པ་འང་ཡིན། ཁམས་གསུམ་པ་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཡིན་ནོ། །ཐོབ་རྣམ་གཉིས། ཐོབ་པ་རྣམས་ནི་རྒྱུ་མཐུན་པ་ལས་བྱུང་བ་

Vol. 140 · folio 86a

དང་། རྣམ་པར་སྨིན་པ་ལས་སྐྱེས་པ་དག་ཡིན་ནོ། །མཚན་ཉིད་རྣམས་ཀྱང་། རྣམ་གཉིས་ཞེས་བྱ་བར་སྦྱར་ཏེ་ཐོབ་པ་བཞིན་ནོ། །སྙོམས་འཇུག་དང་། མི་ལྡན་པ་དག་རྒྱུ་མཐུན་པ། སེམས་མེད་པའི་སྙོམས་པར་འཇུག་པ་གཉིས་དང་མི་ལྡན་པ་རྣམས་ནི་རྒྱུ་མཐུན་པ་ལས་

བྱུང་བ་དག་ཁོ་ན་ཡིན་ནོ། །འདི་དག་གི་བརྗོད་པར་བྱ་བ་ལྷག་མ་དང་། ལྷག་མ་འདུ་ཤེས་མེད་པ་པ་དང་། སྲོག་གི་དབང་པོ་དག་གིས་ནི་བཤད་ཟིན་པས་དེའི་ཕྱིར་ཡང་མི་བརྗོད་དོ། །ཇི་ལྟར་ཐོབ་པ་རྣམས་ཀྱི་སེམས་ཅན་དུ་སྟོན་པ་ཉིད་བཤད་ཟིན་ཅེ་ན། ལྡན་པ་ཞེས་བཤད་པའི་ཕྱིར་རོ། །ཇི་ལྟར་

མཚན་ཉིད་རྣམས་སེམས་ཅན་དུ་སྟོན་པ་དང་། སེམས་ཅན་དུ་སྟོན་པ་མ་ཡིན་པར་བཤད་ཅེ་ན། འདུས་བྱས་ཐམས་ཅད་དང་ལྷན་ཅིག་འབྱུང་བའི་ཕྱིར་རོ། །ལྡན་པ་མ་ཡིན་པ་རྣམས་བཤད་ཟིན་ཏོ། །རྒྱུ་དང་རྐྱེན་དག་མེད་པར་ནི། །སྐྱེ་བ་བསྐྱེད་བྱ་སྐྱེད་བྱེད་མིན། །ཞེས་གང་བཤད་པ། རྒྱུ་རྣམས་ནི་

གང་། རྐྱེན་རྣམས་ནི་གང་ཞེ་ན། བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། །སྐལ་མཉམ་མཚུངས་པར་ལྡན་པ་དང་། །ཀུན་ཏུ་འགྲོ་དང་རྣམ་སྨིན་དང་། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །རྒྱུ་ནི་དྲུག་པོ་འདི་དག་སྟེ། །བྱེད་པའི་རྒྱུ་དང་ལྷན་ཅིག་འབྱུང་བའི་རྒྱུ་དང་། སྐལ་བ་མཉམ་པའི་རྒྱུ་དང་། མཚུངས་པར་ལྡན་

པའི་རྒྱུ་དང་། ཀུན་ཏུ་འགྲོ་བའི་རྒྱུ་དང་། རྣམ་པར་སྨིན་པའི་རྒྱུའོ། །དེ་ལ་རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །རང་གི་ངོ་བོ་མ་གཏོགས་པ་ཆོས་ཐམས་ཅད་ནི་ཆོས་འདུས་བྱས་ཀྱི་བྱེད་རྒྱུའི་རྒྱུ་ཡིན་ཏེ། སྐྱེ་བ་ལ་བགེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ། །ཟག་པ་གང་དག་མི་ཤེས་པ་དེ་ལ་སྐྱེ་བ་

དེ་དག་ཤེས་པ་དེ་ལ་མི་སྐྱེའོ་ཞེས་གསུངས་པས་དེ་དག་སྐྱེ་བ་ལ་ཡང་ཤེས་པ་གེགས་བྱེད་ལ། སྐར་མ་རྣམས་མཐོང་བ་ལ་ཡང་ཉི་མའི་འོད་བགེགས་བྱེད་པ་མ་ཡིན་ན་ནམ། ཇི་ལྟར་ན་རང་གི་ངོ་བོ་མ་གཏོགས་པ་ཆོས་ཐམས་ཅད་ཆོས་འདུས་བྱས་ཀྱི་བྱེད་རྒྱུ་ཡིན་ཞེ་ན། སྐྱེ་བ་ལ་བགེགས་མི་བྱེད་

པའི་ངོ་བོར་གནས་པའི་ཕྱིར་ཤེས་པར་བྱའོ། །རེ་ཞིག་སྐྱེ་བ་ལ་བགེགས་བྱེད་ནུས་པ་རྣམས་ནི་བགེགས་མི་བྱེད་པའི་ཕྱིར་རྒྱུ་ཉིད་དུ་ཡང་འགྱུར་ཏེ། དཔེར་ན་སྤྱོད་པར་བྱེད་པའི་མི་འཚེ་བའི་དབང་དུ་བྱས་ནས་གྲོང་མི་རྣམས་བདག་ཅག་ནི་རྗེ་བོས་བདེ་བར་བྱས་སོ་ཞེས་འཛེར་བ་ལྟ་བུ་ཡིན་ན། གང་

Vol. 140 · folio 86b

ཞིག་བགེགས་བྱེད་པར་མི་ནུས་པ་དཔེར་ན་ཆོས་ཐམས་ཅད་སྐྱེ་བ་ལ་མྱ་ངན་ལས་འདས་པ་དང་། མི་སྐྱེ་བའི་ཆོས་ཅན་རྣམས་ལྟ་བུ་དང་། གཟུགས་མེད་པའི་སེམས་ཅན་གྱི་ཕུང་པོ་སྐྱེ་བ་ལ་དམྱལ་བ་ལ་སོགས་པ་དག་ལྟ་བུ་དེ་གོ་ཇི་ལྟར་ན་རྒྱུའི་དངོས་པོ་ཡིན། དེ་དག་མེད་དུ་ཟིན་ཀྱང་དེ་ཁོ་ན་

བཞིན་དུ་བགེགས་བྱེད་མི་ནུས་པར་འགྱུར་ཏེ། སྤྱོད་པར་བྱེད་པར་མི་ནུས་བཞིན་དུ་ཡང་དེ་སྐད་དུ་འཛེར་བ་ཡོད་པས་འདིར་དཔེ་ནི་དེ་ཉིད་ཡིན་ནོ། །འདི་ནི་སྤྱིར་བསྟན་པ་ཡིན་གྱི། བྱེད་རྒྱུའི་རྒྱུ་གཙོ་བོ་གང་ཡིན་པ་འདི་ནི་བསྐྱེད་པར་བྱ་བ་ལ་ཡང་ནུས་པ་ཡོད་དེ་དཔེར་ན་མིག་གི་རྣམ་པར་ཤེས་པ་ལ་

མིག་དང་གཟུགས་དག་དང་། ལུས་ལ་ཟས་དང་། མྱུ་གུ་ལ་སོགས་པ་ལ་ས་བོན་ལ་སོགས་པ་བཞིན་ནོ། །གང་ཞིག་འདི་སྐད་དུ་གལ་ཏེ་མི་སྒྲིབ་པའི་ངོ་བོས་ཆོས་ཐམས་ཅད་རྒྱུ་དག་ཡིན་ནོ། །ཅིའི་ཕྱིར་ཆོས་ཐམས་ཅད་ཅིག་ཅར་སྐྱེ་བར་མི་འགྱུར་རོ། །སྲོག་གཅོད་པ་ལ་སོགས་པ་ལ་ཡང་

གཤེད་མ་པ་བཞིན་དུ་ཐམས་ཅད་དེ་བསྟེན་པར་མི་འགྱུར་ཞེས་རྒོལ་བར་བྱེད་པ་དེའི་དེ་ནི་ཀླན་ཀར་མི་རུང་སྟེ། འདི་ལྟར་མི་སྒྲིབ་པའི་ངོ་བོས་ཆོས་ཐམས་ཅད་རྒྱུ་ཡིན་པར་དམ་འཆའི། བྱེད་པ་པོའི་ངོ་བོ་ནི་མ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་ཐམས་ཅད་སྐྱེས་པ་ལ་བྱེད་པའི་རྒྱུ་ཐམས་ཅད་ཀྱང་

ནུས་པ་ཡོད་དེ། འདི་ལྟ་སྟེ་མྱ་ངན་ལས་འདས་པ་ཡང་མིག་གི་རྣམ་པར་ཤེས་པ་ལ་ནུས་པ་ཡོད་པ་ལྟ་བུའོ་ཞེས་ཟེར་རོ། །ཇི་ལྟ་བུ་ཞེ་ན། དམིགས་པ་དེས་ཡིད་ཀྱི་རྣམ་པར་ཤེས་པ་དགེ་བ་དང་མི་དགེ་བ་སྐྱེ་ལ། དེས་རིམ་གྱིས་ཕྱིས་མིག་གི་རྣམ་པར་ཤེས་པ་སྐྱེད་པའི་ཕྱིར་རྒྱུ་རྒྱུད་པའི་

སྒོ་ནས་དེ་ཡང་རྐྱེན་དུ་གྱུར་པའི་ཕྱིར་ནུས་པ་ཡོད་དོ། །དེ་བཞིན་དུ་གཞན་ལ་ཡང་རྟོགས་པར་བྱ་སྟེ། འདི་ནི་ཕྱོགས་ཙམ་དུ་ཟད་དོ། །བྱེད་པའི་རྒྱུ་བཤད་ཟིན་ཏོ། །ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །ཕན་ཚུན་ཞེས་བྱ་བ་ནི་གཅིག་ལ་གཅིག་སྟེ། ཆོས་གང་དག་ཕན་ཚུན་གྱི་འབྲས་

བུ་ཡིན་པ་དེ་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུའོ། །དཔེ་ཇི་ལྟ་བུ་ཞེ་ན། འབྱུང་བཞིན་སེམས་ཀྱི་རྗེས་འཇུག་དང་། །སེམས་དང་མཚན་ཉིད་མཚན་གཞི་བཞིན། །འབྱུང་བ་ཆེན་པོ་བཞི་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ། །སེམས་ནི་སེམས་ཀྱི་རྗེས་སུ་འཇུག་པའི་ཆོས་

Vol. 140 · folio 87a

རྣམས་ཀྱི་ཡིན་ལ་དེ་དག་ཀྱང་སེམས་ཀྱི་ཡིན་ནོ། །འདུས་བྱས་ཀྱི་མཚན་ཉིད་རྣམས་ནི་མཚན་གཞིའི་ཡིན་ལ་དེ་ཡང་དེ་དག་གི་ཡིན་ཏེ། དེ་ལྟར་ན་འདུས་བྱས་ཐམས་ཅད་ནི་ཅི་རིགས་པར་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་ཡིན་ནོ། །ཕན་ཚུན་འབྲས་བུ་ཉིད་མེད་བཞིན་དུ་

ཆོས་ནི་མཐུན་པའི་མཚན་ཉིད་རྣམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ་དེ་དག་ནི་དེའི་མ་ཡིན་པས་ཁ་བསྐང་བར་བྱའོ། །སེམས་ཀྱི་རྗེས་སུ་འཇུག་པའི་ཆོས་དེ་དག་ཀྱང་གང་ཞེ་ན། སེམས་ལས་བྱུང་དང་སྡོམ་གཉིས་དང་། །སེམས་དང་དེ་དག་གི་མཚན་ཉིད། །སེམས་ཀྱི་རྗེས་སུ་

འཇུག་པ་དང་། །སེམས་དང་མཚུངས་པར་ལྡན་པ་ཐམས་ཅད་དང་། བསམ་གཏན་གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་པ་དང་། དེ་དག་དང་སེམས་ཀྱི་སྐྱེ་བ་ལ་སོགས་པ་གང་དག་ཡིན་པའི་ཆོས་དེ་དག་ནི་སེམས་ཀྱི་རྗེས་སུ་འཇུག་པ་ཞེས་བྱའོ། །དེ་དག་ཇི་ལྟར་སེམས་ཀྱི་རྗེས་

སུ་འཇུག་ཅེ་ན། མདོར་བསྡུ་ན། དུས་དང་ནི། འབྲས་སོགས་དགེ་ལ་སོགས་པས་སོ། །རེ་ཞིག་དུས་ལས་ནི་སེམས་དང་ལྷན་ཅིག་སྐྱེ་བ་དང་གནས་པ་དང་འགག་པ་གཅིག་པ་ཉིད་དང་དུས་གཅིག་ཏུ་གཏོགས་པ་ཉིད་ཀྱིས་སོ། །འབྲས་བུ་ལ་སོགས་པས་ནི་འབྲས་བུ་དང་རྣམ་པར་སྨིན་པ་

དང་། རྒྱུ་མཐུན་པ་གཅིག་པ་ཉིད་ཀྱིས་ཏེ། གཅིག་ཅེས་བྱ་བའི་སྒྲ་སྔ་མ་ནི་ལྷན་ཅིག་པའི་དོན་དུ་རིག་པར་བྱའོ། །དགེ་བ་ལ་སོགས་པས་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་ལ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཉིད་ཀྱིས་ཏེ། དེ་ལྟར་ན་རྒྱུ་བཅུས་སེམས་

ཀྱི་རྗེས་སུ་འཇུག་པ་ཞེས་བྱའོ། །དེ་ལ་སེམས་ནང་ན་ཉུང་བ་ནི་ཆོས་ལྔ་བཅུ་རྩ་བརྒྱད་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ཏེ། ས་མང་པོ་པ་བཅུ་དང་། དེ་དག་གི་མཚན་ཉིད་བཞི་བཅུ་དང་། རང་གི་མཚན་ཉིད་དང་མཐུན་པའི་མཚན་ཉིད་བརྒྱད་ཀྱི་ཡིན་ནོ། །དེའི་ལྷན་ཅིག་འབྱུང་བའི་རྒྱུ་

ནི་ཆོས་ལྔ་བཅུ་རྩ་བཞི་སྟེ། རང་གི་མཐུན་པའི་མཚན་ཉིད་མ་གཏོགས་པ་རྣམས་སོ། །གཞན་དག་ན་རེ་བཅུ་བཞི་ཡིན་ཏེ། ས་མང་པོ་པ་བཅུ་དང་། རང་གི་མཚན་ཉིད་དག་ཁོ་ནའོ་ཞེས་ཟེར་རོ། །དེ་སྐད་དུ་ནི་མི་བརྗོད་དེ། །དེ་ལྟར་ན་རབ་ཏུ་བྱེད་པའི་གཞུང་། སྡུག་བསྔལ་གྱི་བདེན་

Vol. 140 · folio 87b

པ་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ཡང་ཡོད་དེ། འཇིག་ཚོགས་ལ་ལྟ་བ་དང་། དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་སྐྱེ་བ་དང་རྒ་བ་དང་གནས་པ་དང་མི་རྟག་པ་དག་མ་གཏོགས་པ་དེ་དག་ལས་གཞན་པའི་སྡུག་བསྔལ་གྱི་བདེན་པ་ཉོན་མོངས་པ་ཅན་གང་ཡིན་

པའོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་པ་ནི་མ་གཏོགས་པ་གང་ཡིན་པའོ་ཞེས་འབྱུང་བ་དང་འགལ་བར་འགྱུར་རོ། །ཁ་ཆེ་བ་རྣམས་ན་རེ་འོ་ན་ནི་གང་དག་དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་ཞེས་དེ་སྐད་དུ་མི་འདོན་པ་དེ་དག་གིས་ཀྱང་དེ་སྐད་དུ་གདོན་

པར་བྱ་བ་འམ། ཡང་ན་དོན་གྱིས་དེ་ལྟར་གོ་བར་བྱའོ་ཞེས་ཟེར་རོ། །རེ་ཞིག་གང་ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་ཡིན་པ་དེས་ནི་ལྷན་ཅིག་འབྱུང་བ་ཡང་ཡིན་ནོ། །ལྷན་ཅིག་འབྱུང་བ་ཡིན་ལ་ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་མ་ཡིན་པ་ཡང་ཡོད་དེ། ཆོས་ཀྱི་མཐུན་པའི་མཚན་ཉིད་རྣམས་དང་། དེ་དག་ཕན་ཚུན་དང་།

སེམས་ཀྱི་རྗེས་སུ་འཇུག་པའི་མཐུན་པའི་མཚན་ཉིད་རྣམས་ཉིད་དང་། དེ་དག་ཕན་ཚུན་དང་། རྒྱུར་བྱས་པའི་གཟུགས་ཐོགས་པ་དང་བཅས་པ་ཕན་ཚུན་དང་། ཐོགས་པ་མེད་པ་ཅུང་ཟད་དང་། ཐམས་ཅད་འབྱུང་བ་དག་དང་ལྟ་བུའོ། །ཐོབ་པ་དང་ལྡན་པའི་ཐོབ་པ་ལྷན་ཅིག་སྐྱེས་པ་རྣམས་ཀྱང་ལྷན་ཅིག་འབྱུང་བ་

ཡིན་ལ་ལྷན་ཅིག་འབྱུང་བའི་རྒྱུ་ནི་མ་ཡིན་ཏེ། འབྲས་བུ་དང་རྣམ་པར་སྨིན་པ་དང་རྒྱུ་མཐུན་པ་གཅིག་པ་མ་ཡིན་པའི་ཕྱིར་རོ། །དེ་དག་ནི་སེམས་དང་ལྷན་ཅིག་སྤྱོད་པའི་ངང་ཚུལ་ཅན་ཡང་མ་ཡིན་ཏེ་སྔར་ཡང་སྐྱེ་ལ་ཕྱིས་ཀྱང་སྐྱེ་བའི་ཕྱིར་རོ། །དེ་ཐམས་ཅད་ཀྱང་རུང་མོད་ཀྱི་འོན་ཀྱང་ས་བོན་ལ་སོགས་པ་རྒྱུ་དང་འབྲས་

བུའི་དངོས་པོར་གྲགས་པ་རྣམས་ལ་ཚུལ་འདི་མི་སྣང་བས་ཇི་ལྟར་ལྷན་ཅིག་འབྱུང་བའི་ཆོས་རྣམས་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པ་དེ་བརྗོད་པར་བྱའོ། །དཔེར་ན་མར་མེ་དང་འོད་དག་དང་མྱུ་གུ་དང་གྲིབ་མ་དག་ལྟ་བུ་ཡིན་ནོ། །རེ་ཞིག་ཅི་མར་མེ་འོད་ཀྱི་རྒྱུ་ཡིན་ནམ། འོན་ཏེ་ཚོགས་པ་སྔར་བྱུང་བ་ཁོ་ན་མར་མེ་འོད་དང་བཅས་པ་

སྐྱེ་བའི་རྒྱུ་ཡིན་ཞེས་བྱ་བ་འདི་དཔྱད་པར་བྱའོ། །འོ་ན་ནི་ཡོད་དམ་མེད་ན་དེ་དག་དང་ལྷན་ཅིག་དེའི་ཕྱིར་རྒྱུ་སྨྲ་བ་རྣམས་རྒྱུ་དང་ལྡན་པའི་རྒྱུའི་མཚན་ཉིད་ནི་དེ་ཡིན་ནོ་ཞེས་ཟེར་རོ། །གང་ཞིག་ཡོད་དམ་མེད་ན་གང་ཞིག་ངེས་པར་ཡོད་དམ་མེད་པ་དེ་ནི་རྒྱུ་ཡིན་ཞིང་ཅིག་ཤོས་ནི་རྒྱུ་དང་ལྡན་པ་ཡིན་ལ། ལྷན་ཅིག་འབྱུང་བའི་ཆོས་རྣམས་

Vol. 140 · folio 88a

ཀྱང་གཅིག་ཡོད་ན་ཐམས་ཅད་ཡོད་ལ་གཅིག་མེད་ན་ཐམས་ཅད་མེད་པས་རྒྱུ་དེ་དང་འབྲས་བུའི་དངོས་པོ་རིགས་པ་ཡིན་ནོ། །རེ་ཞིག་ལྷན་ཅིག་འབྱུང་བ་རྣམས་ནི་རུང་ན་ཕན་ཚུན་དུ་གོ་ཇི་ལྟར་རུང་། དེ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ན་འོ་ན་ནི་རྒྱུར་བྱས་པའི་གཟུགས་མེད་ན་མི་འབྱུང་བ་ཕན་ཚུན་དང་འབྱུང་བ་རྣམས་

དང་ཡང་ལྷན་ཅིག་དེར་ཐལ་བར་འགྱུར་ལ། སེམས་ཀྱི་མཐུན་པའི་མཚན་ཉིད་ལ་སོགས་པ་ཡང་སེམས་ལ་སོགས་པ་དང་དེར་ཐལ་བར་འགྱུར་རོ། །འོ་ན་ནི་མྱུ་གུ་གསུམ་ཕན་ཚུན་སྟོབས་ཀྱིས་གནས་པ་བཞིན་དུ་ལྷན་ཅིག་འབྱུང་བ་རྣམས་རྒྱུ་དང་འབྲས་བུའི་དངོས་པོར་འགྲུབ་བོ། །རེ་

ཞིག་ཅི་འདི་དག་ལྷན་ཅིག་འབྱུང་བའི་སྟོབས་ཀྱིས་གནས་སམ། འོན་ཏེ་ཚོགས་པ་སྔ་མའི་དབང་གིས་དེ་ལྟར་འབྱུང་བ་ཞེས་བྱ་བ་འདི་དཔྱད་པར་བྱའོ། །དེ་ལ་གཞན་ཡང་སྲད་བུ་འམ་གཟེར་བུ་འམ་རྟེན་པར་བྱེད་པ་ས་ཡང་ཅུང་ཟད་ཡོད་དོ། །དེ་ལ་ཡང་སྐལ་བ་མཉམ་པའི་རྒྱུ་ལ་སོགས་

པ་གཞན་དག་ཀྱང་ཡོད་པས་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་གྲུབ་བོ། །སྐལ་བ་མཉམ་པའི་རྒྱུ་གང་ཞེ་ན། སྐལ་མཉམ་རྒྱུ་ནི་འདྲ་བའོ། །ཆོས་འདྲ་བ་རྣམས་ནི་ཆོས་འདྲ་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། འདི་ལྟ་སྟེ། དགེ་བའི་ཕུང་པོ་ལྔ་པོ་དག་ནི་ཕན་ཚུན་དགེ་བ་རྣམས་

ཀྱི་ཡིན་ནོ། །ཉོན་མོངས་པ་ཅན་རྣམས་ནི་ཉོན་མོངས་པ་ཅན་རྣམས་ཀྱི་ཡིན་ནོ། །ལུང་དུ་མ་བསྟན་པ་རྣམས་ནི་ལུང་དུ་མ་བསྟན་པ་རྣམས་ཀྱི་ཡིན་ནོ། །གཞན་དག་ན་རེ་ལུང་དུ་མ་བསྟན་པའི་གཟུགས་ནི་ལྔ་པོ་དག་གི་ཡིན་ལ། བཞི་ནི་གཟུགས་ཀྱི་མ་ཡིན་ཏེ། དམན་པ་

དང་སྟོབས་ཆུང་བའི་ཕྱིར་རོ་ཞེས་ཟེར་རོ། །ནུར་ནུར་པོ་ནི་ནུར་ནུར་པོ་ལ་སོགས་པ་གནས་སྐབས་བཅུ་པོ་དག་གི་ཡིན་ནོ། །མེར་མེར་པོ་ལ་སོགས་པ་ནི་རིས་མཐུན་པ་གཅིག་ལ་རེ་རེ་ཕྲི་ནས་མེར་མེར་པོ་ལ་སོགས་པའི་ཡིན་ནོ། །རྣམ་པ་མཐུན་པ་གཞན་དག་ཏུ་ནི་གནས་སྐབས་བཅུ་ཆར་

ཡང་བཅུ་པོ་དག་གི་ཡིན་ནོ། །ཕྱིའི་དག་ལ་ཡང་ནས་ནི་ནས་ཀྱི་ཡིན་ལ། སཱ་ལུ་ནི་སཱ་ལུའི་ཡིན་ནོ་ཞེས་བྱ་བ་རྒྱས་པར་སྦྱར་བར་བྱའོ། །གང་དག་གཟུགས་ཀྱི་སྐལ་བ་མཉམ་པའི་རྒྱུ་གཟུགས་ཡིན་པར་མི་འདོད་པ་དེ་དག་ལ་ནི་འདས་པའི་འབྱུང་བ་ཆེན་པོ་རྣམས་ནི་མ་འོངས་པའི་འབྱུང་

Vol. 140 · folio 88b

བ་ཆེན་པོ་རྣམས་ཀྱི་རྒྱུ་དང་བདག་པོ་ཡིན་ནོ་ཞེས་བྱ་བའི་གཞུང་འདི་འདོད་པ་ལ་གནོད་པར་གནས་སོ། །ཅི་འདྲ་བ་ཐམས་ཅད་འདྲ་བ་ཐམས་ཅད་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནམ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། རང་རིས་ས་པའོ། །འདི་དག་ལ་རང་གི་རིས་དང་ས་

ཡོད་པས་འདི་དག་ནི་རང་གི་རིས་དང་ས་པ་དག་གོ། །རིས་ནི་ལྔ་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་བསྒོམ་པས་སྤང་བར་བྱ་བའི་བར་རོ། །ས་ནི་དགུ་སྟེ། འདོད་པའི་ཁམས་དང་བསམ་གཏན་དང་གཟུགས་མེད་པ་བརྒྱད་དོ། །དེ་ལ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་

རྣམས་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་གྱི་གཞན་དག་གི་ནི་མ་ཡིན་ནོ། །དེ་བཞིན་དུ་བསྒོམ་པས་སྤང་བར་བྱ་བའི་བར་དུ་ཡང་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་ཡིན་ནོ། །དེ་དག་ཀྱང་འདོད་པ་ན་སྤྱོད་པ་རྣམས་ནི་ཡང་འདོད་པ་ན་སྤྱོད་པ་

རྣམས་ཀྱི་ཡིན་ལ། བསམ་གཏན་དང་པོའི་ས་པ་རྣམས་ཀྱང་བསམ་གཏན་དང་པོའི་ས་པའི་ཡིན་པ་ནས་སྲིད་པའི་རྩེ་མོའི་ས་པའི་བར་དག་ཀྱང་དེའི་ས་པའི་རྣམས་ཁོ་ནའི་ཡིན་གྱི་གཞན་དག་གི་ནི་མ་ཡིན་ནོ། །དེ་དག་ཀྱང་ཐམས་ཅད་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྔར་སྐྱེས་པ་རྣམས་ནི་

ཕྱི་མ་སྐྱེ་བ་དང་མ་སྐྱེས་པ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །མ་འོངས་པ་ཁོ་ན་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་འདི་དག་ལས་སྨྲས་པ། བསྟན་བཅོས་ལས་ཏེ། སྐལ་བ་མཉམ་པའི་རྒྱུ་གང་ཞེ་ན། དགེ་བའི་རྩ་བ་སྔར་བྱུང་བ་རྣམས་ནི་རང་གི་ཁམས་ན་དགེ་བའི་རྩ་བ་

ཕྱིས་འབྱུང་བ་རྣམས་དང་། དེ་དག་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུས་རྒྱུ་ཡིན་ནོ། །དེ་ལྟར་ན་འདས་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་ཡིན་ནོ། །འདས་པ་དང་ད་ལྟར་བྱུང་བ་རྣམས་ནི་མ་འོངས་པ་རྣམས་ཀྱི་ཡིན་ནོ་ཞེས་བརྗོད་པར་བྱའོ་ཞེས་འབྱུང་ངོ་། །ཆོས་

གང་ཆོས་གང་གི་རྒྱུའི་ཡིན་པའི་ཆོས་དེ་རེས་འགའ་ཞིག་ཆོས་དེའི་རྒྱུ་མ་ཡིན་པ་ཡིན་ནམ་ཞེ་ན་སྨྲས་པ། ནམ་ཡང་མ་ཡིན་ནོ་ཞེས་འབྱུང་བ་འདི་ཡང་བསྟན་བཅོས་ཡིན་ནོ། །ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་དང་རྣམ་པར་སྨིན་པའི་རྒྱུ་ལས་དགོངས་ནས་གསུངས་པའི་ཕྱིར་དེ་ནི་ཉེས་པ་མེད་

Vol. 140 · folio 89a

དོ། །གང་ཞིག་ཆོས་མ་འོངས་པ་དེ་ཡང་སྐྱེ་བའི་ཚེའི་གནས་སྐབས་ན་སྐལ་བ་མཉམ་པའི་རྒྱུ་ཉིད་དུ་ངེས་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་ཐ་མའི་གནས་སྐབས་དེ་ལས་དགོངས་ནས་ནམ་ཡང་རྒྱུ་མ་ཡིན་པ་མ་ཡིན་ནོ་ཞེས་གསུངས་སོ་སྙམ་དུ་སེམས་པ་དེ་ནི་དེའི་

ལན་དུ་མི་རུང་སྟེ། འདི་ལྟར་ཆོས་དེ་སྐྱེ་བའི་གནས་སྐབས་ཀྱི་སྔོན་རོལ་ནས་སྐལ་བ་མཉམ་པའི་རྒྱུ་མ་ཡིན་པ་ལས་ཕྱིས་ཡིན་པས་སོ། །ཆོས་གང་ཞིག་ཆོས་གང་གི་མཚུངས་པ་དེ་མ་ཐག་པ་ཡིན་པའི་ཆོས་དེ་རེས་འགའ་ཞིག་ཆོས་དེའི་མཚུངས་པ་དེ་མ་ཐག་པ་མ་ཡིན་ནམ་ཞེས་བྱ་བ་འདྲི་བ་

འདི་ཡང་ཡོངས་སུ་རྟོགས་པ་འདིས་རེས་འགའ་ཡང་མ་ཡིན་ནོ་ཞེས་བརྗོད་པར་ནུས་ན་ཅིའི་ཕྱིར་འདི་སྐད་དུ་གལ་ཏེ་ཆོས་དེ་མ་སྐྱེས་པར་གྱུར་ནའོ་ཞེས་གསུངས། དེར་ཇི་ལྟ་བ་དེ་བཞིན་འདིར་ཡང་བརྗོད་པར་བྱ་ལ། འདིར་ཇི་ལྟ་བ་དེ་བཞིན་དེར་ཡང་བརྗོད་པར་བྱའོ་ཞེས་སྒོ་གཉིས་སུ་བསྟན་

པར་བྱ་བའི་བར་རོ། །དེ་ལྟ་ཡིན་ན་ཡོན་ཏན་ཅི་ཞིག་འཐོབ་པར་འགྱུར་ཏེ། དེ་ལྟ་ན་འདིར་བསྟན་བཅོས་བྱེད་པ་མི་མཁས་པ་ཁོ་ནར་ཡིད་ཆེས་པར་འགྱུར་རོ། །དེ་ལྟ་བས་ན་འདིར་ལན་སྔ་མ་ཁོ་ན་ལེགས་པ་ཡིན་ནོ། །འོ་ན་གང་འདི་སྐད་དུ་འཇིག་ཚོགས་ལ་ལྟ་བ་མ་འོངས་པ་དང་། དེ་

དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་དེ་ལས་གཞན་པའི་སྡུག་བསྔལ་གྱི་བདེན་པ་གང་ཡིན་པ་དེ་ནི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ལས་བྱུང་བ་ནི་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ནི་མ་ཡིན་ནོ། །མ་གཏོགས་པ་གང་ཡིན་པ་དེ་ནི་འཇིག་ཚོགས་ལ་ལྟ་བའི་རྒྱུ་

ལས་བྱུང་བ་ཡང་ཡིན་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་ནོ་ཞེས་གསུངས་སོ་ཞེ་ན། དེ་ནི་འདི་སྐད་དུ་འཇིག་ཚོགས་ལ་ལྟ་བ་མ་འོངས་པ་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་ཞེས་བརྗོད་པར་བྱ་བའམ། ཡང་ན་དོན་གྱིས་ན་དེ་ལྟར་གོ་བར་བྱའོ། །འོ་ན་

བཏགས་པའི་བཤད་པ་ཆོས་ཐམས་ཅད་ནི་བཞི་ཚན་དུ་ངེས་པ་ཡིན་ཏེ། རྒྱུ་དང་འབྲས་བུ་དང་། རྟེན་དང་དམིགས་པར་ངེས་སོ་ཞེས་བྱ་བ་འདི་ཇི་ལྟར་དང་། འདིར་རྒྱུ་ནི་མཚུངས་པར་ལྡན་པའི་རྒྱུ་དང་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ། །འབྲས་བུ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་དང་། བདག་

Vol. 140 · folio 89b

པོའི་འབྲས་བུ་ཡིན་ནོ། །རྟེན་ནི་མིག་ལ་སོགས་པའོ། །དམིགས་པ་ནི་གཟུགས་ལ་སོགས་པ་ཡིན་ནོ་ཞེས་བྱ་བར་བལྟ་བར་བྱའོ། །དེ་ལྟ་ན་སྐལ་བ་མཉམ་པའི་རྒྱུ་མ་ཡིན་པ་ལས་རྒྱུ་ཡིན་པར་འགྱུར་བ་མ་ཡིན་ནམ། གནས་སྐབས་ནི་འདོད་པ་ཁོ་ན་ཡིན་གྱི་རྫས་ལ་ནི་མ་ཡིན་ཏེ། ཚོགས་

པ་ནི་གནས་སྐབས་ཀྱི་འབྲས་བུ་ཅན་ཡིན་གྱི། རྫས་ཀྱི་འབྲས་བུ་ཅན་ནི་མ་ཡིན་ནོ། །གལ་ཏེ་རྣམ་པར་སྨིན་པའི་རྒྱུ་བཞིན་དུ་སྐལ་བ་མཉམ་པའི་རྒྱུ་ཡང་མ་འོངས་པ་ཡིན་ན་ཅིར་འགྱུར་ཞེ་ན། བསྟན་བཅོས་ལས་དེ་སྨོས་པར་འགྱུར་རོ། །འབྲས་བུ་འབྱིན་པ་དང་འཛིན་པར་བྱེད་ནུས་པ་གང་

ཡིན་པ་དེ་ཁོ་ན་སྨོས་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། སྐལ་བ་མཉམ་པའི་རྒྱུ་ནི་རྒྱུ་མཐུན་པའི་འབྲས་བུས་འབྲས་བུ་དང་བཅས་པ་ཡིན་ན་དེ་ཡང་མ་འོངས་པ་ལ་རིགས་པ་མ་ཡིན་ཏེ། སྔ་ཕྱི་མེད་པའི་ཕྱིར་རོ། །བྱུང་ཟིན་པ་ཡང་མ་འོངས་པའི་རྒྱུ་མཐུན་པར་མི་རུང་སྟེ། དཔེར་

ན་ད་ལྟའི་འདས་པ་བཞིན་ནོ། །རྒྱུ་བས་འབྲས་བུ་སྔ་ན་མི་རུང་བས་སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་ནི་མེད་དོ། །དེ་ལྟ་ན་རྣམ་པར་སྨིན་པའི་རྒྱུ་ཡང་མ་འོངས་པ་ཡིན་པར་མི་འགྱུར་ཏེ། རྣམ་པར་སྨིན་པའི་འབྲས་བུ་སྔ་བ་དང་ལྷན་ཅིག་པ་མི་རུང་བའི་ཕྱིར་ལ། མ་འོངས་པའི་དུས་

ལ་ཡང་སྔ་ཕྱི་མེད་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། སྐལ་བ་མཉམ་པའི་རྒྱུ་ནི་སྔ་ཕྱི་མེད་པར་འདྲ་བའི་སྐལ་བ་མཉམ་པའི་རྒྱུ་འདྲ་བ་ཡིན་པས་ཕན་ཚུན་དུ་རྒྱུར་གྱུར་པའི་ཕྱིར་ཕན་ཚུན་རྒྱུ་མཐུན་པ་ཉིད་དུ་ཐལ་བར་འགྱུར་ཏེ། ཕན་ཚུན་རྒྱུ་མཐུན་པ་ཉིད་དུ་ནི་རིགས་པ་དང་ལྡན་པ་མ་

ཡིན་ནོ། །རྣམ་པར་སྨིན་པའི་རྒྱུ་ནི་སྔ་ཕྱི་མེད་བཞིན་དུ་ཡང་དེ་ལྟར་ཕན་ཚུན་འབྲས་བུ་ཉིད་དུ་ཐལ་བར་མི་འགྱུར་ཏེ། རྒྱུ་དང་འབྲས་བུ་དག་མཚན་ཉིད་ཐ་དད་པའི་ཕྱིར་རོ། །དེ་ལྟ་བས་ན་སྐལ་བ་མཉམ་པའི་རྒྱུ་ནི་གནས་སྐབས་ལས་རྣམ་པར་གནས་པ་ཁོ་ན་ཡིན་ལ། རྣམ་པར་སྨིན་

པའི་རྒྱུ་ནི་མཚན་ཉིད་ལས་རྣམ་པར་གནས་པ་ཡིན་པས་མ་འོངས་པ་ཡང་མི་བཟློག་གོ། །སྐལ་བ་མཉམ་པའི་རྒྱུ་ནི་རང་གི་ས་པ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་ཅི་དེ་ལྟར་ངེས་སམ་ཞེ་ན། དེ་ཟག་པ་དང་བཅས་པ་ལ་ནི་ངེས་སོ། །ས་དགུའི་ལམ་ནི་ཕན་ཚུན་དུ། །སྐལ་བ་མཉམ་

Vol. 140 · folio 90a

པའི་རྒྱུ་ཡིན་ནོ། །ཞེས་བྱ་བར་སྐབས་དང་སྦྱར་ཏེ། མི་ལྕོགས་པ་མེད་པ་དང་བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་བཞི་དང་། གཟུགས་མེད་པ་གསུམ་དག་གི་ལམ་གྱི་བདེན་པ་ནི་ཕན་ཚུན་དུ་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་

ནི་ས་དེ་དག་ཏུ་གློ་བུར་དུ་འོངས་པ་ཡིན་ལ། ས་དེ་པ་དག་གིས་བདག་གིར་མ་བྱས་པའི་ཕྱིར་ཁམས་དེ་དག་ཏུ་གཏོགས་པ་མ་ཡིན་ཏེ། དེ་བས་ན་ས་གཞན་པའི་རིགས་མཐུན་པའི་སྐལ་བ་མཉམ་པའི་རྒྱུ་ཡང་ཡིན་ནོ། །དེ་ཡང་། མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཆུང་ངུའི་རྒྱུ་ནི་མ་ཡིན་ཏེ། །འདི་ལྟ་སྟེ།

སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་དེ་ཉིད་མ་འོངས་པ་དང་མི་སྐྱེ་བ་ཤེས་པའི་ཁྱད་པར་ཅན་གྱི་རྒྱུ་ཡང་ཡིན་ནོ། །མི་སྐྱེ་བ་ཤེས་པ་ནི་ཁྱད་པར་ཅན་གཞན་མེད་པའི་ཕྱིར་མི་སྐྱེ་བ་ཤེས་པ་ཁོ་ནའི་ཡིན་ནོ། །མཐོང་བ་དང་བསྒོམ་པ་དང་མི་སློབ་པའི་ལམ་རྣམས་ནི་གསུམ་དང་གཉིས་དང་གཅིག་དག་གི་ཡིན་ནོ། །དེ་ལ་ཡང་

དབང་པོ་རྟུལ་པོའི་ལམ་ནི་དབང་པོ་རྟུལ་པོ་དང་རྣོན་པོའི་ལམ་གྱི་རྒྱུ་ཡིན་ལ། དབང་པོ་རྣོན་པོའི་ལམ་ནི་དབང་པོ་རྣོན་པོའི་ལམ་ཁོ་ན་ཡིན་ཏེ། འདི་ལྟ་སྟེ་དད་པས་རྗེས་སུ་འབྲང་བ་དང་དད་པས་མོས་པ་དང་དུས་ཀྱིས་རྣམ་པར་གྲོལ་བའི་ལམ་རྣམས་ནི་དྲུག་དང་བཞི་དང་གཉིས་དག་གི་ཡིན་ནོ། །ཆོས་ཀྱིས་

རྗེས་སུ་འབྲང་བ་དང་མཐོང་བས་ཐོབ་པ་དང་། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་རྣམས་ནི་གསུམ་དང་གཉིས་དང་གཅིག་གི་ཡིན་ནོ། །ཡང་ཇི་ལྟར་ས་གོང་མ་པས་འོག་མ་པའི་ལམ་དང་མཉམ་བའམ་ཁྱད་པར་ཅན་ཡིན་ཞེ་ན། དབང་པོ་དང་རྒྱུས་རྒྱས་པར་བྱས་པའི་སྒོ་ནས་ཏེ། དེ་ལ་

རྒྱུས་ཤིན་ཏུ་རྒྱས་པར་བྱས་པ་ནི་མཐོང་བའི་ལམ་ལ་སོགས་པ་དང་། ཆུང་ངུའི་ཆུང་ངུ་ལ་སོགས་པ་གོང་ནས་གོང་དུའོ། །རྒྱུད་གཅིག་ལ་དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱིས་རྗེས་སུ་འབྲང་བའི་ལམ་དག་མི་སྲིད་མོད་ཀྱི་འབྱུང་བ་ནི་མ་འོངས་པའི་རྒྱུ་ཡིན་ནོ། །ཅི་ལམ་ཁོ་ན་མཉམ་པ་དང་

ཁྱད་པར་ཅན་དག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ནམ་ཞེ་ན་སྨྲས་པ་མ་ཡིན་ཏེ། འཇིག་རྟེན་པ་དག་ཀྱང་། སྦྱོར་བྱུང་དེ་གཉིས་ཁོ་ནའི་ཡིན། །མཉམ་པ་དང་ཁྱད་པར་ཅན་དག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་གྱི་དམན་པའི་ནི་མ་ཡིན་ནོ། །དཔེར་ཇི་ལྟ་བུ་ཞེ་ན་སྨྲས་པ། ཐོས་དང་བསམས་བྱུང་ལ་སོགས་

Vol. 140 · folio 90b

པའང་། །ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བ་སྦྱོར་བ་ལས་འབྱུང་བའི་ཡོན་ཏན་དེ་དག་ཀྱང་ཉམས་པ་དང་ཁྱད་པར་ཅན་དག་ཁོ་ནའི་རྒྱུ་ཡིན་གྱི་དམན་པ་རྣམས་ཀྱི་ནི་མ་ཡིན་ཏེ། འདི་ལྟ་སྟེ། འདོད་པ་ན་སྤྱོད་པའི་ཐོས་པ་ལས་བྱུང་བ་རྣམས་ནི་ཐོས་པ་ལས་བྱུང་བ་དང་བསམས་པ་ལས་བྱུང་

བ་རྣམས་ཀྱི་ཡིན་ནོ། །བསམས་པ་ལས་བྱུང་བ་རྣམས་ནི་བསམས་པ་ལས་བྱུང་བ་རྣམས་ཀྱི་ཡིན་ཏེ། བསྒོམས་པ་ལས་བྱུང་བ་ནི་མེད་པའི་ཕྱིར་རོ། །གཟུགས་ན་སྤྱོད་པའི་ཐོས་པ་ལས་བྱུང་བ་རྣམས་ནི་ཐོས་པ་ལས་བྱུང་བ་དང་བསྒོམས་པ་ལས་བྱུང་བ་རྣམས་ཀྱི་ཡིན་ཏེ། བསམས་

པ་ལས་བྱུང་བ་ནི་མེད་པའི་ཕྱིར་རོ། །བསྒོམས་པ་ལས་བྱུང་བ་རྣམས་ནི་བསྒོམས་པ་ལས་བྱུང་བ་རྣམས་ཁོ་ནའི་ཡིན་ནོ། །དེ་དག་ཀྱང་རྣམ་པ་དགུ་ཐ་དད་པའི་ཕྱིར་ཆུང་ངུའི་ཆུང་ངུ་དག་ནི་ཐམས་ཅད་ཀྱི་ཡིན་ལ། ཆུང་ངུའི་འབྲིང་པོ་དག་ནི་བརྒྱད་ཀྱི་ཡིན་ཏེ། ལུགས་ནི་དེ་ལྟ་བུའོ། །སྐྱེས་

ནས་ཐོབ་པ་ཅན་གྱི་དགེ་བའི་ཆོས་རྣམས་ནི་རྣམ་པ་དགུ་པོ་ཐམས་ཅད་ཕན་ཚུན་དུ་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། ཉོན་མོངས་པ་ཅན་རྣམས་ཀྱང་དེ་དང་འདྲའོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ནི་རྣམ་པ་བཞི་སྟེ། རྣམ་པར་སྨིན་པ་ལས་སྐྱེས་པ་དང་། སྤྱོད་ལམ་

པ་འམ། བཟོའི་གནས་པ་དང་། སྤྲུལ་པའི་སེམས་ལྷན་ཅིག་སྐྱེས་པ་རྣམས་ཏེ། དེ་དག་ནི་གོ་རིམས་བཞིན་དུ་བཞི་དང་། གསུམ་དང་། གཉིས་དང་། གཅིག་དག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །སྤྲུལ་པའི་སེམས་བསམ་གཏན་བཞིའི་འབྲས་བུ་འདོད་པ་ན་སྤྱོད་པ་ཡང་

ཡིན་ཏེ། དེ་ལ་བསམ་གཏན་གོང་མའི་འབྲས་བུ་ནི་བསམ་གཏན་འོག་མའི་འབྲས་བུ་ནི་མ་ཡིན་ནོ། །འབད་པ་འབྲས་བུ་མེད་པར་འགྱུར་དུ་འོང་བའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་མངོན་པར་འདུ་བྱེད་པ་ཅན་གྱི་འབྲས་བུ་ནི་དམན་པ་མ་ཡིན་ཏེ། དཔེར་ན་སཱ་ལུ་དང་ནས་ལ་སོགས་པའི་

ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་ཟག་པ་མེད་པ་སྐྱེས་པ་ཟག་པ་མེད་པ་མ་སྐྱེས་པའི་རྒྱུ་མ་ཡིན་པ་ཡོད་དམ་ཞེ་ན་ཡོད་དེ། དཔེར་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་མ་སྐྱེས་པ་རྣམས་ཀྱི་ལྟ་བུ་དང་། ཁྱད་པར་ཅན་ཐམས་ཅད་དམན་པའི་ལྟ་བུའོ། །རྒྱུད་གཅིག་ལ་ངེས་པའི་ཟག་པ་མེད་པའི་

Vol. 140 · folio 91a

ཆོས་སྔོན་ཐོབ་པ་ཕྱིས་སྐྱེས་པའི་རྒྱུ་མ་ཡིན་པ་ཡོད་དམ་ཞེ་ན། ཡོད་དེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་མ་འོངས་པ་དག་སྡུག་བསྔལ་ལ་ཆོས་ཤེས་པའི་ལྟ་བུའོ། །འདི་ལྟར་འབྲས་བུ་སྔ་མའམ། སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་ནི་མེད་དོ། །ཟག་པ་

མེད་པའི་ཆོས་སྔར་སྐྱེས་པ་རྣམས་ཟག་པ་མེད་པའི་ཆོས་ཕྱིས་སྐྱེ་བའི་རྒྱུ་མ་ཡིན་པ་ཡོད་དམ་ཞེ་ན་ཡོད་དེ། ཆེན་པོ་ཆུང་ངུའི་ལྟ་བུ་སྟེ། འདི་ལྟ་སྟེ། འབྲས་བུ་གོང་མ་ལས་ཡོངས་སུ་ཉམས་པ་འབྲས་བུ་འོག་མ་མངོན་དུ་བྱེད་པའི་ཚེ་དང་སྡུག་བསྔལ་ལ་ཆོས་ཤེས་པའི་ཐོབ་པ་སྐད་ཅིག་མ་ཕྱི་

མ་དང་ལྷན་ཅིག་སྐྱེས་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཐོབ་པ་རྣམས་ཀྱི་ལྟ་བུ་སྟེ། དམན་པའི་ཕྱིར་རོ་ཞེས་གསུངས་སོ། །སྐལ་བ་མཉམ་པའི་རྒྱུ་བཤད་ཟིན་ཏོ། །མཚུངས་ལྡན་རྒྱུ་ནི་སེམས་དག་དང་། །སེམས་བྱུང་། དེ་ལྟ་ན་ནི་དུས་དང་རྒྱུད་ཐ་དད་པ་ལས་སྐྱེས་པ་

རྣམས་ཕན་ཚུན་དུ་མཚུངས་པར་ལྡན་པའི་རྒྱུ་ཉིད་དུ་ཐལ་བར་འགྱུར་རོ། །འོ་ན་ནི་རྣམ་པ་དང་དམིགས་པ་གཅིག་ལ་དག་པ་ཡིན་ནོ། །དེ་ལྟ་ན་ཡང་དེ་ཉིད་དུ་ཐལ་བར་འགྱུར་རོ། །འོ་ན་ནི་དུས་གཅིག་པ་དག་ཡིན་ནོ། །དེ་ལྟ་ན་ཟླ་བ་ཚེས་པ་ལ་སོགས་པ་ལ་ལྟ་བའི་ལྟ་བུར་རྒྱུད་ཐ་དད་

པ་ལས་སྐྱེས་པ་རྣམས་ལ་ཡང་ཐལ་བར་འགྱུར་ཏེ། དེ་ལྟ་བས་ན་རྟེན་མཚུངས་པ་ཅན་རྣམས་སོ། །གང་དག་ལ་རྟེན་མཚུངས་པ་ཡོད་པའི་སེམས་དང་སེམས་ལས་བྱུང་བ་དེ་དག་ནི་ཕན་ཚུན་དུ་མཚུངས་པར་ལྡན་པའི་རྒྱུ་ཡིན་ནོ། །མཚུངས་པ་ཞེས་བྱ་བ་ནི་ཐ་མི་དད་པ་སྟེ། འདི་

ལྟ་སྟེ། མིག་གི་རྣམ་པར་ཤེས་པའི་རྟེན་མིག་གི་དབང་པོའི་སྐད་ཅིག་མ་གང་ཡིན་པ་དེ་ཉིད་དེ་དང་མཚུངས་པར་ལྡན་པ་ཚོར་བ་ལ་སོགས་པ་རྣམས་ཀྱི་ཡང་ཡིན་པ་ལྟ་བུ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་དང་དེ་དང་མཚུངས་པར་ལྡན་པ་རྣམས་ཀྱི་ཡིད་ཀྱི་སྐད་ཅིག་མ་ཡིན་པའི་བར་དུ་ཡང་དེ་

བཞིན་དུ་རིག་པར་བྱའོ། །མཚུངས་པར་ལྡན་པའི་རྒྱུ་གང་ཡིན་པ་དེ་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡང་ཡིན་ནོ། །ཡང་དོན་གང་གིས་ན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན། གང་གིས་ན་མཚུངས་པར་ལྡན་པའི་རྒྱུ་གང་ཡིན་ཞེ་ན། ཕན་ཚུན་འབྲས་བུའི་དོན་གྱིས་ན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ཏེ།

Vol. 140 · folio 91b

འདྲོན་པ་རྣམས་ཕན་ཚུན་གྱི་སྟོབས་ཀྱིས་ལྷན་ཅིག་ལམ་དུ་འགྲོ་བ་ཡིན་ནོ། །མཚུངས་པ་ལྔས་མཚུངས་པར་ལྡན་པའི་དོན་གྱིས་ན་མཚུངས་པར་ལྡན་པའི་རྒྱུ་ཡིན་ཏེ། འདྲོན་པ་དེ་དག་ཉིད་ཟས་ལ་སོགས་པ་ཡོངས་སུ་ལོངས་སྤྱོད་པའི་བྱ་བ་ལ་འདྲ་བར་སྦྱོར་བ་བཞིན་ནོ། །གཅིག་མེད་ན་ཡང་

ཐམས་ཅད་མཚུངས་པར་མི་ལྡན་པས་འདི་ནི་དེ་དག་གི་རྒྱུའི་དངོས་པོ་ཡིན་ནོ། །ཀུན་ཏུ་འགྲོ་བའི་རྒྱུ་གང་ཞེ་ན། ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རྣམས་ཀྱི་རང་སར་ཀུན་འགྲོ་ལྔ། །རང་གི་ས་པའི་ཀུན་ཏུ་འགྲོ་བའི་ཆོས་སྔར་སྐྱེས་པ་རྣམས་ནི་ཉོན་མོངས་པ་ཅན་གྱི་ཆོས། ཕྱི་མ་རྣམས་ཀྱི་ཀུན་ཏུ་འགྲོ་

བའི་རྒྱུ་ཡིན་ནོ། །དེ་དག་ཀྱང་འོག་ནས་ཕྲ་རྒྱས་བསྟན་པའི་མཛོད་ཀྱི་གནས་ཉིད་ནས་བཤད་པར་བྱའོ། །འདི་ནི་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ཐུན་མོང་གི་རྒྱུ་ཉིད་ཡིན་པས་ན་སྐལ་བ་མཉམ་པའི་རྒྱུ་ལས་ལོགས་ཤིག་ཏུ་རྣམ་པར་གཞག་གོ། །རིས་གཞན་དག་གི་ཡང་རྒྱུ་ཡིན་པའི་ཕྱིར་ཏེ། དེ་དག་གི་

མཐུས་ནི་རིས་གཞན་པའི་ཉོན་མོངས་པ་དག་ཀྱང་སྐྱེ་བར་འགྱུར་རོ། །ཅི་འཕགས་པའི་གང་ཟག་གི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱང་ཀུན་ཏུ་འགྲོ་བའི་རྒྱུ་ལས་བྱུང་བ་དག་ཡིན་ནམ་ཞེ་ན། ཁ་ཆེ་བ་རྣམས་ན་རེ་ཉོན་མོངས་པ་ཅན་གྱི་ཆོས་ཐམས་ཅད་ཀྱང་མཐོང་བས་སྤང་བར་བྱ་བའི་

རྒྱུ་ལས་བྱུང་བ་དག་ཡིན་ཏེ། འདི་ལྟར་རབ་ཏུ་བྱེད་པ་དག་ལས་མཐོང་བས་སྤང་བར་བྱ་བའི་རྒྱུ་ལས་བྱུང་བའི་ཆོས་རྣམས་གང་ཞེ་ན། ཉོན་མོངས་པ་ཅན་གྱི་ཆོས་རྣམས་དང་། མཐོང་བས་སྤང་བར་བྱ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་གང་ཡིན་པའོ་ཞེས་བྱ་བ་དང་། ལུང་དུ་མ་བསྟན་པའི་

རྒྱུ་ལས་བྱུང་བའི་ཆོས་རྣམས་གང་ཞེ་ན། ལུང་དུ་མ་བསྟན་པའི་ཆོས་འདུས་བྱས་རྣམས་དང་། མི་དགེ་བ་རྣམས་སོ་ཞེས་བྱ་བ་དང་། སྡུག་བསྔལ་གྱི་བདེན་པ་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་པ་འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ཡང་ཡོད་དེ་ཞེས་བྱ་བ་ནས་རྒྱས་པར་འཇིག་ཚོགས་ལ་

ལྟ་བ་དང་། ཆོས་དེ་དག་གི་སྐྱེ་བ་དང་རྒ་བ་དང་གནས་པ་དང་། མི་རྟག་པ་ཉིད་དག་མ་གཏོགས་པ་དེ་དག་ལས་གཞན་པ་སྡུག་བསྔལ་གྱི་བདེན་པ་ཉོན་མོངས་པ་ཅན་གང་ཡིན་པའོ་ཞེས་བྱ་བའི་བར་དུ་གསུངས་སོ་ཞེས་ཟེར་རོ། །འོ་ན་བཏགས་པའི་བཤད་པ་མི་དགེ་བའི་ཆོས་མི་དགེ་བའི་རྒྱུ་ཅན་ཁོ་

Vol. 140 · folio 92a

ན་ཡིན་པ་ཡོད་དམ་ཞེ་ན། ཡོད་དེ། འཕགས་པའི་གང་ཟག་འདོད་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་དེ་ལས་དང་པོར་ཉོན་མོངས་པ་ཅན་གྱི་སེམས་པ་མངོན་དུ་བྱེད་པ་གང་ཡིན་པའོ་ཞེས་གསུངས་པ་འདི་ཇི་ལྟར་དྲང་ཞེ་ན། དེ་ནི་རྒྱུ་མ་སྤངས་པ་ལས་

དགོངས་ནས་གསུངས་པ་ཡིན་གྱི་དེའི་རྒྱུ་མཐོང་བས་སྤང་བར་བྱ་བ་ནི་སྤངས་ཟིན་པའི་ཕྱིར་མ་གསུངས་སོ། །ཀུན་ཏུ་འགྲོ་བའི་རྒྱུ་བཤད་ཟིན་ཏོ། །རྣམ་པར་སྨིན་པའི་རྒྱུ་གང་ཞེ་ན། རྣམ་སྨིན་རྒྱུ་ནི་མི་དགེ་དང་། །དགེ་བ་ཟག་བཅས་རྣམས་ཁོ་ན། །མི་དགེ་བ་རྣམས་དང་། དགེ་བའི་

ཆོས་ཟག་པ་དང་བཅས་པ་རྣམས་ནི་རྣམ་པར་སྨིན་པའི་རྒྱུ་ཡིན་ཏེ། རྣམ་པར་སྨིན་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ལུང་དུ་མ་བསྟན་པའི་ཆོས་རྣམས་རྣམ་པར་སྨིན་པ་འགྲུབ་པར་མི་བྱེད་ཅེ་ན། སྟོབས་ཆུང་བའི་ཕྱིར་ཏེ་ས་བོན་རུལ་བ་བཞིན་ནོ། །ཅིའི་ཕྱིར་ཟག་པ་མེད་པ་རྣམས་

མ་ཡིན་ཞེ་ན། སྲེད་པས་མངོན་པར་མ་བརླན་པའི་ཕྱིར་ཏེ། མངོན་པར་མ་བརླན་པའི་ས་བོན་གྲུང་པོ་བཞིན་ནོ། །ལྡན་པ་མ་ཡིན་པ་རྣམས་གང་དང་ལྡན་པའི་རྣམ་པར་སྨིན་པ་ཞིག་མངོན་པར་འགྲུབ་པར་བྱེད་པར་འགྱུར། ལྷག་མ་རྣམས་ནི་རྣམ་པ་གཉི་ག་ཡིན་པའི་ཕྱིར་འགྲུབ་པར་

བྱེད་དེ་ས་བོན་གྲུང་པོ་མངོན་པར་བརླན་པ་བཞིན་ཏེ། འདི་ཇི་ལྟར་ཤེས་པར་བྱ། རྣམ་པར་སྨིན་པའི་རྒྱུ་ཞིག་རྣམ་པར་སྨིན་པའི་རྒྱུ་ཡིན་ནམ། འོན་ཏེ་རྣམ་པར་སྨིན་པ་ཉིད་རྒྱུ་ཡིན་པས་རྣམ་པར་སྨིན་པའི་རྒྱུ་ཡིན། དེས་ན་ཅིར་འགྱུར། གལ་ཏེ་རྣམ་པར་སྨིན་པའི་རྒྱུ་ཞིག་རྣམ་པར་སྨིན་

པའི་རྒྱུ་ཡིན་ན་ནི་མིག་གི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་དེར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ལས་ལས་སྐྱེས་པའི་ཕྱིར་ལ་ལས་ཀྱང་རྣམ་པར་སྨིན་པའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །འོན་ཏེ་རྣམ་པར་སྨིན་པ་ཉིད་རྒྱུ་ཡིན་པས་རྣམ་པར་སྨིན་པའི་རྒྱུ་ཡིན་ན་ནི་ལས་

ཀྱི་རྣམ་པར་སྨིན་པ་ཞེས་བྱ་བ་དེར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྣམ་པར་སྨིན་པ་ནི་རྒྱུ་ཡིན་པའི་ཕྱིར་ལ་རྣམ་པར་སྨིན་པ་ཡང་ལས་ཀྱི་རང་བཞིན་མ་ཡིན་པའི་ཕྱིར་རོ། །གཉི་ག་ལྟར་ཡང་རུང་ངོ་ཞེས་སྔར་བཤད་ཟིན་ཏོ། །ཡང་རྣམ་པར་སྨིན་པ་ཞེས་བྱ་བའི་དོན་ཅི་ཞེ་ན། མི་འདྲ་བར་

Vol. 140 · folio 92b

སྨིན་པ་ནི་རྣམ་པར་སྨིན་པའོ། །འདོད་པའི་ཁམས་ན་རྣམ་པར་སྨིན་པའི་རྒྱུ་ཕུང་པོ་གཅིག་ལ་འབྲས་བུ་གཅིག་པ་ཅན་ནི་ཐོབ་པ་རྣམས་དང་དེ་དག་གི་སྐྱེ་བ་ལ་སོགས་པའོ། །ཕུང་པོ་གཉིས་པ་ལ་འབྲས་བུ་གཅིག་པ་ཅན་ནི་ལུས་དང་ངག་གི་ལས་དང་དེ་དག་གི་སྐྱེ་བ་ལ་སོགས་པའོ། །ཕུང་

པོ་བཞི་ལས་འབྲས་བུ་གཅིག་པ་ཅན་ནི་སེམས་དང་སེམས་ལས་བྱུང་བ་དགེ་བ་དང་མི་དགེ་བ་སྐྱེ་བ་ལ་སོགས་པ་དང་བཅས་པ་དག་གོ། །གཟུགས་ཀྱི་ཁམས་ན་རྣམ་པར་སྨིན་པའི་རྒྱུ་ཕུང་པོ་གཅིག་ལ་རྣམ་པར་སྨིན་པ་གཅིག་པ་ཅན་ནི་ཐོབ་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་

པ་སྐྱེ་བ་ལ་སོགས་པ་དང་བཅས་པའོ། །ཕུང་པོ་གཉིས་པ་ནི་བསམ་གཏན་དང་པོའི་རྣམ་པར་རིག་བྱེད་སྐྱེ་བ་ལ་སོགས་པ་དང་བཅས་པའོ། །ཕུང་པོ་བཞི་པ་ནི་དགེ་བའི་སེམས་མཉམ་པར་མ་བཞག་པ་ནའོ། །ཕུང་པོ་ལྔ་པ་ནི་མཉམ་པར་བཞག་པ་ནའོ། །གཟུགས་མེད་པའི་ཁམས་

ན་རྣམ་པར་སྨིན་པའི་རྒྱུས་ཕུང་པོ་གཅིག་ལ་འབྲས་བུ་གཅིག་པ་ཅན་ནི་ཐོབ་པ་དང་འགོག་པའི་སྙོམས་པར་འཇུག་པ་སྐྱེ་བ་ལ་སོགས་པ་དང་བཅས་པའོ། །ཕུང་པོ་བཞི་པ་ནི་སེམས་དང་སེམས་ལས་བྱུང་བ་དགེ་བ་རྣམས་དང་དེ་དག་གི་སྐྱེ་བ་ལ་སོགས་པའོ། །གང་གི་རྣམ་པར་སྨིན་པ་ཆོས་

ཀྱི་སྐྱེ་མཆེད་གཅིག་ཁོ་ན་རྣམ་པར་སྨིན་པར་འགྱུར་བའི་ལས་ཀྱང་ཡོད་དེ། གང་གི་སྲོག་གི་དབང་པོ་ཡིན་པའོ། །གང་གི་ཡིད་ཀྱི་སྐྱེ་མཆེད་ཡིན་པ་དེའི་ནི་གཉིས་ཏེ། ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་གོ། །གང་གི་རེག་བྱའི་སྐྱེ་མཆེད་ཡིན་པ་ཡང་དེ་དང་འདྲའོ། །གང་གི་ལུས་ཀྱི་སྐྱེ་

མཆེད་ཡིན་པ་དེའི་ནི་གསུམ་སྟེ། ལུས་དང་རེག་བྱ་དང་། ཆོས་ཀྱི་སྐྱེ་མཆེད་དག་གོ། །གང་གི་གཟུགས་དང་དྲི་དང་རོའི་སྐྱེ་མཆེད་དག་ཡིན་པ་ཡང་དེ་དང་འདྲའོ། །གང་གི་མིག་གི་སྐྱེ་མཆེད་ཡིན་པ་དེའི་ནི་བཞི་སྟེ། མིག་དང་ལུས་དང་རེག་བྱ་དང་ཆོས་ཀྱི་སྐྱེ་མཆེད་རྣམས་སོ། །གང་གི་རྣ་བ་

དང་། སྣ་དང་། ལྕེའི་སྐྱེ་མཆེད་དག་ཡིན་པ་ཡང་དེ་དང་འདྲའོ། །གང་གི་རྣམ་པར་སྨིན་པ་ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་། བཅུ་དང་། བཅུ་གཅིག་སྨིན་པར་འགྱུར་བའི་ལས་དེ་ཡང་ཡོད་དེ། ལས་ཀྱི་འབྲས་བུ་སྣ་ཚོགས་དང་། སྣ་ཚོགས་མ་ཡིན་པའི་ཕྱིར་ཕྱིའི་ས་བོན་

Vol. 140 · folio 93a

བཞིན་ནོ། །དཔེར་ན་ཕྱིའི་ས་བོན་རྣམས་ལ་ཁ་ཅིག་ནི་འབྲས་བུ་སྣ་ཚོགས་པ་ཡིན་ཏེ། འདི་ལྟ་སྟེ་པདྨ་དང་། བལ་པོ་སེའུ་དང་། ཤིང་ནྱ་གྲོ་དྷ་ལ་སོགས་པ་དག་གི་ལྟ་བུའོ། །ཁ་ཅིག་ནི་འབྲས་བུ་སྣ་ཚོགས་པ་མ་ཡིན་ཏེ། འདི་ལྟ་སྟེ། ནས་དང་གྲོ་ལ་སོགས་པ་དག་གི་

ལྟ་བུའོ། །ལས་དུས་གཅིག་པའི་རྣམ་པར་སྨིན་པ་དུས་གསུམ་པ་རྣམ་པར་སྨིན་པ་ནི་མི་འགྱུར་གྱི་ལས་དུས་གཉིས་པའི་ཡང་དུས་གཅིག་པ་ནི་མ་ཡིན་ཏེ། རྒྱུ་བས་འབྲས་བུ་ཧ་ཅང་ཉུང་བར་འགྱུར་དུ་འོང་བའི་ཕྱིར་རོ། །དེ་བཞིན་དུ་སྐད་ཅིག་མ་གཅིག་པའི་སྐད་ཅིག་མ་དུ་མ་པ་ནི་ཡིན་

གྱི་བཟློག་པ་ནི་མ་ཡིན་ནོ། །རྣམ་པར་སྨིན་པ་ནི་ལས་དང་ལྷན་ཅིག་ཏུ་རྣམ་པར་སྨིན་པ་ཡང་མ་ཡིན་ལ་མཇུག་ཐོགས་སུ་ཡང་མ་ཡིན་ཏེ། མཇུག་ཐོགས་ཀྱི་སྐད་ཅིག་མ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་དྲངས་པའི་ཕྱིར་རོ། །རྣམ་པར་སྨིན་པའི་རྒྱུ་ལས་འབྲས་བུ་སྨིན་པ་ནི་རྒྱུ་ལ་

ལྟོས་པ་ཡིན་ནོ། །ཡང་རྒྱུ་འདི་དག་གི་དུས་ངེས་པ་གང་ཞེ་ན། འདི་དག་གི་དུས་ངེས་པར་དོན་གྱིས་ནི་བཤད་མོད་ཀྱི་མདོར་བྱས་ནས་མ་བཤད་པས། དེའི་ཕྱིར་མདོར་བྱས་ཏེ། ཀུན་འགྲོ་སྐལ་མཉམ་དུས་གཉིས་པ་དང་། འདས་པ་དང་ད་ལྟར་བྱུང་བ་ཁོ་ན་ཡིན་གྱི་མ་འོངས་པ་དག་ནི་མེད་དོ། །

འདིར་གཏན་ཚིགས་ནི་བཤད་ཟིན་ཏོ། །གསུམ་པོ་དག་ནི་དུས་གསུམ་པ། །ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་དང་རྣམ་པར་སྨིན་པའི་རྒྱུ་དག་ནི་དུས་གསུམ་པ་ཡིན་ནོ། །བྱེད་རྒྱུའི་རྒྱུ་ནི་དུས་ངེས་པ་མ་བསྟན་པས་དུས་ཐམས་ཅད་པ་དང་། དུས་དང་བྲལ་བར་ཡང་རིག་པར་བྱའོ། །རྒྱུ་

རྣམས་བཤད་ཟིན་ཏོ། །རྒྱུ་དེ་དག་གང་གི་ཡིན་པའི་འབྲས་བུ་དེ་དག་གང་ཞེ་ན། འདུས་བྱས་བྲལ་བཅས་འབྲས་བུ་ཡིན། །བསྟན་བཅོས་ལས། འབྲས་བུའི་ཆོས་རྣམས་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དང་། སོ་སོར་བརྟགས་པས་འགོག་པའོ་ཞེས་འབྱུང་བའོ། །དེ་ལྟ་ན་འོ་ན་ནི་འདུས་མ་བྱས་

འབྲས་བུ་ཡིན་པའི་ཕྱིར་དེ་གང་གི་འབྲས་བུ་ཡིན་པའི་རྒྱུར་ཡང་འགྱུར་ལ། རྒྱུ་ཡིན་པའི་ཕྱིར་དེ་གང་གི་རྒྱུ་ཡིན་པའི་འབྲས་བུར་ཡང་འགྱུར་རོ། །འདུས་བྱས་ཁོ་ན་ལ་རྒྱུ་དང་འབྲས་བུ་དག་ཡོད་ཀྱི། འདུས་མ་བྱས་ལ་དེ་དག་མེད། །ཅིའི་ཕྱིར་ཞེ་ན། རྒྱུ་རྣམ་པ་དྲུག་མི་སྲིད་པའི་ཕྱིར་དང་། འབྲས་བུ་རྣམ་པ་ལྔ་མི་སྲིད་

Vol. 140 · folio 93b

པའི་ཕྱིར་རོ། །ཅིའི་ཕྱིར་ལམ་འབྲལ་བའི་བྱེད་རྒྱུའི་རྒྱུར་མི་འདོད་ཅེ་ན། འདི་ལྟར་དེ་ནི་སྐྱེ་བ་ལ་བགེགས་མི་བྱེད་པའི་ངོ་བོར་རྣམ་པར་གཞག་པ་ཡིན་ན་འདུས་མ་བྱས་ནི་སྐྱེ་བ་དང་ལྡན་པ་མ་ཡིན་ནོ། །ད་ནི་དེ་གང་གིའམ་ཇི་ལྟར་ན་འབྲས་བུ་ཡིན་ཞེ་ན། ལམ་གྱི་འབྲས་བུ་ཡིན་ཏེ། དེའི་སྟོབས་ཀྱིས་

འཐོབ་པའི་ཕྱིར་རོ། །འོ་ན་ནི་དེ་དེ་ཁོ་ན་ལ་ནུས་པའི་ཕྱིར་ཐོབ་པ་ཁོ་ན་ལམ་གྱི་འབྲས་བུ་ཡིན་གྱི་བྲལ་བ་ནི་མ་ཡིན་ནོ། །ཐོབ་པ་ལ་ཡང་དེའི་ནུས་པ་གཞན་ལ། བྲལ་བ་ལ་ཡང་གཞན་ཏེ། ཐོབ་པ་ལ་དེ་ཇི་ལྟར་ནུས་ཤེ་ན་བསྐྱེད་པའི་ཕྱིར་རོ། །བྲལ་བ་ལ་ཇི་ལྟར་ཞེ་ན། ཐོབ་པར་བྱེད་པའི་ཕྱིར་རོ། །

དེ་ལྟ་བས་ན་རེ་ཞིག་ལམ་ནི་ཇི་ལྟར་ཡང་འདིའི་རྒྱུ་མ་ཡིན་གྱི་བྲལ་བ་ནི་འདིའི་འབྲས་བུ་ཡིན་ནོ། །ཡང་བདག་པོའི་འབྲས་བུ་ཡང་མེད་ན་གོ་ཇི་ལྟར་ན་འདུས་མ་བྱས་བྱེད་རྒྱུའི་རྒྱུ་ཡིན་ཞེ་ན། སྐྱེ་བ་ལ་མི་སྒྲིབ་པའི་དངོས་པོས་བྱེད་རྒྱུའི་རྒྱུ་ཡིན་གྱི་འདི་ལ་འབྲས་བུ་ཡོད་པ་ནི་མ་ཡིན་ཏེ། དུས་ལས་

གྲོལ་བ་ལ་འབྲས་བུ་འཛིན་པ་དང་། སྨིན་པའི་མཐུ་མེད་པའི་ཕྱིར་རོ། །མདོ་སྡེ་པ་རྣམས་ན་རེ། བཅོམ་ལྡན་འདས་ཀྱིས་གང་ལས་ཀྱང་འདུས་མ་བྱས་རྒྱུ་ཡིན་ནོ་ཞེས་མ་གསུངས་ཀྱི། རྒྱུ་མ་ཡིན་ནོ་ཞེས་རྣམ་གྲངས་ཀྱིས་གསུངས་སོ། །ཇི་ལྟར་གསུངས་ཤེ་ན། གཟུགས་སྐྱེད་པའི་རྒྱུ་གང་དག་

ཡིན་པ་དང་། རྐྱེན་གང་དག་ཡིན་པ་དེ་དག་ཀྱང་མི་རྟག་པ་ཡིན་ན་རྒྱུ་དང་རྐྱེན་མི་རྟག་པ་དག་ལ་བརྟེན་ནས་བྱུང་བའི་གཟུགས་ལྟ་རྟག་པར་ག་ལ་འགྱུར། རྣམ་པར་ཤེས་པའི་བར་དུ་ཡང་དེ་དང་འདྲའོ་ཞེས་གསུངས་སོ་ཞེས་ཟེར་རོ། །དེ་ལྟ་ན་འོ་ན་ནི་འདུས་མ་བྱས་རྣམ་པར་ཤེས་པའི་

དམིགས་པའི་རྐྱེན་དུ་ཡང་མི་འགྱུར་རོ། །སྐྱེས་པའི་ཞེས་དཀར་བའི་ཕྱིར་འགྱུར་ཏེ། རྣམ་པར་ཤེས་པ་སྐྱེད་པའི་རྒྱུ་གང་དག་ཡིན་པ་དང་རྐྱེན་གང་དག་ཡིན་པ་དེ་དག་ཀྱང་མི་རྟག་ན་ཞེས་གསུངས་ཀྱི་རྣམ་པར་ཤེས་པའི་རྐྱེན་གང་དག་ཡིན་པ་དེ་དག་ཀྱང་མི་རྟག་ན་ཞེས་ནི་མི་གསུངས་སོ། །རྒྱུ་རྣམས་ཀྱང་

གང་དག་སྐྱེད་པའི་རྒྱུ་དེ་དག་ཁོ་ན་མི་རྟག་གོ་ཞེས་འབྱུང་བའི་ཕྱིར་འདུས་མ་བྱས་ཀྱང་མི་སྒྲིབ་པའི་དངོས་པོ་ཙམ་གྱིས་བྱེད་རྒྱུའི་རྒྱུ་ཉིད་དུ་མི་དགག་པ་ཡིན་ནམ། མདོ་ལས་དམིགས་པའི་རྐྱེན་ཡིན་པར་གསུངས་ཀྱི་མི་སྒྲིབ་པའི་རྒྱུ་ཡིན་པར་ནི་མ་གསུངས་པས། མདོ་ལས་འདུས་མ་བྱས་རྒྱུའི་དངོས་པོ་མི་

Vol. 140 · folio 94a

འགྲུབ་བོ། །མ་གསུངས་མོད་ཀྱི་བཀག་པ་ནི་མེད་དོ། །མདོ་རྣམས་ཀྱང་ཕལ་ཆེར་ནུབ་ན་མ་གསུངས་སོ་ཞེས་བྱ་བ་འདི་ཇི་ལྟར་ངེས་པར་གཟུང་ཡང་བྲལ་བ་ཞེས་བྱ་བ་འདི་ཅི། སྔར་སོ་སོར་བརྟགས་པས་འགོག་པ་ཡིན་ནོ་ཞེས་མ་བཤད་དམ། དེའི་ཚེ་ནི་སོ་སོར་བརྟགས་

པས་འགོག་པ་གང་ཞེ་ན། གང་བྲལ་བའོ་ཞེས་བཤད། ད་ནི་བྲལ་བ་གང་ཞེ་ན། གང་སོ་སོར་བརྟགས་པས་འགོག་པའོ་ཞེས་བཤད་པས་ཕན་ཚུན་རྟེན་པའི་བཤད་པ་འདི་ནི་དེའི་རང་གི་ངོ་བོ་གསལ་བར་བྱ་བ་ལ་ནུས་པ་མ་ཡིན་ཏེ། དེ་ལྟ་བས་ན་དེའི་རང་གི་ངོ་བོ་གཞན་དུ་བརྗོད་པར་བྱའོ། །དེའི་

རང་གི་ངོ་བོ་ནི་འཕགས་པ་རྣམས་ཁོ་ནས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ཏེ། བྲལ་བ་ཞེས་བྱ་བ་དང་། སོ་སོར་བརྟགས་པའི་འགོག་པ་ཞེས་བྱ་བ་གང་ཡིན་པ་བརྟགས་པ་དང་དགེ་བའི་རྫས་གཞན་ཞིག་ཡོད་དོ་ཞེས་བྱ་བ་དེ་ཙམ་ཞིག་ནི་བརྗོད་པར་ནུས་སོ། །མདོ་སྡེ་པ་རྣམས་ན་རེ་འདུས་མ་བྱས་

ཐམས་ཅད་ཀྱང་རྫས་སུ་མེད་པ་ཁོ་ན་སྟེ། དེ་ནི་གཟུགས་དང་ཚོར་བ་ལ་སོགས་པ་བཞིན་དུ་རྫས་གཞན་དུ་ནི་མེད་དོ། །འོ་ན་ཅི་ཞེ་ན། རེག་བྱ་མེད་པ་ཙམ་ནི་ནམ་མཁའ་ཡིན་ཏེ། འདི་ལྟར་མུན་པའི་ནང་དག་ན་ཐོགས་པ་མ་རྙེད་ན་ནམ་མཁའོ་ཞེས་ཟེར་ཏོ། །ཕྲ་རྒྱས་དང་སྐྱེ་བ་སྐྱེས་པ་འགགས་ནས་སོ་

སོར་བརྟགས་པའི་སྟོབས་ཀྱིས་གཞན་མི་སྐྱེ་བ་ནི་སོ་སོར་བརྟགས་པས་འགོག་པ་ཡིན་ནོ། །སོ་སོར་བརྟགས་པ་མེད་པ་ཁོ་ནར་རྐྱེན་མ་ཚང་བས་མི་སྐྱེ་བ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྟེ་དཔེར་ན་བར་མ་དོར་འཆི་བའི་རིས་མཐུན་པ་ལྷག་མ་ལྟ་བུའོ་ཞེས་ཟེར་རོ། །སྡེ་པ་

གཞན་དག་ན་རེ་ཕྲ་རྒྱས་རྣམས་མི་སྐྱེ་བར་བྱ་བ་ལ་ཤེས་རབ་ཀྱི་ནུས་པ་ཡོད་དོ། །དེའི་ཕྱིར་དེ་ནི་སོ་སོར་བརྟགས་པས་འགོག་པ་ཡིན་ནོ། །སྡུག་བསྔལ་མི་སྐྱེ་བ་གང་ཡིན་པ་དེ་ནི་སྐྱེ་བའི་རྐྱེན་ཕྲ་རྒྱས་མེད་པ་ཁོ་ནའི་ཕྱིར་དེ་ལ་ཤེས་རབ་ཀྱི་ནུས་པ་མེད་དེ། དེའི་ཕྱིར་དེ་ནི་སོ་སོར་བརྟགས་པ་མ་

ཡིན་པས་འགོག་པ་ཡིན་ནོ་ཞེས་ཟེར་ཏེ་དེ་ཡང་སོ་སོར་བརྟགས་པ་མེད་པས་མི་འགྲུབ་པས་དེ་ནི་སོ་སོར་བརྟགས་པས་འགོག་པ་ཁོ་ན་ཡིན་ནོ། །གཞན་དག་ན་རེ་སྔར་སྐྱེས་པ་ཕྱིས་མེད་པ་གང་ཡིན་པ་དེ་ཉིད་རང་གི་ངང་གིས་འགག་པའི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཡིན་ནོ་

Vol. 140 · folio 94b

ཞེས་ཟེར་ཏེ། རྟོག་པ་དེ་ལ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་མི་རྟག་པ་ཁོ་ནར་འགྱུར་ཏེ། མ་ཞིག་ན་དེ་མེད་པའི་ཕྱིར་རོ། །སོ་སོར་བརྟགས་པས་འགོག་པ་ཡང་སོ་སོར་བརྟགས་པ་སྔོན་དུ་འགྲོ་བའི་ཕྱིར་མི་རྟག་པར་འགྱུར་བ་མ་ཡིན་ནམ། དེ་ནི་སོ་སོར་བརྟགས་པ་སྔོན་དུ་འགྲོ་བ་

མ་ཡིན་ཏེ། སྔར་སོ་སོར་བརྟགས་པ་ཡིན་ལ་ཕྱིས་སྐྱེ་བ་རྣམས་ཀྱི་མི་སྐྱེ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་དག་མི་སྐྱེ་བ་དེ་ནི་སྔ་ནས་ཡོད་པ་ཁོ་ན་ཡིན་ནོ། །ཆོས་གང་དག་སོ་སོར་བརྟགས་པ་མེད་ན་སྐྱེ་བར་འགྱུར་བ་དེ་དག་སོ་སོར་བརྟགས་པ་སྐྱེས་ན་ཡང་མི་སྐྱེའོ། །འདི་ལ་སོ་སོར་བརྟགས་པའི་

མཐུ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་གེགས་མ་བྱས་པ་རྐྱེན་རྣམས་སྐྱེ་བ་ལ་གེགས་བྱེད་པའི་དངོས་པོ་ཡིན་ནོ། །གལ་ཏེ་མི་སྐྱེ་བ་ཁོ་ན་མྱ་ངན་ལས་འདས་པ་ཡིན་ན་འོ་ན་མདོའི་ཚིག་དབང་པོ་ལྔ་པོ་འདི་དག་ཀུན་ཏུ་བསྟེན། གོམས་པར་བྱས། ལན་མང་དུ་བྱས་ན་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་

སྡུག་བསྔལ་སྤངས་པར་འགྱུར་རོ་ཞེས་བྱ་བ་འདི་ཇི་ལྟར་དྲང་། སྤངས་པ་ནི་མྱ་ངན་ལས་འདས་པ་ཡིན་ནོ། །མི་སྐྱེ་བ་ནི་མ་འོངས་པ་ཁོ་ན་ཡིན་གྱི་འདས་པ་དང་ད་ལྟར་བྱུང་བ་ནི་མ་ཡིན་ནོ། །དེ་སྐད་དུ་འབྱུང་བ་ཡང་ཡོད་མོད་ཀྱི་འོན་ཀྱང་། བཅོམ་ལྡན་འདས་ཀྱིས་དེ་ལ་དམིགས་པའི་ཉོན་མོངས་

པ་སྤངས་པས་སྡུག་བསྔལ་སྤོང་བར་གསུངས་པ་ཡིན་ཏེ། གཟུགས་ལ་འདུན་པ་དང་འདོད་ཆགས་གང་ཡིན་པ་དེ་སྤོངས་ཤིག །འདུན་པ་དང་འདོད་ཆགས་སྤངས་ན་ཁྱེད་ཀྱིས་གཟུགས་དེ་ལྟ་བུ་དེ་ཡང་སྤངས་པ་དང་ཡོངས་སུ་ཤེས་པར་འགྱུར་རོ་ཞེས་བྱ་བ་ནས། རྒྱས་པར་རྣམ་

པར་ཤེས་པའི་བར་དུ་གསུངས་ཏེ། དེ་ལྟར་ན་དུས་གསུམ་པའི་སྡུག་བསྔལ་ཡང་སྤངས་པར་རུང་ངོ་། །ཅི་སྟེ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཉོན་མོངས་པ་སྤངས་པར་འགྱུར་རོ་ཞེས་འབྱུང་བར་འགྱུར་ན། དེར་ཡང་ཚུལ་ནི་འདི་ཁོ་ན་ཡིན་ནོ། །ཡང་ན་དགོངས་པ་ནི་འདས་

པའི་ཉོན་མོངས་པ་ནི་ཚེ་རབས་སྔ་མ་པ་ཡིན་ལ། ད་ལྟར་བྱུང་བའི་ཉོན་མོངས་པ་ནི་ཚེ་འདི་པ་ཡིན་ཏེ། དཔེར་ན་སྲེད་པ་རྣམ་པར་སྤྱད་པ་དག་ལ་འདས་པའི་དུས་ལ་བརྟེན་ནས་སྲེད་པ་རྣམ་པར་སྤྱད་པ་བཅྭ་བརྒྱད་དོ་ཞེས་འབྱུང་བ་འདས་པའི་ཚེ་རབས་ཀྱི་དབང་དུ་མཛད་ནས་གསུངས་པ་དང་།

Vol. 140 · folio 95a

ད་ལྟར་བྱུང་བའི་བར་དུ་ཡང་དེ་དང་འདྲ་བ་ལྟ་བུའོ། །ཉོན་མོངས་པ་གཉིས་པོ་འདིས་ཀྱང་རྒྱུད་འདི་ལ་མ་འོངས་པ་བསྐྱེད་པའི་ཕྱིར་ས་བོན་གྱི་དངོས་པོ་བཞག་པ་དེ་སྤངས་པས་དེ་ཡང་སྤངས་པ་ཡིན་ཏེ། དཔེར་ན་རྣམ་པར་སྨིན་པ་ཟད་པ་ལས་ཟད་པར་འགྱུར་བ་ལྟ་བུའོ། །

མ་འོངས་པའི་སྡུག་བསྔལ་ལ་ཉོན་མོངས་པ་ནི་ས་བོན་མེད་པའི་ཕྱིར་གཏན་དུ་མི་སྐྱེ་བ་སྤངས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་འདས་པ་དང་ད་ལྟར་ལ་ཅི་ཞིག་སྤང་དུ་ཡོད་དེ། འགགས་ཟིན་པ་དང་། འགག་པ་ལ་མངོན་དུ་ཕྱོགས་པ་ལ་ནི་འབད་པ་དོན་དང་བཅས་པར་མི་འགྱུར་རོ་སྙམ་པ་འདི་ཡིན་པར་

འགྱུར་རོ། །གལ་ཏེ་འདུས་མ་བྱས་མེད་པ་ཁོ་ན་ཡིན་ན། བཅོམ་ལྡན་འདས་ཀྱིས་ཆོས་གང་དག་འདུས་བྱས་ཀྱང་རུང་འདུས་མ་བྱས་ཀྱང་རུང་དེ་དག་གི་མཆོག་ནི་འདོད་ཆགས་དང་བྲལ་བ་ཡིན་པར་བཤད་དོ་ཞེས་གང་གསུངས་པ། ཇི་ལྟར་ན་མེད་པ་རྣམས་ཀྱི་མཆོག་ཡིན་པར་འོས། འདུས་

མ་བྱས་མེད་པ་ཁོ་ནའོ་ཞེས་ཀྱང་མི་སྨྲའི་དེ་ནི་ཁོ་བོ་ཅག་གིས་ཇི་སྐད་དུ་བཤད་པ་དེ་ལྟ་བུ་ཡིན་ནོ། །དཔེར་ན་སྒྲ་ལ་སྔ་ན་མེད་པ་ཡང་ཡོད། ཕྱིས་མེད་པ་ཡང་ཡོད་ཅེས་བྱ་མོད་ཀྱི་འོན་ཀྱང་མེད་པ་ནི་ཡོད་པར་མི་འགྲུབ་པ་ལྟར་འདུས་མ་བྱས་ཀྱང་དེ་བཞིན་དུ་བལྟ་བར་བྱའོ། །མེད་པ་ཡང་ཁ་ཅིག་ཤིན་

ཏུ་བསྔགས་པ་ཡོད་དེ། གང་གནོད་པ་ཐམས་ཅད་དང་བྲལ་བ་དེ་ནི་འདུལ་བ་རྣམས་དེ་ལ་འདུན་པར་བྱ་བའི་ཕྱིར་གཞན་དག་གི་མཆོག་ཡིན་ནོ་ཞེས་བསྔགས་པ་འཐོབ་པར་འོས་སོ། །གལ་ཏེ་འདུས་མ་བྱས་མེད་པ་ཙམ་ཞིག་ཡིན་ན་འགོག་པ་འཕགས་པའི་བདེན་པ་ཡིན་པར་མི་འགྱུར་ཏེ། དེ་ཅུང་

ཟད་ཀྱང་མེད་པའི་ཕྱིར་རོ། །རེ་ཞིག་འགོག་པའི་བདེན་པའི་དོན་འདི་གང་ཡིན། ཕྱིན་ཅི་མ་ལོག་པའི་དོན་མ་ཡིན་ནམ། འཕགས་པ་རྣམས་ཀྱིས་འདི་ལྟ་སྟེ། སྡུག་བསྔལ་ལ་ཡང་སྡུག་བསྔལ་ཁོ་ནའོ། །སྡུག་བསྔལ་མེད་པ་ལ་ཡང་མེད་པ་ཁོ་ནའོ་ཞེས་འདི་གཉི་ག་ཡང་ཕྱིན་ཅི་མ་

ལོག་པར་གཟིགས་ན་འདི་འཕགས་པའི་བདེན་པ་ཉིད་ཡིན་པར་འགལ་བ་ཅི་ཞིག་ཡོད། ཇི་ལྟར་མེད་པ་ཡང་ཡིན་ལ་འཕགས་པའི་བདེན་པ་གསུམ་པ་ཡང་ཡིན་པར་འགྱུར། ཇི་ལྟར་འཕགས་པའི་བདེན་པ་ཡིན་པ་ནི་བཤད་ཟིན་ཏོ། །གཉིས་པའི་འོག་ཏུ་མཐོང་བ་དང་བསྟན་པས་ན་

Vol. 140 · folio 95b

གསུམ་པ་ཡིན་ནོ། །གལ་ཏེ་འདུས་མ་བྱས་དངོས་པོ་མེད་པ་ཙམ་ཡིན་ན་ནམ་མཁའ་དང་མྱ་ངན་ལས་འདས་པ་ལ་དམིགས་པའི་ཤེས་པ་མེད་པ་ལ་དམིགས་པར་འགྱུར་རོ། །འདི་ནི་འདས་པ་དང་མ་འོངས་པ་ཡོད་པ་ཉིད་བསམ་པར་བྱའོ། །གལ་ཏེ་འདུས་མ་བྱས་རྫས་ཁོ་ནར་འདོད་པར་གྱུར་ན་

ཅིར་འགྱུར། ཅི་ཞིག་ཏུ་ཡང་འགྱུར། བྱེ་བྲག་ཏུ་སྨྲས་པའི་ཕྱོགས་བསྐྱབ་པར་འགྱུར་རོ། །གལ་ཏེ་འདི་བསྐྱབ་པར་བྱ་བ་ཡིན་པར་སེམས་ན་ལྷ་སྐྱོབ་པར་འགྱུར་གྲང་། ཡང་དག་པ་མ་ཡིན་པ་ཀུན་ཏུ་བརྟགས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གཟུགས་དང་ཚོར་བ་ལ་སོགས་པ་བཞིན་དུ་དེའི་

རང་གི་ངོ་བོ་ཡང་མི་དམིགས་ལ་མིག་ལ་སོགས་པ་བཞིན་དུ་ལས་ཀྱང་མི་དམིགས་སོ། །དངོས་པོ་ཆེ་གེ་མོ་ཞིག་གི་འགོག་པ་འདི་ཡིན་ནོ་ཞེས་རྣམ་པར་གཞག་པ་ཡང་ཇི་ལྟར་རབ་ཏུ་བརྟགས་ཏེ། རྒྱུ་དང་འབྲས་བུ་ལ་སོགས་པའི་དངོས་པོ་མི་སྲིད་པའི་ཕྱིར་དེ་ནི་དེ་དང་ལྷན་ཅིག་འབྲེལ་པ་འགའ་

ཡང་མེད་ཀྱི་ཆེ་གེ་མོ་ཞིག་མེད་པའོ་ཞེས་འགག་པ་ཙམ་དུ་རུང་ངོ་། །དངོས་པོ་གཞན་ཉིད་ཡིན་ན་ཡང་ཉོན་མོངས་པ་གང་གི་ཐོབ་པ་ཆད་ནས་འགོག་པ་གང་ཐོབ་པ་དེ་དེའི་ཡིན་ནོ་ཞེས་ཐ་སྙད་གདགས་སོ། །འོ་ན་དེ་ཐོབ་པར་འདོད་པའི་རྒྱུ་གང་ཞིག་ཡིན། མདོ་ལས་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་

པ་ཐོབ་པའི་དགེ་སློང་ཞེས་གསུངས་པ་དེ་ཇི་ལྟར་ན་མེད་པ་ཐོབ་པར་རུང་། གཉེན་པོ་ཐོབ་པས་ཉོན་མོངས་པ་དང་། ཡང་སྲིད་པའི་སྐྱེ་བ་དང་ཤིན་ཏུ་འགལ་བའི་རྟེན་ཐོབ་པའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱའོ། །ལུང་ལས་ཀྱང་དངོས་པོ་མེད་པ་ཙམ་ཉིད་དུ་བརྗོད་པར་མཛད་དེ། འདི་སྐད་དུ་

སྡུག་བསྔལ་འདི་མ་ལུས་པར་སྤངས་པ། ངེས་པར་སྤངས་པ། བྱང་བར་འགྱུར་བ། ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ། རྣམ་པར་ཞི་བ། ནུབ་པ། སྡུག་བསྔལ་གཞན་དང་ཉིང་མཚམས་སྦྱོར་བ་མེད་པ། ལེན་པ་མེད་པ། འབྱུང་བ་མེད་པ་གང་ཡིན་པ་འདི་ལྟ་སྟེ། ཕུང་པོ་ཐམས་

ཅད་ངེས་པར་སྤངས་པ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ། མྱ་ངན་ལས་འདས་པ་འདི་ནི་ཞི་བའོ། །འདི་ནི་གྱ་ནོམ་པའོ་ཞེས་གསུངས་སོ། །འདིར་ཡིན་ན་འབྱུང་བར་མི་འགྱུར་བས་དེའི་ཕྱིར་འབྱུང་བ་མེད་པ་ཞེས་བྱ་བ་དེ་ལྟར་ཅི་སྟེ་མི་འདོད་ཅེ་ན། བདུན་པ་འདི་ནི་ནུས་

Vol. 140 · folio 96a

པ་མེད་པར་ལྟའོ། །འདིར་ཡིན་ན་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ཇི་སྐད་དུ་བཤད་པ་ཡིན། གལ་ཏེ་ཡོད་ན་ཞེས་བྱ་བར་སྦྱར་ན་ནི་མྱ་ངན་ལས་འདས་པ་ནི་མི་རྟག་པའི་ཕྱིར་རྟག་ཏུ་མི་འབྱུང་བ་ཁོ་ནར་ཐལ་བར་འགྱུར་རོ། །འོན་ཏེ་ཐོབ་ན་ཞེས་བྱ་བར་སྦྱར་ན་ནི་གང་ཁོ་ནས་དེ་

འཐོབ་པར་ཡོངས་སུ་རྟོག་པ་དེ་ཉིད་ཡོད་དམ་ཐོབ་ན་སྡུག་བསྔལ་མི་འབྱུང་བར་འདོད་པར་གྱིས་ཤིག དེ་ལྟར་ན། མར་མེ་ཤི་བར་གྱུར་པ་ལྟར། །དེ་ཡི་སེམས་ཀྱི་རྣམ་པར་ཐར། །ཞེས་གསུངས་པའི་དཔེ་འདི་ཡང་ལེགས་པར་དྲངས་པ་ཡིན་ཏེ། ཇི་ལྟར་མར་མེ་ཤི་བ་མེད་པ་ལྟར་བཅོམ་ལྡན་

འདས་ཀྱིས་སེམས་ཀྱི་རྣམ་པར་ཐར་པ་ཡང་དེ་དང་འདྲའོ། །ཆོས་མངོན་པ་ལས་ཀྱང་དངོས་པོ་མེད་པའི་ཆོས་རྣམས་གང་ཞེ་ན། འདུས་མ་བྱས་ཀྱི་ཆོས་དག་ཡིན་ནོ་ཞེས་གསུངས་ཏེ། དངོས་པོ་མེད་པ་ནི་ལུས་མེད་པ་དང་། རང་གི་ངོ་བོ་མེད་པ་ནི་ཞེས་བཤད་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་

བ་རྣམས་ན་རེ་འདིའི་དོན་ནི་འདི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོ་ནི་རྣམ་པ་ལྔ་སྟེ། རང་བཞིན་གྱི་དངོས་པོ་ནི་ཇི་སྐད་དུ་དེ་དངོས་པོ་གང་ཞིག་ཐོབ་པའི་དངོས་པོ་དེ་དང་ལྡན་ནོ་ཞེས་གསུངས་པ་ལྟ་བུའོ། །དམིགས་པའི་དངོས་པོ་ནི་ཇི་སྐད་དུ་ཆོས་ཐམས་ཅད་དངོས་པོ་ཇི་ལྟ་བ་བཞིན་དུ་ཤེས་

པས་ཤེས་པར་བྱ་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །ལྡན་པའི་དངོས་པོ་ཇི་སྐད་དུ་དངོས་པོ་གང་ལ་རྗེས་སུ་ཆགས་པའི་ཀུན་ནས་དཀྲིས་པ་དང་ལྡན་པ་དེ་ཡང་ཁོང་ཁྲོ་བའི་ཀུན་ནས་བཀྲིས་པ་དང་ཡང་ལྡན་ནོ་ཞེས་གསུངས་པ་ལྟ་བུའོ། །རྒྱུའི་དངོས་པོ་ནི་ཇི་སྐད་དུ་དངོས་པོ་དང་བཅས་པའི་ཆོས་

རྣམས་གང་ཞེ་ན། འདུས་བྱས་ཀྱི་ཆོས་རྣམས་སོ་ཞེས་གསུངས་པ་ལྟ་བུའོ། །ཡོངས་སུ་གཟུང་བའི་དངོས་པོ་ནི་ཇི་སྐད་དུ་ཞིང་གི་དངོས་པོ་དང་། ཁྱིམ་གྱི་དངོས་པོ་ཞེས་གསུངས་པ་ལྟ་བུ་སྟེ། དེ་ལ་འདིར་ནི་རྒྱུའི་དངོས་པོའི་སྒྲར་གསུངས་པ་ཡིན་ཏེ། དེ་ལྟ་བས་ན་འདུས་མ་བྱས་རྫས་སུ་ཡོད་པ་

ཁོ་ན་ཡིན་ལ་དེ་ལ་ཡང་རྒྱུ་དང་འབྲས་བུ་དག་ནི་མེད་དོ་ཞེས་ཟེར་རོ། །རེ་ཞིག་དེ་ནི་རྫོགས་སོ།། །།ཡང་འབྲས་བུ་འདི་དག་ལས་འབྲས་བུ་གང་ཞིག་རྒྱུ་གང་གི་ཡིན་ཞེ་ན། རྣམ་སྨིན་འབྲས་བུ་ཐ་མའི་ཡིན། །རྣམ་པར་སྨིན་པའི་རྒྱུ་ནི་ཐ་མར་བསྟན་པའི་ཕྱིར་ཐ་མ་སྟེ། རྣམ་པར་སྨིན་

Vol. 140 · folio 96b

པའི་འབྲས་བུ་ནི་དེ་ཡིན་ནོ། །བདག་པོའི་འབྲས་བུ་དང་པོའི་ཡིན། །བྱེད་རྒྱུའི་རྒྱུ་ནི་དང་པོར་བསྟན་པའི་ཕྱིར་དང་པོ་སྟེ་བདག་པོའི་འབྲས་བུ་ནི་དེའི་ཡིན་ནོ། །བདག་པོའི་འབྲས་བུ་ནི་བདག་པོ་ཡིན་ནོ། །མི་སྒྲིབ་པའི་དངོས་པོ་ཙམ་དུ་གནས་པ་གོ་ཅི་ཞིག་དབང་བྱེད་ཅེ་ན། དེ་ཉིད་དབང་བྱེད་པ་ཡིན་

ནོ། །བྱེད་རྒྱུའི་རྒྱུ་ལ་སྐྱེད་པའི་དངོས་པོ་ཡང་ཡོད་དེ། འདི་ལྟ་སྟེ་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ལ་སྐྱེ་མཆེད་བཅུ་ལྟ་བུ་དང་། སྣོད་ཀྱི་འཇིག་རྟེན་ལ་ལས་རྣམས་ལྟ་བུའོ། །རྣ་བ་ལ་སོགས་པ་ལ་ཡང་མིག་གི་རྣམ་པར་ཤེས་པ་བསྐྱེད་པ་ལ་བརྒྱུད་པས་དབང་བྱེད་པ་ཡོད་དེ། ཐོས་ནས་

ལྟ་བར་འདོད་པ་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པར་སྦྱར་བར་བྱའོ། །རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི། །འདི་གཉིས་དང་འདྲ་བའི་འབྲས་བུ་ཡིན་པའི་ཕྱིར་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ། །སྐྱེས་བུ་པ་ནི་གཉིས་ཀྱི་ཡིན། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་ལྷན་ཅིག་

འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་གི་ཡིན་ནོ། །སྐྱེས་བུའི་ངོ་བོ་ལས་མི་གཞན་པའི་ཕྱིར་སྐྱེས་བུ་བྱེད་པ་ནི་སྐྱེས་བུ་ཉིད་ཡིན་ནོ། །དེའི་འབྲས་བུ་ནི་སྐྱེས་བུ་ཡིན་པའོ། །སྐྱེས་བུ་བྱེད་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། ཆོས་གང་གི་བྱེད་པ་གང་ཡིན་པ་དེ་སྐྱེས་བུའི་བྱེད་པ་ལྟ་བུ་ནི་སྐྱེས་བུ་

བྱེད་པ་སྟེ། དཔེར་ན་སྨན་བྱ་རོག་རྐང་དང་། མི་གླང་པོ་ཆེ་མྱོས་པ་ཞེས་བྱ་བ་བཞིན་ནོ། །ཅི་གཞན་དག་ལ་ཡང་སྐྱེས་བུ་བྱེད་པའི་འབྲས་བུ་ཡོད་དམ། འོན་ཏེ་གཉིས་ཁོ་ནའི་ཡིན་ཞེ་ན། རྣམ་པར་སྨིན་པའི་རྒྱུ་མ་གཏོགས་པ་གཞན་དག་ལ་ཡང་ཡོད་དེ། འདི་ལྟར་སྐྱེས་བུ་བྱེད་པའི་

འབྲས་བུ་ནི་ལྷན་ཅིག་འབྱུང་བ་དང་དེ་མ་ཐག་ཏུ་འབྱུང་བ་ཡིན་ན་རྣམ་པར་སྨིན་པ་ནི་དེ་ལྟ་མ་ཡིན་ནོ། །གཞན་དག་ན་རེ་དེ་ལ་ཡང་སྐྱེས་བུའི་བྱེད་པའི་འབྲས་བུའི་སྐལ་བ་ནི་ཡོད་དོ། །དཔེར་ན་ཞིང་པ་རྣམས་ཀྱི་འབྲས་བུ་ལྟ་བུའོ་ཞེས་ཟེར་རོ། །ཡང་རྣམ་པར་སྨིན་པའི་འབྲས་བུ་ཞེས་བྱ་བ་འདི་

ནི་ཅི་ཡིན། བདག་པོའི་འབྲས་བུའི་བར་དུ་ཅི་ཞིག་ཡིན་ཞེ་ན། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །རྣམ་པར་སྨིན་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཆོས་ཡིན་ནོ། །སེམས་ཅན་དུ་སྟོན་པ་མ་ཡིན་པ་ཡང་ཡོད་པས་དེའི་ཕྱིར། སེམས་ཅན་བརྗོད་ཅེས་བྱ་བ་སྨོས་སོ། །རྒྱས་པ་ལས་བྱུང་

Vol. 140 · folio 97a

བ་དང་རྒྱུ་མཐུན་པ་ལས་བྱུང་བ་ཡང་ཡོད་པས་དེའི་ཕྱིར། ལུང་བསྟན་ཕྱིས་བྱུང་ཞེས་བྱ་བ་སྨོས་ཏེ། དགེ་བ་དང་མི་དགེ་བ་ནི་རྣམ་པར་སྨིན་པའི་ཕྱིར་ལུང་དུ་བསྟན་པས་ལུང་དུ་བསྟན་པའོ། །གང་ཞིག་དེ་ལས་དུས་ཕྱི་མ་ལ་འབྱུང་ཞིང་དེ་མ་ཐག་ཏུ་མ་ཡིན་པ་དེ་ནི་རྣམ་

པར་སྨིན་པ་སྟེ། འདི་ནི་རྣམ་པར་སྨིན་པའི་མཚན་ཉིད་ཡིན་ནོ། །ཅིའི་ཕྱིར་སེམས་ཅན་དུ་སྟོན་པ་མ་ཡིན་པའི་དོན་ལས་ལས་སྐྱེས་པ་རྣམ་པར་སྨིན་པ་མ་ཡིན་ནམ་ཞེ་ན། ཐུན་མོང་བའི་ཕྱིར་ཏེ། དེ་ནི་གཞན་གྱིས་ཀྱང་དེ་བཞིན་དུ་ཡོངས་སུ་སྤྱད་པར་ནུས་སོ། །རྣམ་པར་སྨིན་པ་ནི་ཐུན་

མོང་མ་ཡིན་པའི་སྟེ། གཞན་གྱིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་མྱོང་བར་ནི་མེད་དོ། །བདག་པོའི་འབྲས་བུ་ཅིའི་ཕྱིར་མྱོང་ཞེ་ན། ཐུན་མོང་གི་ལས་ལས་བྱུང་བའི་ཕྱིར་རོ། །རྒྱུ་མཐུན་རྒྱུ་དང་འདྲ་བའོ། །རྒྱུ་དང་འདྲ་བའི་ཆོས་གང་ཡིན་པ་དེ་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ། འདི་

ལྟ་སྟེ་སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་དག་གི་ལྟ་བུའོ། །གལ་ཏེ་ཀུན་ཏུ་འགྲོ་བའི་རྒྱུའི་འབྲས་བུ་ཡང་འདྲ་བ་ཡིན་ན་གོ་ཅིའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་ཁོ་ནར་མི་འདོད་ཅེ་ན། འདི་ལྟར་དེ་ནི་ས་དང་ཉོན་མོངས་པ་ཅན་ལས་འདྲ་བ་ཡིན་གྱི། རྣམ་པ་ལས་ཀྱང་འདྲ་བ་ནི་མ་ཡིན་ནོ། །

གང་ཞིག་རྣམ་པ་ལས་ཀྱང་འདྲ་བ་དེ་ནི་སྐལ་བ་མཉམ་པའི་རྒྱུ་ཡིན་པར་ཁས་ལེན་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་གང་ཞིག་གང་གི་སྐལ་བ་མཉམ་པའི་རྒྱུ་ཡིན་པ་དེ་ཀུན་ཏུ་འགྲོ་བའི་རྒྱུ་ཡང་ཡིན་ནམ་ཞེ་ན། མུ་བཞིར་བྱ་སྟེ། མུ་དང་པོ་ནི་སྐལ་བ་མཉམ་པའི་རྒྱུ་ནི་ཀུན་ཏུ་འགྲོ་བ་མ་ཡིན་པའོ། །

གཉིས་པ་ནི་རིས་གཞན་པའི་ཀུན་ཏུ་འགྲོ་བའི་རྒྱུའོ། །གསུམ་པ་ནི་རིས་གཅིག་པའི་ཀུན་ཏུ་འགྲོ་བའི་རྒྱུའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །བྲལ་བ་བློ་ཡིས་ཟད་པའོ། །ཟད་པ་ནི་འགོག་པའོ། །བློ་ནི་ཤེས་རབ་སྟེ། དེས་ན་སོ་སོར་བརྟགས་པས་འགོག་པ་ནི་བྲལ་

བའི་འབྲས་བུ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །གང་གི་སྟོབས་ཀྱིས་གང་སྐྱེ་བའི། །འབྲས་དེ་སྐྱེས་བུ་བྱེད་ལས་སྐྱེས། །དཔེར་ན་ས་འོག་མ་པའི་སྦྱོར་བའི་སེམས་ཀྱིས་གོང་མ་པའི་ཏིང་ངེ་འཛིན་དང་། ཟག་པ་དང་བཅས་པའི་ཟག་པ་མེད་པ་དང་། བསམ་གཏན་གྱི་སེམས་ཀྱི་

Vol. 140 · folio 97b

སྤྲུལ་པའི་སེམས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །སོ་སོར་བརྟགས་པས་འགོག་པ་ནི་གང་གི་སྟོབས་ཀྱིས་འཐོབ་པ་ཞེས་བརྗོད་པར་བྱའོ། །སྔོན་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །སྔར་བྱུང་བ་ལས་གཞན་པའི་འདུས་བྱས་ཀྱི་ཆོས་ནི་འདུས་བྱས་

ཐམས་ཅད་ཀྱི་བདག་པོའི་འབྲས་བུ་ཡིན་ནོ། །སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་དག་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། སྐྱེས་བུ་བྱེད་པའི་འབྲས་བུ་ནི་བྱེད་པ་པོའི་ཡིན་ནོ། །བདག་པོའི་འབྲས་བུ་ནི་བྱེད་པ་པོ་མ་ཡིན་པའི་ཡང་ཡིན་ཏེ། འདི་ལྟ་སྟེ། བཟོ་བོ་རྣམས་ཀྱི་བཟོ་ནི་སྐྱེས་བུ་

བྱེད་པའི་འབྲས་བུ་ཡང་ཡིན་ལ་བདག་པོའི་འབྲས་བུ་ཡང་ཡིན་ནོ། །གཞན་དག་གི་ནི་བདག་པོའི་འབྲས་བུ་ཁོ་ན་ཡིན་ནོ། །ཡང་རྒྱུ་འདི་དག་ལས་རྒྱུ་གང་ཞིག་དུས་གང་དུ་འབྲས་བུ་འཛིན་ཏམ་འབྱིན་ཅེ་ན། ལྔ་པོ་ད་ལྟར་འབྲས་བུ་འཛིན། །ཡོངས་སུ་བཟུང་ཟིན་པའི་ཕྱིར་འདས་པ་རྣམས་

ཀྱང་མ་ཡིན་ལ་སྐྱེས་བུ་བྱེད་པ་མ་ཡིན་པའི་ཕྱིར་མ་འོངས་པ་རྣམས་ཀྱང་མ་ཡིན་ནོ། །བྱེད་རྒྱུའི་རྒྱུ་ཡང་དེ་དང་འདྲ་མོད་ཀྱི་དེ་ནི་འབྲས་བུ་དང་བཅས་པར་མ་ངེས་པས་མ་བརྗོད་དོ། །གཉིས་ནི་རབ་ཏུ་འབྱིན་པར་བྱེད། །ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་ནི་ད་ལྟར་འབྲས་བུ་

འབྱིན་པར་བྱེད་དེ། འདི་གཉིས་ཀྱི་འབྲས་བུ་འཛིན་པ་དང་འབྱིན་པ་ནི་དུས་མཉམ་པ་ཁོ་ན་ཡིན་ནོ། །ད་ལྟར་གྱི་དང་འདས་པ་དག །འབྲས་བུ་འབྱིན་པར་བྱེད་དེ། སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་དག་གོ། །རེ་ཞིག་གང་འདས་པ་དག་ནི་རིགས་ནི་ད་ལྟར་གྱི་དག་གོ། །རྒྱུ་མཐུན་པའི་

འབྲས་བུ་ཇི་ལྟར་འབྱིན་ཅེ་ན། མཇུག་ཐོགས་སུ་བསྒྲུབ་པའི་ཕྱིར་ཏེ། འབྲས་བུ་གྲུབ་ན་ནི་དེ་དག་ཀྱང་འདས་པ་ཡིན་ལ་འབྲས་བུ་ཡང་བྱུང་ཟིན་པས་ཡང་དེ་ཉིད་མི་འབྱིན་ཏོ། །དགེ་བའི་སྐལ་བ་མཉམ་པའི་རྒྱུ་འབྲས་བུ་འཛིན་ལ་མི་འབྱིན་པ་ཡོད་དམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་

ནི་དགེ་བའི་རྩ་བ་དག་ཀུན་ཏུ་གཅོད་པས་ཐམས་ཅད་ཀྱི་ཐ་མར་འདོར་བའི་ཐོབ་པ་གང་དག་ཡིན་པའོ། །གཉིས་པ་ནི་དགེ་བའི་རྩ་བ་དག་གི་ཉིང་མཚམས་སྦྱོར་བས་ཐམས་ཅད་ཀྱི་དང་པོར་འཐོབ་པ་གང་དག་ཡིན་པའོ། །འདི་སྐད་དུ་དེ་དག་ཉིད་ཀྱིས་ཉིང་མཚམས་སྦྱོར་བར་བྱེད་པའི་ཞེས་

Vol. 140 · folio 98a

བརྗོད་པར་བྱ་བ་ནི་མ་ཡིན་ནོ། །གསུམ་པ་ནི་དགེ་བའི་རྩ་བ་ཀུན་ཏུ་མ་ཆད་པའི་གནས་སྐབས་ལྷག་མ་རྣམས་སུའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །མི་དགེ་བའི་མུ་དང་པོ་ནི་འདོད་པའི་འདོད་ཆགས་དང་བྲལ་བ་ཐོབ་པ་དང་ལྡན་པས་ཐམས་ཅད་ཀྱི་ཐ་མར་འདོར་

བའི་ཐོབ་པ་གང་དག་ཡིན་པའོ། །གཉིས་པ་ནི་འདོད་པའི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པས་ཐམས་ཅད་ཀྱི་དང་པོར་འཐོབ་པ་གང་དག་ཡིན་པའོ། །འདི་སྐད་དུ་དེ་དག་ཉིད་ཀྱིས་ཡོངས་སུ་ཉམས་པའི་ཞེས་བརྗོད་པར་བྱ་བ་ནི་ཡིན་ནོ། །གསུམ་པ་ནི་འདོད་པའི་འདོད་

ཆགས་དང་བྲལ་བའི་གནས་སྐབས་ལྷག་མ་རྣམས་སུའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཡང་དེ་བཞིན་དུ་དགྲ་བཅོམ་པ་ཉིད་ཐོབ་པ་དང་ཡོངས་སུ་ཉམས་པ་ལས་ཅི་རིགས་པར་སྦྱར་བར་བྱའོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ནི་

ཚིག་ཕྱི་མ་དང་སྦྱོར་བ་སྟེ། རེ་ཞིག་འབྱིན་པ་གང་ཡིན་པ་ནི་འཛིན་པ་ཡང་ཡིན་ནོ། །འཛིན་པ་ལས་མི་འབྱིན་པ་ཡང་ཡོད་དེ། དགྲ་བཅོམ་པའི་ཕུང་པོ་ཐ་མ་རྣམས་སོ། །དམིགས་པ་དང་བཅས་པའི་ངེས་པས་ནི་སྐད་ཅིག་རེ་རེ་ལ་སྟེ། དགེ་བའི་སྐལ་བ་མཉམ་པའི་འབྲས་བུ་འཛིན་

ལ་མི་འབྱིན་པ་ཞེས་བྱ་བ་མུ་བཞིའོ། །མུ་དང་པོ་ནི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་ཉོན་མོངས་པ་ཅན་ནམ་ལུང་དུ་མ་བསྟན་པའི་སེམས་མངོན་དུ་བྱེད་པའོ། །གཉིས་པ་ནི་བཟློག་པའོ། །གསུམ་པ་ནི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་དགེ་བ་ཁོ་ནའོ། །བཞི་པ་ནི་རྣམ་པ་དེ་དག་

མ་གཏོགས་པའོ། །མི་དགེ་བ་ལ་སོགས་པ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཡང་ཇི་ལྟར་ན་འབྲས་བུ་གཟུང་བ་ཡིན་ཞེ་ན། དེའི་ས་བོན་གྱི་དངོས་པོར་ཉེ་བར་འགྲོ་བའི་ཕྱིར་རོ། །གཅིག་ནི་འདས་པས་འབྱིན་པར་འགྱུར། །རྣམ་པར་སྨིན་པའི་རྒྱུ་ནི་འདས་པ་ཁོ་ནས་འབྲས་བུ་འབྱིན་ཏེ། འདི་

ལྟར་ལྷན་ཅིག་གམ་དེ་མ་ཐག་ཏུ་རྣམ་པར་སྨིན་པ་ནི་མེད་དོ། །གཞན་དག་ནི་འབྲས་བུ་རྣམ་པ་བཞི་ཞིག་ཏུ་ཡང་འཆད་དེ། རྟེན་གྱི་འབྲས་བུ་ནི། འདི་ལྟ་སྟེ་རླུང་གི་དཀྱིལ་འཁོར་གྱིས་ཆུའི་དཀྱིལ་འཁོར་ལྟ་བུ་ནས་ས་གཞིའི་རྩ་བ་ལ་སོགས་པའི་བར་ལྟ་བུའོ། །སྦྱོར་བའི་འབྲས་བུ་ནི་

Vol. 140 · folio 98b

འདི་ལྟ་སྟེ་མི་སྡུག་པ་ནས་མི་སྐྱེ་བ་ཤེས་པའི་བར་ལྟ་བུའོ། །ཚོགས་པའི་འབྲས་བུ་ནི་འདི་ལྟ་སྟེ། མིག་ལ་སོགས་པ་དག་གི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དག་ལྟ་བུའོ། །བསྒོམ་པའི་འབྲས་བུ་ནི་འདི་ལྟ་སྟེ་གཟུགས་ན་སྤྱོད་པའི་ལམ་གྱི་སྤྲུལ་པའི་སེམས་ལྟ་བུའོ། །འདི་

ཐམས་ཅད་ནི་སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་དག་གི་ཁོངས་སུ་འདུས་སོ། །རྒྱུ་རྣམས་དང་འབྲས་བུ་རྣམས་བཤད་ཟིན་ཏོ། །དེ་ལ་ཆོས་གང་ཞིག་རྒྱུ་དག་དུ་ཞིག་གིས་སྐྱེད་པར་བྱེད་ཅེ་ན་སྨྲས་པ། མདོར་བསྡུ་ན་ཆོས་ནི་རྣམ་པ་བཞི་པོ་འདི་དག་ཡིན་ཏེ། འདི་ལྟ་སྟེ་ཆོས་ཉོན་མོངས་

པ་ཅན་རྣམས་དང་། རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་དང་། ཟག་པ་མེད་པའི་དབང་པོ་རྣམས་དང་། དེ་དག་གི་ལྷག་མ་རྣམས་སོ། །ལྷག་མ་ཡང་གང་དག་ཡིན་ཞེ་ན། རྣམ་པར་སྨིན་པ་ལས་མ་གཏོགས་པའི་ལུང་དུ་མ་བསྟན་པ་རྣམས་དང་། ཟག་པ་མེད་པའི་སྐད་ཅིག་མ་

དང་པོ་མ་གཏོགས་པའི་དགེ་བ་རྣམས་སོ། །ཆོས་རྣམ་པ་བཞི་པོ་དེ་དག་ནི། ཉོན་མོངས་ཅན་དང་རྣམ་སྨིན་སྐྱེས། །ལྷག་དང་དང་པོ་འཕགས་རིམ་བཞིན། །རྣམ་སྨིན་ཀུན་འགྲོ་དེ་གཉིས་དང་། །སྐལ་མཉམ་མ་གཏོགས་ལྷག་ལས་སྐྱེས། །ཆོས་ཉོན་མོངས་པ་ཅན་རྣམས་ནི་རྣམ་པར་

སྨིན་པའི་རྒྱུ་མ་གཏོགས་པ་ལྷག་མ་ལྔ་ལས་སྐྱེའོ། །རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་ནི་ཀུན་ཏུ་འགྲོ་བའི་རྒྱུ་མ་གཏོགས་པ་ལྷག་མ་ལྔ་པོ་ཁོ་ན་ལས་སྐྱེའོ། །ཆོས་ལྷག་མ་རྣམས་ནི་རྣམ་པར་སྨིན་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་དེ་དག་མ་གཏོགས་པ་ལྷག་མ་བཞི་ལས་སྐྱེའོ། །ཟག་པ་

མེད་པའི་དང་པོ་རྣམས་ནི་རྣམ་པར་སྨིན་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་དེ་དག་དང་། སྐལ་བ་མཉམ་པའི་རྒྱུ་མ་གཏོགས་པ་ལྷག་མ་གསུམ་ལས་སྐྱེའོ། །ཆོས་རྣམ་པ་བཞི་པོ་བསྟན་པ་དེ་དག་གང་ཡིན་སྙམ་པ་ལ། སེམས་དང་སེམས་ལས་བྱུང་བ་ཡིན་ཞེས་བྱ་བ་སྨོས་སོ། །འོ་ན་གང་དག་

སེམས་དང་ལྡན་པ་མ་ཡིན་པ་དང་། གཟུགས་ཅན་གྱི་ཆོས་དེ་དག་ཇི་ལྟ་བུ་ཞེ་ན། མཚུངས་ལྡན་མ་གཏོགས་གཞན་དེ་བཞིན། །མཚུངས་པར་ལྡན་པའི་རྒྱུ་གཅིག་པོ་མ་གཏོགས་པ་ཆོས་ཉོན་མོངས་པ་ཅན་ལ་སོགས་པ་གཞན་ཡང་སེམས་དང་སེམས་ལས་བྱུང་བ་རྣམས་ཇི་ལྟ་བ་དེ་ཁོ་ན་

Vol. 140 · folio 99a

བཞིན་དུ་སྐྱེ་སྟེ། དེ་ལ་ཉོན་མོངས་པ་ཅན་རྣམས་དང་། རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་ནི་བཞི་ལས་སོ། །ལྷག་མ་རྣམས་ནི་གསུམ་ལས་སོ། །ཟག་པ་མེད་པའི་དང་པོ་ནི་གཉིས་ལས་ཏེ། རྒྱུ་གཅིག་ལས་བྱུང་བའི་ཆོས་ནི་མེད་དོ། །རྒྱུ་རྒྱ་ཆེར་བཤད་པ་རྫོགས་སོ།། །།

རྐྱེན་རྣམས་གང་ཞེ་ན། རྐྱེན་ནི་བཞི་པོ་དག་ཏུ་གསུངས། །གང་ནས་གསུངས་ཤེ་ན། མདོ་ལས་རྐྱེན་ཉིད་ནི་བཞི་སྟེ་རྒྱུའི་རྐྱེན་ཉིད་དང་། དེ་མ་ཐག་པའི་རྐྱེན་ཉིད་དང་། དམིགས་པའི་རྐྱེན་ཉིད་དང་། བདག་པོའི་རྐྱེན་ཉིད་དོ་ཞེས་གསུངས་སོ། །རྐྱེན་དུ་འདྲ་བ་ནི་རྐྱེན་ཉིད་དོ། །དེ་ལ་རྒྱུ་ཞེས་བྱ་བ་རྒྱུ་

ལྔ་ཡིན། བྱེད་རྒྱུའི་རྒྱུ་མ་གཏོགས་པ་རྒྱུ་ལྔ་ནི་རྒྱུའི་རྐྱེན་ཡིན་ནོ། །སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་ཡིན་མཚུངས་དེ་མ་ཐག །དགྲ་བཅོམ་པའི་ཐ་མ་མ་གཏོགས་པ་སེམས་དང་སེམས་ལས་བྱུང་བ་རྣམས་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ཏེ། རྐྱེན་འདི་ནི་མཚུངས་པ་ཡང་

ཡིན་ལ་དེ་མ་ཐག་པའི་ཡང་ཡིན་པས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཏོ། །དེ་ཉིད་ཀྱི་ཕྱིར་མི་མཉམ་པར་འབྱུང་བའི་ཕྱིར་གཟུགས་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ཏེ། འདི་ལྟར་འདོད་པ་ན་སྤྱོད་པའི་གཟུགས་ཀྱི་མཇུག་ཐོགས་སུ་རེས་འགའ་ནི་འདོད་པ་ན་སྤྱོད་པ་དང་། གཟུགས་ན་

སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་འབྱུང་ངོ་། །རེས་འགའ་ནི་འདོད་པ་ན་སྤྱོད་པ་དང་ཟག་པ་མེད་པ་འབྱུང་བས་གཟུགས་མངོན་དུ་འགྱུར་བ་འཆོལ་པ་ཡིན་ནོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་འཆོལ་པ་མ་ཡིན་ནོ། །བཙུན་པ་དབྱིག་བཤེས་ན་རེ་རྒྱས་པ་ལས་བྱུང་བའི་

གཟུགས་ཀྱི་རྒྱུད་གཅིག་མ་འགགས་པ་ཁོ་ནར་གཉིས་པ་འབྱུང་བའི་ཕྱིར་རོ་ཞེས་ཟེར་རོ། །བཙུན་པ་ན་རེ་ཆེས་མང་བ་དང་ཉུང་ངུ་འབྱུང་བའི་ཕྱིར་ཏེ། རེས་འགའ་ནི་གཟུགས་མང་པོ་ལས་ཉུང་ངུ་འབྱུང་སྟེ། དཔེར་ན་སོག་མའི་ཐལ་བ་ལྟ་བུའོ། །རེས་འགའ་ནི་ཉུང་ངུ་ལས་མང་པོ་

འབྱུང་སྟེ། དཔེར་ན་ཤིང་པ་ཏའི་ས་བོན་ཆུང་ངུ་ལས་རིམ་གྱིས་ཡལ་ག་དུ་མ་སྐྱེ་བ་དང་ལྡན་པའི་ཤིང་ནྱ་གྲོ་དྷའི་བར་ལྟ་བུའོ་ཞེས་ཟེར་རོ། །སེམས་དང་སེམས་ལས་བྱུང་བ་རྣམས་ལ་ཡང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་དག་དང་། རྟོག་པ་དང་དཔྱོད་པ་དང་བཅས་པ་

Vol. 140 · folio 99b

ལ་སོགས་པའི་ཏིང་ངེ་འཛིན་གསུམ་ལ་ཆེས་མང་བ་དང་ཉུང་ངུ་འབྱུང་བ་མ་ཡིན་ནམ་ཞེ་ན། རིགས་གཞན་ལ་ནི་ཡོད་ཀྱི་རང་གི་རིགས་ལ་ནི་མེད་དེ། ནམ་ཡང་ཚོར་བའམ་འདུ་ཤེས་ལ་སོགས་པ་ཆེས་མང་དུ་འབྱུང་བ་མེད་དོ། །ཡང་ཅི་རང་གི་རིགས་ཁོ་ནའི་མཚུངས་པ་དེ་མ་ཐག་པའི་

རྐྱེན་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། འདིར་ནི་ཚོགས་མཐའ་དག་ཁོ་ན་ཚོགས་མཐའ་དག་གཞན་གྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་གྱི། འདིར་ནི་ཚོར་བ་ལ་སོགས་པའི་རྫས་ཉུང་ངུ་ལས་ཚོར་བ་ལ་སོགས་པའི་རྫས་མང་པོ་འབྱུང་བ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ཙམ་ཞིག་བཤད་པར་

ཟད་དོ། །རྒྱུད་འདྲ་བ་དག་ནི་རང་གི་རིགས་ཁོ་ནའི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ཏེ། སེམས་ཀྱང་སེམས་ཁོ་ནའི་ཡིན་ལ། ཚོར་བ་ཡང་ཚོར་བ་ཁོ་ནའི་ཡིན་ནོ་སྙམ་དུ་རྒྱས་པར་སེམས་ཤིང་གང་གི་ཚེ་ཉོན་མོངས་པ་ཅན་མ་ཡིན་པའི་མཇུག་ཐོགས་སུ་ཉོན་མོངས་པ་ཅན་འབྱུང་བའི་ཉོན་མོངས་པ་དེའི་

མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་སྔོན་འགགས་པའི་ཉོན་མོངས་པ་ཡིན་ཏེ། དཔེར་ན་ལྡང་བའི་སེམས་ཀྱི་འགོག་པ་ལ་སྙོམས་པར་འཇུག་པའི་སེམས་ལྟ་བུའོ་ཞེས་ཟེར་ཏེ། དེ་སྐད་དུ་ནི་མི་བརྗོད་དོ། །ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ཀྱང་འཆོལ་བར་མངོན་དུ་གྱུར་པ་དེ་ཉིད་ཀྱི་ཕྱིར་མཚུངས་པ་

དེ་མ་ཐག་པའི་རྐྱེན་མ་ཡིན་ཏེ། ཁམས་གསུམ་པ་དང་ལྡན་པ་མ་ཡིན་པ་རྣམས་ཅིག་ཅར་མངོན་དུ་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་མ་འོངས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་མི་འདོད་ཅེ་ན། མ་འོངས་པའི་དུས་ནི་འཆོལ་བ་ཡིན་པའི་ཕྱིར་ཏེ། སྔ་ཕྱི་མེད་པའི་ཕྱིར་རོ། །འོ་ན་བཅོམ་

ལྡན་འདས་ཀྱིས་མ་འོངས་པ་ཆེ་གེ་མོ་ཞིག་གི་མཇུག་ཏུ་མ་འོངས་པ་འདི་འབྱུང་ངོ་ཞེས་བྱ་བར་ཇི་ལྟར་མཁྱེན་ཅེ་ན། འདས་པ་དང་ད་ལྟར་གྱི་ལས་རྗེས་སུ་དཔག་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་ལས་འདི་ལྟ་བུའི་རྣམ་པར་སྨིན་པ་ནི་འདི་ལྟ་བུ་འམ་ཆོས་ལས་ཆོས་སྐྱེས་

སོ་ཞེས་བྱ་བར་འདས་པའི་དུས་གཟིགས་ལ། ད་ལྟའི་ལས་འདི་ཡང་དེ་ལྟ་བུ་ཡིན་པས། དེ་ལྟ་བས་ན་འདི་ལས་ཀྱང་རྣམ་པར་སྨིན་པ་དེ་ལྟ་བུའམ། ཆོས་ལས་ཆོས་སྐྱེ་བར་འགྱུར་རོ་ཞེས་བྱ་བར་མཁྱེན་ལ། དེའི་མཁྱེན་པ་དེ་ཡང་རྗེས་སུ་དཔག་པ་ལས་བྱུང་བ་ཡང་མ་ཡིན་

Vol. 140 · folio 100a

ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་འདས་པ་དང་ད་ལྟར་ལས་རྗེས་སུ་དཔག་ནས་མ་འོངས་པའི་རྫས་འཆོལ་པ་རྣམས་མངོན་སུམ་དུ་བརྟགས་ཏེ། གང་ཟག་འདིས་ལས་འདི་ལྟ་བུ་བྱས་པས་མ་འོངས་པའི་འབྲས་བུ་འདི་ཡོངས་སུ་བཟུང་ངོ་ཞེས་བྱ་བར་མཁྱེན་

ཏོ་ཞེས་གྲག་གོ། །དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་སྔོན་གྱི་མཐའ་མ་གཟིགས་པར་ཕྱི་མའི་མཐའ་མི་མཁྱེན་པར་འགྱུར་རོ། །གཞན་དག་ན་རེ་སེམས་ཅན་རྣམས་ཀྱི་རྒྱུད་ལ་འབྲས་བུའི་རྟགས་སུ་གྱུར་པ་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཁྱད་པར་ཞིག་ཡོད་དེ། བཅོམ་ལྡན་

འདས་ཀྱིས་དེ་གཟིགས་ནས་བསམ་གཏན་ནམ་མངོན་པར་མཁྱེན་པ་མངོན་དུ་མཛད་བཞིན་དུ་ཡང་མ་འོངས་པ་མཁྱེན་ཏོ་ཞེས་ཟེར་རོ། །མདོ་སྡེ་པ་རྣམས་ན་རེ་དེ་ལྟར་ན་བཅོམ་ལྡན་འདས་མཚན་མཁན་ཁོ་ན་ཡིན་པར་འགྱུར་གྱི་མངོན་སུམ་དུ་མཛད་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་བཅོམ་

ལྡན་འདས་ནི་བཞེད་པ་ཙམ་གྱིས་ཐམས་ཅད་མཁྱེན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་སངས་རྒྱས་རྣམས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་སོ་ཞེས་ཟེར་རོ། །མ་འོངས་པའི་གོ་རིམས་ངེས་པར་གནས་པ་མེད་ན་ཅིའི་ཕྱིར་ཆོས་ཀྱི་མཆོག་གི་མཇུག་ཐོགས་སུ་སྡུག་བསྔལ་ལ་

ཆོས་ཤེས་པའི་བཟོད་པ་ཁོ་ན་སྐྱེའི་གཞན་ནི་མ་ཡིན་ནོ། །དེ་བཞིན་དུ་རྡོ་རྗེ་ལྟ་བུའི་མཇུག་ཐོགས་སུ་ཟད་པ་ཤེས་པ་ཁོ་ན་སྐྱེའི་གཞན་མ་ཡིན་པའི་བར་དུ་ཡིན་ཞེ་ན། གང་ཞིག་གང་ལ་རག་ལས་ཏེ་སྐྱེ་བ་དེ་ནི་དེའི་མཇུག་ཐོགས་སུ་སྐྱེ་སྟེ། དཔེར་ན་མཚུངས་པ་དེ་མ་ཐག་པའི་རྐྱེན་

མེད་བཞིན་དུ་ཡང་ས་བོན་ལ་སོགས་པའི་མྱུ་གུ་ལ་སོགས་པ་བཞིན་ནོ། །ཅིའི་ཕྱིར་དགྲ་བཅོམ་པའི་སེམས་དང་སེམས་ལས་བྱུང་བ་ཐ་མ་རྣམས་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ཞེ་ན། སེམས་གཞན་དང་འབྲེལ་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་འགགས་མ་ཐག་པའི་

སེམས་ཡིད་ཡིན་ནོ་ཞེས་བྱ་བ་དེ་མ་ཐག་པའི་རྣམ་པར་ཤེས་པ་མེད་པའི་ཕྱིར་སེམས་ཐ་མ་ཡིད་དུ་ཡང་མི་འགྱུར་བ་མ་ཡིན་ནམ། ཡིད་ནི་རྟེན་གྱི་དངོས་པོས་རབ་ཏུ་ཕྱེ་བ་ཡིན་གྱི། བྱེད་པས་རབ་ཏུ་ཕྱེ་བ་ནི་མ་ཡིན་པས་རྟེན་ནི་ཡོད་པ་ཉིད་ཀྱི་རྒྱུ་མ་ཚང་བས་རྣམ་པར་ཤེས་པ་

Vol. 140 · folio 100b

གཞན་མི་སྐྱེ་བ་ཁོ་ནར་ཟད་དོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་བྱེད་པས་རབ་ཏུ་ཕྱེ་བ་ཡིན་ནོ། །དེས་ཆོས་གང་འབྲས་བུར་གཟུང་བ་དེ་ནི་ཆོས་ཐམས་ཅད་དམ་སྲོག་ཆགས་ཐམས་ཅད་ཀྱིས་ཀྱང་ཇི་ལྟར་ཡང་མི་སྐྱེ་བར་དགག་པར་མི་ནུས་སོ། །ཆོས་གང་དག་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་

ཅན་ཡིན་པ་དེ་དག་སེམས་ཀྱི་དེ་མ་ཐག་པ་ཅན་ཡང་ཡིན་ནམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་སེམས་མེད་པའི་སྙོམས་པར་འཇུག་པ་ལས་ལྡང་བའི་སེམས་དང་། སྙོམས་པར་འཇུག་པའི་སྐད་ཅིག་མ་གཉིས་པ་ལ་སོགས་པ་དག་གོ། །མུ་གཉིས་པ་ནི་སྙོམས་པར་འཇུག་པའི་སྐད་ཅིག་

མ་དང་པོ་དང་སེམས་དང་བཅས་པའི་གནས་སྐབས་ཀྱི་སྐྱེ་བ་ལ་སོགས་པའོ། །མུ་གསུམ་པ་ནི་སྙོམས་པར་འཇུག་པའི་སྐད་ཅིག་མ་དང་པོ་དང་། སེམས་དང་བཅས་པའི་གནས་སྐབས་དག་གོ། །མུ་བཞི་པ་ནི་སྙོམས་པར་འཇུག་པའི་སྐད་ཅིག་མ་གཉིས་པ་ལ་སོགས་པ་དང་། ལྡང་

བའི་སེམས་ཀྱི་སྐྱེ་བ་ལ་སོགས་པའོ། །ཆོས་གང་དག་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་པ་དེ་དག་སྙོམས་པར་འཇུག་པའི་དེ་མ་ཐག་པ་ཅན་ཡིན་ནམ་ཞེ་ན། མུ་བཞི་སྟེ། གསུམ་པ་དང་བཞི་པ་གང་དག་ཡིན་པ་དེ་དག་ནི་དང་པོ་དང་གཉིས་པ་དག་གོ། །དང་པོ་དང་གཉིས་པ་གང་

དག་ཡིན་པ་དེ་དག་ནི་གསུམ་པ་དང་བཞི་པ་གང་དག་ཡིན་པར་བཤད་དོ། །ད་ནི་ཇི་ལྟར་ལྡང་བའི་སེམས་ཡུན་རིང་མོ་ཞིག་ཏུ་ཆད་པ་སྙོམས་པར་འཇུག་པའི་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཞེས་བྱ་ཞེ་ན། སེམས་གཞན་གྱིས་མཆོད་པའི་ཕྱིར་རོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་

བཤད་ཟིན་ཏོ། །དམིགས་པ་ཆོས་རྣམས་ཐམས་ཅད་དོ། །ཅི་རིགས་པར་མིག་གི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པའི་ནི་གཟུགས་སོ། །རྣ་བའི་རྣམ་པར་ཤེས་པའི་ནི་སྒྲའོ། །སྣའི་རྣམ་པར་ཤེས་པའི་ནི་དྲིའོ། །ལྕེའི་རྣམ་པར་ཤེས་པ་ནི་རོའོ། །ལུས་ཀྱི་

རྣམ་པར་ཤེས་པ་ནི་རེག་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་ཆོས་ཐམས་ཅད་དོ། །ཆོས་གང་ཞིག་ཆོས་གང་གི་དམིགས་པ་ཡིན་པའི་ཆོས་དེ་ནི་མི་དམིགས་ཀྱང་དེ་ལྟ་བུའི་མཚན་ཉིད་ཡིན་པའི་ཕྱིར་ནམ་ཡང་དམིགས་པ་མ་ཡིན་ཏེ། དཔེར་ན་ཤིང་ལ་སོགས་པ་མི་སྲེག་ཀྱང་དེ་ལྟ་བུའི་

Vol. 140 · folio 101a

མཚན་ཉིད་ཡིན་པའི་ཕྱིར་བུད་ཤིང་ཞེས་བྱ་བ་བཞིན་ནོ། །སེམས་དང་སེམས་ལས་བྱུང་བའི་ཆོས་སྐྱེ་མཆེད་དང་། རྫས་དང་། སྐད་ཅིག་མ་ངེས་པས་དམིགས་པ་ལ་སྐད་ཅིག་བདག་ཉིད་ཇི་ལྟ་བར་ངེས་པ་འདི་དག་ཅི་རྟེན་ངེས་པས་ཀྱང་ངེས་པ་ཞིག་ཡིན་ནམ་ཞེ་ན། སྨྲས་

པ་དེ་བཞིན་ཏེ། སྐྱེས་པ་རྣམས་ནི་རྟེན་དང་ལྷན་ཅིག་པ་དག་ཡིན་ནོ། །མ་སྐྱེས་པ་རྣམས་དང་། འདས་པ་རྣམས་ནི་རྟེན་དང་མ་འབྲེལ་པ་དག་ཡིན་ནོ། །གཞན་དག་ན་རེ་འདས་པ་རྣམས་ཀྱང་རྟེན་དང་ལྷན་ཅིག་པ་དག་ཡིན་ནོ་ཞེས་ཟེར་རོ། །དམིགས་པའི་རྐྱེན་བཤད་ཟིན་ཏོ། །བྱེད་

རྒྱུ་ཞེས་བྱ་བདག་པོར་བཤད། །བྱེད་པའི་རྒྱུ་གང་ཡིན་པ་དེ་ཉིད་བདག་པོའི་རྐྱེན་ཡིན་ནོ། །རྐྱེན་འདི་ནི་ལྷག་པ་ཡིན་པས་བདག་པོའི་རྐྱེན་ཏོ། །དམིགས་པའི་རྐྱེན་ཡང་ཆོས་ཐམས་ཅད་ཡིན་ལ། བདག་པོའི་རྐྱེན་ཡང་ཆོས་ཐམས་ཅད་ཡིན་ན་འདི་ལ་ལྷག་པ་ཅི་ཞིག་ཡོད་ཅེ་ན། ལྷན་

ཅིག་འབྱུང་བའི་ཆོས་རྣམས་ནི་ནམ་ཡང་དམིགས་པ་མ་ཡིན་གྱི་བདག་པོའི་རྐྱེན་ནི་ཡིན་པས་འདི་ལ་ལྷག་པ་ཡོད་པ་ཉིད་དོ། །ཡང་ན་ལྷག་པའི་རྐྱེན་ཡིན་ཏེ། ཆོས་ཐམས་ཅད་རང་གི་ངོ་བོ་མ་གཏོགས་པའི་འདུས་བྱས་ཐམས་ཅད་ཀྱི་ཡིན་ནོ། །རྐྱེན་བཞི་ཆར་གྱིས་ཀྱང་ཆོས་ཀྱི་རྐྱེན་མ་

ཡིན་པའི་ཆོས་ལྟ་ཡོད་དམ་ཞེ་ན། ཡོད་དེ། རང་གི་ངོ་བོས་རང་གི་ངོ་བོ་ལྟ་བུའོ། །གཞན་གྱི་ངོ་བོ་ཡང་ཡོད་དེ། འདུས་མ་བྱས་ཀྱི་འདུས་བྱས་ལྟ་བུ་དང་། འདུས་མ་བྱས་ཀྱི་འདུས་མ་བྱས་ལྟ་བུའོ། །ཡང་རྐྱེན་འདི་དག་བྱ་བ་བྱེད་པ་ན་གནས་སྐབས་གང་གི་ཆོས་ལ་བྱེད་ཅེ་ན། རེ་

ཞིག་རྒྱུའི་རྐྱེན་རྣམ་པ་ལྔར་བཤད་པ་དེ་ལས། རྒྱུ་གཉིས་པོ་དག་འགག་པ་ལ་བྱ་བ་བྱེད་དོ། །འགག་པ་ཞེས་བྱ་བ་ནི་ད་ལྟར་ཡིན་ཏེ། འགག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་རོ། །དེ་ལ་ནི་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་བྱ་བ་བྱེད་དེ། དེ་གཉིས་ནི་

ལྷན་ཅིག་འབྱུང་བའི་འབྲས་བུ་ལ་བྱ་བ་བྱེད་དོ། །གསུམ་པོ་ནི་སྐྱེ་བ་ལའོ། །སྐྱེ་བ་ཞེས་བྱ་བ་ནི་མ་འོངས་པ་སྟེ། སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡིན་ནོ། །དེ་ལ་ནི་སྐལ་བ་མཉམ་པ་དང་། ཀུན་ཏུ་འགྲོ་བ་དང་། རྣམ་པར་སྨིན་པའི་རྒྱུ་རྣམས་བྱ་བ་བྱེད་དེ། རེ་ཞིག་རྒྱུའི་རྐྱེན་ནི་

Vol. 140 · folio 101b

དེ་ལྟ་བུ་ཡིན་ནོ། །དེ་ལས་གཞན་པའི་རྐྱེན་དག་དེ་ལས་བཟློག་པ་ཡིན། མཚུངས་པ་དེ་མ་ཐག་པ་དང་། དམིགས་པའི་རྐྱེན་དག་ནི་བྱེད་པའི་ཚུལ་གང་གིས་རྒྱུའི་རྐྱེན་རྣམ་པ་གཉིས་སུ་བྱས་ནས་བཤད་པ་དེ་ལས་བཟློག་པར་རིག་པར་བྱ་སྟེ། མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་

སྐབས་འབྱེད་པའི་ཕྱིར་སྐྱེ་བ་ལ་བྱ་བ་བྱེད་དོ། །དམིགས་པའི་རྐྱེན་ནི་ད་ལྟར་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་འཛིན་པའི་ཕྱིར་འགག་པ་ལ་བྱ་བ་བྱེད་དོ། །བདག་པོའི་རྐྱེན་ནི་གནས་སྐབས་ཐམས་ཅད་དུ་མི་སྒྲིབ་པའི་ངོ་བོར་གནས་པས་འདིའི་བྱ་བ་ནི་འདི་ཉིད་ཡིན་ནོ། །རྐྱེན་

རྣམས་བྱེད་པ་དང་བཅས་པར་བཤད་ཟིན་ཏོ། །ཡང་ཆོས་གང་ཞིག་རྐྱེན་དུ་ཞིག་གིས་སྐྱེད་ཅེ་ན། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །དེ་ལ་འདི་དག་རྒྱུའི་རྐྱེན་ནི་རྒྱུ་ལྔ་པོ་ཐམས་ཅད་དོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་སེམས་དང་སེམས་ལས་བྱུང་བ་སྔ་མ་གཞན་དག་

གི་བར་དུ་མ་ཆོད་པ་རྣམས་སོ། །དམིགས་པའི་རྐྱེན་ནི་ཅི་རིགས་པར་ཡུལ་ལྔ་པོ་དག་དང་ཆོས་ཐམས་ཅད་དོ། །བདག་པོའི་རྐྱེན་ནི་རང་གི་ངོ་བོ་མ་གཏོགས་པ་ཆོས་ཐམས་ཅད་དོ། །གསུམ་གྱིས་སྙོམས་པར་འཇུག་པ་གཉིས། །འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་

པ་དག་ལ་ནི་དམིགས་པའི་རྐྱེན་མེད་དེ། དེ་དག་ནི་དམིགས་པར་བྱེད་པ་མ་ཡིན་ནོ། །དེ་གཉིས་ཀྱི་རྒྱུའི་རྐྱེན་ནི་རྣམ་པ་གཉིས་ཏེ། ལྷན་ཅིག་འབྱུང་བའི་རྒྱུ་ནི་སྐྱེ་བ་ལ་སོགས་པའོ། །སྐལ་བ་མཉམ་པའི་རྒྱུ་ནི་ས་མཚུངས་པའི་དགེ་བའི་ཆོས་སྔར་བྱུང་བ་རྣམས་སོ། །མཚུངས་

པ་དེ་མ་ཐག་པའི་རྐྱེན་ནི་སྙོམས་པར་འཇུག་པའི་སེམས་མཚུངས་པར་ལྡན་པ་དང་བཅས་པའོ། །བདག་པོའི་རྐྱེན་ནི་སྔ་མ་བཞིན་ནོ། །སྙོམས་པར་འཇུག་པ་འདི་དག་ནི་སེམས་ཀྱི་མངོན་པར་འདུ་བྱེད་པ་ལས་སྐྱེ་བའི་ཕྱིར། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་དག་ནི་ཡིན་གྱི་

སེམས་སྐྱེ་བ་ལ་བགེགས་བྱེད་པའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་མ་ཡིན་ནོ། །གཞན་ནི་གཉིས་པོ་དག་ལས་སྐྱེ། །ཆོས་གཞན་ལྡན་པ་མ་ཡིན་པ་རྣམས་དང་གཟུགས་ཅན་རྣམས་ནི་རྒྱུ་དང་བདག་པོའི་རྐྱེན་དག་ལས་སྐྱེའོ། །དངོས་པོ་རྣམས་ནི་ཇི་སྐད་བཤད་པའི་

Vol. 140 · folio 102a

རྒྱུ་དང་རྐྱེན་རྣམས་ཁོ་ན་ལས་སྐྱེའི་འགྲོ་བ་ཐམས་ཅད་ཀྱི་རྒྱུ་གཅིག་པུ་དབང་ཕྱུག་དང་སྐྱེས་བུ་དང་། གཙོ་བོ་ལ་སོགས་པ་ནི་མེད་དོ་ཞེས་བྱ་བ་འདི་ལ་གཏན་ཚིགས་ཅི་ཞིག་ཡོད། གལ་ཏེ་གཏན་ཚིགས་ཀྱིས་བྱས་པའི་གྲུབ་པར་སེམས་ན་དེ་ཉིད་ཀྱིས་ཐམས་ཅད་ཀྱི་རྒྱུ་དབང་

ཕྱུག་ལ་སོགས་པ་ཅིག་ཅར་དུ་ཞིག་ཡིན་ནོ་ཞེས་བྱ་བའི་སྨྲ་བ་འདི་བསྩལ་བ་མ་ཡིན་ནམ། གཞན་ཡང་། དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། །གལ་ཏེ་དབང་ཕྱུག་གམ། གཞན་ཡང་རུང་སྟེ་རྒྱུ་གཅིག་པུ་ཁོ་ན་ཞིག་ཡིན་ན་འགྲོ་བ་ཐམས་ཅད་ཅིག་ཅར་དུ་འབྱུང་བར་འགྱུར་བ་ཞིག་ན།

དངོས་པོ་རྣམས་ནི་རིམ་གྱིས་འབྱུང་བ་ཡང་སྣང་ངོ་། །དེ་ནི་འདི་ནི་ད་ལྟར་སྐྱེ་བར་གྱུར་ཅིག །འདི་ནི་འགག་པར་གྱུར་ཅིག །འདི་ནི་ཕྱིས་སྐྱེ་བར་གྱུར་ཅིག་ཅེས་དབང་ཕྱུག་གི་འདོད་པའི་དབང་གིས་ཡིན་ནོ། །འོ་ན་ནི་འདོད་པ་ཐ་དད་པའི་ཕྱིར་རྒྱུ་དུ་མར་འགྲུབ་པར་འགྱུར་ལ། འདོད་པ་

ཐ་དད་པ་དེ་ཡང་དེའི་རྒྱུའི་དབང་ཕྱུག་ལ་ཐ་དད་པ་མེད་པའི་ཕྱིར་ཅིག་ཅར་འབྱུང་བར་འགྱུར་རོ། །འོན་ཏེ་རྒྱུ་གཞན་ལ་ལྟོས་ན་ནི་དབང་ཕྱུག་རྒྱུ་མ་ཡིན་པ་ཁོ་ནར་འགྱུར་ལ། དེ་དག་ཀྱང་རིམ་གྱིས་སྐྱེ་བ་ལ་རྒྱུ་གཞན་གྱི་བྱེ་བྲག་ལ་ལྟོས་པའི་ཕྱིར་ཐུག་པ་མེད་པར་ཐལ་བར་འགྱུར་

བས་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པའི་བྱེ་བྲག་མཐའ་ཡས་པ་ཐོག་མ་མེད་པ་ཉིད་དུ་ཁས་བླངས་པའི་ཕྱིར་དབང་ཕྱུག་གི་རྒྱུར་མོས་པ་འདི་ནི་ཤཱཀྱའི་སྲས་པོའི་ལུས་ཁོ་ན་ལས་མ་འདས་པ་ཡིན་ནོ། །གལ་ཏེ་དབང་ཕྱུག་གི་འདོད་པ་རྣམས་ཅིག་ཅར་ཡིན་དུ་ཟིན་ཀྱང་འགྲོ་བ་ནི་ཅིག་

ཅར་མ་ཡིན་ཏེ། འདོད་པ་ཇི་ལྟ་བར་སྐྱེ་བའི་ཕྱིར་རོ་ཞེ་ན་མ་ཡིན་ཏེ། དེ་དག་ལ་ཕྱིས་ཁྱད་པར་མེད་པའི་ཕྱིར་རོ། །རེ་ཞིག་དབང་ཕྱུག་གི་འབྱིན་པའི་ཚེགས་འདི་རྙེད་ལ་དོན་ཅི་ཞིག་ཡོད། གལ་ཏེ་དགའ་བ་ཡིན་ནོ་ཞེ་ན། འོ་ན་ནི་ཐབས་མེད་པར་དེ་བྱེད་པར་མི་ནུས་པས་དེ་ལ་

དབང་ཕྱུག་མ་ཡིན་པར་འགྱུར་ཏེ། གཞན་ལ་ཡང་དེ་ཁོ་ན་དང་འདྲའོ། །གལ་ཏེ་ཡང་དབང་ཕྱུག་དམྱལ་བ་ལ་སོགས་པར་སྐྱེ་དགུ་གནོད་པ་མང་པོ་དང་འབྲེལ་པ་དག་ཕྱུང་ནས་དེས་དགའ་བར་འགྱུར་ན་ནི་དེ་ལྟ་བུའི་དབང་ཕྱུག་དེ་ལ་ཕྱག་འཚལ་ལོ། །དེ་ལས་བརྩམས་ནས། གང་ཕྱིར་

Vol. 140 · folio 102b

མ་ལུས་སྲེག་པ་དང་། །གང་ཕྱིར་རྣོ་དང་གང་ཕྱིར་གཏུམ། །གང་ཕྱིར་གདུང་ལྡན་གང་གི་ཕྱིར། །ཤ་དང་ཁྲག་དང་རྐང་ཟ་བ། །དེ་ཕྱིར་དྲག་པོ་ཞེས་བྱའོ། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདི་ཡང་ལེགས་པར་སྨྲས་པ་ཡིན་ནོ། །ཡང་འགྲོ་བའི་རྒྱུ་གཅིག་ཏུ་ཡོངས་སུ་བཟུང་བས་དོན་གཞན་

དག་གི་སྐྱེས་བུའི་བྱེད་པ་མངོན་སུམ་ནི་བསྙོན་པར་འགྱུར་རོ། །རྒྱུ་རྣམས་དང་བཅས་པའི་དབང་ཕྱུག་ལ་ཡང་རྒྱུར་རྟོག་པ་རྣམས་ནི་གུས་པས་སྨྲ་བ་འབའ་ཞིག་ཏུ་ཟད་དེ། རྒྱུ་རྣམས་ལས་གཞན་གྱིས་བྱེད་པ་མི་སྣང་བའི་ཕྱིར་རོ། །དབང་ཕྱུག་དེ་ལྷན་ཅིག་བྱེད་པའི་རྒྱུ་དང་པོ་རྣམས་ལ་ཡང་དབང་

ཕྱུག་མ་ཡིན་པར་འགྱུར་རོ། །འོན་ཏེ་དང་པོ་བྱུང་བ་དབང་ཕྱུག་གི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེ་ན། དེ་ཡང་རྒྱུ་གཞན་ལ་མི་ལྟོས་པའི་ཕྱིར་དབང་ཕྱུག་བཞིན་དུ་ཐོག་མ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་བཞིན་དུ་གཙོ་བོ་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །དེ་ལྟ་བས་ན་འཇིག་རྟེན་

གྱི་རྒྱུ་གཅིག་པུ་ནི་མེད་ཀྱི་འདི་ནི་རང་གི་ལས་རྣམས་ཁོ་ནས་སྐྱེ་བ་དེ་དང་དེར་སྐྱེ་བར་བྱེད་དོ། །ཉོན་མོངས་བློ་མ་སྦྱངས་པ་རྣམས་ནི་རང་རང་གི་རྣམ་པར་སྨིན་པའི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་ཉམས་སུ་མྱོང་བ་ན་ལོག་པར་གཞན་དབང་ཕྱུག་ཏུ་ཡོངས་སུ་རྟོག་པར་བྱེད་དོ། །

དེ་ནི་རྫོགས་སོ།། །།ཡང་། གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་གང་བཤད་པ་དེ་ཇི་ལྟར་ན་འབྱུང་བ་རྣམས་འབྱུང་བ་རྣམས་ཀྱི་རྒྱུའི་རྐྱེན་ཡིན་ཞེ་ན། དེ་ཡི་འབྱུང་བ་རྣམ་པ་གཉིས། །འབྱུང་བའི་རྒྱུ་ཞེས་བྱ་བའི་ཐ་ཚིག་སྟེ། སྐལ་བ་མཉམ་པ་དང་ལྷན་ཅིག་འབྱུང་བའི་རྒྱུ་དག་གིས་

སོ། །འབྱུང་ལས་གྱུར་པའི་རྣམ་པ་ལྔ། །བྱུང་བ་རྣམས་འབྱུང་བ་ལས་གྱུར་པའི་ནི་རྒྱུ་རྣམ་པ་ལྔ་ཡིན་ཏེ། ཇི་ལྟ་ཞེ་ན། སྐྱེད་ཕྱིར་བརྟེན་ཕྱིར་གནས་ཕྱིར་དང་། །རྟོན་པའི་ཕྱིར་དང་འཕེལ་བྱེད་ཕྱིར། །དེ་ཡང་བྱེད་རྒྱུའི་རྒྱུ་ཁོ་ན་རྣམ་པ་ལྔ་ཐ་དད་པ་ཡིན་ཏེ། སྐྱེད་པའི་རྒྱུ་ནི་དེ་དག་ལས་སྐྱེ་

བའི་ཕྱིར་རོ། །བརྟེན་པའི་རྒྱུ་ནི་སྐྱེས་པ་འབྱུང་བའི་རྗེས་སུ་མཐུན་པར་བྱེད་པའི་ཕྱིར་ཏེ། སློབ་དཔོན་ལ་སོགས་པ་ལ་བརྟེན་པ་བཞིན་ནོ། །གནས་པའི་རྒྱུ་ནི་རྟེན་དུ་གྱུར་པའི་ཕྱིར་ཏེ། རི་མོའི་རྩིག་པ་བཞིན་ནོ། །རྟོན་པའི་རྒྱུ་ནི་རྒྱུན་མི་འཆད་པའི་རྒྱུ་ཡིན་པའི་ཕྱིར་རོ། །འཕེལ་བར་བྱེད་པའི་

Vol. 140 · folio 103a

རྒྱུ་ནི་འཕེལ་བའི་རྒྱུ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་དེ་དག་གི་སྐྱེ་བ་དང་། འགྱུར་བ་དང་། བརྟེན་པ་དང་གནས་པ་དང་། རྟོན་པ་དང་འཕེལ་བའི་རྒྱུ་ཉིད་དུ་བསྟན་པ་ཡིན་ནོ། །འབྱུང་འགྱུར་རྣམ་གསུམ་ཕན་ཚུན་དུ། །རྒྱུ་ཡིན་ཏེ། ལྷན་ཅིག་འབྱུང་བ་དང་། སྐལ་བ་

མཉམ་པ་དང་། རྣམ་པར་སྨིན་པའི་རྒྱུ་དག་གིས་སོ། །བྱེད་རྒྱུའི་རྒྱུ་ནི་བྱེ་བྲག་མེད་པར་འཇུག་པའི་ཕྱིར་རྟག་ཏུ་མི་བགྲང་ངོ་། །དེ་ལ་ལྷན་ཅིག་འབྱུང་བའི་རྒྱུ་ནི་ལུས་དང་ངག་གི་ལས་སེམས་ཀྱི་རྗེས་སུ་འཇུག་པ་ཕན་ཚུན་དུ་ཡིན་གྱི་རྒྱུར་བྱས་པའི་གཟུགས་གཞན་མ་ཡིན་ནོ། །སྐལ་བ་

མཉམ་པའི་རྒྱུ་ནི་སྔར་བྱུང་བ་ཐམས་ཅད་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །རྣམ་པར་སྨིན་པའི་རྒྱུ་ནི་ལུས་དང་ངག་གི་ལས་གང་གི་རྣམ་པར་སྨིན་པ་མིག་ལ་སོགས་པ་ཡིན་པའོ། །འབྱུང་བ་རྣམས་ཀྱི་དེ་རྣམས་གཅིག །འབྱུང་བ་ལས་གྱུར་པའི་གཟུགས་འབྱུང་བ་རྣམས་ཀྱི་ནི་རྣམ་པར་

སྨིན་པའི་རྒྱུ་ཁོ་ན་ཡིན་ཏེ། ལུས་དང་ངག་གི་ལས་གང་གི་རྣམ་པར་སྨིན་པ་རྣམས་ཡིན་པའོ། །སེམས་དང་སེམས་ལས་བྱུང་བ་རྣམས་བྱེ་བྲག་མེད་པར་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་བཤད་ཀྱི། སེམས་གང་གི་མཇུག་ཐོགས་སུ་གང་འབྱུང་ཞེས་བྱ་བ་ངེས་པ་ནི་མ་བཤད་

པས་ད་ནི་དེ་བརྗོད་པར་བྱའོ། །དེ་ལ་རེ་ཞིག་མདོར་བསྡུ་ན་སེམས་བཅུ་གཉིས་སོ། །ཇི་ལྟ་ཞེ་ན། འདོད་ཡིད་དགེ་དང་མི་དགེ་དང་། །བསྒྲིབས་པ་དང་ནི་མ་བསྒྲིབས་པ། །ཞེས་བྱ་བ་སྨོས་ཏེ། འདོད་པའི་ཁམས་ན་སེམས་བཞི་སྟེ། །དགེ་བ་དང་མི་དགེ་བ་དང་བསྒྲིབས་ལ་ལུང་དུ་

མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །གཟུགས་དང་གཟུགས་མེད་པ་དག་ན། མི་དགེ་ལས་གཞན། གཟུགས་ཀྱི་ཁམས་ན་མི་དགེ་བ་མེད་ཀྱི་གསུམ་ཡོད་དོ། །གཟུགས་མེད་པའི་ཁམས་ན་ཡང་དེ་དང་འདྲ་སྟེ། དེ་ལྟར་ན་བཅུ་པོ་དེ་དག་ནི་ཟག་པ་དང་

བཅས་པའི་སེམས་ཡིན་ནོ། །ཟག་མེད་གཉིས། སློབ་པ་དང་མི་སློབ་པ་སྟེ། དེ་ལྟར་ན་དེ་དག་ནི་སེམས་བཅུ་གཉིས་ཡིན་ནོ། །དེ་ལ། འདོད་སེམས་དགེ་བ་ལས་སེམས་དགུ། །མཇུག་ཐོགས་སུ་ཞེས་འོག་ནས་འཆད་དེ། འདོད་པའི་ཁམས་ན་དགེ་བའི་སེམས་གང་ཡིན་པ་དེའི་མཇུག་

Vol. 140 · folio 103b

ཐོགས་སུ་ནི་སེམས་དགུ་འབྱུང་སྟེ། རང་གི་ས་པ་བཞི་དང་སློབ་པ་དང་། མི་སློབ་པ་དང་། གཟུགས་ན་སྤྱོད་པ་གཉིས་ཏེ། སྙོམས་པར་འཇུག་པའི་ཚེ་དགེ་བ་དང་། ཉིང་མཚམས་སྦྱོར་བའི་ཚེ་བསྒྲིབས་པའོ། །གཟུགས་མེད་པ་ན་སྤྱོད་པ་ནི་ཉིང་མཚམས་སྦྱོར་བའི་ཚེ་བསྒྲིབས་པ་ཁོ་

ན་སྟེ། ཤིན་ཏུ་བསྐལ་པའི་ཕྱིར་དགེ་བ་ནི་མ་ཡིན་ནོ། །གཟུགས་མེད་པ་ན་སྤྱོད་པ་རྣམས་ནི་འདོད་པའི་ཁམས་ནས་རིང་བ་ཉིད་བཞིས་རིང་བ་ཡིན་ཏེ། རྟེན་དང་རྣམ་པ་དང་། དམིགས་པ་དང་། གཉེན་པོ་རིང་བ་ཉིད་དག་གིས་སོ། །དེ་ལ་རྟེན་རིང་བ་ཉིད་ནི་སྙོམས་པར་འཇུག་པའི་

མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་རྟེན་ཉིད་དུ་མི་སྲིད་པའི་ཕྱིར་རོ། །རྣམ་པར་རིང་བ་ཉིད་ནི་འདོད་པའི་ཁམས་རགས་པ་ལ་སོགས་པའི་རྣམ་པ་དག་ཏུ་རྣམ་པར་མི་བྱེད་པའི་ཕྱིར་རོ། །དེས་ན་དམིགས་པ་རིང་བ་ཉིད་ཀྱང་བཤད་པ་ཡིན་ཏེ། བསམ་གཏན་བཞི་པ་ཁོ་ན་ལ་རགས་པ་ལ་སོགས་

པའི་རྣམ་པ་དག་ཏུ་དམིགས་སོ། །གཉེན་པོ་རིང་བ་ཉིད་ནི་འདོད་པའི་འདོད་ཆགས་དང་མ་བྲལ་བ་ལ་དེ་མངོན་དུ་འགྱུར་མི་སྲིད་པའི་ཕྱིར་རོ། །རྣམ་པར་སུན་འབྱིན་པ་ལ་སོགས་པ་ཡང་མི་འཐད་པའི་ཕྱིར་ཏེ། ཡུལ་མ་ཡིན་པ་ནི་རྣམ་པར་སུན་དབྱུང་བར་མི་ནུས་སོ། །སློབ་པ་དང་

མི་སློབ་པའོ། །དེ་ནི་བརྒྱད་པོ་ཁོ་ན་ལས་འདོད་པ་ན་སྤྱོད་པའི་དགེ་བའི་སེམས་དེ་ནི་བརྒྱད་ཀྱི་མཇུག་ཐོགས་སུ་འབྱུང་སྟེ། རང་གི་ས་པ་བཞི་དང་། གཟུགས་ན་སྤྱོད་པ་གཉིས་ལས་ཏེ། ལྡང་བའི་ཚེ་དགེ་བ་དང་། ཉོན་མོངས་པ་ཅན་གྱི་སྙོམས་པར་འཇུག་པས་གཟིར་བ་ས་འོག་མའི་དགེ་བ་

ལ་བརྟེན་པའི་ཕྱིར་བསྒྲིབས་པ་དང་། ལྡང་བའི་ཚེ་སློབ་པ་དང་མི་སློབ་པ་དག་ལས་སོ། །མི་དགེ་བ་ནི་བཅུ་དག་ལས། །སློབ་པ་དང་མི་སློབ་པ་དག་མ་གཏོགས་ཏེ། འདོད་པའི་ཁམས་སུ་ཉིང་མཚམས་སྦྱོར་བ་ན་གཟུགས་དང་གཟུགས་མེད་པའི་སེམས་ཐམས་ཅད་ཀྱི་མཇུག་

ཐོགས་སུ་མི་དགེ་བའི་སེམས་འབྱུང་ངོ་། །དེ་ལས་བཞི་སྟེ། མི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་ནི་སེམས་བཞི་འབྱུང་སྟེ། རང་གི་ས་པ་དག་ཁོ་ནའོ། །ཇི་ལྟར་འདོད་པའི་ཁམས་ཀྱི་མི་དགེ་བའི་སེམས་བཤད་པ། བསྒྲིབས་དེ་བཞིན། བཅུ་པོ་ཁོ་ནའི་མཇུག་ཐོགས་སུ་འབྱུང་

Vol. 140 · folio 104a

ལ། དེ་ལས་ནི་བཞི་ཁོ་ནའོ། །མ་བསྒྲིབས་པ་ནི་ལྔ་དག་ལས། །འདོད་པ་ན་ཞེས་བྱ་བར་སྦྱར་ཏེ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ནི་ལྔའི་མཇུག་ཐོགས་སུ་འབྱུང་སྟེ། རང་གི་ས་པ་བཞི་དང་། གཟུགས་ན་སྤྱོད་པའི་དགེ་བ་ལས་སྤྲུལ་པའི་སེམས་སོ། །

དེ་ལས་མཇུག་ཐོགས་སེམས་བདུན་ནོ། །འདོད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པས་ལས་ནི་རང་གི་ས་པ་བཞི་དང་། གཟུགས་ན་སྤྱོད་པ་གཉིས་ཏེ། སྤྲུལ་པའི་སེམས་ཀྱི་མཇུག་ཐོགས་སུ་དགེ་བ་དང་། ཉིང་མཚམས་སྦྱོར་བའི་ཚེ་ཉོན་མོངས་པ་ཅན་དང་། ཉིང་

མཚམས་སྦྱོར་བའི་ཚེ་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ཁོ་ནའོ། །གཟུགས་ན་དགེ་བ་ལས་བཅུ་གཅིག་གོ། །གཟུགས་ཀྱི་ཁམས་ན་དགེ་བའི་སེམས་གང་ཡིན་པ་དེའི་མཇུག་ཐོགས་སུ་སེམས་བཅུ་གཅིག་ཁོ་ན་འབྱུང་སྟེ། གཟུགས་མེད་པ་ན་སྤྱོད་པའི་མ་བསྒྲིབས་ལ་

ལུང་དུ་མ་བསྟན་པ་མ་གཏོགས་སོ། །དེ་ནི་དགུ་ཡི་མཇུག་ཐོགས་སུ། །གཟུགས་ན་སྤྱོད་པའི་དགེ་བའི་སེམས་དེ་ནི་དགུའི་མཇུག་ཐོགས་སུ་འབྱུང་སྟེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་དང་། གཟུགས་མེད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་གཏོགས་

སོ། །བསྒྲིབས་པ་བརྒྱད་ལས། གཟུགས་ན་སྤྱོད་པའི་སེམས་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་བརྒྱད་ལས་འབྱུང་སྟེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་དང་། སློབ་པ་དང་། མི་སློབ་པ་གཉིས་མ་གཏོགས་སོ། །དེ་ལས་དྲུག་གཟུགས་ན་སྤྱོད་པའི་བསྒྲིབས་ལ་

ལུང་དུ་མ་བསྟན་པའི་མཇུག་ཐོགས་སུ་ནི་དྲུག་སྟེ། རང་གི་ས་པ་གསུམ་དང་། འདོད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་གཏོགས་པ་རྣམས་སོ། །མ་བསྒྲིབས་པ་ནི་གསུམ་ལས་སོ། །གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་གསུམ་ཁོ་ན་

ལས་འབྱུང་སྟེ། རང་གི་ས་པ་དག་ཁོ་ན་ལས་སོ། །དེ་ལས་དྲུག་སྟེ། རང་གི་ས་པ་གསུམ་དང་། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་དང་། གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ནོ། །གཟུགས་ཀྱི་ཁམས་ཀྱི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཇི་སྐད་དུ་བཤད་པ་

Vol. 140 · folio 104b

ལྟར། གཟུགས་མེད་པའང་དེའི་ཚུལ་ལོ། །དེ་ན་ཡོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་རང་གི་ས་པ་གསུམ་ཁོ་ན་ལས་འབྱུང་ལ། དེ་ལས་ཀྱང་རང་གི་ས་པ་གསུམ་དང་། ས་འོག་མ་པའི་ཉོན་མོངས་པ་ཅན་རྣམས་དང་དྲུག་འབྱུང་ངོ་། །དགེ་བ་ལས་སེམས་དགུ་དག་གོ། །

གཟུགས་མེད་པ་ན་སྤྱོད་པའི་དགེ་བའི་སེམས་ལས་ནི་སེམས་དགུ་འབྱུང་སྟེ། འདོད་པ་ན་སྤྱོད་པའི་དགེ་བ་དང་། འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་མ་གཏོགས་སོ། །དེ་དྲུག་གི །གཟུགས་མེད་པ་ན་སྤྱོད་པའི་དགེ་བ་ནི་རང་གི་ས་པ་གསུམ་དང་།

གཟུགས་ན་སྤྱོད་པའི་དགེ་བ་དང་། སློབ་པ་དང་། མི་སློབ་པ་དག་ལས་སོ། །བསྒྲིབས་པ་ལས་བདུན། གཟུགས་མེད་པ་ན་སྤྱོད་པའི་བསྒྲིབས་པ་ལས་ནི་རང་གི་ས་པ་གསུམ་དང་། གཟུགས་ན་སྤྱོད་པའི་དགེ་བ་དང་། བསྒྲིབས་པ་དང་། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་

གཉིས་སོ། །དེ་དེ་བཞིན། དེ་ཡང་བདུན་ཁོ་ན་ལས་འབྱུང་སྟེ། འདོད་པ་དང་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་རྣམས་དང་། སློབ་པ་དང་མི་སློབ་པ་དག་མ་གཏོགས་སོ། །སློབ་པ་བཞི་ལས། ཁམས་གསུམ་པའི་དགེ་བ་དང་། སློབ་པ་ལས་སོ། །དེ་ལས་ལྔ། བཞི་པོ་དེ་དག་ཉིད་

དང་། མི་སློབ་པའོ། །མི་སློབ་པ་ནི་ལྔ་ལས་སོ། །བཤད་མ་ཐག་པའི་ལྔ་པོ་དེ་ཉིད་ལས་སོ། །དེ་ལས་སེམས་ནི་བཞི་དག་གོ། །མི་སློབ་པའི་སེམས་དེའི་མཇུག་ཐོགས་སུ་ནི་སེམས་བཞི་འབྱུང་སྟེ། ཁམས་གསུམ་པའི་དགེ་བ་དང་། མི་སློབ་པའོ། །སེམས་བཅུ་གཉིས་རྫོགས་སོ།། །།

ཡང་བཅུ་གཉིས་དེ་དག་ཉི་ཤུར་ཡང་བཤད་དེ། ཇི་ལྟར་བྱས་ནས་ཤེ་ན། གསུམ་དུ་སྐྱེས་ནས་ཐོབ་པ་དང་། །སྦྱོར་བྱུང་དགེ་རྣམས་གཉིས་ཕྱེ་ནས། །ཁམས་གསུམ་པོ་དག་ཏུ་སྐྱེས་ནས་ཐོབ་པ་དང་སྦྱོར་བ་ལས་བྱུང་བའི་དགེ་བའི་སེམས་རྣམ་པ་གཉིས་སུ་དབྱེའོ། །རྣམ་སྨིན་སྐྱེས་དང་

སྤྱོད་ལམ་པ། །བཟོ་ཡི་གནས་དང་སྤྲུལ་པ་དང་། །འདོད་ན་ལུང་བསྟན་མིན་རྣམ་བཞིར། །ཕྱེ་ནས་ཞེས་བྱ་བར་སྦྱར་ཏེ། འདོད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ལ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དང་། སྤྱོད་ལམ་པ་དང་། བཟོའི་གནས་པ་དང་། སྤྲུལ་པའི་

Vol. 140 · folio 105a

སེམས་དང་རྣམ་པ་བཞིར་དབྱེའོ། །གཟུགས་ན་བཟོ་མ་གཏོགས་པའོ། །གཟུགས་ཀྱི་ཁམས་ནི་རྣམ་པ་གསུམ་དབྱེ་སྟེ། དེ་ན་བཟོ་མེད་པའི་ཕྱིར་བཟོའི་གནས་པ་མ་གཏོགས་སོ། །དེ་ལྟར་ན་སེམས་བཅུ་གཉིས་པོ་དེ་དག་ནི་ཡང་དགེ་བ་དྲུག་དང་། མ་

བསྒྲིབས་ལ་ལུང་དུ་མ་བསྟན་པ་བདུན་དུ་ཕྱེ་ནས་ཉི་ཤུར་འགྱུར་རོ། །གཟུགས་མེད་པའི་ཁམས་ན་ནི་སྤྱོད་ལམ་ལ་སོགས་པ་མེད་པའི་ཕྱིར་སྤྱོད་ལམ་པ་ལ་སོགས་པའི་སེམས་མེད་དོ། །དེ་དག་གི་དམིགས་པ་ནི་གཟུགས་དང་། དྲི་དང་རོ་དང་རེག་བྱ་རྣམས་ཡིན་ནོ། །བཟོའི་

གནས་པ་ནི་སྒྲ་ཡང་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་དག་ཁོ་ན་ཡིན་ནོ། །སྤྱོད་ལམ་པ་དང་། བཟོའི་གནས་པ་དག་གི་སྦྱོར་བ་པ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་ཡིན་ནོ། །གཞན་དག་ན་རེ་བཟོའི་གནས་པས་མངོན་པར་བསྒྲུབས་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་མཆེད་བཅུ་

གཉིས་ལ་དམིགས་པ་ཡང་ཡོད་དོ་ཞེས་ཟེར་རོ། །ཡང་སེམས་ཉི་ཤུ་པོ་འདི་དག་ལས་གང་གི་མཇུག་ཐོགས་སུ་གང་ཞིག་འབྱུང་ཞེ་ན། རེ་ཞིག་འདོད་པ་ན་སྤྱོད་པའི་བརྒྱད་ལས་སྦྱོར་བ་ལས་བྱུང་བའི་མཇུག་ཐོགས་སུ་ནི་སེམས་བཅུ་འབྱུང་སྟེ། མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་

པ་རང་གི་ས་པ་བདུན་དང་། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང་། སློབ་པ་དང་། མི་སློབ་པའོ། །དེ་ནི་བརྒྱད་ཀྱི་མཇུག་ཐོགས་སུ་འབྱུང་སྟེ། རང་གི་དགེ་བ་དང་། ཉོན་མོངས་པ་ཅན་དག་དང་། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང་། ཉོན་མོངས་པ་ཅན་དག་དང་།

སློབ་པ་དང་། མི་སློབ་པ་དག་ལས་སོ། །སྐྱེས་ནས་ཐོབ་པའི་མཇུག་ཐོགས་སུ་ནི་དགུ་སྟེ། མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་རང་གི་ས་པ་བདུན་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་གོ། །དེ་ནི་བཅུ་གཅིག་གི་མཇུག་ཐོགས་སུ་

འབྱུང་སྟེ། སྔ་མ་བཞིན་དུ་རང་གི་བདུན་དང་། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང་། ཉོན་མོངས་པ་ཅན་དག་དང་། སློབ་པ་དང་། མི་སློབ་པ་དག་ལས་སོ། །མི་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པའི་མཇུག་ཐོགས་སུ་ནི་བདུན་ཏེ། སྔ་མ་བཞིན་དུ་རང་གི་དག་ཁོ་ནའོ། །

Vol. 140 · folio 105b

དེ་དག་ནི་སེམས་བཅུ་བཞིའི་མཇུག་ཐོགས་སུ་འབྱུང་སྟེ། རང་གི་བདུན་དང་། སྦྱོར་བ་ལས་བྱུང་བ་དང་། མངོན་པར་ཤེས་པའི་འབྲས་བུ་དག་མ་གཏོགས་པ་གཟུགས་ན་སྤྱོད་པ་བཞི་དང་། སྦྱོར་བ་ལས་བྱུང་བ་མ་གཏོགས་པ་གཟུགས་མེད་པ་ན་སྤྱོད་པ་གསུམ་ལས་སོ། །སྤྱོད་ལམ་པ་

དང་། རྣམ་པར་སྨིན་པ་ལས་སྐྱེས་པའི་མཇུག་ཐོགས་སུ་ནི་བརྒྱད་དེ། སྦྱོར་བ་ལས་བྱུང་བ་དང་། མངོན་པར་ཤེས་པའི་འབྲས་བུ་དག་མ་གཏོགས་པ་རང་གི་ས་པ་དྲུག་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་གོ། །དེ་དག་ནི་སེམས་བདུན་གྱི་མཇུག་

ཐོགས་སུ་འབྱུང་སྟེ། སྔ་མ་བཞིན་དུ་རང་གི་བདུན་ཁོ་ན་ལས་སོ། །བཟོའི་གནས་པའི་མཇུག་ཐོགས་སུ་ནི་དྲུག་སྟེ། སྦྱོར་བ་ལས་བྱུང་བ་དང་། མངོན་པར་ཤེས་པའི་འབྲས་བུ་དག་མ་གཏོགས་པ་རང་གི་རྣམས་ཁོ་ནའོ། །དེ་ནི་བདུན་གྱི་མཇུག་ཐོགས་སུ་འབྱུང་སྟེ། མངོན་པར་ཤེས་པའི་

འབྲས་བུ་མ་གཏོགས་པ་རང་གི་དག་ཁོ་ན་ལས་སོ། །མངོན་པར་ཤེས་པའི་འབྲས་བུའི་མཇུག་ཐོགས་སུ་ནི་གཉིས་ཏེ། མངོན་པར་ཤེས་པའི་འབྲས་བུ་དང་རང་གི་དྲུག་དང་། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བའོ། །དེ་ཡང་དེ་གཉིས་ཁོ་ན་ལས་སོ། །ད་ནི་གཟུགས་ན་སྤྱོད་པའི་

དྲུག་གི་བརྗོད་པར་བྱ་སྟེ། སྦྱོར་བ་ལས་བྱུང་བའི་མཇུག་ཐོགས་སུ་ནི་བཅུ་གཉིས་ཏེ། འདོད་པ་ན་སྤྱོད་པའི་དགེ་བ་དག་དང་། མངོན་པར་ཤེས་པའི་འབྲས་བུ་དང་། རང་གི་དྲུག་དང་། གཟུགས་མེད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང་། སློབ་པ་དང་། མི་སློབ་པའོ། །དེ་ན་སེམས་

བཅུའི་མཇུག་ཐོགས་སུ་འབྱུང་སྟེ། འདོད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང་། མངོན་པར་ཤེས་པའི་འབྲས་བུ་དག་དང་། སྤྱོད་ལམ་པ་དང་། རྣམ་པར་སྨིན་པ་ལས་སྐྱེས་པའི་དག་མ་གཏོགས་པ་རང་གི་བཞི་དང་། གཟུགས་མེད་པ་ན་སྤྱོད་པ་སྦྱོར་བ་ལས་བྱུང་བ་དང་། ཉོན་མོངས་

པ་ཅན་དག་དང་། སློབ་པ་དང་། མི་སློབ་པ་དག་ལས་སོ། །སྐྱེས་ནས་ཐོབ་པའི་མཇུག་ཐོགས་སུ་ནི་བརྒྱད་དེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་དང་། མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་རང་གི་ལྔ་དང་། གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ནོ། །

Vol. 140 · folio 106a

དེ་ནི་ལྔ་ལས་ཏེ། མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་རང་གི་དག་ཁོ་ན་ལས་སོ། །ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་ནི་དགུ་སྟེ། འདོད་པ་ན་སྤྱོད་པའི་དགེ་བ་དག་དང་། ཉོན་མོངས་པ་ཅན་དག་སྟེ་བཞི་དང་། མངོན་པར་ཤེས་པའི་འབྲས་

བུ་མ་གཏོགས་པ་རང་གི་ལྔའོ། །དེ་ནི་སེམས་བཅུ་གཅིག་གི་མཇུག་ཐོགས་སུ་འབྱུང་སྟེ། འདོད་པ་ན་སྤྱོད་པའི་སྐྱེས་ནས་ཐོབ་པ་དང་། སྤྱོད་ལམ་པ་དང་། རྣམ་པར་སྨིན་པ་ལས་སྐྱེས་པ་དག་དང་། མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་རང་གི་ལྔ་དང་། སྦྱོར་བ་ལས་

བྱུང་བ་མ་གཏོགས་པ་གཟུགས་མེད་པ་ན་སྤྱོད་པ་གསུམ་ལས་སོ། །སྤྱོད་ལམ་པའི་མཇུག་ཐོགས་སུ་ནི་བདུན་ཏེ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་དང་། སྦྱོར་བ་ལས་བྱུང་བ་དང་། མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་རང་གི་བཞི་དང་། གཟུགས་མེད་པ་

ན་སྤྱོད་པའི་ཉོན་མོངས་པ་ཅན་ནོ། །དེ་ནི་ལྔའི་མཇུག་ཐོགས་སུ་འབྱུང་སྟེ། མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་རང་གི་དག་ཁོ་ན་ལས་སོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །མངོན་པར་ཤེས་པའི་འབྲས་བུའི་མཇུག་ཐོགས་སུ་

ནི་གཉིས་ཏེ། རང་གི་སྦྱོར་བ་ལས་བྱུང་བ་དང་། མངོན་པར་ཤེས་པའི་འབྲས་བུ་དག་ཁོ་ནའོ། །དེ་ཡང་དེ་དག་ཁོ་ན་ལས་སོ། །ད་ནི་གཟུགས་མེད་པ་ན་སྤྱོད་པའི་བཞི་བརྗོད་པར་བྱ་སྟེ། སྦྱོར་བ་ལས་བྱུང་བའི་མཇུག་ཐོགས་སུ་ནི་བདུན་ཏེ། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་

བ་དང་། རང་གི་བཞི་དང་། སློབ་པ་དང་། མི་སློབ་པའོ། །དེ་ནི་སེམས་དྲུག་གི་མཇུག་ཐོགས་སུ་འབྱུང་སྟེ། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང་། རྣམ་པར་སྨིན་པ་ལས་སྐྱེས་པ་མ་གཏོགས་པ་རང་གི་གསུམ་དང་། སློབ་པ་དང་མི་སློབ་པ་དག་ལས་སོ། །སྐྱེས་ནས་

ཐོབ་པའི་མཇུག་ཐོགས་སུ་ནི་བདུན་ཏེ། རང་གི་བཞི་དང་། ས་འོག་མ་པའི་ཉོན་མོངས་པ་ཅན་དག་གོ། །དེ་ནི་བཞི་ལས་ཏེ། རང་གི་དག་ཁོ་ན་ལས་སོ། །ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་ནི་བརྒྱད་དེ། རང་གི་བཞི་དང་། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང་།

Vol. 140 · folio 106b

ཉོན་མོངས་པ་ཅན་དག་དང་། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་གོ། །དེ་ནི་བཅུའི་མཇུག་ཐོགས་སུ་འབྱུང་སྟེ། རང་གི་བཞི་དང་། འདོད་པ་དང་གཟུགས་ན་སྤྱོད་པའི་སྐྱེ་གནས་ཐོབ་པ་དང་། སྤྱོད་ལམ་པ་དང་། རྣམ་པར་སྨིན་པ་ལས་སྐྱེས་པ་དག་ལས་སོ། །རྣམ་པར་སྨིན་

པ་ལས་སྐྱེས་པའི་མཇུག་ཐོགས་སུ་ནི་དྲུག་སྟེ། སྦྱོར་བ་ལས་བྱུང་བ་མ་གཏོགས་པ་རང་གི་གསུམ་དང་། འོག་མའི་ཉོན་མོངས་པ་ཅན་གསུམ་མོ། །དེ་ནི་བཞི་ལས་ཏེ། རང་གི་དག་ཁོ་ན་ལས་སོ། །སློབ་པའི་མཇུག་ཐོགས་སུ་ནི་དྲུག་སྟེ། ཁམས་གསུམ་པའི་སྦྱོར་བ་ལས་བྱུང་བ་

རྣམས་དང་། འདོད་པ་ན་སྤྱོད་པའི་སྐྱེ་གནས་ཐོབ་པ་དང་། སློབ་པ་དང་། མི་སློབ་པའོ། །དེ་ནི་བཞི་ལས་ཏེ། སྦྱོར་བ་ལས་བྱུང་བ་གསུམ་དང་། སློབ་པ་ལས་སོ། །མི་སློབ་པའི་མཇུག་ཐོགས་སུ་ནི་ལྔ་སྟེ། སློབ་པ་གཅིག་པུ་མ་གཏོགས་པ་སློབ་པའི་མཇུག་ཐོགས་ཇི་ལྟ་བ་བཞིན་དུ།

དེ་ནི་ལྔ་ལས་ཏེ། སྦྱོར་བ་ལས་བྱུང་བ་གསུམ་དང་། སློབ་པ་དང་། མི་སློབ་པ་དག་ལས་སོ། །ཅིའི་ཕྱིར་སྦྱོར་བ་ལས་བྱུང་བའི་སེམས་ཀྱི་མཇུག་ཐོགས་སུ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དང་། སྤྱོད་ལམ་པ་དང་། བཟོའི་གནས་པའི་སེམས་དག་འབྱུང་ལ། སྦྱོར་བ་ལས་བྱུང་བ་ནི་

དེ་དག་ལས་མ་ཡིན་ཞེ་ན། དེ་དག་ནི་སྤྱོད་ལམ་དང་། བཟོ་མངོན་པར་འདུ་བྱ་བ་ལ་ཞུགས་པའི་ཕྱིར་དང་། སྟོབས་ཆུང་བ་དང་། མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ཕྱིར་སྦྱོར་བ་ལས་བྱུང་བའི་རྗེས་སུ་མཐུན་པ་མ་ཡིན་ནོ། །འབྱུང་བའི་སེམས་ནི་མངོན་པར་འདུ་བྱ་བ་མེད་པར་

འཇུག་པས་དེ་ནི་སྦྱོར་བ་ལས་བྱུང་བའི་སེམས་ཀྱི་མཇུག་ཐོགས་སུ་འབྱུང་བར་རིགས་སོ། །དེ་ལྟ་ན་འོ་ན་ནི་ཉོན་མོངས་པ་ཅན་དག་ལས་ཀྱང་སྦྱོར་བ་ལས་བྱུང་བ་འབྱུང་བར་མི་འགྱུར་ཏེ། མི་མཐུན་པའི་ཕྱིར་རོ། །འོན་ཀྱང་ཉོན་མོངས་པ་ཀུན་ཏུ་འབྱུང་བས་ཡོངས་སུ་སྐྱོ་བ་ལ་ནི་དེ་ཡོངས་སུ་

ཤེས་པ་ལས་སྦྱོར་བ་ལས་བྱུང་བ་མངོན་དུ་འགྱུར་བར་རིགས་སོ། །འདོད་པ་ན་སྤྱོད་པའི་སྐྱེ་གནས་ཐོབ་པ་ལ་ནི་གསལ་བའི་ཕྱིར་སློབ་པ་དང་། མི་སློབ་པ་དང་། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་མཇུག་ཐོགས་སུ་འབྱུང་གི་མངོན་པར་འདུ་བྱ་བ་མེད་པར་འབྱུང་བའི་ཕྱིར་དེ་

Vol. 140 · folio 107a

ལས་ནི་དེ་དག་མི་འབྱུང་ངོ་། །གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་ནི་འདོད་པ་ན་སྤྱོད་པའི་སྐྱེ་གནས་ཐོབ་པ་འབྱུང་སྟེ། གསལ་བའི་ཕྱིར་རོ། །གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་ནི་གཟུགས་ན་སྤྱོད་པའི་

སྐྱེ་གནས་ཐོབ་པ་མི་འབྱུང་སྟེ། མི་གསལ་བའི་ཕྱིར་རོ། །ཡིད་ལ་བྱེད་པ་ནི་གསུམ་སྟེ། རང་གི་མཚན་ཉིད་ཡིད་ལ་བྱེད་པ་ནི་དཔེར་ན་གཟུགས་ནི་གནོད་པར་བྱར་རུང་བའི་མཚན་ཉིད་ཅན་ནོ་སྙམ་པ་དེ་ལྟ་བུ་ལ་སོགས་པའོ། །སྤྱིའི་མཚན་ཉིད་ཡིད་ལ་བྱེད་པ་ནི་རྣམ་པ་བཅུ་དྲུག་དང་ལྡན་

པའོ། །མོས་པ་ཡིད་ལ་བྱེད་པ་ནི་མི་སྡུག་པ་དང་། ཚད་མེད་པ་དང་། གཟུགས་ཅན་གྱི་རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་ལ་སོགས་པ་དག་ལའོ། །དེ་ལ་ཡིད་ལ་བྱེད་པ་རྣམ་པ་གསུམ་གྱི་མཇུག་ཐོགས་སུ་འཕགས་པའི་

ལམ་མངོན་དུ་བྱེད་ལ། དེ་ལས་ཀྱང་ཡིད་ལ་བྱེད་པ་རྣམ་པ་གསུམ་སྟེ། དེ་ལྟ་ན་མི་སྡུག་པ་དང་། ལྷན་ཅིག་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྒོམ་པར་བྱེད་དོ་ཞེས་བྱ་བ་འདི་རིགས་པ་ཡིན་ནོ། །གཞན་དག་ན་རེ་སྤྱི་ཡིད་ལ་བྱེད་པ་ཁོ་ནའི་མཇུག་ཐོགས་སུ་འཕགས་པའི་

ལམ་མངོན་དུ་བྱེད་ལ། དེ་ལས་ནི་རྣམ་པ་གསུམ་སྟེ། མི་སྡུག་པས་སེམས་བཏུལ་ནས་སྤྱི་ཡིད་ལ་བྱེད་པའི་མཇུག་ཐོགས་སུ་འཕགས་པའི་ལམ་མངོན་དུ་བྱེད་པ་དེའི་ཕྱིར་བརྒྱུད་པ་ལས་དགོངས་ནས་མི་སྡུག་པ་དང་ལྷན་ཅིག་པའི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྒོམ་པར་

བྱེད་དོ་ཞེས་གསུངས་སོ་ཞེས་ཟེར་རོ། །གཞན་དག་ན་རེ་འཕགས་པའི་ལམ་གྱི་མཇུག་ཐོགས་སུ་ཡང་སྤྱི་ཡིད་ལ་བྱེད་པ་ཁོ་ནའོ་ཞེས་ཟེར་རོ། །རེ་ཞིག་མི་ལྕོགས་པ་མེད་པ་ལ་སོགས་པ་ས་གསུམ་ལ་བརྟེན་ནས་ངེས་པ་ལ་འཇུག་ན་ནི་ལམ་དེ་རྣམས་ཀྱི་མཇུག་ཐོགས་སུ་

འདོད་པ་ན་སྤྱོད་པའི་སྤྱི་ཡིད་ལ་བྱེད་པ་མངོན་དུ་བྱེད་པ་པར་འགྱུར་ན། གལ་ཏེ་བསམ་གཏན་གཉིས་པ་ལ་སོགས་པ་ལ་བརྟེན་ནས་ངེས་པ་ལ་འཇུག་ན་གོ་ཇི་ལྟར་ཏེ། ཤིན་ཏུ་བསྐལ་པའི་ཕྱིར་འདོད་པ་ན་སྤྱོད་པ་ནི་མི་ནུས་སོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་མ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words