ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པ
Sanskrit title (Tibetan script, as in the text) ཨ་བྷི་དྷརྨྨ་ཀོ་ཤ་ཀཱ་རི་ཀཱ་ཤཱསྟྲ་བྷཱ་ཥྱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 141 · folio 122b
ཡིན་ཏེ། འདི་གནས་དོན་དུ། ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པ་སྙོམས་པར་འཇུག་གི་ངེས་པར་བྱུང་བའི་འདུ་ཤེས་སྔོན་དུ་བཏང་སྟེ་ནི་མ་ཡིན་ནོ། །ཡང་དེ་ནི་བསམ་གཏན་བཞི་པའི་ས་པ་ཡིན་གྱི་འདི་ནི་སྲིད་རྩེ་སྐྱེས། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱིས་པ་ཉིད་དོ། །
ཡང་འདི་ནི། སྡུག་པ། དགེ་བ་ཞེས་བྱ་བའི་དོན་ཏེ་དགེ་བ་ཡིན་ཡང་། མྱོང་བ་གཉིས་དང་ནི། མ་ངེས། སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྟེ། དུས་གཉིས་ཀྱིས་མྱོང་བ་ཡིན་ལ། རྣམ་པར་སྨིན་པ་ནི་མ་ངེས་ཏེ། གལ་ཏེ་འདིར་ཡོངས་སུ་མྱ་ངན་ལས་འདས་ན་རྣམ་
པར་སྨིན་པ་ཉིད་དོ། །འདིའི་རྣམ་པར་སྨིན་པ་སྲིད་པའི་རྩེ་མོའི་ཕུང་པོ་བཞི་ཡིན་ལ། དེ་ཡང་གཅིག་ཏུ་འཕགས་པའི་ཡིན་གྱི། སོ་སོའི་སྐྱེ་བོའི་ནི་མ་ཡིན་ཏེ། ཆད་པས་འཇིགས་པའི་ཕྱིར་དང་། འཕགས་པའི་ལམ་གྱི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །འཕགས་པའང་། འདི་ནི་
འདོད་ཆགས་དང་བྲལ་བས་འཐོབ་པ་ནི་མ་ཡིན་ཏེ། ཇི་ལྟར་ཞེ་ན། སྦྱོར་བས་འཐོབ། འདི་ནི་སྦྱོར་བས་འཐོབ་པ་ཉིད་ཡིན་པས་འདས་པའི་ཡང་མི་འཐོབ་ལ། མ་འོངས་པའི་མི་འཐོབ་བོ། །ཅི་བཅོམ་ལྡན་འདས་ཀྱི་ཡང་སྦྱོར་བ་པ་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ཏེ། ཐུབ་པའི་བྱང་ཆུབ་ཐོབ་པ་ནི།
སངས་རྒྱས་བཅོམ་ལྡན་འདས་ནི་ཟད་པ་ཤེས་པ་དང་དུས་མཉམ་དུ་འདི་འཐོབ་པོ། །སངས་རྒྱས་རྣམས་ནི་སྦྱོར་བ་པ། །ཞེས་བྱ་བ་ཅུང་ཟད་ཀྱང་མེད་དེ། དེ་དག་གི་ཡོན་ཏན་འབྱོར་པ་ཐམས་ཅད་མངོན་དུ་འགྱུར་བ་ནི་བཞེད་པ་ཙམ་ལ་རག་ལུས་སོ། །དེ་བས་ན་དེ་དག་གི་ཐམས་ཅད་འདོད་
ཆགས་དང་བྲལ་བས་འཐོབ་པར་ཅིའི་ཕྱིར་མི་འདོད། ནུབ་ཕྱོགས་པ་དག་ན་རེ་འདི་ནི་དང་པོ་ཉིད་དུ་སྟེ། བྱང་ཆུབ་སེམས་དཔའ་སློབ་པའི་གནས་སྐབས་སུ་སྐྱེད་པར་བྱེད་དོ་ཞེས་པ་ལ་ཁ་ཆེ་བདག་ན་རེ། དང་པོར་མིན་ཏེ། དེ་ནི་སྔར་བསྐྱེད་པར་རུང་བ་མ་ཡིན་ནོ་ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན། སྐད་ཅིག་
མ། སུམ་ཅུ་རྩ་བཞིས་འཐོབ་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ནི་སེམས་ཀྱི་སྐད་ཅིག་མ་སུམ་ཅུ་རྩ་བཞིས་བྱང་ཆུབ་རྗེས་སུ་འཐོབ་སྟེ། བདེན་པ་མངོན་པར་རྟོག་པ་བཅུ་དྲུག་དང་སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བ་ལ་ཉོན་མོངས་པའི་རྣམ་པ་དགུ་སྤངས་པའི་ཕྱིར་བར་ཆད་མེད་པ་དང་རྣམ་
Vol. 141 · folio 123a
པར་གྲོལ་བའི་ལམ་དགུ་དགུ་སྟེ། བཅོ་བརྒྱད་སྐྱེ་བས་དེ་ལྟར་དེ་དག་ནི་སུམ་ཅུ་རྩ་བཞིར་འགྱུར་རོ། །འདི་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ནས། སྐྱོན་མེད་པར་འཇུག་པའི་ཕྱིར་ས་འོག་མ་པའི་སྤང་བར་བྱ་བ་མ་ཡིན་པའོ། །དེ་བས་ན་འདི་དག་གི་བར་དུ་ནི་མི་འདྲ་བའི་སེམས་
མི་སྲིད་པས་སྔར་འགོག་པའི་སྙོམས་པར་འཇུག་པ་མི་སྲིད་ཅེས་བྱའོ། །གལ་ཏེ་སྙོམས་པར་འཇུག་པ་འདི་གཉིས་ཀྱི་ཁྱད་པར་མང་ཡང་། གཉི་གའང་འདོད་དང་གཟུགས་ལ་བརྟེན། །འདུ་ཤེས་མེད་པ་དང་། འགོག་པའི་སྙོམས་པར་འཇུག་པ་འདི་གཉི་ག་ཡང་། འདོད་པའི་ཁམས་དང་གཟུགས་ཀྱི་
ཁམས་དག་ཏུ་སྐྱེད་པར་བྱེད་དོ། །དེ་ལ་ཡང་འདི་ནི་བྱེ་བྲག་ཡིན་ཏེ། འགོག་པ་དང་པོར་མིའི་ནང་དུ། འགོག་པའི་སྙོམས་པར་འཇུག་པ་ནི་དང་པོ་ཉིད་དུ་མི་དག་གི་ནང་དུ་བསྐྱེད་དོ། །ཕྱིས་སྔ་མ་ལས་ཡོངས་སུ་ཉམས་ན་ནི་གཟུགས་ཀྱི་ཁམས་དག་ཏུ་སྟེ། དེ་ལྟར་ན་སྙོམས་པར་འཇུག་པ་འདི་གཉིས་ནི་ས་དང་།
སྦྱོར་བ་དང་། རྒྱུ་དང་། འབྲས་བུ་དང་། མྱོང་བར་འགྱུར་བ་དང་། དང་པོར་བསྐྱེད་པ་ལ་ཡང་བྱེ་བྲག་ཡོད་དོ། །སྙོམས་པར་འཇུག་པ་བཤད་ཟིན་ཏོ། །སྲོག་གང་ཞེ་ན། སྲོག་ནི་ཚེ་ཡིན། ཆོས་མངོན་པ་ལས་འདི་སྐད་དུ་སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ་པའི་ཚེ་ཡིན་ནོ་ཞེས་འབྱུང་སྟེ། ཚེ་
ཞེས་བྱ་བའི་ཆོས་ནི་འདི་ལྟར། དྲོད་དང་ནི། རྣམ་ཤེས་རྟེན་གང་ཡིན་པའོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། ཚེ་དང་དྲོད་དང་རྣམ་ཤེས་ཀྱིས། །གང་ཚེ་ལུས་འདི་འདོར་བྱེད་ཅིང་། །བོར་ནས་དེ་ཚེ་སེམས་མེད་པར། །འདུག་པ་སྡོང་དུམ་ཇི་བཞིན་ནོ། །ཞེས་གསུངས་ཏེ་དེ་བས་ན་དྲོད་དང་རྣམ་
པར་ཤེས་པའི་རྟེན་དུ་གྱུར་པའི་ཆོས་གནས་པའི་རྒྱུ་གང་ཡིན་པ་དེ་ནི་ཚེ་ཡིན་ནོ། །སྲོག་བཤད་ཟིན་ཏོ། །མཚན་ཉིད་དག་ནི་སྐྱེ་བ་དང་། །རྒ་དང་གནས་དང་མི་རྟག་ཉིད། །བཞི་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་དེ། གང་ལ་མཚན་ཉིད་བཞི་པོ་འདི་དག་ཡོད་པའི་ཆོས་དེ་ནི་འདུས་བྱས་ཞེས་
བྱ་བར་མངོན་ནོ། །བཟློག་པ་ནི་འདུས་མ་བྱས་སོ། །དེ་ལ་སྐྱེ་བས་ནི་ཆོས་དེ་སྐྱེད་པར་བྱེད་དོ། །གནས་པས་ནི་གནས་པར་བྱེད་དོ། །རྒ་བས་ནི་རྙིངས་པར་བྱེད་དོ། །མི་རྟག་པས་ནི་འཇིག་པར་བྱེད་དོ། །སྐྱེ་བ་ལ་སོགས་པ་དེ་ཡང་འདི་ལྟར་འདུས་བྱས་ཡིན་པའི་ཕྱིར་སྐྱེ་བ་ལ་སོགས་པ་གཞན་ཡང་
Vol. 141 · folio 123b
ཡོད་པར་འགྱུར་རོ་ཞེ་ན། ཡོད་པ་ཉིད་དེ། དེ་དག་སྐྱེ་བའི་སྐྱེ་ལ་སོགས། །དེ་དག་ལ་ཡང་སྐྱེ་བའི་སྐྱེ་བ་དང་། གནས་པའི་གནས་པ་དང་། རྒ་བའི་རྒ་བ་དང་། མི་རྟག་པ་ཉིད་ཀྱིས་མི་རྟག་པ་ཉིད་དེ། རྗེས་སུ་མཐུན་པའི་མཚན་ཉིད་བཞིར་འགྱུར་རོ། །དེ་ལྟ་ན་ཡང་སྐྱེ་བ་གཞན་ལ་སོགས་པར་ཐལ་བའི་
ཕྱིར་མཐར་ཐུག་པ་མེད་པའི་སྐྱོན་དུ་འགྱུར་ལ། རེ་རེ་ཞིང་ཡང་མཚན་ཉིད་བཞི་བཞི་ཐོབ་བོ་ཞེ་ན། ཐོབ་པ་མ་ཡིན་ཏེ། གང་གི་ཕྱིར། དེ་ཆོས་བརྒྱད་དང་གཅིག་ལ་འཇུག །སྐྱེ་བ་ལ་སོགས་པ་དེ་དག་ནི་ཆོས་བརྒྱད་ལ་འཇུག་གོ། །འཇུག་ཅེས་བྱ་བ་ནི་བྱེད་པ་སྟེ། སྐྱེས་བུའི་རྩལ་ལོ། །སྐྱེ་བའི་
སྐྱེ་བ་ལ་སོགས་པ་ནི་ཆོས་གཅིག་ལའོ། །ཇི་ལྟ་ཞེ་ན། མཚན་ཉིད་དང་རྗེས་སུ་མཐུན་པའི་མཚན་ཉིད་བརྒྱད་ནི། དགུ་པ་དག་དང་ལྷན་ཅིག་ཏུ་སྐྱེ་ལ། དེ་ལ་སྐྱེ་བ་ནི་བདག་མ་གཏོགས་པ་གཞན་བརྒྱད་སྐྱེད་པར་བྱེད་དོ། །སྐྱེ་བའི་སྐྱེ་བ་དེ་ཉིད་བསྐྱེད་དེ། དཔེར་ན། ཁྱིམ་བྱ་ལ་ལ་ནི་སྒོ་ང་
མང་། ལ་ལ་ནི་ཉུང་དུ་འབྲང་བ་བཞིན་ནོ། །དེ་བཞིན་དུ་གནས་པ་ལ་སོགས་པ་དང་། གནས་པའི་གནས་པ་ལ་སོགས་པ་ལ་ཡང་སྦྱར་རོ། །དེ་བས་ན་ཐུག་པ་མེད་པར་མི་འགྱུར་རོ། །གལ་ཏེ་སྐྱེ་བས་སྐྱེད་པར་བྱེད་པ་མ་འོངས་པ་ཞིག་སྐྱེད་ན། ཅིའི་ཕྱིར་མ་འོངས་པ་ཐམས་ཅད་ཅིག་ཅར་དུ་མི་
སྐྱེ་ན། འདི་ལྟར། སྐྱེ་བས་བསྐྱེད་བྱ་སྐྱེད་པ་ནི། །རྒྱུ་དང་རྐྱེན་དག་མེད་པ་ཡིན། །རྒྱུ་རྐྱེན་ཚོགས་པ་མེད་པར་ནི་སྐྱེ་བ་བསྐྱེད་པར་བྱ་བ་སྐྱེད་པར་མི་འགྱུར་རོ། །མཚན་ཉིད་རྣམས་བཤད་ཟིན་ཏོ། །མིང་གི་ཚོགས་ལ་སོགས་པ་ནི། །མིང་དང་ངག་དང་ཡིག་འབྲུའི་ཚོགས། །སོགས་པ་སྨོས་པས་ནི་
ཚིག་དང་ཡི་གེའི་ཚོགས་གཟུང་ངོ་། །དེ་ལ་མིང་ནི་མིང་སྟེ། དཔེར་ན་གཟུགས་དང་སྒྲ་ཞེས་བྱ་བ་ལ་སོགས་པའོ། །ཚིག་ནི་ངག་སྟེ་དཔེར་ན། ཀྱེ་མ་འདུ་བྱེད་མི་རྟག་སྟེ། །ཞེས་བྱ་བ་ལ་སོགས་པ་ཇི་ཙམ་གྱིས་དོན་ཡོངས་སུ་རྫོགས་པ་སྟེ། གང་གི་བྱ་བ་དང་། ཡོན་ཏན་དང་། དུས་ཀྱི་འབྲེལ་
པའི་ཁྱད་པར་རྟོགས་པར་འགྱུར་བའོ། །ཡི་གེ་ནི་ཡིག་འབྲུ་སྟེ། དཔེར་ན། ཨ་ཨཱ་ཞེས་བྱ་བ་ལ་སོགས་པའོ། །མིང་ལ་སོགས་པ་དེ་དག་གི་ཚོགས་ནི་མིང་ལ་སོགས་པའི་ཚོགས་རྣམས་ཏེ། དེ་ལ་མིང་གི་ཚོགས་ནི་དཔེར་ན་གཟུགས་སྒྲ་དྲི་རོ་རེག་བྱ་ཞེས་བྱ་བ་ལ་སོགས་པའོ། །ཚིག་
Vol. 141 · folio 124a
གི་ཚོགས་ནི་དཔེར་ན་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཡི་གེའི་ཚོགས་ནི་དཔེར་ན་ཀ་ཁ་ག་གྷ་ང་ཞེས་བྱ་བ་ལ་སོགས་པའོ། །མིང་གི་ཚོགས་པ་དེ་དག་གང་དང་ལྡན་པ་དང་
སེམས་ཅན་དུ་སྟོན་པའམ། སེམས་ཅན་དུ་མི་སྟོན་པའམ། རྣམ་པར་སྨིན་པ་ལས་སྐྱེས་པའམ། རྒྱས་པ་ལས་བྱུང་བའམ། རྒྱུ་མཐུན་པ་ལས་བྱུང་བའམ། དགེ་བའམ། མི་དགེ་བའམ། ལུང་དུ་མ་བསྟན་པ་ཞིག་ཡིན་པས་ཡང་བརྗོད་དགོས་སོ་ཞེ་ན། སྨྲས་པ། འདོད་དང་གཟུགས་གཏོགས་སེམས་ཅན་སྟོན། །རྒྱུ་
མཐུན་ལས་བྱུང་ལུང་བསྟན་མིན། །འདི་དག་ནི་འདོད་པར་གཏོགས་པ་དང་། གཟུགས་སུ་གཏོགས་པ་དང་། སེམས་ཅན་དུ་སྟོན་པ་དང་། རྒྱུ་མཐུན་པ་ལས་བྱུང་བ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ནོ། །ཇི་ལྟར་མིང་གི་ཚོགས་ལ་སོགས་པ་འདི་དག་སེམས་ཅན་དུ་སྟོན་པ་དང་། རྒྱུ་
མཐུན་པ་ལས་བྱུང་བ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པ། དེ་བཞིན་སྐལ་མཉམ། དེ་ནི་རྒྱུ་མཐུན་པ་ལས་བྱུང་བ་འབའ་ཞིག་མ་ཡིན་གྱི། རྣམ་པར་སྨིན་པའང་ཡིན། ཁམས་གསུམ་པ་སྟེ། འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པ་ཡང་ཡིན་ནོ། །ཐོབ་རྣམ་
གཉིས་ཐོབ་པ་ནི་རྒྱུ་མཐུན་པ་ལས་བྱུང་བ་དང་། རྣམ་པར་སྨིན་པ་ལས་སྐྱེས་པའོ། །མཚན་ཉིད་རྣམས་ཀྱང་། ཐོབ་པ་བཞིན་དུ་རྣམ་པ་གཉིས་ཞེས་བྱ་བར་སྦྱར་རོ། །སྙོམས་འཇུག་དང་། མི་ལྡན་པ་དག་རྒྱུ་མཐུན་པ། སེམས་མེད་པའི་སྙོམས་པར་འཇུག་པ་གཉིས་དང་། མི་ལྡན་པའི་རྒྱུ་མཐུན་
པ་ལས་བྱུང་བ་ཉིད་དེ་དེ་དག་གི་བརྗོད་པར་བྱ་བ་ལྷག་མ་དང་། ལྷག་མ་འདུ་ཤེས་མེད་པ་པ་དང་། སྲོག་གི་དབང་པོ་ནི་བཤད་ཟིན་པ་ཡང་མི་བརྗོད་དོ། །མི་ལྡན་པ་རྣམས་ཀྱང་བཤད་ཟིན་ཏོ། །སྐྱེ་བས་བསྐྱེད་བྱ་སྐྱེད་པ་ནི། །རྒྱུ་དང་རྐྱེན་དག་མེད་པར་མིན། །ཞེས་བཤད་པ་གང་ཡིན་པ་དེ་ལ།
རྒྱུ་ཞེས་བྱ་བའམ་རྐྱེན་ཞེས་བྱ་བ་དེ་དག་གང་ཞིག་ཅེ་ན། དབང་བྱེད་ལྷན་ཅིག་འབྱུང་བ་དང་། །སྐལ་མཉམ་མཚུངས་པར་ལྡན་པ་དང་། །ཀུན་དུ་འགྲོ་དང་རྣམ་སྨིན་དང་། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །རྒྱུ་དྲུག་ནི་བྱེད་པའི་རྒྱུ་དང་། ལྷན་ཅིག་འབྱུང་བའི་རྒྱུ་དང་། སྐལ་བ་མཉམ་པའི་རྒྱུ་དང་།
Vol. 141 · folio 124b
མཚུངས་པར་ལྡན་པའི་རྒྱུ་དང་། ཀུན་དུ་འགྲོ་བའི་རྒྱུ་དང་། རྣམ་པར་སྨིན་པའི་རྒྱུ་ཞེས་བྱ་བ་འདི་རྣམས་སོ། །དེ་ལ། བདག་མ་གཏོགས་པ་བྱེད་པའི་རྒྱུ། འདུས་བྱས་ཀྱི་ཆོས་ནི་རང་གི་ངོ་བོ་མ་གཏོགས་པའི་ཆོས་ཐམས་ཅད་བྱེད་པའི་རྒྱུ་སྟེ། སྐྱེ་བ་ལ་བགེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་
རོ། །ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །ཕན་ཚུན་ཞེས་བྱ་བ་ནི་གཅིག་ལ་གཅིག་སྟེ། ཆོས་གང་དག་ཕན་ཚུན་གྱི་འབྲས་བུ་ཡིན་པ་དེ་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུའོ། །ཇི་ལྟ་ཞེ་ན། འབྱུང་བཞིན་སེམས་ཀྱི་རྗེས་འཇུག་དང་། །སེམས་དང་མཚན་ཉིད་མཚན་གཞི་བཞིན། །
འབྱུང་བ་ཆེན་པོ་བཞི་དག་ནི། །ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུའོ། །སེམས་ནི་སེམས་ཀྱི་རྗེས་སུ་འཇུག་པའི་ཆོས་རྣམས་ཀྱིའོ། །དེ་དག་ཀྱང་སེམས་ཀྱིའོ། །འདུས་བྱས་ཀྱི་མཚན་ཉིད་རྣམས་ནི་མཚན་གཞིའོ། །དེ་ཡང་དེ་དག་གི་སྟེ། དེ་ལྟར་ན་འདུས་བྱས་ཐམས་ཅད་ནི་ཅི་རིགས་
པར་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་དོ། །ཡང་སེམས་ཀྱི་རྗེས་སུ་ལྷན་ཅིག་འཇུག་པའི་ཆོས་དེ་དག་ཀྱང་གང་ཞིག་ཅེ་ན། སེམས་ལས་བྱུང་དང་སྡོམ་གཉིས་དང་། །སེམས་དང་དེ་དག་གི་མཚན་ཉིད། །སེམས་ཀྱི་རྗེས་སུ་འཇུག །སེམས་དང་མཚུངས་པར་ལྡན་པ་ཐམས་ཅད་དང་། བསམ་གཏན་
གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་པ་དང་། དེ་དག་གི་དང་། སེམས་ཀྱི་སྐྱེ་བ་ལ་སོགས་པ་སྟེ། དེ་རྣམས་ནི་སེམས་ཀྱི་རྗེས་སུ་འཇུག་པ་ཞེས་བྱའོ། །ཇི་ལྟར་འདི་དག་སེམས་ཀྱི་རྗེས་སུ་འཇུག་ཅེ་ན། མདོར་བསྡུ་ན། དུས་དང་ནི། འབྲས་སོགས་དགེ་ལ་སོགས་པའོ། །རེ་ཞིག་
དུས་ཀྱི་ནི་སེམས་དང་གཅིག་ཏུ་སྐྱེ་བ་དང་། གནས་པ་དང་། འགག་པ་དང་། དུས་གཅིག་ཏུ་གཏོགས་པ་ཉིད་དོ། །འབྲས་བུ་ལ་སོགས་པས་ནི་སྐྱེས་བུ་བྱེད་པའི་འབྲས་བུ་དང་། རྣམ་པར་སྨིན་པ་དང་། རྒྱུ་མཐུན་པ་གཅིག་པའོ། །གཅིག་ཏུ་ཞེས་བྱ་བའི་སྒྲ་སྔ་མ་ནི་ལྷན་ཅིག་
པའི་དོན་དུ་རིག་པར་བྱའོ། །དགེ་བ་ལ་སོགས་པས་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་སེམས་ལ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་སྟེ། དེ་ལྟར་ན་རྒྱུ་བཅུས་སེམས་ཀྱི་རྗེས་སུ་འཇུག་པ་ཞེས་བྱའོ། །ལྷན་ཅིག་འབྱུང་བའི་རྒྱུ་བཤད་ཟིན་ཏོ། །སྐལ་
Vol. 141 · folio 125a
མཉམ་རྒྱུ་ནི་འདྲ་བའོ། །འདྲ་བ་རྣམས་ནི་ཆོས་འདྲ་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་སྟེ། འདི་ལྟ་སྟེ། དགེ་བའི་ཕུང་པོ་ལྔ་རྣམས་ནི་དགེ་བ་རྣམས་ཀྱིའོ། །ཉོན་མོངས་པ་ཅན་རྣམས་ནི་ཉོན་མོངས་པ་ཅན་རྣམས་ཀྱིའོ། །ལུང་དུ་མ་བསྟན་པ་རྣམས་ནི་ལུང་དུ་མ་བསྟན་པ་
རྣམས་ཀྱིའོ། །ནུར་ནུར་པོ་ནི་ནུར་ནུར་པོ་ལ་སོགས་པ་གནས་སྐབས་བཅུ་གཉིས་ཀྱིའོ། །མེར་མེར་པོ་ལ་སོགས་པ་ནི་མེར་མེར་པོ་ལ་སོགས་པའི་སྟེ། རིས་མཐུན་པ་གཅིག་ལ་ནི་རེ་རེ་དོར་རོ། །རིས་མཐུན་པ་གཞན་དག་ཏུ་ནི་བཅུ་ཆར་ཡང་གནས་སྐབས་བཅུ་རྣམས་ཀྱིའོ། །ཕྱིའི་ལ་
ཡང་ནས་ནི་ནས་ཀྱིའོ། །སཱ་ལུའི་སཱ་ལུའི་འོ་ཞེས་རྒྱ་ཆེར་སྦྱར་རོ། །ཅི་འདྲ་བ་ཐམས་ཅད་འདྲ་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞིག་ཅེ་ན། རང་རིས་སའི་འདི་དག་ནི་རང་གི་རིས་དང་ས་ཡིན་པས་དེ་དག་ནི་རང་གི་རིས་དང་ས་པ་ཞེས་
བྱ་སྟེ། རིས་རྣམས་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་ནས་བསྒོམ་པས་སྤང་བར་བྱ་བའི་བར་དུ་ལྔའོ། །ས་པ་རྣམས་ནི་བསམ་གཏན་དང་། གཟུགས་མེད་པ་བརྒྱད་དང་། འདོད་པའི་ཁམས་དང་དགུའོ། །དེ་ལ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་སྐལ་
བ་མཉམ་པའི་རྒྱུ་ཡིན་པ་ནས་དེ་བཞིན་དུ་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱང་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་ཡིན་པའི་བར་དུའོ། །དེ་དག་ཀྱང་འདོད་པ་ན་སྤྱོད་པ་རྣམས་ནི་འདོད་པ་ན་སྤྱོད་པ་རྣམས་ཀྱི་ཡིན་ལ། བསམ་གཏན་དང་པོའི་ས་པ་རྣམས་ཀྱང་བསམ་གཏན་དང་པོའི་ས་པ་རྣམས་ཀྱི་ཡིན་པ་
ནས་སྲིད་པའི་རྩེ་མོའི་ས་པའི་བར་དུ་ཡང་དེའི་ས་པ་རྣམས་ཉིད་ཀྱི་ཡིན་གྱི་གཞན་དག་གི་ནི་མ་ཡིན་ནོ། །དེ་དག་ཀྱང་ཐམས་ཅད་ནི་མ་ཡིན་ཏེ། འདི་ལྟར་སྔར་སྐྱེས་རྣམས། སྔར་སྐྱེས་པ་རྣམས་ནི་ཕྱིས་སྐྱེས་པ་དང་མ་སྐྱེས་པ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུའོ། །ཅི་རང་གི་ས་པ་ནི་སྐལ་བ་མཉམ་པའི་རྒྱུར་
འགྱུར་རོ་ཞེས་གང་བཤད་པ་དེ་འདི་ལྟར་ངེས་སམ་ཞེ་ན། ཟག་པ་དང་བཅས་པའི་ནི་དེ་ལྟར་ངེས་སོ། །ས་དགུའི་ལམ་ནི་ཕན་ཚུན་དུ། །སྐལ་བ་མཉམ་པའི་རྒྱུ་ཞེས་བྱ་བའི་དབང་དུ་བྱས་པ་སྟེ། མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་བཞི་དང་། གཟུགས་
Vol. 141 · folio 125b
མེད་པ་གསུམ་གྱི་ལམ་གྱི་བདེན་པ་ནི་ཕན་ཚུན་དུ་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ནི་ས་དེ་དག་ཏུ་གློ་བུར་དུ་འོངས་པ་ཡིན་ལ། ས་པ་དེའི་སྲེད་པས་བདག་གིར་མ་བྱས་པའི་ཕྱིར་ཁམས་དེར་གཏོགས་པ་མ་ཡིན་ཏེ། དེ་བས་ན་ས་གཞན་ཡང་རིགས་མཐུན་པའི་སྐལ་བ་མཉམ་པའི་རྒྱུར་
འགྱུར་རོ། །དེ་ཡང་། མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཆུང་ངུའི་རྒྱུར་ནི་མི་འགྱུར་ཏེ། །དཔེར་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་དེ་ཉིད་ཀྱི་མ་འོངས་པ་རྣམས་དང་། མི་སྐྱེ་བ་ཤེས་པའི་བར་དུ་ཁྱད་པར་ཅན་གྱི་རྒྱུ་ཡང་ཡིན་ནོ། །མི་སྐྱེ་བ་ཤེས་པ་ནི་ཁྱད་པར་ཅན་གཞན་མེད་པའི་
ཕྱིར་མི་སྐྱེ་བ་ཤེས་པ་དེ་དག་ཉིད་ཀྱིའོ། །མཐོང་བ་དང་། བསྒོམ་པ་དང་། མི་སློབ་པའི་ལམ་ནི་གསུམ་དང་། གཉིས་དང་གཅིག་རྣམས་ཀྱི་སྟེ། དེ་དག་ཏུ་ཡང་དབང་པོ་རྟུལ་པོའི་ལམ་ནི་དབང་པོ་འབྲིང་དང་རྣོན་པོའི་རྒྱུ་ཡིན་ལ། དབང་པོ་རྣོན་པོའི་ལམ་ནི་དབང་པོ་རྣོན་པོ་ཉིད་ཀྱིའོ། །དེ་བཞིན་
དུ་དད་པས་རྗེས་སུ་འབྲང་བ་དང་། དད་པས་མོས་པ་དང་། དུས་ཀྱིས་རྣམ་པར་གྲོལ་བའི་ལམ་རྣམས་ནི་དྲུག་དང་བཞི་དང་གཉིས་ཀྱིའོ། །ཆོས་ཀྱི་རྗེས་སུ་འབྲང་བ་དང་། མཐོང་བས་ཐོབ་པ་དང་། དུས་དང་མི་སྦྱོར་བས་གྲོལ་བའི་ལམ་རྣམས་ནི་གསུམ་དང་གཉིས་དང་གཅིག་གིའོ། །ཡང་ཅི་ལམ་འབའ་ཞིག་
མཉམ་པ་དང་ཁྱད་པར་ཅན་གྱི་སྐལ་བ་མཉམ་པའི་རྒྱུར་འགྱུར་རམ་ཞེ་ན། སྨྲས་པ། མ་ཡིན་ཏེ། འཇིག་རྟེན་པ་ལ་ཡང་། སྦྱོར་ལས་སྐྱེས་པའང་དེ་བཞིན་ཉིད། །མཉམ་པ་དང་ཁྱད་པར་ཅན་གྱི་རྒྱུར་འགྱུར་གྱི་ཆུང་ངུའི་ནི་མ་ཡིན་ནོ། །འདི་ལྟ་བུའོ་ཞེས་བྱ་བ་གང་ཞེ་ན། སྨྲས་པ། ཐོས་དང་བསམས་
ལས་བྱུང་ལ་སོགས། །ཐོས་པ་དང་བསམས་པ་དང་། བསྒོམས་པ་ལས་བྱུང་བའི་སྦྱོར་བའི་ཡོན་ཏན་དེ་དག་ཀྱང་མཉམ་པ་དང་། ཁྱད་པར་ཅན་གྱི་རྒྱུ་ཉིད་དུ་འགྱུར་གྱི། ཆུང་ངུ་རྣམས་ཀྱི་ནི་མ་ཡིན་ཏེ། དཔེར་ན་འདོད་པ་ན་སྤྱོད་པའི་ཐོས་པ་ལས་བྱུང་བ་རྣམས་ནི་ཐོབ་པ་ལས་བྱུང་བ་དང་། བསམས་
པ་ལས་བྱུང་བ་རྣམས་ཀྱིའོ། །བསམས་པ་ལས་བྱུང་བ་རྣམས་ནི་བསམས་པ་ལས་བྱུང་བ་རྣམས་ཉིད་ཀྱི་སྟེ། བསྒོམས་པ་ལས་བྱུང་བ་ནི་མེད་པའི་ཕྱིར་རོ། །གཟུགས་ན་སྤྱོད་པའི་ཐོས་པ་ལས་བྱུང་བ་རྣམས་ནི་ཐོས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་རྣམས་ཀྱི་སྟེ། བསམས་པ་ལས་བྱུང་
Vol. 141 · folio 126a
བ་ནི་མེད་པའི་ཕྱིར་རོ། །བསྒོམས་པ་ལས་བྱུང་བ་ནི་བསྒོམས་པ་ལས་བྱུང་བ་རྣམས་ཉིད་ཀྱིའོ། །དེ་དག་ཀྱང་རྣམ་པ་དགུས་ཐ་དད་པའི་ཕྱིར་ཆུང་ངུའི་ཆུང་ངུ་ནི་ཐམས་ཅད་ཀྱིའོ། །ཆུང་ངུའི་འབྲིང་པོ་ནི་བརྒྱད་ཀྱི་སྟེ། ལུགས་ནི་དེ་ལྟ་བུའོ། །སྐལ་བ་མཉམ་པའི་རྒྱུ་བཤད་ཟིན་ཏོ། །མཚུངས་ལྡན་རྒྱུ་ནི་
སེམས་དག་དང་། །སེམས་ལས་བྱུང་བ། དེ་ལྟ་ན་ནི་དུས་དང་། རྒྱུད་ཐ་དད་པར་སྐྱེས་པ་རྣམས་ཀྱང་ཕན་ཚུན་མཚུངས་པར་ལྡན་པའི་རྒྱུར་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟ་མོད་ཀྱི་རྣམ་པ་དང་། དམིགས་པ་གཅིག་པའོ། །དེ་ལྟ་ན་ཡང་ཟླ་བ་ཚེས་པ་ལ་སོགས་པ་ལ་ལྟ་བ་ན། དེ་ཉིད་དུ་ཐལ་བར་
འགྱུར་རོ་ཞེ་ན། དེའི་ཕྱིར། འདི་ལྟར། རྟེན་མཉམ་རྣམས། སེམས་དང་སེམས་ལས་བྱུང་བ་གང་དག་རྟེན་མཚུངས་པ་དེ་དག་ནི་ཕན་ཚུན་མཚུངས་པར་ལྡན་པའི་རྒྱུའོ། །མཚུངས་པ་ཞེས་བྱ་བ་ནི་ཐ་མི་དད་པ་སྟེ། དཔེར་ན་མིག་གི་རྣམ་པར་ཤེས་པའི་གནས་མིག་གི་དབང་པོ་སྐད་ཅིག་
མ་གང་ཡིན་པ་ཉིད་དེ་དང་མཚུངས་པར་ལྡན་པའི་ཚོར་བ་ལ་སོགས་པའི་ཡང་ཡིན་པ་ནས་དེ་བཞིན་དུ་ཡིད་ཀྱི་དབང་པོའི་སྐད་ཅིག་མ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་དང་དེ་དང་མཚུངས་པར་ལྡན་པ་རྣམས་ཀྱི་ཡིན་པའི་བར་དུ་རིག་པར་བྱའོ། །ཀུན་དུ་འགྲོ་བའི་རྒྱུ་བརྗོད་པར་བྱ་སྟེ། ཀུན་འགྲོ་ཞེས་བྱ་
ཉོན་མོངས་ཅན། །རང་གི་ས་པ་སྔར་ཀུན་འགྲོ། །རང་གི་ས་པའི་ཀུན་དུ་འགྲོ་བ་སྔར་བྱུང་བ་རྣམས་ནི་ཉོན་མོངས་པའི་ཆོས་ཕྱི་མ་རྣམས་ཀྱི་ཀུན་དུ་འགྲོ་བའི་རྒྱུ་སྟེ། དེ་ནི་ཕྱིས་ཕྲ་རྒྱས་ཀྱི་མཛོད་ཀྱི་གནས་ཉིད་ནས་བཤད་པར་བྱའོ། །འདི་ནི་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ཐུན་མོང་གི་རྒྱུ་ཡིན་པ།
སྐལ་བ་མཉམ་པའི་རྒྱུ་ལས་ལོགས་ཤིག་ཏུ་རྣམ་པར་འཇུག་གོ། །རིས་གཞན་དག་གི་རྒྱུ་ཡང་ཡིན་པའི་ཕྱིར་ཏེ་འདི་དག་གི་མཐུས་རིས་གཞན་གྱི་ཉོན་མོངས་པ་ཡང་སྐྱེ་བར་འགྱུར་རོ། །རྣམ་པར་སྨིན་པའི་རྒྱུ་གང་ཞེ་ན། རྣམ་སྨིན་རྒྱུ་ནི་མི་དགེ་དང་། །དགེ་བ་ཟག་བཅས་ཉིད་རྣམས་སོ། །
མི་དགེ་བ་རྣམས་དང་། དགེ་བ་ཟག་པ་དང་བཅས་པའི་ཆོས་རྣམས་ནི་རྣམ་པར་སྨིན་པའི་འབྲས་བུ་སྐྱེད་པའི་ཕྱིར་རྣམ་པར་སྨིན་པའི་རྒྱུའོ། །ལུང་དུ་མ་བསྟན་པ་ནི་སྟོབས་ཆུང་བའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་མི་སྐྱེད་དེ་ས་བོན་རུལ་བ་བཞིན་ནོ། །ཟག་པ་མེད་པ་ཡང་སྲིད་པས་
Vol. 141 · folio 126b
མ་བརླན་པའི་ཕྱིར་མི་སྐྱེད་དེ་མ་བརླན་པའི་ས་བོན་དྲུང་པོ་བཞིན་ནོ། །ལྡན་པ་མ་ཡིན་པ་ནི་ལྡན་པའི་འབྲས་བུ་ཅི་ཞིག་སྐྱེད་པར་འགྱུར། དེ་ལས་གཞན་པ་དག་ནི་གཉི་ག་དང་ཆོས་མི་མཐུན་པའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་ཡང་ཡིན་ནོ། །ཡང་རྒྱུ་འདི་རྣམས་ཀྱི་དུས་ངེས་པ་གང་ཡིན་ཞེ་ན། ཀུན་འགྲོ་
སྐལ་མཉམ་དུས་གཉིས་པ། །དེ་དག་ནི་འདས་པ་དང་ད་ལྟར་བྱུང་བ་ཡིན་གྱི་མ་འོངས་པ་ནི་མེད་དོ། །གསུམ་པོ་དག་ནི་དུས་གསུམ་པ། །ལྷན་ཅིག་འབྱུང་བ་དང་། མཚུངས་པར་ལྡན་པ་དང་། རྣམ་པར་སྨིན་པའི་རྒྱུ་དག་ནི། དུས་གསུམ་པའོ། །བྱེད་པའི་རྒྱུ་ནི་དུས་ངེས་པར་མ་བསྟན་པས་དུས་
ཐམས་ཅད་དུ་འགྲོ་བ་དང་། དུས་དང་མི་ལྡན་པར་ཡང་རིག་པར་བྱའོ། །རྒྱུ་རྣམས་བཤད་ཟིན་ཏོ། །འབྲས་བུ་བརྗོད་པར་བྱ་སྟེ། འདུས་བྱས་འབྲལ་བཅས་འབྲས་བུའོ། །འདི་གང་ལས་ཤེ་ན། བསྟན་བཅོས་ལས་འབྲས་བུའི་ཆོས་རྣམས་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དང་། སོ་སོར་
བརྟགས་པའི་འགོག་པའོ་ཞེས་འབྱུང་ངོ་། །དེ་ལྟ་ན་ཡང་འབྲས་བུ་ཡིན་པའི་ཕྱིར་འབྲས་བུ་དེ་གང་གི་ཡིན་པ་འདུས་མ་བྱས་ལ་རྒྱུར་ཡང་འགྱུར་ལ་རྒྱུར་འགྱུར་བའི་ཕྱིར་རྒྱུ་དེ་གང་གི་ཡིན་པ་འབྲས་བུར་ཡང་འགྱུར་རོ་ཞེ་ན། འདུས་བྱས་ཀྱི་ཆོས་འབའ་ཞིག་ལ་རྒྱུ་དང་འབྲས་བུ་དག་ཏུ་འགྱུར་གྱི།
འདུས་མ་བྱས་ལ་དེ་དག་མིན། །ཅིའི་ཕྱིར་ཞེ་ན། རྒྱུ་དྲུག་ཏུ་མི་སྲིད་པའི་ཕྱིར་བ་དང་། འབྲས་བུ་ལྔ་མི་སྲིད་པའི་ཕྱིར་རོ། །ཡང་འབྲས་བུ་འདི་རྣམས་ལས་རྒྱུ་གང་གི་འབྲས་བུ་གང་ཞིག་ཅེ་ན། རྣམ་སྨིན་འབྲས་བུ་ཐ་མའི་ཡིན། །རྣམ་པར་སྨིན་པའི་རྒྱུ་ནི་ཐ་མར་འདོན་པའི་ཕྱིར་ཐ་མ་སྟེ། རྣམ་པར་སྨིན་
པའི་འབྲས་བུ་ནི་དེའི་འོ། །བདག་པོའི་འབྲས་བུ་དང་པོ་ཡིན། །རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་ཡིན། །འདི་གཉིས་དང་མཐུན་པའི་འབྲས་བུ་ཡིན་པའི་ཕྱིར་རྒྱུ་མཐུན་པའི་འབྲས་བུའོ། །སྐྱེས་བུ་པ་ནི་གཉིས་ཀྱི་ཡིན། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་
རྒྱུའི་འོ། །སྐྱེས་བུའི་ངོ་བོ་ལས་ཐ་མི་དད་པའི་ཕྱིར་སྐྱེས་བུའི་བྱེད་པ་ནི། །སྐྱེས་བུ་ཉིད་ཡིན་ལ་དེའི་འབྲས་བུ་ནི་སྐྱེས་བུ་པའོ། །སྐྱེས་བུའི་བྱེད་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། ཆོས་གང་གི་བྱེད་པ་གང་ཡིན་པ་སྐྱེས་བུའི་བྱེད་པ་ལྟ་བུའི་ནི་སྐྱེས་བུའི་བྱེད་པ་སྟེ། དཔེར་ན་སྨན་བྱ་རོག་རྐང་ཞེས་བྱ་བ་དང་། མི་
Vol. 141 · folio 127a
གླང་པོ་སྨྱོས་པ་ཞེས་བྱ་བ་བཞིན་ནོ། །ཡང་རྣམ་པར་སྨིན་པའི་འབྲས་བུ་ནས་བདག་པོའི་འབྲས་བུ་ཞེས་པའི་བར་འདི་དག་ཅི་ཞིག་ཅེ་ན། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །རྣམ་པར་སྨིན་པ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཆོས་སོ། །སེམས་ཅན་མ་ཡིན་པར་སྟོན་པ་ཡང་ཡོད་
པས། དེའི་ཕྱིར་སྨྲས་པ། སེམས་ཅན་ཞེས་བྱ། རྒྱས་པ་ལས་བྱུང་བ་དང་། རྒྱུ་མཐུན་པ་ལས་བྱུང་བ་ཡང་ཡོད་པས། དེའི་ཕྱིར་སྨྲས་པ། ལུང་བསྟན་བྱུང་། དགེ་བ་དང་མི་དགེ་བའི་ལས་ནི་རྣམ་པར་སྨིན་པའི་ཕྱིར་ལུང་བསྟན་པས་ལུང་བསྟན་པའོ། །གང་ཞིག་དེ་ལས་དུས་ཕྱི་མ་ལ་འབྱུང་ཞིང་དེ་མ་
ཐག་ཏུ་མ་ཡིན་པ་དེ་ནི་རྣམ་པར་སྨིན་པ་སྟེ། འདི་ནི་རྣམ་པར་སྨིན་པའི་མཚན་ཉིད་དོ། །རྒྱུ་མཐུན་རྒྱུ་དང་འདྲ་བའོ། །རྒྱུ་དང་འདྲ་བའི་ཆོས་གང་ཡིན་པ་དེ་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ་འདི་ལྟ་སྟེ། སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་བའི་རྒྱུའོ། །བྲལ་བ་བློ་ཡིས་ཟད་བྱས་པ། །བློ་ནི་ཤེས་རབ་
པོ། །ཟད་པ་ནི་འགོག་པ་སྟེ། དེ་ན་སོ་སོར་བརྟགས་ཏེ་འགོག་པ་ནི་བྲལ་བའི་འབྲས་བུ་ཞེས་བྱའོ། །གང་གི་སྟོབས་ཀྱིས་སྐྱེ་བ་གང་། །འབྲས་དེ་སྐྱེས་བུ་བྱེད་ལས་སྐྱེས། །དཔེར་ན་ས་འོག་མ་པའི་སྦྱོར་བའི་སེམས་ཀྱིས་ནི་ས་གོང་མ་པའི་ཏིང་ངེ་འཛིན་ནོ། །ཟག་པ་དང་བཅས་པ་ནི་ཟག་པ་མེད་
པའོ། །བསམ་གཏན་གྱི་སེམས་ཀྱིས་ནི་སྤྲུལ་པའི་སེམས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །སྔོན་བྱུང་མ་ཡིན་འདུས་བྱས་ཀྱི། །འདུས་བྱས་བདག་པོའི་འབྲས་བུ་ཡིན། །སྔར་བྱུང་བ་ལས་གཞན་པའི་འདུས་བྱས་ཀྱི་ཆོས་ནི་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་བདག་པོའི་འབྲས་བུའོ། །
ཡང་རྒྱུ་འདི་དག་ལས་རྒྱུ་གང་ཞིག་གང་གི་དུས་སུ་འབྲས་བུ་འཛིན་ཅིང་འབྱིན་ཅེ་ན། ལྔ་ནི་ད་ལྟའི་དུས་བདག་ཏུ། །འབྲས་བུ་འཛིན་ཏེ། ཡོངས་སུ་བཟུང་ཟིན་པའི་ཕྱིར་འདས་པ་རྣམས་ཀྱང་མ་ཡིན་ལ། སྐྱེས་བུ་བྱེད་པ་མེད་པའི་ཕྱིར་མ་འོངས་པ་ཡང་མ་ཡིན་ནོ། །བྱེད་པའི་རྒྱུ་ཡང་དེ་དང་འདྲ་མོད་
ཀྱི་དེ་ནི་རྣམ་པར་སྨིན་པ་དང་བཅས་པར་མ་ངེས་པས་མི་བརྗོད་དོ། །གཉིས་འབྱིན་ཏོ། །ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་ནི་ད་ལྟའི་དུས་སུ་འབྲས་བུ་འབྱིན་ཏོ། །འདི་གཉིས་ནི་འབྲས་བུ་འཛིན་པ་དང་། འབྱིན་པ་དུས་མཉམ་པ་ཉིད་དོ། །གཉིས་ནི་འདས་དང་ད་ལྟར་
Vol. 141 · folio 127b
ལས། །འབྲས་བུ་འབྱིན་ཏེ། སྐལ་བ་མཉམ་པ་དང་། ཀུན་དུ་འགྲོ་བའི་རྒྱུའོ། །གཅིག་ནི་འདས་ལས་འབྱིན་པར་འགྱུར། །རྣམ་པར་སྨིན་པའི་རྒྱུ་ནི་འདས་པ་ཉིད་ལས་འབྲས་བུ་འབྱིན་ཏེ། འདི་ལྟར་ལྷན་ཅིག་པའམ་དེ་མ་ཐག་ཏུ་རྣམ་པར་སྨིན་པ་ནི་མེད་དོ། །རྒྱུ་རྣམས་དང་འབྲས་བུ་བཤད་ཟིན་
ཏོ། །ད་ནི་ཆོས་གང་ཞིག་རྒྱུ་དུ་ཞིག་གིས་བསྐྱེད་པ་འདི་བརྗོད་དགོས་སོ་ཞེ་ན། སྨྲས་པ། མདོར་བསྡུ་ན། ཆོས་ནི་རྣམ་པ་འདི་བཞི་སྟེ། ཉོན་མོངས་པ་ཅན་དང་། རྣམ་པར་སྨིན་པ་ལས་སྐྱེས་པ་དང་། ཟག་པ་མེད་པའི་དང་པོ་དང་། དེ་དག་གི་ལྷག་མ་རྣམས་སོ། །ལྷག་མ་ཡང་གང་དག་
ཅིག་ཅེ་ན། རྣམ་པར་སྨིན་པ་ལས་མ་གཏོགས་པ་ལུང་དུ་མ་བསྟན་པ་རྣམས་དང་། ཟག་པ་མེད་པའི་དང་པོ་མ་གཏོགས་པ་དགེ་བ་རྣམས་སོ། །ཆོས་རྣམ་པ་བཞི་པོ་དེ་དག་ནི། ཉོན་མོངས་ཅན་དང་རྣམ་སྨིན་སྐྱེས། །ལྷག་དང་དང་པོ་འཕགས་རིམ་བཞིན། །རྣམ་སྨིན་ཀུན་འགྲོ་དེ་གཉིས་དང་། །
སྐལ་མཉམ་མ་གཏོགས་ལྷག་ལས་སྐྱེ། །ཉོན་མོངས་པ་ཅན་གྱི་ཆོས་ནི་རྣམ་པར་སྨིན་པའི་རྒྱུ་མ་གཏོགས་པ་རྒྱུ་ལྷག་མ་རྣམས་ལས་སྐྱེའོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ནི་ཀུན་དུ་འགྲོ་བའི་རྒྱུ་མ་གཏོགས་པ་ལྷག་མ་ལྔ་ཉིད་ལས་སོ། །ཆོས་ལྷག་མ་རྣམས་ནི་རྣམ་པར་སྨིན་པ་དང་། ཀུན་དུ་
འགྲོ་བའི་རྒྱུ་དེ་གཉིས་མ་གཏོགས་པ་ལྷག་མ་བཞི་ལས་སྐྱེའོ། །ཟག་པ་མེད་པའི་དང་པོ་ནི་རྣམ་པར་སྨིན་པ་དང་། ཀུན་དུ་འགྲོ་བའི་རྒྱུ་དེ་གཉིས་དང་། སྐལ་བ་མཉམ་པའི་རྒྱུ་མ་གཏོགས་པ་ལྷག་མ་གསུམ་ལས་སྐྱེའོ། །ཆོས་རྣམ་པ་བཞིར་བསྟན་པ་འདི་དག་གང་ཞེ་ན། སྨྲས་པ། སེམས་
དང་སེམས་ལས་བྱུང་བ་ཡིན། །འོ་ན་གང་དག་སེམས་དང་མི་ལྡན་པ་དང་། གཟུགས་ཅན་གྱི་ཆོས་དེ་དག་ཇི་ལྟ་བུ་ཞིག་ཅེ་ན། མཚུངས་ལྡན་མ་གཏོགས་གཞན་དེ་བཞིན། །མཚུངས་པར་ལྡན་པའི་རྒྱུ་གཅིག་པུ་མ་གཏོགས་པར་ཉོན་མོངས་པ་ཅན་ལ་སོགས་པ་ཆོས་གཞན་དག་ནི་སེམས་དང་
སེམས་ལས་བྱུང་བ་རྣམས་ཇི་ལྟ་བ་དེ་བཞིན་དུ་སྐྱེ་སྟེ། དེ་ལ་ཉོན་མོངས་པ་ཅན་དང་རྣམ་པར་སྨིན་པ་ལས་སྐྱེས་པ་ནི་བཞི་ལས་སོ། །ལྷག་མ་རྣམས་ནི་གསུམ་ལས་སོ། །ཟག་པ་མེད་པའི་དང་པོ་ནི་གཉིས་ལས་ཏེ། རྒྱུ་གཅིག་ལས་བྱུང་བའི་ཆོས་ནི་མེད་དོ། །རྒྱུའི་དབང་དུ་བྱས་པ་རྫོགས་སོ།། །།
Vol. 141 · folio 128a
རྐྱེན་རྣམས་གང་ཞེ་ན། རྐྱེན་ནི་བཞི་པོ་དག་ཏུ་གསུངས། །རྒྱུ་གང་ནས་གསུངས་ཤེ་ན། མདོ་ལས་རྐྱེན་ནི་བཞི་ཉིད་དེ། རྒྱུའི་རྐྱེན་ཉིད་དང་། དེ་མ་ཐག་པའི་རྐྱེན་ཉིད་དང་། དམིགས་པའི་རྐྱེན་ཉིད་དང་། བདག་པོའི་རྐྱེན་ཉིད་དོ་ཞེས་གསུངས་སོ། །རྐྱེན་དུ་འདྲ་བས་ན་རྐྱེན་ཉིད་ཅེས་
བྱའོ། །དེ་ལ་རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། བྱེད་པའི་རྒྱུ་མ་གཏོགས་པ་རྒྱུ་ལྔ་ནི་རྒྱུའི་རྐྱེན་ཏོ། །སེམས་དང་སེམས་ལས་བྱུང་བ་རྣམས། །ཐ་མ་མ་གཏོགས་དེ་མ་ཐག། །དགྲ་བཅོམ་པའི་སེམས་དང་སེམས་ལས་བྱུང་བ་ཐ་མ་མ་གཏོགས་པ་ནི་དེ་མ་ཐག་པའི་རྐྱེན་ཏོ། །དམིགས་པ་ཆོས་རྣམས་ཐམས་ཅད་
དོ། །རིམ་བཞིན་དུ་མིག་གི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་ནི་གཟུགས་སོ། །རྣ་བའི་རྣམ་པར་ཤེས་པའི་ནི་སྒྲའོ། །སྣའི་རྣམ་པར་ཤེས་པའི་ནི་དྲིའོ། །ལྕེའི་རྣམ་པར་ཤེས་པའི་ནི་རོའོ། །ལུས་ཀྱི་རྣམ་པར་ཤེས་པའི་ནི་རེག་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པའི་ནི་ཆོས་ཐམས་ཅད་
དེ། སེམས་དང་སེམས་ལས་བྱུང་བའི་ཡུལ་དུ་མ་གཏོགས་པ་གཞན་ནི་མེད་དོ། །དམིགས་པའི་རྐྱེན་བཤད་ཟིན་ཏོ། །བྱེད་པ་ཞེས་བྱ་བདག་པོར་བཤད། །བྱེད་པའི་རྒྱུ་གང་ཡིན་པ་དེ་ཉིད་བདག་པོའི་རྐྱེན་ཏོ། །འདི་ནི་ལྷག་མའི་རྐྱེན་ཡིན་པས་བདག་པོའི་རྐྱེན་ཏོ། །དམིགས་པའི་རྐྱེན་ཡང་ཆོས་
ཐམས་ཅད་ཡིན་པར་ནི་འདོད་མོད་ཀྱི་ལྷན་ཅིག་འབྱུང་བའི་ཆོས་ནི་ནམ་ཡང་དམིགས་པར་མི་འགྱུར་ལ། བདག་པོའི་རྐྱེན་དུ་ནི་འགྱུར་བས་ལྷག་པ་ཉིད་དུ་ཡོད་པའམ། ལྷག་པའི་རྐྱེན་ཡིན་པ་སྟེ། རང་གི་ངོ་བོ་མ་གཏོགས་པ་ཐམས་ཅད་ནི་འདུས་བྱས་ཐམས་ཅད་ཀྱིའོ། །ཡང་རྐྱེན་འདི་དག་བྱ་བ་བྱེད་
པ་གནས་སྐབས་གང་དག་གི་ཆོས་ལ་བྱེད་ཅེ་ན། རེ་ཞིག་རྒྱུའི་རྐྱེན་རྣམ་པ་ལྔ་བཤད་པ་དེ་ལས། འགག་པའི་ཚེ་ལ་བྱེད་པ་ནི། །རྒྱུ་གཉིས་ཀྱིས་བྱེད། འགག་པའི་ཚེ་ཞེས་བྱ་བ་ནི་འགོག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་ད་ལྟར་ཏེ། དེར་ནི་ལྷན་ཅིག་འབྱུང་བ་དང་། མཚུངས་པར་ལྡན་པའི་རྒྱུའི་བྱ་བ་བྱེད་
དེ། དེ་གཉིས་ཀྱི་བྱ་བ་ནི་ལྷན་ཅིག་བྱུང་བའི་འབྲས་བུ་ལ་བྱེད་དོ། །སྐྱེ་ཚེ་ལ། གསུམ་སྟེ། སྐྱེ་ཚེ་ཞེས་བྱ་བ་ནི་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་མ་འོངས་པ་སྟེ། དེར་ནི་སྐལ་བ་མཉམ་པ་དང་། ཀུན་དུ་འགྲོ་བ་དང་། རྣམ་པར་སྨིན་པའི་རྒྱུ་རྣམས་བྱ་བ་བྱེད་དེ། རེ་ཞིག་རྒྱུའི་རྐྱེན་ནི་དེ་ལྟའོ། །དེ་ལས་གཞན་
Vol. 141 · folio 128b
པའི་རྐྱེན་གཉིས་དེ་ལས་བཟློག་པའོ། །བྱེད་པའི་ཚུལ་གང་གིས་རྒྱུའི་རྐྱེན་རྣམ་པ་གཉིས་སུ་བཤད་པ་དེ་ལས་བཟློག་པ་ནི་དེ་མ་ཐག་པའི་རྐྱེན་དང་། དམིགས་པའི་རྐྱེན་དུ་རིག་པར་བྱ་སྟེ། དེ་མ་ཐག་པའི་རྐྱེན་ནི་གོ་སྐབས་འབྱེད་པའི་ཕྱིར་སྐྱེ་བའི་ཚེ་བྱ་བ་བྱེད་ལ། དམིགས་པའི་རྐྱེན་ནི་ད་ལྟར་གྱི་
སེམས་དང་སེམས་ལས་བྱུང་བ་གཉིས་ཀྱིས་འཛིན་པའི་ཕྱིར་འགག་པའི་ཚེའོ། །བདག་པོའི་རྐྱེན་ནི་གནས་སྐབས་ཐམས་ཅད་དུ་མི་སྒྲིབ་པའི་ངོ་བོར་གནས་པ་འདི་ནི་དེ་ཉིད་བྱེད་དོ། །རྐྱེན་རྣམས་བྱེད་པ་དང་བཅས་པ་བཤད་ཟིན་ཏོ། །ཡང་ཆོས་གང་ཞིག་རྐྱེན་དུ་ཞིག་གིས་བསྐྱེད་ཅེ་ན།
བཞི་ཡིས་སེམས་དང་སེམས་བྱུང་རྣམས། །དེ་ལ་འདི་དག་གི་རྒྱུའི་རྐྱེན་ནི་རྒྱུ་ལྔ་པོ་ཐམས་ཅད་དོ། །དེ་མ་ཐག་པའི་རྐྱེན་ནི་སེམས་དང་སེམས་ལས་བྱུང་བ་སྔ་མ་གཞན་གྱིས་བར་མ་ཆོད་པ་རྣམས་སོ། །དམིགས་པའི་རྐྱེན་ནི་ཅི་རིགས་པར་ཡུལ་ལྔ་དང་། ཆོས་ཐམས་ཅད་དོ། །བདག་པོའི་རྐྱེན་ནི་རང་གི་
ངོ་བོ་མ་གཏོགས་པ་ཆོས་ཐམས་ཅད་དོ། །གསུམ་གྱིས་སྙོམས་པར་འཇུག་པ་གཉིས། །འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དེ་གཉིས་ནི་དམིགས་པར་བྱེད་པ་མེད་པས་དམིགས་པའི་རྐྱེན་མེད་དོ། །དེ་གཉིས་ཀྱི་རྒྱུའི་རྐྱེན་ནི་རྒྱུ་རྣམ་པ་གཉིས་ཏེ། ལྷན་
ཅིག་འབྱུང་བའི་རྒྱུ་ནི་སྐྱེ་བ་ལ་སོགས་པའོ། །སྐལ་བ་མཉམ་པའི་རྒྱུ་ནི་མཚུངས་པའི་དགེ་བའི་ཆོས་སྔར་འབྱུང་བ་རྣམས་སོ། །དེ་མ་ཐག་པའི་རྐྱེན་ནི་སྙོམས་པར་འཇུག་པའི་སེམས་མཚུངས་པར་ལྡན་པ་དང་བཅས་པའོ། །བདག་པོའི་རྐྱེན་འདི་སྔ་མ་བཞིན་ནོ། །སྙོམས་པར་འཇུག་པ་དེ་དག་
གི་སེམས་ཀྱི་མངོན་པར་འདུ་བྱེད་པ་ལས་སྐྱེ་བའི་ཕྱིར་སེམས་ཀྱི་དེ་མ་ཐག་པ་ནི་ཡིན་གྱི་སེམས་སྐྱེ་བ་ལ་བགེགས་བྱེད་པའི་ཕྱིར་དེ་མ་ཐག་པའི་རྐྱེན་ནི་མ་ཡིན་ནོ། །གཞན་ནི་གཉིས་པོ་དག་ལས་སྐྱེ། །གཞན་མི་ལྡན་པ་དང་། གཟུགས་ཅན་གྱི་ཆོས་རྣམས་ནི་རྒྱུ་དང་བདག་པོའི་རྐྱེན་ལས་སྐྱེའོ། །
ཇི་སྐད་དུ་དངོས་པོ་རྣམས་ནི་རྒྱུ་དང་རྐྱེན་ལས་སྐྱེ་བའི་འགྲོ་བ་ཐམས་ཅད་ལ་དབང་ཕྱུག་དང་སྐྱེས་བུ་དང་གཙོ་བོ་ལ་སོགས་པ་རྒྱུ་གཅིག་པུ་ནི་མེད་དོ་ཞེས་བཤད་པ་འདི་ལ་གཏན་ཚིགས་ཅི་ཡོད་ཅེ་ན། དབང་ཕྱུག་སོགས་མིན་རིམ་སོགས་ཀྱིས། །གལ་ཏེ་དབང་ཕྱུག་གམ་གཞན་ཡང་རུང་བ་རྒྱུ་གཅིག་
Vol. 141 · folio 129a
པུ་ཞིག་ཡོད་ན་ནི་འགྲོ་བ་ཐམས་ཅད་ཅིག་ཅར་དུ་སྐྱེ་བར་འགྱུར་བ་ཞིག་ན། དངོས་པོ་རྣམས་རིམ་གྱིས་འབྱུང་བ་ཡང་མཐོང་སྟེ། དེ་བས་ན་འཇིག་རྟེན་གྱི་རྒྱུ་དབང་ཕྱུག་ལ་སོགས་པ་ཡོད་པ་མ་ཡིན་ནོ། །སོགས་པ་སྨོས་པ་ནི་མི་དམིགས་པ་དང་། རྒྱུ་མེད་པ་མི་སྣང་བ་དང་། རིགས་སྣ་
ཚོགས་དུ་མའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར་རོ། །གཞན་ནི་གཉིས་པོ་དག་ལས་སྐྱེས། །གང་དེ་སྐད་དུ་བཤད་དེ་ཐལ་བ་དེ་ལ་ཇི་ལྟར་ན་འབྱུང་བ་རྣམས་ཀྱི་རྒྱུའི་རྐྱེན་ཡིན་ཞེ་ན། དེའི་རྒྱུ་འབྱུང་བ་རྣམ་གཉིས་སོ། །འབྱུང་བའི་རྒྱུ་ཞེས་བྱ་བའི་དོན་ཏེ། སྐལ་བ་མཉམ་པ་དང་ལྷན་ཅིག་འབྱུང་
བ་གཉིས་ལས་སོ། །འབྱུང་ལས་གྱུར་པ་རྣམ་པ་ལྔ། །འབྱུང་བ་ལས་གྱུར་པ་ལ་ནི་འབྱུང་བ་རྣམས་རྣམ་པ་ལྔས་རྒྱུ་བྱེད་དེ། ཇི་ལྟ་ཞེ་ན། སྐྱེད་པ་དང་། རྟེན་པ་དང་། གནས་པ་དང་། སྟོན་པ་དང་། འཕེལ་བར་བྱེད་པའི་ཕྱིར་ཏེ། དེ་དག་ཀྱང་བྱེད་པའི་རྒྱུ་ཉིད་དོ། །ཡང་ན་རྣམ་པ་ལྔ་ཐ་དད་པ་ནི་
སྐྱེད་པའི་རྒྱུ་ནི་དེ་དག་ལས་སྐྱེ་བའི་ཕྱིར་རོ། །རྟེན་པའི་རྒྱུ་ནི་སྐྱེས་ནས་འབྱུང་བའི་རྗེས་སུ་མཐུན་པའི་ཕྱིར་ཏེ། སློབ་དཔོན་ལ་སོགས་པ་ལ་བརྟེན་པ་བཞིན་ནོ། །གནས་པའི་རྒྱུ་ནི་རྟེན་དུ་གྱུར་པའི་ཕྱིར་ཏེ། རི་མོའི་རྩིག་པ་བཞིན་ནོ། །སྟོན་པའི་རྒྱུ་ནི་རྒྱུན་མི་འཆད་པའི་རྒྱུ་ཡིན་པའི་ཕྱིར་རོ། །
འཕེལ་བར་བྱེད་པའི་རྒྱུ་ནི་འཕེལ་བའི་རྒྱུ་མཚན་ཡིན་པའི་ཕྱིར་ཏེ། དེ་ལྟར་ན་དེ་དག་ནི་སྐྱེ་བ་དང་། འགྱུར་བ་དང་། བརྟེན་པ་དང་། གནས་པ་དང་། འཕེལ་བའི་རྒྱུ་ཉིད་དུ་བསྟན་པར་འགྱུར་རོ། །འབྱུང་འགྱུར་རྣམ་གསུམ་ཕན་ཚུན་དུ། །རྒྱུ་ཡིན་ཏེ་ལྷན་ཅིག་འབྱུང་བ་དང་། སྐལ་པ་
མཉམ་པ་དང་། རྣམ་པར་སྨིན་པའི་རྒྱུས་སོ། །བྱེད་པའི་རྒྱུ་ནི་བྱེ་བྲག་མེད་པར་གནས་པས་ཐམས་ཅད་ནི་མི་བགྲང་ངོ་། །དེ་ལ་ལྷན་ཅིག་འགྱུར་བའི་རྒྱུ་ནི་ལུས་དང་། ངག་གི་ལས་སེམས་ཀྱི་རྗེས་སུ་ཡོངས་སུ་འཇུག་པ་རྣམས་ཕན་ཚུན་དུ་སྟེ། རྒྱུར་བྱས་པའི་གཟུགས་གཞན་ནི་མ་ཡིན་ནོ། །སྐལ་བ་མཉམ་
པའི་རྒྱུ་ནི་སྔར་བྱུང་བ་ཐམས་ཅད་སྐལ་བ་མཉམ་པའི་འོ། །རྣམ་པར་སྨིན་པའི་རྒྱུ་ནི་ལུས་དང་ངག་གི་རྣམ་པར་སྨིན་པ་མིག་ལ་སོགས་པའོ། །འབྱུང་བ་རྣམས་ལ་དེ་རྣམས་གཅིག། །འབྱུང་བ་རྣམས་ལ་ནི་འབྱུང་བ་ལས་གྱུར་པའི་གཟུགས་རྣམ་པར་སྨིན་པའི་རྒྱུ་འབའ་ཞིག་བྱེད་དེ། ལུས་དང་ངག་
Vol. 141 · folio 129b
གི་ལས་གང་གི་རྣམ་པར་སྨིན་པ་འབྱུང་བ་རྣམས་སོ། །སེམས་དང་སེམས་ལས་བྱུང་བ་རྣམས་བྱེ་བྲག་མེད་པར་དེ་མ་ཐག་པའི་རྐྱེན་དུ་བཤད་ཀྱི། སེམས་གང་གི་མཇུག་ཐོགས་སུ་སེམས་གང་འབྱུང་བ་ངེས་པར་ནི་མ་བཤད་པས། ད་ནི་དེ་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་མདོར་བསྡུ་ན། སེམས་ནི་བཅུ་གཉིས་སོ། །
ཇི་ལྟ་ཞེ་ན། སྨྲས་པ། འདོད་ཡིད་དགེ་དང་མི་དགེ་དང་། །བསྒྲིབས་པ་དང་ནི་མ་བསྒྲིབས་པ། །འདོད་པའི་ཁམས་དག་ན་ནི་སེམས་བཞི་སྟེ། དགེ་བ་དང་། མི་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །གཟུགས་དང་གཟུགས་མེད་པ་དག་ན། མི་
དགེ་བའི་ལས་གཞན། གཟུགས་ཀྱི་ཁམས་དག་ན་མི་དགེ་བ་ནི་མེད་ཀྱི་གསུམ་ཡོད་དོ། །གཟུགས་མེད་པའི་ཁམས་དག་ན་ཡང་དེ་བཞིན་ཏེ། བཅུ་པོ་འདི་དག་ནི་ཟག་པ་དང་བཅས་པའི་སེམས་སོ། །ཟག་མེད་གཉིས་ཞེས་བྱ་བ་ནི་སློབ་པ་དང་། མི་སློབ་པ་སྟེ། དེ་ལྟར་ན་དེ་དག་ནི་སེམས་བཅུ་
གཉིས་སུ་འགྱུར་རོ། །དེ་ལ། འདོད་སེམས་དགེ་བ་ལས་སེམས་དགུ། །དེ་མ་ཐག་ཏུའོ་ཞེས་ཕྱིས་འཆད་དོ། །འདོད་པའི་ཁམས་དག་གི་དགེ་བའི་སེམས་གང་ཡིན་པ་དེའི་མཇུག་ཐོགས་སུ་སེམས་དགུ་འབྱུང་སྟེ། རང་གི་ས་པ་བཞི་དང་། སློབ་པ་དང་། མི་སློབ་པ་དང་། གཟུགས་ན་སྤྱོད་པ་གཉིས་ཏེ།
སྙོམས་པར་འཇུག་པའི་ཚེ་དགེ་བ་དང་ཉིང་མཚམས་སྦྱོར་བའི་ཚེ་བསྒྲིབས་པའོ། །གཟུགས་མེད་པ་ན་སྤྱོད་པའི་ཉིང་མཚམས་སྦྱོར་བའི་ཚེ་བསྒྲིབས་པ་ཉིད་དོ། །ཤིན་ཏུ་རིང་བའི་ཕྱིར་དགེ་བ་ནི་མ་ཡིན་ཏེ། འདོད་པའི་ཁམས་པས་ནི་གཟུགས་མེད་པའི་ཁམས་གནས་དང་། རྣམ་པ་དང་། དམིགས་
པ་དང་། གཉེན་པོའི་རིང་བ་ཉིད་ཀྱིས་རིང་ངོ་། །དེ་ནི་བརྒྱད་པོ་ཉིད་ལས་སོ། །འདོད་པ་ན་སྤྱོད་པ་དགེ་བའི་སེམས་དེ་ནི་རང་གི་ས་པ་བཞི་དང་། གཟུགས་མེད་པ་ན་སྤྱོད་པ་གཉིས་ལས་ཏེ། ལྡང་བའི་ཚེ་དགེ་བ་དང་། ཉོན་མོངས་པ་ཅན་གྱི་ཏིང་ངེ་འཛིན་གྱིས་གཟིར་བ་ས་འོག་མའི་དགེ་བ་ལ་བརྟེན་པའི་ཕྱིར་
བསྒྲིབས་པ་དང་། ལྡང་བའི་ཚེ་སློབ་པ་དང་། མི་སློབ་པ་ལས་ཏེ། སེམས་བརྒྱད་ཀྱི་མཇུག་ཐོགས་སུ་འབྱུང་ངོ་། །མི་དགེ་བ་ནི་བཅུ་པོ་དག་ལས་སློབ་པ་དང་མི་སློབ་པ་མ་གཏོགས་ཏེ། འདོད་པའི་ཁམས་དག་ཏུ་ཉིང་མཚམས་སྦྱོར་བ་ན་གཟུགས་དང་གཟུགས་མེད་པའི་སེམས་ཐམས་ཅད་ཀྱི་
Vol. 141 · folio 130a
མཇུག་ཐོགས་སུ་མི་དགེ་བ་འབྱུང་ངོ་། །དེ་ལས་བཞི་སྟེ། མི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་ནི་རང་གི་ས་པའི་སེམས་བཞི་པོ་འབའ་ཞིག་འབྱུང་ངོ་། །བསྒྲིབས་དེ་བཞིན། འདོད་པའི་ཁམས་དག་གི་མི་དགེ་བ་ཇི་སྐད་དུ་བཤད་པ་དེ་བཞིན་ཏེ། བཅུའི་མཇུག་ཐོགས་སུ་འབྱུང་
ལ་དེ་ལས་ནི་བཞི་ཉིད་དོ། །མ་བསྒྲིབས་རྣམ་ལྔ་ལས་སོ། །འདོད་པའི་ཞེས་བྱ་བར་སྦྱར་ཏེ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ནི་རང་གི་ས་པ་བཞི་དང་། གཟུགས་ན་སྤྱོད་པའི་དགེ་བ་ལས་སྤྲུལ་པའི་སེམས་ཏེ། ལྔའི་མཇུག་ཐོགས་སུ་འབྱུང་ངོ་། །དེ་ལས་དེ་མ་ཐག་སེམས་བདུན། །འདོད་པ་ན་
སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ལས་ནི་རང་གི་ས་པ་བཞི་དང་། གཟུགས་ན་སྤྱོད་པའི་གཉིས་ཏེ། ཉིང་མཚམས་སྦྱོར་བའི་ཚེ་ཉོན་མོངས་པ་ཅན་དང་། སྤྲུལ་པའི་སེམས་ཀྱི་མཇུག་ཐོགས་སུ་དགེ་བ་དང་ཉིང་མཚམས་སྦྱོར་བའི་ཚེ་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ཉིད་དོ། །
གཟུགས་ཀྱི་དགེ་ལས་བཅུ་གཅིག་གོ། །གཟུགས་ཀྱི་ཁམས་ཀྱི་དགེ་བ་གང་ཡིན་པ་དེའི་མཇུག་ཐོགས་སུ་ནི་གཟུགས་མེད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་གཏོགས་པ་སེམས་བཅུ་གཅིག་གོ། །དགུ་ཡི་དེ་མ་ཐག་ལས་ཏེ། །གཟུགས་ན་སྤྱོད་པའི་དགེ་བའི་སེམས་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་
པ་ཅན་གཉིས་དང་། གཟུགས་མེད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་གཏོགས་པ་དགུའི་མཇུག་ཐོགས་སུ་འབྱུང་ངོ་། །བསྒྲིབས་པ་བརྒྱད་ལས། གཟུགས་ན་སྤྱོད་པའི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ནི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་དང་སློབ་པ་དང་། མི་སློབ་
པ་མ་གཏོགས་པ་བརྒྱད་ཀྱི་མཇུག་ཐོགས་སུ་འབྱུང་ངོ་། །དེ་ལས་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་མཇུག་ཐོགས་སུ་ནི་རང་གི་ས་པ་རྣམས་དང་། འདོད་པའི་ཁམས་པ་གསུམ་སྟེ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་གཏོགས་པ་དྲུག་འབྱུང་ངོ་། །མ་བསྒྲིབས་ནི་གསུམ་ལས་སོ། །གཟུགས་
ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་རང་གི་ས་པ་གསུམ་པོ་ཉིད་ལས་སོ། །དེ་ལས་དྲུག་སྟེ། རང་གི་ས་པ་གསུམ་དང་། འདོད་པ་ན་སྤྱོད་པའི་དང་། གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ནོ། །གཟུགས་ཀྱི་ཁམས་དག་གིས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཇི་ལྟར་བཤད་པ་ལྟར།
Vol. 141 · folio 130b
གཟུགས་མེད་པ་ཡང་། ཚུལ་དེ་བཞིན་ཏེ། དེ་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་རང་གི་ས་པ་གསུམ་པོ་འབའ་ཞིག་ལ་འབྱུང་ལ། དེ་ལས་ནི་རང་གི་ས་པ་གསུམ་དང་། ས་འོག་མ་པའི་ཉོན་མོངས་པ་ཅན་རྣམས་དང་དྲུག་འབྱུང་ངོ་། །དགེ་བ་ལས། སེམས་དགུ་དག་སྟེ། གཟུགས་མེད་པ་ན་
སྤྱོད་པའི་དགེ་བའི་སེམས་ཀྱི་མཇུག་ཐོགས་སུ་ནི་འདོད་པ་ན་སྤྱོད་པའི་དགེ་བ་དང་འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་གཏོགས་པའི་སེམས་དགུ་འབྱུང་ངོ་། །དྲུག་ལས་ཏེ། གཟུགས་མེད་པ་ན་སྤྱོད་པའི་དགེ་བ་ནི་རང་གི་གསུམ་དང་། གཟུགས་ན་སྤྱོད་
པའི་དགེ་བ་དང་། སློབ་པ་དང་། མི་སློབ་པ་ལས་སོ། །བསྒྲིབས་པ་ལས་བདུན། གཟུགས་མེད་པ་ན་སྤྱོད་པའི་བསྒྲིབས་པ་ལས་ནི་རང་གི་ས་པ་གསུམ་དང་། གཟུགས་ན་སྤྱོད་པའི་དགེ་བ་དང་། བསྒྲིབས་པ་དང་། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་སོ། །དེ་དེ་བཞིན། དེ་
ཡང་འདོད་པ་དང་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་རྣམས་དང་། སློབ་པ་དང་། མི་སློབ་པ་མ་གཏོགས་པ་བདུན་ལས་འབྱུང་བ་ཉིད་དོ། །སློབ་པ་བཞི་ལས། ཁམས་གསུམ་པའི་དགེ་བ་དང་སློབ་པ་ལས་སོ། །དེ་ལས་ལྔ། བཞི་པོ་དེ་དག་ཉིད་དང་མི་སློབ་པའོ། །མི་སློབ་པ་ལྔ་ལས་སོ། །
འདས་མ་ཐག་པའི་ལྔ་པོ་དག་ཉིད་ལས་སོ། །དེ་ལས་སེམས་ནི་བཞི་རྣམས་ཏེ། མི་སློབ་པའི་སེམས་དེའི་མཇུག་ཐོགས་སུ་ནི་ཁམས་གསུམ་པའི་དགེ་བ་དང་། མི་སློབ་པ་དང་སེམས་བཞི་འབྱུང་ངོ་། །སེམས་བཅུ་གཉིས་རྫོགས་སོ།། །།ཡང་བཅུ་གཉིས་དེ་དག་ཉི་ཤུར་ཡང་དབྱེ་
སྟེ། ཇི་ལྟར་ཞེ་ན། གསུམ་དུ་སྐྱེས་ནས་ཐོབ་པ་དང་། །སྦྱོར་བྱུང་དགེ་རྣམ་གཉིས་སུ་དབྱེ། །ཁམས་གསུམ་པོ་དག་ཏུ་སྐྱེས་ནས་འཐོབ་པ་དང་། སྦྱོར་བ་ལས་བྱུང་བ་སྟེ་དགེ་བའི་སེམས་རྣམ་པ་གཉིས་སུ་དབྱེའོ། །རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ། །བཟོ་གནས་པ་དང་སྤྲུལ་པ་སྟེ། །འདོད་
པའི་ལུང་བསྟན་མིན་རྣམ་བཞིར། །དབྱེ་ཞེས་བྱ་བར་སྦྱར་ཏེ། འདོད་པ་ནི་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དང་། སྤྱོད་ལམ་པ་དང་། བཟོའི་གནས་པ་དང་། སྤྲུལ་པའི་སེམས་དང་རྣམ་པ་བཞིར་དབྱེའོ། །གཟུགས་དག་ན་ནི་བཟོ་མ་གཏོགས། །
Vol. 141 · folio 131a
གཟུགས་ཀྱི་ཁམས་དག་ན་ནི་རྣམ་པ་གསུམ་དུ་དབྱེ་སྟེ། དེ་ལ་བཟོ་མེད་པའི་ཕྱིར་བཟོའི་གནས་མ་གཏོགས་སོ། །དེ་ལྟར་ན་དགེ་བ་དྲུག་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་བདུན་དུ་ཕྱེ་བས་སེམས་བཅུ་གཉིས་པོ་དེ་དག་ལས་ཉི་ཤུར་འགྱུར་རོ། །ཞར་ལ་འོངས་པ་འདི་དག་གི་དེ་མ་
ཐག་པའི་རྐྱེན་ངེས་པ་ནི་ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་ལས་བཤད་དོ། །འདིར་ནི་གཞུང་དཀའ་བ་ཡོངས་སུ་སྤངས་པའི་ཕྱིར་མི་བརྗོད་དོ། །གང་དག་སེམས་བཅུ་གཉིས་སུ་བཤད་པ་འདི་དག་ལས་སེམས་གང་ཞིག་ལ་རྙེད་པ་དུ་ཞིག་ཅེ་ན། ཁམས་གསུམ་པ་ཡི་ཉོན་མོངས་ཅན། །རྙེད་པ་དྲུག་
དང་དྲུག་དང་གཉིས། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གྱི་སེམས་མངོན་དུ་གྱུར་ན། སེམས་དྲུག་པོ་འདི་དག་མི་ལྡན་པ་ལས་ཐོབ་སྟེ། ཐེ་ཚོམ་གྱི་དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བ་ལས་འདོད་པའི་ཁམས་ཀྱི་དགེ་བ་དང་། ཁམས་སུ་སླར་ལོག་པ་ལས་མི་དགེ་བ་དང་། བསྒྲིབས་
ལ་ལུང་དུ་མ་བསྟན་པའི་དང་། ཁམས་སུ་སླར་ལོག་པ་ལས་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་། ཡོངས་སུ་ཉམས་པ་ལ་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་། ཡོངས་སུ་ཉམས་པ་ལས་སློབ་པའི་འོ། །གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་ཡང་རྙེད་པ་དྲུག་སྟེ། ཁམས་
སུ་སླར་ལོག་པ་ལས་གཟུགས་ན་སྤྱོད་པ་གསུམ་དང་། འདོད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་དང་། ཡོངས་སུ་ཉམས་པ་ལས་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་སློབ་པའིའོ། །གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ལ་ནི་རྙེད་པ་གཉིས་ཏེ། ཡོངས་
སུ་ཉམས་པ་ལས་དེ་ཉིད་ཉོན་མོངས་པ་ཅན་དང་སློབ་པའིའོ། །གཟུགས་སྐྱེས་དགེ་ལ་གསུམ་དག་གི། གཟུགས་ན་སྤྱོད་པའི་དགེ་བ་ལ་སེམས་གསུམ་གྱི་རྙེད་པ་སྟེ། དགེ་བ་དེ་ཉིད་ཀྱི་དང་། འདོད་པ་དང་། གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་གཉིས་ཀྱིའོ། །སློབ་པ་ལ་བཞི། སློབ་
པ་དེ་ཉིད་ཀྱི་དང་། འདོད་པ་དང་། གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། ལམ་གྱི་འདོད་པ་དང་། གཟུགས་ཀྱི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་ལ་གཟུགས་མེད་པའི་དགེ་བའོ། །ལྷག་ལ་དེའི། ལྷག་པར་བྱས་པས་ལྷག་མ་སྟེ། སེམས་གང་གི་རྙེད་པ་མ་བཤད་པ་
Vol. 141 · folio 131b
དེ་ལ་དེ་ཉིད་ཀྱི་རྙེད་པར་ལྟའོ། །ཡང་སྨྲས་པ། སྐྱེ་དང་སྙོམས་པར་འཇུག་པ་དང་། །འདོད་ཆགས་བྲལ་དང་ཡོངས་ཉམས་དང་། །དགེ་བའི་ཉིང་མཚམས་སྦྱོར་བའི་ཚེ། །སེམས་དེ་ལྡན་པ་མིན་ལས་རྙེད། །ཅེས་བྱའོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་མདོ་དང་མཐུན་པ་ལས། དབང་པོ་བསྟན་པ་
ཞེས་བྱ་བ་མཛོད་ཀྱི་གནས་གཉིས་པའོ།། །།ད་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་སེམས་ཀྱི་ངེས་པ་ནི་བསྟན་ན། དེ་ལ་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་རྣམས་གང་ཡིན་པ་དེ་བརྗོད་པར་བྱའོ་ཞེ་ན། དེའི་ཕྱིར་འདིར་སྨྲས་པ། དམྱལ་བ་ཡི་དགས་
དུད་འགྲོ་དང་། །མི་རྣམས་དང་ནི་ལྷ་རྣམས་དྲུག །འདོད་པའི་ཁམས་ཏེ། འགྲོ་བ་བཞི་དང་། ལྷའི་རིས་དྲུག་ལས་འདི་ལྟ་སྟེ། རྒྱལ་ཆེན་བཞི་པ་རྣམས་དང་། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དེ། དེ་
ལྟར་ན་དེ་དག་སྣོད་ཀྱི་འཇིག་རྟེན་དང་བཅས་པ་ནི་འདོད་པའི་ཁམས་སོ། །དེ་གནས་དུ་ཞིག་ཅེ་ན། སྨྲས་པ། དམྱལ་བ་དང་། གླིང་དབྱེ་བ་ལས་དེ་ཉི་ཤུ། །གནས་རྣམས་སོ་ཞེས་ཚིག་གི་ལྷག་མ་སྦྱར་རོ། །དམྱལ་བ་ཆེན་པོ་བརྒྱད་དེ། ཡང་སོས་དང་། ཐིག་ནག་དང་། བསྡུས་གཞོམ་དང་།
ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པའོ། །གླིང་བཞི་སྟེ་འཛམ་བུའི་གླིང་དང་། ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་དང་། བཤད་མ་ཐག་པའི་ལྷའི་རིས་དྲུག་སྟེ། དེ་ལྟར་ན་གཞན་འཕྲུལ་དབང་བྱེད་ནས་མནར་
མེད་པའི་བར་གྱི་གནས་ཉི་ཤུ་པོ་དེ་དག་ནི་འདོད་པའི་ཁམས་སོ། །སྣོད་དང་བཅས་པ་གཟུང་ན་ནི་རླུང་གི་དཀྱིལ་འཁོར་ལ་ཐུག་གི་བར་དུའོ། །འདོད་པའི་ཁམས་འདི་ནས། གོང་མའི་གནས་དག་བཅུ་བདུན་ནི། །གཟུགས་ཀྱི་ཁམས། ཇི་ལྟ་ཞེ་ན། སྨྲས་པ། དེར་སོ་སོའི། བསམ་གཏན་ལ་ནི་
ས་གསུམ་པ། །བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་ནི་རེ་རེ་ཞིང་ས་གསུམ་གསུམ་པའོ། །བཞི་པ་ལ་ནི་ས་བརྒྱད་པ། །དེ་ལ་བསམ་གཏན་དང་པོ་ནི། །ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་པ་ཆེན་པོ་རྣམས་སོ། །གཉིས་པ་ལ་འོད་ཆུང་དང་། ཚད་མེད་འོད་དང་།
Vol. 141 · folio 132a
འོད་གསལ་རྣམས་སོ། །གསུམ་པ་ནི། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་རྣམས་སོ། །བཞི་པ་ནི་སྤྲིན་མེད་རྣམས་དང་། བསོད་ནམས་སྐྱེས་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་དང་། །ཤིན་ཏུ་མཐོང་དང་། འོག་མིན་
རྣམས་ཏེ། དེ་ལྟར་ན་གནས་བཅུ་བདུན་པོ་འདི་དག་གནས་པའི་སེམས་ཅན་དང་བཅས་པ་དེ་ནི་གཟུགས་ཀྱི་ཁམས་སོ། །གཟུགས་མེད་ཁམས་ན་གནས་མེད་དེ། །གཟུགས་ཅན་མ་ཡིན་པ་རྣམས་ལ་ནི་གནས་མེད་ལ། འདས་པ་དང་མ་འོངས་པ་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་། གཟུགས་
ཅན་མ་ཡིན་པའི་ཆོས་རྣམས་ཀྱང་ཡུལ་ན་ཡང་མི་གནས་ཕྱོགས་ན་ཡང་མི་གནས་ཞེས་བྱ་བར་ངེས་སོ། །དེ་ཡང་། སྐྱེ་བ་ལ་ནི་དེ་རྣམས་བཞི། །གཟུགས་མེད་པའི་ཁམས་ནི་འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་
དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། དེ་དག་ཡུལ་གྱི་བྱེ་བྲག་ཏུ་བྱས་ནས་བླ་འོག་ཏུ་ཡོད་པ་ནི་མ་ཡིན་གྱི། ཡུལ་གང་དུ་སྙོམས་པར་འཇུག་པ་དེ་རྙེད་པ་ཉིད་དུ་ཤི་འཕོས་ནས་དེ་ཉིད་དུ་སྐྱེ་ལ། དེ་ནས་ཤི་འཕོས་པ་ན་ཡང་དེ་ཉིད་དུ་སྲིད་པ་བར་མ་མངོན་པར་གྲུབ་བོ། །ཇི་ལྟར་སེམས་
ཅན་གཟུགས་ཅན་རྣམས་གཟུགས་ལ་བརྟེན་ནས་སེམས་ཀྱི་རྒྱུད་རྣམ་པ་བཞིན་དུ་གཟུགས་མེད་པ་རྣམས་ཀྱི་རྒྱུད་ཅི་ལ་བརྟེན་ཏེ་གནས་ཤེ་ན། དེར་ནི་རིས་དང་སྲོག་དག་ལ། །སེམས་ཀྱི་རྒྱུད་ནི་ངེས་པར་བརྟེན། །རིས་མཐུན་པ་དང་སྲོག་གི་དབང་པོ་ལས་དེ་དག་གི་སེམས་དང་སེམས་ལས་བྱུང་བའི་རྒྱུད་
བརྟེན་ཏེ་གནས་སོ། །ཁམས་གསུམ་པ་བཤད་ཟིན་ཏོ། །དམྱལ་སོགས་འགྲོ་ལྔ་དེ་དག་ཏུ། །རང་གི་མིང་གིས་སྨོས་སོ། །དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་དང་མི་ཞེས་བྱ་བ་རང་གི་མིང་གིས་སྨོས་པ་ནི་དེ་དག་ཏུ་འགྲོ་བ་ལྔར་བཤད་དོ། །གང་གི་ཕྱིར་ཁམས་དག་ཏུའོ་ཞེས་བཤད་
ན། ཅི་འགྲོ་བ་ལས་མ་གཏོགས་པའི་ཁམས་ཞིག་ཡོད་དམ་ཞེ་ན་ཡོད་དེ། ཁམས་རྣམས་ནི་དགེ་བ་དང་། ཉོན་མོངས་པ་ཅན་དང་། སྣོད་དང་། སྲིད་པ་བར་མའི་རང་བཞིན་ཡང་ཡིན་གྱི་འགྲོ་བ་གང་ཡིན་པ་དེ་དག །ཉོན་མོངས་ཅན་མིན་ལུང་བསྟན་མིན། །སེམས་ཅན་ཞེས་བྱ་བར་སྲིད་མིན། །འགྲོ་བ་ལྔ་ནི་མ་
Vol. 141 · folio 132b
བསྒྲིབས་ལ་ལུང་དུ་མ་བསྟན་པ་ཉིད་དོ། །དེ་ལྟ་མ་ཡིན་ན་འགྲོ་བ་འཆོལ་བར་འགྱུར་རོ། །སེམས་ཅན་ཞེས་བྱ་བ་ཉིད་ཡིན་ཡང་སྲིད་པ་བར་མའི་རང་བཞིན་མ་ཡིན་ནོ། །ལུས་དང་འདུ་ཤེས་ཐ་དད་དང་། །ཐ་དད་ལུས་དང་འདུ་ཤེས་འདྲ། །བཟློག་དང་ལུས་དང་འདུ་ཤེས་ནི། །འདྲ་དང་གཟུགས་
མེད་གསུམ་པོ་དག །རྣམ་ཤེས་གནས་པ་བདུན་ཞེས་མདོ་ལས་གསུངས་པ་ནི་འགྲོ་བ་ལྔ་པའི་ཁམས་གསུམ་པ་འདི་ཉིད་དུ་རིམ་བཞིན་དུ་རིག་པར་བྱ་སྟེ། སེམས་ཅན་གཟུགས་ཅན་ལ་ལུས་ཐ་དད་ཅིང་། འདུ་ཤེས་ཐ་དད་པ་ཡང་ཡོད་དེ། འདི་ལྟ་སྟེ་མི་རྣམས་དང་། ལྷ་ཁ་ཅིག་གོ། །འདི་ནི་རྣམ་པར་
ཤེས་པ་གནས་པ་དང་པོའོ། །ལྷ་ཁ་ཅིག་ཅེས་བྱ་བ་དེ་དག་གང་ཞེ་ན། འདོད་པ་ན་སྤྱོད་པ་རྣམས་དང་། །བསམ་གཏན་དང་པོའི་ས་པ་རྣམས་ལས་དང་པོར་སྐྱེས་པ་མ་གཏོགས་པ་རྣམས་སོ། །དེ་དག་གི་ལུས་ཐ་དད་པའི་ཕྱིར་བའམ། དེ་དག་གི་ལུས་ཐ་དད་པས་ན་ལུས་ཐ་དད་པ་སྟེ། ཁ་དོག་དང་། རྟགས་དང་།
དབྱིབས་དུ་མའི་ཕྱིར་རོ། །འདུ་ཤེས་དུ་མའི་ཕྱིར་འདུ་ཤེས་ཐ་དད་པའོ། །དེ་འདི་དག་ལ་ཡོད་པས་འདུ་ཤེས་ཐ་དད་པ་སྟེ། བདེ་བ་དང་སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པར་འདུ་ཤེས་པའི་ཕྱིར་རོ། །སེམས་ཅན་གཟུགས་ཅན་ལ་ལུས་ཐ་དད་ཅིང་འདུ་ཤེས་འདྲ་བ་ཡང་
ཡོད་དེ། འདི་ལྟ་སྟེ། ཚངས་རིས་ཀྱི་ལྷ་གང་དག་དང་པོར་བྱུང་བ་དེ་དག་གོ། །འདི་ནི་རྣམ་པར་ཤེས་པ་གནས་པ་གཉིས་པ་སྟེ། དང་པོར་བྱུང་བ་དེ་དག་ཐམས་ཅད་ནི་འདི་སྙམ་དུ་བདག་ཅག་ནི་ཚངས་པ་འདིས་ཕྱུང་ངོ་སྙམ་དུ་འདུ་ཤེས་པར་འགྱུར་ལ། ཚངས་པ་ཡང་འདི་སྙམ་དུ་འདི་དག་ནི་བདག་
གིས་ཕྱུང་ངོ་སྙམ་དུ་སེམས་ཏེ། འདུ་ཤེས་ཀྱི་རྒྱུ་ཐ་མི་དད་པའི་ཕྱིར་འདུ་ཤེས་འདྲ་བའོ། །ཚངས་པ་ནི་ཆུ་ཞེང་དང་ལུས་ཀྱི་ཤ་ཚུགས་དང་ཚིག་ཏུ་བརྗོད་པ་དང་། བགོ་བའི་གོས་གཞན་པ་ཉིད་ཡིན་ལ་དེའི་འཁོར་ཡང་གཞན་པས་ན་ལུས་ཐ་དད་པའོ། །སེམས་ཅན་གཟུགས་ཅན་ལ་
ལུས་འདྲ་ཞིང་འདུ་ཤེས་ཐ་དད་པ་ཡང་ཡོད་དེ། འདི་ལྟ་སྟེ་འོད་གསལ་གྱི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པ་གནས་པ་གསུམ་པའོ། །འདིར་ནི་མཐའ་སྨོས་པས་བསམ་གཏན་གཉིས་པ་མཐའ་དག་སྨོས་པར་རིག་པར་བྱ་སྟེ། དེ་ལྟར་མ་ཡིན་ན་འོད་ཆུང་དང་། ཚད་མེད་འོད་
Vol. 141 · folio 133a
རྣམས་གང་གི་རྣམ་པར་ཤེས་པ་གནས་པར་རྣམ་པར་གཞག་དེ་ལ་ཁ་དོག་དང་། རྟགས་དང་། དབྱིབས་ཐ་མི་དད་པའི་ཕྱིར་ལུས་འདྲ་བའོ། །བདེ་བར་འདུ་ཤེས་པའི་ཕྱིར་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པར་འདུ་ཤེས་པའི་ཕྱིར་འདུ་ཤེས་ཐ་དད་པ་སྟེ། དེ་དག་ནི་
དངོས་གཞིའི་ས་ལ་ཡིད་བདེ་བའི་དབང་པོས་ཡོངས་སུ་སྐྱོ་ནས། ཉེར་བསྡོགས་ལ་བཏང་སྙོམས་ཀྱི་དབང་པོ་མངོན་སུམ་དུ་བྱེད་དོ། །ཉེར་བསྡོགས་ཀྱི་བཏང་སྙོམས་ཀྱི་དབང་པོས་ཡོངས་སུ་སྐྱོ་ནས་ནི་ཡང་དངོས་གཞིའི་སའི་ཡིད་བདེ་བའི་དབང་པོ་མངོན་དུ་བྱེད་དེ། དེའི་ཕྱིར་དེ་དག་འདུ་ཤེས་ཐ་དད་པའོ་
ཞེས་གྲག་གོ། །ཡང་ན་འོད་གསལ་བའི་ལྷའི་རིས་ན་སེམས་ཅན་ཡང་གང་དག་སྐྱེས་ནས་རིང་པོ་མ་ལོན་པ་འཇིག་རྟེན་འདི་འཇིག་པ་ལ་མི་མཁས་ཤིང་ཆགས་པ་ལ་མི་མཁས་པ་དེ་དག་མེ་ལྕེ་དེ་མཐོང་ནས་སྐྲག་སྟེ། མེ་ལྕེ་དེས་ཚངས་པའི་གཞལ་མེད་ཁང་སྟོང་པ་བསྲེགས་ནས་འདིར་འོང་བར་མི་
འགྱུར་རམ་ཞེས་ཡི་ཆད་ཅིང་སྐྱོ་བར་འགྱུར་རོ། །དེ་ལ་འོད་གསལ་བའི་ལྷའི་རིས་ནས་སེམས་ཅན་གང་དག་སྐྱེས་ནས་རིང་དུ་ལོན་པ་འཇིག་རྟེན་འདིའི་འཇིག་པ་ལ་མཁས་ཤིང་ཆགས་པ་ལ་མཁས་པ་དེ་དག་སེམས་ཅན་སྐྲག་པ་དེ་དག་ལ་གྲོགས་པོ་དག་མ་འཇིགས་ཤིག །མེ་ལྕེ་འདི་ནི་སྔོན་ཡང་
ཚངས་པའི་གཞལ་མེད་ཁང་སྟོང་པ་བསྲེགས་ནས་དེ་ཉིད་དུ་མེད་པར་གྱུར་ཏོ་ཞེས་དབུགས་འབྱིན་པར་བྱེད་དོ། །དེ་བས་ན་དེ་དག་མེ་ལྕེ་འོང་བ་དང་། ལྡོག་པར་འདུ་ཤེས་པའི་ཕྱིར་བ་དང་། སྐྲག་པ་དང་མི་སྐྲག་པར་འདུ་ཤེས་པའི་ཕྱིར་འདུ་ཤེས་ཐ་དད་པ་ཞེས་བྱའོ། །སེམས་ཅན་གཟུགས་
ཅན་ལ་ལུས་འདྲ་ཞིང་འདུ་ཤེས་འདྲ་བ་ཡང་ཡོད་དེ། འདི་ལྟ་སྟེ་དགེ་རྒྱས་ཀྱི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པ་གནས་པ་བཞི་པའོ། །འདུ་ཤེས་འདྲ་བ་ཞེས་བྱ་བ་ནི་བདེ་བར་འདུ་ཤེས་པའོ། །དེ་ལྟར་ན་གཟུགས་མེད་པ་གསུམ་པོ་མདོ་ལས་ཇི་སྐད་གསུངས་པ་དང་། བདུན་པོ་དེ་
དག་ནི་རྣམ་པར་ཤེས་པ་གནས་པ་བདུན་ནོ། །ཅིའི་ཕྱིར་ལྷག་མ་རྣམས་རྣམ་པར་ཤེས་པ་གནས་པས་མ་ཡིན་ཞེ་ན། གང་གི་ཕྱིར། ལྷག་མ། དེ་ཡོངས་དེ་བྱེ་ལྡན། ལྷག་མ་གང་ཞིག་ཅེ་ན། ངན་འགྲོ་རྣམས་དང་། བསམ་གཏན་བཞི་པ་དང་། སྲིད་པའི་རྩེ་མོ་སྟེ། འདི་དག་ནི་རྣམ་པར་
Vol. 141 · folio 133b
ཤེས་པ་ཡོངས་སུ་དབྱེ་བ་ཡོད་པས་དེའི་ཕྱིར་དེ་དག་ནི་རྣམ་པར་ཤེས་པ་གནས་པ་མ་ཡིན་ནོ། །ཡོངས་སུ་དབྱེ་བ་ཞེས་བྱ་བ་ཅི་ཞིག་ཅེ་ན། གང་གི་རྣམ་པར་ཤེས་པ་ཡོངས་སུ་འཇིག་པར་བྱེད་པ་སྟེ། དེ་ལ་ངན་སོང་དག་ན་ནི་ཚོར་བ་ཡོངས་སུ་འབྱེད་དེ། གནོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །བསམ་
གཏན་བཞི་པ་དག་ན་ནི་འདུ་ཤེས་མེད་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའོ། །སྲིད་པའི་རྩེ་མོ་ན་ནི་འགོག་པའི་སྙོམས་པར་འཇུག་པ་སྟེ། སེམས་ཀྱི་རྒྱུན་ཆད་པའི་ཕྱིར་རོ། །ཡང་སྨྲས་པ། གང་དུ་འདི་ན་གནས་པ་རྣམས་ནི་འགྲོ་བར་འདོད་ལ། དེ་ན་གནས་པ་རྣམས་ནི།
འཕོ་བར་མི་འདོད་པ་དེ་ནི་རྣམ་པར་ཤེས་པ་གནས་པར་བཤད་ན། ངན་སོང་དག་ན་ནི་གཉི་ག་མེད་དོ། །བསམ་གཏན་བཞི་པ་དག་ན་ནི་སེམས་ཅན་རྣམས་འཕོ་བའི་ཡིད་ཀྱི་སོ་སོའི་སྐྱེ་བོ་རྣམས་ནི་འདུ་ཤེས་མེད་པར་འཇུག་འདོད་ལ། འཕགས་པ་རྣམས་ནི་གནས་གཙང་
མར་རོ། །སྲིད་པའི་རྩེ་མོ་ནི་རྒྱུ་བ་མི་གསལ་བའི་ཕྱིར་ཏེ། དེ་དག་ནི་རྣམ་པར་ཤེས་པ་གནས་པ་ཞེས་མི་བྱའོ། །རྣམ་པར་ཤེས་པ་གནས་པ་བདུན་པོ་ཇི་སྐད་བཤད་པ་དེ་དག་དང་། སྲིད་རྩེ་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས། །སེམས་ཅན་གྱི་ནི་གནས་དགུར་བཤད། །འདི་དག་ཏུ་
སེམས་ཅན་རང་དགར་ཀུན་དུ་གནས་པས་སོ། །གནས་དང་མི་འདོད་ཕྱིར་གཞན་མིན། །གཞན་ཞེས་བྱ་བ་གང་དག་ཅིག་ཅེ་ན། ངན་སོང་རྣམས་ཏེ། དེ་དག་ཏུ་ནི་སེམས་ཅན་རྣམས་མི་འདོད་བཞིན་དུ་ལས་ཀྱི་སྲིན་པོས་ཀུན་དུ་གནས་སུ་འཇུག་གོ། །དེ་བས་ན་མ་དད་པ་བཞིན་དུ་གནས་པས་
དེ་དག་ནི་སེམས་ཅན་གྱི་གནས་མ་ཡིན་ཏེ། བཙོན་ར་བཞིན་ནོ། །མདོ་གཞན་དག་ལས་ནི་གནས་ནི་རྣམ་པར་ཤེས་པ་གནས་པ་བདུན་ཞེས་གསུངས་སོ། །གཞན་དག་ལས་ནི། གནས་པ་དག་ནི་ཡང་བཞི་སྟེ། །ཞེས་བྱ་བ་གསུངས་པ་ལ་བཞི་གང་ཞེ་ན། རྣམ་པར་ཤེས་པ་གནས་པས་
གཟུགས་སུ་ཉེ་བར་འགྲོ་བ་དང་། ཚོར་བར་ཉེ་བར་འགྲོ་བ་དང་། འདུ་ཤེས་སུ་ཉེ་བར་འགྲོ་བ་དང་། འདུ་བྱེད་དུ་ཉེ་བར་འགྲོ་བའོ། །དེ་དག་གི་རང་བཞིན་ཅི་ཞེ་ན། དེ་དག་ནི་རིམ་བཞིན་དུ། ཟག་བཅས་ཕུང་པོ་བཞི་རྣམས་སོ། །དེ་དག་ཀྱང་རང་གི་ས་པ་ཉིད། ས་གཞན་དག་ཏུ་ནི་མ་ཡིན་ནོ། །
Vol. 141 · folio 134a
ཅིའི་ཕྱིར་ཞེ་ན། གནས་པ་ནི་རྟེན་ཡིན་ན། སྐལ་བ་མི་མཉམ་པའི་སའི་ཕུང་པོ་ལ་ནི་རྣམ་པར་ཤེས་པ་མི་རྟེན་ཏོ། །ཅིའི་ཕྱིར་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་གནས་པ་ཞེས་མི་བྱ་ཞེ་ན། གནས་པ་པོ་ཡོངས་སུ་སྤངས་པ་ནི་གནས་པ་ཡིན་པའི་ཕྱིར། གནས་པ་པོ་ཉིད་ལ་གནས་པ་ཞེས་
མི་བྱ་སྟེ། དཔེར་ན་རྒྱལ་པོ་ཉིད་རྒྱལ་པོའི་སྟན་མ་ཡིན་པ་བཞིན་ནོ། །འོན་ཀྱང་བྱེ་བྲག་ཏུ་མ་ཕྱེད་ན་ནི་སྐྱེ་བའི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕུང་པོ་དག་ཏུ་མངོན་པར་དགའ་བ་དང་བཅས་པའི་རྣམ་པར་ཤེས་པ་འཇུག་པ་ལ་ནི་རྣམ་པར་ཤེས་པའི་གནས་པ་རྣམ་པར་ཤེས་པ་ཡིན་ནོ། །སོ་སོར་དབྱེ་ན་ནི། ཇི་
ལྟར་གཟུགས་ལ་སོགས་པ་ནི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པར་བྱེད་པར་འགྱུར་གྱི་རྣམ་པར་ཤེས་པ་འབའ་ཞིག་ནི་མ་ཡིན་ནོ། །དེ་བས་རྣམ་པར་ཤེས་པ་གནས་པ་བཞི་དག་ཏུ། རྣམ་ཤེས། འབའ་ཞིག་གནས་པར་མ་བཤད་དོ། །ཡང་བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པ་གནས་པ་བཞི་ནི་
ཞིང་གི་ངོ་བོའོ། །ཉེ་བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པ་ཟད་པར་ནི་ས་བོན་གྱི་ངོ་བོ་ཞེས་གསུངས་པའི་དགོངས་པ་ཡང་། ས་བོན་ཉིད་ས་བོན་གྱི་ཞིང་གི་ངོ་བོར་རྣམ་པར་གཞག་པར་གྱུར་པ་ནི་མ་ཡིན་པར་སྣང་ངོ་། །ཡང་ཅི་རྣམ་པར་ཤེས་པ་གནས་པ་བཞིས་བདུན་བསྡུས་སམ་བདུན་གྱིས་བཞི་
ཞེ་ན། བདུན་གྱིས་བཞི་ཡང་མ་ཡིན་ལ། བཞིས་ཀྱང་བདུན་མ་ཡིན་གྱི། བསྡུ་བ་དག་ནི་མུ་བཞི་ཡིན། །བསྡུ་བ་སྤྱད་ན་མུ་བཞིར་རིག་པར་བྱ་སྟེ། བདུན་གྱིས་བསྡུས་ལ་བཞིས་མ་ཡིན་པ་ཡང་ཡོད་དེ་ཞེས་བྱ་བ་ལ་སོགས་པའོ། །དང་པོ་ནི་བདུན་དག་ཏུ་རྣམ་པར་ཤེས་པ་གང་ཡིན་པའོ། །གཉིས་པ་
ནི་ངན་སོང་དང་། བསམ་གཏན་བཞི་པ་དང་། སྲིད་པའི་རྩེ་མོ་དག་ཏུ་རྣམ་པར་ཤེས་པ་མ་གཏོགས་པའི་ཕུང་པོ་རྣམས་སོ། །གསུམ་པ་ནི་བདུན་དག་ཏུ་ཕུང་པོ་བཞི་རྣམས་སོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །གང་ཡང་འགྲོ་བ་ལ་སོགས་པའི་བྱེ་བྲག་ཐ་དད་པ་འདི་དག་ཁམས་
གསུམ་པར་བཤད་པ། དེར་ནི་མངལ་ནས་སྐྱེས་ལ་སོགས། །སེམས་ཅན་སྐྱེ་གནས་བཞི་དག་ཏུ། །རིག་པར་བྱ་སྟེ། སྒོ་ངའི་སྐྱེ་གནས་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བ་རྣམས་དང་། དྲོད་གཤེར་ལས་སྐྱེ་བ་རྣམས་དང་། རྫུས་ཏེ་སྐྱེ་བ་རྣམས་ཀྱི་གནས་སོ། །སྐྱེ་གནས་ཞེས་བྱ་བ་ནི་འདིར་
Vol. 141 · folio 134b
སེམས་ཅན་རྣམས་ཐུན་མོང་དུ་འདྲེས་ཤིང་འཚོལ་བར་སྐྱེ་བའི་ཕྱིར་རོ། །སྒོ་ངའི་སྐྱེ་གནས་ལས་སྐྱེ་བ་གང་ཞེ་ན། སེམས་ཅན་གང་དག་སྒོ་ང་ལས་སྐྱེ་བ་རྣམས་ཏེ། འདི་ལྟ་སྟེ། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་ལ་སོགས་པའོ། །མངལ་གྱི་སྐྱེ་གནས་ལས་སྐྱེ་བ་གང་ཞེ་ན།
སེམས་ཅན་གང་དག་མངལ་ནས་སྐྱེ་བ་རྣམས་ཏེ། འདི་ལྟ་སྟེ་གླང་པོ་དང་། རྟ་དང་། བོང་བུ་དང་། ཕག་ལ་སོགས་པའོ། །དྲོད་གཤེར་ལས་སྐྱེ་བ་གང་ཞེ་ན། སེམས་ཅན་གང་དག་འབྱུང་བའི་དྲོད་གཤེར་ལས་སྐྱེ་བ་རྣམས་ཏེ། འདི་ལྟ་སྟེ་སྲིན་བུ་དང་། གྲོག་སྦུར་དང་། སྦྲང་བུ་དང་། ཕྱེ་མ་ལེབ་
ལ་སོགས་པའོ། །རྫུས་ཏེ་འབྱུང་བའི་སྐྱེ་གནས་གང་ཞེ་ན། སེམས་ཅན་གང་དག་དབང་པོ་ཚང་བ་དང་། ངན་པ་མ་ཡིན་པ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པར་ཅིག་ཅར་དུ་སྐྱེ་བ་རྣམས་སོ། །དེའི་ཕྱིར་དེ་ནི་སྐྱེ་བ་ན་མཛེས་པའི་ཕྱིར་རྫུས་ཏེ་བྱུང་བ་ཞེས་བྱ་སྟེ། འདི་ལྟ་སྟེ་ལྷ་དང་།
དམྱལ་བ་དང་། སྲིད་པ་བར་མ་ལ་སོགས་པའོ། །ཡང་འགྲོ་བ་གང་དག་ལ་སྐྱེ་གནས་དུ་ཞིག་ཡོད་ཅེ་ན། སྨྲས་པ། མི་དང་དུད་འགྲོའི་རྣམ་པ་བཞི། །མི་རྣམས་ཀྱི་རྣམ་བཞི་ལ་སྒོ་ང་ལས་སྐྱེ་བ་ནི་འདི་ལྟ་སྟེ། རི་བྲགས་དང་། ཉེ་བའི་རི་བྲགས་གཉིས་ཁྲུང་ཁྲུང་ལས་སྐྱེས་པ་དང་། རི་དགས་འཛིན་
གྱི་མའི་བུ་སུམ་ཅུ་རྩ་གཉིས་དང་། རྒྱལ་པོ་ལྔ་ལེན་གྱི་བུ་ལྔ་བརྒྱ་རྣམས་སོ། །མངལ་ནས་སྐྱེ་བ་ནི་ད་ལྟར་གྱི་རྣམས་སོ། །དྲོད་གཤེར་ལས་སྐྱེ་བ་ནི། འདི་ལྟ་སྟེ། ང་ལས་ནུ་དང་། མཛེས་པ་དང་། ཉེ་མཛེས་དང་། ཐི་བའི་ཕྲེང་བ་ཅན། ཨ་མྲ་སྐྱོང་མ་ལ་སོགས་པའོ། །རྫུས་ཏེ་སྐྱེ་བ་ནི་བསྐལ་པ་
དང་པོ་རྣམས་འབའ་ཞིག་གོ། །དུད་འགྲོ་ལ་ཡང་རྣམ་པ་བཞི་སྟེ། རྣམ་པ་གསུམ་ནི་སྣང་བ་ཉིད་དོ། །རྫུས་ཏེ་སྐྱེ་བ་ནི་ཀླུ་དང་ནམ་མཁའ་ལྡིང་ལ་སོགས་པའོ། །དམྱལ་བ་དང་ནི་ལྷ་རྣམས་དང་། །སྲིད་པ་བར་མ་རྫུས་ཏེ་སྐྱེ། །དམྱལ་བ་ཐམས་ཅད་དང་། ལྷ་རྣམས་དང་། སྲིད་པ་བར་མ་ནི་རྫུས་
ཏེ་སྐྱེ་བ་ཉིད་དོ། །ཡི་དགས་མངལ་ནས་སྐྱེ་བའང་ཡིན། །འང་གི་སྒྲས་ནི་རྫུས་ཏེ་སྐྱེ་བའང་ཡིན་ཏེ། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ། ཡི་དགས་མོ་ཞིག་ན་རེ། བདག་ནི་མཚན་མོ་ཡང་བུ་ལྔ། དེ་བཞིན་དུ་ཉིན་མོ་ཡང་བུ་ལྔ་སྐྱེས་ནས་ཟོས་ཀྱང་བདག་དེ་དག་གིས་ཡོངས་སུ་ཚིམ་པ་
Vol. 141 · folio 135a
མེད་དོ་ཞེས་སྨྲས་པའོ། །ཡང་སྐྱེ་གནས་ཐམས་ཅད་ཀྱི་ནང་ན་མང་བ་གང་ཞེ་ན་སྨྲས་པ། རྫུས་ཏེ་སྐྱེ་བ་ཉིད་དེ། དེ་ནི་འགྲོ་བ་གཉིས་དང་གསུམ་གྱི་ཕྱོགས་དང་སྲིད་པ་བར་མ་པ་ཐམས་ཅད་དོ། །སྲིད་པ་བར་མ་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། འཆི་དང་སྐྱེ་བ་སྲིད་གཉིས་ཀྱི། །གང་
འདིར་སྲིད་པ་བར་མ་ཡིན། །འཆི་བ་དང་སྐྱེ་བའི་སྲིད་པའི་བར་དུ་ལུས་མངོན་པར་འགྲུབ་སྟེ། ཡུལ་གཞན་དུ་སྐྱེ་བ་ཐོབ་པར་བྱ་བའི་ཕྱིར་འགྲོ་བའི་བར་མ་ཡིན་པས། དེ་ནི་སྲིད་པ་བར་མ་ཞེས་བྱའོ། །སྐྱེས་ཟིན་པ་འདི་ཇི་ལྟར་སྐྱེས་པ་མ་ཡིན་ཞེ་ན། བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། །སྲིད་པ་བར་
མ་སྐྱེས་པ་མིན། །ཉེ་བར་སོང་བ་ནི་སྐྱེ་ཞེས་བྱ་བ་ནི་སྲིད་པ་བར་མ་འདི་ནི་བགྲོད་པའི་ཡུལ་དུ་ཉེ་བར་མ་འོང་བས་དེ་བས་ན་སྐྱེས་པ་མ་ཡིན་ནོ། །འདིའི་བགྲོད་པར་བྱ་བའི་ཡུལ་གང་ཞིག་ཅེ་ན། གང་དུ་རྣམ་པར་སྨིན་པ་འཕངས་པ་མངོན་ཞིང་རྫོགས་པའོ། །སྡེ་པ་གཞན་དག་ན་རེ་འཆི་བའི་
སྲིད་པ་ནས་སྐྱེ་བའི་བར་ཆད་ཀྱང་སྐྱེའོ་ཞེས་པ་ལ་དེ་ནི་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། རིགས་པ་དང་། ལུང་ལས་ཏེ། དེ་ལ་རེ་ཞིག་རིགས་པ་ལ་བརྟེན་ནས་བརྗོད་པ། འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། །སྲིད་པ་ཆད་ལས་འབྱུང་མ་ཡིན། །རྒྱུན་ལ་ཡོད་པའི་ཆོས་རྣམས་ནི་རྒྱུན་
མི་འཆད་པར་ཡུལ་གཞན་དག་ཏུ་འབྱུང་བ་མཐོང་སྟེ། དཔེར་ན་འབྲུའི་རྒྱུན་ལྟ་བུའོ། །དེ་བས་ན་སེམས་ཅན་གྱི་རྒྱུན་འདི་ལ་ཡང་རྒྱུན་མི་འཆད་པ་ཡུལ་གཞན་དག་ཏུ་འབྱུང་བ་དང་ལྡན་ནོ། །རྒྱུན་ཆད་ན་ཡང་དཔེར་ན་མེ་ལོང་ལ་སོགས་པའི་ནང་དུ་གཟུགས་ཀྱི་གཟུགས་བརྙན་འབྱུང་བ་ཡང་མ་མཐོང་
སྟེ། དེ་བཞིན་དུ་འཆི་བའི་སྲིད་པ་ལས་སྐྱེ་བའི་སྲིད་པའི་བར་ཡང་སྲིད་དོ་ཞེ་ན། གཟུགས་བརྙན་མ་གྲུབ་པའི་ཕྱིར་དང་། མི་འདྲ་ཕྱིར་ན་དཔེ་མ་ཡིན། །གཟུགས་བརྙན་ཞེས་བྱ་བ་ནི་ཁ་དོག་གཞན་པ་ཉིད་དུ་ཡང་འབྱུང་བས་དེ་ནི་མ་གྲུབ་པོ། །གྲུབ་ཏུ་ཟིན་ཀྱང་མི་འདྲ་བའི་ཕྱིར་དཔེ་མ་ཡིན་ནོ། །
རེ་ཞིག་ཇི་ལྟར་མ་གྲུབ་ཅེ་ན། གཅིག་ཏུ་ལྷན་ཅིག་གཉིས་མེད་ཕྱིར། །ཡུལ་དེ་ཉིད་དུ་མེ་ལོང་གི་གཟུགས་དང་། གཟུགས་བརྙན་གཉི་ག་སྣང་དུ་ནི་རྟེན་གྱི་འབྱུང་བ་ཐ་དད་པའི་ཕྱིར་རོ། །ཡུལ་གཅིག་ཏུ་གཟུགས་གཉིས་ལྷན་ཅིག་པ་ནི་མེད་དོ། །དེ་དག་ཚོགས་ན་དེ་འདྲ་བའི་མཐུ་གང་ཡིན་
Vol. 141 · folio 135b
པ་དེ་བཞིན་དུ་སྣང་སྟེ། ཆོས་རྣམས་ཀྱི་མཐུའི་བྱེ་བྲག་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །རེ་ཞིག་མ་གྲུབ་པའི་ཕྱིར་ཞེས་བྱ་བ་ནི་དེ་ལྟ་བུའོ། །ཇི་ལྟར་མི་འདྲ་བའི་ཕྱིར་དཔེ་མ་ཡིན་ཞེ་ན། རྒྱུན་མིན་ཕྱིར། གཟུགས་ལ་ནི་གཟུགས་བརྙན་གྱི་རྒྱུན་དུ་གྱུར་པ་མེད་ཀྱི་མེ་ལོང་གི་རྒྱུན་ལ་ཡོད་པའི་ཕྱིར་
རོ། །ཅིག་ཅར་དུ་ཡོད་པའི་ཕྱིར་འཆི་བ་དང་སྐྱེ་བའི་སྲིད་པ་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ། །རྒྱུན་ལ་རྒྱུན་མི་འཆད་པར་ཡུལ་གཞན་དག་ཏུ་འབྱུང་བར་བརྗོད་ཀྱི་རྒྱུན་མ་ཡིན་པ་ནི་མ་ཡིན་པས་གཟུགས་བརྙན་གྱི་དཔེ་ནི་འདྲ་བ་མ་ཡིན་ནོ། །གཉིས་ལས་འབྱུང་ཕྱིར། གཟུགས་དང་མེ་ལོང་དང་རྒྱུ་
གཉིས་ལས་གཟུགས་བརྙན་འབྱུང་བར་འགྱུར་བ་ལ། གཙོ་བོའི་རྒྱུ་གང་ཡིན་པ་དེ་ལ་བརྟེན་ཏེ་འབྱུང་ངོ་། །དེ་བཞིན་དུ་སྐྱེ་བའི་སྲིད་པ་ནི་འཆི་བའི་སྲིད་པ་ལས་གཞན་པ། གཙོ་བོའི་རྒྱུ་ཞིག་དང་རྒྱུ་གཉིས་ལས་བྱུང་བ་ནི་མ་ཡིན་ཏེ། འདིས་ཀྱང་དཔེ་མི་འདྲ་བ་ཡིན་ནོ། །ཕྱིའི་ཁུ་བ་དང་ཁྲག་ལ་
སོགས་པ་སེམས་མེད་པ་ཡང་གཙོ་བོའི་རྒྱུ་ཞེས་བྱ་བར་མི་རིགས་ཏེ། གང་དུ་རྫུས་ཏེ་སྐྱེ་བ་རྣམས་ནམ་མཁའ་ལ་འབྱུང་བ་དེར་ཅི་ཞིག་དང་རྒྱུ་གཉིས་སུ་བརྟག །རེ་ཞིག་རིགས་པ་ལས་ནི་འཆི་བའི་སྲིད་པའི་བར་ཆད་ནས་སྐྱེ་བའི་སྲིད་པ་འབྱུང་བར་ནི་ད་ལྟར་མི་འདོད་དེ། དེ་བས་ན་སྲིད་པ་བར་མ་ཡོད་
པ་ཉིད་དོ། །ཡོད་པར་མགུར་ནས་གསུངས་པ། སྲིད་པ་བདུན་གྱི་མདོ་ལས་དམྱལ་བའི་སྲིད་པ་དང་། དུད་འགྲོའི་སྲིད་པ་དང་། ཡི་དགས་ཀྱི་སྲིད་པ་དང་། ལྷའི་སྲིད་པ་དང་། མིའི་སྲིད་པ་དང་། ལས་ཀྱི་སྲིད་པ་དང་། སྲིད་པ་བར་མའོ་ཞེས་གསུངས་སོ། །མདོ་འདི་ནི་དེ་དག་མི་འདོན་ཏོ་ཞེ་ན། འོ་ན་དྲི་
ཟ་ཞེས་བྱ་བ་འདི་ལས་གནས་གསུམ་མངོན་དུ་གྱུར་ན་མའི་མངལ་དུ་བུ་ཆགས་པར་འགྱུར་ཏེ། མ་ཡང་རུང་བ་ཟླ་མཚན་དང་ལྡན་པ་དང་། ཕ་མ་ཆགས་པར་གྱུར་པ་དང་། འདུས་པ་དང་། དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ནའོ་ཞེས་གསུངས་པ། སྲིད་པ་བར་མ་མ་གཏོགས་པ་དྲི་ཟ་ཞེས་བྱ་བ་གཞན་གང་ཞིག་
ཡིན། ཕུང་པོ་ཞིག་པར་ཉེ་བར་གནས་པར་འགྱུར་རོ་ཞེས་འདོན་ཏོ་ཞེ་ན། མི་རུང་སྟེ། རྟ་ལེན་གྱི་བུའི་མདོ་དང་འགལ་བའི་ཕྱིར་རོ། །ཡང་དེ་ཡང་མི་འདོན་ཏོ་ཞེ་ན། འོ་ན་སྔར་གསུངས་པ་ལས་ཕྱིར་མི་འོང་བ་ལྔ་ཞེས་བྱ་བ་འདི་ལས་ཕྱིར་མི་འོང་བ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ཞེས་གསུངས་
Vol. 141 · folio 136a
པ་སྲིད་པ་བར་མ་མེད་ན་ཇི་ལྟར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར། འགྲོ་མདོ་ལས། སྐྱེས་བུ་དམ་པའི་འགྲོ་བ་ལྔ་ཞེས་བྱ་བའི་མདོ་འདི་ལས་དུས་དང་ཡུལ་གྱིས་བསྐལ་པའི་བྱེ་བྲག་གིས་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་གསུམ་སྟེ། འདི་ལྟ་སྟེ། མེ་སྟག་མངོན་པར་
འགྲུབ་པའི་མདོ་བཞིན་དུ་འཆི་བར་འགྱུར་བ་དེ་ལྟ་བུ་དང་པོ་ཉིད་དོ། །དེ་བཞིན་དུ་འདི་ལྟ་སྟེ། ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་བའི་མོད་ཉིད་དུ་འཆི་བར་འགྱུར་བ་དེ་ལྟ་བུ་ནི་གཉིས་པའོ། །དེ་བཞིན་དུ་འདི་ལྟ་སྟེ་ལྕགས་ཀྱི་ཚ་ཚ་གནམ་དུ་ཡར་ནས་ས་ལ་མ་ལྟུང་བ་ཉིད་དུ་འཆི་བར་འགྱུར་བ་དེ་ལྟ་བུ་ནི་གསུམ་པའོ་
ཞེས་གསུངས་པས། དེའི་ཕྱིར་འགྲོ་བའི་མདོ་འདི་ལས་ཀྱང་སྲིད་པ་བར་མ་གྲུབ་བོ། །ཡང་འགྲོ་བ་གང་དུ་འགྲོ་བར་འགྱུར་བ་ན་སྲིད་པ་བར་མའི་ཤ་ཚུགས་ཇི་ལྟ་བུ་ཞིག་མངོན་པར་འགྲུབ་ཅེ་ན། དེ་ནི་འཕེན་པ་གཅིག་པའི་ཕྱིར། །སྲིད་པ་ཕྱི་མའི་ཤ་ཚུགས་འགྱུར། །ལས་གང་ཞིག་འགྲོ་བ་འཕེན་པ་དེ་ཉིད་
འཐོབ་པར་བྱེད་པའི་སྲིད་པ་བར་མ་སྟེ། དེའི་ཕྱིར་འགྲོ་བ་གང་དུ་འགྲོ་བར་འགྱུར་བའི་འགྲོ་བ་དེར་སྲིད་པ་ཕྱི་མ་ཅིར་འགྱུར་བ་དེའི་ཤ་ཚུགས་སུ་འགྱུར་རོ། །ཡང་སྲིད་པ་ཕྱི་མ་ཞེས་བྱ་བ་འདི་གང་ཞིག་ཅེ་ན། དེ་ནི་འཆི་བ་ཚུན་ཆད་ནས། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །སྲིད་པ་ཞེས་བྱ་བ་
ནི་བྱེ་བྲག་མེད་པར་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་སོ། །དེ་ནི་རྣམ་པ་བཞིར་དབྱེ་སྟེ། སྲིད་པ་བར་མ་ནི་ཇི་སྐད་དུ་བཤད་པའོ། །སྐྱེ་བའི་སྲིད་པ་ནི་འགྲོ་བ་དག་ཏུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མའོ། །དེ་ཕན་ཆད་འཆི་བའི་སྲིད་པ་མ་གཏོགས་པའི་སྲིད་པ་གཞན་ཐམས་ཅད་ནི་སྲིད་པ་ཕྱི་མའོ། །སྐད་
ཅིག་མ་ཐ་མ་ནི་འཆི་བའི་སྲིད་པའོ། །གལ་ཏེ་སེམས་ཅན་གཟུགས་ཅན་དག་གི་ནང་དུ་སྐྱེ་བ་ནི་དེ་ཕན་ཆད་སྲིད་པ་བར་མའོ། །སྲིད་པ་བར་མ་དེ་ནི། རིགས་མཐུན་ལྷ་མིག་དག་པས་མཐོང་། །སྲིད་པ་བར་མ་པ་ནི་རིགས་མཐུན་པ་ཉིད་ཀྱིས་མཐོང་བ་དང་། གང་དག་གི་ལྷའི་མིག་ཤིན་ཏུ་དག་པ་
མངོན་པར་ཤེས་པའི་རྒྱུ་ལས་འབྱུང་བ་དེས་ནི་འདི་མཐོང་གི། ཤིན་ཏུ་དང་བའི་ཕྱིར་སྐྱེས་ནས་ཐོབ་པའི་མིག་གིས་ནི་མི་མཐོང་ངོ་། །གཞན་དག་ན་རེ་ལྷའི་སྲིད་པ་བར་མ་པས་ནི་ཐམས་ཅད་མཐོང་ངོ་། །མི་དང་། ཡི་དགས་དང་། དུད་འགྲོ་དང་། དམྱལ་བའི་སྲིད་པ་བར་མ་པས་ནི་གོང་མ་གོང་མ་བོར་
Vol. 141 · folio 136b
ནས་སོ་ཞེས་ཟེར་རོ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རྫུ་འཕྲུལ་ནི་ནམ་མཁའ་ལ་འགྲོ་བའོ། །ལས་ཀྱི་རྫུ་འཕྲུལ་ཡིན་པས་ན་ལས་ཀྱི་རྫུ་འཕྲུལ་ལོ། །དེའི་ཤུགས་ནི་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་ཏེ། མགྱོགས་པ་ཉིད་དོ། །དེ་འདི་ལ་ཡོད་པས་ན་ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་
པ་སྟེ། གང་གིས་འདི་ནི་ལས་ཀྱི་སྟོབས་དང་ལྡན་པའི་ཕྱིར་སངས་རྒྱས་ཀྱིས་ཀྱང་དགག་པར་མི་སྤྱོད་པའོ། །དབང་པོ་ཀུན་ཚང་དབང་པོ་ལྔ་ཆར་ཚོགས་པའོ། །ཐོགས་མེད་ལྡན་ཐོགས་པས་ན་ཐོགས་པའོ། །དེ་འདི་ལ་ཡོད་པས་ན་ཐོགས་པ་དང་ལྡན་པའོ། །ཐོགས་པ་མེད་པས་ཐོགས་པ་མེད་པ་དང་
ལྡན་པ་སྟེ། རྡོ་རྗེ་ལ་སོགས་པས་ཀྱང་མི་བཟློགས་པའི་ཕྱིར་རོ། །འདི་ལྟར་ལྕགས་ཀྱི་ཐུ་ལུམ་འབར་བ་གཤེགས་པའི་ནང་ན་དེ་ལས་བྱུང་བའི་སྲིན་བུ་དམིགས་སོ་ཞེས་ཐོས་སོ། །དེ་འགྲོ་བ་གང་དག་ཏུ་སྐྱེ་བ་དེ་ལས་ནི་ཐམས་ཅད་དུ་ཡང་། མི་བཟློགས་ཏེ། མིའི་སྲིད་པ་བར་མ་མེད་པར་གྱུར་ནས་ལྷའི་སྲིད་
པ་བར་མའམ། གཞན་དུ་སྐྱེ་བ་ནི་ནམ་ཡང་མེད་པས། འདི་འགྲོ་བ་གང་གི་ཕྱིར་གྲུབ་པ་དེ་ཉིད་དུ་སྐྱེ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །ཡང་ཅི་འདོད་པ་ན་སྤྱོད་པའི་སྲིད་པ་བར་མ་ཡང་ཁམ་གྱི་ཟས་ཟའམ་ཞེ་ན། སྨྲས་པ། དེ་བཞིན་ནོ། །རིགས་པ་ནི་མ་ཡིན་ཏེ། འདི་ལྟར་འདི་ནི་དྲི་ཟ་
སྟེ། །དེའི་ཕྱིར་དྲི་ཟ་ཞེས་བྱའོ། །དབང་ཆུང་བའི་ཟས་ནི་དྲི་མི་ཞིམ་པའོ། །དབང་ཆེ་བའི་ཟས་ནི་དྲི་ཞིམ་པའོ། །ཡང་འགྲོ་བའི་ཡུལ་དུ་ཕྱིན་པར་བྱ་བའི་ཕྱིར་འབྱུང་བའི་སྲིད་པ་བར་མ་དེ་ནི། རྩེ་དགས་འགྲོ་བའི་ཡུལ་དུ་ནི། །ཕྱིན་ཅི་ལོག་གི་བློས་འགྲོའོ། །དེ་ནི་ལས་ཀྱི་མཐུས་བྱུང་བའི་མིག་གིས་རང་གི་
སྐྱེ་བའི་གནས་ཐག་རིང་པོ་ན་འདུག་ཀྱང་མཐོང་སྟེ། དེ་ལ་དེས་ཕ་མ་དེ་གཉིས་ལོག་པར་གྲུབ་པ་མཐོང་ནས་ཕོར་གྱུར་པ་ཞིག་ཡིན་ན་ནི་མ་ལ་ཕོའི་འདོད་ཆགས་འབྱུང་ངོ་། །མོར་འགྱུར་བ་ཞིག་ཡིན་ན་ནི་ཕ་ལ་མོའི་འདོད་ཆགས་འབྱུང་ངོ་། །བཟློག་པ་ནི་ཁོང་ཁྲོ་བའོ། །བཏགས་པ་ལས་ཀྱང་འདི་སྐད་དུ། །
དྲི་ཟ་ལ་རྗེས་སུ་ཆགས་པའོ། །ལྷན་ཅིག་པའམ། ཁོང་ཁྲོ་བ་དང་ལྷན་ཅིག་པའི་སེམས་གཉིས་ལས་གང་ཡང་རུང་བའི་སེམས་མངོན་དུ་གྱུར་པ་ནའོ། །འདི་འདོན་ཏེ། དེ་ཕྱིན་ཅི་ལོག་དེ་གཉིས་ཀྱིས་དགའ་བར་འདོད་པས། ཡུལ་དེ་ཡང་ཕྲད་ན་གནས་སྐབས་དེར་བདག་ཉིད་མོས་སོ། །མའི་མངལ་གྱི་
Vol. 141 · folio 137a
གནས་མི་གཙང་བ་དེར་ཕྱིན་ནས། དགའ་བ་སྐྱེ་ཞིང་མངོན་པར་ཞེན་ཏོ། །དེ་ནས་ནི་དེའི་ཕུང་པོ་མཁྲང་པོར་འགྱུར་ལ། སྲིད་པ་བར་མ་ཡང་འགགས་ནས་སྐྱེ་བ་ཡིན་ནོ། །རེ་ཞིག་སྒོ་ང་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བའི་སྐྱེ་གནས་སུ་འགྲོ་བ་ནི་དེ་ལྟ་བུའོ། །གཞན་ནི་ཅི་རིགས་པར་
བརྗོད་པར་བྱའོ། །དེ་ལ་འདིར་ནི་རིགས་པ་ཡིན་པར་སྣང་སྟེ། དྲི་དང་གནས་ལ་འདོད་པ་གཞན། །དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་སུ་འགྲོ་བ་ན་དྲི་ལ་ཆགས་པས། སྐྱེ་བའི་གནས་གཙང་མའམ་མི་གཙང་བར་རང་གི་ལས་ཇི་ལྟ་བ་བཞིན་དུ་འགྲོའོ། །རྫུས་ཏེ་སྐྱེ་བའི་སྐྱེ་གནས་སུ་འགྲོ་བ་
ན་ནི་གནས་ལ་ཆགས་པས་སོ། །དེ་ལ་ལྷའི་སྲིད་པ་བར་མ་ནི་སྟན་ལས་ལྡང་བ་བཞིན་དུ་གྱེན་དུ་འགྲོའོ། །མི་དང་། དུད་འགྲོ་དང་། ཡི་དགས་ལ་སོགས་པ་ནི་མི་ལ་སོགས་པ་བཞིན་ནོ། །དམྱལ་བ་དག་ནི་སྤྱིའུ་ཚུགས་སོ། །ཡང་དག་སྡོམ་དང་དཀའ་ཐུབ་ཅན། །དྲང་སྲོང་རྣམས་ལ་སྐུར་
འདེབས་པ། །དེ་རྣམས་སྤྱིའུ་ཚུགས་དག་ཏུ་ནི། །དམྱལ་བ་ཉིད་དུ་ལྟུང་བར་གྱུར། །ཞེས་ཚིགས་སུ་བཅད་པ་ལས་འབྱུང་བའི་ཕྱིར་རོ། །མདོ་ལས་མངལ་དུ་འཇུག་པ་ནི་བཞིའོ་ཞེས་གསུངས་པ་ལ་བཞི་གང་ཞེ་ན། གཅིག་ནི་ཤེས་བཞིན་དུ་འཇུག་ལ། གནས་པ་དང་འབྱུང་བ་ནི་ཤེས་བཞིན་དུ་མ་
ཡིན་པའོ། །གཞན་ནི་གནས་པ་ཡང་། ཤེས་བཞིན་དུ་ཞེས་བྱ་བར་སྦྱར་ཏེ། ཡང་གི་སྒྲས་ནི་འཇུག་པ་ཡང་ངོ་། །གཞན་ནི། འབྱུང་བའང་། ཤེས་བཞིན་དུ་སྐྱེ། ཡང་གི་སྒྲས་ནི་འཇུག་པ་དང་། གནས་པའོ། །གཞན་ནི་ཀུན་དུ་རྨོངས། ལ་ལ་ནི་འཇུག་པ་ཡང་ཤེས་བཞིན་མ་ཡིན་ལ་གནས་
པ་དང་འབྱུང་བ་ཐམས་ཅད་དུ་ཡང་ཤེས་བཞིན་མ་ཡིན་པར་བྱེད་དོ། །མངལ་དུ་འཇུག་པ་འདི་བཞི་ནི་ཚིགས་སུ་བཅད་པ་དང་མཐུན་པའི་ཕྱིར་བཟློག་སྟེ་བསྟན་ཏོ། །སྒོ་ང་ལས་སྐྱེས་རྟག་ཏུའོ། །སྒོ་ང་ལས་སྐྱེ་བའི་སེམས་ཅན་ནི་རྟག་ཏུ་ཐམས་ཅད་དུ་རྨོངས་སོ། །འདིར་ཡང་བསྟན་པ། མངལ་དུ་
འཇུག་པ་གསུམ་དག་སྟེ། །འཁོར་ལོས་སྒྱུར་དང་རང་འབྱུང་ངོ་། །འཁོར་ལོས་སྒྱུར་བ་དང་། རང་འབྱུང་རང་སངས་རྒྱས་དང་། སངས་རྒྱས་གཉིས་ཏེ། གོ་རིམས་ཇི་ལྟ་བ་བཞིན་ནོ་ཞེས་འོག་ནས་འཆད་དོ། །དེ་ལ་དང་པོ་ནི་འཁོར་ལོས་སྒྱུར་བ་སྟེ། དེ་ནི་འཇུག་པ་འབའ་ཞིག་ཤེས་བཞིན་དུ་ཡིན་གྱི།
Vol. 141 · folio 137b
གནས་པ་དང་འབྱུང་བ་ནི་མ་ཡིན་ནོ། །རང་སངས་རྒྱས་ནི་གནས་པ་ཡང་ངོ་། །སངས་རྒྱས་ནི་འབྱུང་བ་ཡང་ངོ་། །ཕྱིས་འགྱུར་བའི་མིང་གི་འཁོར་ལོས་སྒྱུར་བ་ལ་སོགས་པ་འདི་དག་ཏུ་བསྟན་ཏེ། དཔེར་ན་འབྲས་ཆན་འཚེད་དོ། །ཕྱེ་འཐག་གོ་ཞེས་བྱ་བ་བཞིན་ནོ། །ལས་སམ་ཡེ་ཤེས་སམ་གཉི་ག །
རྒྱ་ཆེའི་ཕྱིར་ན་གོ་རིམས་བཞིན། །ལས་རྒྱ་ཆེ་བ་ནི་བསོད་ནམས་རྒྱ་ཆེན་པོ་བྱེད་པ་རྣམས་ཀྱི་སྟེ་དང་པོའོ། །ཡེ་ཤེས་རྒྱ་ཆེ་བ་ནི་ཐོས་པ་མང་པོ་རབ་ཏུ་རྣམ་པར་འབྱེད་པ་བྱས་པ་རྣམས་ཀྱི་སྟེ་གཉིས་པའོ། །བསོད་ནམས་དང་ཡེ་ཤེས་རྒྱ་ཆེ་བ་ནི་གསུམ་པ་སྟེ། དེ་ལྟར་ན་དེ་ལྟ་བུ་ནི་གོ་རིམས་
བཞིན་དུ་འཁོར་ལོས་སྒྱུར་བ་ལ་སོགས་པ་འདི་དག་ཏུ་རིགས་སོ། །ལྷག་མ་རྣམས་ནི་བཞི་པ་ཞེས་བྱ་བར་གྲུབ་པོ། །ད་ནི་འདིར་ཕྱི་རོལ་པ་དག་ཏུ་སྨྲ་བ་ཡོངས་སུ་བཟུང་ནས་གླེང་སྟེ། གལ་ཏེ་སེམས་ཅན་འཇིག་རྟེན་གཞན་དུ་འཕོ་བར་དམ་བཅའ་ན་ནི་བདག་གྲུབ་པོ་ཞེ་ན། དེ་དགག་
པར་བྱ་སྟེ་བདག་མེད། བདག་ཇི་ལྟ་བུ་ཞིག་གང་ཕུང་པོ་འདི་བོར་ནས། ཕུང་པོ་གཞན་དུ་ཉིང་མཚམས་སྦྱོར་བ་ཡོངས་སུ་བརྟགས་པ་སྟེ། དེ་ལྟ་བུའི་ནང་གི་བྱེད་པའི་སྐྱེས་བུ་ནི་མེད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ་ལས་ནི་ཡོད་དོ། །རྣམ་པར་སྨིན་པ་ནི་ཡོད་དོ། །ཆོས་ཀྱི་འདུ་འཕྲོད་ལ་མ་
གཏོགས་པ། གང་ཕུང་པོ་འདི་བོར་ནས་གཞན་དུ་ཉིང་མཚམས་སྦྱོར་བའི་བྱེད་པ་པོ་ནི་མི་དམིགས་སོ་ཞེས་གསུངས་སོ། །དེ་ལ་ཆོས་ཀྱི་འདུ་འཕྲོད་ནི་འདི་ཡིན་ཏེ། འདི་ལྟ་སྟེ་འདི་ཡོད་པས་ནི་འདི་འབྱུང་ཞེས་བྱ་བ་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱ་ཆེར་རོ། །འོ་ན་ཇི་ལྟ་བུའི་བདག་གཅིག་
མི་དགག་ཅེ་ན། ཕུང་པོ་ཙམ་ཉིད་དོ། །གལ་ཏེ་ཕུང་པོ་ཙམ་ཉིད་ལ་བདག་ཅེས་ཟེར་ན་ནི་དེ་ལ་དགག་པ་མེད་དོ། །དེ་ལྟ་ན་ཡང་ཕུང་པོ་ཉིད་འཇིག་རྟེན་གཞན་དུ་འཕོ་བར་འགྱུར་རོ་ཞེ་ན། ཕུང་པོ་དེ་དག་མི་འཕོ་སྟེ། །ཉོན་མོངས་ལས་ཀྱིས་མངོན་དུ་བྱས། །སྲིད་པ་བར་མའི་རྒྱུན་གྱིས་ན། །མར་མེ་
བཞིན་དུ་མངལ་དུ་འཇུག །ཕུང་པོ་སྐད་ཅིག་མ་དེ་དག་ལ་ནི། འཕོ་བའི་མཐུ་མེད་ཀྱི་ཉོན་མོངས་པ་དང་ལས་ཀྱིས་ཡོངས་སུ་བསྒོས་པའི་ཕུང་པོ་ཙམ་སྲིད་པ་བར་མ་ཞེས་བྱ་བ་ནི་རྒྱུན་གྱིས་མའི་མངལ་དུ་འགྲོ་སྟེ། དཔེར་ན་མར་མེ་སྐད་ཅིག་མའི་རྒྱུན་གྱིས་ཡུལ་གཞན་དུ་འགྲོ་ཞེས་བྱ་བ་བཞིན་པས་འདི་
Vol. 141 · folio 138a
ལ་ཉེས་པ་མེད་དོ། །དེ་བས་ན་བདག་ནི་མེད་ཀྱི། ཉོན་མོངས་པ་དང་ལས་ཀྱི་མངོན་པར་འདུས་བྱས་པའི་ཕུང་པོ་རྣམས་ཀྱི་རྒྱུན་མའི་མངལ་དུ་འགྲོ་ཞེས་བྱ་བ་འདི་གྲུབ་པོ། །དེ་ཡང་། རྒྱུད་ལ་ཇི་ལྟར་འཕངས་རིམ་བཞིན། །འཕེལ་ནས་ལས་དང་ཉོན་མོངས་ཀྱིས། །འཇིག་རྟེན་ཕ་
རོལ་དག་ཏུ་འགྲོ། །ཚེའི་ལས་ཐ་དད་པའི་ཕྱིར། ཕུང་པོའི་རྒྱུན་ཐམས་ཅད་ཀྱི་འཕེན་པ་འདྲ་བ་ནི་མ་ཡིན་ཏེ། དེའི་ཕྱིར་གང་ལ་ཇི་སྲིད་དུ་འཕངས་པ་དེ་སྲིད་དུ་རིམ་གྱིས་འཕེལ་ལོ། །རིམ་གང་ཞེ་ན། ནུར་ནུར་པོ་དང་། མེར་མེར་པོ་དང་། ནར་ནར་པོ་དང་། མཁྲང་གྱུར་པ་དང་། རྐང་ལག་འགྱུས་པ་ལ་སོགས་
པའི་རིམ་གྱིས་སོ། །འཕེལ་བའི་རྗེས་སུ་མཐུན་པ་ལས། །དབང་པོ་ཡོངས་སུ་སྨིན་ནས་ནི། །ཡང་ཉོན་མོངས་པ་རྣམས་ཀུན་དུ་སྤྱོད་ཅིང་ལས་རྣམས་ཀྱང་སོགས་པར་འགྱུར་རོ། །དེ་དག་གིས་དེའི་ལུས་བཤིག་ནས་ཡང་སྲིད་པ་བར་མའི་རྒྱུན་གྱིས་སྔ་མ་བཞིན་དུ་འཇིག་ཅིང་ཕ་རོལ་དུ་འགྲོ་བས་ན།
སྲིད་པའི་འཁོར་ལོ་ཐོག་མ་མེད། །རྣམ་པ་དེས་ན་ལས་དང་ཉོན་མོངས་པའི་རྒྱུ་ལས་བྱུང་བའི་ཚེ་དང་། ཡང་དེའི་རྒྱུ་ལས་དང་ཉོན་མོངས་པ་རྣམས་དང་། ཡང་དེ་དག་ལས་ཚེ་ཞེས་བྱ་བ་ལ་སོགས་པ་སྟེ། སྲིད་པའི་འཁོར་ལོ་ཐོག་མ་མེད་པར་རིག་པར་བྱའོ། །ཐོག་མ་རྟག་ན་ནི་དེ་རྒྱུ་མེད་པ་ཉིད་དུ་
ཐལ་བར་འགྱུར་རོ། །དེ་རྒྱུ་མེད་པ་ཞིག་ཡིན་ན་ནི་འདི་དག་ཐམས་ཅད་ཀྱང་རྒྱུ་མེད་པ་ཞིག་ལས་འབྱུང་བར་འགྱུར་བ་ཞིག་ལ། ཡུལ་དང་དུས་སོ་སོར་ངེས་པ་ལས་མྱུ་གུ་ལ་སོགས་པ་ལ་ས་བོན་ལ་སོགས་པ་དང་། དུ་བ་ལ་སོགས་པ་ལ་མེ་ལ་སོགས་པའི་ནུས་པ་ཡང་མཐོང་བས་རྒྱུ་མེད་པ་ལས་བྱུང་བ་
ཡང་མེད་ལ། རྒྱུ་རྟག་པ་ཡོད་པར་སྨྲ་བ་ཡང་དང་པོ་ཉིད་དུ་བཀག་ཟིན་པས། དེ་བས་ན་འཁོར་བ་ལ་ཐོག་མ་མེད་པ་ཉིད་དོ། །ཚེ་ནི་རྒྱུ་ལ་རག་ལུས་པའི་ཕྱིར་རྒྱུ་ཟད་པ་ལས་མཐའ་དང་ལྡན་པར་ནི་རིགས་ཏེ། ས་བོན་ཟད་པ་ལས་མྱུ་གུ་བཞིན་ནོ། །དེ་ལྟར་ཕུང་པོའི་རྒྱུན་ཚེའི་གནས་སྐབས་གསུམ་
དུ་བསྟན་པ་གང་ཡིན་པ་དེ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན། །ཡན་ལག་བཅུ་གཉིས་རབས་གསུམ་མོ། །དེ་ལ་ཡན་ལག་བཅུ་གཉིས་ནི་མ་རིག་པ་ལ་སོགས་པ་ནས། རྒ་ཤི་ལ་ཐུག་པའི་བར་རོ། །རབས་གསུམ་ནི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་ཏེ་འདས་པ་དང་མ་
Vol. 141 · folio 138b
འོངས་པ་དང་ད་ལྟར་བྱུང་བའི་ཚེའོ། །ཇི་ལྟར་ན་ཡན་ལག་བཅུ་གཉིས་རབས་གསུམ་དག་ཏུ་རྣམ་པར་གཞག་ཅེ་ན། སྔོན་དང་ཕྱི་མཐའ་གཉིས་གཉིས་དང་། །བར་གྱི་བརྒྱད་དེ། མ་རིག་པ་དང་འདུ་བྱེད་རྣམས་ནི་སྔོན་གྱི་མཐའོ། །སྐྱེ་བ་དང་རྒ་ཤི་ནི་ཕྱི་མའི་མཐའོ། །ལྷག་མ་བརྒྱད་ནི་བར་གྱིའོ། །ཅི་
ཡན་ལག་བརྒྱད་པོ་འདི་དག་ཐམས་ཅད་ཀྱི་སྐྱེ་བ་འདི་ལ་ཡོད་དམ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོ་ན་སུ་ལ་ཞེ་ན། ཡོངས་རྫོགས་ལ། ཡོངས་སུ་རྫོགས་པར་འདི་ལ་ཡོད་པས་ཡོངས་རྫོགས་ཏེ། འདིར་ནི་གནས་སྐབས་ཀྱི་བྱེ་བྲག་འདི་དག་ཐམས་ཅད་ལ་རེག་པའི་གང་ཟག་འདི་ལ་དགོངས་ཀྱི། བར་མ་དོར་འཆི་
བ་ཡང་མ་ཡིན་ནོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཡང་མ་ཡིན་ཏེ། འདི་ལྟར་གླེང་གཞི་ཆེན་པོའི་རྣམ་གྲངས་ལས། འདོད་པ་ན་སྤྱོད་པའི་གང་ཟག་ཉིད་བསྟན་པ། ཀུན་དགའ་བོ་གལ་ཏེ་རྣམ་པར་ཤེས་པ་མའི་མངལ་དུ་མ་ཞུགས་ན་ཞེས་འབྱུང་བའི་ཕྱིར་རོ། །གང་གི་ཚེ་རྟེན་ཅིང་འབྲེལ་བར་
འབྱུང་བ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་རྣམ་པ་གཉིས་སུ་བརྗོད་པ་དེའི་ཚེ་ནི་ཚོར་བ་ལ་ཐུག་པའི་བར་ཡན་ལག་བདུན་སྔོན་གྱི་མཐའོ། །ལྔ་ནི་ཕྱི་མའི་མཐའ་སྟེ། རྒྱུ་དང་འབྲས་བུར་བཅས་པ་ལ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་སྨོས་པའི་ཕྱིར་རོ། །ཡང་མ་རིག་པ་ལ་སོགས་པ་འདི་དག་གང་ཞིག་
ཅེ་ན། མ་རིག་ཉོན་མོངས་སྔོན་གནས་སྐབས། ཚེ་སྔ་མའི་ཉོན་མོངས་པའི་གནས་སྐབས་གང་ཡིན་པ་ནི་འདིར་མ་རིག་པ་ཞེས་བྱའོ། །ལྷན་ཅིག་སྤྱོད་པ་དང་། དེའི་དབང་གིས་དེ་དག་ཀུན་དུ་འབྱུང་བའི་ཕྱིར་ཏེ། རྒྱལ་པོ་གཤེགས་སོ་ཞེས་བྱ་བའི་ཚིག་གིས། དེའི་ཞམ་འབྲིང་བ་ཡང་འོངས་པར་གྲུབ་
པ་བཞིན་ནོ། །འདུ་བྱེད་སྔོན་གྱི་ལས་དག་གིས། །གནས་སྐབས་ཞེས་བྱ་བར་སྦྱར་ཏེ། ཚེ་སྔ་མའི་བསོད་ནམས་ལ་སོགས་པའི་ལས་ཀྱི་གནས་སྐབས་གང་ཡིན་པ་དེ་ནི་འདིར་འདུ་བྱེད་ཅེས་བྱ་སྟེ། ལས་གང་གིས་འདིར་རྣམ་པར་སྨིན་པའོ། །རྣམ་ཤེས་ཕུང་པོའི་མཚམས་སྦྱོར་བ། །མའི་
མངལ་དུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ལ་ཕུང་པོ་ལྔ་ནི་རྣམ་པར་ཤེས་པའོ། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་སྔ་རོལ་ལོ། །མཚམས་སྦྱོར་བའི་སེམས་ཅན་ཕན་ཆད་ནས། ཇི་སྲིད་དུ་སྐྱེ་མཆེད་དྲུག་མ་དོད་པའི་བར་གྱི་གནས་སྐབས་དེར་ནི་མིང་དང་གཟུགས་ཞེས་
Vol. 141 · folio 139a
བྱའོ། །སྐྱེ་མཆེད་བཞི་དོད་པའི་སྔ་རོལ་ཞེས་བརྗོད་པར་བྱའོ་ཞེ་ན། དེ་ནི་དེའི་ཚེ་སྐྱེ་མཆེད་དྲུག་ཅེས་བྱ་བ་རྣམ་པར་འཇོག་པའི་ཕྱིར་རོ། །དེ་ནི་གསུམ་འདུས་སྔ་རོལ་ལོ། །སྐྱེ་མཆེད་དྲུག་ནི་དོད་ལ། ཇི་སྲིད་དུ་དབང་པོ་དང་། ཡུལ་དང་། རྣམ་པར་ཤེས་པ་གསུམ་མ་འདུས་པ་དེ་སྲིད་ཀྱི་
གནས་སྐབས་དེ་ལ་ནི་སྐྱེ་མཆེད་དྲུག་ཅེས་བྱའོ། །རེག་པ་བདེ་སྡུག་ལ་སོགས་པའི། །རྒྱུ་ཤེས་ནུས་པའི་སྔ་རོལ་ལོ། །གསུམ་འདུས་པ་ལས་རེག་པར་འགྱུར་ལ། དེ་ནི་ཇི་སྲིད་དུ་ཚོར་བ་གསུམ་གྱི་རྒྱུ་ཡོངས་སུ་གཅོད་པར་མི་ནུས་པའི་གནས་སྐབས་དེ་ལ་རེག་པ་ཞེས་བྱའོ། །ཚོར་བ་འཁྲིག་
ལས་ལྔ། ཚོར་བའི་གནས་སྐབས་ནི་ཇི་སྲིད་དུ་འཁྲིག་པའི་འདོད་ཆགས་ཀུན་དུ་མི་སྤྱོད་པའི་བར་རོ། །སྲེད་པ། ལོངས་སྤྱོད་འཁྲིག་ལ་ཆགས་པ་ཅན། །འཁྲིག་པའི་འདོད་པ་ནི་ཀུན་དུ་སྤྱོད་ལ། ཇི་སྲིད་དུ་ཡུལ་ཡོངས་སུ་ཚོར་བ་ལ་མ་ཞུགས་པའི་གནས་སྐབས་དེ་ལ་ནི་སྲིད་པ་ཞེས་བྱའོ། །ཉེ་བར་
ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའོ། །གནས་སྐབས་གང་དུ་ཡུལ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་ཚོལ་བ་ལ་ཞུགས་ནས་ཐམས་ཅད་དུ་རྒྱུག་པ་དེ་ནི་ལེན་པ་ཞེས་བྱའོ། །དེ་ལྟར་ཡོངས་སུ་རྒྱུག་པ། དེ་སྲིད་འབྲས་བུར་འགྱུར་བ་ཡིན། །ལས་དེ་བྱེད་པ་སྲིད་པ་ཡིན། །
དེ་ཡུལ་རྣམས་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་རྒྱུག་པ་ན། ཡང་སྲིད་པ་པའི་ལ་སོགས་པ་དེ་ནི་སྲིད་པའོ། །ལས་དེ་ལ་ཡང་འདི་ནས་ཤི་འཕོས་ནས་ཚེ་ཕྱི་མར་ཉིང་མཚམས་སྦྱོར་བར་འགྱུར་རོ། །དེ་ནི། ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། འདི་ནི་རྣམ་པར་ཤེས་པའི་ཡན་ལག་གང་ཡིན་པ་དེ་
ཉིད་ཚེ་གཞན་དུ་སྐྱེ་བའོ། །དེ་ཕན་ཆད་ཚོར་བའི་བར་ནི་རྒ་ཤིའོ། །སྐྱེ་བ་ཕན་ཆད་ནས་ཚོར་བ་ལ་ཐུག་པའི་གནས་སྐབས་ནི་རྒ་ཤི་སྟེ། འདིའི་ཡན་ལག་བཞི་པོ་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་གང་ཡིན་པ་དེ་དག་ཉིད་གཞན་དུ་ན་རྒ་ཤིའོ། །རྟེན་ཅིང་འབྲེལ་པར་
འབྱུང་བའི་ཡན་ལག་བཅུ་གཉིས་པོ་དེ་དག་ནི་རྣམ་པ་བཞིར་བརྗོད་དེ། འདི་ལྟར་སྐད་ཅིག་པ་དང་། རྒྱུན་ཆགས་པ་དང་། འབྲེལ་པ་ཅན་དང་། གནས་སྐབས་པའོ། །དེ་ལ་སྐད་ཅིག་པ་ཇི་ལྟ་བུ་ཞེ་ན། སྐད་ཅིག་མ་གཅིག་ལ་ཡན་ལག་བཅུ་གཉིས་ཡོད་པ་སྟེ། འདི་ལྟ་སྟེ། ཆགས་པའི་དབང་
Vol. 141 · folio 139b
གིས་སྲོག་ཆགས་ཀྱི་སྲོག་གཅོད་པ་ལ་རྨོངས་པ་གང་ཡིན་པ་དེ་ནི་མ་རིག་པའོ། །སེམས་པ་གང་ཡིན་པ་དེ་ནི་འདུ་བྱེད་དོ། །དངོས་པོ་སོ་སོར་རྣམ་པར་རིག་པ་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་བའི་ཕུང་པོ་བཞི་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་རྣམ་པར་
གཞག་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་གོ། །སྐྱེ་མཆེད་དྲུག་འདུས་པ་ནི་རེག་པའོ། །རེག་པ་ཉམས་སུ་མྱོང་བ་ནི་ཚོར་བའོ། །ཆགས་པ་གང་ཡིན་པ་དེ་ནི་སྲིད་པའོ། །དེ་དང་མཚུངས་པར་ལྡན་པ་ནི་ཀུན་ནས་དཀྲིས་པ་ནི་ལེན་པའོ། །དེས་ཀུན་ནས་བསླང་བའི་ལུས་ཀྱི་ལས་དང་། ངག་གི་ལས་
ནི་སྲིད་པའོ། །ལས་དེ་རྣམས་ཀྱི་སྐྱེ་བ་ནི་སྐྱེ་བའོ། །ཡོངས་སུ་སྨིན་པ་ནི་རྒ་བའོ། །ཞིག་པ་ནི་ཤི་བའོ། །རྒྱུན་ཆགས་པ་ནི་ཡན་ལག་བཅུ་གཉིས་པའི་ཕུང་པོ་ལྔ་ཚེའི་གནས་སྐབས་གསུམ་དུ་བར་ཆད་མེད་པར་འབྲེལ་པ་རྣམས་ཏེ། རྒྱུན་ཆགས་པ་དང་ལྡན་པའི་ཕྱིར་རོ། །ཚེ་རབས་གསུམ་དུ་
འབྲེལ་པའི་ཕྱིར་འབྲེལ་པ་ཅན་ནོ། །ཡན་ལག་བཅུ་གཉིས་པའི་ཕུང་པོ་ལྔའི་གནས་སྐབས་ཡིན་པའི་ཕྱིར་གནས་སྐབས་པ་སྟེ། དེ་རྣམས་ལས་བཅོམ་ལྡན་འདས་ཀྱིས་འདི་གང་ལས་དགོངས་ཤེ་ན། འདིར་ནི། གནས་སྐབས་བར་འདི་འདོད་ཅེས་གྲག །འདིར་ནི་ཡན་ལག་བཅུ་གཉིས་པའི་
ཕུང་པོ་ལྔ་པ་ཚེ་རབས་གསུམ་དུ་བར་ཆད་མེད་པར་འབྲེལ་པའི་རྟེན་ཅིང་འབྲེལ་པར་འབྱུང་བར་འདོད་དོ། །གལ་ཏེ་ཡན་ལག་རིལ་པོ་ཕུང་པོ་ལྔ་ཆར་ཡོད་ན། ཅིའི་ཕྱིར་མ་རིག་པ་ལ་སོགས་པའི་ཆོས་འབའ་ཞིག་ལས་བསྒྲགས་ཤེ་ན། གཙོ་བོའི་ཡན་ལག་ཉིད་ལས་བསྒྲགས། མ་རིག་པ་གཙོ་
བོའི་ཚེ་ནི་མ་རིག་པར་བཤད་ལ། འདུ་བྱེད་རྣམས་གཙོ་བོའི་ཚེ་ནི་འདུ་བྱེད་དོ། །དེ་བཞིན་དུ་རྒ་ཤི་གཙོ་བོའི་ཚེ་ཡང་རྒ་ཤིའི་བར་དུ་སྟེ། ཉེས་པ་མེད་དོ། །ཡང་ཅིའི་ཕྱིར་མདོ་ལས་ནི་ཡན་ལག་བཅུ་གཉིས་སུ་བཤད་ལ། རབ་ཏུ་བྱེད་པ་ལས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། འདུས་
བྱས་ཀྱི་ཆོས་ཐམས་ཅད་དོ་ཞེས་གཞན་དུ་འབྱུང་ཞེ་ན། མདོ་ལས་ནི་སེམས་ཅན་ཞེས་བྱ་བའོ། །རབ་ཏུ་བྱེད་པ་ལས་ནི་སེམས་ཅན་དང་། སེམས་ཅན་མ་ཡིན་པ་ཞེས་བྱ་བའོ། །ཡང་ཅིའི་ཕྱིར་མདོ་ལས་སེམས་ཅན་ཞེས་བྱ་བ་འབའ་ཞིག་བཤད་ཅེ་ན། སྔོན་དང་ཕྱི་མ་བར་མཐའ་ལ། །རྨོངས་པ་
Vol. 141 · folio 140a
རྣམ་པར་བཟློག་པའི་ཕྱིར། །དེ་ལ་སྔོན་གྱི་མཐའ་ལ་རྨོངས་པ་རྣམ་པར་བཟློག་པའི་ཕྱིར་མ་རིག་པ་དང་འདུ་བྱེད་བསྟན་ཏོ། །ཕྱི་མའི་མཐའ་ལ་རྨོངས་པ་རྣམ་པར་བཟློག་པའི་ཕྱིར་སྐྱེ་བ་དང་རྒ་ཤི་བསྟན་ཏོ། །བར་གྱི་མཐའ་ལ་རྨོངས་པ་རྣམ་པར་བཟློག་པའི་ཕྱིར་རྣམ་པར་ཤེས་པ་དང་།
མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་བསྟན་ཏེ། དེའི་ཕྱིར་རབས་གསུམ་མོ། །ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་འདི་ལྟར་ཉོན་མོངས་པ་དང་། ལས་དང་། གཞི་གསུམ་གྱི་རང་བཞིན་དུ་རིག་པར་བྱའོ། །དེ་ལ་ཉོན་མོངས་པ་གསུམ་ནི་མ་རིག་
པ་དང་། སྲེད་པ་དང་། ལེན་པའོ། །ལས་གཉིས་ནི། འདུ་བྱེད་དང་། སྲིད་པའི་ཡན་ལག་གཉིས་ནི་ལས་ཀྱི་རང་བཞིན་ནོ། །གཞི་བདུན། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྐྱེ་བ་དང་། རྒ་ཤི་སྟེ། ཡན་ལག་བདུན་ནི་ལས་
དང་ཉོན་མོངས་པའི་རྟེན་ཡིན་པའི་ཕྱིར་གཞི་ཞེས་བྱའོ། །ཇི་ལྟར་ཡན་ལག་བདུན་གཞི་ཡིན་པ། དེ་བཞིན་འབྲས་བུ་སྟེ། ཡན་ལག་བདུན་པོ་ཉིད་འབྲས་བུར་གྱུར་པའོ། །ལྷག་མ་ལྔ་ནི་ལས་དང་ཉོན་མོངས་པའི་རང་བཞིན་ཡིན་པའི་ཕྱིར་རྒྱུའོ། །ཡང་ཅིའི་ཕྱིར་གཞི་རྣམ་པ་ལྔ་དང་ཉོན་མོངས་པ་
རྣམ་པ་གཉིས་ཐ་དད་པའི་ཕྱིར་དབུས་ཀྱི་རྒྱུ་དང་འབྲས་བུ་ནི། རྒྱ་ཆེར་བསྟན་ཅིང་རྣམ་པ་གཉིས་ཐ་དད་པའི་ཕྱིར། མ་འོངས་པའི་དུས་ཀྱི་འབྲས་བུ་ནི་མདོར་བསྡུས་ལ་འདས་པའི་དུས་ཀྱི་རྒྱུ་ནི་ཉོན་མོངས་པ་གཅིག་གི་སྒོ་ནས་བསྟན་ཅེ་ན། གཉིས་ཀྱི་རྒྱུ་འབྲས་བསྡུས་པ་ནི། །བར་མའི་རྗེས་སུ་དཔག་པ་ལས། །བར་མ་
ཉིད་ཀྱི་རྒྱུ་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་གཉིས་པའི་རྒྱུ་དང་། འབྲས་བུ་ཡང་རྒྱ་ཆེར་རྗེས་སུ་དཔག་པས་མ་བཤད་དེ། ཡང་དོན་མེད་པའི་འབད་པ་ནི་མི་བྱའོ། །གལ་ཏེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་འབའ་ཞིག་ཏུ་ཟད་ན་དེ་ལྟ་ན་ནི། མ་རིག་པའི་རྒྱུ་མ་བསྟན་པའི་ཕྱིར་འཁོར་བ་
ལ་ཐོག་མ་ཅན་དུ་འགྱུར་རོ། །རྒ་ཤིའི་འབྲས་བུ་མ་བསྟན་པའི་ཕྱིར་མཐའ་དང་ལྡན་པར་ཡང་འགྱུར་བས། ཡང་ན་ཡན་ལག་གཞན་ཞིག་གིས་ཁ་བསྐང་བར་བྱ་དགོས་ལ། དེ་ལ་ཡང་གཞན་ན་ནི་ཐུག་པ་མེད་པར་འགྱུར་རོ་ཞེ་ན། གང་གི་ཕྱིར་ཁ་བསྐང་མི་དགོས་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས།
Vol. 141 · folio 140b
ཉོན་མོངས་པ་ལས་ཉོན་མོངས་དང་། །བྱ་བ་ཉིད་དོ་དེ་ལས་གཞི། །དེ་ལས་གཞི་དང་ཉོན་མོངས་སྐྱེ། །འདི་ནི་སྲིད་པའི་ཡན་ལག་ལུགས། །ཞེས་བསྟན་པ་ལ། ཉོན་མོངས་པ་ལས་ཉོན་མོངས་པ་སྐྱེ་སྟེ། སྲེད་པ་ལས་ལེན་པའོ། །ཉོན་མོངས་པ་ལས་ལས་ཏེ། ལེན་པ་ལས་སྲེད་པ་དང་། མ་རིག་པ་ལས་
འདུ་བྱེད་རྣམས་སོ། །ལས་ལས་གཞི་སྟེ། འདུ་བྱེད་ལས་རྣམ་པར་ཤེས་པ་དང་། སྲིད་པ་ལས་སྐྱེ་བའོ། །གཞི་ལས་གཞི་སྟེ། རྣམ་པར་ཤེས་པ་ལས་མིང་དང་གཟུགས་ནས་རེག་པ་ལས་ཚོར་བའི་བར་དང་། སྐྱེ་བ་ལས་རྒ་ཤིའི་བར་རོ། །གཞི་ལས་ཉོན་མོངས་པ་སྟེ། །ཚོར་
བ་ལས་སྲེད་པའོ། །གང་གི་ཕྱིར་སྲིད་པའི་ཡན་ལག་རྣམས་ཀྱི་ལུགས། དེ་ལྟར་རྣམ་པར་གཞག་པ་དེའི་ཕྱིར་ཉོན་མོངས་པའི་རང་བཞིན་མ་རིག་པ་ཡང་གཞི་འམ་ཉོན་མོངས་པ་ལས་སྐྱེ་བར་བསྟན་པར་འགྱུར་ལ། རྒ་ཤིའི་ཚོར་བ་ལ་ཐུག་པའི་གཞི་ལས་ནི་ཡང་ཉོན་མོངས་པ་འབྱུང་
བས། ཡང་འདི་ལ་ཆུང་ཟད་ཀྱང་ཁ་བསྐང་བར་བྱ་བ་མེད་དོ། །དེ་ལྟ་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཡང་དག་པར་འབྱུང་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འདིའི་ནུས་པ་ཅི་ཞིག་ཏུ་འགྱུར། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཁྱེད་ལ་རྟེན་ཅིང་འབྲེལ་
པར་འབྱུང་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཀྱང་བསྟན་པར་བྱའོ་ཞེས་གང་གསུངས་པ་ལ་འདི་དག་གི་ཁྱད་པར་གང་ཞེ་ན། རྒྱུ་འདི་རྟེན་ཅིང་འབྲེལ་འབྱུང་སྟེ། །རྟེན་ཅིང་འབྱུང་བ་འབྲས་བུར་འདོད། །རྒྱུར་གྱུར་པའི་ཡན་ལག་ནི་འདི་ལས་འབྱུང་བས་ན་རྟེན་ཅིང་འབྲེལ་བར་འབྱུང་བའོ། །འབྲས་བུར་
གྱུར་པའི་ཡན་ལག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། དེ་ལྟ་ན་རྒྱུ་དང་འབྲས་བུར་གྱུར་པའི་ཕྱིར་ཡན་ལག་ཐམས་ཅད་ལ་ཡང་གཉི་གར་གྲུབ་བོ། །ཡང་མ་རིག་པ་ཞེས་བྱ་བའི་དོན་ཅི་ཞིག་ཡིན། གལ་ཏེ་གང་མ་རིག་པ་མ་ཡིན་པ་ཞིག་ཡིན་ནོ་ཞེ་ན། མིག་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་
རོ། །གལ་ཏེ་རིག་པ་མེད་པ་ཞིག་ཡིན་ནོ་ཞེ་ན། །དེ་ལྟ་ན་ཅུང་ཟད་ཀྱང་མ་ཡིན་པར་འགྱུར་བ་ཞིག་ན། དེ་ཡང་མི་རུང་བས། དེ་བས་ན། རིག་པའི་མི་མཐུན་ཕྱོགས་ཆོས་གཞན། །མ་རིག་མི་མཛའ་བརྫུན་སོགས་བཞིན། །ཇི་ལྟར་མཛའ་བོ་ལས་བཟློག་ན་འགའ་ཞིག་དེའི་གཉེན་པོར་གྱུར་པ་མི་མཛའ་
Vol. 141 · folio 141a
བ་ཡོད་ཀྱི་གང་མཛའ་བ་གཞན་འགའ་ཞིག་ཀྱང་དགྲ་མ་ཡིན་ལ་མཛའ་བ་མེད་པ་ཡང་མ་ཡིན་པ་ལྟ་བུའོ། །དྲང་པོ་ཞེས་བྱ་བ་ནི་བདེན་པའོ། །དེའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཚིག་ནི་བརྫུན་ཡིན་ཏེ། ཆོས་མ་ཡིན་པ་དང་། དོན་མ་ཡིན་པ་དང་། བྱ་བ་མ་ཡིན་པ་རྣམས་ནི་ཆོས་ལ་
སོགས་པའི་མི་མཐུན་པར་གྱུར་པ་དེ་བཞིན་དུ་མ་རིག་པ་ཡང་རིག་པའི་མི་མཐུན་པར་གྱུར་པ་ཆོས་གཞན་ཞིག་དུ་བལྟ་བར་བྱའོ། །འདི་ག་ལས་ཤེ་ན། རྐྱེན་གྱི་ངོ་བོར་བསྟན་པ་ལས་སོ། །གཞན་ཡང་། ཀུན་དུ་སྦྱོར་སོགས་ཚིག་གི་ཕྱིར། །མདོ་ལས་མ་རིག་པ་ནི་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་། ཕྲ་རྒྱས་
དང་། ཟག་པ་དང་། ཆུ་བོ་དང་། སྦྱོར་བ་ཞེས་བྱའོ་ཞེས་གསུངས་པ་ཡང་མེད་པ་ཙམ་ལ་དེ་ལྟ་བུར་འགྱུར་བ་ནི་འོས་པ་མ་ཡིན་ལ་མིག་ལ་སོགས་པ་ཡང་མ་ཡིན་པས་དེ་བས་ན་མ་རིག་པ་ནི་ཆོས་གཞན་པ་ཉིད་དེ། དཔེར་ན་ཆུང་མ་ངན་པ་ལ་ཆུང་མ་མ་ཡིན་ཞེས་བྱ་བ་དང་། བུ་ངན་པ་ལ་བུ་མ་ཡིན་ཞེས་བྱ་བ་
ལྟར་མ་རིག་པ་ཡང་དེ་བཞིན་ནོ། །ལྟ་ཕྱིར་ཤེས་རབ་ངན་པ་མིན། །སྨད་པའི་ཤེས་རབ་ནི་ཉོན་མོངས་པ་ཅན་ཏེ། དེ་ཡང་ལྟ་བའི་རང་བཞིན་ཡིན་ན་མ་རིག་པ་ནི་མི་འཐད་དོ། །འོ་ན་གང་ལྟ་བ་མ་ཡིན་པ་དེ་ཡིན་པར་འགྱུར་རོ་ཞེ་ན། དེ་ཡང་ཡིན་པར་འོས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ལྟ་བ་དེ་དང་
མཚུངས་ལྡན་ཕྱིར། །གལ་ཏེ་མ་རིག་པ་ཤེས་རབ་ཏུ་གྱུར་ན་ཤེས་རབ་ཀྱི་རྫས་གཉིས་མཚུངས་པར་མི་ལྡན་པའི་ཕྱིར་ཏེ། དེ་དང་ལྟ་བར་མཚུངས་པར་ལྡན་པ་མ་ཡིན་ཏེ། འདི་ལས་ཀྱང་། ཤེས་རབ་ཉོན་མོངས་བསྟན་པའི་ཕྱིར། །མདོ་ལས་འདོད་ཆགས་ཀྱིས་ཉེ་བའི་ཉོན་མོངས་པ་ཅན་དུ་བྱས་པའི་
སེམས་ནི་རྣམ་པར་མ་གྲོལ་བའོ། །མ་རིག་པས་ཉེ་བའི་ཉོན་མོངས་པ་ཅན་དུ་བྱས་པའི་ཤེས་རབ་ནི་མི་འདག་གོ་ཞེས་གསུངས་པ་ཡང་ཤེས་རབ་དེ་ཉིད་པྲཛྙཱ་དེའི་ཉོན་མོངས་པ་ཡིན་པར་ནི་མི་རིགས་ཀྱི། ཇི་ལྟར་ཉེ་བའི་ཉོན་མོངས་པ་འདོད་ཆགས་སེམས་ལས་གཞན་ཡིན་ཞིང་རིགས་ཐ་དད་པ་ལྟར་ཤེས་
རབ་དང་མ་རིག་པ་ཡང་དེ་བཞིན་ནོ། །མ་རིག་པའི་དོན་བཤད་ཟིན་ཏོ། །ཡང་མིང་དང་། གཟུགས་ཞེས་བྱ་བའི་དོན་ཅི་ཞེ་ན། གཟུགས་ནི་རྒྱ་ཆེར་ཇི་སྐད་དུ་བཤད་པའོ། །མིང་ནི་གཟུགས་ཅན་མིང་ཕུང་པོ། །ཅིའི་ཕྱིར་ཞེ་ན། མིང་དང་དབང་པོ་དང་དོན་གྱི་དབང་གིས་དོན་ལ་འཇུག་པའི་ཕྱིར་
Vol. 141 · folio 141b
རོ། །མིང་གང་གི་དབང་གིས་ཤེ་ན། གང་འཇིག་རྟེན་འདི་ན་གྲག་པ་སྟེ། དེ་ན་དེ་དང་དེ་དག་རྒྱན་དུ་གྱུར་པ་ལ་བ་ལང་དང་རྟ་དང་གཟུགས་དང་རོ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ཀྱང་ཅིའི་ཕྱིར་མིང་ཡིན་ཞེ་ན། དོན་དེ་དང་དེ་དག་ལ་མིང་འཇུག་པར་བྱེད་པའི་ཕྱིར་རོ། །གཞན་དག་ན་རེ་འདིར་ལུས་བོར་ནས་སྐྱེ་
བ་གཞན་དུ་གཞོལ་བར་བྱེད་པའི་ཕྱིར་མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་ཞེས་ཟེར་རོ། །སྐྱེ་མཆེད་དྲུག་བཤད་ཟིན་ཏོ། །རེག་པ་བརྗོད་པར་བྱ་སྟེ། རེག་དྲུག །མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དུ་སྟེ། དེ་དག་ཀྱང་། འདུས་ཏེ་བྱུང་བའོ། །དབང་པོ་དང་དོན་དང་རྣམ་པར་
ཤེས་པ་རྣམས་འདུས་པ་ལས་བྱུང་བའོ། །རེག་པ་དྲུག་པོ་དེ་དག་ལས། །ལྔ་ནི་ཐོགས་པའི་རེག་པ་ཡིན། །དྲུག་པ་བླ་དགས་ཚིག་ཅེས་བྱ། །མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལྔ་ནི་ཐོགས་པ་དང་བཅས་པའི་དབང་པོ་ལ་བརྟེན་པའི་ཐོགས་པའི་རེག་པ་ཞེས་བྱའོ། །དྲུག་པ་
ཡིད་ཀྱི་འདུས་ཏེ་རེག་པ་རྣམས་ནི་ཚིག་བླ་དགས་ཀྱི་རེག་པ་ཞེས་བྱའོ། །ཅིའི་ཕྱིར་ཚིག་བླ་དགས་ལ་མིང་ཞེས་བྱ་ཞེ་ན། དེ་ནི་ལྷག་མ་ལ་དམིགས་པས་དེའི་ཚིག་བླ་དགས་ཀྱི་རེག་པ་ཞེས་བྱའོ་ཞེས་གྲག་གོ། །ཡང་རེག་པ་དྲུག་པོ་དེ་དག་ཉིད་གསུམ་དུ་འགྱུར་ཏེ། རིག་དང་མ་རིག་དང་གཞན་རེག །རིག་པའི་
རེག་པ་དང་། མ་རིག་པའི་རེག་པ་དང་། དེ་གཉིས་ལས་གཞན་པ་རིག་པ་ཡང་མ་ཡིན་མ་རིག་པ་ཡང་མ་ཡིན་པའི་རེག་པའོ། །དེ་དག་ཀྱང་རིམ་བཞིན་དུ། དྲི་མེད་ཉོན་མོངས་ཅན་ལྷག་མ། །རིག་པའི་རེག་པ་ནི་ཟག་པ་མེད་པའི་རེག་པའོ། །མ་རིག་པའི་རེག་པ་ནི་ཉོན་མོངས་པ་ཅན་གྱི་
རེག་པ་སྟེ། རིག་པ་དང་མ་རིག་པ་དང་ལྡན་པའི་ཕྱིར་རོ། །ལྷག་མ་ནི་གཉི་ག་དང་མཚུངས་པར་མི་ལྡན་པའི་ཕྱིར་རིག་པ་ཡང་མ་ཡིན་མ་རིག་པ་ཡང་མ་ཡིན་པའི་རེག་པའོ། །ལྷག་མ་ཡང་གང་ཞིག་ཅེ་ན། དགེ་བ་ཟག་པ་དང་བཅས་པ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །ཡང་
མ་རིག་པའི་རེག་པ་ནི་ཡང་དང་ཡང་དུ་ཀུན་དུ་འབྱུང་བས་ཕྱོགས་གཅིག་སྨོས་པས་རེག་པ་གཉིས་སུ་འགྱུར་ཏེ། གནོད་སེམས་རྗེས་སུ་ཆགས་པའི་རེག །གནོད་སེམས་དང་། རྗེས་སུ་ཆགས་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཡང་ཐམས་ཅད་བསྡུ་ན། བདེ་བ་ཚོར་བ་འགྱུར་
Vol. 141 · folio 142a
སོགས་གསུམ། །བདེ་བ་ཚོར་བར་འགྱུར་བའི་རེག་པ་དང་སྡུག་བསྔལ་ཚོར་བར་འགྱུར་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཚོར་བར་འགྱུར་བ་སྟེ། བདེ་བ་ལ་སོགས་པ་དང་མཐུན་པའི་ཕྱིར་རོ། །དེ་ལྟར་ན་རེག་པ་དེ་དག་ནི་བཅུ་དྲུག་ཏུ་འགྱུར་རོ། །
རེག་པ་བཤད་ཟིན་ཏོ། །ཚོར་བ་བརྗོད་པར་བྱ་སྟེ། དེ་ལ་སྔར་རེག་པ་རྣམ་པ་དྲུག་བཤད་པ་གང་ཡིན་པ། དེ་ལས་བྱུང་བ་ཚོར་བ་དྲུག །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དག་ལས་བྱུང་བའི་བར་ཏེ། དེ་དག་ལས། ལྔ་ནི་ལུས་ཀྱི་སེམས་
ཀྱི་གཞན། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལྔ་ནི་དབང་པོ་གཟུགས་ཅན་ལ་བརྟེན་པའི་ཕྱིར་ལུས་ཀྱི་ཚོར་བ་ཞེས་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བ་ནི་སེམས་ཙམ་ལ་བརྟེན་པའི་ཕྱིར་སེམས་ཀྱི་ཞེས་བྱའོ། །དེ་ཉིད་ཉེ་བར་རྒྱུ་བ་
ལ། །རྣམ་པ་དག་ནི་ཡང་བཅོ་བརྒྱད། །ཡང་སེམས་ཀྱི་ཚོར་བ་ཉིད་ནི། ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་རྣམ་པར་གཞག་པ་ལས་རྣམ་པ་བཅོ་བརྒྱད་དུ་དབྱེའོ། །ཡིད་ཀྱི་ཉེ་བར་རྒྱུ་བ་བཅོ་བརྒྱད་གང་ཞེ་ན། ཡིད་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང་། ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་དྲུག་དང་། བཏང་སྙོམས་
ཀྱི་ཉེ་བར་རྒྱུ་བ་དྲུག་སྟེ། ཡིད་བདེ་བ་ལ་སོགས་པ་དེ་དག་ཡིད་ལ་བརྟེན་ནས་དེ་དག་ཡུལ་ལ་ཉེ་བར་རྒྱུ་བའི་ཕྱིར་ཡིད་ཀྱི་ཉེ་བར་རྒྱུ་བའམ། ཡུལ་དག་ལ་ཉེ་བར་རྒྱུ་བས་ཡིད་ཀྱི་ཉེ་བར་རྒྱུ་བ་སྟེ། ཚོར་བའི་དབང་གིས་ཡུལ་རྣམས་ལ་ཡིད་ཡང་དང་ཡང་དུ་རྣམ་པར་རྒྱུ་བའི་ཕྱིར་རོ། །ཡང་ཡིད་ཀྱི་ཉེ་བར་རྒྱུ་བ་
འདི་དག་ལས་འདོད་པ་དང་ལྡན་པ་ནི་དུ་ཞེ་ན། དེ་དག་ལས་དུའི་དམིགས་པ་ནི་ཅི་ཞིག་ཡིན་ཞེས་བྱ་བ་ནས་དེ་བཞིན་དུ་གཟུགས་མེད་པ་དང་ལྡན་པའི་བར་དུ་ཡང་བརྗོད་པར་བྱའོ་ཞེ་ན། སྨྲས་པ། འདོད་པ་རང་ལ་དམིགས་ཐམས་ཅད། །འདོད་པའི་ཁམས་དག་ན་ནི་བཅོ་བརྒྱད་རིམ་གྱིས་ཡོད་དེ།
དེ་ཡང་དེ་དག་ཐམས་ཅད་ཀྱི་དམིགས་པ་ཡང་དེ་ཡིན་ནོ། །དེ་རྣམས་ཉིད་ལས་གཟུགས་ཅན་བཅུ་གཉིས་སྤྱོད་ཡུལ་ལོ། །གཟུགས་ཀྱི་ཁམས་སུ་ནི་དྲི་དང་རོ་དང་ཉེ་བར་རྒྱུ་བ་དྲུག་མ་གཏོགས་པ་བཅུ་གཉིས་ལ་དམིགས་པ་སྟེ། དེ་ན་དེ་གཉིས་མེད་པའི་ཕྱིར་རོ། །གོང་མའི་གསུམ་དག། སྤྱོད་ཡུལ་
Vol. 141 · folio 142b
ཞེས་བྱ་བར་སྦྱར་ཏེ། །གཟུགས་མེད་པའི་ཁམས་ཀྱི་ནི་གསུམ་སྟེ། དེ་ནི་གཟུགས་ལ་སོགས་པ་མེད་པའི་ཕྱིར་དམིགས་པ་ཆོས་ལ་ཉེ་བར་རྒྱུ་བའོ། །འདོད་པའི་ཁམས་དང་ལྡན་པ་བཤད་ཟིན་ཏོ། །གཟུགས་དང་ལྡན་པ་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག །བསམ་གཏན་གཉིས། བཅུ་གཉིས།
ཡིད་མི་བདེ་བའི་ཉེ་བར་རྒྱུ་བ་མ་གཏོགས་སོ། །བཅུ་གཉིས་པོ་དེ་དག་ཀྱང་། འདོད་པར་འགྲོ་བ་རྣམས། འདོད་པར་འགྲོ་བས་ན་འདོད་པར་འགྲོ་བ་སྟེ། འདོད་པའི་ཁམས་ལ་དམིགས་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་རྟོགས་པར་བྱ་ཞེ་ན། ཡུལ་རྣམས་ལ་འཛིན་པའི་དོན་ལ་འགྲོ་བར་སྦྱོར་བ་
ཡང་མཐོང་སྟེ། དེ་ལྟར་རྟོགས་པར་བྱའོ། །རང་ལ་དམིགས་པ་བརྒྱད། གཟུགས་ཀྱི་ཁམས་དེ་ཉིད་ན་ནི་ཡིད་ཀྱི་ཉེ་བར་རྒྱུ་བ་བརྒྱད་དེ་དག་གི་དམིགས་པ་རང་གི་སྟེ། དྲི་དང་རོ་ལ་ཉེ་བར་རྒྱུ་བ་བཞི་མ་གཏོགས་སོ། །གཟུགས་མེད་གཉིས། དམིགས་པ་ཆོས་ལ་ཉེ་བར་རྒྱུ་བའོ། །བསམ་
གཏན་གཉིས་དྲུག །བསམ་གཏན་གསུམ་པ་དང་བཞི་པ་གཉིས་ན་ནི་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་དྲུག་འབའ་ཞིག་ཡོད་ཀྱི་གཞན་དག་ནི་མ་ཡིན་ནོ། །དེ་དག་གི་དམིགས་པ་ཡང་། འདོད་པའི་དྲུག་སྟེ། འདོད་པའི་ཁམས་ཀྱི་དྲུག་ཅར་ཡང་དམིགས་པ་ཡིན་ནོ། །རང་གི་བཞི་ཡིན་ནོ། །
གཟུགས་ཀྱི་ཁམས་ན་ནི་བཞི་སྟེ། དེ་ན་དྲི་དང་རོ་མེད་པའི་ཕྱིར་རོ། །གོང་མའི་དམིགས་པ་གཅིག་ཡིན་ནོ། །གཟུགས་མེད་པའི་ཁམས་སུ་ནི་དམིགས་པ་ཆོས་ལ་ཉེ་བར་རྒྱུ་བ་གཅིག་པུའོ། །གཟུགས་དང་ལྡན་པ་བཤད་ཟིན་ཏོ། །ད་ནི་གཟུགས་མེད་པ་དང་ལྡན་པ་བརྗོད་པར་བྱ་སྟེ། གཟུགས་
མེད་ཉེ་བར་བསྡོགས་ལ་བཞི། །འདིར་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེར་བར་བསྡོགས་པས་ན། ཉེ་བར་བསྡོགས་པ་སྟེ། དེར་ནི་གཟུགས་དང་། སྒྲ་དང་། རེག་བྱ་དང་ཆོས་ལ་ཉེ་བར་རྒྱུ་བ་བཞིའོ། །དེ་དག་ཀྱང་། གཟུགས་འགྲོ། དེ་དག་གི་དམིགས་པ་ནི་བསམ་གཏན་བཞི་པའོ། །
གོང་མར་འགྲོ་བ་གཅིག །གཟུགས་མེད་པའི་ཁམས་ལ་དམིགས་ན་ནི་དེར་ཆོས་ལ་ཉེ་བར་རྒྱུ་བ་གཅིག་པུའོ། །དངོས་གཞི་ལ་གཅིག །གཟུགས་མེད་པའི་དངོས་གཞི་ལ་ནི་ཆོས་ལ་ཉེ་བར་རྒྱུ་བ་འབའ་ཞིག་ཡོད་ཀྱི་གཞན་ནི་མ་ཡིན་ནོ། །དེ་ཡང་རང་གི་ཡུལ་གཟུགས་མེད་པ་ལ་དམིགས་པ་ཉིད་དོ། །
Vol. 141 · folio 143a
གཟུགས་མེད་པའི་ཁམས་ཀྱི་དངོས་གཞིའི་ནི་འོག་མ་ལ་མི་དམིགས་སོ་ཞེས་འོག་ནས་འཆད་དོ། །ཡིད་ཀྱི་ཉེ་བར་རྒྱུ་བ་འདི་དག་ཀྱང་། བཅོ་བརྒྱད་ཐམས་ཅད་ཟག་དང་བཅས། །ཟག་པ་མེད་པ་ནི་འགའ་ཡང་མེད་དོ། །དེ་ལྟར་ན་ཚོར་བ་ཞེས་བྱ་བའི་ཡན་ལག་ནི་རྣམ་པ་དུ་མར་རིག་པར་
བྱའོ། །ཡན་ལག་ལྷག་མ་རྣམས་ནི་ཡང་མི་བརྗོད་དོ། །དེ་ཅིའི་ཕྱིར་ཞེ་ན། བཤད་དང་འཆད་པར་འགྱུར་བ་གཞན། །འདིའི་ཡན་ལག་ཁ་ཅིག་ནི་བཤད་ཟིན་ཏོ། །ཁ་ཅིག་ནི་འོག་ནས་འཆད་དེ། དེ་ལ་རེ་ཞིག་རྣམ་པར་ཤེས་པ་ནི། རྣམ་ཤེས་སོ་སོར་རྣམ་རིག་པ། །ཡིད་ཀྱི་སྐྱེ་མཆེད་ཀྱང་
དེ་ཡིན། །ཞེས་བཤད་ཟིན་ཏོ། །སྐྱེ་མཆེད་དྲུག་ཀྱང་། མིག་ལ་སོགས་པ་གཟུགས་དང་བ། །དེ་ནི་རྣམ་པར་ཤེས་པའི་རྟེན། །ཞེས་བཤད་ཟིན་ཏོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་མཛོད་ཀྱི་གནས་ནས་འཆད་དོ། །སྲེད་པ་དང་། ལན་པ་ནི་ཕྲ་རྒྱས་ཀྱི་མཛོད་ཀྱི་གནས་ནས་འཆད་དོ། །རྟེན་ཅིང་འབྲེལ་
པར་འབྱུང་བ་དེ་དག་ཀྱང་མདོར་བསྡུ་ན་ཉོན་མོངས་པ་དང་ལས་དང་གཞི་རྣམས་སོ་ཞེས་སྔར་བསྟན་པ་ལ། འདིར་ནི་ཉོན་མོངས་པ་འདོད་པ། །ས་བོན་བཞིན་ཀླུ་རྩ་བ་དང་། །ལྗོན་ཤིང་དེ་བཞིན་ཕུབ་མ་བཞིན། །ས་བོན་ལ་སོགས་པ་དང་ཆོས་མཐུན་པ་ཇི་ལྟ་བུ་ཞེ་ན། དཔེར་ན་ས་བོན་ལ་ནི་མྱུ་གུ་དང་། སྡོང་བུ་
དང་། ལོ་མ་ལ་སོགས་པ་སྐྱེ་བར་འགྱུར་བ་དེ་བཞིན་དུ་ཉོན་མོངས་པ་ལས་ཀྱང་ཉོན་མོངས་པ་དང་ལས་དང་གཞི་རྣམས་འབྱུང་ངོ་། །དཔེར་ན་ཆུ་ཀླུ་གནས་པའི་མཚོ་ནི་སྐམ་པར་མི་འགྱུར་བ་ལྟར། ཉོན་མོངས་པའི་ཀླུ་གནས་པའི་ཚེ་ཡང་དེ་བཞིན་ནོ། །དཔེར་ན་ནགས་ཀྱི་ཚལ་དྲུང་ནས་མ་ཕྱུང་བ་
ཡང་དང་ཡང་དུ་བཅད་ཀྱང་སླར་སྐྱེ་བ་ལྟར། ཉོན་མོངས་པ་རྩ་ནས་མ་བཏོན་པའི་འགྲོ་བ་རྣམས་ཀྱང་དེ་བཞིན་ནོ། །དཔེར་ན་ཤིང་ལྗོན་པ་དུས་དུས་སུ་མེ་ཏོག་དང་འབྲས་བུ་རྣམས་འཕེལ་བ་དེ་བཞིན་དུ་ཉོན་མོངས་པ་ཡང་ལན་ཅིག་མ་ཡིན་པར་ཉོན་མོངས་པ་དང་། ལས་དང་། གཞིའི་རྒྱུར་འགྱུར་རོ། །
དཔེར་ན་ཕུབ་མ་དང་བཅས་པའི་འབྲས་ཐུག་པོ་ཆེ་ནི་སྐྱེ་བར་ནུས་ཀྱི་འབའ་ཞིག་ནི་མ་ཡིན་པ་དེ་བཞིན་དུ་ཉོན་མོངས་པའི་ཐོབ་པ་དང་འབྲེལ་བའི་ལས་ཀྱང་ཚེ་གཞན་བསྐྱེད་པར་ནུས་པར་འགྱུར་གྱི་འབའ་ཞིག་ནི་མ་ཡིན་ཏེ། དེ་ལྟར་ན་ཉོན་མོངས་པ་ནི་ས་བོན་ལ་སོགས་པ་ལྟ་བུར་རིག་པར་བྱའོ། །ལས་
Vol. 141 · folio 143b
ནི་ཕུབ་བཅས་འབྲས་དང་བཅས། །དེ་བཞིན་སྨན་དང་མེ་ཏོག་བཞིན། །ཕུབ་མ་འདི་ལ་ཡོད་པས་ཕུབ་མ་དང་བཅས་པ་སྟེ། ཕུབ་མ་ལྟ་བུའི་ཉོན་མོངས་པ་ནི་བཤད་ཟིན་ཏོ། །ད་ནི་ཕུབ་མ་དང་བཅས་པའི་འབྲས་ལྟ་བུའི་ལས་བརྗོད་པར་བྱ་སྟེ། དཔེར་ན་ནས་དང་སྨན་འབྲས་བུ་མཐར་སྨིན་པ་ལྟར། ལས་
ཀྱང་རྣམ་པར་སྨིན་ཟིན་ནས་ཡང་རྣམ་པར་སྨིན་མི་ནུས་པའི་ཕྱིར་རོ། །དཔེར་ན་མེ་ཏོག་ནི་འབྲས་བུ་སྐྱེད་པའི་ཉེ་བའི་རྒྱུ་ཡིན་པ་ལྟར། ལས་རྣམས་ཀྱི་རྣམ་པར་སྨིན་པ་སྐྱེས་པ་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །གཞི་ནི་གྲུབ་པའི་བཟའ་བཏུང་བཞིན། །དཔེར་ན་གྲུབ་ཟིན་པའི་བཟའ་བ་དང་བཏུང་བ་ནི་ཡོངས་སུ་ལོངས་སྤྱད་
པར་བྱ་བ་འབའ་ཞིག་ཡིན་གྱི་ཡང་བསྐྱེད་པར་བྱ་བ་མ་ཡིན་པ་ལྟར། རྣམ་པར་སྨིན་པ་ཞེས་བྱ་བའི་གཞི་ཡང་། ཡང་རྣམ་པར་སྨིན་པ་ལས་ཚེ་རབས་གཞན་དུ་རྣམ་པར་སྨིན་པ་གཞན་དང་འབྲེལ་པ་ནི་མ་ཡིན་ཏེ། གལ་ཏེ་འབྲེལ་ན་ནི་ཐར་བར་མི་འགྱུར་རོ། །ཡང་ཚེའི་རྒྱུན་ཏེ་དེ་ལྟར་རྟེན་
ཅིང་འབྲེལ་པར་འབྱུང་བ་ན། འདི་ལྟ་སྟེ། སྲིད་པ་བར་མ་དང་། སྐྱེ་བའི་སྲིད་པ་དང་། སྲིད་པ་ཕྱི་མ་དང་། འཆི་བའི་སྲིད་པ་དང་། སྲིད་པ་བཞི་ལས་མི་འདའ་སྟེ། དེ་དག་ནི་བཤད་ཟིན་ཏོ། །སྲིད་པ་བཞི་པོ་དེ་དག་ལས། །སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །གཅིག་ཏུ་སྟེ། ཉོན་
མོངས་པ་གང་གིས་ཤེ་ན། ཉོན་མོངས་ཀུན་གྱིས་རང་ས་པས། །སྐྱེ་བའི་སྲིད་པས་གང་བའི་ཡིན་པས་དེ་པའི་ཉོན་མོངས་པ་ཐམས་ཅད་ཀྱིས་ཏེ། གང་གིས་ཉིང་མཚམས་སྦྱོར་བ་འཆིང་བར་དགག་པའི་ཉོན་མོངས་པ་ནི་མེད་དོ། །གཞན་རྣམ་གསུམ་སྟེ། སྲིད་པ་བར་མ་ལ་སོགས་པ་
སྲིད་པ་གཞན་གསུམ་ནི་དགེ་བ་དང་། ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པ་རྣམ་པ་གསུམ་ག་ཡིན་ནོ། །ཡང་སྲིད་པ་འདི་རྣམས་ལས་གང་ཞིག་གང་དང་ལྡན་ཞེ་ན། གཟུགས་མེད་གསུམ། སྲིད་པ་བར་མ་མ་གཏོགས་ཏེ། །གཟུགས་མེད་པའི་ཁམས་ན་ནི་གང་དུ་ཕྱིན་པར་བྱ་བའི་ཕྱིར་
སྲིད་པ་བར་མ་ལ་མངོན་པར་གྲུབ་པའི་གནས་གཞན་ཡོངས་སུ་འཆད་པ་མེད་དོ། །འདོད་པ་དང་གཟུགས་ཀྱི་ཁམས་ཀྱི་ནི་གྲངས་མ་སྨོས་པས་སྲིད་པ་བཞི་པོ་རིལ་གྱིས་ཡོད་དོ་ཞེས་སྣང་བར་འགྱུར་རོ། །སེམས་ཅན་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བ་བཞིན་དུ་རྒྱ་ཆེར་བཤད་ཟིན་ཏོ། །
Vol. 141 · folio 144a
ཡང་སེམས་ཅན་རྣམས་ཇི་ལྟར་གནས་པར་འགྱུར་ཞེ་ན། སྨྲས་པ། ཟས་ཀྱིས་འགྲོ་བ་གནས་པ་ཡིན། །བཅོམ་ལྡན་འདས་ཉིད་ཀྱིས་མཁྱེན་པས་མངོན་པར་སངས་རྒྱས་ནས་ཆོས་གཅིག་བཀའ་སྩལ་པ་ནི་འདི་ལྟ་སྟེ། སེམས་ཅན་ནི་ཟས་ཀྱིས་གནས་པ་ཡིན་ནོ་ཞེས་བྱ་བ་ནི་མདོའི་ཚིག་
གོ། །ཟས་རྣམས་ཀྱང་གང་དག་ཅིག་ཅེ་ན། ཟས་ནི་བཞི་སྟེ། ཁམ་གྱི་ཟས་དང་། རགས་པ་དང་། ཕྲ་བའོ། །ཕྲ་བ་ནི་སྲིད་པ་བར་མ་རྣམས་དྲི་ཟ་བའི་ཕྱིར་བ་དང་། ལྷ་རྣམས་དང་བསྐལ་པ་དང་པོ་རྣམས་རྒྱུ་མཐུན་པ་མེད་པའི་ཕྱིར་བྱེ་མའི་ནང་དུ་ཏིལ་མར་བླུགས་པ་བཞིན་པའམ། ཕྲ་མོ་རྣམས་ཀྱི་ཡིན་པས་ཕྲ་མོ་སྟེ། བྱིས་
པ་དང་དྲོད་གཤེར་ལས་སྐྱེ་བ་རྣམས་ཀྱིའོ། །རེག་པ་ནི་གཉིས་པའོ། །ཡིད་ལ་སེམས་པ་ནི་གསུམ་པའོ། །རྣམ་པར་ཤེས་པ་ནི་བཞི་པའོ། །ཡང་དེ་ལ། འདོད་པའི་ཁམས་ཀྱི་ཟས་ཡིན་ནོ། །གཟུགས་དང་གཟུགས་མེད་པའི་ཁམས་དག་ན་ནི་དེའི་འདོད་ཆགས་དང་བྲལ་བ་རྣམས་དེར་སྐྱེ་བའི་ཕྱིར་མ་
ཡིན་ནོ། །དེ་ཡང་། སྐྱེ་མཆེད་གསུམ་གྱི་བདག་ཉིད་དེ། འདོད་པ་ན་སྤྱོད་པའི་རོ་དང་། དྲི་དང་། རེག་བྱ་རྣམས་ཏེ། ཁ་དང་སྣས་ཁམ་དུ་བཅད་ནས་ཁམ་དུ་བྱས་ཏེ་མེད་པའི་ཕྱིར་ཐམས་ཅད་ཀྱང་ཁམ་གྱི་ཟས་སོ། །གཟུགས་ཀྱི་སྐྱེ་མཆེད་མ་ཡིན། ཅིའི་ཕྱིར་ཞེ་ན། དེས། རང་དབང་གྲོལ་བ་མི་འཛིན་ཕྱིར། །
ཟས་ཞེས་བྱ་བ་ནི་གང་རང་གི་དབང་པོ་དང་འབྱུང་བ་ཆེན་པོ་རྣམས་ལ་ཕན་འདོགས་པ་ཡིན་ན། གཟུགས་ནི་མེད་པའི་ཚེ་རང་གི་དབང་པོའམ། དེའི་འབྱུང་བ་ཆེན་པོ་རྣམས་ལ་ཡང་ཕན་མི་འདོགས་ན་ཡུལ་མ་ཡིན་པའི་ཕྱིར་གཞན་ལ་ལྟ་སྨོས་ཀྱང་ཅི་དགོས། གང་གི་ཚེ་མཐོང་བ་ན་བདེ་བ་དང་། ཡིད་བདེ་
བ་སྐྱེད་པ་དེའི་ཚེ་ཡང་དེ་ལ་དམིགས་པ་ལས་བདེ་བ་མྱོང་བར་འགྱུར་བའི་རེག་པའི་ཟས་སུ་འགྱུར་གྱི་གཟུགས་ནི་མ་ཡིན་ནོ། །ཕྱིར་མི་འོང་བ་དང་དགྲ་བཅོམ་པ་གྲོལ་བ་རྣམས་ཟས་ཤིན་ཏུ་ཡིད་དུ་འོང་བ་མཐོང་ཡང་ཕན་འདོགས་པ་མེད་པའི་ཡང་ཕྱིར་རོ། །རེག་དང་སེམས་པ་རྣམ་ཤེས་ནི། །
ཟག་བཅས་ཟས་རྣམས་གསུམ་དག་ཏུ། །གསུམ་འདུས་པ་ལས་བྱུང་བའི་རེག་པ་དང་། ཡིད་ཀྱི་ལས་སེམས་པ་དང་། རྣམ་པར་ཤེས་པ་སྟེ། ཟག་པ་དང་བཅས་པ་རྣམས་ནི་ཁམས་གསུམ་དག་ན་ཡོད་དོ། །ཅིའི་ཕྱིར་ཟག་པ་མེད་པ་མ་ཡིན་ཞེ་ན། ཟས་ཀྱི་ཆོས་ལས་འདས་པའི་ཕྱིར་རོ། །
Vol. 141 · folio 144b
སྲིད་པ་གསོ་བར་བྱེད་པའི་དོན་ནི་ཟས་ཀྱི་དོན་ཏེ། མདོ་ལས་ཇི་སྐད་དུ། ཟས་བཞི་པོ་འདི་དག་ནི་སེམས་ཅན་བྱུང་བ་རྣམས་གནས་པར་བྱ་བ་དང་། འཚེ་བར་བྱ་བ་དང་། སྲིད་པ་ཚོལ་བ་རྣམས་ལ་ཕན་འདོགས་པར་བྱེད་པའོ་ཞེས་གསུངས་ན། ཟག་པ་མེད་པའི་ཆོས་ནི་དེ་ལྟ་མ་ཡིན་པས་ཟས་མ་ཡིན་
པའོ། །རེ་ཞིག་བྱུང་བ་ནི་སེམས་ཅན་སྐྱེས་པ་ཡིན་པར་ཡང་མངོན་ན། སྲིད་པ་ཚོལ་བ་གང་ཞེ་ན། ཡིད་ལས་བྱུང་དང་སྲིད་འཚོལ་དང་། །དྲི་ཟ་སྲིད་པ་བར་མ་དང་། །འགྲུབ་པའོ། །བཅོམ་ལྡན་འདས་ཀྱིས་སྲིད་པ་བར་མ་ནི་འདི་དག་ཏུ་བརྗོད་པར་གསུངས་སོ། །དེ་ནི་ཡིད་ལས་སྐྱེས་པའི་
ཕྱིར་ཡིད་ལས་བྱུང་བ་ཞེས་བྱ་སྟེ། ཁུ་བ་དང་ཁྲག་ལ་སོགས་པས་ནི་ཅུང་ཟད་ཀྱང་རྒྱུར་བྱས་པ་མེད་དོ། །སྲིད་པ་ཚོལ་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་སྲིད་པ་ཚོལ་བའོ། །དྲི་ཟ་བའི་ཕྱིར་དྲི་ཟའོ། །སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་མངོན་པར་འགྲུབ་པ་སྟེ། མདོ་ལས་གནོད་པ་དང་བཅས་
པའི་ལུས་མངོན་པར་འགྲུབ་བོ། །གནོད་པ་དང་བཅས་པའི་འཇིག་རྟེན་སྐྱེའོ་ཞེས་གསུངས་པའི་ཕྱིར་བ་དང་། གཞན་ཡང་མདོ་ལས་གང་གིས་མངོན་པར་འགྲུབ་པའི་ཀུན་དུ་སྦྱོར་བ་ནི་སྤངས་ལ། སྐྱེ་བའི་ཀུན་ཏུ་སྦྱོར་བ་ནི་མ་ཡིན་པའི་གང་ཟག་ཀྱང་ཡོད་དེ་ཞེས་བྱ་བ་མུ་བཞིར་གསུངས་པའི་ཕྱིར་རོ། །
ཡང་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱང་། སྲིད་པ་རྣམས་གསོ་བར་བྱེད་པ་ཡིན་ན། ཅིའི་ཕྱིར་འབའ་ཞིག་ཡིན་ཞེ་ན། གལ་ཏེ་ཡང་དེ་ལྟ་མོད་ཀྱི་འོན་ཀྱང་གཙོ་བོ་ལས་བཤད་དོ། །འདི་ལ་གནས་དང་། གནས་པའི་དོན་དུ་གཉིས་ཡིན་ནོ། །གཉིས་ནི་སྲིད་པ་གཞན་འཕེལ་དང་། །གྲུབ་
པའི་དོན་དེ་གོ་རིམས་བཞིན། །གནས་ནི་དབང་པོ་དང་བཅས་པའི་ལུས་སོ། །དེ་རྒྱས་པར་བྱེད་པ་ནི་ཁམ་གྱི་ཟས་སོ། །གནས་པ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། དེ་དག་རྒྱས་པར་བྱེད་པ་ནི་རེག་པ་སྟེ། རེ་ཞིག་འདི་གཉིས་ནི་འདིར་སྐྱེས་པའི་སྲིད་པ་གསོ་བ་ལ་གཙོ་བོ་ཡིན་ནོ། །ཡིད་
ལ་སེམས་པ་ནི་ཡང་སྲིད་པར་འཕེལ་བར་བྱེད་པའོ། །འཕངས་ནས་ནི་ལས་ཀྱིས་ཡོངས་སུ་བསྐོས་པའི་རྣམ་པར་ཤེས་པའི་ས་བོན་ལས་མངོན་པར་གྲུབ་སྟེ། འདི་གཉིས་ནི་མ་སྐྱེས་པའི་སྲིད་པ་སྐྱེད་པ་ལ་གཙོ་བོ་ཡིན་ཏེ། དེའི་ཕྱིར་བཞིར་གསུངས་སོ། །སྔ་མ་གཉིས་ནི་གང་སྐྱེས་པ་གསོ་བར་བྱེད་པ་ཡིན་
Vol. 141 · folio 145a
པའི་ཕྱིར་མ་མ་ལྟ་བུའོ། །ཕྱི་མ་གཉིས་ནི་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་མ་ལྟ་བུའོ། །སེམས་ཅན་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་བུ་དང་ཇི་ལྟར་གནས་པ་དང་། འཆི་འཕོ་བ་ཡང་བཤད་ཟིན་ཏོ། །ད་ནི་སེམས་གང་ལ་གནས་ཏེ། འཆི་བ་དང་སྐྱེ་བ་བརྗོད་པར་བྱ་སྟེ། སྨྲས་པ།
ཚད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་ལ། །ཡིད་ཀྱི་རྣམ་ཤེས་ཉིད་དུ་འདོད། །དགེ་བའི་རྩ་བ་ཡང་དག་པར་ཆད་པ་དང་། དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བ་དང་། ཁམས་དང་ས་ལ་འདོད་ཆགས་དང་བྲལ་བ་དང་། ཡོངས་སུ་ཉམས་པ་དང་། འཆི་འཕོ་དང་། སྐྱེ་བ་དང་། ཆོས་
འདི་དྲུག་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་དུ་འདོད་ཀྱི་གཞན་ནི་མ་ཡིན་ནོ། །སྐྱེ་བའི་ཚིག་གིས་ནི་སྲིད་པ་བར་མར་ཉིང་མཚམས་སྦྱོར་བ་ཡང་བཤད་པའི་ངོ་བོར་རིག་པར་བྱའོ། །ཚོར་བ་ནི། འཆི་འཕོ་སྐྱེ་བ་བཏང་སྙོམས་སོ། །འཆི་འཕོ་བ་ཉིད་པས་ན་འཆི་འཕོ་བའོ། །སྐྱེ་བས་ན་སྐྱེ་བ་སྟེ། དེ་གཉིས་ལ་ནི་
བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པས་ཚོར་བ་ཡིན་ཏེ། དེ་ནི་མི་གསལ་བའི་ཕྱིར་རོ། །གཞན་དག་ནི་གསལ་བ་སྟེ། རྣམ་པར་ཤེས་པ་གསལ་བས་འཆི་འཕོ་བ་དང་སྐྱེ་བར་ནི་མི་རུང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པ་དེ་ལ་ཡང་། རྩེ་གཅིག་སེམས་ལ་དེ་གཉིས་མིན། །འཆི་འཕོ་དང་ནི་སྐྱེ་བ་ཞེས་
བྱ་བར་སྦྱར་ཏེ། སྐལ་བ་མི་མཉམ་པའི་ཕྱིར་དང་། མངོན་པར་འདུ་བྱ་བ་ལས་བྱུང་བ་ཡིན་པའི་ཕྱིར་བ་དང་། ཕན་འདོགས་པར་བྱེད་པ་ཡིན་པའི་ཕྱིར་མཉམ་པར་གཞག་པ་ནི་འཆི་འཕོ་བ་དང་། སྐྱེ་བ་མེད་དོ། །སེམས་མེད་པ་ཡང་མ་ཡིན་ཏེ། སེམས་མེད་པ་ལ་ནི་གནོད་པ་བྱ་བར་མི་ནུས་ཏེ། གང་
གི་ཚེ་དེའི་ལུས་ཡོངས་སུ་འཇིག་པར་རྩོམ་པ་དེ་ནི་ཚེ་ཡང་ངེས་པར་ལུས་དང་འབྲེལ་པའི་སེམས་མངོན་དུ་གྱུར་པར་བྱས་ནས་ཕྱིས་འཆི་འཕོ་གཞན་དུ་ནི་མ་ཡིན་ནོ། །སྐྱེ་བ་ལ་ཡང་སེམས་འཆད་པའི་རྒྱུ་མེད་པའི་ཕྱིར་བ་དང་། ཉོན་མོངས་པ་མེད་པར་མི་སྐྱེ་བའི་ཕྱིར་སེམས་མེད་པ་ལ་ཡང་མི་རིགས་སོ། །
འཆི་བའི་སྲིད་པ་རྣམ་པ་གསུམ་དུ་བཤད་པ་ལ་དགྲ་བཅོམ་པ་ནི། མྱ་ངན་འདའ་ལུང་བསྟན་མིན་གཉིས། །གལ་ཏེ་འདོད་པའི་ཁམས་དག་ན་བཏང་སྙོམས་ཡོད་ན་ནི་སྤྱོད་ལམ་པའམ་རྣམ་པར་སྨིན་པ་ཡིན་ནོ། །གལ་ཏེ་མེད་ན་ནི་སྤྱོད་ལམ་འབའ་ཞིག་གོ། །དེའི་ཕྱིར་ལུང་དུ་མ་བསྟན་པ་འབའ་ཞིག་
Vol. 141 · folio 145b
ཡིན་གྱི་གཞན་མ་ཡིན་ཞེ་ན། དེ་ནི་སེམས་འཆད་པའི་རྗེས་སུ་མཐུན་པ་དང་ཉམ་ཆུང་བའི་ཕྱིར་རོ། །ཡང་འཆི་བ་ན་ལུས་ཀྱི་ཕྱོགས་གང་དུ་རྣམ་པར་ཤེས་པ་འགག་ཅེ་ན། ཅིག་ཅར་དུ་འཆི་བ་ལ་ནི་ལུས་ཀྱི་དབང་པོ་རིལ་གྱིས་ཅིག་ཅར་དུ་ནུབ་པར་འགྱུར་རོ། །གལ་ཏེ་རིམ་གྱིས་འཆི་འཕོ་ན་ནི། དེའི་ཚེ། འོག་
མའི་ལྷར་འགྲོ་མི་སྐྱེ་རྣམས། །རིམ་གྱིས་འཆི་ལ་རྐང་པ་དང་། །ལྟེ་བ་སྙིང་གར་ཡིད་འཆི་འཕོ། །འོག་ཏུ་འགྲོ་བས་ན་འོག་ཏུ་འགྲོ་བ་སྟེ། ངན་སོང་དུ་འགྲོ་བ་རྣམས་སོ། །མིའི་ནང་དུ་འགྲོ་བས་ན་མིའི་ནང་དུ་འགྲོ་བ་སྟེ། མིར་འགྲོ་བ་རྣམས་སོ། །ལྷའི་ནང་དུ་འགྲོ་བས་ན་ལྷར་འགྲོ་བ་སྟེ། ལྷར་འགྲོ་བ་
རྣམས་སོ། །དེ་དག་ནི་གྲངས་བཞིན་དུ་རྣམ་པར་ཤེས་པ་རྐང་པ་དང་། ལྟེ་བ་དང་སྙིང་གར་འགག་གོ། །ཡང་མི་སྐྱེ་བས་ན་མི་སྐྱེ་བ་སྟེ། དགྲ་བཅོམ་པའོ། །དེ་དག་གི་རྣམ་པར་ཤེས་པ་ཡང་སྙིང་གར་འགག་གོ། །གཞན་དག་ན་རེ་སྤྱི་བོར་རོ་ཞེས་ཟེར་ཏེ། དེ་དག་ཏུ་ལུས་ཀྱི་རྣམ་པར་ཤེས་པ་འགག་
པའི་ཕྱིར་རོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་འཆི་བའི་ཚེ་རྡོ་ལེབ་བསྲེགས་པའི་ཐོག་ཏུ་ཆུས་བཏབ་པ་བཞིན་དུ་ཞི་བར་གྱུར་ནས་རྐང་པ་ལ་སོགས་པ་མེད་པར་འགྱུར་རོ། །སེམས་ཅན་རྣམས་དེ་ལྟར་རིམ་གྱིས་འཆི་བ་ན་ཕལ་ཆེར་གནད་འཆད་པས་ཉེན་པའི་ཚོར་བ་སྐྱེ་སྟེ། ཆུ་ལ་སོགས་པས་གནད་
གཅོད་དོ། །ལུས་ཀྱི་ཕྱོགས་འགའ་ཞིག་ཉམས་ན་འཆི་བར་འགྱུར་བ་དེ་ནི་གནད་ཅེས་བྱ་སྟེ། དེ་ཡང་ཆུ་དང་མེ་དང་རླུང་གི་ཁམས་རྣམས་ལས་གང་ཡང་རུང་བ་ཞིག་དྲག་ཏུ་འཁྲུགས་པར་གྱུར་པ་མཚོན་ཆ་བདར་བས་བཏབ་སྟེ། རེག་པ་བཞིན་དུ་མི་བཟད་པའི་ཚོར་བས་གཅོད་ཀྱི་དེ་དག་ཤིང་
གཅད་པ་བཞིན་དུ་ནི་མ་ཡིན་པའམ་ཆད་པ་བཞིན་དུ་སེམས་མེད་པས་ན་འཆད་པ་ཞེས་བྱའོ། །ཅིའི་ཕྱིར་སའི་ཁམས་ཀྱིས་མ་ཡིན་ཞེ་ན། སྐྱོན་བཞི་པ་མེད་པའི་ཕྱིར་ཏེ། རླུང་དང་མཁྲིས་པ་དང་བད་ཀན་གསུམ་ནི་སྐྱོན་ཡིན་ལ། དེ་དག་གི་གཙོ་བོ་ནི་ཅི་རིགས་པར་ཆུ་དང་མེ་དང་རླུང་གི་ཁམས་
གང་ཡིན་པའམ། སྣོད་ཀྱི་འཇིག་རྟེན་འཇིག་པའི་ཆོས་དང་མཐུན་པའི་ཕྱིར་རོ། །སེམས་ཅན་གྱི་འཇིག་རྟེན་འདི་དེ་ལྟར་སྐྱེ་བ་དང་། གནས་པ་དང་འཆི་འཕོ་བ་ན་བཅོམ་ལྡན་འདས་ཀྱིས་ཕུང་པོ་གསུམ་དུ་རྣམ་པར་གཞག་སྟེ། ཕུང་པོ་གསུམ་ནི་ཡང་དག་པ་ཉིད་དུ་ངེས་པའི་ཕུང་པོ་དང་། ལོག་
Vol. 141 · folio 146a
པ་ཉིད་དུ་ངེས་པའི་ཕུང་པོ་དང་། མ་ངེས་པའི་ཕུང་པོའོ། །དེ་ལ། འཕགས་དང་མཚམས་མེད་བྱེད་པ་རྣམས། །ཡང་དག་ལོག་པ་ཉིད་དུ་ངེས། །ཡང་དག་པ་ཉིད་གང་ཞེ་ན། །གང་འདོད་ཆགས་གཏན་ནས་སྤོང་བ་དང་། ཞེ་སྡང་གཏན་ནས་སྤོང་བ་དང་། གཏི་མུག་གཏན་ནས་
སྤོང་བ་དང་། ཉོན་མོངས་པ་ཐམས་ཅད་གཏན་ནས་སྤོང་བ་འདི་ནི་ཡང་དག་པ་ཉིད་དོ། །འཕགས་པ་གང་ཞེ་ན། གང་དག་ཟག་པ་མེད་པའི་ལམ་སྐྱེས་པ་དང་། སྡིག་པའི་ཆོས་ལས་རིང་དུ་སོང་བ་དེ་ནི་འཕགས་པ་སྟེ། གཏན་དུ་བྲལ་བའི་ཐོབ་པ་དང་ལྡན་པའི་ཕྱིར་རོ། །དེ་དག་ནི་ཉོན་མོངས་པ་ཟད་
པར་ངེས་པའི་ཕྱིར་རོ། །ད་ནི་སྣོད་ཀྱི་འཇིག་རྟེན་གྱི། །གནས་པར་འདོད་པའི་འོག་དག་གི །རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་འདི་ལྟར་གནས་པར་འདོད་དེ། འདི་ལྟ་སྟེ་སེམས་ཅན་རྣམས་ཀྱི་ལས་ཀྱི་
དབང་གིས་འོག་ནམ་མཁའ་ལ་བརྟེན་པ་རླུང་གི་དཀྱིལ་འཁོར་མངོན་པར་འགྲུབ་སྟེ། དེའི་རྔམས་སུ་ནི་དཔག་ཚད་ས་ཡ་འབུམ་ཕྲག་དྲུག་གོ། །རྒྱར་ནི་གྲངས་མེད་དེ། འདི་ལྟར་ཚན་པོ་ཆེ་ཆེན་པོའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པར་སྲའོ། །དེའི་སྟེང་ན། ཆུ་སྟེ། རྔམས་ནི་བཅུ་གཅིག་དང་། སྟོང་
ཕྲག་དག་ནི་ཉི་ཤུའོ། །དཀྱིལ་འཁོར་ཞེས་བྱ་བར་སྦྱར་ཏེ། སེམས་ཅན་རྣམས་ཀྱི་ལས་ཀྱི་རླུང་གི་དཀྱིལ་འཁོར་དེར་སྤྲིན་རྣམས་འདུས་ནས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་བབ་པ་དེ་ཆུའི་དཀྱིལ་འཁོར་དུ་འགྱུར་ཏེ། དེའི་རྔམས་སུ་ནི་དཔག་ཚད་འབུམ་ཕྲག་གཅིག་དང་ཉི་ཁྲིའོ། །ཡང་སེམས་ཅན་
རྣམས་ཀྱི་ལས་ཀྱི་མཐུ་ལས་བྱུང་བའི་རླུང་གིས་ཆུ་དེ་ཀུན་དཀྲུགས་པ་ན་འོ་མ་བསྐོལ་བའི་སྤྲིས་མ་ཆགས་པའི་ཚུལ་དུ་སྟེང་མ་གསེར་དུ་འགྱུར་རོ། །ཆུའི་དཀྱིལ་འཁོར་དེ་ནི། ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་དག་ནི་གསེར་དུ་འགྱུར་རོ། །ལྷག་མ་གང་ཞིག་ཅེ་ན། ཆུའི་སྟེང་དུ་དཔག་
ཚད་འབུམ་ཕྲག་གསུམ་དང་ཉི་ཁྲི་གསེར་གྱི་ས་གཞིར་གྱུར་ཏོ། །ཆུ་དང་རླུང་གི་དཀྱིལ་འཁོར་གྱི་ཚད་བཤད་ཟིན་ཏོ། །ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །འདི་གཉིས་ཀའི་རྒྱར་ནི་
Vol. 141 · folio 146b
མཉམ་མོ། །ཁོར་ཡུག་ཏུ་ནི་སུམ་འགྱུར་རོ། །ཁོ་ར་ཁོར་ཡུག་ཏུ་ནི་བརྩི་ན་ནི་སུམ་འགྱུར་དུ་འགྱུར་རོ། །དཔག་ཚད་ས་ཡ་ཕྲག་གསུམ་དང་། །འབུམ་ཕྲག་དྲུག་དང་ཁྲི་སུམ་བརྒྱ་ལྔ་བཅུའོ། །གང་ཡང་གསེར་གྱི་ས་གཞིའི་དཀྱིལ་འཁོར་དེའི་སྟེང་དུ་ནི། །དེ་ལ་རི་རབ་གཉའ་ཤིང་འཛིན། །གཤོལ་
མདའ་འཛིན་དང་སེང་ལྡེང་ཅན། །དེ་བཞིན་བལྟ་ན་སྡུག་པ་དང་། །རྟ་རྣ་དང་ནི་རྣམ་འདུད་དང་། །མུ་ཁྱུད་འཛིན་རིའོ། །རི་ཆེན་པོ་བརྒྱད་པོ་འདི་དག་ནི་རི་རབ་ནི་དབུས་ནའོ། །ལྷག་མ་རྣམས་ནི་རི་རབ་བསྐོར་ཏེ་གནས་པའོ། །དེ་ལ་རི་བདུན་གྱི་ར་བས་ཡོངས་སུ་བསྐོར་བའི་ཐ་མ་གང་ཡིན་པ་དེ་ནི་མུ་
ཁྱུད་འཛིན་ཏོ། །དེའི་ཕྱི་རོལ་གྱི་གླིང་སྟེ། དེའི་ཕྱི་རོལ་ན་ནི་གླིང་བཞིའོ། །དེ་དག་གི་ཡང་། ཕྱི་རོལ་ན་ནི་འཁོར་ཡུག་སྟེ། དེས་གླིང་བཞི་ཁོར་ཡུག་ཏུ་ནི་བསྐོར་རོ། །དེ་དག་ལས་ཀྱང་། བདུན་ནི་གསེར་ཡིན་ཏེ་ལྕགས་སོ། །དེ་གཉའ་ཤིང་འཛིན་ལ་སོགས་པ་རི་བདུན་ནི་གསེར་གྱི་རྒྱུ་ལས་བྱུང་
བའོ། །ཁོར་ཡུག་ནི་ལྕགས་ཀྱི་རྒྱུ་ལས་བྱུང་བའོ། །རི་རབ་རིན་ཆེན་བཞི་ཡི་རྒྱུ། །གསེར་གྱི་རྒྱུ་དང་དངུལ་གྱི་རྒྱུ་དང་བཻ་ཌཱུརྱའི་རྒྱུ་དང་ཤེལ་གྱི་རྒྱུ་སྟེ། ངོས་བཞི་དག་ཏུ་གངས་རི་བཞིན་ནོ། །རི་རབ་ལ་སོགས་པ་ནས་འཁོར་ཡུག་ལ་ཐུག་པའི་བར་དེ་དག་ཀྱང་སྟོང་ཕྲག་བརྒྱད་ཅུ་ཆུའི་ནང་དུ་ནུབ་
སྟེ། དེ་དག་ཀྱང་གསེར་གྱི་ས་གཞིའི་སྟེང་ནས་དཔག་ཚད་བརྒྱད་ཁྲི་ཆུའི་ནང་དུ་ནུབ་བོ། །ཆུའི་སྟེང་དུ་ཡང་། དཔག་ཚད་དག་ནི་བརྒྱད་ཁྲིའོ། །དེ་ལྟར་ན་རི་རབ་ནི་འཕང་དུ་དཔག་ཚད་བརྒྱད་ཁྲིའོ། །བརྒྱད་པོའི་འཕང་དུ་ཕྱེད་ཕྱེད་དབྲི། །རི་རབ་ཆུའི་སྟེང་དུ་ཇི་ཙམ་འཕགས་པ་དེའི་ཕྱེད་ནི་གཉའ་ཤིང་འཛིན་ཏེ།
དཔག་ཚད་བཞི་ཁྲི་ཡིན་ལ་ཕྱེད་གཤོལ་མདའ་འཛིན་ཅེས་བྱ་བ་ལ་སོགས་པ་ནས་མུ་ཁྱུད་འཛིན་གྱི་ཕྱེད་ནི་དཔག་ཚད་སུམ་བརྒྱ་ཕྱེད་དང་གསུམ་མོ་ཞེས་བྱ་བའི་བར་དུ་ཕྱེད་ཕྱེད་དུ་དབྲི་བར་རིག་པར་བྱའོ། །དེ་དག་རྔམས་སུ་འཕང་དང་མཉམ། །དེ་དག་ཆུ་ལས་ཇི་ལས་འཕགས་པ་རྔམས་སུ་ཡང་དེ་ཙམ་སྟེ། རྒྱ་ཞེས་བྱ་བའི་
དོན་ཏོ། །དེ་དག་བར་བདུན་རོལ་མཚོ་ཡིན། །མུ་ཁྱུད་འཛིན་ལ་ཐུག་གི་བར་དུ་རི་བདུན་པོ་དེ་དག་གི་བར་ནི་རོལ་མཚོ་བདུན་ཞེས་བྱ་སྟེ། ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་ངོ་། །ཆུ་དེ་ནི་བསིལ་བ་དང་། མངར་བ་དང་། ཡང་བ་དང་། འཇམ་པ་དང་། དང་བ་དང་། དྲི་ང་བ་མེད་པ་དང་།
Vol. 141 · folio 147a
འཐུངས་ན་མགྲིན་པ་ལ་མི་གནོད་པ་དང་། འཐུངས་ན་ལྟོ་བ་ལ་མི་གནོད་པའོ། །ཡང་དེ་དག་ལས། དང་པོ་སྟོང་ཕྲག་བརྒྱད་ཅུའོ། །རི་རབ་དང་གཉའ་ཤིང་འཛིན་གྱི་བར་གྱི་རོལ་མཚོ་དང་པོ་ནི་ཁ་ཚོན་དུ་དཔག་ཚད་བརྒྱད་ཁྲིའོ། །དེའི་ངོས་ལ་སུམ་འགྱུར་རོ། །ངོས་
ལ་ནི་ཁ་ཚོན་དཔག་ཚད་བརྒྱད་ཁྲིར་བཤད་པའི་སུམ་འགྱུར་ཡིན་ནོ། །གཉའ་ཤིང་འཛིན་གྱི་འགྲམ་ནས་སྲིད་དུ་བགྲང་ན་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་ཁྲི་ཕྲག་བཞིའོ། །རོལ་མཚོ་གཞན་ནི་ཕྱེད་ཕྱེད་ཀྱིས། །གཉའ་ཤིང་འཛིན་ནས་གཤོལ་མདའ་འཛིན་གྱི་བར་གྱི་རོལ་མཚོ་
དང་པོའི་ཕྱེད་དེ་དཔག་ཚད་བཞི་ཁྲིའོ། །གསུམ་པ་ནི་དེའི་ཕྱེད་དོ་ཞེས་བྱ་བ་ནས་རོལ་མཚོ་བདུན་པ་དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུའོ་ཞེས་བྱ་བའི་བར་དུ་རོལ་མཚོ་གཞན་རྣམས་ཕྱེད་ཕྱེད་ཀྱིས་དབྲིའོ། །དེ་དག་གི་སྲིད་དུ་ནི་ཤིན་ཏུ་རྒྱ་སྐྱེས་པའི་ཕྱིར་མ་བགྲངས་སོ། །དེ་དག་ནང་གི་རྒྱ་མཚོ་
ཡིན། །ནང་དང་ཕྱིའི་རྒྱ་མཚོ་ལ་གཉིས་ལས་རོལ་མཚོ་ལ་དེ་དག་ནི་ནང་གི་རྒྱ་མཚོའོ། །ལྷག་མ་ནི་ཕྱིའི་རྒྱ་མཚོའོ། །ལྷག་མ་ཅི་ཞིག་ཅེ་ན། མུ་ཁྱུད་འཛིན་དང་ཁོར་ཡུག་གི་བར་དེ་ནི་ཕྱིའི་རྒྱ་མཚོ་ཆེན་པོ་སྟེ། ཚ་སྒོའི་ཚ་ཆུས་གང་ངོ་། །འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི། །ཉི་
ཤུ་གཉིས་ཏེ་དེ་ལ་ནི། །ངོས་བཞི་ལ་གླིང་བཞི་སྟེ། དེ་ནི། འཛམ་བུའི་གླིང་སྟེ་ངོས་གསུམ་ལ། །སྟོང་ཕྲག་གཉིས་པོ་ཤིང་རྟའི་དབྱིབས་དེའི་དབུས་སུ་གསེར་གྱི་གཞི་ལ་རྡོ་རྗེའི་གདན་གང་དུ་བྱང་ཆུབ་སེམས་དཔའ་བཞུགས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེད་པར་བྱེད་པ་མངོན་པར་
འགྲུབ་སྟེ། དེ་ལས་གཞན་པའི་ཕྱོགས་ཀྱི་ནི་བཟོད་པ་མེད་དོ། །གཅིག་ལ་དཔག་ཚད་ཕྱེད་དང་བཞི། །འདིའི་ངོས་བཞི་པ་ལ་ནི་དཔག་ཚད་ཕྱེད་དང་བཞི་སྟེ། དེའི་ཕྱིར་འདི་ནི་ཤིང་རྟའི་དབྱིབས་ལྟ་བུའོ། །ཤར་གྱི་ལུས་འཕགས་ཟླ་གམ་འདྲ། །འདི་ནས་ཤར་ཕྱོགས་ཀྱི་རི་རབ་ཀྱི་
ངོས་རོལ་ན་ཤར་གྱི་ལུས་འཕགས་ཀྱི་གླིང་སྟེ། དེ་ནི་ཟླ་གམ་ལྟ་བུར་མངོན་པར་གྲུབ་བོ། །རྒྱར་ནི་དེ་བཞིན་དེའི་ངོས་གསུམ། །ཇི་ལྟར་འཛམ་བུའི་གླིང་དཔག་ཚད་ཉིས་སྟོང་པ་བཞིན་ནོ། །གཅིག་ལ་བརྒྱ་ཕྲག་ཕྱེད་དང་བཞི། །ངོས་བཞི་པ་ལ་ནི་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །བ་
Vol. 141 · folio 147b
ལང་སྤྱོད་ནི་ཟླུམ་པོ་སྟེ། །སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །འདི་ནས་ནུབ་ཕྱོགས་ཀྱི་ངོས་རོལ་ན་རི་བ་ལང་སྤྱོད་ཀྱི་གླིང་སྟེ། དཔག་ཚད་སྟོང་ཕྲག་བདུན་དང་ལྔ་བརྒྱའོ། །དེ་ཟླ་བ་ཉ་གང་བ་བཞིན་དུ་ཀུན་ནི་དཔག་ཚད་སྟོང་ཕྲག་ཕྱེད་དང་གསུམ་མོ། །སྒྲ་མི་སྙན་ངོས་བཞི་མཉམ་བརྒྱད། །འདི་ནས་
བྱང་ཕྱོགས་ཀྱི་རི་རབ་ཀྱི་ངོས་རོལ་ན་བྱང་གི་སྒྲ་མི་སྙན་གྱི་གླིང་དཔག་ཚད་སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ལ། ཇི་ལྟར་ངོས་གཅིག་ལ་དཔག་ཚད་ཉིས་སྟོང་པ་ལྟར་དེ་བཞིན་དུ་གཞན་ལ་ལྷག་པ་ཡང་མེད་ཀྱི་ངོས་ཐམས་ཅད་མཉམ་སྟེ། གླིང་གི་དབྱིབས་ནི་ཁྲིའུ་བཞིན་ནོ། །གླིང་གི་དབྱིབས་གང་ཡིན་པ་
དེའི་མི་རྣམས་ཀྱི་གདོང་ཡང་དེའི་དབྱིབས་ལྟ་བུའོ། །ཡང་གླིང་དེ་དག་གི་བར་བར་ན་གང་གི་གླིང་མངོན་པར་གྲུབ་པ་དེ་དག་ནི་ཅི་དག་ཅིག་ཡིན། དུ་ཞིག་ཡོད་ཅེ་ན། སྨྲས་པ། དེའི་བར་གྱི་གླིང་བརྒྱད་དག་ནི། ལུས་དང་ལུས་འཕགས་སྒྲ་མི་སྙན། །སྒྲ་མི་སྙན་གྱི་ཟླ་དང་ནི། །རྔ་ཡབ་དང་ནི་རྔ་
ཡབ་གཞན། །གཡོ་ལྡན་དང་ནི་ལམ་མཆོག་འགྲོ། །དེ་ལ་ལུས་དང་ལུས་འཕགས་ནི་ཤར་གྱི་ལུས་འཕགས་ཀྱི་འཁོར་རོ། །སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་ནི་བྱང་གི་སྒྲ་མི་སྙན་གྱིའོ། །གཡོ་ལྡན་ཅན་དང་ལམ་མཆོག་འགྲོ་ནི་ནུབ་ཀྱི་བ་ལང་སྤྱོད་ཀྱིའོ། །རྔ་ཡབ་དང་ནི་རྔ་ཡབ་གཞན་ནི་
འཛམ་བུའི་གླིང་གི་སྟེ། ཐམས་ཅད་ན་ཡང་མི་རྣམས་གནས་སོ། །འདི་ནས་བྱང་ན་རི་ནག་པོ། །དགུ་འདས་གངས་ཅན། འཛམ་བུའི་གླིང་འདི་ཉིད་ཀྱི་འཛམ་བུའི་གླིང་གི་བྱང་ཕྱོགས་ན་རི་ནག་པོ་གསུམ་མོ། །དེ་འདས་པའི་ཕ་རོལ་ན་ཡང་གསུམ། དེ་འདས་པའི་ཕ་རོལ་ན་ཡང་གསུམ་
སྟེ་དགུ་འདས་པའི་ཕ་རོལ་ན་གངས་རིའོ། །དེ་ནས་ནི། སྤོས་དང་ལྡན་པའི་ཚུ་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །རི་གངས་ཅན་དེའི་ཕ་རོལ་ན་མཚོ་མ་དྲོས་པ་ཞེས་བྱ་བ་ལས་ཆུ་བོ་ཆེན་པོ་བཞི་སྟེ། གང་གཱ་དང་། སིན་དྷུ་དང་། པཀྵུ་དང་། སི་ཏཱ་རྣམས་འབབ་པ་ཡོད་དེ། དེ་ནི་
ཞེང་དུ་དཔག་ཚད་ལྔ་བཅུ་ཆུར་ཡང་དཔག་ཚད་ལྔ་བཅུ་སྟེ། དེར་ནི་རྫུ་འཕྲུལ་དང་མི་ལྡན་པ་རྣམས་ཀྱིས་བགྲོད་པར་དཀའོ། །དམྱལ་བ་རྣམས་ནི་ཕྱོགས་གང་ན། །མནར་མེད་པ་དེ་དེ་ཙམ་མོ། །འདི་ནས་ཞེས་བྱ་བ་འཛམ་བུའི་གླིང་འདི་ནས་དཔག་ཚད་ཉི་ཁྲིའི་འོག་ན་མནར་མེད་པའི་
Vol. 141 · folio 148a
སེམས་ཅན་དམྱལ་བ་གནས་ཏེ། གནམ་འཕང་དང་ཆུ་ཞིང་གི་ཚད་དང་། དེ་བཞིན་དུ་འོག་གི་གཞི་དང་དཔག་ཚད་ཉི་ཁྲི་སྟེ། འདི་ནས་ནི་དཔག་ཚད་བཞི་ཁྲིར་འགྱུར་རོ། །སྡུག་བསྔལ་བར་ཆད་མེད་པའི་ཕྱིར་མནར་མེད་པའོ། །གཞན་དག་ནི་སྡུག་བསྔལ་བར་ཆད་དང་བཅས་པ་
སྟེ། འདི་ལྟ་སྟེ། ཡང་སོས་ན་ནི་བཅད་ཅིང་ཕུག་ལ་བཏགས་ཀྱང་རུང་། རླུང་གྲང་མོ་ལངས་པ་ལས་སེམས་ཅན་དེ་དག་ཡང་སོས་པར་འགྱུར་བས་ན་དེའི་ཕྱིར་ཡང་སོས་ཞེས་བྱའོ། །དེའི་སྟེང་ན་དམྱལ་བ་བདུན། །མནར་མེད་པ་དེའི་སྟེང་ན་དམྱལ་བ་བདུན་ཏེ། རབ་ཏུ་ཚ་བ་དང་། ཚ་བ་
དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་རྣམས་གོང་ནས་གོང་དུ་གནས་སོ། །བརྒྱད་པོ་ཀུན་ལའང་ལྷག་བཅུ་དྲུག །བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལྟར་དམྱལ་བ་དེ་བརྒྱད་དུ། བཤར་པ་ལས་ནི་རྒལ་བར་དཀའ། །དྲུག་པོའི་
ལས་ཀྱིས་གང་དུ་གང་། །རེ་རེ་ལ་ཡང་ལྷག་བཅུ་དྲུག །ཅེས་གསུངས་པ་ལ། ལྷག་པ་བཅུ་དྲུག་གང་ཞེ་ན། །དེ་དག་གི་ནི་ངོས་བཞིན། །མེ་མ་མུར་དང་རོ་མྱགས་དང་། །སྤུ་གྲིའི་ལམ་སོགས་ཆུ་བོའོ། །དེ་དག་གི་ངོས་བཞི་བཞི་སྒོ་སྒོ་ན་ལྷག་པ་བཞི་སྟེ། མེ་མ་མུར་པུས་མོ་ནུབ་
པ་ཙམ་དང་། ཕྱི་སའི་འདམ་རྫབ་དང་། སྤུ་གྲིའི་སོས་གཏམས་པའི་ལོ་མ་དང་། ལོ་མ་རལ་གྲི་ལྟ་བུའི་ནགས་དང་། ལྕགས་ཀྱི་ཤལ་མ་རིའི་ནགས་ཏེ། སྤུ་གྲིའི་ལམ་ལ་སོགས་པ་མཚོན་ཆ་མངོན་པར་འབབ་སྟེ་གསུམ་ནི་སྤྱིར་བརྩིས་པ་གཅིག་ཏུ་བྱའོ། །ལྷག་པ་བཞི་པོ་ནི་ཆུ་བོ་
རབ་མེད་དེ་ཐལ་ཆུས་གང་བའོ། །དེས་ཀྱང་དམྱལ་བ་ཆེན་པོ་འོབས་བཞིན་དུ་བསྐོར་ཏོ། །ལྷག་པ་བཞི་པོ་འདི་དག་ནི་ཕྱོགས་ཀྱི་དབྱེ་བས་བཅུ་དྲུག་ཅེས་བྱའོ། །གནོད་པ་ལྷག་པའི་གནས་ཡིན་པའི་ཕྱིར་ལྷག་པར་ཞི་ཞེས་བྱ་སྟེ། དམྱལ་བ་དག་ཏུ་གནོད་པ་བྱས་ནས་ཡང་འདི་
དག་ཏུ་གནོད་པ་བྱེད་པའམ། དམྱལ་བ་དག་གི་འཆི་བའི་འོག་ཏུ་ཡང་འདི་དག་ཏུ་འབྱིང་བས་ན་ལྷག་པ་ཞེས་བྱའོ། །རེ་ཞིག་དེ་དག་ནི་ཚ་བའི་དམྱལ་བ་ཆེན་པོ་ཡིན་ནོ། །ཆུ་བུར་ཅན་སོགས་གྲང་བརྒྱད་གཞན། །གཞན་ན་གྲང་བའི་སེམས་ཅན་དམྱལ་བ་བརྒྱད་ལ་འདི་ལྟ་སྟེ། ཆུ་བུར་ཅན་
Vol. 141 · folio 148b
དང་། ཆུ་བུར་རྡོལ་བ་དང་། སོ་ཐམས་ཐམས་དང་། ཨ་ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་ཆེན་པོ་སྟེ། སེམས་ཅན་དེ་དག་ནི་གྲང་བ་མི་བཟོད་པས་ཉེན་ཏེ། ལུས་དང་སྒྲར་འགྱུར་བ་དང་མཐུན་པར་མིང་དེ་དག་ཏུ་བཏགས་པའོ། །དེ་དག་
ཀྱང་འཛམ་བུ་གླིང་འདི་ཉིད་ཀྱི་འོག་སེམས་ཅན་དམྱལ་བ་ཆེན་པོ་རྣམས་ཀྱི་དྲང་ཐད་ན་གནས་ཏེ། སེམས་ཅན་དམྱལ་བ་བཅུ་དྲུག་པོ་འདི་དག་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་དབང་གིས་འབྱུང་ངོ་། །དུད་འགྲོའི་སྤྱོད་ཡུལ་ནི་སྐམ་དང་ཆུ་དང་ནམ་མཁའོ། །ཡི་དགས་ནི་
དུད་འགྲོ་དང་མི་དང་ལྷའི་ཤ་ཚུགས་ཏེ། ལོངས་སྤྱོད་མེད་པ་དང་། ལོངས་སྤྱོད་ཆུང་བ་དང་། ལོངས་སྤྱོད་ཆེ་བ་རྣམས་ཡིན་ནོ། །གང་ཉི་མ་དང་ཟླ་བ་འདི་གཉིས་ཅི་ལ་གནས་ཤེ་ན། རླུང་ལ་སྟེ་སེམས་ཅན་ཐམས་ཅད་ལས་ཀྱི་དབང་གིས་འབྱུང་བའི་རླུང་གླིང་བཞི་རི་རབ་ཡོངས་སུ་འཁོར་
ཞིང་ཉི་མ་དང་ཟླ་བ་དང་སྐར་མ་རྣམས་འཕུལ་ལོ། །ཉི་མ་དང་ཟླ་བ་འདི་གཉིས་འདི་ནས་ཐག་ཇི་སྲིད་ཅེ་ན། རི་རབ་ཕྱེད་ན་ཉི་ཟླ་སྟེ། གཉའ་ཤིང་འཛིན་གྱི་རྩེ་མོ་ནས་རྒྱུའོ། །ཚད་ཇི་ཙམ་ཞེ་ན། དཔག་ཚད་ལྔ་བཅུ་དང་གཅིག་བཅས། །ཟླ་བའི་དཀྱིལ་འཁོར་གྱི་ཚད་ནི་དཔག་ཚད་ལྔ་བཅུའོ། །
ཉི་མའི་དཀྱིལ་འཁོར་གྱི་ནི་གཅིག་དང་བཅས་པའི་ལྔ་བཅུ་སྟེ། ལྔ་བཅུ་རྩ་གཅིག་ཅེས་བྱ་བའི་དོན་ཏོ། །ཅི་གླིང་བཞི་པོ་དག་ཏུ་ཉི་མས་ཅིག་ཅར་དུ་བྱ་བ་བྱེད་དམ་ཞེ་ན། སྨྲས་པ། མ་ཡིན་ཏེ། འདི་ལྟར་དེ་དག་ཏུ། ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །གང་གི་
ཚེ་བྱང་གི་སྒྲ་མི་སྙན་དུ་ནམ་ཕྱེད་པ་དེའི་ཚེ་ཤར་གྱི་ལུས་འཕགས་སུ་ཉི་མ་ནུབ་བོ། །འཛམ་བུའི་གླིང་དུ་ཉི་མ་ཕྱེད་དོ། །བ་ལང་སྤྱོད་དུ་ནི་ཉི་མ་འཆར་ཏེ། དེ་བཞིན་དུ། གཞན་དག་ལ་ཡང་སྦྱར་རོ། །ཉིན་མོ་དང་མཚན་མོ་ནི་ཉི་མའི་འགྲོས་ཀྱིས་རིང་ཐུང་དུ་འགྱུར་ཏེ། དེ་ལ་དབྱར་གྱི་ཟླ་བ་གཉིས་
པ་ཡི། །ཐ་མའི་ཚེ་དགུ་ནས་མཚན་རིང་། །དབྱར་གྱི་ཟླ་བ་གཉིས་པ་དབྱར་ཟླ་བ་ཐ་ཆུངས་ཀྱི་ཡར་ངོའི་ཚེས་དགུ་ནས་མཚན་རིང་ངོ་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུར་འགྱུར་ཏེ། དེ་ཉིད་དགུན་གྱི་ཟླ་བ་བཞི་པའི་མར་གྱི་ཚེས་དགུ་ནས་ཐུང་ངུར་འགྱུར་རོ་ཞེས་བྱ་བ་སྦྱར་ཏེ། དགུན་ཟླ་ཐ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words