ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པ

Sanskrit title (Tibetan script, as in the text) ཨ་བྷི་དྷརྨྨ་ཀོ་ཤ་ཀཱ་རི་ཀཱ་ཤཱསྟྲ་བྷཱ་ཥྱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 141 · folio 95b

༄༅༅། །རྒྱ་གར་སྐད་དུ། ཨ་བྷི་དྷརྨྨ་ཀོ་ཤ་ཀཱ་རི་ཀཱ་ཤཱསྟྲ་བྷཱ་ཥྱ། བོད་སྐད་དུ། ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པ། བམ་པོ་དང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་མུན་པ་ཐམས་ཅད་གཏན་བཅོམ་ཞིང་། །འཁོར་

བའི་འདམ་རྫབ་ལས་ནི་འགྲོ་བ་དྲངས། །ཇི་བཞིན་དོན་སྟོན་དེ་ལ་ཕྱག་འཚལ་ལོ། །བསྟན་བཅོས་ཆོས་མངོན་མཛོད་རབ་བཤད་པར་བྱ། །བསྟན་བཅོས་མཛད་པར་བཞེད་པས་རང་གི་སྟོན་པའི་ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར་ཡོན་ཏན་ཐོག་མར་སྨོས་ཏེ་དེ་ལ་ཕྱག་འཚལ་བརྩོམ་མོ། །གང་གིས་ཞེས་བྱ་

བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས་སྨྲས་པའོ། །འདིའི་འམ་འདིས་མུན་པ་བཅོམ་པས་མུན་པ་བཅོམ་པའོ། །ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་མུན་པ་བཅོམ་པས་མུན་པ་ཐམས་ཅད་བཅོམ་པའོ། །མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་གེགས་བྱེད་པའི་ཕྱིར་མུན་པ་སྟེ། དེ་ཡང་སངས་

རྒྱས་བཅོམ་ལྡན་འདས་ཀྱིས་གཉེན་པོ་བརྙེས་ནས་ཤེས་བྱ་ཐམས་ཅད་ལ་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པས་ཤིན་ཏུ་གཏན་བཅོམ་པ་སྟེ། དེའི་ཕྱིར་དེ་ནི་མུན་པ་ཐམས་ཅད་གཏན་བཅོམ་པའོ། །དེ་ལྟར་བདག་ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པས་བསྟོད་ནས། ཡང་བཅོམ་ལྡན་འདས་དེ་ཉིད་ལས་གཞན་

ལ་ཕན་པ་སྒྲུབ་པ་ཕུན་སུམ་ཚོགས་པས་བསྟོད་པ་ནི། འཁོར་བའི་འདམ་རྫབ་ལས་ནི་འགྲོ་བ་དྲངས། །ཞེས་བྱ་བ་ལ། འཁོར་བ་ནི་འགྲོ་བ་ཀུན་དུ་ཆགས་པའི་གནས་ཡིན་པའི་ཕྱིར་དང་། རྒལ་བར་དཀའ་བའི་ཕྱིར་འདམ་རྫབ་ཏུ་གྱུར་པ་ཡིན་ཏེ། འགྲོ་བ་དེར་བྱིང་བ་སྐྱབས་མེད་པ་ལ་བཅོམ་ལྡན་འདས་ཐུགས་

བརྩེ་བ་དང་ལྡན་པས་དམ་པའི་ཆོས་བསྟན་པའི་ཕྱག་བརྐྱང་ནས་སྐལ་བ་ཇི་ལྟ་བ་བཞིན་དུ་དྲངས་སོ། །འདི་ནི་གཞན་ལ་ཕན་པ་སྒྲུབ་པའི་ཐབས་ཡིན་པར་སྟོན་ཏེ། དེ་ནི་སྟོན་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་བསྟན་པས་འཁོར་བའི་འདམ་རྫབ་ལས་འགྲོ་བ་དྲངས་ཀྱི། རྫུ་འཕྲུལ་དང་དམ་པ་སྦྱིན་པ་དང་མཐུས་ནི་

མ་ཡིན་ནོ། །དོན་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་སྟོན་པས་ན་ཇི་བཞིན་དོན་སྟོན་པའོ། །དེ་ལྟར་བདག་དང་གཞན་ལ་ཕན་པ་སྒྲུབ་པའི་ཕུན་སུམ་ཚོགས་པ་དེ་ལྟ་བུ་དང་ལྡན་པ་གང་ཡིན་པ་དེ་ལ་ཕྱག་འཚལ་ཏེ་ཞེས་བྱ་བ་ནི་མགོས་གཏུགས་པའོ། །ཇི་བཞིན་དོན་སྟོན་དེ་ལ་ཕྱག་འཚལ་ནས་ཅི་ཞིག་བྱ་ཞེ་ན།

Vol. 141 · folio 96a

སྨྲས་པ། བསྟན་བཅོས་རབ་བཤད་བྱ། སློབ་མ་འཆོས་པའི་ཕྱིར་བསྟན་བཅོས་སོ། །བསྟན་བཅོས་གང་ཞེ་ན། སྨྲས་པ། ཆོས་མངོན་མཛོད་འདིར་ཆོས་མངོན་པ་ཞེས་བྱ་བ་ཅི་ཞིག་ཡིན། ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། །དེ་ལ་ཤེས་རབ་ཅེས་བྱ་བ་ནི་ཆོས་རབ་ཏུ་རྣམ་པར་

འབྱེད་པའོ། །དྲི་མེད་ཅེས་བྱ་བ་ནི་ཟག་པ་མེད་པའོ། །རྗེས་འབྲང་བཅས་ཞེས་བྱ་བ་ནི་འཁོར་དང་བཅས་པ་སྟེ། དེ་ལྟར་ན་ཟག་པ་མེད་པའི་ཕུང་པོ་ལྔ་པོ་ཅན་རྣམས་ལ་ཆོས་མངོན་པ་ཞེས་བསྟན་པར་འགྱུར་ཏེ། དེ་དག་ནི་རེ་ཞིག་དོན་དམ་པའི་ཆོས་མངོན་པའོ། །བརྡར་བཏགས་པ་ནི། དེ་ཐོབ་བྱ་ཕྱིར་གང་དང་

བསྟན་བཅོས་གང་། །གང་དང་ཞེས་བྱ་བ་ནི་ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བ་དང་། སྐྱེས་ནས་ཐོབ་པའི་ཤེས་རབ་ཟག་པ་དང་བཅས་པ་འཁོར་དང་བཅས་པའོ། །བསྟན་བཅོས་གང་ཞེས་བྱ་བ་ནི་དེ་ཡང་ཟག་པ་མེད་པའི་ཤེས་རབ་དེ་དག་འཐོབ་པར་བྱེད་པའི་ཕྱིར་དེའི་ཚོགས་སུ་

གྱུར་པས་ཆོས་མངོན་པ་ཞེས་བྱ་བ་ཡིན་ནོ། །ངེས་པའི་ཚིག་ཏུ་རང་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་སོ། །དེ་བས་ན་འདི་ནི་དོན་དམ་པའི་ཆོས་མྱ་ངན་ལས་འདས་པའམ་ཆོས་ཀྱི་མཚན་ཉིད་ལ་མངོན་དུ་ཕྱོགས་པའི་ཕྱིར་ཆོས་མངོན་པའོ། །ཆོས་མངོན་པ་ནི་བཤད་ཟིན་ཏོ། །བསྟན་བཅོས་འདི་ནི་ཇི་ལྟར་ན་

ཆོས་མངོན་པའི་མཛོད་ཡིན་ཞེ་ན། དེ་ཡི་དོན་འདིར་ཡང་དག་ཆོས་ཕྱིར་རམ། །འདི་ཡི་གནས་དེ་ལ་ནི་ཆོས་མངོན་མཛོད། །བསྟན་བཅོས་ཆོས་མངོན་པ་ཞེས་བྱ་བ་དེའི་དོན་གཙོ་བོ་ཇི་ལྟ་བ་རྣམས་འདིར་ཆུད་པས་དེ་ལྟར་ན་བསྟན་བཅོས་འདི་ནི་དེའི་མཛོད་ལྟ་བུ་ཡིན་ནོ། །ཡང་ན་དེ་ལས་འདི་ཕྱུང་བས་བསྟན་

བཅོས་འདིའི་གནས་སུ་གྱུར་པ་ནི་ཆོས་མངོན་པ་དེ་ཡིན་ཏེ། དེའི་ཕྱིར་ན་ཆོས་མངོན་པ་དེ་ཉིད་འདིའི་མཛོད་ཡིན་ནོ། །དེ་བས་ན་བསྟན་བཅོས་འདི་ནི་ཆོས་མངོན་པའི་མཛོད་དོ། །ཡང་ཅིའི་ཕྱིར་ན་ཆོས་མངོན་པ་བསྟན། འདི་དང་པོ་ཉིད་དུ་སུས་བསྟན་ན། གང་གི་ཕྱིར་སློབ་དཔོན་ཆོས་མངོན་པ་འཆད་པར་གུས་ཤེ་

ན། སྨྲས་པ། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །འཇིག་རྟེན་ཉོན་མོངས་རྣམས་ཀྱིས་སྲིད་པའི་རྒྱ་མཚོ་འདིར། །འཁྱམས་ཏེ་དེ་ཕྱིར་འདི་ནི་སྟོན་པས་གསུངས་ཞེས་གྲག །གང་གི་ཕྱིར་ཆོས་རབ་ཏུ་རྣམ་པར་འབྱེད་པ་མེད་པར་ཉོན་མོངས་པ་ཉེ་བར་

Vol. 141 · folio 96b

ཞི་བར་བྱ་བའི་ཐབས་མེད་ལ། ཉོན་མོངས་པ་རྣམས་ཀྱིས་ཀྱང་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར་འཇིག་རྟེན་འཁྱམས་ཏེ། དེའི་ཕྱིར་ཆོས་རབ་ཏུ་རྣམ་པར་དབྱེ་བ་དེའི་དོན་དུ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་མངོན་པ་གསུངས་སོ་ཞེས་གྲག་གོ། །ཆོས་མངོན་པ་བསྟན་པ་མེད་པར་ནི་སློབ་མས་རབ་ཏུ་

རྣམ་པར་དབྱེ་བར་མི་ནུས་སོ། །གང་དག་ཆོས་མངོན་པ་བསྟན་པས་རབ་ཏུ་རྣམ་པར་དབྱེ་བར་བྱ་བའི་ཆོས་དེ་དག་ཀྱང་གང་ཞེ་ན། སྨྲས་པ། ཆོས་རྣམས་ཟག་བཅས་ཟག་པ་མེད། །འདི་ནི་ཆོས་ཐམས་ཅད་མདོར་བསྡུས་ཏེ་བསྟན་པའོ། །དེ་ལ་ཟག་པ་དང་བཅས་པའི་ཆོས་གང་ཞེ་ན། སྨྲས་པ། ལམ་མ་གཏོགས་པའི་

འདུས་བྱས་རྣམས་ཟག་བཅས། །ལམ་གྱི་བདེན་པ་མ་གཏོགས་པ་གཞན་འདུས་བྱས་ཀྱི་ཆོས་རྣམས་ནི་ཟག་པ་དང་བཅས་པ་དག་གོ། །དེ་ཅིའི་ཕྱིར་ཞེ་ན། གང་ཕྱིར་དེ་དག་ལ། ཟག་རྣམས་ཀུན་དུ་རྒྱས་པར་འགྱུར། །ཟག་པ་དང་བཅས་པ་དག་བཤད་ཟིན་ཏོ། །ཟག་པ་མེད་པ་རྣམས་གང་ཞེ་ན། ཟག་མེད་

ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམ་གསུམ་ཡང་སྟེ། །རྣམ་གསུམ་གང་ཞེ་ན། ནམ་མཁའ་དང་ནི་འགོག་པ་གཉིས། །གཉིས་གང་ཞེ་ན། སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་སྟེ། དེ་ལྟར་ན་ནམ་མཁའ་ལ་སོགས་པ་འདུས་མ་བྱས་གསུམ་པོ་དེ་དག་

དང་། ལམ་གྱི་བདེན་པ་ནི་ཟག་པ་མེད་པའི་ཆོས་རྣམས་ཏེ། དེ་དག་ལ་ཟག་པ་ཀུན་དུ་རྒྱས་པར་འགྱུར་བ་མེད་པའི་ཕྱིར་རོ། །དེ་ལྟར་འདུས་མ་བྱས་རྣམ་པ་གསུམ་བསྟན་པ་གང་ཡིན་པ། དེ་ལ་ནམ་མཁའ་མི་སྒྲིབ་པ། །ནམ་མཁའ་ནི་སྒྲིབ་པ་མེད་པའི་རང་བཞིན་ཏེ་གང་དུ་གཟུགས་འགྲོར་རུང་བའོ། །སོ་སོར་

བརྟགས་པའི་འགོག་པ་གང་བྲལ་ལ། །གང་ཟག་པ་དང་བཅས་པའི་ཆོས་རྣམས་དང་བྲལ་བ་དེ་ནི་སོ་སོར་བརྟགས་པའི་འགོག་པ་སྟེ། སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་ལ་ཡང་དང་ཡང་དུ་བརྟགས་པ་ནི་སོ་སོར་བརྟགས་པ་སྟེ་ཤེས་རབ་ཀྱི་ཁྱད་པར་རོ། །དེས་ཐོབ་པར་བྱ་བའི་

འགོག་པ་ནི་སོ་སོར་བརྟགས་པའི་འགོག་པའོ། །ཅི་ཟག་པ་དང་བཅས་པའི་ཆོས་རྣམས་ཐམས་ཅད་ལ་སོ་སོར་བརྟགས་པས་འགོག་པ་གཅིག་ཁོ་ནའམ་ཞེ་ན་སྨྲས་པ། མ་ཡིན་ནོ། །འོ་ན་ཅི་ཞིག་ཡིན། སོ་སོ་རེ་རེ་ཡིན། ཀུན་དུ་སྦྱོར་བའི་རྫས་རྣམས་ཇི་སྙེད་པ་བྲལ་བའི་རྫས་རྣམས་ཀྱང་དེ་སྙེད་དོ། །སོ་སོར་

Vol. 141 · folio 97a

བརྟགས་པའི་འགོག་པ་བཤད་ཟིན་ཏོ། །སྐྱེ་ལ་གཏན་ཏུ་བགེགས་བྱེད་པ། །སོ་སོར་བརྟགས་པས་འགོག་མིན་གཞན། །མ་འོངས་པའི་ཆོས་རྣམས་སྐྱེ་བ་ལ་གཏན་དུ་བགེགས་སུ་གྱུར་པ་བྲལ་བ་ལས་གཞན་པའི་འགོག་པ་གང་ཡིན་པ་དེ་ནི་སོ་སོར་བརྟགས་པ་མ་ཡིན་པའི་

འགོག་པ་སྟེ། དཔེར་ན་གཟུགས་གཅིག་ལ་སྐྱེས་བུའི་མིག་ལྷག་པར་ཞེན་པ་ན་གང་དག་གཟུགས་གཞན་རྣམས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་འདས་པས་དེ་ལ་དམིགས་པའི་རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་ལ་ཡང་སྐྱེ་བར་མི་ནུས་ཏེ། དེ་དག་འདས་པའི་ཡུལ་ལ་དམིགས་པའི་མཐུ་

མེད་དོ། །དེའི་ཕྱིར་དེ་དག་གི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དེ་ནི་རྐྱེན་མ་ཚང་བས་འཐོབ་པོ། །འདུས་མ་བྱས་རྣམ་པ་གསུམ་བཤད་ཟིན་ཏོ། །ལམ་མ་གཏོགས་པའི་འདུས་བྱས་རྣམས་ཟག་བཅས་ཞེས་གང་སྨྲས་པ་ལ། འདུས་བྱས་དེ་དག་གང་ཞེ་ན། །འདུས་བྱས་པའི་ཆོས་དེ་ཡང་། །གཟུགས་

སོགས་ཕུང་པོ་ལྔ་པོ་སྟེ། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོའོ། །དེ་དག་ནི་འདུས་བྱས་ཀྱི་ཆོས་རྣམས་ཏེ་རྐྱེན་རྣམས་ཀྱིས་འདུས་ཤིང་ཕྲད་ནས་བྱས་པ་ནི་འདུས་བྱས་རྣམས་སོ། །དེ་ཉིད་དུས་དང་གཏམ་གཞི་དང་། །ངེས་པར་

འབྱུང་བཅས་གཞིར་བཅས་དང་། །དེ་ཉིད་ཅེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་རྣམས་སོ། །སོང་བ་དང་འགྲོ་བ་དང་འགྲོ་བར་འགྱུར་བའི་ཕྱིར་རམ། མི་རྟག་པ་ཉིད་ཀྱིས་ཟོས་པའི་ཕྱིར་དུས་སོ། །གཏམ་ནི་ངག་གོ། །དེའི་གཞི་ནི་མིང་སྟེ། དོན་དང་བཅས་པའི་དངོས་པོ་འཛིན་པའི་ཕྱིར་འདུས་བྱས་ནི་གཏམ་གྱི་གཞི་

ཞེས་བྱའོ། །ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། འདུས་བྱས་ཐམས་ཅད་ཀྱི་མྱ་ངན་ལས་འདས་པའོ། །དེ་འདི་དག་ལ་ཡོད་པས་ངེས་པར་འབྱུང་བ་དང་བཅས་པ་དག་གོ། །རྒྱུ་དང་བཅས་པའི་ཕྱིར་གཞིར་བཅས་དག་སྟེ། གཞིའི་སྒྲ་ནི་རྒྱུའི་ཚིག་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དེ་དག་ནི་འདུས་བྱས་

ཀྱི་ཆོས་ཀྱི་རྣམ་གྲངས་སོ། །ཡང་འདུས་བྱས་ཀྱི་ཆོས་དེ་དག་ཉིད་ནི། གང་དག་ཟག་དང་བཅས་དེ་དག །ཉེར་ལེན་ཕུང་པོ། །འདིས་ཅི་ཞིག་འགྲུབ་པར་འགྱུར་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་གང་ཡིན་པ་དེ་དག་ནི་ཕུང་པོ་ཉིད་ཡིན་ལ་ཉེ་བར་ལེན་པའི་ཕུང་པོ་མ་ཡིན་པ་དག་ཀྱང་ཡོད་དེ། ཟག་པ་མེད་པའི་འདུས་

Vol. 141 · folio 97b

བྱས་རྣམས་སོ། །དེ་ལ་ཉེ་བར་ལེན་པ་ནི་ཉོན་མོངས་པ་རྣམས་སོ། །དེ་ལས་བྱུང་བའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་དག་སྟེ། དཔེར་ན་རྩྭ་དང་སོག་མའི་མེ་བཞིན་པའམ། དེ་ལ་རག་ལུས་པའི་ཕྱིར་རྒྱལ་པོའི་མི་བཞིན་ནོ། །ཡང་ན་དེ་དག་ལས་ཉེ་བར་ལེན་པ་འབྱུང་བས་ཉེ་བར་ལེན་པའི་ཕུང་པོ་རྣམས་ཏེ། མེ་ཏོག་དང་འབྲས་བུའི་ལྗོན་

ཤིང་བཞིན་ནོ། །ཟག་པ་དང་བཅས་པའི་ཆོས་དེ་དག་ཉིད། འཐབ་བཅས་ཀྱང་ཞེས་བྱ་སྟེ། འཐབ་པ་ནི་ཉོན་མོངས་པ་རྣམས་ཏེ། བདག་དང་གཞན་ལ་གནོད་པའི་ཕྱིར་རོ། །དེ་ལ་ཕྲ་རྒྱས་སུ་གནས་པའི་ཕྱིར་འཐབ་བཅས་དག་སྟེ་ཟག་པ་དང་བཅས་པ་བཞིན་ནོ། །དེ་དག་སྡུག་བསྔལ་ཀུན་འབྱུང་དང་། །འཇིག་རྟེན་ལྟ་གནས་

སྲིད་པའང་ཡིན། །འཕགས་པ་རྣམས་དང་མི་མཐུན་པའི་ཕྱིར་སྡུག་བསྔལ་ལོ། །འདི་ལས་སྡུག་བསྔལ་ཀུན་འབྱུང་བས་ཀུན་འབྱུང་ངོ་། །འཇིག་པས་ན་འཇིག་རྟེན་ནོ། །འདི་ལ་ལྟ་བ་ཕྲ་རྒྱས་སུ་གནས་པའི་ཕྱིར་ལྟ་བའི་གནས་སོ། །འབྱུང་བས་ན་སྲིད་པ་སྟེ། དེ་ལྟར་ན་འདི་དག་ནི་ཟག་པ་དང་བཅས་པའི་ཆོས་

རྣམས་ཀྱི་དོན་དང་མཐུན་པའི་རྣམ་གྲངས་སོ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ་སྨྲས་པ་དེ་ལ། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་མ་ཡིན་ཉིད། །དབང་པོ་ལྔ་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་དབང་པོ་རྣམས་སོ། །དོན་ལྔ་ནི་མིག་ལ་སོགས་པ་དེ་དག་ཉིད་ཀྱི་ཡུལ་གང་

ཡིན་པ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། རྣམ་པར་རིག་བྱེད་མ་ཡིན་པ་སྟེ། དེ་སྙེད་ཅིག་ནི་གཟུགས་ཀྱི་ཕུང་པོའོ། །དེ་ལ་གང་དག་མིག་ལ་སོགས་པ་སྨྲས་པ་དེ་དག་ནི། མིག་ལ་སོགས་པ་གཟུགས་དང་བ། །དེ་ནི་རྣམ་པར་ཤེས་པའི་རྟེན། །གང་དག་མིག་གི་རྣམ་པར་ཤེས་པ་ལ་

སོགས་པའི་རྟེན་གཟུགས་དང་བའི་བདག་ཉིད་ལྔ་པོ་དེ་དག་ནི་རིམ་བཞིན་དུ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་སུ་རིག་པར་བྱའོ། །དབང་པོ་ལྔ་རྣམས་བཤད་ཟིན་ཏོ། །དོན་ལྔ་པོ་རྣམས་བཤད་པར་བྱ་སྟེ། དེ་ལ་རེ་ཞིག །གཟུགས་རྣམ་གཉིས་ལ། གཟུགས་ཞེས་བྱ་བ་ནི་

གཟུགས་ཀྱི་སྐྱེ་མཆེད་དོ། །རྣམ་གཉིས་ཞེས་བྱ་བ་ནི། ཁ་དོག་དང་དབྱིབས་སོ། །དེ་ལ་ཁ་དོག་ནི་སྔོན་པོ་ལ་སོགས་པ་རྣམ་པ་བཞིའོ། །གཞན་དག་ནི་དེའི་དབྱེ་བ་ལས་སོ། །དབྱིབས་ནི་རྣམ་པ་བརྒྱད་དེ། རིང་པོ་ལ་སོགས་པ་ནས་ཕྱ་ལེ་པ་མ་ཡིན་པའི་བར་དག་གོ། །ཡང་གཟུགས་ཀྱི་སྐྱེ་མཆེད་དེ་ཉིད་

Vol. 141 · folio 98a

རྣམ་པ་ཉི་ཤུ་ཞེས་བྱ་སྟེ། ཁ་དོག་དང་དབྱིབས་གཉིས་སྔོན་པོ་དང་སེར་པོ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་བཅུ་གཉིས་དང་། རྣམ་པ་བརྒྱད་དུ་དབྱེ་བའི་ཕྱིར་ཏེ་གོ་རིམས་བཞིན་ནོ། །སྒྲ་ནི་རྣམ་པ་བརྒྱད་དང་ནི། །ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་སེམས་ཅན་དང་

སེམས་ཅན་མ་ཡིན་པར་སྟོན་པ་སྟེ་རྣམ་པ་བཞིའོ། །དེ་ཡང་ཡིད་དུ་འོང་བ་དང་མི་འོང་བའི་བྱེ་བྲག་ལས་རྣམ་པ་བརྒྱད་དུ་འགྱུར་རོ། །རོ་རྣམ་དྲུག་དང་ཞེས་བྱ་བ་ནི་མངར་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། ཚ་བ་དང་། ཁ་བ་དང་། །བསྐ་བར་དབྱེ་བ་ལས་སོ། །དྲི་རྣམ་བཞི་ཞེས་བྱ་བ་ནི། དྲི་ཞིམ་པ་དང་། དྲི་

ང་བ་གཉིས་མཉམ་པ་དང་མི་མཉམ་པའི་ཕྱིར་རོ། །བསྟན་བཅོས་དག་ལས་ནི་རྣམ་པ་གསུམ་དུ་འབྱུང་སྟེ། དྲི་ཞིམ་པ་དང་། དྲི་ང་བ་དང་། དྲི་མཉམ་པའོ། །རེག་བྱ་བཅུ་གཅིག་བདག་ཉིད་དོ། །རེག་པར་བྱ་བའི་རྫས་ཀྱི་རང་བཞིན་ནི་བཅུ་གཅིག་སྟེ། འབྱུང་བ་ཆེན་པོ་བཞི་དག་དང་། འཇམ་པ་ཉིད་དང་།

རྩུབ་པ་ཉིད་དང་། ལྕི་བ་ཉིད་དང་། གྲང་བ་དང་། ཡང་བ་ཉིད་དང་། བཀྲེས་པ་དང་། སྐོམ་པའོ། །དབང་པོ་ལྔ་པོ་དང་དོན་ལྔ་དག་ནི་བཤད་ཟིན་ཏོ། །ད་ནི་རྣམ་པར་རིག་བྱེད་མ་ཡིན་པ་བཤད་པར་བྱ་སྟེ། དེ་ནི་འདི་སྐད་ཅེས་བྱའོ། །རྣམ་པར་གཡེངས་སེམས་མེད་པའི་ཡང་། དགེ་དང་མི་

དགེ་རྗེས་འབྲེལ་བས། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་མིན་ཞེས་ཟེར། །སེམས་རྣམ་པར་གཡེངས་པའི་ཞེས་བྱ་བ་ནི་དེ་ལས་གཞན་པའི་སེམས་ཀྱི་ཡང་ཡིན་ནོ། །སེམས་མེད་པའི་ཞེས་བྱ་བ་ནི་འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་པར་འཇུག་པའི་ཡིན་ནོ། །ཡང་

ཞེས་བྱ་བའི་སྒྲས་ནི་རྣམ་པར་མ་གཡེངས་པ་དང་། སེམས་དང་བཅས་པའི་ཡང་ཡིན་པར་མངོན་ནོ། །དགེ་བ་དང་མི་དགེ་བ་ཞེས་བྱ་བ་ནི་མཁས་པ་དང་མི་མཁས་པའོ། །རྗེས་འབྲེལ་ཞེས་བྱ་བ་ནི་རྒྱུན་ནོ། །འཐོབ་པའི་རྒྱུན་ཡང་འདི་ལྟ་བུ་ཡོད་པས་ཁྱད་པར་དུ་བྱ་བའི་ཕྱིར་འབྱུང་བ་ཆེན་པོ་རྒྱུར་བྱས་པ་ཞེས་བྱའོ། །སྐྱེད་

པ་ལ་སོགས་པ་རྒྱུའི་དངོས་པོ་ཡིན་པའི་ཕྱིར་རྒྱུར་བྱས་པའི་དོན་ནི་རྒྱུའི་དོན་ཏོ། །དེ་ནི་རྣམ་རིག་མིན་ཞེས་བྱ་བ་ལ་ནི་ཞེས་བྱ་བའི་སྒྲ་ནི་དེའི་མིང་ཤེས་པར་བྱ་བའི་ཕྱིར་ཏེ། གཟུགས་དང་བྱེད་པའི་རང་བཞིན་ཡིན་ཡང་རྣམ་པར་རིག་བྱེད་བཞིན་དུ་གཞན་ལ་རིག་པར་མི་བྱེད་པས་རྣམ་པར་རིག་བྱེད་མ་

Vol. 141 · folio 98b

ཡིན་པ་ཞེས་བྱའོ། །ཟེར་ཞེས་བྱ་བ་ནི་སློབ་དཔོན་གྱི་ཚིག་ཡིན་པར་སྟོན་པའོ། །མདོར་བསྡུ་ན་རྣམ་པར་རིག་བྱེད་དང་། ཏིང་ངེ་འཛིན་ལས་བྱུང་བའི་གཟུགས་དགེ་བ་དང་མི་དགེ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའོ། །གང་དག་འབྱུང་བ་ཆེན་པོ་རྒྱུར་བྱས་པ་ཞེས་སྨྲས་པ་དེ་དག་གང་ཞེ་ན། འབྱུང་བ་དག་ནི་སའི་

ཁམས་དང་། ཆུ་དང་མེ་དང་རླུང་ཁམས་རྣམས་སོ། །དེ་ལྟར་ན་ཁམས་བཞི་པོ་དེ་དག་ནི་འབྱུང་བ་ཆེན་པོ་བཞི་རྣམས་ཞེས་བྱའོ། །ཡང་ཁམས་དེ་དག་གི་ལས་ནི་ཅིར་གྲུབ་རང་བཞིན་ནི་ཅི་ཞེ་ན། སྨྲས་པ། འཛིན་པ་ལ་སོགས་ལས་སུ་གྲུབ། །འཛིན་པ་དང་། སྡུད་པ་དང་། སྨིན་པ་དང་། རྒྱས་པ་སྟེ།

ལས་འདི་རྣམས་ནི། ས་དང་། ཆུ་དང་། མེ་དང་། རླུང་གི་ཁམས་དེ་དག་གི་ལས་སུ་གོ་རིམས་བཞིན་དུ་གྲུབ་པོ། །རང་བཞིན་ནི་གོ་རིམས་བཞིན་དུ། ས་དང་གཤེར་དྲོ་གཡོ་བ་རྣམས། །སའི་ཁམས་ནི་སྲ་བའོ། །ཆུའི་ཁམས་ནི་གཤེར་བའོ། །མེའི་ཁམས་ནི་དྲོ་བ་ཉིད་དོ། །རླུང་གི་ཁམས་ནི་གཡོ་བའོ། །

ས་ལ་སོགས་པ་དང་། སའི་ཁམས་ལ་སོགས་པ་ལ་བྱེ་བྲག་ཅི་ཞིག་ཡོད་ཅེ་ན། འཇིག་རྟེན་གྱི་ནི་ཐ་སྙད་ཀྱིས། །ཁ་དོག་དབྱིབས་ལས་ས་ཞེས་བརྗོད། །འདི་ལྟར་ས་སྟོན་པ་ན་རེ་ཁ་དོག་དང་། དབྱིབས་ལ་སྟོན་ཏོ། །ས་ལ་ཇི་ལྟ་བར་ཆུ་དང་མེ་ཡང་འཇིག་རྟེན་པའི་ཐ་སྙད་ཀྱིས་ཁ་དོག་དང་དབྱིབས་ཉིད་ལས་

བརྗོད་དོ། །རླུང་ཁམས་ཉིད། རླུང་གི་ཁམས་ཉིད་གང་ཡིན་པ་དེ་ཉིད་ལ་འཇིག་རྟེན་དག་ན་རླུང་ཞེས་འདོགས་སོ། །དེ་ལྟ་མོད་ཀྱི་འཇིག་རྟེན་གྱི་ཐ་སྙད་ཀྱིས་ཁ་དོག་དང་དབྱིབས་ལས་ཞེས་བརྗོད་པ་དེ་བཞིན་དུ། རླུང་ལ་ཡང་རླུང་སྔོན་པོའོ། །རླུང་ཟླུམ་པོའོ་ཞེས་བརྗོད་དོ། །འབྱུང་བ་ཆེན་པོ་དག་བཤད་ཟིན་ཏོ། །གང་དག་

གཟུགས་ཀྱི་ཕུང་པོའི་རང་བཞིན་སྨྲས་པ་དེ་དག་ཉིད། །དབང་པོ་དོན་རྣམས་དེ་ཉིད་ལ། །སྐྱེ་མཆེད་ཁམས་དག་བཅུར་འདོད་དོ། །སྐྱེ་མཆེད་རྣམ་པར་གཞག་པ་ནི་སྐྱེ་མཆེད་བཅུ་དག་སྟེ། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆེད་དང་རེག་བྱའི་སྐྱེ་མཆེད་ཀྱི་བར་དུའོ། །ཁམས་རྣམ་པར་

གཞག་པ་ནི་ཁམས་བཅུ་དག་སྟེ། མིག་གི་ཁམས་ནས། གཟུགས་ཀྱི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་ཀྱི་བར་དུའོ། །གཟུགས་ཀྱི་ཕུང་པོ་དང་། དེའི་སྐྱེ་མཆེད་དང་། ཁམས་རྣམ་པར་གཞག་པ་བཤད་ཟིན་ཏོ། །ཚོར་བ་ལ་སོགས་པ་བརྗོད་པར་བྱ་སྟེ། དེ་ལ་ཚོར་བ་མྱོང་བ་སྟེ། བདེ་

Vol. 141 · folio 99a

བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བ་རྣམ་པ་གསུམ་ནི་ཚོར་བའི་ཕུང་པོའོ། །འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་དེ། གང་སྔོན་པོ་དང་། སེར་པོ་དང་། རིང་པོ་དང་། ཐུང་ངུ་དང་། སྐྱེས་པ་དང་། བུད་མེད་དང་། མཛའ་བོ་

དང་། དགྲ་དང་། བདེ་བ་དང་། སྡུག་བསྔལ་ལ་སོགས་པའི་མཚན་མར་འཛིན་པ་འདི་ནི་འདུ་ཤེས་ཀྱི་ཕུང་པོའོ། །བཞི་ལས་གཞན་ནི་འདུ་བྱེད་ཕུང་། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འོག་ནས་འབྱུང་བའི་རྣམ་པར་ཤེས་པའི་ཕུང་པོ་ལས་གཞན་པའི་འདུ་བྱེད་རྣམས་ནི་འདུ་བྱེད་ཀྱི་

ཕུང་པོའོ། །འདི་དག་ལས་གསུམ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ཀྱི་ཕུང་པོ་དག་སྟེ། སྐྱེ་མཆེད་དང་ཁམས་རྣམ་པར་གཞག་པར་ནི་རིག་བྱེད་མིན། འདུས་མ་བྱས་སུ་བཅས་པ་ནི། །ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ། །དེ་ལྟར་ན་རྫས་བདུན་པོ་འདི་དག་ནི་ཆོས་ཀྱི་སྐྱེ་མཆེད་དང་ཁམས་སུ་

བསྟན་ཏོ། །རྣམ་ཤེས་སོ་སོ་རྣམ་རིག་པ། །ཡུལ་དང་ཡུལ་སོ་སོ་ལ་དམིགས་ཤིང་རྣམ་པར་རིག་པ་ནི་རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱའོ། །དེ་ཡང་རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུའོ། །གང་འདི་ལྟར་རྣམ་པར་ཤེས་

པའི་ཕུང་པོ་བཤད་པ་དག་སྐྱེ་མཆེད་རྣམ་པར་གཞག་པ་ནི། ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། ཁམས་རྣམ་པར་གཞག་པར་ཡང་དེ་ཉིད་དེ། ཁམས་བདུན་དག་ཏུའང་འདོད་པ་ཡིན། །བདུན་པོ་དག་གང་ཞེ་ན། རྣམ་པར་ཤེས་པ་དྲུག་དང་ཡིད། །མིག་གི་རྣམ་པར་ཤེས་པའི་ཁམས་ནས་

ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་ཡིད་ཀྱི་ཁམས་ཀྱི་བར་དུའོ། །དེ་ལྟར་ན་འདིར་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དག་དང་། ཁམས་བཅོ་བརྒྱད་དག་ཏུ་རྣམ་པར་བསྟན་པར་འགྱུར་ཏེ། རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་པ་གཟུགས་ཀྱི་ཕུང་པོ་ནི་སྐྱེ་མཆེད་བཅུ་དག་དང་།

ཁམས་བཅུ་དག་གོ། །ཚོར་བ་ལ་སོགས་པའི་ཕུང་པོ་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་། འདུས་མ་བྱས་དག་ནི་སྐྱེ་མཆེད་དང་། ཆོས་ཀྱི་ཁམས་སོ། །རྣམ་པར་ཤེས་པའི་ཕུང་པོ་ནི་ཡིད་ཀྱི་སྐྱེ་མཆེད་དང་། རྣམ་པར་ཤེས་པའི་ཁམས་དྲུག་དང་ཡིད་ཀྱི་ཁམས་སོ། །འོ་ན་རྣམ་པར་ཤེས་པའི་

Vol. 141 · folio 99b

ཚོགས་དྲུག་ནི་རྣམ་པར་ཤེས་པའི་ཕུང་པོར་བཤད་ན་འདིར་དེ་དག་ལས་གཞན་པའི་ཡིད་ཀྱི་ཁམས་གང་ཡིན་ཞེ་ན། གཞན་ནི་གང་ཡང་མེད་མོད་ཀྱི་འོན་ཀྱང་དེ་དག་ཉིད། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །འདས་མ་ཐག་པའི་རྣམ་པར་ཤེས་པ་གང་དང་གང་ཡིན་པ་དེ་

དང་དེ་ནི་ཡིད་ཀྱི་ཁམས་ཞེས་བྱ་སྟེ། དཔེར་ན་བུ་དེ་ཉིད་གཞན་གྱི་ཕར་འགྱུར་བ་དང་། འབྲས་བུ་དེ་ཉིད་གཞན་གྱི་ས་བོན་ཡིན་པ་ལྟ་བུའོ། །དེ་ལྟ་ན་ཡང་རྣམ་པར་ཤེས་པའི་ཁམས་དྲུག་དང་། ཡིད་ཀྱི་ཁམས་རྣམས་གཅིག་གི་ནང་དུ་གཅིག་འདུས་པའི་ཕྱིར་རྫས་ཉིད་དུ་ནི་ཁམས་བཅུ་བདུན་ནམ་

བཅུ་གཉིས་སུ་འགྱུར་ན། ཅིའི་ཕྱིར་ཁམས་བཅོ་བརྒྱད་དུ་རྣམ་པར་གཞག་ཅེ་ན། དེ་ལྟ་ཡིན་མོད་ཀྱི་འོན་ཀྱང་། དྲུག་པའི་རྟེན་ནི་རབ་བསྒྲུབ་ཕྱིར། །ཁམས་ནི་བཅོ་བརྒྱད་དག་ཏུ་འདོད། །རྣམ་པར་ཤེས་པའི་ཁམས་ལྔ་པོ་དག་གི་གནས་དག་ནི་མིག་གི་ཁམས་ལ་སོགས་པ་ཡིན་ན། དྲུག་པ་ཡིད་ཀྱི་རྣམ་པར་

ཤེས་པའི་ཁམས་ནི་གནས་གཞན་མེད་དེ། དེའི་ཕྱིར་དེའི་གནས་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར་ཡིད་ཀྱི་ཁམས་བསྟན་ཏོ། །དེ་ལྟར་ན་གནས་དང་། གནས་པ་དང་། དམིགས་པ་རྣམ་པར་གཞག་པས་ཁམས་བཅོ་བརྒྱད་དག་ཏུ་འགྱུར་རོ། །དེ་ལ་ཕུང་པོ་དག་གིས་ནི་འདུས་བྱས་ཐམས་ཅད་བསྡུས་

སོ། །ཉེ་བར་ལེན་པའི་ཕུང་པོ་དག་གིས་ནི་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་བསྡུས་སོ། །སྐྱེ་མཆེད་དང་། ཁམས་ཀྱིས་ནི་ཆོས་ཐམས་ཅད་དོ། །མདོར་བསྡུས་ཏེ་ཤེས་པར་བྱ་བ་ནི། །ཕུང་པོ་དང་ནི་སྐྱེ་མཆེད་དང་། །ཁམས་གཅིག་གིས་ནི་ཐམས་ཅད་བསྡུས། གཟུགས་ཀྱི་ཕུང་པོ་དང་། ཡིད་ཀྱི་

སྐྱེ་མཆེད་དང་། ཆོས་ཀྱི་ཁམས་ཀྱིས་ཆོས་ཐམས་ཅད་བསྡུས་པར་རིག་པར་བྱའོ། །ཡང་འདི་ལྟར་བསྡུ་བ་དེ་ནི། །གང་དང་གང་ནས་འབྱུང་ཡང་རུང་། །གང་གི་ངོ་བོ་ཉིད་ཀྱིས་ཏེ། །གཞན་གྱི་དངོས་པོས་ནི་མ་ཡིན་པར་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན། གཞན་གྱི་དངོས་དང་མི་ལྡན་ཕྱིར། །ཆོས་གཞན་

གྱི་དངོས་པོ་དང་མི་ལྡན་པས། དེ་བས་ན་གང་དང་མི་ལྡན་པ་དེ་ཉིད་ཀྱིས་བསྡུས་པར་ནི་མི་རུང་སྟེ། དཔེར་ན་མིག་གི་དབང་པོ་ནི་གཟུགས་ཀྱི་ཕུང་པོ་དང་། མིག་གི་སྐྱེ་མཆེད་དང་ཁམས་དང་། སྡུག་བསྔལ་བ་དང་། ཀུན་འབྱུང་གི་བདེན་པ་དག་གིས་བསྡུས་ཏེ། དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །

Vol. 141 · folio 100a

དེའི་ངོ་བོ་དང་མི་ལྡན་པའི་ཕྱིར་ཕུང་པོ་ལ་སོགས་པ་གཞན་དག་གིས་ནི་མ་ཡིན་ནོ། །འོ་ན་མིག་དང་། རྣ་བ་དང་། སྣ་དག་གཉིས་གཉིས་ཡོད་པས་ཁམས་ཉི་ཤུ་རྩ་གཅིག་ཏུ་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། གང་གི་ཕྱིར། མིག་ལ་སོགས་པ་གཉིས་མོད་ཀྱི། །རིགས་དང་

སྤྱོད་ཡུལ་རྣམ་པར་ཤེས། །འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད། །དེ་ལ་རིགས་འདྲ་བ་ནི་གཉི་ག་ཡང་མིག་གི་རང་བཞིན་ཡིན་པའི་ཕྱིར་རོ། །སྤྱོད་ཡུལ་འདྲ་བ་ནི་གཉི་གའི་ཡུལ་གཟུགས་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པ་འདྲ་བ་ནི་གཉི་ག་ཡང་མིག་གི་རྣམ་པར་ཤེས་པ་གཅིག་གི་

གནས་ཡིན་པའི་ཕྱིར་ཏེ། དེ་བས་ན་མིག་གི་ཁམས་ནི་གཅིག་པ་ཉིད་དོ། །དེ་བཞིན་དུ་རྣ་བ་དང་། སྣ་ལ་ཡང་སྦྱར་བར་བྱའོ། །མཛེས་པའི་ཕྱིར་ན་གཉིས་འབྱུང་སྟེ། །མིག་ལ་སོགས་པ་ཁམས་གཅིག་པ་ཉིད་ཡིན་ཡང་གནས་མཛེས་པའི་ཕྱིར་གཉིས་འབྱུང་ངོ་། །དེ་ལྟ་མ་ཡིན་ན་མིག་དང་།

རྣ་བའི་རྟེན་གཅིག་པ་དང་། སྣའི་བུ་ག་གཅིག་ཏུ་གྱུར་ན་ཤིན་ཏུ་མི་མཛེས་པའི་ཕྱིར་རོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་བཤད་ཟིན་ཏོ། །ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་ཀྱི་དོན་ཅི་ཡིན་པ་འདི་བརྗོད་པར་བྱ་སྟེ། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་

ཁམས་རྣམས་ཡིན། །སྤུངས་པའི་དོན་ནི་ཕུང་པོའི་དོན་ཏོ། །སྐྱེ་བའི་སྒོའི་དོན་ནི་སྐྱེ་མཆེད་ཀྱི་དོན་ཏོ། །རིགས་ཀྱི་དོན་ནི་ཁམས་ཀྱི་དོན་ཏོ། །ཡང་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཕུང་པོ་ལ་སོགས་པའི་སྒོ་ནས་རྣམ་པ་གསུམ་སྟོན་པར་མཛད་ཅེ་ན། གདུལ་བྱ་རྣམས་ཀྱི་ཕྱིར་ཏེ།

རྨོངས་དབང་དང་རྣམ་གསུམ་གྱི་ཕྱིར། །ཕུང་པོ་ལ་སོགས་གསུམ་བསྟན་ཏོ། །གསུམ་ཞེས་བྱ་བ་ནི་རྣམ་པ་གསུམ་མོ། །སེམས་ཅན་རྨོངས་པ་རྣམ་པ་གསུམ་གྱི་ཕྱིར་ཏེ། ཁ་ཅིག་ནི་རིལ་པོས་བདག་ཏུ་འཛིན་པས་སེམས་ལས་འབྱུང་བ་རྣམས་ལ་རྨོངས་སོ། །ཁ་ཅིག་ནི་གཟུགས་ཉིད་

ལའོ། །ཁ་ཅིག་ནི་གཟུགས་དང་སེམས་གཉི་ག་ལའོ། །དབང་པོ་དག་ཀྱང་གསུམ་སྟེ། དབང་པོ་རྣོན་པོ་དང་། འབྲིང་དང་། རྟུལ་པོའི་ཕྱིར་རོ། །དད་པ་ལ་ཡང་རྣམ་པ་གསུམ་སྟེ། གཞུང་བསྡུས་པ་དང་། བར་མ་དང་། རྒྱ་ཆེན་པོ་ལ་དད་པའི་ཕྱིར་ཏེ། དེ་དག་ནི་ཕུང་པོ་དང་། སྐྱེ་

Vol. 141 · folio 100b

མཆེད་དང་། ཁམས་གསུམ་བསྟན་པ་དང་གོ་རིམས་བཞིན་ནོ། །ཡང་ཅིའི་ཕྱིར་སེམས་ལས་བྱུང་བ་གཞན་ནི་འདུ་བྱེད་ཀྱི་ཕུང་པོར་གཅིག་ཏུ་བྱས་ལ། ཚོར་བ་དང་འདུ་ཤེས་དག་ནི་ལོགས་ཤིག་ཏུ་ཕུང་པོར་བྱས་ཤེ་ན། སྨྲས་པ། རྩོད་པའི་རྩ་བ་དག་དང་ནི། །འཁོར་བའི་རྒྱུ་ཕྱིར་རིམ་གྱི་ཕྱིར། །

སེམས་འབྱུང་དག་ལས་ཚོར་བ་དང་། །འདུ་ཤེས་ལོགས་ཤིག་ཕུང་པོར་བསྟན། །རྩོད་པའི་རྩ་བ་དག་ནི་གཉིས་ཏེ། འདོད་པ་ལ་ལྷག་པར་ཞེན་པའོ། །དེ་གཉིས་ཀྱི་གཙོ་བོའི་རྒྱུ་ནི་རིམ་པ་བཞིན་དུ་ཚོར་བ་དང་། འདུ་ཤེས་དག་སྟེ། ཚོར་བ་རོ་མྱང་བའི་དབང་གིས་འདོད་པ་ལ་མངོན་པར་ཞེན་པའི་

ཕྱིར་དང་། འདུ་ཤེས་ཕྱིན་ཅི་ལོག་གི་དབང་གིས་ལྟ་བ་རྣམས་སུ་གྱུར་པའི་ཕྱིར་རོ། །འཁོར་བའི་རྒྱུའི་གཙོ་བོ་ཡང་དེ་དག་ཡིན་ཏེ། ཚོར་བ་ལ་ཞེན་པ་དང་། འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པས་ནི་འཁོར་རོ། །གང་ཡང་ཕུང་པོའི་གོ་རིམས་ཀྱི་རྒྱུའོ། །གནས་སྟོན་པའི་གོ་རིམས་ཀྱི་རྒྱུ་དེའི་ཕྱིར་ཡང་

འདི་གཉིས་ལོགས་ཤིག་ཏུ་ཕུང་པོར་བྱས་པར་རིག་པར་བྱ་སྟེ། དེ་ནི་དེ་ཉིད་དུ་བཤད་པར་བྱའོ། །ཡང་ཅིའི་ཕྱིར་སྐྱེ་མཆེད་དང་། ཁམས་དག་ཏུ་ནི་འདུས་མ་བྱས་བཤད་ལ། ཕུང་པོ་དག་ཏུ་ནི་འདུས་མ་བྱས་མ་ཡིན་ཞེ་ན། ཕུང་པོ་དག་ཏུ་འདུས་མ་བྱས། །དོན་དུ་མི་རུང་ཕྱིར་མ་བཤད། །

དེ་ཕུང་པོ་དག་གི་ནང་དུ་བརྗོད་ན། རེ་ཞིག་དེ་གཟུགས་མ་ཡིན་ཞིང་རྣམ་པར་ཤེས་པའི་བར་དུ་ཡང་མ་ཡིན་པས་དོན་དུ་མི་རུང་པའི་ཕྱིར་ཏེ། དེ་ཉིད་དུ་བསྡུ་བ་ནི་མི་ནུས་སོ། །དོན་དུ་མི་རུང་བའི་ཕྱིར་ཕུང་པོ་དྲུག་པ་བརྗོད་པར་ཡང་ག་ལ་ནུས་ཏེ། སྤུངས་པའི་དོན་ནི་ཕུང་པོ་ཞེས་བཤད་ན། འདུས་མ་བྱས་

ནི་སྤུངས་པའི་དོན་དུ་མི་འཐད་དོ། །ཡང་ཀུན་ནས་ཉོན་མོངས་པའི་དངོས་པོ་ཤེས་པར་བྱ་བའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་ལ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དངོས་པོ་ཤེས་པར་བྱ་བའི་ཕྱིར་ཕུང་པོ་ཞེས་ཀྱང་བྱ་ན། འདུས་མ་བྱས་ནི་དོན་དུ་མི་རུང་བའི་ཕྱིར་གཉི་ག་ཡང་མ་

ཡིན་ཏེ། དེའི་ཕྱིར་དེ་དག་ཏུ་རྣམ་པར་མ་བཞག་གོ། །ཕུང་པོའི་རྣམ་པར་གཞག་པ་དག་ནི་བཤད་ཟིན་ཏོ། །རིམ་ནི་རགས་དང་ཀུན་ཉོན་མོངས། །སྣོད་སོགས་ཁམས་ཀྱི་དོན་ལས་སོ། །གཟུགས་ནི་ཐམས་ཅད་པས་རགས་པ་དང་ཐོགས་པ་དང་བཅས་པའི་ཕྱིར་རོ། །གཟུགས་ཅན་མ་

Vol. 141 · folio 101a

ཡིན་པ་རྣམས་ལ་ཡང་ཚོར་བ་ནི་རྒྱུ་བ་རགས་པ་སྟེ། འདི་ལྟར་ངའི་ཀླད་པ་ལ་ཚོར་རོ། །ངའི་ཀླད་པ་ཕྱེད་ལ་ཚོར་རོ། །ཞེས་བརྗོད་དོ། །འདུ་ཤེས་ནི་གཉིས་པས་ཆེས་རགས་སོ། །རྣམ་པར་ཤེས་པ་བས་ནི་འདུ་བྱེད་དེ། དེའི་ཕྱིར་གང་ཆེས་རགས་པ་དེ་སྔར་བཤད་དོ། །ཡང་

ན་ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་སྐྱེས་པ་དང་། བུད་མེད་དག་གཟུགས་ལ་ཕན་ཚུན་མངོན་པར་དགའ་སྟེ། དེ་དག་ཀྱང་ཚོར་བའི་རོ་མྱང་བ་ལ་ཆགས་པའི་ཕྱིར་རོ། །ཆགས་པ་དེ་ཡང་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ། །ཕྱིན་ཅི་ལོག་དེ་ཡང་ཉོན་མོངས་པ་དག་གིས་སོ། །སེམས་

དེ་ནི་ཀུན་ནས་ཉོན་མོངས་པ་ཅན་ཡིན་པས་ཇི་ལྟར་ཉོན་མོངས་པའི་གོ་རིམས་བཞིན་ནོ། །ཡང་ན་སྣོད་ལ་སོགས་པའི་དོན་གྱིས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ནི་སྣོད་དང་། ཟས་དང་། ཚོད་མ་དང་། བྱེད་པ་པོ་དང་། ཟ་བ་པོ་ལྟ་བུར་གྱུར་པའོ། །ཡང་ན་ཁམས་ལས་ཏེ། འདོད་

པའི་ཡོན་ཏན་གཟུགས་ཀྱིས་རབ་ཏུ་ཕྱེ་བ་ནི་འདོད་པའི་ཁམས་སོ། །ཚོར་བས་རབ་ཏུ་ཕྱེ་བ་ནི་བསམ་གཏན་རྣམས་སོ། །འདུ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ནི་གཟུགས་མེད་པ་གསུམ་མོ། །འདུ་བྱེད་ཙམ་གྱིས་རབ་ཏུ་ཕྱེ་བ་ནི་སྲིད་པའི་རྩེ་མོའོ། །དེ་དག་ལ་རྣམ་པར་ཤེས་པ་གནས་པས་འདི་

དག་ནི་རྣམ་པར་ཤེས་པ་གནས་པ་དག་སྟེ། ཕུང་པོའི་གོ་རིམས་ནི་ཞིང་དང་ས་བོན་ལྟ་བུའི་གོ་རིམས་སུ་བསྟན་པའི་ཕྱིར་རོ། །དེའི་ཕྱིར་ཕུང་པོ་རྣམས་ནི་ལྔ་ཁོ་ན་སྟེ་མི་ཉུང་མི་མང་ངོ་། །དེ་བས་ན་དེ་དག་ནི་ཆེས་རགས་པ་དང་། ཉོན་མོངས་པའི་རྒྱུའི་རིམ་པ་དང་། ཟས་དང་ཚོད་མ་ལྟ་བུར་གྱུར་

པ་དང་། དེས་ཁམས་གཉིས་རབ་ཏུ་ཕྱེ་བའི་ཕྱིར་གོ་རིམས་ཀྱི་རྒྱུ་ཚོར་བ་དང་། འདུ་ཤེས་ནི། འདུ་བྱེད་རྣམས་ལས་ལོགས་ཤིག་ཏུ་ཕུང་པོར་བྱས་སོ། །མིག་ལ་སོགས་པ་ཁམས་དང་སྐྱེ་མཆེད་དྲུག་གི་གོ་རིམས་དག་བརྗོད་པར་བྱ་སྟེ། དེ་བསྟན་པ་ཉིད་ཀྱིས་དེའི་ཡུལ་དང་རྣམ་པར་ཤེས་པའི་

གོ་རིམས་ཀྱང་ཡིན་ནོ། །དྲུག་པོ་དེ་དག་ཀྱང་། ད་ལྟའི་དོན་ཕྱིར་དང་པོ་ལྔ། །མིག་ལ་སོགས་པ་ལྔའི་ཡུལ་ནི་ད་ལྟའི་ཡིན་པའི་ཕྱིར་དང་པོར་བཤད་དོ། །ཡིད་ནི་མ་ངེས་ཏེ། ཁ་ཅིག་གི་ཡུལ་ནི་ད་ལྟར་རོ། །ཁ་ཅིག་གི་ཡུལ་ནི་དུས་གསུམ་དང་དུས་མ་ཡིན་པའོ། །འབྱུང་བ་ལས་གྱུར་

Vol. 141 · folio 101b

དོན་ཕྱིར་བཞི། །དང་པོར་ཞེས་བྱ་བར་སྦྱར་རོ། །ལྔ་རྣམས་ལས་ཀྱང་བཞི་ལྔར་བཤད་པ་ནི་ཡུལ་འབྱུང་བ་ལས་གྱུར་པའི་ཕྱིར་རོ། །ལུས་ཀྱི་ཡུལ་ནི་མ་ངེས་ཏེ། །རེས་འགའ་ནི་འབྱུང་བ་དག་གོ། །རེས་འགའ་ནི་འབྱུང་བ་ལས་གྱུར་པའོ། །རེས་འགའ་ནི་གཉི་གའོ། །གཞན་ནི་རིང་

དང་རབ་མྱུར་འཇུག །ཡང་ལྷག་མ་གཞན་ནི་ཅི་རིགས་པར་རིང་བ་དང་། རབ་ཏུ་མྱུར་བར་འཇུག་པས་སྔར་སྨོས་ཏེ། མིག་དང་། རྣ་བ་ནི་ཡུལ་རིང་བའི་ཕྱིར་གཉིས་པས་སྔར་སྨོས་སོ། །དེ་གཉིས་ལས་ཀྱང་། མིག་ནི་ཤིན་ཏུ་རིང་བ་ལ་འཇུག་སྟེ། རླུང་རྒྱང་རིང་པོ་ནས་མཐོང་ཡང་དེའི་སྒྲ་མི་

ཐོས་པས། དེའི་ཕྱིར་དེ་སྔར་སྨོས་སོ། །སྣ་དང་ལྕེ་ནི་རིང་པོ་ལ་འཇུག་པ་མེད་མོད་ཀྱི། དེ་གཉིས་ལས་ཀྱང་སྣ་རབ་ཏུ་མྱུར་བར་འཇུག་པའི་ཕྱིར་སྔར་སྨོས་ཏེ། ལྕེ་ཟས་དང་མ་ཕྲད་པ་ཉིད་དུ་དྲི་འཛིན་པའི་ཕྱིར་རོ། །ཡང་ན་ཇི་ལྟར་གནས་བཞིན་རིམ། །ཡང་ན་ལུས་འདི་ལ་མིག་གི་རྟེན་ནི་དང་པོ་ན་

གནས་སོ། །དེའི་འོག་ན་ནི་རྣ་བའི་འོ། །དེའི་འོག་ན་ནི་སྣའི་འོ། །དེའི་འོག་ན་ནི་ལྕེའི་འོ། །ལུས་ཀྱི་ནི་ཕལ་ཆེར་དེའི་འོག་ནའོ། །ཡིད་ནི་དེ་དག་ལ་བརྟེན་པ་དང་། ཡུལ་ན་མི་གནས་པའི་ཕྱིར་ཏེ། །དེ་དག་གི་གོ་རིམས་ནི་ཇི་ལྟར་གནས་པ་བཞིན་ཡིན་ནོ། །ཡང་ཅིའི་ཕྱིར་གཟུགས་ཀྱི་བདག་ཉིད་ཀྱི་

སྐྱེ་མཆེད་བཅུ་པོ་དེ་དག་ལས་གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་དུ་བསྟན་ལ། ཐམས་ཅད་ཀྱང་ཆོས་ཀྱི་རང་བཞིན་ཡིན་ན་གཅིག་ཆོས་ཀྱི་སྐྱེ་མཆེད་ཅེས་བྱ་ཞེ་ན། སྨྲས་པ། ཁྱད་པར་དོན་དང་གཙོ་བོའི་ཕྱིར། །ཆོས་མང་མཆོག་རྣམས་བསྡུས་པའི་ཕྱིར། །གཟུགས་ཀྱི་སྐྱེ་མཆེད་གཅིག་དང་ནི། །

གཅིག་ནི་ཆོས་ཞེས་བཤད་པ་ཡིན། །ཁྱད་པར་གྱི་དོན་ཇི་ལྟ་བུ་ཞེ་ན། འདི་ལྟར་ཡུལ་ཅན་དུ་ཡུལ་ཉིད་དུ་རྣམ་པར་གཞག་པའི་ཕྱིར་སྐྱེ་མཆེད་བཅུ་གཉིས་པོ་དེ་དག་ནི་ཐ་དད་པ་ཡིན་གྱི་བསྡུས་པ་ནི་མ་ཡིན་ནོ་ཞེས་རྟོགས་པར་བྱ་སྟེ། མིག་ལ་སོགས་པ་ཁྱད་པར་དུ་བྱས་པ་ལ་གང་མིག་ལ་སོགས་པར་ནི་མ་བཤད་ཅིང་།

གཟུགས་ནི་ཡིན་ལ་དེའི་མིང་གཞན་མ་སྨོས་པ་དེ་ནི་གཟུགས་ཀྱི་སྐྱེ་མཆེད་དུ་ཤེས་པར་བྱའོ། །ཡང་ན་གཟུགས་ཀྱི་སྐྱེ་མཆེད་ནི་གཙོ་བོ་ཡིན་པའི་ཕྱིར་ཏེ། དེ་ནི་ཐོགས་པ་དང་བཅས་པའི་ཕྱིར་ཏེ། ལག་པ་ལ་སོགས་པའི་རེག་པ་དག་གིས་རེག་ན་གཟུགས་སུ་རུང་བ་དང་། བསྟན་དུ་རུང་བའི་ཕྱིར་ཏེ། འདི་

Vol. 141 · folio 102a

ནི་འདི་ནའོ། །ཆེ་གེ་མོ་ཞིག་ནའོ་ཞེས་བསྟན་དུ་རུང་བའི་ཕྱིར་རོ། །འཇིག་རྟེན་དག་ན་ཡང་དེ་ནི་གཟུགས་སོ་ཞེས་གྲགས་ཀྱི་གཞན་དག་ནི་མ་ཡིན་ནོ། །ཁྱད་པར་གྱི་དོན་ཉིད་ཀྱིས་ཆོས་ཀྱི་སྐྱེ་མཆེད་གཅིག་ཏུ་བཤད་ཀྱི་ཐམས་ཅད་ནི་མ་ཡིན་ནོ། །ཡང་འདིར་ཚོར་བ་ལ་སོགས་པ་ཆོས་མང་པོ་

རྣམས་བསྡུས་ཏེ། དེའི་ཕྱིར་ཆོས་ཀྱི་སྒྲར་སྤྱིར་རྗོད་པར་བྱེད་དོ། །ཆོས་ཀྱི་མཆོག་མྱ་ངན་ལས་འདས་པ་ཡང་བསྡུས་ཏེ། གཞན་དག་ཏུ་ནི་མ་ཡིན་ནོ། །མདོ་དག་ལས་ཀྱང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཅེས་བྱ་བ་གཞན་དང་གཞན་དག་ཀྱང་དམིགས་ན། ཅི་དེ་རྣམས་འདི་དག་ཉིད་ཀྱིས་

བསྡུས་སམ་འོན་ཏེ་ཐ་དད་པ་ཞིག་ཡིན་པར་རིག་པར་བྱ་ཞེ་ན། འདི་དག་ཉིད་ཀྱིས་བསྡུས་ཀྱི་ཐ་དད་པ་ནི་མ་ཡིན་ཏེ། དེ་ལ་རེ་ཞིག །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །དེ་དག་ཚིག་གམ་མིང་ན་ཡང་། །གཟུགས་སམ་འདུ་བྱེད་དག་ཏུ་འདུས། །གང་དག་

གི་སངས་རྒྱས་ཀྱི་གསུང་དག་གི་རང་བཞིན་ཡིན་པ་དེ་དག་གི་དེ་རྣམས་ནི་གཟུགས་ཀྱི་ཕུང་པོ་དག་གིས་བསྡུས་སོ། །གང་དག་གི་མིང་གི་རང་བཞིན་ཡིན་པ་དེ་དག་གི་ནི་འདུ་བྱེད་ཀྱི་ཕུང་པོས་སོ། །ཡང་ཆོས་ཀྱི་ཕུང་པོའི་ཚད་ཇི་ཙམ་ཞེ་ན། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །རེ་ཞིག་ཁ་ཅིག་

ནི་ཆོས་ཀྱི་ཕུང་པོ་ཞེས་བསྟན་བཅོས་ཆོས་མངོན་པའི་ཚད་ཙམ་མོ་ཞེས་ཟེར་ཏེ། དེ་ནི་སྟོང་ཕྲག་དྲུག་གོ། །ཡང་གཞན་དག་ན་རེ། ཕུང་སོགས་བཤད་པ་རེ་རེའོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། བདེན་པ་དང་། ཟས་དང་། བསམ་གཏན་

དང་། ཚད་མེད་པ་དང་། གཟུགས་མེད་པ་དང་། རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་དང་། བྱང་ཆུབ་ཀྱི་ཕྱོགས་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སྨོན་ནས་ཤེས་པ་དང་། ཉོན་མོངས་པ་མེད་པ་རྣམས་ཀྱི་བཤད་པ་

རེ་རེ་ནི་ཆོས་ཀྱི་ཕུང་པོའོ་ཞེས་ཟེར་རོ། །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །འདི་ལྟར་སེམས་ཅན་རྣམས་ཀྱི་སྤྱོད་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་ལ་སོགས་པ་བརྒྱད་ཁྲི་ཐ་དད་པས་དེ་དག་གི་གཉེན་པོར་བཅོམ་ལྡན་འདས་ཀྱིས་

Vol. 141 · folio 102b

ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་གསུངས་སོ་ཞེས་བརྗོད་དོ། །ཇི་ལྟར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་པོ་དེ་དག་ཕུང་པོ་ལྔ་དག་ཏུ་བསྡུས་པ། དེ་བཞིན་གཞན་ཡང་ཅི་རིགས་པར། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །རང་གི་མཚན་ཉིད་ལེགས་སྤྱད་དེ། །ཇི་སྐད་བཤད་པར་བསྡུ་བར་བྱ། །གང་ཡང་མདོ་

གཞན་དག་ལས། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་གཞན་གསུངས་པ་དེ་དག་ཀྱང་བསྟན་བཅོས་འདིར་ཇི་སྐད་བཤད་པ་བཞིན་དེ་དག་གི་རང་གི་མཚན་ཉིད་ལེགས་པར་སྤྱད་ནས་ཕུང་པོ་ལ་སོགས་པ་ལ་ཇི་སྐད་དུ་བཤད་པ་འདི་དག་ཉིད་དུ་བསྡུ་བར་བྱ་སྟེ། དེ་ལ་རེ་ཞིག་ཚུལ་ཁྲིམས་ལ་

སོགས་པའི་ཕུང་པོ་ལྔ་རྣམས་ལ། ཚུལ་ཁྲིམས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོས་བསྡུས་སོ། །ལྷག་མ་རྣམས་ནི་འདུ་བྱེད་ཀྱི་ཕུང་པོས་སོ། །ཟད་པར་གྱི་སྐྱེ་མཆེད་བཅུ་རྣམས་ལས་བརྒྱད་ནི་མ་ཆགས་པའི་རང་བཞིན་ཡིན་པའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་ཀྱིས་སོ། །འཁོར་རྣམས་དང་བཅས་ན་ནི་ཕུང་

པོ་ལྔའི་རང་བཞིན་ཡིན་པའི་ཕྱིར་ཡིད་དང་ཆོས་ཀྱི་སྐྱེ་མཆེད་གཉིས་ཀྱིས་སོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱང་དེ་བཞིན་ནོ། །ཟད་པར་གྱི་སྐྱེ་མཆེད་ལས་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་བཞི་རྣམས་ནི་ཕུང་པོ་བཞིའི་རང་བཞིན་

ཡིན་པའི་ཕྱིར་ཡིད་དང་ཆོས་ཀྱི་སྐྱེ་མཆེད་གཉིས་ཀྱིས་སོ། །རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་རྣམས་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་ཀྱིས་སོ། །དེ་འཁོར་རྣམས་དང་བཅས་ན་ནི་སྒྲ་དང་། ཡིད་དང་། ཆོས་ཀྱི་སྐྱེ་མཆེད་རྣམས་ཀྱིས་སོ། །སྐྱེ་མཆེད་གཉིས་ལས་འདུ་

ཤེས་མེད་པའི་སེམས་ཅན་གྱི་ནི་དྲི་དང་རོའི་སྐྱེ་མཆེད་མེད་པའི་ཕྱིར་སྐྱེ་མཆེད་བཅུ་རྣམས་ཀྱིས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་ནི་ཡིད་དང་ཆོས་ཀྱི་སྐྱེ་མཆེད་གཉིས་ཀྱིས་སོ། །དེ་བཞིན་དུ་ཁམས་མང་པོ་པའི་མདོ་ལས། ཁམས་དྲུག་ཅུ་རྩ་གཉིས་བསྟན་པ་དེ་དག་

ཀྱང་ཅི་རིགས་པར་བསྡུ་བར་རིག་པར་བྱའོ། །དེར་གང་དག་སའི་ཁམས་ལ་སོགས་པ་ནས་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་བསྟན་པ་ལ། འདི་དག་གཉིས་ཀྱི་མཚན་ཉིད་མ་བཤད་ན་དེ་ཅི་ནམ་མཁའ་ཉིད་ནམ་མཁའི་ཁམས་ཡིན་ལ། རྣམ་པར་ཤེས་པ་ཐམས་ཅད་ཀྱང་རྣམ་པར་ཤེས་པའི་ཁམས་

Vol. 141 · folio 103a

སུ་རིག་པར་བྱའམ། སྨྲས་པ། དེ་མ་ཡིན་ཏེ། འདི་ལྟར་སྒོ་དང་སྐར་ཁུང་དང་། །ཁ་དང་སྣ་ལ་སོགས་པ་ཡི། །བུ་ག་ནམ་མཁའི་ཁམས་ཞེས་བྱ། །བུ་ག་ཞེས་བྱ་བ་ཇི་ལྟ་བུར་རིག་པར་བྱ། དེ་ནི་སྣང་དང་མུན་པ་གཉིས། །ཇི་ལྟར་ཤེས་པར་བྱ་ཞེ་ན། །བུ་ག་ནི་སྣང་བ་དང་མུན་པ་གཉིས་

ལས་གཞན་དུ་གཟུང་དུ་མེད་དོ། །དེ་ཉིད་ཐོགས་པས་ཉེ་བར་བསྐོར་བའི་གཟུགས་ཞེས་བྱ་སྟེ། ཐོགས་པ་ཞེས་བྱ་བ་ནི་བསགས་པར་གནས་པའོ། །ཤིན་ཏུ་གནོད་པ་བྱར་རུང་བའི་ཕྱིར་གཟུགས་ཏེ་དེས་ཉེ་བར་བསྐོར་བའོ། །ཡང་ན་དེ་ལ་དེ་ལས་གཞན་པའི་གཟུགས་ཐོགས་པ་མེད་པའི་ཕྱིར་ཐོགས་

པ་མེད་པའོ། །གཟུགས་གཞན་ལ་ཉེ་བར་བསྐོར་བ་ཡང་ཡིན་པས་ཐོགས་པ་མེད་པས་ཉེ་བར་བསྐོར་བའོ། །རྣམ་ཤེས་ཟག་པ་དང་བཅས་པ། །རྣམ་ཤེས་ཁམས་ཡིན་སྐྱེ་བའི་རྟེན། །ཅིའི་ཕྱིར་ཟག་པ་མེད་པ་མི་བྱ་ཞེ་ན། གང་གི་ཕྱིར་ཁམས་དྲུག་པོ་དེ་དག་ནི། སྐྱེ་བའི་རྟེན་ཡིན་པར་འདོད་དེ། དེ་

དག་ནི་ཉིང་མཚམས་སྦྱོར་བའི་སེམས་ནས་འཆི་བའི་སེམས་ཀྱི་བར་དུ་སྐྱེ་བའི་གཞིར་གྱུར་པ་སྟེ། ཟག་པ་མེད་པའི་ཆོས་ནི་དེ་ལྟ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་ཁམས་བཞི་པོ་ངག་ནི་རེག་བྱའི་ཁམས་ཀྱི་ནང་དུ་འདུས་སོ། །ལྔ་པ་ནི་གཟུགས་ཀྱི་ཁམས་སུ་འདུས་སོ། །དྲུག་པ་ནི་རྣམ་པར་ཤེས་

པའི་ཁམས་བདུན་རྣམས་སུ་འདུས་སོ། །སྐྱེ་མཆེད་དང་ཁམས་རྣམས་བཀོད་ཟིན་ཏོ། །ཡང་ཁམས་བཅོ་བརྒྱད་པོ་འདི་དག་ལས་བསྟན་དུ་ཡོད་པ་རྣམས་ནི་དུ། བསྟན་དུ་མེད་པ་རྣམས་ནི་དུ་ཞེ་ན། བསྟན་ཡོད་འདིར་ནི་གཟུགས་གཅིག་པུ། །གཟུགས་འདི་ནི་འདི་ནའོ། །ཆེ་གེ་མོ་ཞིག་ནའོ་ཞེས་

དེ་བསྟན་པར་ནུས་པས། ལྷག་མ་རྣམས་ནི་བསྟན་དུ་མེད་པར་བཤད་པར་འགྱུར་རོ། །ཐོགས་པ་དང་བཅས་པ་རྣམས་ནི་དུ། ཐོགས་པ་མེད་པ་རྣམས་ནི་དུ་ཞེ་ན། ཐོགས་དང་བཅས་པ་གཟུགས་ཅན་བཅུ། །གང་འདི་གཟུགས་ཀྱི་ཕུང་པོས་བསྡུས་པའི་ཁམས་བཅུ་བཤད་པ་དེ་དག་ནི་ཐོགས་པ་དང་

བཅས་པ་ཡིན་པས། བརྒྱད་པོ་དེ་དག་ནི་ཐོགས་པ་མེད་པར་བཤད་པར་འགྱུར་རོ། །དགེ་བ་རྣམས་ནི་དུ། མི་དགེ་བ་རྣམས་ནི་དུ། ལུང་དུ་མ་བསྟན་པ་རྣམས་ནི་དུ་ཞེ་ན། ལུང་བསྟན་མིན་བརྒྱད། བརྒྱད་པོ་དག་གང་ཞེ་ན། གང་འདི་ཐོགས་པ་དང་བཅས་པ་བཅུ་བཤད་པ། དེ་ཉིད་ལས།

Vol. 141 · folio 103b

གཟུགས་དང་སྒྲ་མིན་དབང་པོ་ལྔ་རྣམས་དང་། །དྲི་དང་། རོ་དང་། རེག་བྱའི་ཁམས་བརྒྱད་པོ་དེ་དག་ནི། དགེ་བ་དང་། མི་དགེ་བའི་དངོས་པོར་ལུང་དུ་མ་བསྟན་པའི་ཕྱིར་ལུང་དུ་མ་བསྟན་པའོ། །གཞན་རྣམ་གསུམ། གཞན་ཁམས་བཅུ་པོ་དེ་དག་ནི་དགེ་བ་དང་། མི་དགེ་བ་དང་། ལུང་

དུ་མ་བསྟན་པ་ཡང་ཡིན་ཏེ། དེ་ལ་རྣམ་པར་ཤེས་པའི་ཁམས་བདུན་ནི་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་ནི་དགེ་བ་ཡིན་ནོ། །ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་ནི་མི་དགེ་བའོ། །གཞན་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །ཆོས་ཀྱི་ཁམས་ནི་ཆགས་པ་ལ་

སོགས་པའི་རང་བཞིན་དང་མཚུངས་པར་ལྡན་པ་དང་། ཀུན་ནས་བསླང་བ་དང་། སོ་སོར་བརྟགས་པའི་འགོག་པ་ནི་དགེ་བའོ། །ཆགས་པ་ལ་སོགས་པའི་རང་བཞིན་དང་མཚུངས་པར་ལྡན་པ་དང་། ཀུན་ནས་བསླང་བ་ནི་མི་དགེ་བའོ། །གཞན་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །གཟུགས་

དང་སྒྲའི་ཁམས་ནི་ལུས་དང་ངག་གི་རྣམ་པར་རིག་པས་བསྡུས་པ་དགེ་བ་དང་མི་དགེ་བའི་སེམས་ཀྱིས་ཀུན་ནས་བསླང་བ་ནི་དགེ་བ་དང་མི་དགེ་བ་ཡིན་ནོ། །དེ་ལས་གཞན་པ་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །དགེ་བ་ལ་སོགས་པའི་དངོས་པོ་བཤད་ཟིན་ཏོ། །ཁམས་བཅོ་བརྒྱད་པོ་དེ་དག་

ལས་འདོད་པ་དང་། གཟུགས་དང་། གཟུགས་མེད་པར་གཏོགས་པ་ནི་དུ་ཞེ་ན། འདོད་ཁམས་གཏོགས་པ་ཐམས་ཅད་དོ། །གཏོགས་པ་ནི་མ་བྲལ་བ་སྟེ། འདོད་པའི་ཁམས་དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ཀྱི་ཁམས་ན་བཅུ་བཞིའོ། །གཟུགས་ཀྱི་ཁམས་ན་ནི་ཁམས་བཅུ་

བཞི་རྣམས་ཏེ། དྲི་དང་རོ་དང་སྣ་དང་ནི། །ལྕེའི་རྣམ་ཤེས་ཁམས་མ་གཏོགས། །དེ་ནི་དྲི་དང་རོ་གཉིས་མེད་དེ། དེ་གཉིས་ནི་ཁམ་གྱི་ཟས་ཡིན་པའི་ཕྱིར། དེའི་འདོད་ཆགས་དང་བྲལ་བ་རྣམས་ནི་དེ་དག་ཏུ་སྐྱེའོ། །དེ་བས་ན་དམིགས་པ་མེད་པའི་ཕྱིར། སྣ་དང་ལྕེའི་རྣམ་པར་ཤེས་པ་ཡང་མེད་དོ། །

གཟུགས་མེད་གཏོགས་པ་ཡིད་དང་ནི། །ཆོས་དང་ཡིད་ཀྱི་རྣམ་ཤེས་ཁམས། །གཟུགས་ཀྱི་འདོད་ཆགས་དང་བྲལ་བ་རྣམས་ནི་དེར་སྐྱེ་སྟེ། དེའི་ཕྱིར་དེ་ན་གཟུགས་ཀྱི་རང་བཞིན་གྱི་ཁམས་བཅུ་དང་། གནས་དང་། དམིགས་པ་དེ་དག་གི་རྣམ་པར་ཤེས་པའི་ཁམས་ལྔ་ཡང་མེད་དོ། །ཟག་པ་

Vol. 141 · folio 104a

དང་བཅས་པ་རྣམས་ནི་དུ། ཟག་པ་མེད་པ་རྣམས་ནི་དུ་ཞེ་ན། གང་དག་ཡིད་དང་། ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་བཤད་པ་དེ་དག་ནི། དེ་གསུམ་ཟག་བཅས་ཟག་པ་མེད། །གང་དག་ལམ་གྱི་བདེན་པ་དང་འདུས་མ་བྱས་ཀྱིས་བསྡུས་པ་དེ་དག་ནི་ཟག་པ་མེད་པ་ཡིན་ནོ། །

གཞན་དག་ནི་ཟག་པ་དང་བཅས་པ་ཡིན་ནོ། །ལྷག་མ་རྣམས་ནི་ཟག་བཅས་སོ། །ལྷག་མ་ཁམས་བཅོ་ལྔ་པོ་དེ་དག་ནི་གཅིག་ཏུ་ཟག་པ་དང་བཅས་པ་ཡིན་ནོ། །རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ནི་དུ། རྟོག་པ་མེད་ཅིང་དཔྱོད་པ་ཙམ་ནི་དུ། རྟོག་པ་མེད་ཅིང་དཔྱོད་པ་མེད་པ་ནི་དུ་ཞེ་ན། རྟོག་

དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །འདི་དག་ནི་རྟག་ཏུ་རྟོག་པ་དང་། དཔྱོད་པ་དང་མཚུངས་པར་ལྡན་ནོ། །ཐ་མ་གསུམ་ནི་རྣམ་གསུམ་མོ། །ཐ་མ་གསུམ་ནི་ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྣམས་ཏེ།

གསུམ་པོ་དེ་དག་ནི་རྣམ་པ་གསུམ་སྟེ། དེ་ལ་ཡིད་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། རྟོག་པ་དང་དཔྱོད་པ་གཉིས་ལས་གཞན་པ་ཆོས་ཀྱི་ཁམས་མཚུངས་པར་ལྡན་པ་དག་ནི་འདོད་པའི་ཁམས་དང་། བསམ་གཏན་དང་པོ་དག་ཏུ་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་

པ་ཡིན་ནོ། །བསམ་གཏན་ཁྱད་པར་ཅན་དག་ན་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་ཡིན་ནོ། །དེའི་གོང་མ་དང་མཚུངས་པར་ལྡན་པ་མ་ཡིན་པ་ཐམས་ཅད་དང་། བསམ་གཏན་ཁྱད་པར་ཅན་དག་གི་དཔྱོད་པ་ནི་རྟོག་པ་མེད་ཅིང་དཔྱོད་པ་མེད་པ་ཡིན་ནོ། །རྟོག་པ་ནི་རྟོག་པ་གཉིས་པ་མེད་པའི་ཕྱིར་དང་།

དཔྱོད་པ་དང་མཚུངས་པར་ལྡན་པའི་ཕྱིར་རྟག་ཏུ་རྟོག་པ་མེད་ཅིང་དཔྱོད་པ་ཙམ་ཡིན་ནོ། །འདོད་པའི་ཁམས་དང་བསམ་གཏན་དང་པོ་དག་གི་དཔྱོད་པ་ནི་རྣམ་པ་གསུམ་པོ་འདི་དག་གི་ནང་དུ་མ་བཤད་ན་དེ་ཇི་སྐད་དུ་བརྗོད་པར་བྱ་ཞེ་ན། དཔྱོད་པ་གཉིས་མེད་པའི་ཕྱིར་དང་། རྟོག་པ་དང་མཚུངས་པར་

ལྡན་པའི་ཕྱིར་དཔྱོད་པ་མེད་ཅིང་རྟོག་པ་ཙམ་ཡིན་ནོ། །ལྷག་མ་གཉི་ག་སྤངས་པའོ། །ལྷག་མ་ནི་གཟུགས་ཀྱི་ཁམས་བཅུ་པོ་རྣམས་ཏེ། །དེ་དག་ནི་མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར་རྟག་ཏུ་རྟོག་པ་མེད་ཅིང་དཔྱོད་པ་མེད་པའོ། །གལ་ཏེ་རྣམ་པར་ཤེས་པའི་ཚོགས་ལྔ་པོ་རྣམས་

Vol. 141 · folio 104b

རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ཡིན། ཇི་ལྟར་རྣམ་པར་རྟོག་པ་མེད་པ་ཞེས་བྱ་ཞེ་ན། ངེས་པར་རྟོག་དང་རྗེས་དྲན་པའི། །རྣམ་པར་རྟོག་པས་རྣམ་མི་རྟོག །རྣམ་པར་རྟོག་པ་ནི་རྣམ་པ་གསུམ་སྟེ། རང་བཞིན་དང་། ངེས་པར་རྟོག་པ་དང་། རྗེས་སུ་དྲན་པའི་རྣམ་པར་རྟོག་པའོ། །དེ་དག་ལ་

རང་བཞིན་གྱི་རྟོག་པ་ནི་ཡོད་ཀྱི་གཞན་དག་ནི་མ་ཡིན་ཏེ། དེའི་ཕྱིར་རྣམ་པར་མི་རྟོག་པ་ཞེས་བྱ་སྟེ། དཔེར་ན་ཁྲི་རྐང་པ་གཅིག་པ་ལ་རྐང་པ་མེད་པ་ཞེས་བྱ་བ་བཞིན་ནོ། །དེ་ལ་རང་བཞིན་གྱི་རྣམ་པར་རྟོག་པ་དང་དཔྱོད་པ་ནི་འོག་ནས་སེམས་ལས་བྱུང་བ་དག་གི་ནང་ནས་སྟོན་པ་གང་ཡིན་པའོ། །ཡང་

གཞན་དག་གི་རང་བཞིན་ཇི་ལྟ་བུ་ཞེ་ན། རིམ་བཞིན་དུ། དེ་ཡིད་ཤེས་རབ་མ་མཉམ་དང་། །ཡིད་ཀྱི་དྲན་པ་ཐམས་ཅད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་ནི་ཡིད་ཀྱི་ཞེས་བྱའོ། །མཉམ་པར་གཞག་པ་མ་ཡིན་པ་ནི་མ་མཉམ་པ་ཞེས་བྱ་སྟེ། དེ་ནི་

ངེས་པར་རྟོག་པའི་རྣམ་པར་རྟོག་པའོ། །ཡིད་ཀྱི་དྲན་པ་མཉམ་པར་གཞག་པ་དང་། མཉམ་པར་གཞག་པ་མ་ཡིན་པ་ཐམས་ཅད་ནི་རྗེས་སུ་དྲན་པའི་རྣམ་པར་རྟོག་པའོ། །དམིགས་པ་དང་བཅས་པ་རྣམས་ནི་དུ། དམིགས་པ་མེད་པ་རྣམས་ནི་དུ་ཞེ་ན། དམིགས་བཅས་སེམས་ཀྱི་ཁམས་བདུན་

ནོ། །མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་ཏེ། སེམས་ཀྱི་ཁམས་བདུན་པོ་དེ་དག་ནི་ཡུལ་འཛིན་པའི་ཕྱིར་དམིགས་པ་དང་བཅས་པའོ། །ཆོས་ཀྱི་ཕྱོགས་དང་། དམིགས་པ་དང་བཅས་པ་སྟེ།

སེམས་ལས་བྱུང་བའི་རང་བཞིན་གང་ཡིན་པའོ། །ལྷག་མ་གཟུགས་ཅན་བཅུ་དག་དང་། །ཆོས་ཀྱི་ཁམས་ཀྱི་ཕྱོགས་ལྡན་པ་མ་ཡིན་པ་རྣམས་ནི། དམིགས་པ་མེད་པ་ཞེས་བྱ་བར་གྲུབ་བོ། །ཟིན་པ་རྣམས་ནི་དུ། མ་ཟིན་པ་རྣམས་ནི་དུ་ཞེ་ན། མ་ཟིན་པ་དགུ། དགུ་གང་ཞེ་ན། གང་

དག་དམིགས་པ་དང་བཅས་པར་བཤད་པ་བདུན་དང་། བརྒྱད་པའི་ཕྱོགས་དང་བཅས་པར་བཤད་དེ། བརྒྱད་པོ་དེ་དག་རྣམས་དང་སྒྲ། །དེ་ལྟར་ན་ཁམས་བདུན་དང་། ཆོས་ཀྱི་ཁམས་དང་། སྒྲའི་ཁམས་ཏེ་དགུ་པོ་དེ་དག་ནི་མ་ཟིན་པ་ཡིན་ནོ། །དགུ་པོ་གཞན་ནི་རྣམ་པ་གཉིས་ཟིན་པ་

Vol. 141 · folio 105a

དང་མ་ཟིན་པ་སྟེ། དེ་ལ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ད་ལྟར་བྱུང་བ་རྣམས་ནི་ཟིན་པ་ཡིན་ནོ། །འདས་པ་དང་མ་འོངས་པ་རྣམས་ནི་མ་ཟིན་པའོ། །གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་ཁམས་ད་ལྟར་བྱུང་བ་དབང་པོ་དང་ཐ་

མི་དད་པ་རྣམས་ནི་ཟིན་པའོ། །གཞན་དག་ནི་མ་ཟིན་པ་སྟེ། འདི་ལྟ་སྟེ། རྩ་བ་མ་གཏོགས་པའི་སྐྲ་དང་། བ་སྤུ་དང་། སོ་དག་གི་དང་། ཕྱི་ས་དང་གཅིན་དང་མཆིལ་མ་དང་། སྣབས་དང་ཁྲག་ལ་སོགས་པ་དག་གི་དང་། ས་དང་རྡོ་བ་ལ་སོགས་པ་དག་གིའོ། །ཁམས་རྣམས་ལས་བྱུང་

བའི་རང་བཞིན་ནི་དུ། འབྱུང་བ་ལས་གྱུར་པ་རྣམས་ནི་དུ་ཞེ་ན། རེག་བྱ་རྣམ་པ་གཉིས་ཡིན་ཏེ། འབྱུང་བ་དང་འབྱུང་བ་ལས་གྱུར་པའོ། །དེ་ལས་འབྱུང་བ་ནི་བཞིའོ། །འབྱུང་བ་ལས་གྱུར་པ་ནི་འཇམ་པ་ལ་སོགས་པ་རྣམ་པ་བདུན་ཏེ། འབྱུང་བ་དག་ལ་ཡོད་པའི་ཕྱིར་རོ། །ལྷག་མ་གཟུགས་ཅན་

དགུ་པོ་ནི། །འབྱུང་གྱུར་དབང་པོ་ལྔའི་ཁམས་དང་། ཡུལ་བཞི་པོ་དེ་དག་ནི་འབྱུང་བ་ལས་གྱུར་པ་ཉིད་དོ། །ཆོས་ཁམས་ཕྱོགས་གཅིག་ཀྱང་འབྱུང་བ་ལས་གྱུར་པ་སྟེ། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱའོ། །དེའི་ཕྱིར་གཞན་དག་ནི་གཉི་ག་མ་ཡིན་པར་གྲུབ་པོ། །བསྩགས་པ་

རྣམས་ནི་དུ། བསྩགས་པ་མ་ཡིན་པ་རྣམས་ནི་དུ་ཞེ་ན། གཟུགས་ཅན་བཅུ་ནི་བསྩགས་པའོ། །དབང་པོ་ལྔའི་ཁམས་དག་ཡུལ་ལྔ་དག་ནི་རྡུལ་ཕྲ་རབ་འདུས་པ་ཡིན་པའི་ཕྱིར་བསྩགས་པའོ། །ཁམས་བཅོ་བརྒྱད་རྣམས་ལས་གཅོད་པར་བྱེད་པ་ནི་གང་། གཅད་པར་བྱ་བ་ནི་

གང་ཞིག །སྲེག་པར་བྱེད་པ་ནི་གང་། བསྲེག་པར་བྱ་བ་ནི་གང་ཞིག །འཇལ་བར་བྱེད་པ་ནི་གང་། གཞལ་བར་བྱ་བ་ནི་གང་ཞིག་ཅེ་ན། གཅོད་བྱེད་གཅད་པར་བྱ་བ་ཉིད། །ཕྱི་རོལ་ཁམས་ནི་བཞི་ཡིན་ནོ། །གཟུགས་དང་། དྲི་དང་རོ་དང་། རེག་བྱ་ཞེས་བྱ་བ་ནི་དགྲ་སྟ་དང་། ཤིང་

ལ་སོགས་པ་ཞེས་བྱ་བའོ། །ཇི་ལྟར། གཅོད་བྱེད་གཅད་པར་བྱ་བ་ཉིད། །ཕྱི་རོལ་ཁམས་བཞི་ཡིན་པ་ལྟར། །དེ་བཞིན་བསྲེག་བྱ་འཇལ་བའོ། །དེ་ཉིད་བསྲེག་པར་བྱ་བ་ཡིན་ལ། དེ་ཉིད་འཇལ་བར་བྱེད་པ་ཡང་ཡིན་ནོ། །སྲེག་དང་འཇལ་ལ་མི་མཐུན་སྨྲ། ཁ་ཅིག་ནི་ཁམས་བཞི་

Vol. 141 · folio 105b

པོ་དེ་ཉིད་སྲེག་པར་བྱེད་པ་དང་། གཞལ་བར་བྱ་བ་ཡང་ཡིན་ནོ་ཞེས་བརྗོད་དོ། །ཁ་ཅིག་ནི་མེའི་ཁམས་ཉིད་སྲེག་པར་བྱེད་པ་ཡིན་ལ། ལྕི་བ་ཉིད་གཞལ་བར་བྱ་བ་ཡིན་ནོ་ཞེས་བརྗོད་དོ། །ཁམས་རྣམས་ལས་རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་ནི་དུ། རྒྱས་པ་ལས་བྱུང་བ་རྣམས་ནི་དུ། རྒྱུ་མཐུན་པ་

ལས་བྱུང་བ་རྣམས་ནི་དུ། རྫས་དང་ལྡན་པ་རྣམས་ནི་དུ། སྐད་ཅིག་པ་རྣམས་ནི་དུ་ཞིག་ཅེ་ན། སྨྲས་པ། རྣམ་པར་སྨིན་ལས་སྐྱེས་པ་དང་། །རྒྱས་པ་ལས་བྱུང་ནང་གི་ལྔ། །རེ་ཞིག་མིག་ལ་སོགས་པ་ནང་གི་ཁམས་ལྔ་པོ་དག་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་ཡིན་ལ། རྒྱས་པ་ལས་བྱུང་

བ་ཡང་ཡིན་ནོ། །སྒྲ་ནི་རྒྱས་པ་ལས་བྱུང་བ་དང་། རྒྱུ་མཐུན་པ་ལས་བྱུང་བ་ནི་ཡོད་ཀྱི། རྣམ་སྨིན་ལས་སྐྱེས་སྒྲ་མ་ཡིན། །ཅིའི་ཕྱིར་ཞེ་ན། འདོད་དགུར་འཇུག་པའི་ཕྱིར་རོ། །རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས། །ཐོགས་པ་མེད་བརྒྱད། བརྒྱད་གང་ཞེ་ན། སེམས་ཀྱི་ཁམས་བདུན་དང་།

ཆོས་ཀྱི་ཁམས་ཏེ། སྐལ་བ་མཉམ་པ་དང་། ཀུན་དུ་འགྲོ་བའི་རྒྱུས་བསྐྱེད་པ་ནི་རྒྱུ་མཐུན་པ་ལས་བྱུང་བའོ། །རྣམ་པར་སྨིན་པའི་རྒྱུས་བསྐྱེད་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པའོ། །བརྒྱད་པ་ལས་བྱུང་བ་ནི་མེད་དོ། །ཐོགས་པ་མེད་པ་ལ་སོགས་པ་མེད་པའི་ཕྱིར་རོ། །གཞན་རྣམ་

གསུམ། གཞན་ནི་ལྷག་མ་བཞི་སྟེ། གཟུགས་དང་། དྲི་དང་རོ་དང་རེག་བྱའི་ཁམས་རྣམས་སོ། །དེ་དག་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་ཡིན། རྒྱས་པ་ལས་བྱུང་བ་ཡང་ཡིན། །རྒྱུ་མཐུན་པ་ལས་བྱུང་བ་ཡང་ཡིན་ནོ། །རྫས་དང་ལྷན་ཅིག །འདུས་མ་བྱས་ནི་བསྟན་པའི་ཕྱིར་རྫས་

སོ། །དེ་ཡང་ཆོས་ཀྱི་ཁམས་དག་ལ་ཡོད་པས་དེའི་ཕྱིར་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ནི་རྫས་དང་ལྡན་པའོ། །ཐ་མ་གསུམ། སྐད་ཅིག་པ་སྟེ། ཡིད་ཀྱི་ཁམས་དང་ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནི་ཟག་པ་མེད་པའི་དང་པོ་ཆོས་ཤེས་པའི་བཟོད་པའི་ཚོགས་

ལ་སྐད་ཅིག་མ་གཅིག་རྒྱུ་མཐུན་པ་ལས་བྱུང་བ་མ་ཡིན་པར་འགྱུར་ཏེ། དེའི་ཕྱིར་སྐད་ཅིག་པ་ཞེས་བྱའོ། །དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སེམས་མཚུངས་པར་ལྡན་པ་ནི་ཡིད་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །དེ་དང་ལྷན་ཅིག་འབྱུང་བ་ནི་ཆོས་ཀྱི་ཁམས་སོ། །

Vol. 141 · folio 106a

འདི་དཔྱད་པར་བྱ་སྟེ། གང་མིག་གི་ཁམས་ཀྱིས་མི་ལྡན་པ་ལྡན་པ་འཐོབ་པ་ན། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱིས་ཀྱང་དེ་འམ་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་གང་ཡིན་པ་མིག་གི་ཁམས་ཀྱང་དེ་འམ་ཞེ་ན་སྨྲས་པ། མིག་དང་ནི། རྣམ་པར་ཤེས་ཁམས་སོ་སོ་དང་། །

ལྷན་ཅིག་ཏུ་ནི་འཐོབ་པའང་ཡོད། །རེ་ཞིག་སོ་སོ་བ་ཡང་ཡོད་དེ། འདོད་པའི་ཁམས་ན་རིམ་གྱིས་མིག་གི་དབང་པོ་འཐོབ་པ་དང་། གཟུགས་མེད་པ་ནས་ཤི་འཕོ་ནས་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེ་བ་ན་མིག་གི་ཁམས་ཀྱིས་ཡིན་ལ་མིག་གི་རྣམ་པར་ཤེས་པའི་ཁམས་ཀྱིས་ནི་མ་ཡིན་ནོ། །

མིག་གི་རྣམ་པར་ཤེས་པའི་ཁམས་ཀྱིས་ནི་ཡིན་ལ། མིག་གི་ཁམས་ཀྱིས་མ་ཡིན་པ་ཡང་ཡོད་དེ། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་དག་སྟེ། མིག་གི་རྣམ་པར་ཤེས་པ་མངོན་སུམ་དུ་བྱེད་པ་དང་། དེ་ནས་ཤི་འཕོས་ནས་འོག་མར་སྐྱེ་བ་ནའོ། །ཅིག་ཅར་གཉི་གས་ལྡན་པར་

འཐོབ་པ་ཡང་ཡོད་དེ། གཟུགས་མེད་པ་ནས་ཤི་འཕོས་ནས་འདོད་པའི་ཁམས་དང་། ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ནའོ། །གཉི་ག་མ་ཡིན་པ་ནི་རྣམ་པ་འདི་དག་མ་གཏོགས་པའོ། །ཁམས་རྣམས་ལས་ནང་གི་རྣམས་ནི་དུ། ཕྱི་རོལ་གྱི་རྣམས་ནི་དུ་ཞིག་ཅེ་ན། ནང་གི་བཅུ་གཉིས།

བཅུ་གཉིས་གང་ཞེ་ན། གཟུགས་ལ་སོགས། མ་གཏོགས། རྣམ་པར་ཤེས་པ་དྲུག་དང་གནས་དྲུག་སྟེ་ཁམས་བཅུ་གཉིས་པོ་དེ་དག་ནི་ནང་གིའོ། །གཟུགས་ལ་སོགས་པ་ཡུལ་གྱི་ཁམས་དྲུག་ནི་ཕྱི་རོལ་གྱིའོ། །ཁམས་རྣམས་ལ་བརྟེན་པ་དང་བཅས་པ་རྣམས་ནི་དུ། དེའི་བརྟེན་པ་དང་

བཅས་པ་རྣམས་ནི་དུ་ཞིག་ཅེ་ན། རེ་ཞིག་ངེས་པར། ཆོས་ཞེས་བྱ་བ་ནི། བརྟེན་པ་དང་བཅས། རྣམ་པར་ཤེས་པ་གང་གི་ཡུལ་དུ་གང་ངེས་ལ། གལ་ཏེ་དེར་རྣམ་པར་ཤེས་པ་དེ་སྐྱེས་པའམ་སྐྱེ་བའི་ཆོས་ཀྱི་ཡུལ་དེ་ནི་བརྟེན་པ་དང་བཅས་པ་ཞེས་བྱ་ལ། ཆོས་ཀྱི་ཁམས་གང་ལ་ཡིད་ཀྱི་རྣམ་པར་

ཤེས་པ་མཐའ་ཡས་པ་སྐྱེས་པའམ་སྐྱེ་བར་མི་འགྱུར་བ་དེ་ནི་གང་ཡང་མེད་དེ། འདི་ལྟར་འཕགས་པའི་གང་ཟག་ཐམས་ཅད་ལ་ནི་ཆོས་ཐམས་ཅད་བདག་མེད་པའི་སེམས་འདི་ངེས་པར་སྐྱེ་སྟེ་དེ་ཡང་རང་གི་ངོ་བོ་དང་ལྷན་ཅིག་འབྱུང་བ་མ་གཏོགས་པར་ཆོས་ཐམས་ཅད་དམིགས་པ་ཡིན་ལ། སྐད་

Vol. 141 · folio 106b

ཅིག་པ་གཉིས་པའི་དམིགས་པར་ནི་ཆོས་ཐམས་ཅད་འགྱུར་བས་དེ་བས་ན་ཆོས་ཀྱི་ཁམས་ནི་རྟག་པར་བརྟེན་པ་དང་བཅས་པའོ། །ལྷག་མ་ནི་དེའི་རྟེན་དང་བཅས་པ་ཡང་། ཡང་གི་སྒྲས་ནི་བརྟེན་པ་དང་བཅས་པ་ཡང་ཡིན་ནོ། །དེའི་བརྟེན་པ་དང་བཅས་པ་འདི་ཅི་ཞིག །གང་ཞིག་རང་གི་

ལས་མི་བྱེད། །གང་རང་གི་ལས་བྱེད་པ་དེ་ནི་བརྟེན་པ་དང་བཅས་པར་བསྟན་པར་འགྱུར་རོ། །དེ་ལ་མིག་གང་གིས་གཟུགས་རྣམས་མཐོང་བའམ་ལྟ་བར་འགྱུར་བ་དེ་ནི་བརྟེན་པ་དང་བཅས་པ་ཞེས་བྱ་སྟེ། མིག་ལ་ཇི་ལྟ་བ་བཞིན་དུ་ཡིད་ཀྱི་བར་དུ་ཡང་རང་གི་ཡུལ་ལ་བྱེད་པས་བརྗོད་པར་བྱའོ། །

དེའི་བརྟེན་པ་དང་བཅས་པ་ནི་མིག་གང་གིས་གཟུགས་རྣམས་མ་མཐོང་བར་འགགས་པའམ། འགོག་པའམ། འགག་པར་འགྱུར་བའམ། གང་ཡང་མི་སྐྱེ་བའི་ཆོས་ཅན་ཏེ། དེ་བཞིན་དུ་ལུས་ཀྱི་བར་དུ་ཡང་རིག་པར་བྱའོ། །ཡིད་ནི་མི་སྐྱེ་བའི་ཆོས་ཅན་ཉིད་དེ་དེའི་བརྟེན་པ་དང་བཅས་པའོ། །ཡང་

གཟུགས་རྣམས་ནི་མིག་གིས་མཐོང་བའམ་ལྟ་བའམ་ལྟ་བར་འགྱུར་བ་དེ་དག་ནི་བརྟེན་པ་དང་བཅས་པའོ། །དེའི་བརྟེན་པ་དང་བཅས་པ་ནི་རྣམ་པ་བཞི་སྟེ། གང་རྣམས་མ་མཐོང་བ་ཉིད་དུ་འགགས་པ་དང་། འགོག་པ་དང་། འགག་པར་འགྱུར་བ་དང་། གང་དག་མི་སྐྱེ་བའི་ཆོས་རྣམས་ཏེ།

དེ་བཞིན་དུ་རེག་བྱའི་བར་དུ་ཡང་རང་གི་དབང་པོས་བྱེད་པས་བརྟེན་པ་དང་བཅས་པ་དང་། དེའི་བརྟེན་པ་དང་བཅས་པར་རིག་པར་བྱའོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་བརྟེན་པ་དང་བཅས་པ་དང་། དེའི་བརྟེན་པ་དང་བཅས་པ་ཉིད་ནི་སྐྱེ་བ་དང་མི་སྐྱེ་བའི་ཆོས་ཡིན་པའི་ཕྱིར་ཡིད་ཀྱི་ཁམས་ཇི་ལྟ་བ་

བཞིན་ནོ། །ཁམས་རྣམས་ལས་མཐོང་བས་སྤང་བར་བྱ་བ་རྣམས་ནི་དུ། བསྒོམ་པས་སྤང་བར་བྱ་བ་རྣམས་ནི་དུ། སྤང་བར་བྱ་བ་མ་ཡིན་པ་རྣམས་ནི་དུ་ཞིག་ཅེ་ན། རེ་ཞིག་གཟུགས་ཅན། བཅུ་ནི་བསྒོམ་པས་སྤང་བྱ་ཡིན། །ལྔ་ཡང་། ཡིན་ཏེ་རྣམ་པར་ཤེས་པའི་ཁམས་ལྔའོ། །ཐ་མ་

གསུམ་རྣམ་གསུམ། དེ་ལ་བག་ལ་ཉལ་བརྒྱད་ཅུ་རྩ་བརྒྱད་དང་། དེ་དང་ལྷན་ཅིག་བྱུང་བ་དང་། དེའི་འཐོབ་པ་འཁོར་དང་བཅས་པ་རྣམས་ནི་མཐོང་བས་སྤང་བར་བྱ་བའོ། །ཟག་པ་དང་བཅས་པ་ལྷག་མ་རྣམས་ནི་བསྒོམ་པས་སྤང་བར་བྱ་བའོ། །ཟག་པ་མེད་པ་རྣམས་ནི་སྤང་བར་བྱ་བ་མ་ཡིན་པའོ། །

Vol. 141 · folio 107a

སོ་སོའི་སྐྱེ་བོ་ཉིད་དང་། ངན་སོང་བའི་ལུས་དང་ངག་གི་ལས་ཀྱང་འཕགས་པའི་ལམ་དང་འགལ་བའི་ཕྱིར་མཐོང་བས་སྤང་བར་བྱ་བ་གཞན་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ནི་མཐོང་བས་སྤང་བར་བྱ་བ་མ་ཡིན་ཏེ། འདི་ལྟར་བསྡུ་ན། ཉོན་མོངས་ཅན་མིན་མཐོང་སྤང་མིན། །གཟུགས་

མིན་དྲུག་པས་མ་སྐྱེས་མིན། །ཉོན་མོངས་པ་ཅན་མ་ཡིན་པ་ནི་མཐོང་བས་སྤང་བར་བྱ་བ་ཆུང་ཟད་ཀྱང་མེད་ལ། དགེ་བའི་རྩ་བ་ཡང་དག་པར་ཆད་པ་དང་འདོད་ཆགས་དང་བྲལ་བ་རྣམས་ཀྱང་དེ་དང་ལྡན་པའི་ཕྱིར་སོ་སོའི་སྐྱེ་བོ་ཉིད་ནི་ཉོན་མོངས་པ་ཅན་མ་ཡིན་ལ་ལུང་དུ་མ་བསྟན་པའོ། །སྡུག་བསྔལ་ལ་ཆོས་

ཤེས་པའི་བཟོད་པ་ཡང་སོ་སོའི་སྐྱེ་བོ་ཉིད་དུ་ཐལ་བར་འགྱུར་བའི་ཡང་ཕྱིར་རོ། །གཟུགས་ཀྱང་མ་ཡིན་ཏེ། ལུས་དང་ངག་གི་ལས་ནི་གཟུགས་ཡིན་ན་བདེན་པ་རྣམས་ལོག་པར་མི་རྟོག་པའི་ཕྱིར། དེ་བས་ན་དེ་ཡང་མཐོང་བས་སྤང་བར་བྱ་བ་མ་ཡིན་ནོ། །དྲུག་པ་ལས་མ་སྐྱེས་པ་ཡང་མ་ཡིན་ཏེ།

ཡིད་ཀྱི་སྐྱེ་མཆེད་ནི་དྲུག་པ་ཞེས་བྱ། དེ་ལས་གཞན་པ་ལས་སྐྱེས་པ་ནི་དྲུག་པ་ལས་སྐྱེས་པ་མ་ཡིན་པ་སྟེ། དབང་པོ་ལྔ་ལས་སྐྱེས་པའོ། །གང་དེ་ཡང་མཐོང་བས་སྤང་བར་བྱ་བ་མེད་དོ། །ཁམས་བཅོ་བརྒྱད་རྣམས་ལ་ལྟ་བ་ནི་དུ། ལྟ་བ་མ་ཡིན་པ་ནི་དུ་ཞིག་ཅེ་ན། མིག་དང་ཆོས་ཀྱི་ཁམས་ཕྱོགས་

ནི། །ལྟ་བ་ཡིན་ཏེ། དེ་གང་ཞེ་ན། སྨྲས་པ། རྣམ་པ་བརྒྱད། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྟ་བ་ལྔ་རྣམས་དང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། སློབ་པ་དང་། མི་སློབ་པའི་ལྟ་བ་སྟེ། རྣམ་པ་བརྒྱད་པོ་འདི་དག་ནི་ཆོས་ཀྱི་ཁམས་ཀྱི་ལྟ་བའོ། །ལྷག་མ་རྣམས་ནི་ལྟ་བ་མ་

ཡིན་ནོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམས་ནི་མཛོད་ཀྱི་གནས་ལྔ་པ་ནས་བཤད་པར་བྱའོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ནི་ཤེས་རབ་ཟག་པ་དང་བཅས་པ་དགེ་བའོ། །སློབ་པའི་ཟག་པ་མེད་པའི་ལྟ་བ་ནི་སློབ་

པའི་འོ། །མི་སློབ་པ་ནི་མི་སློབ་པའི་འོ། །ཡང་ཅིའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པ་ལྡན་པ་འབའ་ཞིག་ལ་འཇིག་རྟེན་པའི་ལྟ་བ་ཞེས་བྱ་ཞེ་ན། གང་གི་ཕྱིར། རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། །ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །ངེས་པར་རྟོག་པ་ནི་ལྟ་བ་སྟེ་ངེས་པར་སེམས་

Vol. 141 · folio 107b

པ་ལ་ཞུགས་པ་ཡིན་ན། རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པའི་ཤེས་རབ་ནི་དེ་ལམ་ཡིན་ཏེ། དེ་བས་ན་དེ་ནི་ལྟ་བ་མ་ཡིན་ནོ། །ད་ནི་མིག་ཀྱང་ངེས་པར་རྟོག་པ་མེད་པ་ཉིད་ན་ཇི་ལྟ་བ་ཡིན་ཞེ་ན། གཟུགས་ལ་ལྟ་བའི་དོན་གྱིས་ཏེ། གང་གི་ཕྱིར། མིག་ནི་གཟུགས་རྣམས་ལྟ། གལ་ཏེ་མིག་གིས་གཟུགས་

མཐོང་ན། །རྣམ་པར་ཤེས་པ་གཞན་དང་ལྡན་པ་ན་ཡང་མཐོང་བར་འགྱུར་རོ་ཞེ་ན། མིག་ཐམས་ཅད་ཀྱིས་ལྟ་བ་ནི་མ་ཡིན་ཏེ། འདི་ལྟར། བརྟེན་བཅས། གང་གི་ཚེ་རྣམ་པར་ཤེས་པ་དང་བཅས་པ་དེའི་ཚེ་མཐོང་གི་གཞན་དག་གིས་ནི་མ་ཡིན་ནོ། །དེ་ལྟ་ན་ཡང་མིག་དེ་ཉིད་ལ་གནས་པའི་རྣམ་པར་

ཤེས་པས་མཐོང་བར་འགྱུར་རོ་ཞེ་ན། དེ་ལ་གནས་པའི་རྣམ་པར་ཤེས་པས་མཐོང་ངོ་ཞེས་ངེས་པར་བྱ་མི་ནུས་ཏེ། ཅིའི་ཕྱིར་ཞེ་ན། གང་ཕྱིར་རེ་ལྡེས་བར་ཆོད་པ། །མི་མཐོང་། གལ་ཏེ་རྣམ་པར་ཤེས་པས་མཐོང་བ་ཡིན་ན་དེ་ནི་ཐོགས་པ་མེད་པའི་ཕྱིར། རེ་ལྡེ་ལ་སོགས་པ་ལ་ཡང་ཐོགས་པ་

མེད་པས། རེ་ལྡེ་ལ་སོགས་པས་བསྒྲིབས་པ་ལ་ཡང་མཐོང་བ་ཞིག་ན་མི་མཐོང་སྟེ། དེ་ལྟ་བས་ན་བརྟེན་པ་དང་བཅས་པའི་མིག་ཉིད་ཀྱིས་མཐོང་གི་དེ་ལ་གནས་པའི་རྣམ་པར་ཤེས་པས་ནི་མ་ཡིན་ནོ། །ཅི་མིག་གཅིག་གིས་གཟུགས་རྣམས་ལྟའམ་འོན་ཏེ་གཉི་གས་ཤེ་ན། འདི་ལ་ངེས་པ་

མེད་དེ། མིག་ནི་གཉི་གས་མཐོང་ཇི་ལྟར་རྟོགས་ཤེ་ན། གསལ་བར་མཐོང་ཕྱིར། འདི་ལྟར་གཉི་ག་ཕྱེ་ན་རབ་ཏུ་གསལ་བར་མཐོང་བར་འགྱུར་ཏེ། དེའི་ཕྱིར་མིག་གཉི་གས་ཀྱང་མཐོང་ངོ་། །ཡང་ཇི་ལྟར་མིག་ལ་སོགས་པ་དེ་དག་ཡུལ་དང་ཕྲད་ནས་སམ་འོན་ཏེ་མ་ཕྲད་པར་ཞེ་ན། མིག་

དང་ནི། ཡིད་དང་རྣ་བ་མ་ཕྲད་ཡུལ། །ལྷག་མ་སྣ་དང་ལྕེ་དང་ལུས། །ཞེས་བྱ་བ། གསུམ་གཞན། ཡུལ་དང་ཕྲད་ནས་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ཅི་མིག་ལ་སོགས་པ་འདི་དག་གིས་རང་གི་ཚད་དང་མཉམ་པའི་དོན་ལ་མགལ་མེའི་འཁོར་ལོ་བཞིན་དུ་མྱུར་བར་འཇུག་པའི་ཕྱིར་

རི་ལ་སོགས་པ་འཛིན་ཏམ། འོན་ཏེ་མཉམ་པ་དང་མི་མཉམ་པ་ཞིག་ལ་འཛིན་ཅེ་ན། རེ་ཞིག་གང་དག་ཡུལ་དང་ཕྲད་པར་བཤད་པ་དེ་དག་གིས་ནི། སྣ་ལ་སོགས་པ་གསུམ་གྱིས་ནི། །ཡུལ་ནི་མཉམ་པར་འཛིན་པར་འདོད། །དབང་པོའི་རྡུལ་ཕྲ་རབ་རྣམས་ཇི་སྙེད་པ་དེ་སྙེད་ཀྱིས་ཡུལ་

Vol. 141 · folio 108a

གྱི་རྡུལ་ཕྲ་རབ་རྣམས་དང་། ཕྲད་ནས་རྣམ་པར་ཤེས་པ་བསྐྱེད་དོ། །མིག་དང་རྣ་བ་གཉིས་ནི་མ་ངེས་ཏེ་རེས་འགའ་སྐྲའི་རྩེ་མོ་མཐོང་ན་ནི་ཆུང་ངོ་། །རེས་འགའ་རྒུན་འབྲུམ་མཐོང་ན་ནི་མཉམ་མོ། །རེས་འགའ་མིག་ཕྱེ་བ་ཙམ་གྱིས་རི་ཆེན་པོ་མཐོང་ན་ནི་ཆེའོ། །དེ་བཞིན་དུ་རྣ་བས་

སྦྲང་བུ་ལ་སོགས་པའི་སྒྲ་ཐོས་པ་ལ་སྦྱར་བར་བྱའོ། །ཡིད་ནི་ལུས་མེད་པས་འདིའི་ཚད་ཡོངས་སུ་དཔྱད་པ་མ་ཡིན་ནོ། །ཅི་མིག་གི་རྣམ་པར་ཤེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་ཁམས་དྲུག་བཤད་པ་གང་ཡིན་པ་དེ་དག །ཇི་ལྟར་ལྷ་རྣམས་ཀྱི་ཡུལ་ད་ལྟའི་ཡིན་ཞིང་ཐ་མ་པའི་དུས་

གསུམ་ཡིན་པ་ལྟར་གནས་ཀྱང་དེ་ལྟ་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ཏེ། འདི་ལྟར། ཐ་མའི་གནས་འདས། ཐ་མ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། དེའི་གནས་ནི་འགགས་མ་ཐག་པའི་ཡིད་ཡིན་ནོ། །ལྔ་རྣམས་ནི་དེ་དང་ལྷན་ཅིག་སྐྱེས་པ་ཡང་། ཡང་གི་སྒྲས་ནི་འདས་པ་ཡང་ཡིན་ནོ། །

དེ་ལ་མིག་གི་རྣམ་པར་ཤེས་པའི་ལྷན་ཅིག་སྐྱེས་པའི་གནས་ནི་མིག་ཡིན་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་ལུས་ཡིན་པའི་བར་དུའོ། །དེ་དག་གི་འདས་པའི་གནས་ནི་ཡིད་ཡིན་ནོ། །ཡང་ཅིའི་ཕྱིར་མིག་གི་རྣམ་པར་ཤེས་པ་ནི་གཉི་ག་ལ་རག་ལུས་ཏེ། སྐྱེ་ན་མིག་ལ་སོགས་པ་ཉིད་ལ་གནས་ཞེས་

བྱའི་གཟུགས་ལ་སོགས་པ་ལ་ནི་མ་ཡིན་ཞེ་ན། དེ་གྱུར་པ་ལས་འགྱུར་བའི་ཕྱིར། །གནས་ནི་མིག་ལ་སོགས་པ་ཡིན། །ཁམས་དག་གི་དབང་དུ་བྱས་པ་སྟེ། མིག་ལ་སོགས་པ་རྣམས་གྱུར་པས་རྣམ་པར་ཤེས་པ་རྣམས་འགྱུར་ཏེ། ཕན་པ་དང་། གནོད་པ་དང་། གསལ་བ་དང་། མི་གསལ་

བའི་རྗེས་སུ་འབྲེལ་བའི་ཕྱིར་རོ། །གཟུགས་ལ་སོགས་པ་གྱུར་པས་ནི་དེ་འགྱུར་བ་མ་ཡིན་ཏེ། དེ་བས་ན་དེ་ལ་རག་ལུས་པའི་ཕྱིར་དེ་ཉིད་གནས་ཡིན་གྱི་གཟུགས་ལ་སོགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ལེགས་པ་ཡིན་ནོ། །ཡང་དེ་དག་གིས་ནི་གཟུགས་ལ་སོགས་པ་རྣམ་པར་ཤེས་ན། ཅིའི་ཕྱིར་

མིག་གི་རྣམ་པར་ཤེས་པ་ཞེས་བྱ་བ་ནས་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་བར་ཡིན་གྱི། གཟུགས་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ནས་ཆོས་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་བར་དུ་མ་ཡིན་ཞེ་ན། གང་གི་ཕྱིར་དེ་དག་གི་གནས་ནི་མིག་ལ་སོགས་པ་དེ་དག་ཡིན་པ། དེའི་ཕྱིར་ཐུན་མོང་མ་

Vol. 141 · folio 108b

ཡིན་ཕྱིར། །རྣམ་ཤེས་དེའི་ཞེས་ངེས་པར་བཤད། །ཇི་ལྟར་ན་ཐུན་མོང་མ་ཡིན་ཞེ་ན། མིག་ལས་གཞན་པ་ནི་མིག་གི་རྣམ་པར་ཤེས་པའི་གནས་སུ་འགྱུར་བར་མི་ནུས་ལ། གཟུགས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པར་ཡང་འགྱུར་ཏེ། དེ་བཞིན་དུ་ལུས་ཀྱི་བར་དུ་ཡང་རིག་པར་

བྱའོ། །དེ་བས་ན་གནས་སུ་གྱུར་པ་དང་ཐུན་མོང་མ་ཡིན་པའི་ཕྱིར། དེ་དག་ཉིད་ཀྱི་རྣམ་པར་ཤེས་པར་བསྟན་གྱི་གཟུགས་ལ་སོགས་པའི་ནི་མ་ཡིན་ཏེ། དཔེར་ན་རྔ་བོ་ཆེའི་སྒྲ་དང་། ནས་ཀྱི་མྱུ་གུ་བཞིན་ནོ། །ཡང་ལུས་གང་ལ་གནས་ཏེ་མིག་གིས་གཟུགས་རྣམས་ལྟ་བ་ན་ཅི་ལུས་དང་།

མིག་དང་། གཟུགས་དང་། རྣམ་པར་ཤེས་པ་དེ་དག་ས་པ་གཅིག་ཁོ་ནར་གྱུར་ཏམ། འོན་ཏེ་གཞན་གྱི་ས་པ་ཡང་ཡིན་ཞེ་ན། སྨྲས་པ། དེ་དག་ཐམས་ཅད་བྱེ་བྲག་ཡོད་དེ་འདོད་པའི་ཁམས་སུ་སྐྱེས་པའི་རང་བཞིན་གྱི་མིག་གིས་རང་གི་གཟུགས་རྣམས་ལ་ལྟ་བ་ན་ཐམས་ཅད་རང་གི་ས་པར་

འགྱུར་རོ། །དེ་ཉིད་རང་གི་གཟུགས་རྣམས་ལ་བསམ་གཏན་དང་པོའི་མིག་གིས་ལྟ་བ་ན། ལུས་དང་གཟུགས་ནི་རང་གི་ས་པ་ཡིན་ལ། རྣམ་པར་ཤེས་པ་དང་མིག་ནི་དེའི་ས་པའི་འོ། །བསམ་གཏན་དང་པོ་དག་ཏུ་ལྟ་བ་ན་གཟུགས་ཀྱང་དེའི་ས་པའི་འོ། །རང་གི་གཟུགས་རྣམས་ལ་བསམ་

གཏན་གཉིས་པའི་མིག་གིས་ལྟ་བ་ན། ལུས་དང་གཟུགས་ནི་རང་གི་ས་པ་ཡིན་ལ། མིག་ནི་དེའི་ས་པའི་འོ། །བསམ་གཏན་གཉིས་པའི་བསམ་གཏན་དང་པོའི་ས་དག་ཏུ་ལྟ་བ་ན་རྣམ་པར་ཤེས་པ་དང་གཟུགས་ནི་དེའི་ས་པ་ཡིན་ལ། ལུས་ནི་འདོད་པ་ན་སྤྱོད་པའི་འོ། །མིག་ནི་བསམ་གཏན་

གཉིས་པའི་ས་པའི་འོ། །བསམ་གཏན་གཉིས་པའི་ས་དག་ལ་ལྟ་བ་ན་མིག་དང་གཟུགས་ནི་དེའི་ས་པ་ཡིན་ལ་ལུས་ནི་འདོད་པ་ན་སྤྱོད་པའི་འོ། །རྣམ་པར་ཤེས་པ་ནི་བསམ་གཏན་དང་པོའི་ས་པའི་འོ། །དེ་བཞིན་དུ་བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པའི་ས་པའི་

མིག་གིས་དེའི་ས་པ་དང་། འོག་མའི་ས་པའི་གཟུགས་རྣམས་ལ་ལྟ་བ་ལ་ཡང་སྦྱར་བར་བྱ་ཞིང་། བསམ་གཏན་དང་པོ་ལ་སོགས་པར་སྐྱེས་པ་ཡང་བདག་དང་གཞན་གྱི་མིག་གིས་བདག་དང་གཞན་གྱི་ས་པའི་གཟུགས་རྣམས་ལ་ལྟ་བ་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །འདི་ནི་ངེས་པ་སྟེ། ལུས་ལ་

Vol. 141 · folio 109a

འོག་མའི་མིག་མ་ཡིན། །ལུས་དང་མིག་དང་གཟུགས་རྣམས་ནི་འདོད་པ་ན་སྤྱོད་པ་ནས་བསམ་གཏན་བཞི་པའི་ས་པའི་བར་ས་ལྔ་པོ་དག་གིའོ། །མིག་གི་རྣམ་པར་ཤེས་པ་ནི་ས་གཉིས་པའི་ཡིན་ཏེ། འདོད་པ་ན་སྤྱོད་པ་དང་། བསམ་གཏན་དང་པོའི་ས་པའི་འོ། །དེ་ལ་ས་པ་གང་གི་

ལུས་ལ་དེའི་ས་པ་དང་ས་གོང་མ་པའི་མིག་ཏུ་འགྱུར་གྱི། ས་འོག་མ་པའི་ནི་མ་ཡིན་ནོ། །ས་པ་གང་གི་མིག་ཡིན་པ་དེའི་ཡུལ་དུ་ནི་དེའི་ས་པའམ་ས་འོག་མ་པའི་གཟུགས་སུ་འགྱུར་རོ། །མིག་གིས་གོང་མའི་གཟུགས་མ་ཡིན། ས་གོང་མའི་གཟུགས་ས་འོག་མ་པའི་མིག་གིས་མཐོང་བར་ནི་ནམ་

ཡང་མི་ནུས་སོ། །རྣམ་པར་ཤེས་པའང་གོང་མའི་ནི་མིག་གིས་མ་ཡིན་ཏེ། གཟུགས་བཞིན་ནོ། །གཟུགས་ནི་འདིའོ། །ལུས་ནི་གཉི་ག་ཐམས་ཅད་དུ། །འདིའི་ཞེས་བྱ་བ་ནི་བཤད་མ་ཐག་པའི་མིག་གི་རྣམ་པར་ཤེས་པའི་ཡུལ་ནི་སྟེང་དང་འོག་དང་རང་གི་ས་པའི་གཟུགས་ཐམས་ཅད་

ཡིན་ལ། ལུས་ཀྱང་ཐམས་ཅད་དུ་གཉི་གའི་འོ། །ཇི་ལྟར་མིག་དེ་རྒྱ་ཆེར་བཤད་པ། དེ་བཞིན་རྣ་བ་ལ་ཡང་རིག་པར་བྱ་སྟེ། ལུས་ལ་འོག་མའི་རྣ་བ་མིན། །གོང་མའི་སྒྲ་ཡང་མི་ཐོས་སོ། །རྣམ་པར་ཤེས་པའང་སྒྲ་ནི་འདིའོ། །ལུས་ནི་གཉི་གར་ཐམས་ཅད་དུ་ཞེས་རྒྱ་ཆེར་སྦྱར་བར་བྱའོ། །

གསུམ་དག་ནི། ཐམས་ཅད་རང་གི་ས་པ་ཉིད། །སྣ་དང་། ལྕེ་དང་། ལུས་ཀྱི་ཁམས་རྣམས་སོ། །ལུས་དང་རང་གི་ཡུལ་དང་རྣམ་པར་ཤེས་པ་རྣམས་ནི་རང་གི་ས་པ་ཉིད་དོ་ཞེས་བྱེ་བྲག་ཏུ་དབྱེ་བ་མ་བྱས་པར་སྤྱིར་བསྟན་ནས། ཡང་བྱེ་བྲག་ཏུ་དབྱེ་བའི་ཕྱིར་དམིགས་ཀྱིས་བསྟན་པ་རྩོམ་སྟེ།

ལུས་ཀྱི་རྣམ་ཤེས་འོག་དང་ནི། །རང་གི་ལུས་ཞེས་བྱ་བ་ནི་ལུས་ཀྱི་ཁམས་ཏེ། རེག་བྱ་ནི་རྟག་ཏུ་རང་གི་ས་པ་ཉིད་དུ་འགྱུར་རོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་ལ་ལ་ནི་རང་གི་ས་པར་འགྱུར་ཏེ། འདི་ལྟར་འདོད་པའི་ཁམས་དང་བསམ་གཏན་དང་པོར་སྐྱེས་པ་རྣམས་ཀྱིའོ། །ལ་ལ་ནི་ས་འོག་མ་པའི་སྟེ། འདི་

ལྟར། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་རྣམས་ཀྱིའོ། །ཡིད་མ་ངེས་ཏེ། རེས་འགའ་ལུས་དང་། ཡིད་དང་། རྣམ་པར་ཤེས་པ་དང་། ཆོས་ཀྱིས་མཚུངས་པའི་ཡིད་དུ་འགྱུར་རོ། །རེས་འགའ་སྟེང་དང་འོག་མའི་ས་པ་སྟེ། ས་ལྔ་པའི་ལུས་ལ་ཡང་སྙོམས་པར་འཇུག་པ་དང་། སྐྱེ་

Vol. 141 · folio 109b

བའི་ཚེ་ཡིད་ལ་སོགས་པ་ཅི་རིགས་པར་ས་ཐམས་ཅད་པར་འགྱུར་ཏེ། དེ་དག་རྒྱ་ཆེར་ནི་སྙོམས་པར་འཇུག་པ་བསྟན་པའི་མཛོད་ཀྱི་གནས་སུ་བཤད་པར་བྱའོ། །ཡང་ཁམས་བཅོ་བརྒྱད་པོ་དེ་དག་ལས། གང་ཞིག་རྣམ་པར་ཤེས་པ་དྲུག་པོ་གང་གིས་ཤེས་པར་བྱ་བ་ཡིན་ཞེ་ན། སྨྲས་པ། གཉིས་

ཀྱིས་ཤེས་བྱ་ཕྱི་རོལ་ལྔ། །གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱའི་ཁམས་རྣམས་ནི་གྲངས་བཞིན་དུ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པས་ཉམས་སུ་མྱོང་ཞིང་། ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་པ་སྟེ། དེ་ལྟར་ན་དེ་དག་ལ་རེ་རེ་ཞིང་ཡང་

རྣམ་པར་ཤེས་པ་གཉིས་ཀྱིས་རྣམ་པར་ཤེས་པར་བྱ་བ་ཡིན་པར་འགྱུར་རོ། །ཁམས་ལྷག་མ་བཅུ་གསུམ་དག་ནི་རྣམ་པར་ཤེས་པ་ལྔའི་ཡུལ་མ་ཡིན་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་པུས་ཤེས་པར་བྱ་བའོ་ཞེས་བསྟན་པར་འགྱུར་རོ། །རྟག་པ་རྣམས་ནི་དུ། མི་རྟག་པ་རྣམས་ནི་དུ་

ཞིག་ཅེ་ན། ཁམས་མཐའ་དག་རྟག་པ་ནི་གང་ཡང་མེད་མོད་ཀྱི། འོན་ཀྱང་། འདུས་མ་བྱས་ཆོས་རྟག་པའོ། །དེས་ན་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་རྟག་ལ། ལྷག་མ་རྣམས་མི་རྟག་པའོ། །དབང་པོ་ནི་དུ། དབང་པོ་མ་ཡིན་པ་ནི་དུ་ཞིག་ཅེ་ན། ཆོས་ཀྱི་ཕྱེད་དང་གང་དག་ནི། །བཅུ་

གཉིས་ནང་གིར་བཤད་དབང་པོ། །མདོ་ལས། མིག་ལ་སོགས་པ་ནས་ཀུན་ཤེས་པ་དང་ལྡན་པའི་དབང་པོའི་བར་དུ་དབང་པོ་ཉི་ཤུ་རྩ་གཉིས་གསུངས་པ། དེ་ལ་སྲོག་གི་དབང་པོ་ལ་སོགས་པ་དབང་པོ་བཅུ་གཅིག་དང་། གསུམ་པོ་དག་གི་ཆ་ནི་ཆོས་ཀྱི་ཁམས་ཀྱི་ཕྱོགས་ཡིན་པའི་

ཕྱིར་ཆོས་ཀྱི་ཕྱེད་ཡིན་ནོ། །མིག་ལ་སོགས་པ་ནང་གི་བཅུ་གཉིས་རྣམས་ལ་ལྔ་པོ་རང་གི་མིང་གིས་སྨོས་པ་དག་དང་། སེམས་ཀྱི་ཁམས་བདུན་རྣམས་ནི་ཡིད་ཀྱི་དབང་པོ་ཡིན་ནོ། །སྐྱེས་པ་དང་། བུད་མེད་ཀྱི་དབང་པོ་ནི་ལུས་ཀྱི་ཕྱོགས་ཡིན་ནོ་ཞེས་འོག་ནས་སྟོན་ནོ། །ཁམས་ལྔ་པོ་ལྷག་མ་

དག་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་ནི་དབང་པོ་མ་ཡིན་པར་གྲུབ་པོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་མདོ་དང་མཐུན་པ་ལས་དངོས་པོ་དགོད་པ་ཞེས་བྱ་བ་མཛོད་ཀྱི་གནས་དང་པོའོ།། །།དབང་པོ་རྣམས་བསྟན་པ་ལ། དབང་པོའི་དོན་ཅི་ཡིན་ཞེ་ན། དབང་བྱེད་པའི་དོན་ཏོ། །ཡང་དེ་

Vol. 141 · folio 110a

དག་གང་ཞིག་གང་ལ་དབང་བྱེད་ཅེ་ན། ལྔ་པོ་རྣམས་ནི་དོན་བཞི་ལ། །དབང་བྱེད། རེ་ཞིག་མིག་དང་རྣ་བ་གཉིས་དོན་བཞི་བཞི་ལ་དབང་བྱེད་པ་ནི་ལོང་བ་དང་འོན་པ་གཉིས་ནི་གཟུགས་མི་མཛེས་པའི་ཕྱིར་ལུས་མཛེས་པར་བྱ་བ་དང་། མཐོང་བ་དང་ཐོས་པ་ན་ཡ་ང་བ་ཡོངས་སུ་སྤོང་

བའི་ཕྱིར་ལུས་ཡོངས་སུ་བསྲུང་བ་དང་། མིག་དང་རྣ་བའི་རྣམ་པར་ཤེས་པ་གཉིས་མཚུངས་པར་ལྡན་པ་དང་བཅས་པ་སྐྱེད་པ་དང་། གཟུགས་ལ་ལྟ་བ་དང་སྒྲ་སྙན་པ་གཉིས་ལ་ཡང་ཐུན་མོང་མ་ཡིན་པའི་རྒྱུ་ཉིད་ལའོ། །སྣ་དང་ལྕེ་དང་ལུས་ནི་དེ་དང་མི་ལྡན་པ་དང་། མ་ཚང་བ་ནི་གཟུགས་མི་མཛེས་

པའི་ཕྱིར་ལུས་མཛེས་པར་བྱ་བ་དང་། དེ་དག་གིས་ཁམ་གྱི་ཟས་ལ་ཡོངས་སུ་སྤྱོད་པའི་ཕྱིར་ལུས་ཡོངས་སུ་བསྲུང་བ་དང་། སྣ་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་མཚུངས་པར་ལྡན་པ་དང་བཅས་པ་བསྐྱེད་པ་དང་། དྲི་བསྣམ་པ་དང་། རོ་མྱང་བ་དང་། རེག་བྱ་ལ་རེག་པ་རྣམས་ལ་ཡང་ཐུན་

མོང་མ་ཡིན་པའི་རྒྱུ་ཉིད་ལའོ། །བཞི་རྣམས་གཉིས་དག་ལ། ཕོ་དང་། མོ་དང་སྲོག་དང་། ཡིད་ཀྱི་དབང་པོ་རྣམས་ནི་དོན་གཉིས་གཉིས་ལ་སོ་སོར་དབང་བྱེད་དེ། རེ་ཞིག་ཕོ་དང་། མོའི་དབང་པོ་གཉིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་དབང་བྱེད་པ་ནི། འདི་ལྟར་དེ་དང་མི་ལྡན་

པ་དང་མ་ཚང་བར་མ་ནིང་ལ་སོགས་པ་ལ་ནི་སྡོམ་པ་མ་ཡིན་པ་དང་། མཚམས་མེད་པ་དང་། དགེ་བའི་རྩ་བ་ཡང་དག་པར་ཆད་པ་དང་། སྡོམ་པ་དང་འབྲས་བུ་ཐོབ་པ་དང་། འདོད་ཆགས་དང་བྲལ་བ་རྣམས་མེད་དོ། །སྲོག་གི་དབང་པོ་རིས་མཐུན་པར་མཚམས་སྦྱོར་བ་དང་། ཡང་དག་པར་

འཛིན་པ་གཉིས་ལའོ། །ཡིད་ཀྱི་དབང་པོ་ནི་ཡང་སྲིད་པར་མཚམས་སྦྱོར་བ་དང་། དབང་བསྒྱུར་བ་ལའོ། །གང་ཡང་བདེ་བ་ལ་སོགས་པའི་དབང་པོ་ལྔ་དང་། གང་དག་དད་པ་ལ་སོགས་པ་བརྒྱད་པོ་དེ་དག་ནི། ལྔ་པོ་དག་དང་བརྒྱད་རྣམས་ནི། །ཀུན་ནས་ཉོན་མོངས་རྣམ་བྱང་ལ། །རིམ་

བཞིན་དུ་དབང་བྱེད་དེ། བདེ་བ་ལ་སོགས་པ་ལྔ་པོ་རྣམས་ནི་ཀུན་ནས་ཉོན་མོངས་པ་ལ་སྟེ། འདོད་ཆགས་ལ་སོགས་པ་དེའི་བག་ལ་ཉལ་བའི་ཕྱིར་རོ། །དད་པ་ལ་སོགས་པ་ནི་རྣམ་པར་བྱང་བ་ལ་སྟེ། དེ་དག་གིས་རྣམ་པར་བྱང་བར་བྱེད་པའི་ཕྱིར་རོ། །གཞན་དག་ལྟ་བ་ནི། རང་གི་དོན་

Vol. 141 · folio 110b

དང་ཐམས་ཅད་ལ། །དམིགས་པར་དབང་བྱེད་ཕྱིར་དབང་དྲུག །མིག་ལ་སོགས་པ་ལྔ་ནི་རང་རང་གི་དོན་དམིགས་པ་ལ་དབང་བྱེད་དོ། །ཡིད་ནི་དོན་ཐམས་ཅད་དམིགས་པ་ལ་དབང་བྱེད་དེ། དེའི་ཕྱིར་དྲུག་པོ་དེ་དག་ནི་དབང་པོ་རེ་རེའོ། །ཕོ་མོ་ཉིད་དུ་དབང་བྱེད་ཕྱིར། །ལུས་ལ་ཕོ་དང་མོའི་དབང་

པོ། །ལུས་ཀྱི་དབང་པོ་ཉིད་ལ་ཕོ་དང་། མོའི་དབང་པོ་དག་ཏུ་རྣམ་པར་གཞག་སྟེ། དོན་ཐ་དད་དུ་གྱུར་པ་ནི་མེད་ཀྱི་འགའ་ལ་སྟེ། ལུས་ཀྱི་དབང་པོའི་ཆ་མདོམས་ཀྱི་ཕྱོགས་གང་ཡིན་པ་དེ་ནི་ཕོ་དང་མོའི་དབང་པོའི་མིང་འཐོབ་པོ། །དེ་གཉིས་ནི་རིམ་བཞིན་དུ་ཕོ་ཉིད་དང་མོ་ཉིད་དུ་དབང་བྱེད་

དེ། དེ་ལ་མོའི་ངོ་བོ་ནི། མོའི་ཤ་ཚུགས་དང་། ང་རོ་དང་། སྤྱོད་པ་དང་། བསམ་པ་དེ་ལྟ་བུའི་མོ་ལ་མོ་ཉིད་དོ། །ཕོའི་ངོ་བོ་ནི་ཕོའི་ཤ་ཚུགས་དང་། ང་རོ་དང་། སྤྱོད་པ་དང་། བསམ་པ་དེ་ལྟ་བུའི་ཕོ་ལ་ཕོ་ཉིད་དོ། །རིས་གནས་ཀུན་ནས་ཉོན་མོངས་ཉིད། །རྣམ་པར་བྱང་ལ་དབང་བྱེད་ཕྱིར། །སྲོག་

དང་ཚོར་དང་དད་ལ་སོགས། །དབང་པོ་དག་ནི་ལྔར་འདོད་དེ། །སྲོག་གི་དབང་པོ་ནི་རིས་མཐུན་པར་གནས་པ་དག་ལ་དབང་བྱེད་དོ། །ཚོར་བ་རྣམས་ནི་ཀུན་ནས་ཉོན་མོངས་པ་ལ་སྟེ། འདི་ལྟར་བདེ་བའི་ཚོར་བ་ལ་ནི་འདོད་ཆགས་རྒྱས་པར་འགྱུར་ལ། སྡུག་བསྔལ་ལ་ནི་ཁོང་ཁྲོ་བ། །སྡུག་

བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ལ་ནི་མ་རིག་པའོ་ཞེས་མདོ་ལས་གསུངས་སོ། །དད་པ་ལ་སོགས་པ་ལྔ་རྣམས་ནི་རྣམ་པར་བྱང་བ་ལ་སྟེ། འདི་ལྟར་དེ་དག་གིས་ཉོན་མོངས་པ་རྣམ་པར་སེལ་ཅིང་ལམ་དག་ཀྱང་འདྲེན་པར་བྱེད་དེ། དེའི་ཕྱིར་དེ་དག་ཀྱང་དབང་པོ་རེ་རེ་འདོད་དོ། །མྱ་

ངན་འདས་སོགས་འཐོབ་པ་ལ། །གོང་ནས་གོང་དུ་དབང་བྱེད་ཕྱིར། །ཀུན་ཤེས་བྱེད་དང་ཀུན་ཤེས་དང་། །དེ་བཞིན་ཀུན་ཤེས་ལྡན་དབང་པོ། །དེ་བཞིན་ཞེས་བྱ་བའི་སྒྲ་ནི་དབང་པོ་རེ་རེ་བསྟན་པར་འདོད་པའི་དོན་ཏོ། །དེ་ལ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་ཀུན་ཤེས་པའི་དབང་པོ་འཐོབ་པ་ལ་

དབང་བྱེད་དོ། །ཀུན་ཤེས་པའི་དབང་པོ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་འཐོབ་པ་ལའོ། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ལ་སྟེ། སེམས་རྣམ་པར་མ་གྲོལ་བ་ལ་ནི་ཡོངས་སུ་མྱ་ངན་ལས་འདས་པ་མེད་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་བཅོམ་ལྡན་འདས་

Vol. 141 · folio 111a

ཀྱིས་དབང་པོ་དེ་དག་ཉི་ཤུ་རྩ་གཉིས་ལས་མི་མང་མི་ཉུང་བར་གསུངས་ཤེ་ན། གང་གི་ཕྱིར་འདི་ལྟར་འདོད་དེ། སེམས་ཀྱི་རྟེན་དང་དེ་རྣམས་དབྱེ། །གནས་དང་ཀུན་ནས་ཉོན་མོངས་ཉིད། །ཚོགས་དང་རྣམ་བྱང་ཇི་སྙེད་དོ། །དབང་པོ་དག་ཀྱང་དེ་སྙེད་དོ། །དེ་ལ་སེམས་ཀྱི་རྟེན་ནི་དབང་

པོ་དྲུག་སྟེ། སེམས་ཅན་གྱི་རྫས་ཀྱི་གཞི་ཡང་དབང་པོ་དེ་དྲུག་ཡིན་ནོ། །དེ་ནི་ཕོ་དང་མོའི་དབང་པོ་གཉིས་ཀྱིས་ཕོ་དང་མོར་རྣམ་པར་འབྱེད་དོ། །སྲོག་གི་དབང་པོས་ནི་གནས་པ་ལའོ། །ཚོར་བ་རྣམས་ཀྱིས་ནི་ཀུན་ནས་ཉོན་མོངས་པ་ལའོ། །ལྔས་ནི་རྣམ་པར་བྱང་བའི་ཚོགས་ལའོ། །གསུམ་

གྱིས་ནི་རྣམ་པར་བྱང་བ་ལ་སྟེ། དེའི་ཕྱིར་དབང་པོ་རྣམས་ནི་དེ་སྙེད་ཅིག་གོ། །འཇུག་པའི་རྟེན་དང་སྐྱེ་བ་དང་། །གནས་དང་ལོངས་པར་སྤྱོད་པའི་ཕྱིར། །བཅུ་བཞིའམ་དེ་བཞིན་ལྡོག་པ་ལ། །དབང་པོ་རྣམས་ནི་གཞན་ཡིན་ནོ། །འམ་ཞེས་བྱ་བའི་སྒྲ་ནི་བྱེ་བྲག་དུ་རྟོག་པར་འདོད་པའི་དོན་ཏོ། །ཡང་

གཞན་དག་ན་རེ་འཇུག་པའི་གནས་ནི་དབང་པོ་དྲུག་གོ། །སྐྱེ་བ་ནི་ཕོ་དང་མོའི་དབང་པོ་ལས་ཏེ་དེ་ལས་སྐྱེ་བའི་ཕྱིར་རོ། །གནས་པ་ནི་སྲོག་གི་དབང་པོ་སྟེ། དེས་གནས་པའི་ཕྱིར་རོ། །ལོངས་སྤྱོད་ནི་ཚོར་བ་སྟེ། དེའི་ཕྱིར་དེ་དག་ནི་དབང་པོ་བཅུ་བཞིའོ། །རྣམ་པ་དེ་ཉིད་ཀྱིས་གཞན་དག་ནི་ལྡོག་པ་ལ་

སྟེ། ལྡོག་པའི་གནས་ནི་དད་པ་ལ་སོགས་པའོ། །རབ་ཏུ་སྐྱེ་བ་ནི་ཀུན་ནས་ཤེས་པར་བྱེད་པའི་དབང་པོའོ། །གནས་པ་ནི་ཀུན་ཤེས་པའི་དབང་པོའོ། །ལོངས་སྤྱོད་པ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་སྟེ། དེའི་ཕྱིར་དབང་པོ་རྣམས་ནི་དེ་སྙེད་ཅིག་ཡིན་ལ། དེ་དག་གི་གོ་རིམས་ཀྱང་དེ་ལྟ་བུ་ཡིན་

ནོ། །དབང་པོའི་དོན་དང་། དེ་དག་འདི་སྙེད་དུ་བསྟན་པའི་དགོས་པ་བཤད་ཟིན་ཏོ། །ད་ནི་དེ་དག་རེ་རེ་ནས་མཚན་ཉིད་ཀྱིས་བསྟན་པར་བྱ་སྟེ། དེ་ལ་མིག་ལ་སོགས་པ་ནས་ཕོའི་དབང་པོའི་བར་དག་དང་། ཡིད་ནི་བསྟན་ཟིན་ཏོ། །སྲོག་གི་དབང་པོ་དང་དད་པ་ལ་སོགས་པ་རྣམས་ནི་ལྡན་པ་མ་ཡིན་

པ་དང་། སེམས་ལས་བྱུང་བ་དག་གི་ནང་ནས་བསྟན་པར་བྱའོ། །བདེ་བ་ལ་སོགས་པ་དང་ཀུན་ཤེས་པར་བྱེད་པ་ལ་སོགས་པ་བསྟན་དགོས་པས། དེ་བརྗོད་པར་བྱ་སྟེ། ལུས་ཚོར་སིམ་པ་མ་ཡིན་གང་། །སྡུག་བསྔལ་དབང་པོ་སིམ་པ་མ་ཡིན་པ། །ཞེས་བྱ་བ་ནི་གནོད་པར་བྱེད་པ་སྟེ། སྡུག་བསྔལ་

Vol. 141 · folio 111b

བ་ཞེས་བྱ་བའི་ཐ་ཚིག་གོ། །བདེ་བ་ནི། སིམ་པ། ལུས་ཀྱི་ཚོར་བ་སིམ་པ་ནི་བདེ་བའི་དབང་པོའོ། །སིམ་པ་ཞེས་བྱ་བ་ནི་ཕན་འདོགས་པ་སྟེ་བདེ་བ་ཞེས་བྱ་བའི་ཐ་ཚིག་གོ། །བསམ་གཏན་གསུམ་པའི། སེམས་ཀྱི་དེ་ནི་བདེ་བའི་དབང་། །བསམ་གཏན་གསུམ་པའི་ནི་སེམས་ཀྱི་ཚོར་བ་སིམ་པ་དེ་ཉིད་བདེ་

བའི་དབང་པོ་སྟེ། དེ་ན་རྣམ་པར་ཤེས་པའི་ཚོགས་ལྔ་མེད་པའི་ཕྱིར་ལུས་ཀྱི་ཚོར་བ་ནི་མེད་དོ། །གཞན་ནི་དེ་ཉིད་བདེ་བ་སྟེ། །བསམ་གཏན་གསུམ་པ་ལས་གཞན་པ་འདོད་པའི་ཁམས་དང་། བསམ་གཏན་དང་པོ་དང་། གཉིས་པའི་སེམས་ཀྱི་ཚོར་བ་སིམ་པ་དེ་ནི་ཡིད་བདེ་བའི་དབང་པོའོ། །

བསམ་གཏན་གསུམ་པ་དག་ན་ནི་དགའ་བའི་འདོད་ཆགས་དང་བྲལ་བའི་ཕྱིར་ཡིད་བདེ་བའི་དབང་པོ་ནི་མེད་ཀྱི། བདེ་བའི་དབང་པོ་ཉིད་དེ། ཡིད་ཀྱི་བདེ་བ་ནི་དགའ་བ་ཡིན་པའི་ཕྱིར་རོ། །སེམས་ཀྱི་སིམ་པ་མ་ཡིན་པ། །ཡིད་མི་བདེ་བ་བཏང་སྙོམས་ནི། །བར་མ། སིམ་པ་ཡང་མ་ཡིན་སིམ་

པ་མ་ཡིན་པ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ནི་བར་མ་ཉིད་ཅེས་བྱའོ། །ཅི་བཏང་སྙོམས་ཀྱི་དབང་པོ་དེ་ལུས་ཀྱིའམ་སེམས་ཀྱི་ཞེ་ན། སྨྲས་པ། གཉི་ག །འདི་ཅིའི་ཕྱིར་འདྲ་བར་དབང་པོ་གཅིག་ཏུ་བྱས་ཤེ་ན། མི་རྟོག་ཕྱིར། སེམས་དང་སེམས་

ལས་བྱུང་བ་ནི་ཕལ་ཆེར་རྣམ་པར་རྟོག་པ་ལས་བདེ་བ་དང་སྡུག་བསྔལ་འབྱུང་ལ། ལུས་ནི་དེ་ལྟ་མ་ཡིན་ཡང་ཡུལ་གྱི་དབང་གིས་དགྲ་བཅོམ་པ་ལ་ཡང་འབྱུང་བས། དེའི་ཕྱིར་དེ་གཉིས་ནི་དབང་པོ་ཉིད་དུ་ཐ་དད་ཀྱི། བཏང་སྙོམས་ནི་རྣམ་པར་མི་རྟོག་པ་ཉིད་དུ་རང་གི་ངང་གིས་འབྱུང་བས།

ལུས་དང་སེམས་ཀྱི་དབང་པོ་གཅིག་ཏུ་བྱས་སོ། །མཐོང་བསྒོམ་མི་སློབ་ལམ་ལ་ནི། །དགུ་གསུམ་ཡིད་དང་བདེ་བ་དང་། །ཡིད་བདེ་བ་དང་། བཏང་སྙོམས་དང་། དད་པ་ལ་སོགས་པ་ལྔ་དང་། དབང་པོ་དགུ་པོ་དེ་དག་གི་ནི་ལམ་གསུམ་དག་ཏུ། དབང་པོ་གསུམ་ཞེས་བྱ་སྟེ། མཐོང་

བའི་ལམ་ལ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོའོ། །བསྒོམ་པའི་ལམ་ལ་ནི་ཀུན་ཤེས་པའི་དབང་པོའོ། །མི་སློབ་པའི་ལམ་ལ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོའོ་ཞེས་བྱའོ། །རང་གི་ངོ་བོ་བསྟན་ནས། དབང་པོ་རྣམས་ལས་ཟག་པ་དང་བཅས་པ་རྣམས་ནི་དུ། ཟག་པ་མེད་

Vol. 141 · folio 112a

པ་རྣམས་ནི་དུ་ཞེས་བྱ་བ་ལ་སོགས་པ་རྣམ་པའི་དབྱེ་བ་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་བཤད་མ་ཐག་པ་དེ་དག །གསུམ་ནི་དྲི་མ་མེད། ཟག་པ་མེད་པ་ཞེས་བྱ་བའི་དོན་ཏེ། དྲི་མ་རྣམས་ནི་ཟག་པའི་རྣམ་གྲངས་

ཡིན་པའི་ཕྱིར་རོ། །གཟུགས་ཅན་སྲོག་དང་སྡུག་བསྔལ་དག །ཟག་བཅས་གཟུགས་ཅན་གྱི་དབང་པོ་བདུན་དང་། སྲོག་གིས་དབང་པོ་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་རྣམས་ནི་གཅིག་ཏུ་ཟག་པ་དང་བཅས་པའོ། །གཟུགས་ཅན་ཞེས་བྱ་བ་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་།

ལུས་དང་། ཕོ་དང་། མོའི་དབང་པོ་དང་བདུན་ཏེ། གཟུགས་ཀྱི་ཕུང་པོས་བསྡུས་པའི་ཕྱིར་རོ། །དགུ་རྣམ་གཉིས། ཡིད་དང་། བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་དང་། དད་པ་ལ་སོགས་པ་ལྔ་དང་། དབང་པོ་དགུ་པོ་དེ་དག་ནི། ཟག་པ་དང་བཅས་པ་ཡང་ཡིན་ཟག་པ་མེད་པ་

ཡང་ཡིན་ནོ། །དབང་པོ་རྣམས་ལས་རྣམ་པར་སྨིན་པ་ནི་དུ། རྣམ་པར་སྨིན་པ་མ་ཡིན་པ་ནི་དུ་ཞིག་ཅེ་ན། སྲོག་ནི། རྣམ་སྨིན། སྲོག་གི་དབང་པོ་ནི་གཅིག་ཏུ་རྣམ་པར་སྨིན་པའོ། །བཅུ་གཉིས་རྣམ་པ་གཉིས། བཅུ་གཉིས་གང་ཞེ་ན། ཐ་མའི་བརྒྱད་དང་ཡིད་མི་བདེ། །རྣམ་པ་མ་གཏོགས་

པ་སྟེ། དད་པ་ལ་སོགས་པ་ཐ་མ་བརྒྱད་དང་། ཡིད་མི་བདེ་བ་དང་། སྲོག་གི་དབང་པོ་མ་གཏོགས་པ། གཞན་བཅུ་གཉིས་ནི་རྣམ་པར་སྨིན་པ་ཡང་ཡིན། རྣམ་པར་སྨིན་པ་མ་ཡིན་པ་ཡང་ཡིན་ཏེ། དེ་ལ་མིག་ལ་སོགས་པ་བདུན་རྒྱས་པ་ལས་བྱུང་བ་རྣམས་ནི་རྣམ་པར་སྨིན་པ་མ་ཡིན་ནོ། །ལྷག་མ་རྣམས་ནི་རྣམ་པར་

སྨིན་པའོ། །ཡིད་དང་སྡུག་བསྔལ་དང་། བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་རྣམས་ནི་དགེ་བ་དང་། ཉོན་མོངས་པ་ཅན་དང་། སྤྱོད་ལམ་པ་དང་། བཟོའི་གནས་པ་དང་། སྤྲུལ་པ་རྣམས་ནི་ཅི་རིགས་པར་རྣམ་པར་སྨིན་པ་མ་ཡིན་ནོ། །ལྷག་མ་རྣམས་ནི་རྣམ་པར་སྨིན་པའོ། །

མིག་ལ་སོགས་པ་བཅུ་གཉིས་དང་། སྲོག་གི་དབང་པོ་མ་གཏོགས་པ་ལྷག་མ་རྣམས་ནི་རྣམ་པར་སྨིན་པ་མ་ཡིན་པར་གྲུབ་བོ། །དབང་པོ་རྣམས་ལ་རྣམ་པར་སྨིན་པ་དང་བཅས་པ་རྣམས་ནི་དུ། རྣམ་པར་སྨིན་པ་མེད་པ་རྣམས་ནི་དུ་ཞིག་ཅེ་ན། བཤད་མ་ཐག་པའི་ཡིད་མི་བདེ་བ་གང་ཡིན་པ་

Vol. 141 · folio 112b

དང་། དེ་གཅིག་ནི། རྣམ་པར་སྨིན་བཅས། གཅིག་པོ་དེ་ནི་རྣམ་པར་སྨིན་པ་དང་བཅས་པ་ཉིད་དོ། །ནི་ཞེས་བྱ་བའི་སྒྲ་ནི་ཉིད་ཅེས་བྱ་བ་དང་། རིམ་པ་གཞན་དུ་སྦྱར་བར་རིག་པར་བྱའོ། །དེ་ནི་ལུང་དུ་མ་བསྟན་པ་ཡང་མེད་ལ། མཉམ་པར་གཞག་པ་མེད་པའི་ཕྱིར། ཟག་པ་མེད་པ་ཡང་

མེད་དེ། དེའི་ཕྱིར་ཡིད་མི་བདེ་བ་ལ་ནི་རྣམ་པར་སྨིན་པ་མེད་པ་མེད་དོ། །བཅུ་རྣམས་གཉིས། རྣམ་པར་སྨིན་པ་ཡང་ཡིན་རྣམ་པར་སྨིན་པ་མེད་པ་ཡང་ཡིན་ནོ། །བཅུ་གང་ཞེ་ན། ཡིད་དང་ཚོར་གཞན་དད་ལ་སོགས། །ཚོར་བ་གཞན་ཞེས་སྨོས་པས་ནི་ཡིད་མི་བདེ་བ་ལས་གཞན་པའི་

ཚོར་བ་དང་། དད་པ་ལ་སོགས་པ་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་རྣམས་གཟུང་བར་བྱ་སྟེ། དེ་ལ་ཡིད་དང་། བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་ནི་མི་དགེ་བ་དང་། དགེ་བ་ཟག་པ་དང་བཅས་པ་རྣམས་ནི་རྣམ་པར་སྨིན་པ་དང་

བཅས་པའོ། །ཟག་པ་མེད་པ་དང་ལུང་དུ་མ་བསྟན་པ་རྣམས་ནི་རྣམ་པར་སྨིན་པ་མེད་པ་ཡིན་ནོ། །སྡུག་བསྔལ་གྱི་དབང་པོ་ནི་དགེ་བ་དང་། མི་དགེ་བ་ནི་རྣམ་པར་སྨིན་པ་དང་བཅས་པའོ། །ལུང་དུ་མ་བསྟན་པ་ནི་རྣམ་པར་སྨིན་པ་མེད་པ་ཡིན་ནོ། །དད་པ་ལ་སོགས་པ་ཟག་པ་དང་བཅས་པ་

རྣམས་ནི་རྣམ་པར་སྨིན་པ་དང་བཅས་པའོ། །ཟག་པ་མེད་པ་རྣམས་ནི་རྣམ་པར་སྨིན་པ་མེད་པ་ཡིན་ནོ། །གཞན་དག་ནི་རྣམ་པར་སྨིན་པ་མེད་པར་གྲུབ་བོ། །དགེ་བ་རྣམས་ནི་དུ། མི་དགེ་བ་རྣམས་ནི་དུ། ལུང་དུ་མ་བསྟན་པ་རྣམས་ནི་དུ་ཞིག་ཅེ་ན། རེ་ཞིག་དགེ་བ་བརྒྱད། དད་པ་ལ་

སོགས་པ་ལྔ་དང་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་གསུམ་ནི་གཅིག་ཏུ་དགེ་བའོ། །ཡིད་མི་བདེ་བ་ནི་རྣམ་པ་གཉིས། དགེ་བ་དང་མི་དགེ་བའོ། །ཡིད་དང་ཚོར་གཞན་ནི། རྣམ་གསུམ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་སོ། །གཞན་ནི་རྣམ་པ་གཅིག །

གཞན་ཞེས་བྱ་བ་དེ་གང་ཞེ་ན། མིག་ལ་སོགས་པ་དང་། བརྒྱད་པ་སྲོག་དང་། དེ་དག་ནི་ལུང་དུ་མ་བསྟན་པ་ཉིད་དོ། །དབང་པོ་འདི་རྣམས་ལས། དབང་པོ་གང་དག་ཁམས་གང་དུ་གཏོགས་ཤེ་ན། འདོད་གཏོགས་དྲི་མ་མེད་མ་གཏོགས། །རེ་ཞིག་འདོད་པ་དང་ལྡན་པའི་དབང་པོ་ནི་ཀུན་

Vol. 141 · folio 113a

ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་གཅིག་ཏུ་ཟག་པ་མེད་པ་རྣམས་མ་གཏོག་ཏེ། དེ་ནི་མི་ལྡན་པ་ཉིད་དོ། །ཕོ་དང་མོའི་དང་སྡུག་བསྔལ་དབང་། །མ་གཏོགས་གཟུགས་གཏོགས། དྲི་མ་མེད་པ་ཡང་མ་གཏོགས་ཞེས་བྱ་བར་སྦྱར་རོ། །སྡུག་བསྔལ་ཞེས་བྱ་བ་ནི་སྡུག་བསྔལ་

བ་དང་། ཡིད་མི་བདེ་བའོ། །དེ་ལ་གཟུགས་ཀྱི་ཁམས་དག་ན་འཁྲིག་པའི་ཆོས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་དང་། མི་མཛེས་པར་གྱུར་པའི་ཕྱིར་ཕོ་དང་མོའི་དབང་པོ་མེད་དོ། །ལུས་དང་བ་དང་མི་དགེ་བ་མེད་པའི་ཕྱིར་སྡུག་བསྔལ་གྱི་དབང་པོ་མེད་དོ། །ཞི་གནས་ཀྱིས་སེམས་བརླན་པ་དང་།

ཀུན་ནས་མནར་སེམས་ཀྱི་དབང་པོ་མེད་པའི་ཕྱིར་ཡིད་མི་བདེ་བའི་དབང་པོ་ཡང་མེད་དོ། །གཟུགས་མེད་གཏོགས། གཟུགས་དང་བདེ་བའང་སྤངས་པའོ། །ཕོ་དང་མོའི་དབང་པོ་དང་། སྡུག་བསྔལ་ཡང་སྤངས་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་ལུས་ཤེ་ན། ཡིད་དང་། སྲོག་དང་། བཏང་སྙོམས་

དང་། དད་པ་ལ་སོགས་པ་ལྔ་སྟེ། གཟུགས་མེད་པ་ནི་དེ་དག་དང་ལྡན་གྱི་གཞན་ནི་མ་ཡིན་ནོ། །དབང་པོ་རྣམས་ལས་མཐོང་བས་སྤང་བར་བྱ་བ་རྣམས་ནི་དུ། བསྒོམ་པས་སྤང་བར་བྱ་བ་རྣམས་ནི་དུ། སྤང་བར་བྱ་བ་མ་ཡིན་པ་རྣམས་ནི་དུ་ཞིག་ཅེ་ན། ཡིད་དང་ཚོར་གསུམ་རྣམ་པ་གསུམ། །ཚོར་

བ་གསུམ་གང་ཞེ་ན། བདེན་པ་དང་། ཡིད་བདེ་བ་དང་། བཏང་སྙོམས་རྣམས་སོ། །གཉིས་ཀྱི་སྤང་བྱ་ཡིད་མི་བདེ། །ཡིད་མི་བདེ་བ་ནི་མཐོང་བ་དང་བསྒོམ་པ་གཉིས་ཀྱིས་སྤང་བར་བྱའོ། །དགུ་ནི་བསྒོམ་པས་སྤང་བར་བྱ་བ་ཞེས་བྱ་བའི་དབང་དུ་བྱས་ཏེ། མིག་ལ་སོགས་པ་དང་། བརྒྱད་པ་སྲོག་དང་།

སྡུག་བསྔལ་གྱི་དབང་པོ་རྣམས་ནི་བསྒོམ་པས་སྤང་བར་བྱ་ཉིད་དོ། །ལྔ་དག་ནི། སྤང་བར་བྱ་མིན་ཡང་། དད་པ་ལ་སོགས་པ་ལྔ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཡང་ཡིན་པའི་ཕྱིར་སྤང་བར་བྱ་བ་ཡང་ཡིན་སྤང་བར་བྱ་བ་མ་ཡིན་པ་ཡང་ཡིན་ནོ། །གསུམ་མིན། ཀུན་ཤེས་པར་བྱེད་

པའི་དབང་པོ་ལ་སོགས་པ་གསུམ་ནི་ཟག་པ་མེད་པའི་ཕྱིར། སྤང་བར་བྱ་བ་མ་ཡིན་པ་ཉིད་དོ། །ཉེས་པ་མེད་པ་ནི་སྤང་བར་འོས་པ་མ་ཡིན་ནོ། །རྣམ་པའི་དབྱེ་བ་བཤད་ཟིན་ཏོ། །ད་ནི་རྙེད་པ་བརྗོད་པར་བྱ་སྟེ། ཁམས་གང་དག་ཏུ་དབང་པོ་རྣམས་ལས་དང་པོ་ཉིད་དུ་རྣམ་པར་སྨིན་པ་དུ་རྙེད་ཅེ་ན།

Vol. 141 · folio 113b

འདོད་པར་དང་པོར་རྣམ་སྨིན་གཉིས། །རྙེད་དེ། ལུས་ཀྱི་དབང་པོ་དང་སྲོག་གི་དབང་པོའོ། །དེ་དག་ནི། རྫུས་ཏེ་སྐྱེ་བས་མིན། རྫུས་ཏེ་སྐྱེ་བ་བཀག་པས། སྒོ་ང་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བར་རིག་པར་བྱའོ། །ཅིའི་ཕྱིར་ཡིད་དང་། བཏང་སྙོམས་ཀྱི་དབང་པོ་མ་ཡིན་

ཞེ་ན། དེ་གཉིས་ནི་ཉིང་མཚམས་སྦྱོར་བའི་ཚེ་ངེས་པར་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རོ། །འོ་ན་རྫུས་ཏེ་སྐྱེ་བ་དག་གིས་དུ་ཞིག་འཐོབ་ཅེ་ན། དེ་ཡིས་དྲུག་གམ་ཞེས་བྱ་བ་ནི་གལ་ཏེ་མཚན་མེད་པ་ཞིག་ཡིན་ན་སྟེ། འདི་ལྟར་བསྐལ་པ་དང་པོ་པ་རྣམས་ལྟ་བུའོ། །དྲུག་གང་ཞེ་ན། མིག་དང་། རྣ་བ་

དང་། སྣ་དང་། ལྕེ་དང་། ལུས་དང་། སྲོག་གི་དབང་པོ་རྣམས་སོ། །བདུན་ནམ་ཞེས་བྱ་བ་ནི་གལ་ཏེ་མཚན་གཅིག་པ་ཞིག་ཡིན་ན་སྟེ། འདི་ལྟར་ལྷ་ལ་སོགས་པ་དག་ནའོ། །བརྒྱད་དམ་ཞེས་བྱ་བ་ནི་གལ་ཏེ་མཚན་གཉིས་པ་ཞིག་ཡིན་ན་སྟེ། འདི་ལྟར་ངན་སོང་དག་ནའོ། །རེ་ཞིག་འདོད་

པའི་ཁམས་དག་གི་ནི་དེ་ལྟ་བུའོ། །གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དག་གི་སྨྲས་པ། གཟུགས་ན་དྲུག་སྟེ། གཟུགས་ཀྱི་ཁམས་དག་ན་ནི་དང་པོ་ཉིད་དུ་དབང་པོ་དྲུག་གི་རྣམ་པར་སྨིན་པ་འཐོབ་སྟེ། འདོད་པའི་ཁམས་དག་ཏུ་མཚན་མེད་པ་རྫུས་ཏེ་སྐྱེ་བ་གང་

ཡིན་པ་དེ་དག་ཉིད་དོ། །གོང་མར་གཅིག །གཟུགས་ཀྱི་ཁམས་པས་ནི་གཟུགས་མེད་པའི་ཁམས་སྙོམས་པར་འཇུག་པས་རིང་བའི་ཕྱིར་དང་། སྐྱེ་བ་ཆེས་མཆོག་ཏུ་འགྱུར་བའི་ཕྱིར་གོང་མ་སྟེ། དེར་ནི་དང་པོ་ཉིད་དུ་སྲོག་གི་དབང་པོ་འབའ་ཞིག་གིས་རྣམ་པར་སྨིན་པ་འཐོབ་སྟེ། གཞན་ནི་མ་ཡིན་ནོ། །

རྙེད་པ་བཤད་ཟིན་ཏོ། །ད་ནི་ཁམས་གང་དག་ཏུ་འཆི་བ་ན་དབང་པོ་རྣམས་ལས་དུ་ཞིག་ཐམས་ཅད་ཀྱི་ཐ་མར་འགག་ཅེས་བྱ་བ་གཏོང་བ་བརྗོད་པར་བྱ་སྟེ། གཟུགས་མེད་དག་ཏུ་འཆི་བ་ནི། །སྲོག་དང་ཡིད་དང་བཏང་སྙོམས་ཉིད། །འགག་པར་གྱུར་ཏེ། གཟུགས་མེད་པའི་ཁམས་དག་ཏུ་ནི་

དབང་པོ་གསུམ་པོ་དེ་དག་ཐ་མར་འགག་གོ། །གཟུགས་ན་བརྒྱད། གཟུགས་ཀྱི་ཁམས་དག་ཏུ་འཆི་བ་ན་གསུམ་པོ་དེ་དག་དང་མིག་ལ་སོགས་པ་ལྔ་དང་དབང་པོ་བརྒྱད་འགག་གོ། །རྫུས་ཏེ་སྐྱེ་བ་ཐམས་ཅད་ནི་དབང་པོ་རྣམས་ཚོགས་པར་འཆི་ཞིང་སྐྱེའོ། །འདོད་པར་བཅུའམ་དགུའམ་བརྒྱད། །

Vol. 141 · folio 114a

འདོད་པའི་ཁམས་དག་ཏུ་འཆི་ན། མཚན་གཉིས་པ་ཞིག་ན་ནི། བརྒྱད་པོ་དེ་དག་དང་། ཕོ་དང་། མོའི་དབང་པོ་དང་དབང་པོ་བཅུ་འགག་གོ། །མཚན་གཅིག་པ་ཞིག་ཡིན་ན་ནི་དགུའོ། །མཚན་མེད་པ་ཞིག་ཡིན་ན་ནི་བརྒྱད་དེ། ཅིག་ཅར་འཆི་བའི་ཚུལ་ནི་དེ་ལྟ་བུ་ཡིན་ནོ། །རིམ་

གྱིས་འཆི་བ་དག་ལ་བཞི། །རིམ་གྱིས་འཆི་བ་ནི་ལུས་དང་། སྲོག་དང་། ཡིད་དང་། བཏང་སྙོམས་ཀྱི་དབང་པོ་དང་། དབང་པོ་བཞི་འགག་སྟེ། དེ་རྣམས་ལ་ནི་སོ་སོར་འགག་པ་མེད་དོ། །ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པའི་སེམས་ཀྱིས་འཆི་བའི་ཚུལ་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །

དགེ་ལ་ཐམས་ཅད་དག་ཏུ་ལྔ། །གང་གི་ཚེ་དགེ་བའི་སེམས་ལ་གནས་ཏེ། འཆི་བ་དེའི་ཚེ་དགེ་བ་ལ་ཐམས་ཅད་དུ་ལྔ་སྟེ། དགེ་བའི་སེམས་ཀྱིས་འཆི་བ་ན། ཇི་སྐད་དུ་བཤད་པའི་དབང་པོ་རྣམས་དང་། ལྷག་པར་དད་པ་ལ་སོགས་པ་ལྔ་འགག་སྟེ། དེ་རྣམས་ནི་དགེ་བའི་སེམས་ལ་ངེས་པར་

ཡོད་དོ། །དེ་ལྟར་ན་གཟུགས་མེད་པ་ན་ནི་བརྒྱད་དོ། །གཟུགས་ན་ནི་བཅུ་གསུམ་མོ། །འདོད་པའི་ཁམས་དག་ན་ནི་བཅོ་ལྔའམ། བཅུ་བཞིའམ། བཅུ་གསུམ་མམ། རིམ་གྱིས་འཆི་ན་ནི་དགུ་འགག་གོ། །དབང་པོའི་སྐབས་སུ་ཡང་དབང་པོའི་ཆོས་ཐམས་ཅད་དཔྱད་པར་བྱ་སྟེ། དགེ་

སྦྱོང་གི་འབྲས་བུ་གང་ཞིག་དབང་པོ་དུ་ཞིག་གིས་འཐོབ་ཅེ་ན། དགུས་འཐོབ་ཐ་མའི་འབྲས་བུ་གཉིས། །ཐ་མ་ཞེས་བྱ་བ་གང་ཞིག་ཅེ་ན། རྒྱུན་དུ་ཞུགས་པ་དང་། དགྲ་བཅོམ་པའི་འབྲས་བུའོ། །བར་མ་གང་ཞིག་ཅེ་ན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་

བུའོ། །དེ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཀུན་ཤེས་པ་དང་ལྡན་པ་མ་གཏོགས་པ་དང་། དད་པ་ལ་སོགས་པ་དང་། ཡིད་དང་། བཏང་སྙོམས་ཀྱི་དབང་པོ་དང་དགུས་སོ། །དགྲ་བཅོམ་པ་ནི་ཀུན་ཤེས་པར་བྱེད་པའི་དབང་པོ་མ་གཏོགས་པ་དང་། དད་པ་ལ་སོགས་པ་དང་། ཡིད་ཀྱི་དབང་

པོ་དང་། བདེ་བ་དང་ཡིད་བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བ་ཞིག་དང་དགུས་སོ། །བདུན་དང་བརྒྱད་དང་དགུ་ཡིས་གཉིས། །ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་གཉིས་ནི་རེ་རེ་ཞིང་ཡང་དབང་པོ་བདུན་ནམ། བརྒྱད་དམ་དགུས་འཐོབ་སྟེ། ཇི་

Vol. 141 · folio 114b

ལྟ་ཞེ་ན། རེ་ཞིག་གལ་ཏེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཐར་གྱིས་འཐོབ་ལ། དེ་ཡང་འཇིག་རྟེན་པའི་ལམ་གྱིས་ན་ནི། དེ་དད་པ་ལ་སོགས་པ་ལྔ་དང་། བཏང་སྙོམས་དང་། ཡིད་ཀྱི་དབང་པོ་དང་། དབང་པོ་བདུན་གྱིས་འཐོབ་པོ། །གལ་ཏེ་འཇིག་རྟེན་ལས་འདས་པ་ལ་ནི་དེ་དབང་པོ་

བརྒྱད་ཀྱིས་འཐོབ་སྟེ། བརྒྱད་པ་ནི་ཀུན་ཤེས་པའི་དབང་པོ་ཡིན་ནོ། །གལ་ཏེ་འདོད་ཆགས་དང་ཕལ་ཆེར་བྲལ་བ་ཞིག་འཐོབ་ན་ནི་དེ་དགུས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུའི་གང་ཡིན་པ་དག་གིས་སོ། །ཕྱིར་མི་འོང་བའི་འབྲས་བུ་མཐར་གྱིས་འཐོབ་ལ། དེ་ཡང་འཇིག་རྟེན་པའི་ལམ་

གྱིས་ན་ནི་དབང་པོ་བདུན་གྱིས་འཐོབ་སྟེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཇི་ལྟ་བ་བཞིན་ནོ། །གལ་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ན་ནི་དེ་དེ་བཞིན་དུ་དབང་པོ་བརྒྱད་ཀྱིས་སོ། །གལ་ཏེ་དེ་འདོད་ཆགས་དང་བྲལ་བ་ཞིག་འཐོབ་ན་ནི་དགུས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཇི་ལྟ་བ་

བཞིན་ནོ། །འདི་ནི་ཁྱད་པར་ཡིན་ཏེ། རྟེན་གྱི་བྱེ་བྲག་ལས་བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་རྣམས་ལས་གང་ཡང་རུང་བ་ཞིག་ཏུ་འགྱུར་རོ། །གལ་ཏེ་ཡང་འདིར་མཐར་གྱིས་གནས་པ་ཞིག་ཡིན་པ་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་འཇིག་རྟེན་པའི་ལམ་གྱིས་བསམ་

གཏན་ལ་འཇུག་ན་ནི་ཕྱིར་མི་འོང་བའི་འབྲས་བུ་དེ་དབང་པོ་བརྒྱད་ཀྱིས་འཐོབ་སྟེ། རྣམ་པར་གྲོལ་བའི་ལམ་དུ་དགུ་པ་དེར། ཡིད་བདེ་བའི་དབང་པོ་བརྒྱད་པ་ཡིན་ནོ། །བར་ཆད་མེད་པའི་ལམ་ལ་ནི་རྟག་ཏུ་བཏང་སྙོམས་ཀྱི་དབང་པོ་སྟེ། དེ་ལྟར་ན་དེ་ནི་གཉིས་ཀྱིས་འཐོབ་བོ། །གལ་

ཏེ་འཇིག་རྟེན་ལས་འདས་པས་འཇུག་ན་ནི་དེ་དབང་པོ་དགུས་འཐོབ་སྟེ། ཀུན་ཤེས་པའི་དབང་པོ་ནི་དགུ་པ་ཡིན་ནོ། །ཆོས་མངོན་པ་ལས་དབང་པོ་དུ་ཞིག་གིས་དགྲ་བཅོམ་པ་ཉིད་འཐོབ་ཅེ་ན། སྨྲས་པ། བཅུ་གཅིག་གིས་སོ་ཞེས་བཤད་པ་གང་ཡང་ཡིན་པ་དེ། ཇི་ལྟར་ན་དགུས་ཞེས་

བཤད་ཅེ་ན། དེ་ནི་དགུས་འཐོབ་པ་ཉིད་དེ། བཅུ་གཅིག་དག་གིས་དགྲ་བཅོམ་པ། །འགའ་ཞིག་སྲིད་ཕྱིར་བཤད་པ་ཡིན། །གང་ཟག་གང་ཡོངས་སུ་ཉམས་ཤིང་ཡོངས་སུ་ཉམས་ནས་བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་དག་གིས་དགྲ་བཅོམ་པ་ཉིད་འཐོབ་པ་འགའ་ཞིག་

Vol. 141 · folio 115a

སྲིད་པ་དེའི་ཕྱིར་བཅུ་གཅིག་གིས་ཞེས་བཤད་ཀྱི། བདེ་བ་ལ་སོགས་པ་དུས་གཅིག་ཏུ་མི་སྲིད་དོ། །དབང་པོ་གང་དང་ལྡན་ན་གདོན་མི་ཟ་བར་དབང་པོ་དུ་ཞིག་དང་ལྡན་པ་འདི་དཔྱད་པར་བྱ་སྟེ། དེ་ལ། བཏང་སྙོམས་དང་ནི་སྲོག་དང་ནི། །ཡིད་དང་ལྡན་ལ་ངེས་གསུམ་ལྡན། །གང་བཏང་

སྙོམས་ལ་སོགས་པ་འདི་དག་ལས་གང་ཡང་རུང་བ་ཞིག་དང་ལྡན་པ་དེ་གདོན་མི་ཟ་བར་གསུམ་དང་ལྡན་ཏེ་དེ་དག་ཉིད་དང་ངོ་། །འདི་དག་ནི་ཕན་ཚུན་མེད་ན་མི་ལྡན་པ་ཉིད་ཡིན་གྱི། ལྷག་མ་རྣམས་དང་ལྡན་པ་ཡང་ཡོད། མི་ལྡན་པ་ཡང་ཡོད་པས་མ་ངེས་ཏེ། དེ་ལ་རེ་ཞིག་གཟུགས་མེད་པར་སྐྱེས་

པ་དག་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེའི་དབང་པོ་རྣམས་དང་མི་ལྡན་ནོ། །འདོད་པའི་ཁམས་དག་ན་ནི་གང་གིས་མ་ཐོབ་པ་དང་། རྣམ་པར་ཉམས་པ་རྣམས་སོ། །ལུས་ཀྱི་དབང་པོ་ནི་གཟུགས་མེད་པར་སྐྱེས་པ་དག་དང་མི་ལྡན་ནོ། །གཟུགས་དང་གཟུགས་མེད་པར་སྐྱེས་པ་རྣམས་ནི་མོའི་དབང་པོ་

དང་མི་ལྡན་ནོ། །འདོད་པའི་ཁམས་དག་ན་ནི་གང་གིས་མ་ཐོབ་པ་དང་རྣམ་པར་ཉམས་པ་སྟེ། ཕོའི་དབང་པོ་ཡང་དེ་བཞིན་ནོ། །བསམ་གཏན་བཞི་པར་སྐྱེས་པའི་སོ་སོའི་སྐྱེ་བོ་ནི་བདེ་བའི་དབང་པོ་དང་མི་ལྡན་ནོ། །བསམ་གཏན་གསུམ་པར་སྐྱེས་པའི་སོ་སོའི་སྐྱེ་བོ་ཉིད་ནི་ཡིད་བདེ་བ་དང་ངོ་། །གཟུགས་

མེད་པར་སྐྱེས་པ་དག་ནི་སྡུག་བསྔལ་གྱི་དབང་པོ་དང་ངོ་། །འདོད་པའི་འདོད་ཆགས་དང་བྲལ་བ་ནི་ཡིད་མི་བདེ་བ་དང་ངོ་། །དགེ་བའི་རྩ་བ་ཡང་དག་པར་ཆད་པ་ནི་དད་པ་ལ་སོགས་པ་དང་ངོ་། །སོ་སོ་སྐྱེ་བོ་དང་འབྲས་བུ་ལ་གནས་པ་ནི་ཀུན་ཤེས་པར་བྱེད་པའི་དབང་པོ་དང་མི་ལྡན་ནོ། །ཀུན་ཤེས་པའི་

དབང་པོ་ནི་སོ་སོའི་སྐྱེ་བོ་དང་། མཐོང་བ་དང་། མི་སློབ་པའི་ལམ་ལ་གནས་པ་རྣམས་དང་ངོ་། །ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་སོ་སོའི་སྐྱེ་བོ་དང་། སློབ་པའི་ལམ་ལ་གནས་པ་དང་མི་ལྡན་ཏེ། མ་བཀག་པའི་གནས་སྐབས་དག་ཏུ་ནི་ཇི་ལྟར་བཤད་པ་དང་ལྡན་པར་རིག་པར་བྱའོ། །བདེ་དང་

ལུས་ནི་བཞི་དང་ངོ་། །གང་བདེ་བའི་དབང་པོ་དང་ལྡན་པ་དེ་ངེས་པར་གསུམ་པོ་དེ་དག་དང་། བདེ་བའི་དབང་པོ་སྟེ་དབང་པོ་བཞི་དང་ངོ་། །གང་ལུས་ཀྱི་དབང་པོ་དང་ལྡན་པ་དེ་ཡང་གསུམ་པོ་དེ་དག་དང་ལུས་ཀྱི་དབང་པོ་སྟེ་དབང་པོ་བཞི་དང་ངོ་། །མིག་ལ་སོགས་པ་དང་ལྡན་ལྔ། །གང་མིག་གི་

Vol. 141 · folio 115b

དབང་པོ་དང་ལྡན་པ་དེ་གདོན་མི་ཟ་བར་དེ་དང་། བཏང་སྙོམས་དང་། སྲོག་དང་། ཡིད་དང་། ལུས་ཀྱི་དབང་པོ་སྟེ་ལྔ་དང་ངོ་། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ལ་ཡང་རིག་པར་བྱའོ། །ཡིད་བདེ་བ་ཡང་། གང་ཡང་ཡིད་བདེ་བའི་དབང་པོ་དང་ལྡན་པ་དེ་གདོན་མི་ཟ་བར་བཏང་སྙོམས་དང་།

སྲོག་དང་། ཡིད་དང་། བདེ་བ་དང་། ཡིད་བདེ་བ་སྟེ་ལྔ་དང་ངོ་། །སྡུག་བསྔལ་ནི་བདུན་དང་། གང་སྡུག་བསྔལ་གྱི་དབང་པོ་དང་ལྡན་པ་དེ་གདོན་མི་ཟ་བར་ལུས་དང་། སྲོག་དང་། ཡིད་དང་། ཚོར་བའི་དབང་པོ་བཞི་སྟེ་བདུན་དང་ངོ་། །མོའི་དབང་སོགས་ལྡན། བརྒྱད་དང་། གང་མོའི་དབང་པོ་

དང་ལྡན་པ་དེ་གདོན་མི་ཟ་བར་བདུན་པོ་དེ་དག་དང་། མོའི་དབང་པོ་སྟེ་བརྒྱད་དང་ངོ་། །སོགས་པའི་སྒྲས་ནི་ཕོའི་དབང་པོ་དང་། ཡིད་མི་བདེ་བ་དང་། དད་པ་ལ་སོགས་པ་གཟུང་ངོ་། །དེ་དག་དང་ལྡན་པ་ནི་རེ་རེ་ཞིང་ཡང་བརྒྱད་དང་ལྡན་པར་འགྱུར་ཏེ། བདུན་པོ་དེ་དག་དང་། བརྒྱད་པ་ཕོའི་དབང་པོ་དང་ངོ་། །

ཡིད་མི་བདེ་བའི་དབང་པོ་ཡང་དེ་བཞིན་ནོ། །དད་པ་ལ་སོགས་པ་དང་ལྡན་པ་ནི་ལྔ་པོ་དེ་དག་དང་། བཏང་སྙོམས་དང་། སྲོག་དང་། ཡིད་དང་ངོ་། །ཀུན་ཤེས་ཀུན་ཤེས་ལྡན་པ་ཡི། །དབང་དང་ལྡན་ལ་བཅུ་གཅིག་དང་། །ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་

གང་ཀུན་ཤེས་པའི་དབང་པོ་དང་ལྡན་པ་དེ་ངེས་པར་བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་དང་། སྲོག་དང་། ཡིད་དང་། དད་པ་ལ་སོགས་པ་དང་། ཀུན་ཤེས་པའི་དབང་པོ་སྟེ་བཅུ་གཅིག་དང་ངོ་། །དེ་བཞིན་དུ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཡང་བཅུ་པོ་དེ་དག་དང་། ཀུན་

ཤེས་པ་དང་ལྡན་པའི་དབང་པོ་དང་ངོ་། །ཀུན་ཤེས་བྱེད་པའི་དབང་ལྡན་ནི། །བཅུ་གསུམ་དག་དང་ལྡན་པ་སྟེ། །བཅུ་གསུམ་གང་ཞེ་ན། ཡིད་དང་། སྲོག་དང་། ལུས་ཀྱི་དབང་པོ་དང་། ཚོར་བ་བཞི་དང་། དད་པ་ལ་སོགས་པ་དང་། ཀུན་ཤེས་པར་བྱེད་པའི་དབང་པོ་དང་ངོ་། །ཡང་གང་ཞིག་

ནང་ན་ཉུང་བ་དང་ལྡན་ན་དེ་དུ་དང་ཞེ་ན། དགེ་མེད་ནང་ན་ཉུང་བརྒྱད་དེ། །ལུས་ཚོར་ཡིད་དང་སྲོག་དང་ལྡན། །དགེ་མེད་ཅེས་བྱ་བ་ནི་དགེ་བའི་རྩ་བ་ཡང་དག་པར་ཆད་པའོ། །དེ་ཡང་ནང་ན་ཉུང་བ་ནི་ཚོར་བ་རྣམས་དང་། ལུས་དང་། ཡིད་དང་། སྲོག་སྟེ་དབང་པོ་བརྒྱད་དང་ལྡན་ནོ། །ཚོར་བ་

Vol. 141 · folio 116a

ནི་ཚོར་བའོ། །ཚོར་བར་བྱེད་པས་ཚོར་བ་སྟེ། དཔེར་ན་ཕུན་སུམ་ཚོགས་པར་བྱེད་པས་ཕུན་སུམ་ཚོགས་པ་ཞེས་བྱ་བ་བཞིན་ནོ། །ཇི་ལྟར་དགེ་བ་མེད་པ་ནང་ན་ཉུང་བ་དབང་པོ་བརྒྱད་དང་ལྡན་པ། དེ་བཞིན་གཟུགས་མེད་བྱིས་པ་ཡང་། །བྱིས་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའོ། །བརྒྱད་

གང་ཞེ་ན། བཏང་སྙོམས་སྲོག་དང་ཡིད་དང་དགེ །བཏང་སྙོམས་དང་། སྲོག་དང་། ཡིད་དང་། དད་པ་ལ་སོགས་པ་དང་ངོ་། །ཡང་གང་ཞིག་དབང་པོ་ནང་ན་མང་པོ་དང་ལྡན་ན། དེ་དུ་ཞིག་དང་ཞེ་ན། མང་པོར་ལྡན་ན་བཅུ་དགུ་སྟེ། །དྲི་མ་མེད་རྣམས་མ་གཏོགས་པའོ། །དྲི་མ་མེད་པ་

གསུམ་མ་གཏོགས་པ་སྟེ། དེ་ཡང་། མཚན་གཉིས། མཚན་གཉིས་པ་དགེ་བའི་རྩ་བ་ཡང་དག་པར་ཆད་པ་མ་ཡིན་པ་དབང་པོ་ཚོགས་པ་ཞིག་ཡིན་ན་ནི་བཅུ་དགུ་དང་ལྡན་ནོ། །གཞན་ཡང་གང་ཞིག་ཅེ་ན། འཕགས་པ་ཆགས་བཅས་ནི། སློབ་པ་འདོད་ཆགས་དང་མ་བྲལ་བ་ཡང་ནང་ན་མང་

ན་བཅུ་དགུ་དང་ལྡན་ཏེ། མཚན་གཅིག་དྲི་མེད་གཉིས་མ་གཏོགས། །མཚན་གཅིག་དང་། ཟག་པ་མེད་པ་གཉིས་ཏེ། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་གཉིས་ལས་གང་ཡང་རུང་བ་ཞིག་མ་གཏོགས་སོ། །ཁམས་རབ་ཏུ་དབྱེ་བའི་ཞར་ལ་འོངས་

པའི་དབང་པོ་རྣམས་ཀྱི་བར་དུ་དབྱེ་བ་རྒྱ་ཆེར་བཤད་ཟིན་ཏོ། །ད་ནི་འདི་དཔྱད་པར་བྱ་སྟེ། །ཅི་འདུས་བྱས་ཀྱི་ཆོས་འདི་དག་ཇི་ལྟར་མཚན་ཉིད་ཐ་དད་པ་བཞིན་ནོ། །སྐྱེ་བ་ཡང་ཐ་དད་དམ། འོན་ཏེ་འགའ་ཞིག་ངེས་པར་ལྷན་ཅིག་སྐྱེ་བའང་ཡོད་ཅེ་ན། སྨྲས་པ། ཡོད་དེ། ཆོས་འདི་དག་ཐམས་

ཅད་ནི་གཟུགས་དང་། སེམས་དང་སེམས་ལས་བྱུང་བ་དང་། །སེམས་དང་ལྡན་པ་མ་ཡིན་པ་དང་། འདུས་མ་བྱས་དང་རྣམ་པ་ལྔར་འགྱུར་རོ། །དེ་ལ་འདུས་མ་བྱས་ལ་ནི་སྐྱེ་བ་མེད་དོ། །གཟུགས་ཅན་གྱི་ཆོས་རྣམས་ཀྱི་ངེས་པ་ནི་འདི་ཡིན་ཏེ། འདོད་པའི་དབང་པོ་མེད་པ་དང་། །སྒྲ་མེད་རྡུལ་

ཕྲན་རྫས་བརྒྱད་དོ། །བསགས་པའི་གཟུགས་ཀྱི་ནང་ན་ཕྲ་བ་ནི་རྡུལ་ཕྲན་ཞེས་བྱ་སྟེ། དེ་བས་ཆུང་བ་ནི་མི་མངོན་ནོ། །དེ་ཡང་དབང་པོ་ཡང་མེད་སྒྲ་ཡང་མེད་པ་ཞིག་ཡིན་ན་ནི་འདོད་པའི་ཁམས་དག་ཏུ་རྫས་བརྒྱད་དང་ལྡན་པར་སྐྱེ་སྟེ། གང་ཡང་རུང་བ་ཞིག་མེད་པར་ནི་མ་ཡིན་ནོ། །བརྒྱད་ནི་

Vol. 141 · folio 116b

འབྱུང་བ་ཆེན་པོ་བཞི་དག་དང་། འབྱུང་བ་ལས་གྱུར་པ་གཟུགས་དང་། དྲི་དང་རོ་དང་། རེག་བྱ་དང་བཞིའོ། །གལ་ཏེ་རྡུལ་ཕྲ་རབ་སྒྲ་མེད་ལ་དབང་པོ་དང་བཅས་པ་ཞིག་ཡིན་ན་ནི་རྫས་དགུའམ་བཅུ་དང་ལྡན་པར་སྐྱེ་སྟེ། དེ་ལ་རེ་ཞིག །རྫས་དགུ་ལུས་ཀྱི་དབང་ལྡན་ལ། །ལུས་ཀྱི་དབང་པོ་འདི་

ལ་ཡོད་པས་དེ་ནི་ལུས་ཀྱི་དབང་ལྡན་ཞེས་བྱ་སྟེ། དེ་ལ་རྫས་དགུ་ནི་བརྒྱད་པོ་དེ་དག་དང་ལུས་ཀྱི་དབང་པོའོ། །རྫས་བཅུ་དབང་པོ་གཞན་ཞིག་ན་དབང་པོ་གཞན་རྡུལ་ཕྲ་མོ་གང་ལ་ཡོད་པ་དེ་ལ་རྫས་བཅུ་སྟེ། དགུ་པོ་དེ་དག་ཉིད་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེའི་དབང་པོ་རྣམས་

ལས་གང་ཡང་རུང་བ་ཞིག་གོ། །ཡང་རྡུལ་ཕྲ་མོ་དེ་དག་སྒྲ་དང་བཅས་པ་ཞིག་ཏུ་སྐྱེ་ན་ནི་གོ་རིམས་བཞིན་དུ་རྫས་དགུ་འམ་བཅུ་འམ་བཅུ་གཅིག་དང་ལྡན་པར་སྐྱེ་བ་ན་སྐྱེའོ། །གཟུགས་ཀྱི་ཁམས་དག་ན་ནི་དྲི་དང་། རོ་གཉིས་མེད་པར་བཤད་པས་དེས་ན་དེ་པའི་རྡུལ་ཕྲ་མོ་དག་རྫས་དྲུག་གམ་

བདུན་ནམ་བརྒྱད་དང་ལྡན་པར་ཞེས་བཤད་ཟིན་པས་ཡང་མི་བརྗོད་དེ། །གཟུགས་ཅན་རྣམས་ཀྱི་ངེས་པ་ལྷན་ཅིག་སྐྱེས་པ་བཤད་ཟིན་ཏོ། །ལྷག་མ་རྣམས་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག །སེམས་དང་སེམས་བྱུང་ལྷན་ཅིག་ངེས། །འདི་དག་ནི་ཕན་ཚུན་མེད་ན་སྐྱེ་བར་མི་ནུས་སོ། །ཐམས་

ཅད་འདུས་བྱས་མཚན་ཉིད་དང་། །ངེས་པར་ལྷན་ཅིག་ཅེས་བྱ་བར་སྦྱར་ཏེ། གང་གཟུགས་དང་། སེམས་དང་། སེམས་ལས་བྱུང་བ་དང་། མི་ལྡན་པ་ཅུང་ཟད་ཅིག་སྐྱེ་བ་དེ་ཐམས་ཅད་ནི་འདུས་བྱས་ཀྱི་མཚན་ཉིད་དང་ལྷན་ཅིག་སྐྱེའོ། །ཐོབ་པའམ་ཐོབ་པ་ནི་སེམས་ཅན་དུ་སྟོན་པ་འབའ་ཞིག་དང་

ལྷན་ཅིག་སྐྱེའོ། །གཞན་དང་ནི་མ་ཡིན་ནོ། །འམ་ཞེས་བྱ་བ་ནི་བྱེ་བྲག་ཏུ་གཏོགས་པའི་དོན་ཏོ། །སེམས་ལས་འབྱུང་བ་ཞེས་བརྗོད་པ་ལ། སེམས་ལས་བྱུང་བ་ཞེས་བྱ་བ་དེ་དག་གང་ཞིག་ཅེ་ན། སེམས་བྱུང་རྣམ་པ་ལྔ། ཇི་ལྟར་ཞེ་ན། ས་མང་ལ་སོགས་ཐ་དད་ཕྱིར། །སེམས་ལས་

བྱུང་བ་ནི་ས་མང་པོ་པ་རྣམས་དང་། མི་དགེ་བའི་ས་མང་པོ་པ་རྣམས་དང་། དགེ་བའི་ས་མང་པོ་པ་རྣམས་དང་། ཉོན་མོངས་པའི་ས་མང་པོ་པ་རྣམས་དང་། ཉོན་མོངས་པ་ཆུང་ངུའི་ས་མང་པོ་པ་རྣམས་དང་རྣམ་པ་ལྔའོ། །ས་ཞེས་བྱ་བ་ནི་སྐྱེ་བའི་གནས་ཏེ། གང་ཞིག་གང་གི་སྐྱེ་བའི་

Vol. 141 · folio 117a

གནས་ཡིན་པ་དེ་ནི་དེའི་སེམས་ལས་བྱུང་བས་ས་ཞེས་བྱའོ། །དེ་ལ་འདི་དག་ནི་ས་མང་པོ་ཡིན་པས་ས་མང་པོ་པ་རྣམས་ཏེ། སེམས་ཅན་ཐམས་ཅད་ལས་བྱུང་བ་གང་ཡིན་པ་རྣམས་སོ། །གང་དག་སེམས་ཅན་ཐམས་ཅད་ལས་འབྱུང་བ་དེ་དག་ཀྱང་གང་ཞིག་ཅེ་ན། ཚོར་དང་སེམས་

པ་འདུ་ཤེས་དང་། །འདུན་དང་རིག་དང་བློ་གྲོས་དྲན། །ཡིད་ལ་བྱེད་དང་མོས་པ་དང་། །ཏིང་ངེ་འཛིན་སེམས་ཐམས་ཅད་ལ། །ཆོས་བཅུ་པོ་འདི་དག་ནི་སྐད་ཅིག་ཅིང་སེམས་ཅན་ཐམས་ཅད་ལ་ཚོར་བར་འགྱུར་རོ། །དེ་ལ་ཚོར་བ་ནི་མྱོང་བ་རྣམ་པ་གསུམ་སྟེ། བདེ་བ་དང་། སྡུག་བསྔལ་དང་།

བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའོ། །སེམས་པ་ནི་སེམས་མངོན་པར་འདུ་བྱེད་པའོ། །འདུ་ཤེས་ནི་འདུས་ནས་ཤེས་པ་སྟེ་ཡུལ་ལ་མཚན་མར་འཛིན་པའོ། །འདུན་པ་ནི་བྱེད་འདོད་པའོ། །རེག་པ་ནི་ཡུལ་དང་། དབང་པོ་དང་རྣམ་པར་ཤེས་པ་འདུས་པ་ལས་སྐྱེས་པ་ནི་

རེག་པའོ། །བློ་གྲོས་ནི་ཤེས་རབ་སྟེ། ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །དྲན་པ་ནི་དམིགས་པ་མི་བརྗེད་པའོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པའོ། །མོས་པ་ནི་མོས་པར་བྱེད་པའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའོ། །སེམས་དང་སེམས་ལས་བྱུང་བའི་བྱེ་བྲག་ནི་ཕྲ་བས་དེ་

ནི་རེ་ཞིག་འདི་ལྟར་རྒྱུན་རྣམས་ལ་ཡང་ཡོངས་སུ་གཅད་པར་དཀའ་ན་སྐད་ཅིག་མ་ལྟ་བུ་ལ་སྨོས་ཀྱང་ཅི་དགོས། གཟུགས་ཅན་རྣམས་ལ་ཡང་རེ་ཞིག་དབང་པོའི་གཟུང་བ་སྨན་ལ་སོགས་པ་རོ་མང་པོ་དང་ལྡན་པ་འགའ་ཞིག་ལ་ཡང་རོའི་བྱེ་བྲག་ངེས་པར་གཟུང་བར་དཀའ་ན་གང་ཟག་གཟུགས་ཅན་མ་

ཡིན་པའི་ཆོས་བློས་གཟུང་བ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། ས་མང་པོ་པ་རྣམས་བཤད་ཟིན་ཏོ། །དགེ་བའི་ས་མང་པོ་པའི་སྐབས་ཡིན་པས། དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །རྩ་བ་གཉིས་རྣམ་མི་འཚེ་དང་། །བརྩོན་འགྲུས་རྟག་ཏུ་དགེ་བ་

ལའོ། །ཆོས་འདི་དག་ནི་དགེ་བའི་སེམས་ལས་བྱུང་བས། དེའི་ཕྱིར་དགེ་བའི་ས་མང་པོ་པ་ཞེས་བྱ་སྟེ། དེ་ལ་དད་པ་ནི་སེམས་དང་བའོ། །བག་ཡོད་པ་ནི་དགེ་བའམ་ས་རྣམས་བསྒོམས་པའོ། །ཤིན་ཏུ་སྦྱོངས་པ་ནི་སེམས་ལས་སུ་རུང་བ་ཉིད་དོ། །བཏང་སྙོམས་ནི་སེམས་མཉམ་པ་ཉིད་དོ། །

Vol. 141 · folio 117b

ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ནི་འོག་ནས་འཆད་དོ། །རྩ་བ་གཉིས་ནི་མ་ཆགས་པ་དང་། ཞེ་སྡང་མེད་པའི་དགེ་བའི་རྩ་བ་གཉིས་སོ། །གཏི་མུག་མེད་པ་ཡང་ཡོད་མོད་ཀྱི་དེ་ནི་ཤེས་རབ་ཀྱི་བདག་ཉིད་ཡིན་ལ་ཤེས་རབ་ཀྱི་ས་མང་པོ་པ་ཡིན་པས་དེ་ནི་དགེ་བའི་ས་མང་པོ་པ་ཉིད་ཅེས་མི་བྱའོ། །རྣམ་པར་

མི་འཚེ་བ་ནི་རྣམ་པར་མཐོ་མི་འཚམས་པའོ། །བརྩོན་འགྲུས་ནི་སེམས་ཀྱི་མངོན་པར་སྤྲོ་བའོ། །དགེ་བའི་ས་མང་པོ་པ་རྣམས་བཤད་ཟིན་ཏོ། །རྨོངས་དང་བག་མེད་ལེ་ལོ་དང་། །མ་དད་པ་དང་རྨུགས་དང་རྒོད། །རྟག་ཏུ་ཉོན་མོངས་ཅན་ཉིད་ལ། །ཆོས་འདི་དག་ནི་རྟག་ཏུ་ཉོན་མོངས་པ་ཅན་གྱི་

སེམས་ལས་བྱུང་བས། དེའི་ཕྱིར་ཉོན་མོངས་པ་ཅན་གྱི་ས་མང་པོ་པ་ཞེས་བྱ་སྟེ། དེ་ལ་རྨོངས་པ་ཞེས་བྱ་བ་ནི་མ་རིག་པ་དང་། མི་ཤེས་པ་དང་། མི་གསལ་བའོ། །བག་མེད་པ་ནི་དགེ་བའི་ཆོས་རྣམས་མི་བསྒོམ་པ་སྟེ། བསྒོམ་པའི་མི་མཐུན་པའི་ཕྱོགས་སོ། །ལེ་ལོ་ནི་སེམས་ཀྱིས་མངོན་པར་མི་སྤྲོ་བ་སྟེ།

བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་སོ། །མ་དད་པ་ནི་སེམས་མ་དད་པ་སྟེ། དད་པའི་མི་མཐུན་པའི་ཕྱོགས་སོ། །རྨུགས་པ་ནི་ལུས་ཀྱི་དང་སེམས་ཀྱི་དང་གཉིས་ཏེ། ལུས་ཀྱི་རྨུགས་པ་དང་། སེམས་ཀྱི་རྨུགས་པ་ཞེས་འབྱུང་བའི་ཕྱིར་རོ། །ཇི་ལྟར་ན་སེམས་ལས་བྱུང་བའི་ཆོས་ལུས་ཀྱི་ཞེས་བྱ་

ཞེ་ན། ཚོར་བ་བཞིན་ནོ། །རྒོད་པ་ནི་སེམས་ཀྱི་རྣམ་པར་མ་ཞི་བ་སྟེ། འདི་དག་ནི་ཉོན་མོངས་པ་ཅན་གྱི་ས་མང་པོ་པའི་ཆོས་སོ། །བརྗེད་ངས་པ་དང་། རྣམ་པར་གཡེང་བ་དང་། ཤེས་བཞིན་མ་ཡིན་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། ལོག་པར་མོས་པ་ནི་ས་མང་པོ་པ་ཡིན་པའི་

ཕྱིར། ཉོན་མོངས་པའི་ས་པ་ཉིད་དུ་ངེས་པར་མ་བཟུང་སྟེ། དཔེར་ན་གཏི་མུག་མེད་པ་དགེ་བའི་ས་མང་པོ་པར་ངེས་པར་མ་བཟུང་བ་བཞིན་ནོ། །ཉོན་མོངས་པའི་ས་མང་པོ་པ་བཤད་ཟིན་ཏོ། །ངོ་ཚ་མེད་དང་ཁྲེལ་མེད་པ། །མི་དགེ་བ་ལ། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ནི་མི་དགེ་བའི་སེམས་ལ་རྟག་

ཏུ་འབྱུང་བས་ཆོས་འདི་གཉིས་ནི་མི་དགེ་བའི་ས་མང་པོ་པ་ཞེས་བྱ་སྟེ། དེ་གཉིས་ཀྱི་མཚན་ཉིད་ནི་འོག་ནས་བཤད་པར་བྱའོ། །ཁྲོ་བ་དང་། ཁོན་དུ་འཛིན་དང་གཡོ་དང་ནི། །ཕྲག་དོག་ཚིག་འཆབ་སེར་སྣ་དང་། །སྒྱུ་དང་རྒྱགས་དང་རྣམ་འཚེ་ནི། །ཉོན་མོངས་ཆུང་ངུའི་ས་པ་རྣམས། །འདི་དག་ནི་ཉོན་

Vol. 141 · folio 118a

མོངས་པ་ཆུང་ངུའི་ས་པ་རྣམས་ཏེ། མ་རིག་པ་ཙམ་དང་། བསྒོམ་པས་སྤང་བ་དང་། ཡིད་ཀྱི་ས་པ་ཉིད་དང་། མཚུངས་པར་ལྡན་པའི་ཕྱིར་རོ། །འདི་དག་ནི་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ནང་ན་བཤད་པར་བྱའོ། །སེམས་ལས་བྱུང་བ་རྣམ་པ་ལྔ་བཤད་ཟིན་ཏོ། །གཞན་ཡང་རྟོག་པ་དང་། དཔྱོད་

པ་དང་། འགྱོད་པ་དང་། གཉིད་ལ་སོགས་པ་མ་ངེས་པ་ཡང་ཡོད་པས། དེ་ལ་སེམས་གང་ཞིག་སེམས་ལས་བྱུང་བ་དུ་ཞིག་དང་ངེས་པ་ལྷན་ཅིག་འབྱུང་བ་བརྗོད་པར་བྱ་སྟེ། རེ་ཞིག་འདོད་པ་ན་སྤྱོད་པའི་སེམས་ནི་དགེ་བ་དང་། མི་དགེ་བ་རྣམ་པ་གཉིས་ཏེ། མ་འདྲེས་པ་དང་། ཉོན་མོངས་པ་གཞན་དང་མཚུངས་པར་

ལྡན་པ་དང་། ལུང་དུ་མ་བསྟན་པ་རྣམ་པ་གཉིས་ཏེ། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་རྣམ་པ་ལྔའོ། །དེ་ལ་རེ་ཞིག་འདོད་པ་ན་སྤྱོད་པའི་སེམས་ནི། ངེས་པར་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་ཡིན་པས། དེའི་ཕྱིར་འདིར། འདོད་པ་དགེ་བའི་སེམས་ལ་

ནི། །རྟོག་དང་དཔྱོད་དང་བཅས་པའི་ཕྱིར། །ངེས་པར་ས་མང་པོ་པ་བཅུ་དང་། དགེ་བའི་ས་མང་པོ་པ་བཅུ་དང་། རྟོག་པ་དང་དཔྱོད་པ་གཉིས་ཏེ། སེམས་ལས་བྱུང་བ་ཉི་ཤུ་རྩ་གཉིས་འབྱུང་ངོ་། །ལ་ལ་དག་ཏུ་འགྱོད་པ་བསྣན། །དགེ་བའི་སེམས་ཐམས་ཅད་ལ་ནི་འགྱོད་པ་མེད་པ་གང་ལ་

ཡོད་པ་དེར་དེ་ཉིད་ཀྱིས་ཀླགས་ན་སེམས་ལས་བྱུང་བ་ཉི་ཤུ་རྩ་གསུམ་འབྱུང་ངོ་། །འགྱོད་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། ངན་པར་བྱས་པ་ཡོད་པ་ནི་འགྱོད་པའོ། །དེ་ལ་དམིགས་པའི་སེམས་ནི་འགྱོད་པ་ཞེས་བྱ་སྟེ། ཡིད་ལ་གཅགས་པའོ། །དེ་བོར་ན་མི་སྡུག་པ་ལ་དམིགས་པའི་མ་ཆགས་པ་ལ་

མི་སྡུག་པ་ཞེས་བྱ་བ་བཞིན་ནོ། །འཇིག་རྟེན་ན་ཡང་གྲོང་ཐམས་ཅད་ལྷགས་སོ། །ཡུལ་ཐམས་ཅད་ལྷགས་སོ་ཞེས་གནས་ཀྱི་གནས་པ་སྟོན་པ་ཡང་མཐོང་སྟེ། ཡིད་ལ་གཅགས་པའི་གནས་ནི་འགྱོད་པ་མ་ཡིན་པའམ་ཡང་ན་འདི་ནི་འབྲས་བུ་ལ་རྒྱུར་བཏགས་པ་སྟེ། དཔེར་ན་རེག་པའི་སྐྱེ་མཆེད་དྲུག་པོ་འདི་

དག་ནི་སྔོན་གྱི་ལས་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་བཞིན་ནོ། །མི་དགེ་བ་ནི་མ་འདྲེས་དང་། །ལྟ་བར་ལྡན་ན་འང་ཉི་ཤུ་སྟེ། །གང་མི་དགེ་བའི་སེམས་མ་འདྲེས་པ་དེ་ལ་ས་མང་པོ་པ་བཅུ་དང་། ཉོན་མོངས་པའི་ས་མང་པོ་པ་དྲུག་དང་། མི་དགེ་བའི་རྩ་བའི་ས་མང་པོ་པ་གཉིས་དང་། རྟོག་པ་དང་། དཔྱོད་པ་སྟེ།

Vol. 141 · folio 118b

སེམས་ལས་བྱུང་བ་ཉི་ཤུ་འབྱུང་ངོ་། །མ་འདྲེས་པ་ཞེས་བྱ་བ་ནི་སེམས་གང་ལས་མ་རིག་པ་འབའ་ཞིག་ཡིན་གྱི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་གཞན་མེད་པའོ། །མི་དགེ་བའི་སེམས་ལ་ལྟ་བ་དང་ལྡན་ན་ཡང་ཉི་ཤུ་སྟེ། མ་འདྲེས་པའི་གང་ཡིན་པ་ཉིད་དག་གོ། །ལྟ་བ་ནི་ཤེས་

རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་དེར་ལྟ་བས་མ་བསྟན་ནོ། །དེ་ལ་མི་དགེ་བ་ལྟ་བ་དང་ལྡན་པ་ནི་གང་ལ་ལོག་པར་ལྟ་བའམ། ལྟ་བ་མཆོག་ཏུ་འཛིན་པའམ། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡོད་པའོ། །ཉོན་མོངས་བཞི་དང་ཁོང་ཁྲོ་སོགས། །འགྱོད་པ་དག་དང་ཉི་ཤུ་

གཅིག །གང་འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། ཐེ་ཚོམ་སྟེ། ཉོན་མོངས་པ་བཞི་རྣམས་ལས་ཉོན་མོངས་པ་གང་ཡང་རུང་བ་ཞིག་དང་མཚུངས་པར་ལྡན་པའི་སེམས་དེ་ལ་ཉོན་མོངས་པ་དེ་དང་མ་འདྲེས་པར་བཤད་པ་ཉི་ཤུ་སྟེ་ཉི་ཤུ་རྩ་གཅིག་འབྱུང་ངོ་། །ཁྲོ་བ་ལ་སོགས་

པ་ཉེ་བའི་ཉོན་མོངས་པ་ཇི་སྐད་དུ་བཤད་པ་དང་། མཚུངས་པར་ལྡན་པའི་སེམས་ལ་ནི་ཉི་ཤུ་པོ་དེ་དག་དང་ཉེ་བའི་ཉོན་མོངས་པ་དེ་དང་ཉི་ཤུ་རྩ་གཅིག་ཏུ་འགྱུར་རོ། །འགྱོད་པ་དང་ལྡན་ན་ཡང་འགྱོད་པ་དེ་ཉིད་དང་ཉི་ཤུ་རྩ་གཅིག་པར་འགྱུར་རོ། །མདོར་བསྡུས་ན་མི་དགེ་བའི་སེམས་མ་འདྲེས་པ་

དང་ལྟ་བ་དང་མཚུངས་པར་ལྡན་པ་ནི་ཉི་ཤུའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཞན་དང་མཚུངས་པར་ལྡན་པ་ནི་ཉི་ཤུ་རྩ་གཅིག་གོ། །བསྒྲིབས་པ་བཅོ་བརྒྱད། འདོད་པའི་ཁམས་དག་ན་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་མཚུངས་པར་ལྡན་པའི་སེམས་ནི་

བསྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ། དེ་ལ་ནི་ས་མང་པོ་པ་བཅུ་དང་། ཉོན་མོངས་པའི་ས་མང་པོ་པ་དྲུག་དང་། རྟོག་པ་དང་དཔྱོད་པ་གཉིས་ཏེ། སེམས་ལས་བྱུང་བ་བཅོ་བརྒྱད་དོ། །ལྟ་བས་ནི་སྔ་མ་བཞིན་ཏེ་མ་བསྟན་ཏོ། །ལུང་མ་བསྟན། གཞན་ནི་བཅུ་གཉིས་དག་ཏུ་འདོད། །བསྒྲིབས་

ལ་ལུང་དུ་མ་བསྟན་པ་ལས་གཞན་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ། དེ་ལ་ནི་ས་མང་པོ་པ་བཅུ་དང་། རྟོག་པ་དང་དཔྱོད་པ་སྟེ། སེམས་ལས་བྱུང་བ་བཅུ་གཉིས་སུ་འདོད་དོ། །གཉིད་ནི་ཀུན་ལ་མི་འགལ་ཕྱིར། །གང་ལ་ཡོད་པ་དེས་བསྣན་ནོ། །གཉིད་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་

Vol. 141 · folio 119a

བསྟན་པ་ཇི་སྐད་དུ་བཤད་པའི་སེམས་ཐམས་ཅད་ལ་མི་འགལ་བས། དེའི་ཕྱིར་གང་ལ་ཡོད་པ་དེ་ལ་དེས་བསྟན་པར་རིག་པར་བྱའོ། །གང་ལ་ཉི་ཤུ་རྩ་གཉིས་ཡིན་པ་དེ་ལ་ཉི་ཤུ་རྩ་གསུམ་མོ། །གང་ལ་ཉི་ཤུ་རྩ་གསུམ་ཡིན་པ་དེ་ལ་ཉི་ཤུ་རྩ་བཞི་ཞེས་བྱ་བ་ལ་སོགས་པའོ། །གང་

དེ་ལྟར་འདོད་པའི་ཁམས་དག་གི་སེམས་ལས་བྱུང་བར་ངེས་པར་བཤད་པ། དེ་ལས་འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་མེད། །བསམ་གཏན་དང་པོ་ན་ནི་ཇི་སྐད་དུ་བཤད་པ་དེ་དག་ལས་འགྱོད་པ་དང་། གཉིད་དང་། གང་ཡང་ཅུང་ཟད་མི་དགེ་བ་དང་། འདི་ལྟ་སྟེ་གཡོ་དང་།

སྒྱུ་དང་རྒྱགས་པ་མ་གཏོགས་པ་ཁྲོ་བ་ལ་སོགས་པ་དང་། ཁོང་ཁྲོ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་རྣམས་ཐམས་ཅད་དུ་མེད་དོ། །གཞན་ཐམས་ཅད་ནི་དེ་བཞིན་ནོ། །བསམ་གཏན་དང་པོ་ན་མེད་པ་གང་ཡིན་པ་དེ་དག་དང་། རྟོག་པའང་བསམ་གཏན་ཁྱད་པར་ཅན་ལ་མེད་དོ། །ལྷག་

མ་ནི་དེ་བཞིན་ནོ། །དེ་ཡི་གོང་ན་སྤྱོད་པ་ཡང་། །བསམ་གཏན་ཁྱད་པར་ཅན་ལས་གོང་མ་བསམ་གཏན་གཉིས་པ་ལ་སོགས་པ་དང་། གཟུགས་མེད་པ་དག་ན་ནི་ཇི་སྐད་དུ་བཀག་པ་དང་། དཔྱོད་པ་དང་། ཡང་གི་སྒྲས་ནི་གཡོ་དང་སྒྱུ་ཡང་མེད་དོ། །ལྷག་མ་ནི་དེ་བཞིན་ནོ། །ས་གང་དག་ན་

སེམས་ལས་བྱུང་བ་ཇི་སྙེད་ཅིག་པ་འདི་ནི་བཤད་ཟིན་ཏོ། །ད་ནི་གཞུང་ལས་སེམས་ལས་བྱུང་བ་གང་དག་གི་ཐ་དད་དུ་བྱ་བ་གསུངས་པ་བརྗོད་པར་བྱ་སྟེ། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། མ་གུས་ངོ་ཚ་མེད། ཡོན་ཏན་དང་། ཡོན་ཏན་ཅན་དག་ལ་མི་གུས་པ་ནི་ངོ་ཚ་མེད་པ་སྟེ།

གུས་པའི་མི་མཐུན་པའི་ཆོས་སོ། །ཁྲེལ་མེད། ཁ་ན་མ་ཐོས་འཇིགས་མི་ལྟ། །ཁ་ན་མ་ཐོ་བ་ཞེས་བྱ་བ་ནི་དམ་པ་རྣམས་ཀྱིས་སྨད་པའོ། །དེ་ལ་འཇིགས་པར་མི་ལྟ་བ་ནི་ཁྲེལ་མེད་པའོ། །བྱམས་པ་དང་གུས་པ་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། བྱམས་པ་ནི་ཉོན་མོངས་པ་ཅན་དང་། ཉོན་

མོངས་པ་ཅན་མ་ཡིན་པ་རྣམ་པ་གཉིས་སོ། །དེ་ལ་ཉོན་མོངས་པ་ཅན་ནི་དཔེར་ན་བུ་དང་ཆུང་མ་ལ་སོགས་པ་ལ་སྲེད་པའོ། །ཉོན་མོངས་པ་ཅན་མ་ཡིན་པ་ནི་དཔེར་ན་སྟོན་པ་དང་། བླ་མ་དང་། ཡོན་ཏན་ཅན་རྣམས་ལ་དད་པའོ། །གུས་པ་ངོ་ཚ་ཤེས། གུས་པ་ནི་ཇི་སྐད་དུ་བཤད་པའི་ངོ་ཚ་ཤེས་

Vol. 141 · folio 119b

པ་ལྟ་བུའོ། །དེ་གཉིས་འདོད་དང་གཟུགས་དག་ན། །གཟུགས་མེད་པའི་ཁམས་དག་ན་ནི། བྱམས་པ་དང་གུས་པ་མེད་དོ། །རྟོག་པ་དང་དཔྱོད་པ་གཉིས་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། །རྟོག་དང་དཔྱོད་པ་རྩིང་ཞིབ་བོ། །གང་གི་ཞེ་ན། སེམས་ཀྱིའོ་ཞེས་ཕྱིས་འཆད་དེ། རྟོག་པ་ནི་སེམས་

རྩིང་བའོ། །དཔྱོད་པ་ནི་སེམས་ཞིབ་པའོ། །ང་རྒྱལ་དང་རྒྱགས་པ་གཉིས་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་ཅེ་ན། ང་རྒྱལ་ཁེངས་པ། གང་ཡང་རུང་བའི་ཁྱད་པར་ཅི་ཞིག་ཡོངས་སུ་བརྟགས་པས་སེམས་ཁེངས་པ་ནི་ང་རྒྱལ་ལོ། །རྒྱགས་པ་ནི། བདག་གི་ཆོས་ལ་ཆགས་པ་ཡི། །སེམས་ནི་ཡོངས་སུ་

གཏུགས་པའོ། །རྒྱགས་པ་ནི་བདག་གི་ཆོས་རྣམས་ལ་ཆགས་པས་སེམས་ཡོངས་སུ་གཏུགས་པ་གང་ཡིན་པའོ། །སེམས་དང་ལྷན་ཅིག་པའི་སེམས་ལས་བྱུང་བའི་རྣམ་པ་བཤད་ཟིན་ཏོ། །ཡང་དེ་དག་ནི་གསུང་རབ་ལས་ཐ་སྙད་བཏགས་པའི་ཕྱིར་དེ་དག་གི་མིང་འདི་དག་ཡོངས་སུ་བསྟན་

པར་བྱ་སྟེ། སེམས་དང་ཡིད་དང་རྣམ་ཤེས་ནི། །དོན་གཅིག་སྟེ། བསགས་པས་ན་སེམས་སོ། །རློམ་པས་ན་ཡིད་དོ། །རྣམ་པར་ཤེས་པས་ན་རྣམ་པར་ཤེས་པའོ། །ཇི་ལྟར་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་དོན་གཅིག་པ་དེ་བཞིན་དུ། སེམས་དང་སེམས་ལས་བྱུང་བ། རྟེན་བཅས་

དམིགས་དང་རྣམས་པ་དང་། །མཚུངས་པར་ལྡན་པའང་དོན་གཅིག་སྟེ། །སེམས་དང་སེམས་ལས་བྱུང་བ་དེ་དག་ཉིད་དབང་པོ་ལ་བརྟེན་པའི་ཕྱིར། རྟེན་དང་བཅས་པ་ཞེས་བྱའོ། །ཡུལ་ལ་འཛིན་པའི་ཕྱིར། དམིགས་པ་དང་བཅས་པ་ཞེས་ཀྱང་བྱའོ། །དམིགས་པ་དེ་ཉིད་རྣམ་པ་ཀུན་དུ་སྤྱོད་

པའི་ཕྱིར་རྣམ་པ་དང་བཅས་ཞེས་ཀྱང་བྱའོ། །མཉམ་པར་ལྡན་པའི་ཕྱིར་མཚུངས་པར་ལྡན་པ་ཞེས་ཀྱང་བྱའོ། །རྣམ་པ་གང་གིས་མཉམ་པར་ལྡན་ཞེ་ན། སྨྲས་པ། རྣམ་པ་ལྔ། གནས་དང་། དམིགས་པ་དང་། རྣམ་པ་དང་། དུས་དང་། རྫས་མཉམ་པ་སྟེ། རྣམ་པ་ལྔ་མཉམ་

པས་སོ། །སེམས་དང་སེམས་ལས་བྱུང་བ་རྒྱ་ཆེར་རབ་ཏུ་དབྱེ་བ་དང་བཅས་པ་བཤད་ཟིན་ཏོ། །མི་ལྡན་པའི་འདུ་བྱེད་རྣམས། ཐོབ་དང་མ་ཐོབ་སྐལ་མཉམ་དང་། །འདུ་ཤེས་མེད་དང་སྙོམས་འཇུག་དང་། །སྲོག་དང་མཚན་ཉིད་རྣམས་དང་ནི། །མིང་གི་ཚོགས་ལ་སོགས་པའོ། །འདི་དག་

Vol. 141 · folio 120a

འདུ་བྱེད་ནི་ཡིན་ལ་སེམས་དང་ནི་མཚུངས་པར་མི་ལྡན་ཞིང་གཟུགས་ཀྱི་རང་བཞིན་ཡང་མ་ཡིན་པས་སེམས་དང་མི་ལྡན་པ་ཞེས་བྱ་སྟེ། དེ་ལ་རེ་ཞིག །ཐོབ་པ་རྙེད་དང་ལྡན་པའོ། །ཐོབ་པ་ནི་རྣམ་པ་གཉིས་ཏེ། མ་ཐོབ་པ་དང་། རྣམ་པར་ཉམས་པས་ལས་རྙེད་པ་དང་། ཐོབ་

ནས་ལྡན་པའོ། །བཟློག་པ་ནི་མ་ཐོབ་པ་ཞེས་བྱ་བར་གྲུབ་པོ། །ཐོབ་པ་དང་མ་ཐོབ་པ་འདི་དག་གང་ཞིག་གི་ཞེ་ན། ཐོབ་དང་མ་ཐོབ་རང་རྒྱུད་དུ། །གཏོགས་པ་རྣམས་ཀྱང་གཞན་གྱི་རྒྱུད་དུ་གཏོགས་པ་རྣམས་ཀྱི་མ་ཡིན་ཏེ། གཞན་གྱི་དང་ལྡན་པ་ནི་འགའ་ཡང་མེད་དོ། །རྒྱུད་དུ་མ་གཏོགས་

པ་རྣམས་ལ་ཡང་མེད་ལ་སེམས་ཅན་དུ་མི་བགྲང་བ་དང་ལྡན་པ་ཡང་འགའ་ཡང་མེད་དེ། རེ་ཞིག་འདུས་བྱས་དག་གི་ངེས་པ་ནི་དེ་ལྟའོ། །འདུས་མ་བྱས་ཀྱི་ཐོབ་པ་དང་། མ་ཐོབ་པ་ནི། འགོག་གཉིས་ཀྱི། སོ་སོར་མ་བརྟགས་པའི་འགོག་པ་དང་ནི་སེམས་ཅན་ཐམས་ཅད་

ལྡན་ནོ། །དེ་བས་ན་དེའི་ཕྱིར། ཆོས་མངོན་པ་ལས་ཟག་པ་མེད་པའི་ཆོས་རྣམས་དང་སུ་ཞིག་ལྡན་ཞེ་ན། སྨྲས་པ། སེམས་ཅན་ཐམས་ཅད་དོ་ཞེས་འབྱུང་ངོ་། །སོ་སོར་བརྟགས་པའི་འགོག་པ་དང་ནི་སྐད་ཅིག་མ་དང་པོ་ལ་གནས་པ་ཐམས་ཅད་དུ་བཅིངས་པ་མ་གཏོགས་པ། འཕགས་པ་རྣམས་དང་།

སོ་སོའི་སྐྱེ་བོ་རྣམས་ལས་ཀྱང་ཁ་ཅིག་ལྡན་ནོ། །ནམ་མཁའ་དང་ལྡན་པ་ནི་འགའ་ཡང་མེད་དོ། །དེ་བས་ན་འདི་ལ་ཐོབ་པ་མེད་དོ། །གང་ལ་ཐོབ་པ་མེད་པ་དེ་ལ་ནི་མ་ཐོབ་པ་ཡང་མེད་ཅེས་བྱ་བའོ། །ཐོབ་པ་དེ་ནི་འདི་ལྟར། དུས་གསུམ་རྣམས་ལས་རྣམ་པ་གསུམ། །འདས་པའི་ཆོས་རྣམས་ལ་

འདས་པའི་ཐོབ་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཐོབ་པ་ཡང་ཡོད་ལ། དེ་བཞིན་དུ་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་ཡང་སོ་སོར་རྣམ་པ་གསུམ་མོ། །དགེ་ལ་སོགས་ཀྱི་དགེ་ལ་སོགས། །དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་རྣམས་ཀྱི་ཐོབ་པ་ཡང་རིམ་

པ་བཞིན་དུ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ཉིད་དོ། །རང་གི་ཁམས་པ་དེར་གཏོགས་རྣམས། །ཆོས་གང་དག་འདོད་པ་དང་གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་ཁམས་གང་དུ་གཏོགས་པ་དེ་དག་གི་ཐོབ་པ་ནི་གོ་རིམས་བཞིན་དུ་འདོད་པ་དང་།

Vol. 141 · folio 120b

གཟུགས་དང་། གཟུགས་མེད་པ་ན་སྤྱོད་པ་ན། རང་གི་ཁམས་པ་ཉིད་དོ། །མ་གཏོགས་པ་རྣམས་རྣམ་པ་བཞི། །ཟག་པ་མེད་པའི་ཆོས་རྣམས་ཀྱི་ཐོབ་པ་ནི་མདོར་བསྡུ་ན་ཁམས་གསུམ་པ་དང་། ཟག་པ་མེད་པ་དང་རྣམ་པ་བཞི་སྟེ། དེ་ལ་སོ་སོར་མ་བརྟགས་པའི་འགོག་པ་ནི་ཁམས་གསུམ་པའོ། །

སོ་སོར་བརྟགས་པའི་འགོག་པ་ནི་གཟུགས་དང་། གཟུགས་མེད་པ་ན་སྤྱོད་པ་དང་། ཟག་པ་མེད་པའོ། །ལམ་གྱི་བདེན་པའི་ནི་ཟག་པ་མེད་པ་ཉིད་དེ། དེ་དག་ནི་བསྡུ་ན་རྣམ་པ་བཞིར་འགྱུར་རོ། །སློབ་པའི་ཆོས་རྣམས་ཀྱི་ཐོབ་པ་ནི་སློབ་པ་ཉིད་དོ། །མི་སློབ་པ་རྣམས་ཀྱི་ནི་མི་སློབ་པ་ཉིད་

དོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་རྣམས་ཀྱི་ནི་བྱེ་བྲག་ཡོད་པས་དེར་བསྟན་པར་བྱའོ། །སློབ་མིན་མི་སློབ་མིན་རྣམ་གསུམ། །ཟག་པ་དང་བཅས་པའི་ཆོས་དང་། འདུས་མ་བྱས་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ནོ། །དེ་དག་ཀྱང་སློབ་པ་ལ་སོགས་པའི་བྱེ་བྲག་གིས་

ཐོབ་པ་རྣམ་པ་གསུམ་སྟེ། རེ་ཞིག་ཟག་པ་དང་བཅས་པ་རྣམས་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའི་ཐོབ་པ་དང་། སོ་སོར་བརྟགས་པའི་འགོག་པ་འཕགས་པ་མ་ཡིན་པས་ཐོབ་པའི་ནི་སློབ་པ་ཡང་མ་ཡིན། །མི་སློབ་པ་ཡང་མ་ཡིན། །དེ་ཉིད་སློབ་པའི་ལམ་གྱིས་

ཐོབ་པའི་ནི་སློབ་པའོ། །མི་སློབ་པ་རྣམས་ཀྱི་ནི་མི་སློབ་པའོ། །མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱིས་ཐོབ་པ་ནི་རིམ་བཞིན་དུ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་ཉིད་དོ། །སྤང་བར་བྱ་བ་མ་ཡིན་པ་རྣམས་ཀྱི་ནི་བྱེ་བྲག་ཡོད་པས་དེ་བསྟན་པར་བྱ་སྟེ།

སྤང་མིན་རྣམ་པ་གཉིས་སུ་འདོད། །ཟག་པ་མེད་པ་རྣམས་ནི་སྤང་བར་བྱ་བ་མ་ཡིན་པའི་ཆོས་ཏེ། དེ་དག་ལས་སོ་སོར་མ་བརྟགས་པའི་འགོག་པ་དང་། འཕགས་པ་མ་ཡིན་པས་ཐོབ་པ་སོ་སོར་བརྟགས་པའི་འགོག་པའི་ཐོབ་པ་ནི་བསྒོམ་པས་སྤང་བར་བྱ་བའོ། །དེ་ཉིད་འཕགས་པའི་

ལམ་གྱིས་ཐོབ་པ་དང་། ལམ་གྱི་བདེན་པའི་ནི་སྤང་བར་བྱ་བ་མ་ཡིན་པའོ། །དུས་གསུམ་རྣམས་ལས་རྣམ་པ་གསུམ། །ཞེས་བཤད་པ་གང་ཡིན་པ་དེ་ནི་སྤྱིར་བསྟན་པའོ། །འདི་ནི་དམིགས་ཀྱིས་བསྟན་པ་སྟེ། །ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེས། །མ་བསྒྲིབས་ལ་ལུང་དུ་མ་

Vol. 141 · folio 121a

བསྟན་པ་རྣམས་ཀྱི་ཐོབ་པ་ནི། སྟོབས་ཆུང་བའི་ཕྱིར་སྔར་སྐྱེ་བ་དང་། ཕྱིས་སྐྱེ་བ་ནི་མེད་ཀྱི་ལྷན་ཅིག་སྐྱེ་བ་ཉིད་དེ། དེས་ན་དེ་དག་ནི་འདས་པ་རྣམས་ཀྱི་ཡང་འདས་པ་ཉིད་ཡིན་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་ཡང་ད་ལྟར་བྱུང་བ་ཉིད་ཡིན་པའི་བར་དུའོ། །ཅི་མ་བསྒྲིབས་ལ་ལུང་དུ་

མ་བསྟན་པ་ཐམས་ཅད་ཀྱི་དེ་བཞིན་ནམ་ཞེ་ན། མངོན་ཤེས་སྤྲུལ་པ་མ་གཏོགས་སོ། །ཐམས་ཅད་ཀྱི་དེ་བཞིན་ཏེ། ལུང་དུ་མ་བསྟན་པ་མངོན་པར་ཤེས་པ་གཉིས་དང་སྤྲུལ་པའི་སེམས་ནི་མ་གཏོགས་ཏེ། དེ་དག་ནི་སྦྱོར་བ་ཁྱད་པར་ཅན་གྱིས་འགྲུབ་པས་སྟོབས་དང་ལྡན་པའི་ཕྱིར་ཐོབ་པ་སྔར་

ཡང་སྐྱེ་ཕྱིས་ཀྱང་སྐྱེ་ལྷན་ཅིག་ཏུ་ཡང་སྐྱེའོ། །ཅི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཐོབ་པ་འབའ་ཞིག་ལྷན་ཅིག་སྐྱེ་བ་ཡིན་ནམ་ཞེ་ན། སྨྲས་པ། བསྒྲིབས་པ་ལ་ཡང་གཟུགས་ཀྱི་སྟེ། བསྒྲིབས་ལ་ལུང་དུ་མ་བསྟན་པ་ལ་ཡང་གཟུགས་ཀྱི་རྣམ་པར་རིག་བྱེད་ཀྱི་ནི་ཆེན་པོས་ཀྱང་རྣམ་པར་རིག་བྱེད་མ་

ཡིན་པ་མི་སྐྱེ་བས་སྟོབས་ཆུང་བར་གྲུབ་པའི་ཕྱིར་ལྷན་ཅིག་སྐྱེ་བ་ཉིད་དོ། །ཇི་ལྟར་ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་ཐོབ་པའི་ངེས་པ་འདི་ཡིན་པ་ལྟར། ཅི་དགེ་བ་དང་མི་དགེ་བ་རྣམས་ཀྱི་ཡང་དེ་བཞིན་ནམ། འོན་ཏེ་ཐོབ་པའི་ཁྱད་པར་འགའ་ཞིག་ཡོད་ཅེ་ན། སྨྲས་པ། ཡོད་དེ། འདོད་པའི་

གཟུགས་ཀྱི་སྔར་མི་སྐྱེ། འདོད་པ་ན་སྤྱོད་པའི་གཟུགས་ཀྱི་ཐོབ་པ་ནི་ལྷན་ཅིག་སྐྱེ་བ་དང་ཕྱིས་སྐྱེ་བ་ནི་ཡོད་ཀྱི། སྔར་སྐྱེ་བ་ནི་ཐམས་ཅད་དུ་མེད་དོ། །ཅི་མ་ཐོབ་པ་ཡང་ཐོབ་པ་བཞིན་དུ་ཁྱད་པར་ཡོད་དམ་ཞེ་ན། སྨྲས་པ། མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞིག་ཅེ་ན། མ་ཐོབ་མ་བསྒྲིབས་ལུང་མ་བསྟན།

མ་ཐོབ་པ་ཐམས་ཅད་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཉིད་དོ། །ཡང་དུས་ཀྱི་བྱེ་བྲག་གིས་ནི། དེ་འདས་མ་སྐྱེས་གཉིས་རྣམ་གསུམ། །ད་ལྟར་བྱུང་བ་ལ་ནི་ད་ལྟར་བྱུང་བའི་མ་ཐོབ་པ་མེད་དོ། །འདས་པ་དང་མ་འོངས་པ་གཉིས་ཀྱི་ནི་དུས་གསུམ་པའོ། །འདོད་སོགས་གཏོགས་དང་དྲི་མེད་ཀྱང་། །རྣམ་

པ་གསུམ་ཞེས་བྱ་བར་སྦྱར་ཏེ། འདོད་པ་ན་སྤྱོད་པ་རྣམས་ཀྱི་འདོད་པ་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་སྟེ། གཟུགས་དང་གཟུགས་མེད་པར་གཏོགས་པ་དང་། ཟག་པ་མེད་པ་རྣམས་ཀྱི་ཡང་དེ་བཞིན་ནོ། །མ་ཐོབ་པ་ཟག་པ་མེད་པ་ནི་ནམ་ཡང་མེད་དེ། འདི་ལྟར། ལམ་མ་

Vol. 141 · folio 121b

ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད་དེ་བསྟན་བཅོས་ལས། སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན། འཕགས་པའི་ཆོས་རྣམས་མ་རྙེད་པའོ་ཞེས་འདོད་པའི་ཕྱིར་ཏེ། མ་རྙེད་པ་ཞེས་བྱ་བ་ནི་མ་ཐོབ་པ་ཡིན་པས་སོ་སོའི་སྐྱེ་བོ་ཉིད་ནི་ཟག་པ་མེད་པར་འོས་པ་མ་ཡིན་ནོ། །དེ་བས་ན་མ་ཐོབ་པ་ཟག་པ་མེད་པ་ཞེས་བྱའོ། །

མ་ཐོབ་པ་འདི་ཇི་ལྟར་རྣམ་པར་ཉམས་པར་འགྱུར་ཞེ་ན། ཆོས་གང་ཞིག་མ་ཐོབ་པ་འདི་ནི། དེ་ཐོབ་པ་དང་། ས་འཕོས་ནས་ནི་རྣམ་ཉམས་འགྱུར། འདི་ལྟ་སྟེ་སོ་སོའི་སྐྱེ་བོ་ཉིད་ནི་འཕགས་པའི་ལམ་གྱིས་མ་རྙེད་པའོ། །དེ་ནི་དེ་རྙེད་པ་དང་ས་འཕོས་ནས་རྣམ་པར་ཉམས་པར་འགྱུར་ཏེ། དེ་

བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །རྣམ་པར་ཉམས་ཞེས་བྱ་བ་ནི་མ་ཐོབ་པ་དེའི་མ་ཐོབ་པ་སྐྱེ་ཞིང་ཐོབ་པ་འཆད་པའོ། །ཐོབ་པ་དང་། མ་ཐོབ་པ་བཤད་ཟིན་ཏོ། །སྐལ་མཉམ་སེམས་ཅན་མཚུངས་པའོ། །སྐལ་པ་མཉམ་པ་ཞེས་བྱ་བའི་རྫས་ནི་སེམས་ཅན་རྣམས་

ཀྱི་འདྲ་བ་བསྟན་པའོ། །བསྟན་བཅོས་ཀྱི་ཐ་སྙད་ལས་ནི་དེ་རིགས་མཐུན་པ་ཞེས་འབྱུང་ངོ་། །དེ་ཡང་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་སྟེ། ཐ་དད་པ་མ་ཡིན་པ་ནི་སེམས་ཅན་སོ་སོའི་སྐྱེ་བོ་ཐམས་ཅད་ལ་ཡོད་པའི་ཕྱིར་སེམས་ཅན་ཐ་དད་ཀྱི་སྐལ་བ་མཉམ་པའོ། །ཐ་དད་པ་ནི་སེམས་ཅན་དེ་དག་ཉིད་

ཀྱི་ཁམས་དང་། ས་དང་། འགྲོ་བ་དང་། སྐྱེ་གནས་དང་། རིགས་དང་། སྐྱེས་པ་དང་། བུད་མེད་ལ་སོགས་པ་བྱེ་བྲག་སོ་སོར་ངེས་པའོ། །སྐལ་བ་མཉམ་པ་བཤད་ཟིན་ཏོ། འདུ་ཤེས་མེད་པ་གང་ཞེ་ན། །འདུ་ཤེས་མེད་པ་པ་འདུ་ཤེས། །མེད་པར་སེམས་དང་སེམས་བྱུང་རྣམས། །དེ་

འགོག་པ། འདུ་ཤེས་མེད་པའི་ལྷ་དག་གི་ནང་དུ་སྐྱེས་པ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་གང་ཡིན་པ་དེ་ནི་འདུ་ཤེས་མེད་པ་པ་ཞེས་བྱ་བའི་རྫས་ཏེ། ཆུ་ཀླུང་བཀག་པ་བཞིན་དུ་གང་གི་སེམས་དང་སེམས་ལས་བྱུང་བ་རྣམས་མ་འོངས་པའི་དུས། དུས་གཞན་གྱི་བར་དུ་རྒྱུན་དུ་

འགོག་ཅིང་སྐྱེར་མི་སྟེར་བའོ། །དེ་ཡང་གཅིག་ཏུ། རྣམ་སྨིན། གང་གི་རྣམ་པར་སྨིན་པ་ཡིན་ཞེ་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའིའོ། །གང་དག་ན་འདུ་ཤེས་མེད་པའི་སེམས་ཅན་གནས་པའི་སེམས་ཅན་དེ་དག་ཀྱང་གང་ཞེ་ན། དེ་འབྲས་ནི་འབྲས་བུ་ཆེ་བ་ཞེས་བྱ་བའི་ལྷའོ། །

Vol. 141 · folio 122a

དེ་དག་ལས་ལ་ལ་ཞིག་འདུ་ཤེས་མེད་པའི་སེམས་ཏེ། བསམ་གཏན་ཁྱད་པར་ཅན་བཞིན་དུ་ཕྱོགས་གཅིག་ཏུ་སྐྱེའོ། །ཇི་ལྟར་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་དེ་འདུ་ཤེས་མེད་པ་པ་ཞེས་བཤད་པ། དེ་བཞིན་འདུ་ཤེས་མེད་སྙོམས་འཇུག །འདུ་ཤེས་མེད་པའི་

རྣམས་ཀྱི་འམ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པས་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་སྟེ། དེ་ཡང་དེ་བཞིན་ཞེས་བྱ་བའི་སྒྲས་ནི་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་དེ་ཙམ་ཞིག་མཐུན་པར་དྲངས་སོ། །སྙོམས་པར་འཇུག་པ་དེ་ནི། བསམ་གཏན་ཐ་མར། བསམ་གཏན་

ཐ་མ་ཞེས་བྱ་བ་ནི་བཞི་པའོ། །དེ་ནི་དེར་གཏོགས་ཀྱི་ས་གཞན་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་འདི་ལ་སྙོམས་པར་འཇུག་ཅེ་ན། འབྱུང་འདོད་པས། འདི་ལ་ངེས་པར་འབྱུང་བ་ཡིན་པར་སེམས་པས་དེ་དག་ནི་ཐར་པའི་འདུ་ཤེས་ཀྱི་སྙོམས་པར་འཇུག་གོ། །འདུ་ཤེས་མེད་པ་པ་ནི་རྣམ་པར་སྨིན་པ་

ཡིན་པའི་ཕྱིར་ལུང་དུ་མ་བསྟན་པར་གྲུབ་ཀྱི། འདི་ནི། སྡུག་པ་དགེ་བ་ཞེས་བྱ་བའི་དོན་ཏེ། དགེ་བ་ཡིན་ཡང་སྐྱེས་ནས་མྱོང་འགྱུར་ཉིད། མཐོང་བའི་ཆོས་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཡང་མ་ཡིན་ལ། མ་ངེས་པ་ཡང་མ་ཡིན་ནོ། །དེ་ནི་སོ་སོའི་སྐྱེ་བོ་ཉིད་ཀྱི་ཡིན་པར་འདོད་ཀྱི།

འཕགས་པའི་མ་ཡིན། ཡང་ཅི་འཕགས་པ་མ་ཡིན་པས་བསམ་གཏན་བཞི་པ་ཐོབ་པའི་ཕྱིར། བསམ་གཏན་བཞིན་དུ་འདས་པ་དང་། མ་འོངས་པའི་ཡང་སོ་སོར་འཐོབ་བམ་ཞེ་ན། སྨྲས་པ། མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་དག་ལ་གོམས་པ་ཡིན་ཡང་འབད་པ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པས།

འཐོབ་དུས་གཅིག །དུས་གཅིག་པ་ཞེས་བྱ་བའི་དོན་ཏེ། སོ་སོར་ཐར་པའི་སྡོམ་པ་ཇི་ལྟ་བ་བཞིན་དུ་ད་ལྟར་གྱི་དུས་འབའ་ཞིག་གིས་འཐོབ་བོ། །འཐོབ་ནས་ནི་སྐད་ཅིག་མ་གཉིས་པ་ཕན་ཆད་ནས་ཇི་སྲིད་མ་བཏང་གི་བར་དུ་འདས་པ་དང་ཡང་ལྡན་ནོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་

བཤད་ཟིན་ཏོ། །འགོག་པའི་སྙོམས་པར་འཇུག་པ་གང་ཞེ་ན། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཇི་ལྟ་བར། འགོག་པ་ཞེས་པའང་དེ་བཞིན་ནོ། །དེ་བཞིན་ཞེས་བྱ་བའི་སྒྲས་རྣམ་པ་གང་ཞིག་གཟུང་ཞེ་ན། སེམས་དང་སེམས་ལས་བྱུང་བ་རྣམས་འགོག་ཅེས་བྱའོ། །དེའི་ཁྱད་པར་ནི་འདི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words