ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པ

Sanskrit title (Tibetan script, as in the text) ཨ་བྷི་དྷརྨྨ་ཀོ་ཤ་ཀཱ་རི་ཀཱ་ཤཱསྟྲ་བྷཱ་ཥྱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 141 · folio 149a

ཆུངས་ཀྱི་ཡར་ངོའི་ཚེས་ནས་སོ། །ཉིན་མོ་ཟློག །གང་གི་ཚེ་ནམ་རིང་བ་དེའི་ཚེ་ཉིན་མོ་ཐུང་ངོ་། །གང་གི་ཚེ་ནམ་ཐུང་བ་དེའི་ཚེ་ཉིན་མོ་རིང་ངོ་། །བྱང་གི་ངོས་སུ་འགྲོ་ན་ཉིན་མོ་རིང་ངོ་། །དང་པོ་ཟླ་བ་ཉ་བ་ནས་འགྲིབ་པ་སྣང་བ་དེ་ལ་རྒྱུ་ཅི་ཡོད་ཅེ་ན། ཉི་མ་དང་ཟླ་བ་ཉེ་བ་ལས། རང་

གི་གྲིབ་མས་སྒྲིབ་པར་སྣང་གང་གི་ཚེ་ཉི་མའི་གཞལ་མེད་ཁང་ཟླ་བའི་གཞལ་མེད་ཁང་དང་ཉེ་བར་རྒྱུ་བ་དེའི་ཚེ། ཉི་མའི་འོད་ཀྱིས་དེའི་གཞལ་མེད་ཁང་ལ་འབབ་སྟེ། དེའི་ཕྱིར་དེའི་ངོས་ཕྱི་རོལ་དུ་གྲིབ་མ་འབབ་པས་འགྲིབ་པར་སྣང་ངོ་ཞེས་བཏགས་པ་ལས་བསྟན་ཏོ་ཞེས་གྲག་གོ། །གཞན་

དག་ན་རེ་རྒྱུ་བའི་ཚུལ་ལས་རེས་འགའ་དེ་ལྟ་བུར་གཞལ་མེད་ཁང་གི་ཕྱེད་སྣང་ངོ་ཞེས་ཟེར་རོ། །ཉི་མ་ལ་སོགས་པའི་གཞལ་མེད་ཁང་འདི་རྣམས་ནི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་གཞལ་མེད་ཁང་ན་གནས་པ་རྣམས་ཀྱི་གནས་ཡིན་ནོ། །ས་ལ་གནས་པ་རྣམས་ཀྱི་ནི་རི་རབ་ཀྱི་བང་རིམ་ལ་སོགས་པའོ། །

ཡང་བང་རིམ་དེ་དག་ནི་དུ་དག་ཅིག །བར་ཆ་ནི་ཇི་སྲིད་ཅིག་ཅེ་ན། འདི་ལ་བང་རིམ་བཞི་དག །བར་གྱི་ཐག་ནི་སྟོང་ཕྲག་བཅུ། །གཅིག་གི་འཕང་དུ་ནི་དཔག་ཚད་ཁྲི་ཡིན་ནོ། །བཞི་པའི་བར་དུ་ཡང་དེ་དང་འདྲའོ། །དེ་དག་གིས་ནི་རི་རབ་ཀྱི་ཕྱེད་མན་ཆོད་དུ་ཕྱིན་ཏོ། །དེ་དག་ཀྱང་གྲངས་བཞིན་དུ་དེ་ལས་

སྟོང་ཕྲག་དག་ནི་བཅུ་དྲུག་དང་། །བརྒྱད་དང་བཞི་དང་གཉིས་འཕགས་སོ། །དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་རིམ་བཞིན་ནོ། །དེ་དག་ལས་ལག་ན་གཞོང་ཐོགས་དང་། །ཕྲེང་བ་འཛིན་དང་རྟག་མྱོས་དང་། །རྒྱལ་ཆེན་བཞི་པའི་ལྷ་རྣམས་སོ། །དང་པོ་དང་གཉིས་པ་དང་གསུམ་

པ་དང་བཞི་པ་དག་ཏུ་རིམ་བཞིན་ནོ། །རྒྱལ་ཆེན་བཞི་པའི་ལྷ་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞི་པོ་དག་བདག་ཉིད་སོ་སོར་གནས་པ་དེའི་འཁོར་རྣམས་ཏེ། དེའི་ཕྱིར་དེ་དག་ཏུ་རྒྱལ་ཆེན་བཞི་པའི་ལྷ་ཞེས་བྱའོ། །ཇི་ལྟར་བང་རིམ་བཞི་དག་ལ་རྒྱལ་ཆེན་བཞི་པའི་ལྷ་རྣམས་གནས་པ་བཞིན་དུ།

རི་ནི་བདུན་པོ་དག་ལ་ཡང་། །མུ་ཁྱུད་འཛིན་ལ་སོགས་པ་དག་ལའོ། །དེའི་ཕྱིར་ལྷའི་རིས་དེ་ནི་ཐམས་ཅད་པས་ཆེའོ། །རི་རབ་རྩེ་ན་སུམ་ཅུ་གསུམ། །བང་རིམ་དང་རི་རབ་ཀྱི་ཚད་ཇི་ཙམ་ཞེ་ན། དེ་ནི་སྟོང་ཕྲག་ཉི་ཤུ་ཡིན། །ཕྱོགས་བཞི་ངོས་བཞི་ལ་ངོས་རེ་རེ་ཞིང་ཡང་དཔག་ཚད་ཉི་

Vol. 141 · folio 149b

ཁྲི་སྟེ། ཁོར་ར་ཁོར་ཡུག་ཏུ་ནི་བརྒྱད་ཁྲིའོ། །ཕྱོགས་མཚམས་བརྩེགས་པ་བཞི་ལ་ནི། །ལག་ན་རྡོ་རྗེ་གནས། རི་རབ་ཀྱི་རྩེ་མོ་ནི་ཕྱོགས་མཚམས་ཀྱི་གྲ་དེ་དག་ལས་གང་དག་ལ་གནོད་སྦྱིན་ལག་ན་རྡོ་རྗེ་ཞེས་བྱ་བ་གནས་པ་དཔག་ཚད་ལྔ་བརྒྱའི་ཚད་ཙམ་གྱིས་བརྩེགས་པ་བཞི་གྱེན་

དུ་འཕགས་སོ། །རི་རབ་ཀྱི་རྩེ་མོ་ཉིད་ཀྱི། །དབུས་ན། ངོས་ལ་ཉིས་སྟོང་ལྔ་བཅུ་པ། །དཔག་ཚད་ཕྱེད་དང་གཉིས་པ་ཡི། །གྲོང་ཁྱེར་བལྟ་ན་སྡུག་ཅེས་པ། །གཞི་བཀྲ་གསེར་ལས་བྱས་མཉེན་པ། །ངོས་ལ་ཉིས་སྟོང་ལྔ་བརྒྱ་པ། །ཞེས་བྱ་བ་ནི་ངོས་རེ་རེ་ཞིང་ཡང་

དཔག་ཚད་ཉིས་སྟོང་ལྔ་བརྒྱ་ཡིན་ནོ། །དཔག་ཚད་ཕྱེད་དང་གཉིས་ཡིན་ནོ་ཞེས་བྱ་བ་ནི་གྲོང་ཁྱེར་དེའི་འཕང་དུ་དཔག་ཚད་ཕྱེད་དང་གཉིས་ཏེ་དེ་ནི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་རྒྱལ་པོའི་ཕོ་བྲང་འཁོར་ཡིན་ནོ་ཞེས་གྲག་གོ། །དེ་ན་རྣམ་པར་རྒྱལ་བྱེད་དེ། །ངོས་ལ་ཉིས་སྟོང་ལྔ་བཅུ་པ། །

གྲོང་ཁྱེར་གྱི་དབུས་ན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བྱེད་ཅེས་བྱ་བའི་ངོས་ངོས་ཀྱི་སྲིད་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ཡོད་དོ། །འདི་ནི་རེ་ཞིག་ནང་གི་གནས་སོ། །དེའི་ཕྱིར་ཤིང་རྟ་སྣ་ཚོགས་དང་། །རྩུ་བ་འགྱུར་འདྲེས་པ་དགའ་བས་བརྒྱན། །གྲོང་

ཁྱེར་དེའི་ཕྱི་རོལ་ནི། ངོས་བཞི་དག་ན་ལྷ་རྣམས་ཀྱི་རྩེད་མོའི་གནས་སྐྱེད་མོས་ཚལ་བཞི་ཡོད་དེ། འདི་ལྟ་སྟེ་སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཅན་དང་། རྩུབ་འགྱུར་དང་། འདྲེས་པ་དང་། དགའ་བའི་ཚལ་ཏེ། དེ་དག་གིས་གྲོང་ཁྱེར་དེའི་ཕྱི་རོལ་བརྒྱན་ཏོ། །ཉི་ཤུས་བཅད་པའི་

ངོས་བཞི་ན། །ས་གཞི་བཟང་པོ་གཞན་ཡོད་དེ། །སྐྱེད་མོས་ཚལ་དེ་དག་གི་ངོས་བཞི་དཔག་ཚད་ཉི་ཤུས་བཅད་པ་ན། ལྷ་རྣམས་ཀྱི་རྩེ་བའི་གནས་གཞི་བཟང་པོ་བཞི་ཡོད་དོ། །གྲོང་ཁྱེར་གྱི་ཕྱི་རོལ་གྱི་ངོས། །བྱང་ཤར་མཚམས་ན་ཡོངས་འདུ་སྟེ། །གྲོང་ཁྱེར་གྱི་བྱང་ཤར་ཕྱོགས་མཚམས་ན་

སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འདོད་པའི་དགའ་བ་མཆོག་གི་གནས་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ་ཡོད་དེ། ལྷོ་ནུབ་མཚམས་ན་ཆོས་བཟང་ངོ་། །ལྷོ་ནུབ་ཀྱི་མཚམས་ན་གང་དུ་ལྷ་རྣམས་འཁོད་ན་བྱ་བ་མི་བྱ་བ་བགྲོད་པར་བྱེད་པའི་ལྷའི་འདུན་ས་ཆོས་བཟང་ཞེས་བྱ་བ་ཡོད་དོ། །

Vol. 141 · folio 150a

རེ་ཞིག་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་སྣོད་ཀྱི་གནས་པ་ནི་དེ་ལྟ་བུའོ། །དེ་སྟེང་གཞལ་མེད་ཁང་གི་ལྷ། །འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་རྣམས་དང་། ཚངས་པ་ལ་གནས་ཀྱི་བྱེ་བྲག་བཅུ་དྲུག་ཏུ་འགྲོ་བ་རྣམས་ཏེ། གང་

དག་གི་གནས་མངོན་པར་ནི་མདོར་བསྡུ་ན། ལྷའི་རིས་ཉི་ཤུ་རྩ་གཉིས་པོ་དེ་དག་ཡིན་ནོ། །འདོད་པ་སྤྱོད་པ་དྲུག་ཡིན་ནོ། །དེ་དག་ལས་འདི་ལྟ་སྟེ། རྒྱལ་ཆེན་བཞི་པ་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་འདོད་པ་ན་སྤྱོད་པའི་ལྷ་རིས་དྲུག་ན་འདོད་པ་ཡོངས་སུ་སྤྱོད་ཀྱི་ལྷག་མ་རྣམས་ནི་མ་ཡིན་ནོ། །

དེ་དག་ཀྱང་། གཉིས་ཀྱིས་གཉིས་དང་འཁྱུད་པ་དང་། །ལག་པ་འབྲེལ་དང་དགོད་པ་དང་། །བལྟས་པ་ཡིས་ནི་འཁྲིག་པ་ཡིན། །གཉིས་གཉིས་ཀྱིས་འཁྲིག་པ་ནི་ས་དང་འབྲེལ་པར་གནས་པ་རྒྱལ་ཆེན་བཞི་པ་དང་སུམ་ཅུ་རྩ་གསུམ་པ་རྣམས་ཏེ་མི་ཇི་ལྟ་བ་བཞིན་ནོ། །དེ་དག་ཀྱང་ཁུ་བ་མེད་པའི་ཕྱིར་

རླུང་ཡོངས་སུ་བཏང་བས་ཡོངས་སུ་གདུང་བ་དང་འབྲལ་བའི་ཕྱིར་རོ། །འཁྱུད་པས་འཁྲིག་པ་ནི་འཐབ་བྲལ་རྣམས་ཏེ། འཁྱུད་པ་ཙམ་གྱིས་ཡོངས་སུ་གདུང་བ་དང་བྲལ་བའི་ཕྱིར་རོ། །ལག་པ་འབྲེལ་བས་ནི་དགའ་ལྡན་པ་རྣམས་ཀྱིའོ། །དགོད་པས་ནི་འཕྲུལ་དགའ་བ་རྣམས་ཀྱིའོ། །བལྟས་

པས་ནི་གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱིའོ། །ལྷའམ་ལྷ་མོའམ་གང་པང་དུ་གཞན་གཞོན་ནུ་ལྷའི་བུ་མོ་སྐྱེ་བ་དེ་ནི་དེ་གཉིས་ཀྱི་བུའམ་བུ་མོ་ཡིན་ནོ། །བོང་ཚོད་ཇི་ཙམ་སྐྱེ་ཞེ་ན། བྱིས་པས་ལོ་ལྔ་ལོན་པ་ནས། །ལོ་བཅུ་ལོན་པ་ལྟ་བུའི་བར། །དེ་དག་ཏུ་སྐྱེ། ལྷའི་རིས་དྲུག་དག་ཏུ་གྲངས་བཞིན་

དུ་དེ་དག་ཀྱང་མྱུར་བ་ཉིད་སྐྱེའོ། །གཟུགས་ཅན་རྣམས་དང་། ལུས་རྫོགས་གོས་དང་བཅས་པ་ཉིད། །གཟུགས་ཅན་སྤྱོད་པའི་ལྷ་རྣམས་ལུས་རྫོགས་པ་དང་། གོས་གྱོན་པ་བཞིན་སྐྱེའོ། །ལྷ་ཐམས་ཅད་ནི་འཕགས་པའི་སྐད་དུ་སྨྲའོ། །དེ་ལ། འདོད་པ་སྐྱེ་བ་གསུམ་པོ་ནི། །འདོད་པ་དང་ལྷ་མིར་

བཅས་རྣམས། །འདོད་པའི་ཁམས་སུ་རིག་པར་བྱ་སྟེ། ཇི་ལྟ་བུ་ཞེ་ན། སེམས་ཅན་འདོད་པ་ཉེ་བར་གནས་པ་རྣམས་འདོད་པ་ཉེ་བར་གནས་པ་དག་ལ་དབང་ཕྱུག་གི་དབང་བྱེད་པ་དག་ཀྱང་ཡོད་དེ། །འདི་ལྟ་སྟེ། མི་རྣམས་དང་ལྷ་ཁ་ཅིག་གོ། །དེ་རྣམས་ཀྱང་ལྷའི་རིས་རྣམས་སོ། །སེམས་ཅན་ཡོད་པ་སྤྲུལ་

Vol. 141 · folio 150b

ཞིང་འདོད་པ་ལ་དབང་ཕྱུག་ལ་དབང་བྱེད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་འཕྲུལ་དགའ་བ་རྣམས་སོ། །སེམས་ཅན་འདོད་པ་གཞན་གྱིས་སྤྲུལ་ཏེ། གཞན་གྱིས་སྤྲུལ་པའི་འདོད་པ་ལ་དབང་ཕྱུག་གི་དབང་བྱེད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་གཞན་འཕྲུལ་དབང་བྱེད་པ་རྣམས་སོ། །དེ་ལྟར་

དེ་དག་ནི་ཇི་ལྟར་སྐྱེས་པའི་འདོད་པ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཇི་ལྟར་འདོད་པ་བཞིན་དུ་སྤྲུལ་ནས་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་དང་། ཇི་ལྟར་འདོད་པ་གཞན་གྱིས་སྤྲུལ་པ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་འདོད་པ་སྐྱེ་བ་གསུམ་ཞེས་བྱའོ། །གཟུགས་ཀྱི་ཁམས་དག་ན་

ནི། བདེ་བ་སྐྱེ་བ་གསུམ་པོ་ནི། །བསམ་གཏན་གསུམ་ལ་ས་དགུ་ཡིན། །དེ་ནི་བདེ་བ་སྐྱེ་བ་གསུམ་ཡིན་ཏེ། ལྷ་དེ་དག་ནི་བདེ་བ་ལས་སྐྱེས་པ་དང་། ཏིང་ངེ་འཛིན་ལས་སྐྱེས་པའི་བདེ་བར་གནས་སོ། །གང་དག་ལྷ་དེ་དག་གི་གནས་ཉི་ཤུ་རྩ་གཉིས་སུ་བཤད་པ་དེ་རྣམས་ལ། འོག་མ་ནས་གོང་མར་

ཐག་ཇི་ཙམ་ཞིག་ཅེ་ན། དེ་དག་ཐམས་ཅད་ཀྱི་དཔག་ཚད་ཀྱི་གྲངས་ཡོངས་སུ་བགྲང་བར་ནི་སླ་བ་མ་ཡིན་མོད་ཀྱི། འོན་ཀྱང་། གནས་ནས་གནས་འོག་ཇི་སྲིད་པར། །སྟེང་དུའམ་དེར་དེ་ཙམ་མོ། །འཛམ་བུའི་གླིང་ནས་གནས་འོག་མར་ཇི་སྲིད་པར་དེའི་འོག་མར་ཡང་། དེ་ནས་གནས་

འོག་མ་འཛམ་བུའི་གླིང་དུ་ཇི་སྲིད་པ་དེ་སྲིད་དེ། འདི་ལྟ་སྟེ། འདི་ནས་དཔག་ཚད་བཞི་ཁྲི་ན་རྒྱལ་པོ་ཆེན་པོ་བཞི་རྩེ་བའི་གནས་བང་རིམ་བཞི་ཡོད་པ་ལྟར། དེའི་གོང་མ་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་གནས་སུ་ཡང་དེའི་འོག་མ་འཛམ་བུའི་གླིང་དུ་ཇི་སྲིད་པ་དེ་སྲིད་དོ། །དེ་ནས་ཀྱང་འོག་མ་

འཛམ་བུའི་གླིང་དུ་ཇི་སྲིད་པར་གོང་མ་འཐབ་བྲལ་བ་རྣམས་ཀྱི་གནས་སུ་ཡང་དེ་སྲིད་དོ། །དེ་ནས་འོག་མ་འཛམ་བུའི་གླིང་དུ་ཇི་སྲིད་པར་གོང་མ་དགའ་ལྡན་པ་རྣམས་ཀྱི་གནས་སུ་ཡང་དེ་སྲིད་དོ་ཞེས་བྱ་བ་སྟེ། དེ་བཞིན་དུ་རྒྱ་ཆེར་ཐམས་ཅད་གོ་རིམས་དང་མཐུན་པར་ཤིན་ཏུ་མཐོང་ནས་འཛམ་བུའི་

གླིང་དུ་ཇི་སྲིད་པས། གོང་མ་འོག་མིན་པ་རྣམས་ཀྱི་དེ་ཡང་དེ་སྲིད་དོ། །དེའི་གོང་ན་ནི་གནས་གཞན་མེད་པས། དེའི་ཕྱིར་དེ་ནི་ཐུ་བོར་གྱུར་པའི་ཕྱིར་འོག་མིན་ཞེས་བྱའོ། །ཡང་ཅི་གནས་འོག་མར་སྐྱེས་པའི་གོང་མའི་གཞལ་མེད་ཁང་དག་ཏུ་འགྲོ་ཞིང་མཐོང་ངམ་ཞེ་ན། རྫུ་འཕྲུལ་གཞན་བརྟེན་

Vol. 141 · folio 151a

མ་གཏོགས་པ། །དེ་དག་གོང་མར་འགྲོ་བ་མེད། །རྫུ་འཕྲུལ་དང་ལྡན་པའམ། གལ་ཏེ་རྫུ་འཕྲུལ་ཅན་གཞན་ལ་བརྟེན་ནས་སམ། དེ་པའི་ལྷས་ཁྲིད་ན་ནི་སུམ་ཅུ་རྩ་གསུམ་ཡང་འཐབ་བྲལ་བའི་ནང་དུ་འགྲོ་བར་འགྱུར་ཏེ། ལྷག་མ་བརྒྱད་ཀྱང་དེ་བཞིན་ནོ། །ཡང་འཐབ་

བྲལ་བ་རྣམས་ལ་སོགས་པ་དེ་དག་གི་གཞལ་མེད་རྣམས་ཀྱི་ཚད་ཇི་ཙམ་ཞེ་ན། རེ་ཞིག་ཁ་ཅིག་ན་རེ་རྒྱལ་ཆེན་བཞི་རྣམས་ཀྱི་ནི་རི་རབ་ཀྱི་རྩེ་མོའི་ཚད་ཙམ་མོ་ཞེས་ཟེར་རོ། །གཞན་དག་ན་རེ་ཉིས་འགྱུར་རོ་ཞེས་ཟེར་རོ། །བསམ་གཏན་དང་པོ་ནི་གླིང་བཞི་པ་ཙམ་མོ། །གཉིས་པ་ཡང་

ནི་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ཙམ་མོ། །བཞི་པ་ནི་སྟོང་གསུམ་པ་ཙམ་མོ། །ཡང་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ན་ཅི་སྟོང་གཉིས་པའམ། སྟོང་གསུམ་པ་ནི་ཅི་ཞིག་ཅེ་ན། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་

སྟོང་ལ་ནི། །སྟོང་ནི་ཆུང་ངུ་དག་ཏུ་འདོད། །འཛམ་བུའི་གླིང་དང་། ཤར་གྱི་ལུས་འཕགས་དང་། ནུབ་གྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་སྟོང་དང་། རི་རབ་སྟོང་དང་། རྒྱལ་ཆེན་བཞིའི་ལྷ་རྣམས་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་སྟོང་དང་། ཚངས་པའི་འཇིག་རྟེན་གྱི་

ཁམས་སྟོང་གང་ཡིན་པ་འདི་ནི་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། །དེ་སྟོང་ལ་ནི་སྟོང་གཉིས་པའི། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་དེ་དག་སྟོང་ལ་ནི་སྟོང་གཉིས་པའི་བར་མའི་འཇིག་རྟེན་གྱི་ཁམས་ཡིན་ནོ། །

དེ་སྟོང་ལ་ནི་སྟོང་གསུམ་མོ། །སྟོང་བར་མའི་འཇིག་རྟེན་གྱི་ཁམས་དེ་དག་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡིན་ཏེ། དེ་ནི་འདི་ལྟར་ཅིག་ཅར་དུ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །མཉམ་དུ་འཇིག་པ་ལ་ཡང་མཉམ་དུ་འབྱུང་སྟེ་ཆགས་ཞེས་བྱ་བའི་

དོན་ཏོ། །ཡང་སྣོད་རྣམས་ཀྱི་ཚད་ཀྱི་དབྱེ་བ་ཇི་ལྟ་བ་དེ་བཞིན་དུ་དེ་ན་གནས་པའི་སེམས་ཅན་རྣམས་ཀྱི་ཚད་ཀྱང་དབྱེ་བ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དོ། །དེ་ལ་རེ་ཞིག །འཛམ་བུའི་གླིང་གི་ཚད་དག་ནི། །ཁྲུ་བཞི་པ་དང་ཕྱེད་དང་བཞི། །འཛམ་བུའི་གླིང་པའི་མི་རྣམས་ནི་ཕལ་ཆེར་ཁྲུ་

Vol. 141 · folio 151b

བཞི་པ་སྟེ། ལ་ལ་ནི་ཁྲུ་ཕྱེད་དང་བཞི་ཡང་ཡོད་ཤར་དང་བ་ལང་སྤྱོད་པ་དང་། བྱང་ཞེས་བྱ་བ་གཉིས་འགྱུར་འཕེལ། །ཤར་གྱི་ལུས་འཕགས་པ་རྣམས་དང་། བ་ལང་སྤྱོད་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པའི་མི་རྣམས་ནི་རིམ་བཞིན་ཁྲུ་བརྒྱད་པ་དང་། བཅུ་དྲུག་པ་དང་ཉི་ཤུ་བཞི་པའོ། །

འདོད་པའི་ལྷའི་འཕེལ་པ། རྒྱང་གྲགས་ཀྱི་ནི་བཞི་ཆ་ནས། །རྒྱང་གྲགས་ཕྱེད་དང་གཉིས་ཀྱི་བར། །རྒྱང་གྲགས་ཀྱི་བཞི་ཆ་ཞེས་བྱ་བ་ནི་རྒྱང་གྲགས་ཀྱི་བཞི་ཆ་སྟེ། རྒྱལ་ཆེན་བཞི་པ་རྣམས་ཀྱི་ཚད་ནི་དེ་ཙམ་མོ། །དེ་བཞིན་དུ་རྒྱང་གྲགས་བཞི་ཆས་ཀླགས་ན་གཞན་འཕྲུལ་དབང་

བྱེད་པ་རྣམས་ཀྱི་རྒྱང་གྲགས་ཕྱེད་དང་གཉིས་སོ། །གཟུགས་ཅན་དང་པོ་དཔག་ཚད་ཕྱེད། གཟུགས་ཅན་གྱི་ལྷ་རྣམས་ཀྱི་གནས་དང་པོ་ལ་ཚངས་རིས་པ་རྣམས་ཀྱི་ཚད་ནི་དཔག་ཚད་ཕྱེད་དོ། །ལུས་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །དེ་ཡན་ཆད་དུ་ཕྱེད་ཕྱེད་འཕེལ། །གནས་གསུམ་

དག་ཏུ་ཚངས་པའི་མདུན་ན་འདོན་པ་རྣམས་ཀྱི་ནི་ཕྱེད་དང་གཉིས་སོ། །འོད་ཆུང་པ་རྣམས་ཀྱི་དཔག་ཚད་གཉིས་སོ། །འོད་ཆུང་གི་ནི་ལྟག་ཡན་ཆད། །ལུས་ནི་ཉིས་འགྱུར་ཏེ། །སྤྲིན་མེད་དཔག་ཚད་གསུམ་འདོར་རོ། །ཚད་མེད་འོད་པ་རྣམས་ཀྱི་ནི་དཔག་ཚད་བཞིའོ། །འོད་

གསལ་བ་རྣམས་ཀྱི་ནི་བརྒྱད་དོ། །དེ་བཞིན་དུ་དགེ་རྒྱས་པ་རྣམས་ཀྱི་དྲུག་ཅུ་རྩ་བཞི་ཡིན་པའི་བར་དུ་ཉིས་འགྱུར་གྱིས་བསྐྱེད་དོ། །སྤྲིན་མེད་པ་རྣམས་ཀྱི་ནི་ཉིས་འགྱུར་དུ་བསྒྱུར་ནས་དེ་ལས་དཔག་ཚད་གསུམ་བོར་ནས་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔའོ། །དེ་ཡན་ཆད་བསོད་ནམས་སྐྱེས་ལ་

སོགས་པ་ནས་འོག་མིན་གྱི་བར་དུ་ཉིས་འགྱུར་ཉིས་འགྱུར་དུ་བྱས་ནས། ལུས་དཔག་ཚད་ཁྲི་དྲུག་སྟོང་ཡིན་ནོ། །ཅི་དེ་ལྟར་ཚད་འཐད་པ་རྣམས་ཀྱི་ཚེ་ཡང་དབྱེ་བ་ཡོད་དམ་ཞེ་ན། སྨྲས་པ། ཡོད་དེ། སྒྲ་མི་སྙན་ན་ཚེ་སྟོང་སྟེ། །ལོ་རྣམས་ཡིན་ནོ། །གཉིས་པ་ཕྱེད་ཕྱེད་སྤངས་

པའོ། །གླིང་གཉིས་པ་ལ་ནི་ཕྱེད་ཕྱེད་སྤངས་པ་སྟེ། བ་ལང་སྤྱོད་པ་རྣམས་ཀྱི་ནི་ལྔ་བརྒྱའོ། །ཤར་གྱི་ལུས་འཕགས་རྣམས་ཀྱི་ནི་ཉིས་བརྒྱ་ལྔ་བཅུའོ། །འདིར་ནི་མ་ངེས། འཛམ་བུའི་གླིང་ན་ནི་རེས་འགའ་རིང་པོར་འགྱུར་རེས་འགའ་ནི་ཐུང་ངུར་འགྱུར་བས་ཚེ་ལ་ངེས་པ་མེད་དེ།

Vol. 141 · folio 152a

ཐ་མར་ལོ་བཅུ། ལོ་ཞེས་བྱ་བ་ནི་ལོ་ཡིན་ནོ། །ཐ་མ་ཚེ་ཐུང་ངུའི་ཚེ་ནི་ལོ་བཅུར་འགྱུར་རོ། །དང་པོ་དཔག་ཏུ་མེད། བསྐལ་པ་དང་པོ་པ་རྣམས་ཚེ་ནི་སྟོང་ཞེས་བྱ་བ་ལ་སོགས་པའི་ཡོངས་སུ་བཟུང་བར་མི་ནུས་པས་དཔག་ཏུ་མེད་པ་ཡིན་ནོ། །མི་རྣམས་ཀྱི་བཤད་ཟིན་ཏོ། །

ལྷ་རྣམས་ཀྱི་བཤད་པར་བྱ་སྟེ། དེ་ཡང་ཉིན་ཞག་རྣམ་པར་གཞག་ན་བརྗོད་པར་ནུས་པས། རེ་ཞིག་དེ་ཉིད་རྣམ་པར་གཞག་བྱ་སྟེ། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །ལྷ་དག་གི་ནི་ཉིན་ཞག་གཅིག །འདོད་པའི་འོག་མའི་རྣམས་ཀྱི་ཡིན། །མི་རྣམས་ཀྱི་ལོ་ལྔ་བཅུ་གང་ཡིན་པ་དེ་དག་ནི།

འདོད་པའི་ཁམས་ཀྱི་འོག་མ་རྒྱལ་ཆེན་བཞི་པ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ཏེ། དེ་ན་ཚེ་ལོ་ལྔ་བཅུའོ། །དེ་པའི་ཉིན་ཞག་དེས་ན་དེ་རྣམས་ཀྱི་ཚེའི་ཚད་ནི་ཉིན་ཞག་སུམ་ཅུ་ལ་ཟླ་བ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་པའི་ལྷའི་ལོ་ལྔ་བརྒྱ་ཐུབ་བོ། །གོང་མ་གཉིས་གཉིས་འགྱུར་རོ། །ལྷ་གོང་

མ་རྣམས་ནི་ཉིན་ཞག་དང་ཚེ་གཉིས་ཀ་ཉིས་འགྱུར་ཏེ། ཇི་ལྟར་ཞེ་ན། མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི་སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཉིན་ཞག་གཅིག་སྟེ། དེས་ན་དེ་རྣམས་ཀྱི་ཚེ་ནི་ལོ་སྟོང་ངོ་། །དེ་བཞིན་དུ་མི་རྣམས་ཀྱི་ལོ་ཉིས་བརྒྱ་དང་། བཞི་བརྒྱ། བརྒྱད་བརྒྱ། སྟོང་དྲུག་

བརྒྱ་ལ་ཉིན་ཞག་གཅིག་ཏུ་བྱས་ལ། དེས་ན་ཚེ་རྣམས་ཀྱི་ཚེའི་ཚད་ལྷའི་ལོ་སྟོང་དང་། བཞི་སྟོང་དང་། བརྒྱད་སྟོང་ཁྲི་དྲུག་སྟོང་སྟེ། འཐབ་བྲལ་བ་རྣམས་དང་གོ་རིམས་བཞིན་ནོ། །འདོད་པ་རྣམས་ཀྱི་ཚེའི་ཚད་བཤད་ཟིན་ཏོ། །གཟུགས་ཅན་རྣམས་ལ་ནི་ཉིན་མཚན་མེད་ནི་

བསྐལ་པར་རང་ལུས་མཉམ། །གང་དག་གི་ལུས་དཔག་ཚད་ཕྱེད་ཡིན་པ་དེ་དག་གི་ཚེ་ནི་བསྐལ་པ་ཕྱེད་ཡིན་ནོ། །གང་དག་གི་དཔག་ཚད་ཡིན་པ་དེ་དག་གི་བསྐལ་པ་སྟེ། དེ་བཞིན་དུ་འོག་མིན་པ་རྣམས་ཀྱི་ཚེའི་ཚད་བསྐལ་པ་ཁྲི་དྲུག་སྟོང་ཡིན་པའི་བར་དུ་ལུས་ཀྱི་ཚད་དཔག་ཚད་

ཇི་ཙམ་མོ། །གཟུགས་མེད་བསྐལ་པ་སྟོང་ཕྲག་ནི། །ཉི་ཤུ་ལྷག་པ་ལྷག་པར་རོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་པ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཉི་ཁྲིའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་པ་རྣམས་ཀྱི་ནི་དེ་ལས་ཉི་ཁྲིས་ལྷག་གོ། །ཅི་ཡང་མེད་པའི་སྐྱེ་མཆེད་པ་རྣམས་

Vol. 141 · folio 152b

ཀྱི་དེ་ལས་ཉི་ཁྲིས་ལྷག་གོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་པའི་སྐྱེ་མཆེད་རྣམས་ཀྱི་ནི་དེ་ལས་ཉི་ཁྲིས་ལྷག་སྟེ། དེ་ལྟར་ན་ཚེའི་ཚད་བསྐལ་པ་ཉི་ཁྲི་དང་། བཞི་ཁྲི་དང་། དྲུག་ཁྲི་དང་། བརྒྱད་ཁྲི་སྟེ་རིམ་པ་བཞིན་ནོ། །འདིར་བསྐལ་པ་གང་ཞིག་ཡིན་པར་རིག་པར་བྱ། །ཅིག་ཅར་གྱི་བསྐལ་

པའམ། འཇིག་པའི་བསྐལ་པའམ། ཆགས་པའི་བསྐལ་པའམ། བསྐལ་པ་ཆེན་པོ་ཡང་ཞེ་ན། འོད་ཆུང་ལ་སོགས་ཆེན་པོ་སྟེ། །དེ་ཡི་འོག་མ་ཕྱེད་ཡིན་ནོ། །འོད་ཆུང་ལ་སོགས་པའི་ཚེ་ནི་བསྐལ་པ་ཆེན་པོར་རིག་པར་བྱའོ། །དེའི་འོག་མ་ཚངས་ཆེན་ལ་སོགས་པའི་ཚེའི་ཚད་ནི་བསྐལ་པ་ཆེན་པོའི་ཕྱེད་ལ་

བསྐལ་པར་བྱས་ནས་རྣམ་པར་གཞག་སྟེ། ཇི་ལྟ་ཞེ་ན། གང་ཡང་འཇིག་རྟེན་ཆགས་པ་བར་གྱི་བསྐལ་པ་ཉི་ཤུ་དང་། གང་ཡང་ཆགས་ནས་འདུག་པའི་བར་གྱི་བསྐལ་པ་ཉི་ཤུ་དང་། གང་ཡང་འཇིག་པའི་བར་གྱི་བསྐལ་པ་ཉི་ཤུ་སྟེ། བར་གྱི་བསྐལ་པ་དྲུག་ཅུ་པོ་དེ་དག་ལ་ཚངས་པ་ཆེན་པོའི་བསྐལ་པ་ཕྱེད་དང་གཉིས་

སུ་བཤད་དེ། དེ་ལྟར་ན་བསྐལ་པ་ཆེན་པོའི་བར་གྱི་བསྐལ་པ་བཞི་བཅུ་ལ་བསྐལ་བར་བྱས་ནས་དེ་དག་ཚེའི་ཚད་དུ་བཤད་པ་ཡིན་ནོ། །ད་ནི་ངན་འགྲོ་བ་རྣམས་ཀྱི་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཡང་སོས་དག་ཏུ་རིམ་བཞིན་ནོ། །ལྷ་དྲུག་པོ་དེ་དག་

གི་ཚེ་ཇི་ཙམ་བཤད་པ་དེ་དང་ནི་རིམ་བཞིན་ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་སྟེ། དམྱལ་བ་དྲུག་དག་གི་ཉིན་ཞག་དང་མཉམ་པར་རིག་པར་བྱ་སྟེ། དེ་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །ད་ནི་རང་ཉིན་ཞག་

དེ་ན། དེ་དག་གི་ནི་རིམ་བཞིན་དུ་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་རིག་པར་བྱ་སྟེ། ཇི་ལྟ་ཞེ་ན། རྒྱལ་ཆེན་བཞི་པ་རྣམས་ཀྱི་ཚེའི་ཚད་གང་ཡིན་པ་དེ་ནི། དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་ཡིན་ལ། ཉིན་ཞག་དེས་དེ་པ་རྣམས་ཀྱི་ཚེའི་ཚེད་ནི་ཞག་སུམ་ཅུ་ལ་ཟླ་བ་གཅིག།

ཟླ་བ་བཅུ་གཉིས་ལ་ལོ་གཅིག་པའི་ལོ་ལྔ་བརྒྱ་ཐུབ་སྟེ། དེ་བཞིན་དུ་གཞན་དག་ལ་ཡང་རིམ་བཞིན་དུ་སྦྱར་བར་བྱའོ། །རབ་ཏུ་ཚ་བ་ཕྱེད་ཡིན་ནོ། །སེམས་ཅན་དམྱལ་བ་རབ་ཏུ་ཚ་བའི་ཚེའི་ཚད་ནི་བར་གྱི་བསྐལ་པ་ཕྱེད་དོ། །མནར་མེད་པ་ནི་བསྐལ་པ་གཅིག །དུད་འགྲོ་རྣམས་ནི་ངེས་པ་མེད་དེ། དུད་

Vol. 141 · folio 153a

འགྲོ་མཆོག་ཏུ་རིང་བ་ནི་བསྐལ་པ་ཡིན་ནོ། །དུད་འགྲོ་མཆོག་ཏུ་ཚེ་རིང་བ་བསྐལ་པའོ། །དེ་ཡང་ཀླུ་དགའ་བོ་དང་ཉེ་དགའ་བོ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཀླུ་དང་ཀླུ་ཆེན་པོ་བརྒྱད་པོ་འདི་དག་ནི། བསྐལ་པར་གནས་པས་འཛིན་པའོ་ཞེས་གསུངས་

སོ། །ཡི་དགས་རྣམས་ཟླ་བ་ཉིན་ཞག་ལོ་ལྔ་བརྒྱ། མི་རྣམས་ཀྱི་ཟླ་བ་ཡང་ཡིན་པ་དེ་ནི་ཡི་དགས་རྣམས་ཀྱི་ཉིན་ཞག་ཡིན་ལ། ཉིན་ཞག་དེས་ན་དེ་དག་གི་ཚེའི་ཚད་ལོ་ལྔ་བརྒྱའོ། །གྲང་བའི་དམྱལ་བ་དག་ནི་ཚེའི་ཚད་ཇི་ཙམ་ཞེ་ན། ཏིལ་སྦྱངས་ནས་ནི་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྲད་ནས་ཟད་

འགྱུར་བ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུ་བསྒྱུར། །བཅོམ་ལྡན་འདས་ཀྱིས་དེ་དག་གི་ཚེའི་ཚད་ཀྱི་དཔེ་ཙམ་དུ་བཀའ་སྩལ་པ་ནི། དགེ་སློང་དག་འདི་ལྟ་སྟེ། དཔེར་ན་ཡུལ་མ་ག་དྷཱའི་ཏིལ་གྱི་སྦྱངས་ཁལ་ཉི་ཤུ་པ་ཅིག་ཏིལ་གྱིས་དགང་སྟེ། དེ་ནས་ལ་ལ་ཞིག་གིས་ལོ་བརྒྱ་བརྒྱ་

འདས་ཤིང་། ཏིལ་རེ་རེ་བོར་ནས་དགེ་སློང་དག་རིམ་པ་དེས་ན་ཡུལ་མ་ག་དྷཱའི་ཏིལ་གྱི་སྦྱངས་ཁལ་ཉི་ཤུ་པ་དེ་མ་ལུས་པར་འགྱུར་བ་ནི་ཆེས་མྱུར་གྱི། ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེ་ཡོངས་སུ་གཏུགས་པར་ནི་ང་མི་སྨྲའོ། །དགེ་སློང་དག་ཆུ་བུར་ཅན་ཇི་ལྟ་བ་དེ་བཞིན་དུ་ཆུ་བུར་རྡོལ་བའི་ཚེ་

གཅིག་གོ་ཞེས་བྱ་བ་ནས། ཡང་དགེ་སློང་དག་པདྨ་ལྟར་གས་པའི་ཉི་ཤུ་ཇི་ལྟ་བ་དེ་བཞིན་དུ་པདྨ་ལྟར་གས་པ་ཆེན་པོའི་ཚེ་གཅིག་གོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་གསུངས་ཏེ། ཅི་ཚེ་དེ་ལྟ་བུ་དང་ལྡན་པའི་སེམས་ཅན་རྣམས་ཚེ་ཡོངས་སུ་མ་རྫོགས་པར་བར་མ་དོར་འཆི་བ་ཡོད་དམ། འོན་ཏེ་མ་ཡིན་ཞེ་ན། ཐམས་

ཅད་ལ་ཡོད་དེ། སྒྲ་མི་སྙན་མ་གཏོགས་པར་འཆི་བ་ཡོད་དོ། །བྱང་གི་སྒྲ་མི་སྙན་གྱི་སེམས་ཅན་གྱི་ཚེ་ནི་ངེས་ཀྱི་གཞན་དག་ནི་མ་ངེས་སོ། །གང་ཟག་རྣམས་ལས་བར་མ་དོར་འཆི་བ་མེད་པ་མང་སྟེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དགའ་ལྡན་ན་བཞུགས་པ་རྣམས་སྐྱེ་བ་གཅིག་གིས་

ཐོགས་པ་དང་། སྲིད་པ་ཐ་མ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་དང་། བྱང་ཆུབ་སེམས་དཔའ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷུམས་སུ་བལྟམས་པའི་ཡུམ་དང་། དེ་ལ་སོགས་པ་རྣམས་སོ། །དེ་ལྟར་ན་དཔག་ཚད་དང་རྒྱང་གྲགས་ཀྱི་ཚད་ཀྱིས་གནས་རྣམས་དང་། ལུས་

Vol. 141 · folio 153b

རྣམས་བསྟན། ལོའི་ཚད་ཀྱིས་ཚེ་ཡང་བསྟན་ན། དེ་གཉིས་ཀྱི་ཚད་ནི་མ་བསྟན་པས་བརྗོད་པར་བྱ་ལ། དེ་དག་ཐམས་ཅད་ཀྱི་རྣམ་པར་གཞག་པ་ཡང་མིང་ཡིན་པས་དེའི་ཕྱིར་དེའི་མཐའ་ཡས་བརྗོད་དགོས་ཏེ། དེ་རྣམས་ཡང་དག་པར་བསྟན་པའི་ཕྱིར་དང་པོའི་རིམ་པ་ཙམ་མོ། །གཟུགས་དང་

མིང་དང་དུས་མཐའ་ནི། །ཕྲ་རབ་རྡུལ་ཡིག་སྐད་ཅིག་གོ། །གཟུགས་ཀྱི་ནང་ན་ཕྲ་བའི་མཐའ་ནི་རྡུལ་ཕྲ་རབ་པོ། །དུས་ཀྱི་མཐའ་ནི་སྐད་ཅིག་གོ། །མིང་གི་མཐའ་ནི་ཡི་གེའི་འབྲུ་སྟེ་དཔེར་ན་པ་ཞེས་པའོ། །དེ་ཡང་སྐད་ཅིག་མའི་ཚད་ཇི་ཙམ་ཞེ་ན། རྐྱེན་རྣམས་ཚོགས་ནས་ཇི་སྲིད་དུ་ཆོས་ཀྱི་བདག་ཉིད་དུ་

ཐོབ་པའོ། །དེ་ལ། ཕྲ་རབ་དང་རྡུལ་ཕྲན་དང་། དེ་བཞིན་ལྕགས་ཀྱུ་རི་བོང་དང་། །ལུག་དང་གླང་དང་ཉི་ཟེར་རྡུལ། །སྲོ་མ་དེ་ལས་བྱུང་དང་ནས། །དེ་བཞིན་སོར་མོའི་ཚིགས་ཞེས་བྱ། །གོང་ནས་གོང་དུ་བདུན་འགྱུར་རོ། །རྡུལ་ཕྲ་རབ་ལ་སོགས་པ་འདི་དག་ནི་གོང་ནས་གོང་དུ་བདུན་འགྱུར་དུ་

རིག་པར་བྱ་སྟེ། རྡུལ་ཕྲ་རབ་བདུན་ལ་ནི་རྡུལ་ཕྲན་ནོ། །དེ་བདུན་ལ་ལྕགས་རྡུལ་ལོ། །དེ་བདུན་ལ་ནི་ཆུ་རྡུལ་ལོ། །དེ་བདུན་ལ་ནི་རི་བོང་རྡུལ་ལོ། །དེ་བདུན་ལ་ནི་ལུག་རྡུལ་ལོ། །དེ་བདུན་ལ་ནི་གླང་རྡུལ་ལོ། །དེ་བདུན་ལ་ནི་ཉི་ཟེར་རོ། །དེ་བདུན་ལ་ནི་སྲོ་མའོ། །དེ་བདུན་ལ་ནི་དེ་ལས་

བྱུང་བ་སྟེ། སྲོ་མ་ལས་བྱུང་བ་ནི་ཤིག་ཅེས་བྱ་བའི་དོན་ཏོ། །ཤིག་བདུན་ལ་ནས་སོ། །ནས་བདུན་ལ་ནི་སོར་མོའི་ཚིགས་སོ། །སོར་མོའི་ཚིགས་གསུམ་ལ་ནི་སོར་མོར་གྲགས་པས་འདི་ནི་མ་བཤད་དོ། །ངོས་སུ་བྱ་ན་ནི། སོར་ཚིགས་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་ཡིན་ནོ། །

གཞུ་འདོམ་ཞེས་བྱ་བའི་དོན་ཏོ། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །གཞུ་ལྔ་བརྒྱ་ལ་ནི་རྒྱང་གྲགས་ཏེ། གྲོང་ནས་རྒྱང་གྲགས་ཙམ་གྱི་ཐག་ལ་དགོན་པར་འདོད་དོ། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །རྒྱང་གྲགས་དེ་བརྒྱད་དཔག་ཚད་ཅེས་བྱའོ། །དཔག་

ཚད་ཀྱི་ཚད་བཤད་ཟིན་ཏོ། །ད་ནི་ལོ་བརྗོད་པར་བྱ་སྟེ། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། དེའི་སྐད་ཅིག །སྐད་ཅིག་མ་བརྒྱ་ཉི་ཤུ་དེའི་སྐད་ཅིག་གོ། །དེ་དག་ཀྱང་། དྲུག་ཅུ་ལ་ནི་ཐང་ཅིག་གོ། །དེའི་སྐད་ཅིག་མ་དྲུག་ཅུ་ལ་ཐང་ཅིག་ཅེས་བྱའོ། །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་

Vol. 141 · folio 154a

སུམ་ཅུར་འགྱུར། །ཐང་ཅིག་སུམ་ཅུ་ལ་ནི་ཡུད་ཙམ། ཡུད་ཙམ་སུམ་ཅུ་ལ་ནི་ཉིན་ཞག་སྟེ། རེས་འགའ་ནམ་རིང་ངོ་། །རེས་འགའ་ཐུང་ངོ་། །རེས་འགའ་ནི་མཉམ་སྟེ། ཉིན་ཞག་སུམ་ཅུ་ལ་ཟླ་བའོ། །ཟླ་བ་བཅུ་གཉིས་དག་ལ་ནི། །ལོ་གཅིག་ཞག་ནི་ཤོལ་དང་བཅས། །དགུན་གྱི་ཟླ་བ་བཞི་དང་། དཔྱིད་

ཀྱི་ཟླ་བ་བཞི་སྟེ། ཟླ་བ་བཅུ་གཉིས་པོ་དེ་དག་ཤོལ་ཞག་དང་བཅས་པ་ལ་ལོ་གཅིག་གོ། །ལོ་ལ་ཞག་གི་ཤོལ་དྲུག་དོར་ཏེ། ཇི་ལྟ་ཞེ་ན། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ནས། །ཟླ་བ་ཕྱེད་ནི་ལེན་པའི་ཚེ། །མཁས་པ་རྣམས་ཀྱིས་ཞག་ཤོལ་དོར། །

ཞེས་འབྱུང་སྟེ། ལོའི་ཚད་བཤད་ཟིན་ཏོ། །ད་ནི་བསྐལ་པ་བརྗོད་པར་བྱ་སྟེ། བསྐལ་པ་རྣམ་པ་མང་བཤད་པ། །བར་གྱི་བསྐལ་པ་དང་། འཇིག་པའི་བསྐལ་པ་དང་། ཆགས་པའི་བསྐལ་པ་དང་། བསྐལ་པ་ཆེན་པོའོ། །དེ་ལ། འཇིག་པའི་བསྐལ་པ་དམྱལ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་

པ། །དམྱལ་བ་དག་ནི་སེམས་ཅན་མི་སྲིད་པ་ནས་སྣོད་ཟད་པའི་བར་གྱི་དུས་དེ་ལ་ནི་འཇིག་པའི་བསྐལ་པ་ཞེས་བྱའོ། །ཆགས་པ་དང་པོ་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུའོ། །དང་པོ་རླུང་ནས་བཟུང་སྟེ། དམྱལ་བ་དག་ནི་སེམས་ཅན་མི་སྲིད་པའི་བར་གྱི་དུས་དེ་ལ་ཆགས་པའི་བསྐལ་པ་

ཞེས་བྱའོ། །བར་གྱི་བསྐལ་པ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུའོ། །འཇིག་རྟེན་ཆགས་པ་ནས་མི་རྣམས་ཀྱི་ཚེ་དཔག་ཏུ་མེད་པའི་བར་གྱི་བསྐལ་པ་བཅུ་དགུ་འདས་པར་འགྱུར་རོ། །ཚེ་ལོ་དཔག་ཏུ་མེད་པ་ཉིད་ནས་འགྲིབ་སྟེ། ཚེ་ལོ་བཅུའི་བར་དུ་གྱུར་པ་དེ་ནི་ཆགས་ནས་གནས་པའི་

བར་གྱི་བསྐལ་པ་དང་པོ་ཡིན་ནོ། །དེ་ནས་ཡར་སྐྱེ་མར་འགྲིབ་པའི། །བསྐལ་པ་གཞན་ནི་བཅོ་བརྒྱད་དོ། །བར་གྱི་བསྐལ་པ་ཡར་སྐྱེ་བ་བཅོ་བརྒྱད་དང་མར་འགྲིབ་པ་བཅོ་བརྒྱད་དུ་འགྱུར་ཏེ། ཇི་ལྟ་ཞེ་ན། ཚེ་ལོ་བཅུ་པ་དེ་དག་ལས་ཡར་སྐྱེ་བ་ན་རིམ་གྱིས་ཚེ་ལོ་བརྒྱད་ཁྲིའི་བར་འགྱུར་ལ། དེ་

ནས་ཡང་མར་འགྲིབ་པ་ན་ཚེ་ལོ་བཅུ་པར་འགྱུར་ཏེ། འདི་ནི་བར་གྱི་བསྐལ་པ་གཉིས་པ་སྟེ། དེ་ལྟ་ན་བཅོ་བརྒྱད་དང་ཡར་སྐྱེ་བ་གཅིག །བར་གྱི་བསྐལ་པ་ཉི་ཤུ་པ་གཅིག་ནི་ཡར་སྐྱེ་བ་ཉིད་དེ་མར་འགྲིབ་པ་ནི་མ་ཡིན་ནོ། །ཡང་ཡར་སྐྱེ་བ་དེ་དག་ཇི་ཙམ་གྱི་ཚད་དུ་ཡང་སྐྱེ་བར་འགྱུར་རོ་ཞེ་ན། དེ་དག་

Vol. 141 · folio 154b

ཚེ་ནི་བརྒྱད་ཁྲི་བར། །དེ་ལས་ཡར་ནི་མི་སྐྱེའོ། །བར་གྱི་བསྐལ་པ་གཞན་དག་གི་ཡར་སྐྱེ་བ་དང་མར་འགྲིབ་པ་ཇི་སྲིད་པར་དང་པོའི་མར་འགྲིབ་པའི་དུས་དང་། ཐ་མར་ཡར་སྐྱེ་བའི་དུས་ཀྱང་དེ་སྲིད་དོ། །དེ་ལྟར་ཐམས་ཅད་དུ་མཉམ་པར་འགྱུར་རོ། །དེ་ལྟར་འཇིག་རྟེན་ཆགས་པ་འདི། །གནས་

པ་བསྐལ་པ་ཉི་ཤུ་ཡིན། །དེ་ལྟར་ན་བར་གྱི་བསྐལ་པའི་ཚུལ་དེས་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུ་ཆགས་ནས་གནས་སོ། །དུས་དེ་སྲིད་དུ། ཆགས་དང་ཞིག་ནས་འདུག་པ་དང་། །དེ་བཞིན་འཇིག་པ་དག་མཉམ་མོ། །བར་གྱི་བསྐལ་པ་ཉི་ཤུ་ཁོ་ནར་ཆགས་སོ། །ཉི་ཤུར་ཞིག་

ནས་འདུག་གོ། །གལ་ཏེ་ཡང་ཡར་སྐྱེ་བ་དང་མར་འགྲིབ་པ་མི་འཇུག་ཏུ་ཟིན་ཀྱང་དུས་ནི་མཉམ་པར་ཡོངས་སུ་བརྩིའོ། །ཉི་ཤུ་ཕྲག་བཞི་པོ་དེ་དག་ནི་བརྒྱད་ཅུར་འགྱུར་རོ། །དེ་དག་བསྐལ་ཆེན་བསྐལ་ཆེན་ཏེ། །བསྐལ་པ་ཆེན་པོའི་ཚད་ནི་དེ་ཡིན་ནོ། །བསྐལ་པ་གྲངས་མེད་པ་དག་གིས་

སངས་རྒྱས་ཉིད་ཐོབ་བོ་ཞེས་གསུངས་པའི་བསྐལ་པའི་བསྐལ་པ་དེ་དག་གང་ཞེ་ན། བསྐལ་པ་ཆེན་པོར་བཤད་པ་གང་ཡིན་པ་སྟེ། དེ་གྲངས་མེད་གསུམ་ལས་སངས་རྒྱས་འབྱུང་ངོ་། །ཅི་སངས་རྒྱས་ཡར་སྐྱེ་བའི་ཚེ་འབྱུང་ངམ་འོན་ཏེ་མར་འགྲིབ་པའི་ཚེ་ཞེ་ན། མར་ནི་འགྲིབ་པའི། བརྒྱ་ཡི་

བར་ལ་དེ་འབྱུང་ངོ་། །སྐྱེ་དགུ་རྣམས་ནི་ཚེ་ལོ་བརྒྱད་ཁྲི་མར་འགྲིབ་པར་བརྩམས་པ་ནས་ཚེ་ལོ་བརྒྱད་པའི་བར་དེར་སངས་རྒྱས་འབྱུང་བར་འགྱུར་རོ། །ཡང་རང་སངས་རྒྱས་རྣམས་གང་གི་དུས་ལ་འབྱུང་ཞེ་ན། རང་སངས་རྒྱས་རྣམས་གཉི་ག་ལ། །ཡར་སྐྱེ་བ་དང་མར་འགྲིབ་པའི་ཚེ་གཉི་

ག་ལ་ཡང་འབྱུང་ངོ་། །རང་སངས་རྒྱས་རྣམས་ནི་རྣམ་པ་གཉིས་ཏེ། ཚོགས་ཤིང་སྤྱོད་པ་རྣམས་དང་། བསེ་རུ་ལྟ་བུ་རྣམས་སོ། །དེ་དག་ལས། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །བསྐལ་པ་བརྒྱར་བྱང་ཆུབ་ཚོགས་ལ་ཡང་ཡོངས་སུ་སྤྱོད་པས་བསེ་རུ་ལྟ་བུར་འགྱུར་ཏེ། བསྟན་པ་མེད་པར་

བདག་གིས་སོ་སོར་སངས་རྒྱས་པས་ན་རང་སངས་རྒྱས་ཞེས་བྱའོ། །ཡང་འཁོར་ལོས་སྒྱུར་བ་རྣམས་ནམ་འབྱུང་ཞེ་ན། འཁོར་ལོས་སྒྱུར་བ་འབྱུང་བ་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི། །མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པ་དང་ནས་བརྒྱད་ཁྲིའི་བར་དུ་འཁོར་ལོས་སྒྱུར་བ་རྣམས་

Vol. 141 · folio 155a

འབྱུང་སྟེ། དེ་ལས་ནི་མི་འཕྱིའོ། །དེ་དག་ཀྱང་རྣམ་པ་བཞི་སྟེ། འཁོར་ལོ་གསེར་དངུལ་ཟངས་དང་ལྕགས། །དེ་དག་ལ་གསེར་དངུལ་དང་ཟངས་དང་ལྕགས་ཀྱི་འཁོར་ལོ་ཡོད་དེ། དེ་དག་གི་དང་པོ་ནི་མཆོག་ཡིན་ནོ། །གཉིས་པ་ནི་ཉེ་བའི་མཆོག་ཡིན་ནོ། །གསུམ་

པ་ནི་འབྲིང་ངོ་། །བཞི་པ་ཐ་མ་སྟེ། དེ་དག་གླིང་གཅིག་གླིང་གཉིས་དང་། །གསུམ་དང་བཞི་ལ་མས་རིམ་བཞིན། །བཏགས་པ་ལས་ནི་དེ་ལྟར་བསྟན་ཏོ། །མདོ་ལས་ནི་གཙོ་བོ་སྨོས་པའི་ཕྱིར་གསེར་གྱི་འཁོར་ལོ་འབའ་ཞིག་ཏུ་བཤད་དོ། །དེ་ལྟ་བུའི་འཁོར་ལོས་སྒྱུར་བ་དེ་དག་འབྱུང་བ་

ནི། །ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །དེ་བཞིན་གཤེགས་པ་རྣམས་ཇི་ལྟ་བར་འཁོར་ལོས་སྒྱུར་བ་ཡང་དེ་བཞིན་ནོ་ཞེས་མདོའི་ཚིག་ལས་འབྱུང་ངོ་། །ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་དག་དང་གསེར་ལ་སོགས་པའི་འཁོར་ལོས་ས་ལས་རྒྱལ་བ་ན་ཇི་ལྟར་རྒྱལ་བར་

བྱེད་ཅེ་ན། རིམ་བཞིན་དུ། ཕས་བསུ་བ་དང་རང་འགྲོ་དང་། །གཡུལ་བཤམས་པ་དང་མཚོན་བརྩམས་དང་། །ཕེབས་ཏེ། གང་གི་གསེར་གྱི་འཁོར་ལོ་ཡིན་པ་དེ་ནི་ཁམས་ཀྱི་རྒྱལ་ཕྲན་རྣམས་རང་བསུ་ཞིང་འདི་དག་ནི་ལྷའི་འབངས་སོ་ཞེས་བྱ་བ་ཇི་སྐད་དུ་མདོ་ལས་འབྱུང་བ་དང་། མཐུན་པར་

རིག་པར་བྱའོ། །གང་དུ་དངུལ་གྱི་རྒྱུ་ཡིན་པ་དེ་ནི་བདག་ཉིད་དེ་དག་གི་གནས་སུ་འགྲོ་ཞིང་ཕྱིས་འདུད་པར་འགྱུར་རོ། །གང་གི་ཟངས་ཀྱི་རྒྱུ་ཡིན་པ་དེ་ནི་བདག་ཉིད་དེ་དག་གི་གནས་སུ་སོང་ནས་གཡུལ་བཤམ་པ་ལས་ཕྱིས་རྒྱལ་བར་འགྱུར་རོ། །གང་གི་ལྕགས་ཀྱི་རྒྱུ་ཡིན་པ་དེ་ནི་དེ་དག་གན་དུ་སོང་

ཕན་ཚུན་མཚོན་བརྩམས་པ་ལས་ཕྱིས་འདུད་པར་བྱེད་དོ། །འཁོར་ལོས་སྒྱུར་བ་ཐམས་ཅད་ཀྱིས་ཀྱང་གནོད་པ་མེད་པ་ཡིན་ནོ། །མཚོན་ཆས་ཕིགས་ཀྱང་གནོད་པ་མི་འཇུག་གོ། །ཅི་འཁོར་ལོས་སྒྱུར་བའི་རྒྱལ་པོ་གཞན་ལས་ཁྱད་པར་དེ་འབའ་ཞིག་ཡོད་དམ་ཞེ་ན། གཞན་ཡང་ཡོད་དེ།

དེ་དག་ལས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོད་དེ། དཔེར་ན་སངས་རྒྱས་བཞིན་ནོ། །དེ་ལ་ནི། ཐུབ་པའི་མཚན་རྣམས་འཕགས་པ་དང་། །ཡུལ་ན་གནས་ཤིང་གསལ་ལ་རྫོགས། །སངས་རྒྱས་ཀྱི་མཚན་ཡུལ་ན་གནས་ཤིང་གསལ་བར་ཀུན་རྫོགས་པ་ཡིན་ཏེ། དེ་དག་ནི་ཁྱད་

Vol. 141 · folio 155b

པར་དེ་ཡིན་ནོ། །ཡང་ཅི་བསྐལ་པ་དང་པོའི་མི་རྣམས་ཀྱང་རྒྱལ་པོ་དང་བཅས་པར་གྱུར་ཏམ་ཞེ་ན་སྨྲས་པ། མ་ཡིན་ཏེ། ཇི་ལྟར་གཟུགས་ཅན་སེམས་ཅན་བཞིན་སྔར་འགྱུར། །བསྐལ་པ་དང་པོའི་མི་རྣམས་ནི་གཟུགས་ན་སྤྱོད་པའི་སེམས་ཅན་བཞིན་དུ་གྱུར་ཏོ། །དེ་ནས་རིམ་གྱིས་རོལ་ནི། །

ཆགས་ཤིང་སྙོམ་ལས་ཕྱིར་བསགས་ཤིང་། །འཛིན་བཅས་རྣམས་ཀྱིས་ཞིང་དཔོན་བཀུར། །དེ་དག་དེ་བཞིན་དུ་བྱུང་བ་རྣམས་ལ་སའི་རོ་སྦྲང་རྩིའི་རོ་བྲོ་བ་བྱུང་བར་གྱུར་པ་ལས། སེམས་ཅན་བརྐམ་པའི་རང་བཞིན་ཅན་གང་ཡང་རུང་བ་ཞིག་གིས་དྲི་བསྣམས་ཤིང་རོ་མྱངས་ནས་ཟོས་པ་དང་། དེ་ནས་

སེམས་ཅན་གཞན་དག་ཀྱང་དེ་བཞིན་དུ་བྱེད་པར་འགྱུར་ཏེ། ཁམ་གྱི་ཟས་ཀྱི་རྩོམ་པ་དེ་ཡིན་ནོ། །དེ་དག་ཀྱང་ཁམ་གྱི་ཟས་དེ་ལ་གོམས་པའི་ཕྱིར་ལུས་རྩུབ་པ་ཉིད་དང་། ལྕི་བ་ཉིད་དུ་གྱུར་ཅིང་འོད་ཀྱང་ནུབ་པ་དང་། །དེ་ནས་མུན་པ་བྱུང་བའི་ཚེ་ཉི་མ་དང་ཟླ་བ་དག་ཀྱང་བྱུང་ངོ་། །དེ་དག་

གི་སའི་རོ་ལ་ཆགས་པ་རྣམས་ལ་རིམ་གྱིས་ནུབ་པར་གྱུར་ནས་དེ་ནས་ས་ཞག་བྱུང་ངོ་། །དེ་ལ་ཆགས་པས་དེ་ཡང་ནུབ་པ་དང་མྱུ་གུའི་ཚལ་བྱུང་བར་གྱུར་ཏོ། །དེ་ལ་ཆགས་པས་དེ་ཡང་ནུབ་པར་གྱུར་པ་དང་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་བྱུང་བར་གྱུར་ནས་དེ་ཟ་བའི་ཚེ་ན་ནི་དེ་ཆེས་རགས་

པ་ཡིན་པའི་ཕྱིར་རྒྱུ་མཐུན་པ་འབྱུང་བར་བྱ་བའི་ཕྱིར་སེམས་ཅན་རྣམས་ཀྱི་གཅིན་དང་ཕྱི་ས་དང་། ཕོ་དང་མོའི་དབང་པོ་དང་བཅས་པ་དང་། དབྱིབས་ཐ་དད་པ་ཡང་བྱུང་བར་གྱུར་ནས། །དེ་དག་ཕན་ཚུན་མཐོང་བ་དང་སྔོན་གོམས་པའི་དབང་གིས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་གདོན་

གྱིས་ཟིན་པར་གྱུར་པ་རྣམས་འདོད་པའི་འདོད་ཆགས་སྐྱེས་པའི་ཕྱིར་ལོག་པར་ཞུགས་ཏེ། འདོད་པ་རྣམས་འདོད་པའི་འབྱུང་པོའི་གདོན་གྱིས་བབ་པའི་རྩོམ་པ་ནི་དེ་ལྟ་བུ་ཡིན་ནོ། །ཡང་དེ་དག་ནང་བཟའ་བའི་འབྲས་སཱ་ལུ་ནང་བླངས། ནུབ་ཟ་བ་ཡང་ནུབ་ལེན་པ་ལས་སེམས་ཅན་

ལེ་ལོའི་རང་བཞིན་གང་ཡང་རུང་བ་ཞིག་གིས་བསགས་པ་དང་། སེམས་ཅན་གཞན་དག་ཀྱང་སོགས་པར་བྱེད་དེ། དེ་དག་དེ་ལ་བདག་ཏུ་འཛིན་པ་སྐྱེས་པ་དང་འབྲས་བུ་བསྡུས་ཤིང་བརྔས་པ་དང་མི་སྐྱེ་བར་གྱུར་ཏོ། །དེ་ནས་ཞིང་རྣམས་བགོས་ཏེ། བདག་གིར་ཀུན་དུ་བཟུང་ནས་

Vol. 141 · folio 156a

གཞན་གྱིས་འཕྲོག་པར་རྩོམ་པའི་དང་པོ་དེ་ཡིན་ནོ། །དེ་ནས་དེ་དག་གིས་དེ་དག་ཆད་པས་གཅད་པའི་ཕྱིར་འདུས་ནས་གང་ཡང་རུང་བའི་མི་ཞིག་ཞིང་རྣམས་ཀྱི་དཔོན་པོར་བྱེད་པའི་ཕྱིར་དྲུག་ཆས་བསྟབས་ཏེ། ཞིང་རྣམས་ཀྱི་དཔོན་དེ་ལ་རྒྱལ་རིགས་ཞེས་བྱ་བའི་མིང་བྱུང་

ངོ་། །སྐྱེ་བོའི་ཚོགས་ཕལ་པོ་ཆེས་བཀུར་བ་དང་སྐྱེ་དགུ་ཀུན་གྱིས་དགའ་བར་བྱས་པས་རྒྱལ་པོ་མང་པོས་བཀུར་ཞེས་པའི་མིང་བྱུང་སྟེ། རྒྱལ་པོ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྩོམ་པ་དེ་ཡིན་ནོ། །དེ་ནས་གང་ཡང་རུང་བའི་རྒྱལ་པོ་ཞིག་བ་གམ་པའི་ཕྱིར་བསྒོ་བར་མ་བྱས་པས་

སེམས་ཅན་རྐུན་པོ་མང་པོ་བྱུང་བ་དང་། དེས་དེ་དག་ལ་མཚོན་གྱིས་གསོད་པར་བྱེད་དོ། །དེ་ནས་གཞན་ཞིག་དག་ཀྱང་བདག་གིས་མ་བྱས་སོ་ཞེས་བརྫུན་སྨྲ་བར་བརྩམས་སོ། །དེ་ནས་ལས་ཀྱི་ལམ་ལྷག་པས། །ཚེ་ཐུང་ལོ་ནི་བཅུ་དག་གོ། །དེ་ནས་དེ་ལྟར་ལས་ཀྱི་ལམ་རྣམས་འཕེལ་བ་ན་

མི་རྣམས་ཀྱི་ཚེ་ཁད་ཀྱིས་ཐུང་ངུར་གྱུར་པ་དང་། ཐ་མར་ཚེ་ལོ་བཅུ་པ་དག་ཏུ་གྱུར་ཏེ། མི་རྣམས་ཀྱི་ཚེ་ལོ་བཅུ་པ་ན་བར་གྱི་བསྐལ་པའི་ཚར་ཕྱིན་པ་ཡིན་ནོ། །ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། བསྐལ་པ་མཚོན་དང་ནད་དང་ནི། །མུ་གེ་དག་གིས་ཚར་ཕྱིན་ཏོ། །བཅོམ་ལྡན་འདས་ཀྱིས་འདི་

སྐད་མཚོན་དང་ནད་དང་མུ་གེ་དང་གསུམ་གྱིས་བསྐལ་པའི་ཚར་ཕྱིན་ཏོ་ཞེས་གསུངས་སོ། །ཡང་མཚོན་ཆས་གསོད་པ་དང་། ནད་དང་། མུ་གེ་དག་སེམས་ཅན་རྣམས་ལ་ཇི་སྲིད་ཅིག་འབྱུང་ཞེ་ན། ཞག་ལ་བདུན་དང་ཟླ་བ་དང་། །ལོ་རྣམས་དག་སྟེ་གོ་རིམས་བཞིན། །མཚོན་ཆས་གསོད་པ་

དང་ནད་དང་མུ་གེ་རྣམས་ཡིན་ནོ། །འཇིག་པའི་བསྐལ་པ་དམྱལ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་པ། །ཞེས་བཤད་པ་ལ་ཡང་འཇིག་རྟེན་འཇིག་པ་དུ་ཞིག་ཡིན། རྩོམ་པ་ནི་དུ་ཞིག་ཅེ་ན། འཇིག་པ་དག་ནི་གསུམ་ཡིན་ཏེ། །མེ་དང་ཆུ་དང་རླུང་དག་གིས། །སེམས་ཅན་

རྣམས་བསམ་གཏན་གཅིག་ཏུ་བརྗེ་བས་ན་འདི་ནི་འཇིག་རྟེན་པ་སྟེ། ཉི་མ་བདུན་གྱིས་ནི་མེས་འཇིག་པ་ཡིན་ནོ། །ཆར་པའི་ཆུས་ནི་ཆུས་འཇིག་པའོ། །རླུང་གིས་རབ་ཏུ་འཁྲུགས་པས་ནི་རླུང་གིས་འཇིག་པའོ། །ཡང་འཇིག་པའི་རྩེ་མོ་གང་ཡིན་ཞེ་ན། བསམ་གཏན་གཉིས་སོགས་

Vol. 141 · folio 156b

གསུམ་པོ་ནི། །དེ་དག་གི་རྩེ་རིམ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་འཇིག་པ་གསུངས་པའི་འཇིག་པའི་རྩེ་མོ་གསུམ་སྟེ། གང་གི་ཚེ་མེས་འཇིག་པར་འགྱུར་བ་དེའི་ཚེ་ནི་འབྲས་བུ་ཆེ་བའི་ལྷ་རྣམས་འཇིག་པའི་རྩེ་མོ་ཡིན་ནོ། །གང་གི་ཚེ་ཆུས་འཇིག་པར་འགྱུར་བ་དེའི་ཚེ་ནི་

དགེ་རྒྱས་ཀྱི་ལྷ་རྣམས་འཇིག་པའི་རྩེ་མོ་ཡིན་ནོ། །གང་གི་ཚེ་རླུང་གིས་འཇིག་པར་འགྱུར་བ་དེའི་ཚེ་ནི་འབྲས་བུ་ཆེ་བའི་ལྷ་རྣམས་འཇིག་པའི་རྩེ་མོ་ཡིན་ནོ། །ཡང་ཅི་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་རྣམས་མེ་དང་ཆུ་དང་རླུང་གིས་འཇིག་པ་ན། དེ་དང་སྐྱོན་དང་ཆོས་མཐུན་

ཕྱིར། །བསམ་གཏན་དང་པོ་ན་ནི་རྟོག་པ་དང་དཔྱོད་པ་སྐྱོན་ཡིན་ཏེ། དེ་དག་ཀྱང་ཡིད་ཀྱི་གདུང་བ་ཡིན་པའི་ཕྱིར་མེའི་བསྐལ་པའོ། །གཉིས་པ་ན་ནི་དགའ་བ་སྐྱོན་ཡིན་ཏེ། དེ་ཡང་ཤིན་ཏུ་བསྲབས་པ་དང་ལྡན་པས་ལུས་མཉེན་པར་བྱེད་པའི་ཕྱིར་ཆུའི་བསྐལ་པའོ། །བསམ་གཏན་

གསུམ་པ་ན་ནི་དབུགས་འབྱུང་བ་ཡིན་པས་དེ་དག་ལ་ནི་རླུང་ངོ་ཞེས་གསུངས་ཏེ། བསམ་གཏན་གང་ལ་སྙོམས་པར་འཇུག་པའི་ནང་གི་སྐྱོན་ཇི་ལྟ་བུར་བསམ་གཏན་དེ་ལ་སྙོམས་པར་འཇུག་པའི་སྐྱོན་ཡང་དེ་ལྟ་བུ་ཉིད་དོ། །ཡང་བསམ་གཏན་བཞི་པ་དག་ན་ཇི་ལྟར་འཇིག་ཅེ་ན། བཞི་པ་

ལ་མེད་མི་གཡོའི་ཕྱིར། །བསམ་གཏན་བཞི་པ་ན་ནི་ནང་གི་སྐྱོན་དང་བྲལ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་མི་གཡོ་བར་གསུངས་ཏེ། འདི་ཕྱིར་དེར་ཕྱིའི་སྐྱོན་ཡང་མི་འཇུག་པས་འཇིག་པ་མེད་དོ། །འོ་ན་བསམ་གཏན་བཞི་པའི་སྣོད་རྟག་པར་འགྱུར་རོ་ཞེ་ན། རྟག་པ་མ་ཡིན་སེམས་

ཅན་དང་། །གཞལ་མེད་ཁང་བཅས་འབྱུང་ཞིང་འཇིག །བསམ་གཏན་བཞི་པ་ལས་གཅིག་ཏུ་འབྲེལ་པ་ནི་མ་ཡིན་ཏེ། ཇི་ལྟ་བུ་ཞེ་ན། དེ་ནི་གནས་གཞན་དུ་ཆད་པ་ཡིན་པས་དེའི་ཕྱིར་སེམས་ཅན་དེའི་གཞལ་མེད་ཁང་བཅས་ཏེ། འབྱུང་ཞིང་འཇིག་པར་འགྱུར་རོ། །ཡང་ཅི་

སེམས་ཅན་འཇིག་པའི་མཇུག་ཐོགས་སུ་ཆུས་འཇིག་པ་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ཏེ། འདི་ལྟར་མེ་བདུན་གྱིས་ཏེ། །མེས་འཇིག་པ་བདུན་ཡིན་ལ་དེ་ནས་ནི། ཆུ་གཅིག་གིས། ཆུས་འཇིག་པའི་བདུན་ཐལ་ནས་ཡང་། །མེས་འཇིག་བདུན་ཡིན་དེ་ནས་ནི། །ཐ་

Vol. 141 · folio 157a

མར་རླུང་གིས་འཇིག་པའོ། །ཕྱིས་ནི་རླུང་གི་འཇིག་པ་གཅིག་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་གི་སྙོམས་པར་འཇུག་པའི་ཁྱད་པར་ལུས་རྣམས་གནས་པའི་ཁྱད་པར་ཇི་ལྟ་བར་སྣོད་རྣམས་ཀྱང་དེ་བཞིན་ནོ། །དེ་ལྟར་དེ་དག་གིས་མེས་འཇིག་པ་ལྔ་

བཅུ་རྩ་དྲུག་དང་། ཆུས་འཇིག་པ་བདུན་དང་། རླུང་གི་འཇིག་པ་གཅིག་ཏུ་འགྱུར་ཏེ། དེ་ལྟར་བྱས་ན་བཏགས་པ་ལས། དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་དྲུག་ཅུ་རྩ་བཞིའོ་ཞེས་བཤད་པ་ལེགས་པར་གྲངས་པ་ཡིན་ནོ། །ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་འཇིག་

རྟེན་བསྟན་པའི་འགྲེལ་པ་མདོ་དང་མཐུན་པ་ལས་འཇིག་རྟེན་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་གསུམ་པའོ།། །།ཡང་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་རྣམ་པ་སྣ་ཚོགས་བཤད་པ་གང་ཡིན་པ་དེ་སུས་བྱས་ཤེ་ན། སུས་ཀྱང་བློ་སྔོན་དུ་བཏང་སྟེ་བྱས་པ་ནི་མེད་དོ། །

འོ་ན་ཇི་ལྟ་བུ་ཞེ་ན། སེམས་ཅན་རྣམས་ཀྱི། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །གལ་ཏེ་ལས་ལས་སྐྱེས་ན་ཅིའི་ཕྱིར་སེམས་ཅན་རྣམས་ཀྱི་ལས་དག་གིས་གུར་ཀུམ་དང་། ཙན་དན་ལ་སོགས་པ་ཆེས་དགའ་དགའ་ལྟ་བུ་སྐྱེ་བར་འགྱུར་ལ་དེ་དག་གི་ལུས་མ་ཡིན་ཞེ་ན།

སེམས་ཅན་འདྲེན་མར་བྱེད་པ་རྣམས་ཀྱི་ལས་དེ་ལྟ་བུ་དག་ཁོ་ནས་གང་རྨ་ལྟ་བུར་འགྱུར་བའི་ལུས་དག་དང་། དེའི་གཉེན་པོར་འགྱུར་བ་ལོངས་སྤྱོད་དགའ་དགའ་ལྟ་བུ་དག་སྐྱེའི། ལྷ་འདྲེན་མར་བྱེད་པ་མ་ཡིན་པ་རྣམས་ཀྱི་ནི་གཉི་ག་ཡང་དགའ་དགའ་ལྟ་བུ་དག་ཡིན་ནོ། །ལས་

དེ་ཡང་གང་ཞིག་ཅེ་ན། དེ་ནི་སེམས་པ་དང་དེས་བྱས། །མདོ་ལས་ལས་ནི་གཉིས་ཏེ། སེམས་པ་དང་། བསམས་པའི་ལས་སོ་ཞེས་གང་གསུངས་པ་ལ། བསམས་པ་གང་ཡིན་པ་དེ་ནི་སེམས་པས་བྱས་པ་དེ་ཡིན་ནོ། །ལས་གཉིས་པོ་དེ་དག་ནི་གསུམ་ཡིན་ཏེ། ལུས་དང་ངག་དང་ཡིད་

ཀྱི་ལས་རྣམས་སོ། །ལས་འདི་དག་ཇི་ལྟར་གཞག །ཅི་སྟེ་ལས་སམ། འོན་ཏེ་ངོ་བོ་ཉིད་ལས་སམ། འོན་ཏེ་ཀུན་ནས་སློང་བ་ལས། གལ་ཏེ་རྟེན་ལས་ཡིན་ན་ནི་ཐམས་ཅད་ལུས་ལ་བརྟེན་པའི་ཕྱིས་ལུས་ཀྱི་ལས་གཅིག་པུར་འགྱུར་རོ། །གལ་ཏེ་ངོ་བོ་ཉིད་ལས་ཡིན་ན་ནི་དེ་དག་

Vol. 141 · folio 157b

གི་ལས་གཅིག་པུར་འགྱུར་རོ། །གལ་ཏེ་ཀུན་ནས་སློང་བ་ལས་ཡིན་ན་ནི་ཐམས་ཅད་ཀྱང་ཀུན་ནས་བསླང་བའི་ལས་གཅིག་པུར་འགྱུར་རོ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་རྒྱུ་གསུམ་གྱི་གོ་རིམས་བཞིན་དུ་གསུམ་རྣམ་པར་གཞག་གོ་ཞེས་ཟེར་རོ། །དེ་ལ། སེམས་པ་ནི་ཡིད་ཀྱི་ལས་

ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དེས་སྐྱེད་ལུས་དང་ངག་གི་ལས། །སེམས་པས་བསྐྱེད་པ་གང་ཡིན་པ། །བསམས་པའི་ལས་ཞེས་གསུངས་པ་དེ་དག་ནི་ལུས་དང་ངག་གི་ལས་སུ་རིག་པར་བྱའོ། །དེ་དག་རྣམ་རིག་རྣམ་རིག་མིན། །ལུས་དང་ངག་གི་ལས་དེ་དག་ནི་སོ་སོར་རྣམ་

པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་དག་ཏུ་རིག་པར་བྱའོ། །དེ་ལ། ལུས་རྣམ་རིག་བྱེད་དབྱིབས་སུ་འདོད། །སེམས་ཀྱི་དབང་གིས་ལུས་དེ་དང་དེ་ལྟར་གནས་པ་ནི་ལུས་ཀྱི་རྣམ་པར་རིག་བྱེད་ཡིན་ནོ། །གཞན་དག་ན་ནི་ལུས་ཀྱི་རྣམ་པར་རིག་བྱེད་འགྲོ་བ་ཡིན་པར་འདོད་དེ།

ཅིའི་ཕྱིར་ཞེ་ན། ལུས་གཡོ་བ་ནས་ལུས་ཀྱི་ལས་ཡིན་གྱི་མི་གཡོ་བ་ནི་མ་ཡིན་ནོ། །དེ་ལ་འགྲོ་བ་ཡིན་པར་སྨྲ་བ་རྣམས་ལ་དབྱིབས་སུ་སྨྲ་བས་ལན་བཏབ་པ། འགྲོ་བ་མ་ཡིན་གང་གི་ཕྱིར། །འདུས་བྱས་སྐད་ཅིག །འདུས་བྱས་ཐམས་ཅད་ནི་བདག་ཉིད་ཐོབ་པ་ལས་ཕན་ཆད་དུ་མི་གནས་

ཏེ། གང་དུ་སྐྱེས་པ་དེ་ཉིད་དུ་འཇིག་པ་དེ་ལ་ནི་ཡུལ་གཞན་དུ་འཕོ་བར་མི་རིགས་པས། དེ་བས་ན་ལུས་ཀྱི་རྣམ་པར་རིག་བྱེད་ནི་འགྲོ་བ་མ་ཡིན་ནོ། །གལ་ཏེ་ཐམས་ཅད་སྐད་ཅིག་མ་ཉིད་དུ་གྲུབ་པར་གྱུར་ན་ནི་དེ་དེ་བཞིན་དུ་འགྱུར་བ་ཞིག་ན། མ་གྲུབ་པའི་ཕྱིར་མ་ཡིན་ནོ་ཞེ་ན། དེ་ནི་གྲུབ་པ་

ཉིད་ཁོང་དུ་ཆུད་པར་བྱའོ། །གང་ལས་ཤེ་ན། འདུས་བྱས་ལ་ནི་རྒྱུ་མེད་པར། །འཇིག་ཕྱིར་རོ། །འཇིག་པ་ནི་བྱ་བ་མ་ཡིན་པའི་ཕྱིར་འབྱུང་བ་ཐམས་ཅད་ནི་རྒྱུ་མེད་པར་འཇིག་གོ། །རྒྱུ་མེད་པར་འཇིག་པ་གང་ཡིན་པ་དེ་གལ་ཏེ་དངོས་པོ་བྱུང་བ་ཙམ་ལམ་ཡིན་ན་ནི་བྱེ་བྲག་

མེད་པའི་ཕྱིར་ཕྱིས་ཀྱང་མི་འགྱུར་བ་ཞིག་ན། དེ་ནི་མཐོང་བ་སྟེ་དེ་དག་ནི་སྐད་ཅིག་མ་ཉིད་དུ་གྲུབ་བོ། །དངོས་པོ་རྣམས་རྒྱུ་མེད་པར་འཇིག་གོ་ཞེས་བྱ་བ་འདི་གང་ལས་ཤེ་ན། བཤད་ཟིན་ཏོ། །ཇི་སྐད་དུ་བཤད་ཅེ་ན། འཇིག་པ་ནི་བྱ་བ་མ་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །གཞན་ཡང་།

Vol. 141 · folio 158a

རྒྱུ་མེད་པ་ལས་འགའ་མི་འབྱུང་། །གལ་ཏེ་འཇིག་པ་ལས་རྒྱུ་ཅན་ཞིག་ཏུ་གྱུར་ན་ནི་སྐྱེ་བ་བཞིན་དུ་འགའ་ཡང་རྒྱུ་མེད་པར་མི་འགྱུར་བ་ཞིག་ན། བློ་དང་སྒྲ་དང་མེ་ལྕེ་དག་གི་སྐད་ཅིག་མ་རྣམས་ལ་རྒྱུ་མེད་པར་འཇིག་པ་ཡང་མཐོང་བས་འདི་ནི་རྒྱུ་ལ་ལྟོས་པ་ཡང་མ་ཡིན་ནོ། །

གལ་ཏེ་ཡང་ཤིང་ལ་སོགས་པ་མེ་དང་འབྲེལ་པའི་རྒྱུ་ཅན་ཞིག་ཏུ་འཇིག་པར་འགྱུར་ན་ནི་ཅིར་འགྱུར་ཞེ་ན། ཚོས་པ་ལས་སྐྱེ་བ་བཞིན་དུ་འཇིག་པ་ལ་ཡང་འཇིག་པ་ཅན་དུ་འགྱུར་རོ། །རྒྱུ་ཡང་འཇིག་པ་པོར་འགྱུར་རོ། །གལ་ཏེ་ཤིང་ལ་སོགས་པའི་གཟུགས་ལ་སོགས་པའི་མེ་དང་

འབྲེལ་པའི་རྒྱུ་ཅན་དུ་འཇིག་པར་གྱུར་ན་ནི། དེ་ལྟ་ཡིན་ན་ནི་ཚོས་པ་ལས་སྐྱེས་པའི་ཚོས་པ་དང་། ཆེར་ཚོས་པ་དང་། ཆེས་ཆེར་ཚོས་པ་དག་ལ་རྒྱུ་ཉིད་འཇིག་པ་པོར་འགྱུར་ཏེ། འདི་ལྟ་ཞེ་ན། མེ་དང་འབྲེལ་གང་ཆེས་ཚོས་པ་ལས་སྐྱེས་པ་བྱུང་བ་རྣམས་དེ་ཉིད་ལས་སམ་དེ་དང་འདྲ་

བ་ལས། ཡང་ཚོས་པ་དང་། ཆེར་ཚོས་པ་དང་། ཆེས་ཆེར་ཚོས་པ་བྱུང་ན་དེ་དག་འཇིག་པས་རྒྱུ་ཉིད་དེ་དག་གི་འཇིག་པ་པོའམ་རྒྱུ་བྱེ་བྲག་མེད་པར་འགྱུར་བ་ཞིག་ན། གང་ཉིད་ལས་སམ་གང་དང་འདྲ་བ་ལས་སྐྱེས་པ་ནི་དེ་ཉིད་ལས་སམ་དེ་དང་འདྲ་བ་ལས་མེད་པར་འགྱུར་བར་རིག་པ་མ་

ཡིན་པས། དེའི་ཕྱིར་དངོས་པོ་རྣམས་ཀྱི་འཇིག་པ་ལ་རྒྱུ་མེད་དོ། །བདག་ཉིད་འཇིག་པ་ཡིན་པའི་ཕྱིར་འཇིག་ན་ནི་བྱུང་བ་ཙམ་ཉིད་དུ་འཇིག་པས་འདི་དག་སྐད་ཅིག་མར་འཇིག་པར་གྲུབ་བོ། །སྐད་ཅིག་མར་ཞིག་པའི་ཕྱིར་འགྲོ་བ་མེད་དོ། །རྩྭ་མེད་བཞིན་དུ་ཡུལ་གཞན་དུ་བར་ཆད་མེད་པར་

འབྱུང་བ་ལ་འགྲོ་བ་ཡིན་པར་མངོན་པའི་ང་རྒྱལ་བྱེད་དོ། །འགྲོ་བ་མེད་ན་ལུས་ཀྱི་རྣམ་པར་རིག་བྱེད་ནི་དབྱིབས་ཡིན་པར་གྲུབ་བོ། །ཡང་དེ་སྐད་དུ་སྨྲ་བ་དག་དབྱིབས་རྫས་སུ་སྨྲ་བ་རྣམས་ལ་དཔེས་སྟོན་པ་དག་གིས་སྨྲས་པ། ཁ་དོག་ལ་སོགས་པ་ལས་རིགས་གཞན་པའི་དབྱིབས་

རྫས་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡོད་ན་ནི་དེ། གཉིས་གཟུང་འགྱུར། མིག་གིས་མཐོང་ན་ཡང་རིང་པོའོ་ཞེས་བྱ་བར་རྟོགས་པར་འགྱུར་ལ། ལུས་ཀྱི་དབང་པོས་རེག་ན་ཡང་རིང་པོའོ་ཞེས་བྱ་བར་རྟོགས་པར་འགྱུར་ཏེ། དེའི་ཕྱིར་འདི་ནི་དབང་པོ་ཉིད་ཀྱིས་འཛིན་པར་

Vol. 141 · folio 158b

འགྱུར་བ་ཞིག་ན། གཟུགས་ཀྱི་སྐྱེ་མཆེད་ལ་ནི་གཉིས་ཀྱིས་འཛིན་པ་མེད་དེ། དེ་བས་ན་དབྱིབས་ནི་རྫས་ཉིད་དུ་མེད་དོ། །གང་ཡང་ཆུང་ཟད་ཐོགས་པ་དང་བཅས་པའི་གཟུགས་ཡོད་པ་དེ་ནི་གདོན་མ་ཟོས་པར་རྡུལ་ཕྲ་མོ་དག་ལ་ཡོད་པར་འགྱུར་བ་ཞིག་ན། རིང་པོ་ལ་སོགས་པ་ཡི་

དབྱིབས། །དེ་རྡུལ་ལ་མེད། དེ་བས་ན་མང་པོ་དེ་ལྟར་གནས་པ་ཉིད་ལ་རིང་པོ་ལ་སོགས་པར་གདགས་སོ། །ད་ནི་ལུས་ཀྱི་འགྲོ་བ་དང་དབྱིབས་ཀྱང་བསལ་ན། དེ་ལ་དཔེ་སྟོན་པ་ཁྱེད་རྣམས་ཅི་ལ་ལུས་ཀྱི་རྣམ་པར་རིག་བྱེད་དུ་འདོགས་ཤེ་ན། དེ་དག་ནི་དབྱིབས་ཉིད་ལ་ལུས་ཀྱི་རྣམ་པར་

རིག་བྱེད་དུ་འདོགས་པར་བྱེད་ལ་རྫས་སུ་ནི་མ་ཡིན་ནོ། །དེར་འདོགས་པ་ན་ཇི་ལྟར་ལུས་ཀྱི་ལས་སུ་འདོགས་པར་བྱེད་ཅེ་ན། ལུས་ལ་བརྟེན་པའི་ལས་ནི་ལུས་ཀྱི་ལས་ཏེ། དེ་དང་དེར་ལུས་འཇུག་པར་བྱེད་པའི་སེམས་པ་གང་ཡིན་པའོ། །དེ་བཞིན་དུ་ངག་དང་ཡིད་ཀྱི་ལས་དག་ལ་ཡང་ཅི་

རིགས་པར་རིག་པར་བྱའོ། །གཞུང་པ་དག་ན་རེ་དབྱིབས་ནི་རྫས་ཉིད་ཡིན་ལ། ལུས་ཀྱི་རྣམ་པར་རིག་བྱེད་ནི་དབྱིབས་ཀྱི་བདག་ཉིད་ཅན་ནོ་ཞེས་བརྗོད་དོ། །ངག་གི་རྣམ་རིག་ངག་གི་སྒྲ། །ངག་གི་རང་བཞིན་གྱི་སྒྲ་གང་ཡིན་པ་དེ་ཉིད་ངག་གི་རྣམ་པར་རིག་བྱེད་ཡིན་ནོ། །རྣམ་

པར་རིག་བྱེད་མ་ཡིན་པ་ནི་སྔར་བཤད་པ་ཉིད་དོ། །དཔེས་སྟོན་པ་དག་ན་རེ། དེ་ཡང་མི་བྱ་བར་ཁས་འཆེས་པ་ཙམ་ཡིན་པའི་ཕྱིར་རྫས་ཉིད་དུ་མེད་དོ་ཞེས་ཟེར་རོ། །གཞུང་པ་དག་ན་རེ་ཡོད་དོ་ཞེས་ཟེར་རོ། །ཇི་ལྟར་ཤེས་ཤེ་ན། རྣམ་གསུམ་དྲི་མེད་གཟུགས་གསུངས་དང་། །

འཕེལ་དང་མ་བྱས་ལ་སོགས་ལས། །མདོ་ལས་གཟུགས་རྣམ་པ་གསུམ་གསུངས་པ་ལ། བསྟན་དུ་ཡོད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའི་གཟུགས་ཀྱང་ཡོད། བསྟན་དུ་ཡང་མེད་ལ་ཐོགས་པ་ཡང་མེད་པའི་གཟུགས་ཀྱང་

ཡོད་ཅེས་བྱ་བ་གནས་གསུམ་དག་གི་གཟུགས་ཁོ་ནར་གཟུགས་བསྡུ་བར་འགྱུར་རོ། །ཟག་པ་མེད་པའི་གཟུགས་ཀྱང་གསུངས་ཏེ། ཟག་པ་མེད་པའི་ཆོས་རྣམས་གང་ཞེ་ན། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་གཟུགས་གང་ལ་རྗེས་སུ་ཆགས་པའམ་ཁོང་ཁྲོ་བ་མི་སྐྱེ་བ་ནས་རྣམ་པར་ཤེས་པ་གང་

Vol. 141 · folio 159a

ལ་མི་སྐྱེ་བ་ཞེས་བྱ་བའི་བར་འདི་ནི་ཟག་པ་མེད་པའི་ཆོས་ཞེས་བྱའོ་ཞེས་པ་ལ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་མ་གཏོགས་པར་ནི་བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་ཀྱང་མེད་ལ་ཟག་པ་མེད་པ་ཡང་མེད་དོ། །འཕེལ་བར་ཡང་གསུངས་ཏེ།

རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་གྱི་མདོ་ལས། རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་མངོན་པར་འཕེལ་ཞིང་སྐྱེ་བར་འགྱུར་བ་ཉིད་དོ་ཞེས་གསུངས་པའང་རྣམ་པར་རིག་བྱེད་མ་ཡིན་པ་ལས་གཞན་པ་ཡིད་ཀྱིས་ནི་བསོད་ནམས་མངོན་པར་འཕེལ་བར་རུང་བ་མ་ཡིན་ནོ། །བདག་གིས་མ་

བྱས་ལ་གཞན་གྱིས་བྱེད་དུ་བཅུག་པའི་ལས་ཀྱི་ལམ་ཀུན་ནས་ལྡང་བ་ཡང་མཐོང་སྟེ། དེ་ཡང་རྣམ་པར་རིག་བྱེད་མ་ཡིན་པ་མེད་པར་མི་རིགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་། དགེ་སློང་དག་ཆོས་ནི་ཕྱིའི་སྐྱེ་མཆེད་དེ། སྐྱེ་མཆེད་བཅུ་གཅིག་གིས་མ་བསྡུས་པ་བསྟན་དུ་མེད་

ཅིང་ཐོགས་པ་མེད་པའོ་ཞེས་གསུངས་ཀྱི་གཟུགས་ཅན་མ་ཡིན་པའོ་ཞེས་ནི་མ་གསུངས་པས། གལ་ཏེ་ཆོས་ཀྱི་སྐྱེ་མཆེད་ཀྱི་ཁོངས་སུ་གཏོགས་པའི་གཟུགས་མ་གཟིགས་ན། དེ་ལ་དགོས་པ་ཅི་ཞིག་ཏུ་འགྱུར། སྙོམས་པར་ཞུགས་པ་ལ་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་

མེད་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་པར་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་དུ་ཡང་མི་འགྱུར་བས་དེ་བས་ན་རྣམ་པར་རིག་བྱེད་མ་ཡིན་པས་ཡོད་པ་ཉིད་དོ། །གལ་ཏེ་ཡོད་ལ་དེ་ཡང་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པའོ་ཞེས་བཤད་ན། དེ་ཅི་རྣམ་པར་རིག་བྱེད་ཀྱི་འབྱུང་བ་ཆེན་

པོ་རྣམས་ཉིད་རྒྱུར་བྱས་ནས་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེའམ་ཞེ་ན། སྨྲས་པ། མ་ཡིན་ཏེ། ཚོགས་པ་དེ་ཉིད་ལས་འབྲས་བུ་ཕྲ་མ་དང་། འབྲས་བུ་རགས་པ་དེ་གཉི་ག་འབྱུང་བར་ནི་མི་རུང་ངོ་། །ཇི་རྣམ་པར་རིག་བྱེད་གང་གི་དུས་པ་ཉིད་ཡིན་པ་དེའི་དུས་པ་ཉིད་ཀྱིས་འབྱུང་བ་ཆེན་པོ་དག་རྒྱུར་བྱས་

པ་ཡིན་ནམ་ཞེ་ན། རྒྱུར་བྱས་པའི་གཟུགས་ཐམས་ཅད་ནི་ཕལ་ཆེར་དེ་བཞིན་ནོ། །ད་ལྟར་དང་མ་འོངས་པ་ཅུང་ཟད་ཅིག་ནི་འདས་པའི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་ཡིན་ཏེ། དེ་ཡང་གང་ཞེ་ན། འདོད་གཏོགས་རྣམ་རིག་མིན་སྐད་ཅིག །ཕྱིན་ཆད་འདས་པའི་འབྱུང་ལས་སྐྱེས། །

Vol. 141 · folio 159b

འདོད་གཏོགས་རྣམ་རིག་མིན་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པའོ། །སྐད་ཅིག་ཕྱིན་ཆད་ཅེས་བྱ་བ་ནི་སྐད་ཅིག་མ་དང་པོ་ལས་དུས་ཕྱི་མའོ། །འདས་པའི་འབྱུང་ལས་སྐྱེ་ཞེས་བྱ་བ་ནི་འདས་པའི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་ནས་སྐྱེ་བ་སྟེ། དེ་དག་ནི་འདིའི་གཞིའི་དོན་དུ་འགྱུར་ལ། ད་ལྟར་

བྱུང་བའི་འབྱུང་བ་ཆེན་པོ་རྣམས་རྟེན་གྱི་དོན་དུ་འགྱུར་རོ། །རབ་ཏུ་འཇུག་པ་དང་། རྗེས་སུ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་གོ་རིམས་བཞིན་ཏེ། འཁོར་ལོ་ས་ལ་འདྲིལ་བའི་ལག་པས་ཕུག་པ་དང་། སའི་ཕྱོགས་བཞིན་ནོ། །ཡང་ས་གང་བའི་ལུས་དང་ངག་གི་ལས་ལ་ས་གང་བའི་འབྱུང་བ་རྣམས་

རྒྱུར་བྱས་པ་ཡིན་ཞེ་ན། ཟག་བཅས་ལུས་དང་ངག་གི་ལས། །རང་གི་འབྱུང་བ་རྒྱུར་བྱས་པའོ། །འདོད་པ་ན་སྤྱོད་པའི་ལུས་དང་ངག་གི་ལས་ནི་འདོད་པ་ན་སྤྱོད་པ་ཉིད་ཀྱི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་ཡིན་ལ། དེ་བཞིན་དུ་བསམ་གཏན་བཞི་པའི་ས་པའི་བར་དུ་ཡང་དེའི་ས་པ་ཉིད་རྣམས་

རྒྱུར་བྱས་པ་ཡིན་ནོ། །ཟག་མེད་གང་དུ་སྐྱེས་པ་ཡིན། ཟག་པ་མེད་པའི་ལུས་དང་ངག་གི་ལས་དེ་ནི་ས་གང་དུ་སྐྱེས་པར་སྐྱེད་པར་བྱེད་པས་དེ་ནི་ས་དེ་པའི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་ཡིན་པར་རིག་པར་བྱ་སྟེ། ཁམས་སུ་མ་གཏོགས་པའི་ཕྱིར་བ་དང་། ཟག་པ་མེད་པ་རྣམས་ལ་འབྱུང་བ་

དག་མེད་པའི་ཕྱིར་བ་དང་། དེའི་སྟོབས་ཀྱིས་སྐྱེ་བའི་ཕྱིར་རོ། །དེ་ལ་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བའི་ལས་ལ། རྣམ་རིག་མ་ཡིན་རྒྱུ་མཐུན་འབྱུང་། །མ་ཟིན་སེམས་ཅན་ཞེས་བྱ་བར། །རིག་པར་བྱའོ། །གཞན་ཡང་། རྒྱུ་མཐུན་ཟིན་པའི་

འབྱུང་ལས་སྐྱེས། །རྣམ་པར་རིག་བྱེད་མ་ཡིན་པ་ནི་རྒྱུ་མཐུན་པ་ལས་བྱུང་བ་དང་། ཟིན་པའི་འབྱུང་བ་ཆེན་པོ་རྣམས་ཉིད་རྒྱུར་བྱས་ནས་སྐྱེ་སྟེ། མཉམ་པར་གཞག་པ་མ་ཡིན་པའི་ས་པ་རྣམས་ནི་དེ་ལྟའོ། །ཏིང་འཛིན་ལས་སྐྱེས་རྒྱུ་ལས་འབྱུང་། །མ་ཟིན་འབྱུང་བ་གཅིག་

ལས་སྐྱེས། །ཏིང་ངེ་འཛིན་ལས་སྐྱེས་པ་བསམ་གཏན་དང་། ཟག་པ་མེད་པའི་སྡོམ་པ་རྣམ་པར་རིག་བྱེད་མ་ཡིན་པ་ནི་ཏིང་ངེ་འཛིན་སྐྱེས་པ་དང་། རྒྱས་པ་ལས་བྱུང་བ་དང་། མ་ཟིན་པ་དང་ཐ་དད་པ་མ་ཡིན་པའི་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་ནས་སྐྱེ་སྟེ། འབྱུང་བ་གང་

Vol. 141 · folio 160a

དག་རྒྱུར་བྱས་ནས་སྲོག་གཅོད་པ་སྤངས་པ་སྐྱེ་བ་དེ་དག་ཉིད་ལས་ཚིག་ཀྱལ་པ་སྤངས་པའི་བར་དུ་སྐྱེའོ། །ཅིའི་ཕྱིར་ཞེ་ན། སེམས་བཞིན་དུ་འབྱུང་བ་ཐ་དད་པའི་ཕྱིར་རོ། །སོ་སོར་ཐར་པའི་སྡོམ་པ་ནི་འབྱུང་བ་ཆེན་པོ་གཞན་དང་གཞན་དག་རྒྱུར་བྱས་ནས་

རྣམ་པར་རིག་བྱེད་མ་ཡིན་པ་བདུན་སྐྱེའོ། །རྣམ་པར་རིག་བྱེད་ནི་རྒྱུ་མཐུན་པ་ལས་བྱུང་བ་སྟེ། ལུས་ཀྱིས་ནི་ཟིན་པའོ། །དེ་ལྟར་ལས་རྣམ་པ་གཉིས་དང་། རྣམ་པ་གསུམ་དང་། རྣམ་པ་ལྔར་བཤད་པ་དེ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ནི་དགེ་བ་དང་མི་དགེ་བ་དང་རྣམ་པ་གཉིས་སོ། །

ལུང་བསྟན་མིན་རྣམ་རིག་མིན་མེད། །ཅིའི་ཕྱིར་ཞེ་ན། ལུང་དུ་མ་བསྟན་པའི་སེམས་ནི་སྟོབས་ཆུང་བས་དེའི་ཕྱིར་གང་འགག་ཀྱང་དེའི་རྗེས་སུ་མཐུན་པར་བྱེད་པའི་ལས་སྟོབས་དང་ལྡན་པ་འཕེན་པར་མི་ནུས་སོ། །གཞན་ནི་རྣམ་གསུམ། ལས་གཞན་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་

པ་དང་གསུམ་མོ། །གཞན་གང་ཞིག་ཅེ་ན། རྣམ་པར་རིག་བྱེད་དང་སེམས་པའོ། །མི་དགེ་ནི། འདོད་པའི་མི་དགེ་བའི་ལས་ནི་འདོད་པའི་ཁམས་འབའ་ཞིག་ན་ཡོད་ཀྱི་གཞན་ནི་མ་ཡིན་ཏེ། མི་དགེ་བའི་རྩ་བ་རྣམས་དང་། ངོ་ཚ་མེད་པ་དང་ཁྲེལ་མེད་པ་སྤངས་པའི་ཕྱིར་རོ། །

དགེ་བ་དང་ལུང་དུ་མ་བསྟན་པ་ནི་མ་བཀག་པའི་ཕྱིར་ཐམས་ཅད་ན་ཡོད་དོ། །དེ་ལ་གཟུགས་ནའང་རྣམ་རིག་མིན། །ཡང་གི་སྒྲས་ནི་འདོད་པ་ན་ཡང་ཡོད་དོ། །གཟུགས་མེད་པ་དག་ནི་འབྱུང་བ་མེད་པའི་ཕྱིར་མེད་དེ། གང་དུ་ལུས་དང་ངག་འཇུག་པ་དེར་ལུས་དང་ངག་གི་སྡོམ་པ་ཡིན་ནོ། །

རྣམ་རིག་སྤྱོད་དང་བཅས་པ་ཡི། །ས་གཉིས་ཉིད་ན་སྟེ། འདོད་པའི་ཁམས་དང་བསམ་གཏན་དང་པོ་ན་ཡོད་ཀྱི་དེ་ཡན་ཆད་ན་ནི་མེད་དོ། །འདོད་པ་ན་ཡང་བསྒྲིབས་པ་མེད། །བསྒྲིབས་པའི་རྣམ་པར་རིག་བྱེད་ནི་འདོད་པའི་ཁམས་དག་ན་ཡང་མེད་དོ། །ཚངས་པའི་འཇིག་རྟེན་འབའ་

ཞིག་ན་ཡོད་དོ། །ཚངས་པ་ཆེན་པོའི་ལུས་དང་ངག་གི་ལས་ནི་གཡོས་ཀུན་ནས་བསླང་བའོ་ཞེས་གྲག་གོ། །ཅིའི་ཕྱིར་ཚངས་པའི་འཇིག་རྟེན་ཡན་ཆད་ན། རྣམ་པར་རིག་བྱེད་མེད་ལ་འདོད་པའི་ཁམས་དག་ན་ཡང་བསྒྲིབས་ལ་ལུང་དུ་མ་བསྟན་པ་མེད་ཅེ་ན། གང་ཕྱིར་ཀུན་སླང་མེད། རྟོག་

Vol. 141 · folio 160b

པ་དང་དཔྱོད་པ་དང་བཅས་པའི་སེམས་ཀྱིས་རྣམ་པར་རིག་བྱེད་ཀུན་ནས་སློང་བར་བྱེད་ན། དེ་ཡང་བསམ་གཏན་གཉིས་པ་ལ་སོགས་པ་དག་ན་མེད་ལ། བསྒོམས་ཏེ་སྤང་བར་བྱ་བས་ཡིན་ན། བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་དེ་ཡང་འདོད་པའི་ཁམས་དག་ན་མེད་ལ། མཐོང་བས་

སྤང་བར་བྱ་བ་ནི་ཁ་ནང་དུ་བལྟས་པ་ཡིན་པའི་ཕྱིར་རོ། །ཡང་ཅི་ཀུན་ནས་སློང་བའི་དབང་འབའ་ཞིག་གིས་ཆོས་རྣམས་ཀྱི་དགེ་བ་དང་མི་དགེ་བར་རིག་པར་བྱ་བའམ་ཞེ་ན། སྨྲས་པ་མ་ཡིན་ཏེ། ཇི་ལྟ་ཞེ་ན། རྣམ་པ་བཞི་སྟེ། དོན་དམ་པ་དང་། རང་བཞིན་དང་མཚུངས་པར་ལྡན་པ་

དང་། ཀུན་ནས་སློང་བས་སོ། །དེ་ལ་རེ་ཞིག །ཐར་པ་དམ་པའི་དོན་དུ་དགེ། སྡུག་བསྔལ་ཐམས་ཅད་རྣམ་པར་ཞི་བ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། དེ་ནི་མཆོག་ཏུ་བདེ་བ་ཡིན་པས་དོན་དམ་པར་དགེ་བ་སྟེ། ནད་མེད་པ་བཞིན་ནོ། །རྩ་བ། ངོ་ཚ་ཁྲེལ་ཡོད་བདག་ཉིད་ཀྱིས། །

དགེ་བའི་རྩ་བ་གསུམ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ནི་རང་བཞིན་གྱིས་དགེ་བ་སྟེ། མཚུངས་པར་གཞན་གྱིས་ཀུན་ནས་བསླང་བ་ལ་མི་ལྟོས་པའི་ཕྱིར་ཏེ། འཕྲོད་པའི་སྨན་པ་བཞིན་ནོ། །དེ་དང་ལྡན་རྣམས་མཚུངས་ལྡན་གྱིས། །དགེ་བའི་རྩ་བ་དང་ངོ་ཚ་ཤེས་པ་དང་ཁྲེལ་

ཡོད་པ་དེ་དག་ཉིད་དང་མཚུངས་པར་ལྡན་པའི་ཆོས་རྣམས་ནི་མཚུངས་པར་ལྡན་པས་དགེ་བ་ཡིན་ཏེ། དེ་དག་དང་མི་ལྡན་པ་རྣམས་ལ་དགེ་བ་མེད་པའི་ཕྱིར་སྨན་དང་བསྲེས་པའི་བཏུང་བ་བཞིན་ནོ། །ཀུན་ནས་བསླང་བས་བྱ་ལ་སོགས། །དགེ་བའི་རྩ་བ་ལ་སོགས་པ་དེ་དག་ཉིད་དང་

མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་ཀུན་དུ་བསླང་བའི་ལུས་དང་ངག་གི་ལས་དང་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་ནི་ཀུན་ནས་བསླང་བས་དགེ་བ་སྟེ། སྨན་དང་བཏུང་བ་ལས་བྱུང་བའི་འོ་མ་བཞིན་ནོ། །དགེ་བ་ཇི་སྐད་དུ་བཤད་པ་དེ་ལས། བཟློག་པ་མི་དགེ །ཇི་ལྟ་ཞེ་ན།

འཁོར་བ་ནི་སྡུག་བསྔལ་ཐམས་ཅད་འཇུག་པའི་བདག་ཉིད་ཀྱིས་མཆོག་ཏུ་མི་བདེ་བ་ཡིན་པའི་ཕྱིར་དོན་དམ་པར་མི་དགེ་བའོ། །དགེ་བའི་རྩ་བ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་པ་ནི་རང་བཞིན་གྱིས་སོ། །དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ནི་མཚུངས་པར་ལྡན་པས་སོ། །དེས་

Vol. 141 · folio 161a

ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་དང་། ཐོབ་པ་དང་སྐྱེ་བ་ལ་སོགས་པ་ནི། ཀུན་ནས་བསླང་བ་སྟེ། ནད་དང་མི་འཕྲོད་པའི་སྨན་ལ་སོགས་པས་དཔེར་བྱའོ། །གལ་ཏེ་དེ་ལྟར་ན་འཁོར་བའི་ཁོངས་སུ་གཏོགས་པའི་ཕྱིར་ཟག་པ་དང་བཅས་པ་ནི་ཅུང་ཟད་ཀྱང་ལུང་

དུ་མ་བསྟན་པའམ་དགེ་བར་མི་འགྱུར་རོ་ཞེ་ན། དོན་དམ་པར་དེ་སྐད་དུ་བཤད་ཀྱི་རྣམ་པར་སྨིན་པའི་ཕྱིར་ལུང་དུ་མ་བསྟན་པ་གང་ཡིན་པ་དེ་ནི་ལུང་དུ་མ་བསྟན་པ་ཞེས་བྱ་ལ། རྣམ་པར་སྨིན་པ་ཡིད་དུ་འོང་བ་ལ་ནི་དགེ་བ་ཞེས་བྱའོ། །གལ་ཏེ་དོན་དམ་པར་ལུང་དུ་མ་བསྟན་པ་ཙམ་ལ་ནི་དེའི་

ཕྱིར་དོན་དམ་པར། ལུང་དུ་མ་བསྟན་བསྟན་པ་དག །འདུས་མ་བྱས་གཉིས་ཏེ། ནམ་མཁའ་སོ་སོར་མ་བརྟགས་པའི་འགོག་པ་ནི་རྣམ་གྲངས་མེད་པར་ལུང་དུ་མ་བསྟན་པ་ཡིན་ནོ། །མཐོང་སྟེ། སྤང་བར་བྱ་བའི་སེམས་ནི་རྣམ་པར་རིག་བྱེད་ཀྱི་ཀུན་ནས་སློང་བར་བྱེད་པ་མ་ཡིན་ནོ་ཞེས་

གང་བཤད་པ། འོ་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལོག་པར་ལྟ་བ་ལས་ནི་ལོག་པར་རྟོག་པ་དང་། ལོག་པའི་ངག་དང་། ལོག་པའི་ལས་ཀྱི་མཐའ་ལ་སོགས་པ་འབྱུང་ངོ་ཞེས་གསུངས་ཤེ་ན། འདི་ནི་མི་འགལ་བ་ཉིད་དེ། གང་གི་ཕྱིར། ཀུན་སློང་རྣམ་གཉིས་རྒྱུ་དང་ནི། །དེ་ཡི་

དུས་ཀྱི་སློང་ཞེས་བྱ། །ཀུན་ནས་སློང་བ་ནི་རྣམ་པ་གཉིས་ཏེ། རྒྱུའི་ཀུན་ནས་སློང་བ་དང་། དུས་ཀྱི་ཀུན་ནས་སློང་བའོ། །དུས་དེ་ཉིད་དུ་དེ་སྐྱེ་བའི་ཕྱིར་རོ། །གཉིས་ཀྱི་དང་པོ་རབ་འཇུག་བྱེད། །གཉིས་པ་རྗེས་སུ་འཇུག་བྱེད་ཡིན། །རྒྱུའི་ཀུན་ནས་སློང་བ་ནི་འཕེན་པར་བྱེད་པ་ཡིན་པའི་

ཕྱིར་རབ་ཏུ་འཇུག་པར་བྱེད་པའོ། །དེའི་དུས་ཀྱི་ཀུན་ནས་སློང་བ་ནི་བྱ་བའི་དུས་སུ་མཐུན་པར་འཇུག་པའི་ཕྱིར་རྗེས་སུ་འཇུག་པར་བྱེད་པ་སྟེ། དེ་ལ་ཡང་། མཐོང་བས་སྤང་བྱའི་རྣམ་ཤེས་ནི། །རབ་ཏུ་འཇུག་བྱེད་ཡིན། མཐོང་སྟེ་སྤང་བར་བྱ་བའི་སེམས་ནི་དེ་ཀུན་ནས་སློང་བར་བྱེད་པ་རྟོག་པ་དང་

དཔྱོད་པ་གཉིས་ཀྱི་གཞིར་གྱུར་པའི་ཕྱིར་རྣམ་པར་རིག་བྱེད་ཀྱི་རྗེས་སུ་རབ་ཏུ་འཇུག་པར་བྱེད་པ་ནི་ཡིན་གྱི། ཁ་ཕྱིར་བལྟས་པའི་བྱ་བའི་དུས་ན། དེ་མེད་པའི་ཕྱིར་རྗེས་སུ་འཇུག་པར་བྱེད་པ་ནི་མ་ཡིན་ཏེ། དེའི་ཕྱིར་མདོ་ལས་རྒྱུའི་ཀུན་ནས་སློང་བའི་དབང་དུ་མཛད་ནས་གསུངས་པས་འགལ་

Vol. 141 · folio 161b

བ་མེད་དོ། །ཡིད་ནི། གཉི་ག་བསྒོམས་པས་སྤང་བྱ་ཡིན། །རབ་ཏུ་འཇུག་པར་བྱེད་པ་དང་། །རྗེས་སུ་འཇུག་པར་བྱེད་པའི་རྣམ་པར་ཤེས་པ་ནི་གཉི་ག་ཡང་བསྒོམས་པས་སྤང་བར་བྱ་བ་ཡིན་ནོ། །ལྔ་ནི་རྗེས་སུ་འཇུག་བྱེད་པའོ། །རྣམ་པར་ཤེས་པ་ལྔའི་ཚོགས་ནི་རྗེས་སུ་འཇུག་པ་ཉིད་དོ། །

དེ་བས་ན་འདི་ནི་མུ་བཞིར་འགྱུར་ཏེ་མཐོང་བས་སྤང་བར་བྱ་བ་ནི་རབ་ཏུ་འཇུག་པར་བྱེད་པ་ཉིད་དོ། །རྣམ་པར་ཤེས་པ་ལྔའི་ཚོགས་ནི་རྗེས་སུ་འཇུག་པར་བྱེད་པ་ཉིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་བསྒོམས་པས་སྤང་བར་བྱ་བ་ནི་གཉི་གའོ། །ཟག་པ་མེད་པ་ནི་གཉི་ག་མ་ཡིན་

པའོ། །ཡང་ཅི་རབ་ཏུ་འཇུག་པར་བྱེད་པ་ཇི་ལྟ་བུར་རྗེས་སུ་འཇུག་པར་བྱེད་པ་ཡང་དེ་བཞིན་ཡིན་ནམ་ཞེ་ན། འདི་ལ་ངེས་པ་མེད་དེ། རབ་འཇུག་བྱེད་དགེ་ལ་སོགས་ལ། །རྗེས་འཇུག་བྱེད་ཀྱང་རྣམ་གསུམ་འགྱུར། །རབ་ཏུ་འཇུག་པར་བྱེད་པ་དགེ་བ་ལ་

རྗེས་སུ་འཇུག་པར་བྱེད་པ་དགེ་བ་དང་། མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡང་ཡོད་ལ། མི་དགེ་བ་དང་ལུང་དུ་མ་བསྟན་པ་ལ་ཡང་དེ་བཞིན་ནོ། །ཐུབ་པའི་འདྲ་བའམ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ནི་རབ་ཏུ་འཇུག་པར་བྱེད་པ་དང་། རྗེས་སུ་འཇུག་པར་བྱེད་པ་འདྲ་སྟེ། དགེ་བ་ལ་ཡང་དགེ་བ་ལུང་

དུ་མ་བསྟན་པ་ལ་ཡང་ལུང་དུ་མ་བསྟན་པའམ། དེ་དགེ་བ། རབ་ཏུ་འཇུག་པར་བྱེད་པ་ལུང་དུ་མ་བསྟན་པ་དེ་ལ་ཡང་རྗེས་སུ་འཇུག་པར་བྱེད་པ་དགེ་བ་ཡིན་གྱི་རབ་ཏུ་འཇུག་པར་བྱེད་པ་དགེ་བ་ལ་རྗེས་སུ་འཇུག་པར་བྱེད་པ་ལུང་དུ་མ་བསྟན་པར་ནི་ནམ་ཡང་མི་འགྱུར་ཏེ། སངས་རྒྱས་རྣམས་ཀྱི་

སྟོན་པ་ནི་ནམ་ཡང་ཞུམ་པར་འགྱུར་བ་མ་ཡིན་ནོ་ཞེས་འབྱུང་ངོ་། །རབ་ཏུ་འཇུག་པར་བྱེད་པ་དང་། རྗེས་སུ་འཇུག་པར་བྱེད་པའི་ཡིད་བསྒོམས་ཏེ་སྤང་བར་བྱ་བར་བཤད་པ་དེ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཐམས་ཅད་དུ་རིག་པར་བྱའོ། །རྣམ་སྨིན་ལས་སྐྱེས་གཉི་ག་མིན། །རྣམ་

པར་སྨིན་པ་ལས་སྐྱེས་པའི་སེམས་ནི་མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ཕྱིར་རབ་ཏུ་འཇུག་པར་བྱེད་པ་ཡང་མ་ཡིན་ལ་རྗེས་སུ་འཇུག་པར་བྱེད་པ་ཡང་མ་ཡིན་ནོ། །ཞར་ལས་འོངས་པའི་སྐབས་བཤད་ཟིན་ཏོ། །སྔར་བཤད་པ་དེ་ཡང་། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་

Vol. 141 · folio 162a

དང་སྡོམ་པ་མིན་དང་གཞན། སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་། དེ་གཉིས་ལས་གཞན་སྡོམ་པ་ཉིད་ཀྱང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའོ། །ཚུལ་ཁྲིམས་འཆལ་པའི་ཤུགས་སྡོམ་ཞིང་འགོག་པ་ན་སྡོམ་པའོ། །ཡང་དེ་ལ། སྡོམ་པ་སོ་སོར་ཐར་ཞེས་བྱ། །དེ་བཞིན་

ཟག་མེད་བསམ་གཏན་སྐྱེས། །རྣམ་པ་གསུམ་སྟེ། སོ་སོར་ཐར་པའི་སྡོམ་པ་ནི་འདི་ལ་འདོད་པ་ན་སྤྱོད་པ་རྣམས་ཀྱི་ཚུལ་ཁྲིམས་ཡིན་ནོ། །བསམ་གཏན་གྱི་སྡོམ་པ་ནི་གཟུགས་ན་སྤྱོད་པའི་ཚུལ་ཁྲིམས་ཡིན་ནོ། །ཟག་པ་མེད་པའི་སྡོམ་པ་ནི་ཟག་པ་མེད་པའི་ཚུལ་ཁྲིམས་ཡིན་ནོ། །ཡང་དེ་

ལ། སོ་སོར་ཐར་ཞེས་བྱ་རྣམ་བརྒྱད། །དགེ་སློང་གི་སྡོམ་པ་དང་། དགེ་སློང་མའི་སྡོམ་པ་དང་། དགེ་སློབ་མའི་སྡོམ་པ་དང་། དགེ་སྦྱོང་མའི་སྡོམ་པ་དང་། དགེ་བསྙེན་གྱི་སྡོམ་པ་དང་། དགེ་བསྙེན་མའི་སྡོམ་པ་དང་། བསྙེན་གནས་ཀྱི་སྡོམ་པ་དང་། སྡོམ་པ་རྣམ་པ་དེ་བརྒྱད་ནི་སོ་སོར་ཐར་

པའི་སྡོམ་པ་ཞེས་བྱ་སྟེ། མིང་དུ་ནི་རྣམ་པ་དེ་བརྒྱད་ཡིན་ནོ། །རྫས་ཉིད་དུ་ནི་རྣམ་པ་བཞི། །དགེ་སློང་གི་སྡོམ་པ་དང་། དགེ་སྦྱོང་གི་སྡོམ་པ་དང་། དགེ་བསྙེན་གྱི་སྡོམ་པ་དང་། བསྙེན་གནས་ཀྱི་སྡོམ་པ་སྟེ། དེ་ལྟར་ན་སོ་སོར་ཐར་པའི་སྡོམ་པ་ནི་མཚན་ཉིད་སོ་སོར་ངེས་པའི་ཕྱིར་རྫས་ཉིད་དུ་ནི་རྣམ་པ་དེ་བཞི་ཡིན་ནོ། །དགེ་

སློང་གི་སྡོམ་པ་ལས་ནི་དགེ་སློང་མའི་སྡོམ་པ་གཞན་མ་ཡིན་ལ། དགེ་སྦྱོང་གི་སྡོམ་པ་ལས་ནི། དགེ་སྦྱོང་མ་དང་དགེ་སློབ་མའི་སྡོམ་པ་གཞན་མ་ཡིན་ལ། དགེ་བསྙེན་གྱི་སྡོམ་པ་ལས་ནི་དགེ་བསྙེན་མའི་སྡོམ་པ་གཞན་མ་ཡིན་ཏེ། ཇི་ལྟར་ཤེས་ཤེ་ན། མཚན་ལས་མིང་ནི་འཕོ་བའི་ཕྱིར། །

མཚན་ཞེས་བྱ་བ་ནི་རྟགས་ཞེས་བྱ་བ་སྟེ། གང་གིས་སྐྱེས་པ་དང་བུད་མེད་དག་ཏུ་མཚོན་པར་བྱེད་པའོ། །མཚན་ལས་ནི་དགེ་སློང་ལ་སོགས་པའི་མིང་འཕོ་བར་འགྱུར་ཏེ། ཇི་ལྟར་ཞེ་ན། མཚན་ཡོངས་སུ་འགྱུར་ན། དགེ་སློང་ནི་དགེ་སློང་མ་ཞེས་བྱ་ལ། དགེ་སློང་མ་ཡང་དགེ་སློང་

ཞེས་བྱའོ། །དགེ་སྦྱོང་ནི་དགེ་སྦྱོང་མ་ཞེས་བྱ་ལ། དགེ་སྦྱོང་མ་དང་དགེ་སློབ་མ་ཡང་དགེ་སྦྱོང་ཞེས་བྱའོ། །དགེ་བསྙེན་ནི་དགེ་བསྙེན་མ་ཞེས་བྱ་ལ། དགེ་བསྙེན་མ་ཡང་དགེ་བསྙེན་ཞེས་བྱ་སྟེ། མཚན་ཡོངས་སུ་འགྱུར་བ་ལས་སྔོན་གྱི་སྡོམ་པ་གཏོང་བའི་རྒྱུ་ཡང་ཡོད་པ་མ་ཡིན་ལ། སྔོན་མེད་

Vol. 141 · folio 162b

པའི་སྡོམ་པ་ཐོབ་པ་ཡང་མ་ཡིན་པས། དེ་བས་ན་སྡོམ་པ་མང་པོ་དེ་དག་ཀྱང་གསུམ་པོ་ལས་རང་བཞིན་ཐ་མི་དད་དོ། །གང་དགེ་བསྙེན་གྱི་སྡོམ་པ་ལས་དགེ་སྦྱོང་གི་སྡོམ་པ་བླངས་ལ། དེ་ལས་ཡང་དགེ་སློང་གི་སྡོམ་པ་ཡང་དག་པར་བླངས་ན། ཅི་སྤོང་བའི་འཕེལ་བ་དང་འབྲེལ་པའི་ཕྱིར་སྡོམ་པ་དེ་

དག་ཉི་ཤུ་རྩ་ལྔ་ཞེས་བྱ་བ་དང་། དོང་ཙེ་གཅིག་དང་དོང་ཙེ་གཉིས་ཞེས་བྱ་བ་བཞིན་དུ་གཞན་དང་གཞན་ཞེས་བྱ་བར་དེ་དག་ཐམས་ཅད་སྐྱེའམ། འོན་ཏེ་དེ་དག་ཐམས་ཅད་ཐ་དད་པ་ཉིད་གཅིག་ཏུ་སྐྱེ་ཞེ་ན། སྨྲས་པ། ཐ་དད། དེ་དག་ནི་མ་འདྲེས་པ་ཉིད་དེ། སྡོམ་པ་གསུམ་དག་ལ་སྲོག་གཅོད་

པའི་སྤངས་པ་གསུམ་ནས་ཆང་འཐུང་བའི་བར་དུ་མཚན་ཉིད་ཐ་དད་པར་སྐྱེ་སྟེ། ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །དེ་དག་འགལ་བ་མེད། དེ་དག་གསུམ་ཆར་ཡང་ལྷན་ཅིག་པར་འགྱུར་གྱི། སྡོམ་པ་ཕྱི་མ་ཡང་དག་པར་བླངས་པས་སྔ་མ་གཏོང་བ་ནི་མ་ཡིན་ཏེ། དགེ་སློང་གི་སྡོམ་པ་ཡོངས་སུ་

བཏང་བས་དགེ་བསྙེན་ཡང་མ་ཡིན་པར་འགྱུར་དུ་འོང་ངོ་། །ཇི་ལྟར་ན་དགེ་བསྙེན་ཡང་མ་ཡིན་པར་གནས་པར་འགྱུར་བས་དགེ་སློང་གི་བར་དུ་འགྱུར་ཞེ་ན། ལྔ་བརྒྱད་བཅུ་དང་ཐམས་ཅད་ཀྱི། །སྤངས་པའི་སྤོང་བ་འཛིན་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང་། །དགེ་སྦྱོང་དང་

ནི་དགེ་སློང་རྣམས། །གྲངས་བཞིན་དུ་མཐུན་པར་རིག་པར་བྱ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་སྦྱར་བའི་ཆང་བག་མེད་པའི་གནས་ལྔ་རྣམས་སྤང་བའི་སྤོང་བ་ཡང་དག་པར་བླངས་པའི་ནི་དགེ་

བསྙེན་དུ་འགྱུར་རོ། །སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པ་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། ཆང་འཐུང་བ་དང་། དྲི་དང་ཕྲེང་བ་དང་བྱུག་པ་དང་། གར་དང་གླུ་དང་རོལ་མོ་དང་། མལ་སྟན་མཐོན་པོ་དང་མལ་སྟན་ཆེན་པོ་དང་། དུས་མ་ཡིན་པའི་ཁ་ཟས་དང་བརྒྱད་ཀྱི་

སྤོང་བ་ཡང་དག་པར་བླངས་པས་ནི་བསྙེན་གནས་པར་འགྱུར་རོ། །དེ་དག་ཉིད་དང་གསེར་དང་དངུལ་ལ་སོགས་པ་ཡོངས་སུ་འཛིན་པ་དང་། གར་དང་གླུ་དང་རོལ་མོ་དང་། དྲི་དང་ཕྲེང་བ་དང་བྱུག་པ་འདིར་གཉིས་སུ་བྱས་ནས་བཅུར་འགྱུར་ཏེ། བཅུའི་སྡོམ་པ་ཡང་དག་པར་བླངས་པས་ནི་དགེ་སྦྱོང་

Vol. 141 · folio 163a

དུ་འགྱུར་རོ། །ལུས་ལ་སོགས་པའི་ལས་ཐམས་ཅད་ཀྱི་སྤངས་པའི་སྤོང་བ་ཡང་དག་པར་བླངས་པས་ནི་དགེ་སློང་དུ་འགྱུར་རོ། །སོ་སོར་ཐར་པའི་སྡོམ་པ་དེ་དག་ནི། ཚུལ་ཁྲིམས་དང་ནི་ལེགས་སྤྱད་དང་། །ལས་དང་སྡོམ་པ་ཞེས་བྱའོ། །ལས་མི་མཉམ་པ་རྣམས་མཉམ་པར་

འཇོག་པའི་ཕྱིར་ཚུལ་ཁྲིམས་ཞེས་བྱ་ལ། ངེས་པའི་ཚིག་ཏུ་ན་བསིལ་བའི་ཕྱིར་ཞེས་བྱ་བ་སྟེ། ཚིགས་སུ་བཅད་པ་ལས་ཀྱང་། ཚུལ་ཁྲིམས་ཡང་དག་བླངས་པ་བདེ། །ལུས་ལ་ཡོངས་སུ་གདུང་བ་མེད། །ཅེས་འབྱུང་བའི་ཕྱིར་རོ། །མཁས་པ་རྣམས་ཀྱིས་བསྔགས་པའི་ཕྱིར་ལེགས་པར་

སྤྱོད་པའོ། །བྱ་བའི་རང་བཞིན་ཡིན་པའི་ཕྱིར་ལས་སོ། །ཡང་། དང་པོའི་རྣམ་རིག་རྣམ་རིག་མིན། །སོ་སོར་ཐར་དང་བྱ་བའི་ལམ། །སྡོམ་པ་ཡང་དག་པར་བླངས་པའི་དང་པོ་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་ནི་སོ་སོར་ཐར་པ་ཞེས་བྱ་སྟེ། དེས་སྡིག་པ་ལས་

སོ་སོར་ཐར་པའི་ཕྱིར་ཏེ། སྤངས་ཞེས་བྱ་བའི་དོན་ཏོ། །ལུས་དང་ངག་སྡོམ་པའི་ཕྱིར་སྡོམ་པ་ཞེས་ཀྱང་བྱའོ། །ལས་ཀྱི་ལམ་ཞེས་ཀྱང་བྱའོ། །སྐད་ཅིག་མ་གཉིས་པ་ལ་སོགས་པ་ལ་ནི་སོ་སོར་ཐར་པའི་སྡོམ་པ་ཉིད་ཡིན་གྱི། སོ་སོར་ཐར་པ་ནི་མ་ཡིན་ནོ། །མཇུག་ཡིན་གྱི་དངོས་ཀྱི་

ལས་ཀྱི་ལམ་ནི་མ་ཡིན་ནོ། །ཡང་སྡོམ་པ་འདི་རྣམས་ལས། གང་ཞིག་གང་དང་ལྡན་ཞེ་ན། །སོ་སོར་ཐར་དང་ལྡན་པ་བརྒྱད། །སོ་སོར་ཐར་པའི་སྡོམ་པ་དང་ནི། དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། བརྒྱད་པ་

བསྙེན་གནས་ཏེ། རིས་བརྒྱད་དང་ལྡན་ནོ། །བསམ་གཏན་སྐྱེས་དང་དེ་ལྡན་ལ། །བསམ་གཏན་ལས་བསམ་གཏན་གྱིས་བསྐྱེད་པས་ན་བསམ་གཏན་ལས་སྐྱེས་པའོ། །གང་བསམ་གཏན་དང་ལྡན་པ་དེ་གདོན་མི་ཟ་བར་བསམ་གཏན་གྱི་སྡོམ་པ་དང་ལྡན་ནོ། །འདིར་ནི་ཉེར་བསྡོགས་

ཀྱང་བསམ་གཏན་དུ་བྱས་ནས་བརྗོད་དོ། །དཔེར་ན་གྲོང་འདི་ན་འབྲས་ཀྱི་ཞིང་ཡོད་དོ། །འབྲུའི་ཞིང་ཡོད་དོ་ཞེས་གྲོང་གི་ཉེ་ཀོར་ལ་ཡང་གྲོང་ཁྱེར་ཞེས་བྱ་བ་བཞིན་ནོ། །ཟག་མེད་འཕགས་པའི་སེམས་ཅན་དང་། །ཟག་པ་མེད་པའི་སྡོམ་པ་དང་ནི་འཕགས་པའི་གང་ཟག་རྣམས་དང་ལྡན་

Vol. 141 · folio 163b

ཏེ། དེ་དག་ཀྱང་སློབ་པ་དང་། མི་སློབ་པའོ། །ལྷན་ཅིག་འབྱུང་བའི་རྒྱུ་ནི་སེམས་ཀྱི་རྗེས་སུ་འབྲང་བའི་སྡོམ་པ་གཉིས་སོ་ཞེས་གང་བཤད་པ་ལ། དེ་གཉིས་གང་བཤད་ན། གསུམ་པོ་འདི་དག་ཉིད་ལས། ཐ་མའི་གཉིས་ནི་སེམས་རྗེས་འབྲང་། །བསམ་གཏན་གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་

པའོ། །སོ་སོར་ཐར་པའི་སྡོམ་པ་ནི་མ་ཡིན་ཏེ། སེམས་གཞན་དང་སེམས་མེད་པ་ལ་ཡང་རྗེས་སུ་འཇུག་པའི་ཕྱིར་རོ། །ཡང་བསམ་གཏན་གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་པ་དེ་དག་ཉིད་སྤོང་བའི་སྡོམ་པ་ཞེས་བྱ་བའི་མིང་འཐོབ་སྟེ། གང་གི་གནས་སྐབས་དག་ཏུ་སྐྱེ་ཞེ་ན། བར་ཆད་

མེད་ལམ་སྐྱེས་དེ་གཉིས། །མི་ལྕོགས་མེད་ལ་སྤོང་ཞེས་བྱ། །མི་ལྕོགས་པ་མེད་པ་ལ་བསམ་གཏན་གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་པ་དེ་གཉིས་ནི་བར་ཆད་མེད་པའི་ལམ་དགུ་དག་ཏུ་དེ་གཉིས་ཀྱིས་ཚུལ་ཁྲིམས་འཆལ་པ་དག། དེ་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ་རྣམས་སྤོང་བའི་

ཕྱིར་ཡང་སྡོམ་པ་ཞེས་བྱའོ། །ཡང་བཅོམ་ལྡན་འདས་ཀྱིས། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཞེས་གང་བཤད་པ་དང་། མིག་གི་དབང་པོའོ། །སྡོམ་པས་བསྡམས་ཏེ། གནས་སོ་ཞེས་གང་བཤད་པ་ལ་ཡིད་དང་དབང་པོའི་སྡོམ་པ་འདི་གཉིས་ཀྱི་རང་བཞིན་ཅི་ཞིག་ཡིན། འདི་གཉིས་རྣམ་པར་

རིག་བྱེད་མ་ཡིན་པ་ནི་མ་ཡིན་པ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཤེས་བཞིན་དང་ནི་དྲན་པ་གཉིས། །ཡིད་དང་དབང་པོ་སྡོམ་དག་ཡིན། །ཡིད་ཀྱི་སྡོམ་པ་ནི་དྲན་པ་དང་ཤེས་བཞིན་གྱི་རང་བཞིན་ཡིན་ལ། དབང་པོའི་སྡོམ་པ་ཡང་དྲན་པ་དང་ཤེས་བཞིན་གྱི་རང་བཞིན་ཡིན་པས། རེ་རེ་ལ་ཡང་གཉིས་ཀྱི་

རང་བཞིན་དུ་བསྟན་པར་བྱ་བའི་ཕྱིར། ཡང་གཉིས་ཞེས་བྱ་བ་སྨོས་ཏེ། གྲངས་བཞིན་དུ་གོ་བར་འགྱུར་དུ་དོགས་པའི་ཕྱིར་རོ། །ད་ནི་གང་ཞིག་རྣམ་པར་རིག་བྱེད་དམ། རྣམ་པར་རིག་བྱེད་མ་ཡིན་པ་གང་ཡང་དུས་ཇི་སྲིད་ཅིག་ཏུ་ལྡན་པ་འདི་དཔྱད་པར་བྱ་སྟེ། དེ་ལ། སོ་སོར་ཐར་ལ་གནས་པ་ནི། །

མ་བཏང་བས་རྟག་ད་ལྟར་གྱི། །རྣམས་རིག་མིན་ལྡན། སོ་སོར་ཐར་པའི་སྡོམ་པ་ལ་གནས་པར་བཤད་པའི་གང་ཟག་གང་ཡིན་པ་དེ་ནི་ཇི་སྲིད་དུ་རྣམ་པར་རིག་བྱེད་མ་ཡིན་པ་དེ་མི་སྤོང་བ་དེ་སྲིད་དུ་རྟག་ཏུ་ད་ལྟར་གྱི་དེ་དང་ལྡན་ནོ། །དང་པོའི། སྐད་ཅིག་ཕྱིན་ཆད་འདས་པ་དང་། །སྐད་ཅིག་མ་དང་

Vol. 141 · folio 164a

པོ་ཕྱིན་ཆད་ནི་འདས་པ་དང་ཡང་ལྡན་ཏེ། ཐམས་ཅད་དུ་ཡང་མ་བཏང་བ་ལས་ཞེས་བྱ་བའི་དབང་དུ་བྱས་པར་རིག་པར་བྱའོ། །སོ་སོར་ཐར་པའི་སྡོམ་པ་ཇི་སྐད་དུ་བཤད་པ། སྡོམ་མིན་གནས་པའང་དེ་བཞིན་ནོ། །སྡོམ་པ་མ་ཡིན་པ་ལ་གནས་པ་ཡང་ཇི་སྲིད་དུ་སྡོམ་པ་མ་

ཡིན་པ་མི་སྤོང་བ་དེ་སྲིད་དུ་རྟག་ཏུ་ད་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་ལ། སྐད་ཅིག་མ་གཅིག་ཕྱིན་ཅད་ནི་འདས་པ་དང་ཡང་མི་ལྡན་ནོ། །བསམ་གཏན་སྡོམ་དང་ལྡན་པ་ནི། །རྟག་ཏུ་འདས་དང་མ་འོངས་དང་། །བསམ་གཏན་གྱི་སྡོམ་པ་རྙེད་ལ་མ་བཏང་བས་ནི་རྟག་ཏུ་འདས་པ་དང་

མ་འོངས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་ནོ། །སྐད་ཅིག་མ་དང་པོ་ལ་ཡང་ཚེ་རབས་གཞན་དུ་བོར་བའི་བསམ་གཏན་གྱི་སྡོམ་པ་དང་འདས་པ་ཐོབ་པོ། །འཕགས་ནི་དངོས་པོ་འདས་དང་མིན། །འཕགས་པའི་གང་ཟག་ཀྱང་ཟག་པ་མེད་པ་དང་། དེ་བཞིན་དུ་འདས་ལ་འདི་ནི་ཁྱད་པར་ཡིན་

ཏེ། ལམ་ནི་སྔར་མ་བསྐྱེད་པའི་ཕྱིར་སྐད་ཅིག་མ་དང་པོ་ལ་ནི་འདས་པ་དང་མི་ལྡན་ནོ། །མཉམ་གཞག་འཕགས་ལམ་གནས་དེ་གཉིས། །ད་ལྟར་དང་ལྡན་བསམ་གཏན་དང་། །ཟག་པ་མེད་པའི་སྡོམ་པ་དང་ལྡན་པ་གཉིས་ནི་རིམ་པ་བཞིན་དུ་མཉམ་པར་གཞག་པ་དང་། འཕགས་

པའི་ལམ་ལ་ཞུགས་པ་སྟེ། ད་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པ་ལ་ལངས་པ་ནི་མ་ཡིན་ནོ། །རེ་ཞིག་དང་སྡོམ་པ་དང་སྡོམ་པ་མ་ཡིན་པ་ལ་གནས་པ་རྣམས་ནི་དེ་ལྟར་བཤད་དོ། །ཡང་ད་ནི་བར་མར་གནས་པ་ལ་བརྗོད་པར་བྱ་སྟེ། བར་གནས་ལ། ཡོད་ན་དང་པོ་ད་ལྟར་

དང་། །གང་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པ་ལ་གནས་པ་དེ་ནི་བར་མར་གནས་པ་སྟེ། དེ་ལ་ནི་རྣམ་པར་རིག་བྱེད་མ་ཡིན་པ་གདོན་མི་ཟ་བར་ཡོད་པ་མ་ཡིན་པས། གང་ལ་ཚུལ་ཁྲིམས་འཆལ་བ་དང་། ཚུལ་ཁྲིམས་ཀྱི་ཡན་ལག་གིས་བསྡུས་པ་ཡོད་པ་དེ་ནི་དང་པོ་ད་ལྟར་གྱི་རྣམས་དང་ལྡན་ནོ། །

དེ་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་གཉིས་ཀྱི་བར་མ་ཡིན་ནོ། །ཕྱིན་ཆད་དུས་ནི་གཉིས་དང་ངོ་། །སྐད་ཅིག་མ་དང་པོ་ཕྱིན་ཆད་ནི་འདས་པ་དང་མ་འོངས་པ་དང་ཡང་ལྡན་ཏེ། མ་བཏང་ན་ཞེས་བྱ་བར་སྦྱར་རོ། །ཇི་སྡོམ་པ་མ་ཡིན་པ་ལ་གནས་

Vol. 141 · folio 164b

པ་ལ་ཡང་རེས་འགའ་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པར་འགྱུར་ཞིང་སྡོམ་པ་ལ་གནས་པ་ཡང་མི་དགེ་བ་དང་ལྡན་པར་འགྱུར་རམ་ཞེ་ན་འགྱུར་རོ། །དུས་ཇི་སྲིད་ཅིག་ཏུ་ཞེ་ན། སྨྲས་པ། སྡོམ་མིན་གནས་ལ་དགེ་བ་དང་། །སྡོམ་ལ་གནས་ལ་མི་དགེ་བའི། །རྣམ་རིག་མི་ལྡན་ཇི་སྲིད་དུ། །

རབ་དང་ཉོན་མོངས་ཤུགས་ལྡན་པར། །མཆོད་རྟེན་ལ་ཕྱག་འཚལ་བ་ལ་སོགས་པའི་བྱ་བ་བྱེད་པའི་ཤུགས་གང་གིས་སྡོམ་པ་མ་ཡིན་པ་ལ་གནས་པ་ལ་ཡང་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་ཞིང་གསོད་པ་དང་། འཆིང་བ་དང་བརྡེགས་པ་ལ་སོགས་པའི་བྱ་བ་བྱེད་པའི་ཤུགས་གང་གིས་སྡོམ་པ་

ལ་གནས་པ་ལ་ཡང་མི་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་ལ། དེ་གཉིས་ཇི་སྲིད་དུ་རྗེས་སུ་འབྲང་བ་དེ་སྲིད་དུ་རྣམ་པར་རིག་བྱེད་མ་ཡིན་པ་དེ་གཉིས་ཀྱང་རྗེས་སུ་འབྲང་སྟེ། དེ་ཡང་སྐད་ཅིག་མ་དང་པོ་ལ་ནི་ད་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་འབའ་ཞིག་དང་ལྡན་པར་འགྱུར་ལ། གཞན་དག་ཏུ་ནི་

འདས་པ་དང་ཡང་ལྡན་ནོ། །རྣམ་པར་རིག་བྱེད་མ་ཡིན་པའི་དབང་དུ་བྱས་པ་རྫོགས་སོ།། །།རྣམ་རིག་བྱེད་ནི་ཐམས་ཅད་ལ། །བྱེད་པ་དག་ལ་ད་ལྟར་ལྡན། །སྡོམ་པ་དང་སྡོམ་པ་མ་ཡིན་པ་དང་བར་མ་ལ་གནས་པ་ཐམས་ཅད་ཀྱང་། ཇི་སྲིད་དུ་རྣམ་པར་རིག་བྱེད་བྱེད་པ་དེ་སྲིད་དུ་

ད་ལྟར་གྱི་དེ་དང་ལྡན་ནོ། །མ་བཏང་ན་ནི་སྐད་ཅིག་མ། །ཕྱིན་ཆད་འདས་ལྡན། མ་བཏང་ན་སྐད་ཅིག་མ་དང་པོ་ཕྱིན་ཆད་ནི་འདས་པའི་རྣམ་པར་རིག་བྱེད་དང་ལྡན་པར་འགྱུར་རོ། །མ་འོངས་མེད། མ་འོངས་པའི་རྣམ་པར་རིག་བྱེད་དང་ལྡན་པ་ནི་འགའ་ཡང་མེད་དོ། །བསྒྲིབས་དང་མ་བསྒྲིབས་

གཉི་ག་ཡི། །འདས་པ་དག་དང་ལྡན་པ་མེད། །བསྒྲིབས་པ་དང་མ་བསྒྲིབས་པའི་རྣམ་པར་རིག་བྱེད་འདས་པ་ཡང་འགའ་ཡང་མེད་དོ། །ཆོས་ཉམ་ཆུང་བའི་ཐོབ་པ་ཡང་ཉམ་ཆུང་བ་ཡིན་པས་རྗེས་སུ་འབྲེལ་པ་མ་ཡིན་ནོ། །སྡོམ་པ་མ་ཡིན་པ་ལ་གནས་པ་ཞེས་གང་བཤད་པ། སྡོམ་པ་མ་ཡིན་པ་

ཞེས་བྱ་བ་གང་ཞིག་ཅེ་ན། །སྡོམ་པ་མིན་དང་ཉེས་སྤྱད་དང་། །འཆལ་བའི་ཚུལ་ཁྲིམས་ལས་དེའི་ལམ། །སྡོམ་པ་མ་ཡིན་པའི་རྣམ་གྲངས་ཀྱི་སྒྲ་ནི་དེ་དག་སྟེ། དེ་ལ་ལུས་དང་ངག་གི་སྡོམ་པའི་ཕྱིར་སྡོམ་པ་མ་ཡིན་པའོ། །དམན་པའི་ཕྱིར་བ་དང་། འབྲས་བུ་ཡིད་དུ་མི་འོང་བའི་ཉེས་པར་སྤྱད་

Vol. 141 · folio 165a

པ་ཡིན་ནོ། །ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་འཆལ་པའི་ཚུལ་ཁྲིམས་ཡིན་ནོ། །ལུས་དང་ངག་གི་ལས་ཡིན་པའི་ཕྱིར་ལས་སོ། །དངོས་ཀྱིས་བསྡུས་པའི་ཕྱིར་ལས་ཀྱི་ལམ་མོ། །ཡང་རྣམ་པར་རིག་བྱེད་དང་ལྡན་ལ་རྣམ་པར་རིག་བྱེད་མ་ཡིན་པ་དང་། མ་ཡིན་

པ་ཡང་ཡོད་དེ་ཞེས་བྱ་བ་མུ་བཞི་སྟེ། དེ་ལ་རེ་ཞིག །བར་མ་དོར་གནས་སེམས་ཞན་པས། །བྱེད་དང་མ་རིག་ཉིད་དང་ལྡན། །སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ལ་གནས་པ་ཞིག་སེམས་ཞན་པས་དགེ་བའམ་མི་དགེ་བ་ཞིག་བྱེད་ན། རྣམ་པར་རིག་བྱེད་འབའ་ཞིག་དང་ལྡན་གྱི། རྣམ་

པར་རིག་བྱེད་མ་ཡིན་པ་དང་ནི་མ་ཡིན་ན། ལུང་དུ་མ་བསྟན་པ་ལྟ་སྨོས་ཀྱང་ཅི་དགོས། རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་ལས་ཀྱི་ལམ་ནི་མ་གཏོགས་སོ། །རྣམ་རིག་བོར་དང་མ་སྐྱེས་པའི། །འཕགས་པའི་གང་ཟག་རྣམ་རིག་མིན། །འཕགས་པའི་གང་ཟག་གང་ཞིག་ཚེ་

གཞན་དུ་ཡོངས་སུ་གྱུར་ནས་ད་དུང་དུ་རྣམ་པར་རིག་བྱེད་མ་བྱུང་བའམ་རྣམ་པར་རིག་བྱེད་རྣམ་པར་ཉམས་ན། རྣམ་པར་རིག་བྱེད་མ་ཡིན་པ་འབའ་ཞིག་དང་ལྡན་གྱི་རྣམ་པར་རིག་བྱེད་དང་ནི་མ་ཡིན་ནོ། །སྡོམ་པ་དང་། སྡོམ་པ་མ་ཡིན་པ་དང་། བར་མ་ལ་གནས་པ་རྣམས་དང་། སྡོམ་པ་དང་།

སྡོམ་པ་མ་ཡིན་པ་དང་ལྡན་པ་རྣམ་པར་གཞག་པ་བཤད་ཟིན་ཏོ། །ཡང་སྡོམ་པ་དེ་དག་ཇི་ལྟར་འཐོབ་ཅེ་ན། བསམ་གཏན་ལས་སྐྱེས་བསམ་གཏན་གྱི། །ས་ཉིད་ཀྱིས་འཐོབ། གང་གི་ཚེ་བསམ་གཏན་གྱི་ས་པའི་སེམས་ཟག་པ་དང་བཅས་པ་དངོས་གཞི་པའམ། ཉེར་བསྡོགས་པ་ཐོབ་པ་

དེའི་ཚེ་བསམ་གཏན་གྱི་སྡོམ་པ་ཡང་འཐོབ་སྟེ། ལྷན་ཅིག་འབྱུང་བ་ཡིན་པའི་ཕྱིར་རོ། །ཟག་མེད་ནི། འཕགས་དེས། བསམ་གཏན་གྱི་ས་དེ་ཉིད་ཀྱི་ཟག་པ་མེད་པས་འཐོབ་པ་ན་ཟག་པ་མེད་པའི་སྡོམ་པ་ཡང་འཐོབ་པོ། །དེ་ལ་ཟག་པ་མེད་པ་ནི། བསམ་གཏན་གྱི་ས་དྲུག་པོ་བསམ་གཏན་

བཞི་བ་དང་། མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དག་ན་ཡོད་དེ། དེ་ནི་འོག་ནས་བཤད་པར་བྱའོ། །སོ་སོར་ཐར་ཅེས་པ། གཞན་གྱི་རྣམ་རིག་བྱེད་སོགས་ལས། །སོ་སོར་ཐར་པའི་སྡོམ་པ་ནི་གལ་ཏེ་འདི་ལ་གཞན་གྱི་རྣམ་པར་རིག་བྱེད་ལ་འདི་ཡང་གཞན་ལ་རྣམ་

Vol. 141 · folio 165b

པར་རིག་པར་བྱེད་ན། གཞན་གྱི་རྣམ་པར་རིག་བྱེད་ལས་འཐོབ་སྟེ། དེ་ཡང་དགེ་འདུན་ནམ་གང་ཟག་ལས་སོ། །དགེ་འདུན་ལས་ནི་དགེ་སློང་དང་། དགེ་སློང་མ་དང་། དགེ་སློབ་མའི་སྡོམ་པ་རྣམས་སོ། །གཞན་དག་ནི་གང་ཟག་ལས་སོ། །རང་འབྱུང་ལ་སོགས་པ་ལས་ནི་སངས་རྒྱས་དང་

རང་སངས་རྒྱས་ལ་སོགས་པ་ཡིན་ནོ་ཞེས་རབ་ཏུ་བསྟན་པར་བྱ་བའི་ཕྱིར་སོགས་པའི་སྒྲ་སྨོས་སོ། །ཡང་སོ་སོར་ཐར་པའི་སྡོམ་པ་དེ་དེ་ལྟར་ཡང་དག་པར་ལེན་པ་ན་དུས་ཇི་སྲིད་ཅིག་གི་བར་དུ་ཡང་དག་པར་བླང་བར་བྱ་ཞེ་ན། ཇི་སྲིད་འཚོ་དང་ཉིན་ཞག་ཏུ། །སྡོམ་པ་ཡང་དག་བླངས་པ་ཡིན། །རིས་

བདུན་གྱི་སོ་སོར་ཐར་པའི་སྡོམ་པ་ནི་ཇི་སྲིད་འཚོའི་བར་དུ་ཡང་དག་པར་བླངས་པའོ། །བསྙེན་གནས་ཀྱི་སྡོམ་པ་ནི་ཉིན་ཞག་ཏུའོ་ཞེས་བྱ་བར་ངེས་སོ། །ད་ནི་སྡོམ་པ་མ་ཡིན་པའི་དུས་ཅི་ཞིག་ཡིན་ཞེ་ན། སྡོམ་པ་མིན་ལ་ཉིན་ཞག་མེད། །ཇི་སྲིད་འཚོའི་བར་དུ་སྡིག་པའི་ལས་ཁས་བླངས་པ་ལས་

སྡོམ་པ་མ་ཡིན་པ་སྐྱེའི། ཇི་ལྟར་བསྙེན་གནས་པ་བཞིན་དུ་ཉིན་ཞག་པ་ནི་མེད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་ལྟ་བུ་ལེན་མེད་ཅེས་གྲག །གང་གི་ཕྱིར་བསྙེན་གནས་པ་ལྟར་བདག་ནི་ཉིན་ཞག་གཅིག་ཏུ་སྡོམ་པ་མ་ཡིན་པར་གྱུར་ཅིག་ཅེས་སྡོམ་པ་མ་ཡིན་པ་ཡང་དག་པར་ལེན་པར་

སྨོན་པ་ནི་སུ་ཡང་མེད་དེ། དམན་པའི་ལས་ཡིན་པའི་ཕྱིར་རོ། །ཡང་བསྙེན་གནས་ཉིན་ཞག་ཏུ་ལེན་པ་ན་ཇི་ལྟར་བླང་བར་བྱ་ཞེ་ན། དམའ་བར་འདུག་སྨྲས་བླངས་པ་ཡིས། །ནང་པར་གཞན་ལས་བླངས་པ་ནི། །བསྙེན་གནས་ཡན་ལག་ཚང་བ་དང་། །མི་བརྒྱན་མཚན་མོ་མ་ཟད་

པར། །དམའ་བར་འདུག་པའམ་ཙོག་ཙོག་པོའམ་པུས་མོ་བཙུགས་ལ་ཐལ་མོ་ཁོང་སྟོང་དུ་སྦྱར་ནས་ཏེ། ནད་པ་ནི་མ་གཏོགས་སོ། །འབོགས་པ་པོས་ཚིག་མ་སྨྲས་པར་སྔར་ཡང་སྨྲ་བར་མི་བྱ་ལ་ཁ་བསྡམས་ཏེ་སྨྲ་བར་ཡང་མི་བྱའོ། །ཉིན་ཞག་གི་སྡོམ་པ་ཡིན་པའི་ཕྱིར་ནང་པར་ཞེས་བྱ་བ་

ནི་རེ་ཞིག་ཉི་མ་ཤར་བའི་ཚེའོ། །གཞན་ལས་ནོད་པར་བྱ་བའི་བདག་ཉིད་ལས་ནི་མ་ཡིན་ཏེ། གཞན་ལ་ལྟོས་པས་ནི་རྐྱེན་ཡོད་ཀྱང་མི་འདའ་བར་བྱ་བའི་ཕྱིར་རོ། །ཡན་ལག་ཚང་བ་སྟེ། ཡན་ལག་བརྒྱད་རིལ་གྱིས་ནོད་པར་བྱའི་མ་ཚང་བ་ནི་མ་ཡིན་ནོ། །མི་བརྒྱན་པས་ཏེ། རྒྱན་ནར་མ་ནི་མ་

Vol. 141 · folio 166a

གཏོགས་སོ། །མཚན་མོ་ཟད་ཀྱི་བར་དུ་སྟེ། ཇི་སྲིད་དུ་ཉི་མ་ཤར་གྱི་བར་དུའོ། །དེ་ལྟ་མ་ཡིན་པར་མནོས་པ་ནི་ལེགས་པར་སྤྱོད་པ་ཙམ་དུ་འགྱུར་གྱི་བསྙེན་གནས་ཀྱི་སྡོམ་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཡན་ལག་བརྒྱད་ནོད་ཅེ་ན། འདི་ལྟར། ཚུལ་ཁྲིམས་ཡན་ལག་བག་

ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །རེ་ཞིག་བརྫུན་དུ་སྨྲ་བ་སྤོང་བའི་བར་དུ་བཞི་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་སྤོང་བའི་ཕྱིར། ཚུལ་ཁྲིམས་ཀྱི་ཡན་ལག་ཡིན་ནོ། །ཆང་འཐུང་བ་སྤོང་བ་གཅིག་པུ་ནི་བག་ཡོད་པའི་ཡན་ལག་ཡིན་

ནོ། །ཡན་ལག་གསུམ་ནི་བཅས་པའི་ཁ་ན་མ་ཐོ་བ་སྤོང་བའི་ཕྱིར་བརྟུལ་ཞུགས་ཀྱི་ཡན་ལག་ཡིན་ནོ། །ཅི་བག་ཡོད་པའི་ཡན་ལག་དང་བརྟུལ་ཞུགས་ཀྱི་ཡན་ལག་འདི་དག་མ་མནོས་ན་ཅིར་འགྱུར་ཞེ་ན། དེ་ཡི་དྲན་ཉམས་རྒྱགས་འགྱུར་རོ། །ཆང་འཐུངས་པས་ནི་བྱ་བ་དང་བྱ་བ་མ་ཡིན་

པའི་དྲན་པ་ཉམས་པ་ཉིད་དུ་འགྱུར་རོ། །མལ་སྟན་མཐོན་པོ་དང་། མལ་སྟན་ཆེན་པོ་དང་། གར་དང་གླུ་ལ་སོགས་པ་བསྟེན་པ་ནི་དྲེགས་པར་འགྱུར་ལ་དྲེགས་པ་གྱུར་ནས་ནི་ཚུལ་ཁྲིམས་འཆལ་བ་ཡང་ཐག་མི་རིང་བར་འགྱུར་རོ། །དུས་སུ་ཟ་ཞིང་ཟས་ནར་མའི་དུས་ཡོངས་སུ་

སྤངས་པ་ལས་ནི་སྨྱུང་བའི་དྲན་པ་དང་། ཡིད་བྱུང་བ་ཉེ་བར་གནས་པར་འགྱུར་ཏེ། དེ་མེད་ན་གཉི་ག་ཡང་མེད་དོ། །ཡང་ཅི་བསྙེན་གནས་འདི་དགེ་བསྙེན་འབའ་ཞིག་གི་ཡིན་ནམ། འོན་ཏེ་གཞན་གྱི་ཡང་ཡིན་ཞེ་ན། གཞན་ལའང་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བར་མིན་ནོ། །

དགེ་བསྙེན་མ་ཡིན་པ་ཡང་ཉིན་ཞག་དེ་ལ་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་སོང་སྟེ། བསྙེན་གནས་ནོད་ན་དེ་ལ་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ། །ཅི་སྐྱབས་སུ་འགྲོ་བ་འབའ་ཞིག་གིས་དགེ་བསྙེན་པར་འགྱུར་རམ་ཞེ་ན། རྒྱ་གར་གྱི་ཡུལ་པ་

རྣམས་ན་རེ་ནི་འགྱུར་རོ་ཞེས་ཟེར་རོ། །ཁ་ཆེ་རྣམས་ན་རེ་སྡོམ་པ་མེད་པར་མ་ཡིན་ནོ་ཞེས་ཟེར་རོ། །གང་ཡང་མདོ་ལས་འདི་སྐད་དུ་མིང་ཆེན་གང་གི་ཕྱིར་ཁྱིམ་པ་གོས་དཀར་པོ་གྱོན་པ། སྐྱེས་པ་སྐྱེས་པའི་མཚན་དང་ལྡན་པ་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ། ཆོས་ལ་སྐྱབས་སུ་འགྲོ།

Vol. 141 · folio 166b

དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་། བདག་ལ་དགེ་བསྙེན་ཕར་གཟུང་དུ་གསོལ་ཞེས་ཚིག་ཏུ་ཡང་སྨྲ་ན། དེ་ཙམ་གྱིས་དགེ་བསྙེན་ཕར་འགྱུར་རོ་ཞེས་གསུངས་སོ། །འདི་ལ་འགལ་བ་མེད་དེ། གང་གི་ཕྱིར་འདི་སྐྱེ་བར་འགྱུར་བ་དེ་ཉིད་ལས། དགེ་བསྙེན་ཉིད་དུ་ཁས་བླངས་པ་ལས། སྡོམ་པ།

དགེ་བསྙེན་ཉིད་དུ་ཁས་བླངས་པ་འབའ་ཞིག་གིས་འདིའི་དགེ་བསྙེན་གྱི་སྡོམ་པ་ཡང་སྐྱེ་བར་འགྱུར་ཏེ། གང་གི་ཚེ་བདག་ལ་དགེ་བསྙེན་ཕར་གཟུང་དུ་གསོལ་ཞེས་ཁས་ལེན་པ་ཉིད་ནའོ། །དེ་ཕྱིན་ཆད་སྲོག་གཅོད་པ་སྤོང་ངོ་ཞེས་པ་ནི་སྲོག་གཅོད་པ་ལ་སོགས་པ་སྤོང་བ་ཞེས་བྱ་བའི་ཐ་

ཚིག་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་རོ། །སྡོམ་པ་ཐོབ་ཀྱང་བརྡས་སྤྲད་པར་བྱ་བའི་ཕྱིར་བསླབ་པའི་གཞི་རྣམས། སྨྲ་བ་དགེ་སློང་བཞིན། ཇི་ལྟར་དགེ་སློང་དང་དགེ་སྦྱོང་སྡོམ་པ་ཐོབ་ཟིན་ཀྱང་། བརྡས་སྤྲད་པར་བྱ་བའི་ཕྱིར་ཁྱོད་ཀྱི་སྡོམ་པ་ནི་འདི་དང་འདིའོ་ཞེས་ཡང་

བསླབ་པའི་གཞི་རྣམས་ནོད་དུ་གཞུག་པ་ལྟར་དགེ་བསྙེན་པ་ཡང་དེ་དང་འདྲ་བས་སྡོམ་པ་མེད་པར་དགེ་བསྙེན་པ་ཡོད་དོ་ཞེས་བྱ་བ་ནི་མི་རུང་ངོ་། །གལ་ཏེ་ཐམས་ཅད་བསྡམས་ན་ནི། སྣ་གཅིག་སྤྱོད་ལ་སོགས་ཅི་ལྟར། །གལ་ཏེ་དགེ་བསྙེན་ཐམས་ཅད་དགེ་བསྙེན་གྱི་སྡོམ་པ་ལ་གནས་

པ་ཡིན་ན། བཅོམ་ལྡན་འདས་ཀྱིས་སྣ་གཅིག་སྤྱོད་པ་དང་། ཕྱོགས་གཅིག་སྤྱོད་པ་དང་། ཕལ་ཆེར་སྤྱོད་པ་དང་། ཡོངས་སུ་རྫོགས་པར་སྤྱོད་པའི་དགེ་བསྙེན་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། དེ་ཡང་མི་འགལ་ཏེ། གང་ཕྱིར་དེ་སྲུང་བ་ལས་གསུངས། །གང་ཞིག་བསླབ་པའི་

གཞི་གང་སྲུང་བར་བྱེད་པ་དེ་ནི། སྤྱོད་པ་ཞེས་གསུངས་ཀྱི་ཐམས་ཅད་ཀྱང་སྡོམ་པ་ལ་གནས་པར་ནི་འདྲའོ། །སྡོམ་པ་ཐམས་ཅད་ཀྱང་། ཆུང་ལ་སོགས་ཉིད་ཡིན་ཇི་བཞིན། ཆུང་ངུ་དང་འབྲིང་དང་ཆེན་པོ་ཉིད་ནི་ཡང་དག་པར་ལེན་པའི་སེམས་ཀྱི་དབང་ལས་ཏེ། དེ་ལྟར་བཤད་ན་དགྲ་

བཅོམ་པ་ལ་ཡང་སོ་སོར་ཐར་པའི་སྡོམ་པ་ཆུང་ངུ་སྲིད་ལ། སོ་སོའི་སྐྱེ་བོ་ལ་ཡང་ཆེན་པོ་སྲིད་དོ། །ཡང་གང་ཞིག་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ན། འདིའི་སྐྱབས་སུ་འགྲོ་བ་ཅི་ཞིག་ཡིན་ཞེ་ན། སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉི་

Vol. 141 · folio 167a

ག་དང་། །མྱ་ངན་འདས་ལ་སྐྱབས་འགྲོ་གང་། །དེ་ཡི་སྐྱབས་ནི་གསུམ་ཡིན་ནོ། །གང་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་ནི་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ། གཙོ་བོ་གང་དག་གིས་དེའི་ལུས་སངས་རྒྱས་ཞེས་བྱ་བར་བརྗོད་པའོ། །

གཟུགས་ཀྱི་སྐུ་ནི་སྔ་མ་དང་ཕྱི་མར་ཡང་བྱེ་བྲག་མེད་པའི་ཕྱིར་རོ། །གང་ཞིག་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དེ་ནི་དགེ་འདུན་བྱེད་པའི་ཆོས་སློབ་པ་དང་མི་སློབ་པ་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ། གང་དག་ཐོབ་པས་གང་ཟག་བརྒྱད་པོ་དབྱེ་བར་མི་ནུས་པའི་ཕྱིར་མི་ཕྱེད་པར་འགྱུར་བའོ། །གང་ཞིག་ཆོས་

ལ་སྐྱབས་སུ་འགྲོ་བ་དེ་ནི་སོ་སོར་བརྟགས་པའི་འགོག་པ་མྱ་ངན་ལས་འདས་པ་ལ་སྐྱབས་སུ་འགྲོ་བ་ཡིན་ཏེ། བདག་དང་གཞན་གྱི་རྒྱུད་ཀྱི་ཉོན་མོངས་པ་དང་། སྡུག་བསྔལ་ཞི་བའི་མཚན་ཉིད་དུ་གཅིག་པ་ཡིན་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་སྡོམ་པ་གཞན་དག་ཏུ་ནི་མི་ཚངས་པར་སྤྱོད་པ་སྤོང་བ་

བསླབ་པའི་གཞིར་རྣམ་པར་གཞག་ལ། དགེ་བསྙེན་ལ་ནི་འདོད་པས་ལོག་པར་གཡེམ་པ་སྤོང་བ་བསླབ་པའི་གཞིར་རྣམ་པར་གཞག་ཅེ་ན། ལོག་གཡེམ་རབ་ཏུ་སྨད་ཕྱིར་དང་། །སླ་ཕྱིར་མི་བྱ་རྙེད་པའི་ཕྱིར། །འདོད་པས་ལོག་པར་གཡེམ་པ་ནི་གཞན་དག་གི་ཆུང་མ་སུན་ཕྱུང་བའི་ཕྱིར་བ་

དང་། །ངན་སོང་བའི་རྒྱུ་ཡིན་པའི་ཕྱིར་འཇིག་རྟེན་ན་ཤིན་ཏུ་སྨད་པ་ལྟར། མི་ཚངས་པར་སྤྱོད་པ་ནི་དེ་ལྟ་མ་ཡིན་པའམ། ཁྱིམ་ན་གནས་པ་དག་གིས་འདོད་པས་ལོག་པར་གཡེམ་པ་སྤོང་བ་སྲུང་བར་སླའི་མི་ཚངས་པར་སྤྱོད་པ་ནི་སྲུང་བར་དཀའ་བས་སྲུང་མི་ནུས་པའམ། འཕགས་པ་ཚེ་རབས་

གཞན་དག་ཏུ་ཡང་བྱ་བ་མ་ཡིན་པ་མི་སྤྱོད་པའི་ཕྱིར་མི་བྱ་བའི་སྡོམ་པ་ལ་འདོད་པས་ལོག་པར་གཡེམ་པ་སྤོང་བ་ཐོབ་པས་ན། དགེ་བསྙེན་ལ་ཡང་མི་ཚངས་པར་སྤྱོད་པ་སྤོང་བ་ཞེས་མ་སྨོས་ལ། དེ་སྤོང་བ་འགའ་ཞིག་བསླབ་པའི་གཞིར་རྣམ་པར་གཞག་སྟེ། སློབ་པ་ཆེས་གཞན་དུ་གྱུར་ན། དགེ་བསྙེན་གྱི་

སྡོམ་པའི་ཡན་ལག་དག་ལ་སྡོམ་པ་མ་ཡིན་པར་འགྱུར་དུ་འོང་ངོ་། །བྱ་བ་མ་ཡིན་པ་ནི་མི་བྱ་བར་མ་ངེས་པའི་སྡོམ་པའོ། །གང་ཞིག་དགེ་བསྙེན་པར་གྱུར་ནས་ཆུང་མ་ལེན་ན་དེ་དག་གིས་དེ་དག་ལ་ཡང་སྡོམ་པ་ཐོབ་བམ་མ་ཐོབ་ཅེ་ན་ཐོབ་པོ། །དེ་ལྟ་མ་ཡིན་ན་ཉི་ཚེ་བའི་སྡོམ་པ་ཐོབ་པར་འགྱུར་དུ་

Vol. 141 · folio 167b

འོང་ངོ་། །ཇི་ལྟར་སྡོམ་པ་ཞིག་པར་མི་འགྱུར་ཞེ་ན། གང་གི་ཕྱིར། ཇི་ལྟར་ཁས་བླངས་བཞིན་སྡོམ་པ། །རྙེད་དེ་རྒྱུ་ལས་མ་ཡིན་ནོ། །ཇི་ལྟར་ཁས་བླངས་པ་དེ་བཞིན་དུ་དེ་དག་གི་སྡོམ་པ་རྙེད་དེ། དེ་དག་གིས་ཇི་ལྟར་ཁས་བླངས་ཤེ་ན། བདག་འདོད་པས་ལོག་པ་གཡེམ་པ་སྤོང་ངོ་

ཞེས་ཁས་བླངས་ཀྱི། བདག་གི་རྒྱུད་འདི་ལ་མི་ཚངས་པར་སྤྱོད་པ་མི་བྱའོ་ཞེས་ནི་མ་སྨྲས་སོ། །དེའི་ཕྱིར་དེ་དག་གིས་དེའི་གཞི་ལས། འདོད་པས་ལོག་པར་གཡེམ་པའི་ཡན་ལག་གི་སྡོམ་པ་འབའ་ཞིག་ཐོབ་ཀྱི་མི་ཚངས་པར་སྤྱོད་པ་ནི་མ་ཡིན་པས། ཆུང་མར་གྱུར་པ་ལ་སྡོམ་པ་

ཞིག་པ་མེད་དོ། །ཡང་ཅིའི་ཕྱིར། བརྫུན་དུ་སྨྲ་བ་སྤོང་བ་འབའ་ཞིག་དགེ་བསྙེན་གྱི་སྡོམ་པ་ལ་བསླབ་པའི་གཞིར་བྱས་ལ། ཕྲ་མ་སྤོང་བ་ལ་སོགས་པ་ནི་མ་ཡིན་ཞེ་ན། རྒྱུ་གསུམ་པོ་དེ་དག་ཉིད་ཀྱི་ཕྱིར་ཏེ། བརྫུན་དུ་སྨྲ་བ་ནི་ཤིན་ཏུ་སྨད་པ་ཡིན་པའི་ཕྱིར་བ་དང་། བསྲུང་བར་སླ་བའི་

ཕྱིར་བ་དང་། མི་བྱ་བ་ཐོབ་པའི་ཕྱིར་རོ། །བསླབ་པ་ཐམས་ཅད་ལས་འདས་པ་ལས། །བརྫུན་ཡང་ཟླ་ལ་སྨྲ་བ་ཡི། །བསླབ་པ་ཐམས་ཅད་དུ་འདས་པ་ལ་དྲིས་པ་དང་། བདག་གིས་དེ་ལྟ་བུ་མ་བྱས་སོ་ཞེས་ཞར་ལ་བརྫུན་སྨྲ་བ། འདི་ཉེས་པར་གནས་པ་ལ་འགྱུར་བས། དེའི་ཕྱིར་

བརྫུན་དུ་སྨྲ་བ་སྤོང་བ་ཞེས་བྱ་སྟེ། ཇི་ལྟར་འདས་པར་བྱས་ཀྱང་། བདག་ཉིད་ཆགས་པར་འགྱུར་རོ། །ཡང་ཅིའི་ཕྱིར་བཅས་པའི་ཁ་ན་མ་ཐོ་བ་འདིའི་བསླབ་པའི་གཞིར་མ་བཞག་ཅེ་ན། གཞག་སྟེ། བཅས་པའི་ཁ་ན་མ་ཐོ་བ། །ཆང་ཉིད། ཅིའི་ཕྱིར་ཆང་འབའ་ཞིག་ཡིན་ལ་

གཞན་གྱི་མ་ཡིན་ཞེ་ན། གཞན་ནི་སྲུང་བའི་ཕྱིར། ཆང་འཐུང་ན་ཡན་ལག་གཞན་དང་གཞན་དག་མི་སྲུང་བར་འགྱུར་བས། དེའི་ཕྱིར་དེ་འབའ་ཞིག་གིས་བསླབ་པའི་གཞི་རྣམ་པར་གཞག་གི་གཞན་དག་གིས་ནི་མ་ཡིན་ནོ། །སོ་སོར་ཐར་པ་དང་། བསམ་གཏན་དང་། ཟག་པ་མེད་པའི་

སྡོམ་པ་གང་ཡིན་པ་གསུམ་པོ་འདི་དག། ཇི་འདི་དག་ལས་གཅིག་འཐོབ་པ་དེ་ལས་ལྷག་མ་རྣམས་ཀྱང་འཐོབ་བམ་ཞེ་ན། སྨྲས་པ། མ་ཡིན་ཏེ། ཇི་ལྟ་ཞེ་ན། འདོད་གཏོགས་ཐམས་ཅད་གཉི་ག་དང་། །ད་ལྟར་གྱི་ལས་ཐོབ་པར་འགྱུར། །འདོད་གཏོགས་ཞེས་བྱ་བ་ནི་སོ་སོར་ཐར་

Vol. 141 · folio 168a

པའི་སྡོམ་པ་ཡིན་ནོ། །ཐམས་ཅད་ལ་ཞེས་བྱ་བ་ནི་སྦྱོར་བ་དང་། དངོས་དང་། མཇུག་ལས་སོ། །གཉི་ག་ལས་ཞེས་བྱ་བ་ནི་སེམས་ཅན་དང་། སེམས་ཅན་མ་ཡིན་པ་དང་། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་ལས་སོ། །སེམས་ཅན་གྱི་རྟེན་དུ་ཐ་སྙད་བཏགས་

པའི་ཕྱིར་ད་ལྟར་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འབའ་ཞིག་ལས་འཐོབ་ཀྱི། འདས་པ་དང་མ་འོངས་པ་ལས་ནི་མ་ཡིན་ཏེ། དེ་དག་ནི་སེམས་ཅན་དུ་ནི་མི་བགྲང་བའི་ཕྱིར་རོ། །བསམ་གཏན་ཟག་མེད་སྡོམ་གཉིས་ནི། །དངོས་དང་དུས་ནི་ཐམས་ཅད་ལས། །བསམ་གཏན་

དང་། ཟག་པ་མེད་པའི་སྡོམ་པ་གཉིས་ནི་དངོས་ཀྱི་ལམ་འབའ་ཞིག་ལས་འཐོབ་ཀྱི། སྦྱོར་བ་དང་མཇུག་ལས་ཀྱང་མ་ཡིན་ན་བཅས་པའི་ཁ་ན་མ་ཐོ་བ་ལས་ལྟ་སྨོས་ཀྱང་ཅི་དགོས། དུས་ཐམས་ཅད་ལས་འདས་པ་དང་མ་འོངས་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལས་ཀྱང་འཐོབ་

བོ། །ཡང་ཅི་སྡོམ་པ་དང་སྡོམ་པ་མ་ཡིན་པ་གཉིས་སེམས་ཅན་ཐམས་ཅད་དང་། ཡན་ལག་ཐམས་ཅད་དང་། རྒྱུ་ཐམས་ཅད་ལས་འཐོབ་བམ། འོན་ཏེ་བྱེ་བྲག་ཡོད་ཅེ་ན། སྨྲས་པ། ཡོད་དེ། རེ་ཞིག་ངེས་པར་འཐོབ་པ་ནི། །སྡོམ་པ་སེམས་ཅན་ཐམས་ཅད་ལས། །ཡན་

ལག་རྒྱུ་ལས་དབྱེ་བ་ཡོད། །སྡོམ་པ་ནི་སེམས་ཅན་ཐམས་ཅད་ལས་འཐོབ་པ་ཉིད་དེ། འགའ་ལས་ནི་མ་ཡིན་ནོ། །ཡན་ལག་ནི་དབྱེ་བ་ཡོད་དེ། ཁ་ཅིག་ནི་ཐམས་ཅད་ལས་འཐོབ་སྟེ། དགེ་སློང་གི་སྡོམ་པའོ། །ཁ་ཅིག་ནི་བཞི་ལས་ཏེ། དེ་ལས་གཞན་པའོ། །ལས་ཀྱི་ལམ་

རྣམས་ནི་སྡོམ་པའི་ཡན་ལག་ཡིན་ནོ། །རྒྱུ་ལས་ཀྱང་ཁ་ཅིག་ནི་རྣམ་གྲངས་ཐམས་ཅད་ཀྱིས་སོ། །ཁ་ཅིག་ནི་གཅིག་གི་སྟེ། རེ་ཞིག་ཐམས་ཅད་ཀྱི་ཞེས་བྱ་བ་གང་གིས་ཤེ་ན། གལ་ཏེ་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་རྣམས་ལ་རྒྱུ་དག་ཏུ་འདོད་པ་

ནའོ། །གཅིག་གིས་ཞེས་བྱ་བ་གང་གིས་ཤེ་ན། གལ་ཏེ་སེམས་ཆུང་ངུ་དང་། འབྲིང་དང་། ཆེན་པོ་རྣམས་ལས་རྒྱུ་དག་ཏུ་འདོད་པ་ནའོ། །གང་ལས་སྡོམ་པ་ཐོབ་པ་བཤད་ཟིན་ཏོ། །སྡོམ་པ་མིན་པ་ཐམས་ཅད་དང་། །ཡན་ལག་ཀུན་ལ་རྒྱུས་མིན་ནོ། །སེམས་ཅན་ཐམས་ཅད་དང་། ལས་

Vol. 141 · folio 168b

ཀྱི་ལམ་ཐམས་ཅད་ལས་འཐོབ་སྟེ། སྡོམ་པ་མ་ཡིན་པ་ཚང་བའི་སྡོམ་པ་མ་ཡིན་པ་ཅན་ནི་མེད་དོ། །རྒྱུ་ཐམས་ཅད་ཀྱིས་ནི་མ་ཡིན་ཏེ། སེམས་ཆུང་ངུ་ལ་སོགས་པ་ཅིག་ཅར་དུ་འབྱུང་བ་མེད་པའི་ཕྱིར་རོ། །སྡོམ་པ་མ་ཡིན་པ་གང་ལས་འཐོབ་པ་བཤད་ཟིན་ཏོ། །ཇི་ལྟར་འཐོབ་པ་ནི་མ་བཤད་པས་དེའི་ཕྱིར་

བརྗོད་པར་བྱ་སྟེ། སྡོམ་པ་མིན་པའི་སྡོམ་པའམ། །ཁས་ལེན་པ་ལས་ཐོབ་པར་འགྱུར། །སྡོམ་པ་མ་ཡིན་པ་ནི་རྒྱུ་རྣམ་པ་གཉིས་ཀྱིས་འཐོབ་སྟེ། དེའི་རིགས་ཅན་རྣམས་ནི་གསོད་པར་སྦྱོར་བའི་སྦྱོར་བ་ལས་སོ། །དེའི་རིགས་ཅན་མ་ཡིན་པ་རྣམས་ནི་འདི་སྐད་དུ་བདག་ཅག་ཀྱང་འཚོ་བ་

འདིས་འཚོ་བར་བྱའོ་ཞེས་ཁས་ལེན་པ་ལས་སོ། །ལྷག་མའི་རྣམ་རིག་མི་འཐོབ་པ། །ཞིང་དང་ལེན་དང་གུས་བྱེད་པས། །ལྷག་མ་གང་ཞིག་ཅེ་ན། སྡོམ་པའང་མ་ཡིན་སྡོམ་པ་མ་ཡིན་པའང་མ་ཡིན་པ་ཞེས་བྱའོ། །དེ་དག་གི་ཞིང་ལ་སོགས་པའི་དབང་གིས་འཐོབ་སྟེ། གང་དུ་ཀུན་

དགའི་ར་བ་ལ་སོགས་པ་ཕུལ་བ་ཙམ་གྱིས་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་བ་ནི་དེ་དང་མཐུན་པའི་ཞིང་ཡིན་ཏེ། འདི་ལྟ་སྟེ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དག་ལས་སམ། ཡང་ན་སངས་རྒྱས་ལ་ཕྱག་འཚལ་གྱི་བར་དུ་ཟན་མི་ཟའོ་ཞེས་བྱ་བ་དང་། ཚེས་སམ་ཟླ་བ་ཕྱེད་

དམ་ཟླ་བ་གཅིག་ཅིང་ཡང་རྟག་ཏུ་མཆོད་སྟོན་བྱའོ་ཞེས་བྱ་བ་ལ་སོགས་པའི་ཡི་དམ་ཡང་དག་པར་བླངས་པའམ། དགེ་བའམ་མི་དགེ་བ་དག་ལས་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་བར་འགྱུར་བ་དེ་དང་མཐུན་པའི་ལས་གུས་པར་བྱེད་པ་ལས་སོ། །སྡོམ་པ་དང་སྡོམ་པ་མ་ཡིན་པ་རྣམས་

ཇི་ལྟར་འཐོབ་པ་འདི་ནི་བཤད་ཟིན་ཏོ། །ད་ནི་སྡོམ་པ་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་སོ་སོར་ཐར་པའི་འདུལ་གཏོང་བ། །བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་འབྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །དེས་འདུལ་བར་བྱེད་པས་ན་འདུལ་

བ་སྟེ། སོ་སོར་ཐར་པའི་སྡོམ་པ་ཡིན་པར་དགོངས་པའོ། །བསྙེན་གནས་ཀྱི་སྡོམ་པ་མ་གཏོགས་པར། དེ་ནི་རྒྱུ་རྣམ་པ་བཞིས་གཏོང་སྟེ། མི་བརྡ་ཕྲད་པའི་དྲུང་དུ་བསླབ་པའི་གཞི་རྣམས་བསམ་པ་ཐག་པ་ནས་སླར་ཕུལ་བའམ། རིས་མཐུན་པ་བཏང་བའམ། མཚན་གཉིས་

Vol. 141 · folio 169a

ཅིག་ཅར་དུ་བྱུང་བའམ། དགེ་བའི་རྩ་བ་ཆད་པ་ལས་སོ། །བསྙེན་གནས་ཀྱི་སྡོམ་པ་ནི་དེ་དག་དང་མཚན་མོ་ཟད་པ་ལས་ཏེ། དེ་ལྟར་ན་དེ་དག་ནི་བསྡུ་ན་གཏོང་བའི་རྒྱུ་ལྔར་འགྱུར་རོ། །ཅིའི་ཕྱིར་རྒྱུ་དེ་དག་གིས་གཏོང་བར་འགྱུར་ཞེ་ན། ཡང་དག་པར་བླངས་པ་དང་འགལ་བའི་རྣམ་

པར་རིག་བྱེད་བསྐྱེད་པའི་ཕྱིར་བ་དང་། ལུས་བོར་བའི་ཕྱིར་བ་དང་། རྟེན་ཉམས་པའི་ཕྱིར་བ་དང་། གཞི་ཆད་པའི་ཕྱིར་བ་དང་། དེ་སྲིད་དུ་འཕངས་པའི་ཕྱིར་རོ། །ཁ་ཅིག་ལྟུང་བར་འགྱུར་ལས་སྨྲ། །གཞན་དག་ན་རེ་ལྟུང་བར་འགྱུར་བ་བཞི་ལས་གང་ཡང་རུང་བ་ཞིག་གིས་དགེ་སློང་དང་དགེ་སྦྱོང་གི་

སྡོམ་པ་གཏོང་ངོ་ཞེས་ཟེར་རོ། །གཞན་དག་དམ་ཆོས་ནུབ་པ་ལས། །གཞན་དག་ན་རེ་ནི་དམ་པའི་ཆོས་ནུབ་པ་ལས་སྡོམ་པ་གཏོང་ངོ་ཞེས་ཟེར་རོ། །བུ་ལོན་ནོར་བཞིན་ཁ་ཆེ་རྣམས། །བྱུང་བ་ལ་ཡང་གཉིས་སུ་འདོད། །ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། རྩ་བའི་ལྟུང་བ་བྱུང་བ་ལ་སྡོམ་པ་གཏོང་བ་

མེད་དེ། ཅིའི་ཕྱིར་ཞེ་ན། ཕྱོགས་གཅིག་ཞིག་པས་སྡོམ་པ་ཟད་པར་གཏོང་བ་ནི་མི་རིགས་སོ་ཞེས་ཟེར་རོ། །ལྟུང་བ་གཞན་བྱུང་བ་ལ་ཡང་ཚུལ་ཁྲིམས་འཆལ་པ་ནི་མེད་དེ། ཇི་ལྟ་ཞེ་ན། འདི་ལ་ཚུལ་ཁྲིམས་དང་། འཆལ་པའི་ཚུལ་ཁྲིམས་གཉི་ག་ཡང་ཡོད་པས། དཔེར་ན་འགའ་ཞིག་

ལ་ནོར་ཡང་བདོག་བུ་ལོན་ཡང་ཆགས་པ་བཞིན་ནོ། །ལྟུང་བ་དེ་བཤགས་པ་ལས་ཚུལ་ཁྲིམས་དང་ལྡན་པར་འགྱུར་ལ། ཚུལ་ཁྲིམས་འཆལ་པ་ནི་མ་ཡིན་ཏེ། དཔེར་ན་བུ་ལོན་བཅལ་ནས་ནོར་དང་ལྡན་པར་འགྱུར་བ་བཞིན་ནོ། །སོ་སོར་ཐར་པའི་སྡོམ་པ་ཇི་ལྟར་གཏོང་བ་བཤད་ཟིན་ཏོ། །ཡང་

བསམ་གཏན་དང་། ཟག་པ་མེད་པའི་སྡོམ་པ་གཉིས་ཇི་ལྟར་གཏོང་ཞེ་ན། བསམ་གཏན་གཏོགས་པའི་དགེ་བ་ནི། །ས་འཕོས་ཉམས་པ་གཉིས་ཀྱིས་གཏོང་ངོ་། །བསམ་གཏན་དུ་གཏོགས་པའི་དགེ་བ་ཐམས་ཅད་ནི་རྒྱུ་གཉིས་ཀྱིས་གཏོང་སྟེ། སྟེང་ངམ་འོག་ཏུ་སྐྱེ་བ་ལས་ཏེ། ས་འཕོས་པ་

ལས་སམ་སྙོམས་པར་འཇུག་པ་ལས་ཏེ། ཡོངས་སུ་ཉམས་པ་ལས་སོ། །ཇི་ལྟར་གཟུགས་སུ་གཏོགས་པའི་དགེ་བས་འཕོ་བ་དང་ཡོངས་སུ་ཉམས་པ་གཉིས་ཀྱིས་གཏོང་བ་ལྟར། དེ་བཞིན་གཟུགས་མེད་གཏོགས་འཕགས་པ། །འབྲས་བུ་ཐོབ་སྦྱངས་ཉམས་པ་ལས། །ཟག་པ་

Vol. 141 · folio 169b

མེད་པའི་དགེ་བ་ནི་རྒྱུ་གསུམ་གྱིས་གཏོང་བར་འགྱུར་ཏེ། འབྲས་བུ་ཐོབ་པ་ལས་ནི་ལམ་སྔ་མ་གཏོང་བར་འགྱུར་རོ། །དབང་པོ་སྦྱངས་པ་ལས་ནི་དབང་པོ་རྟུལ་པོའི་ལམ་གཏོང་ངོ་། །ཡོངས་སུ་ཉམས་པ་ལས་ནི་འབྲས་བུའམ་འབྲས་བུ་ཁྱད་པར་ཅན་གཏོང་བར་འགྱུར་ཏེ། སྡོམ་པ་

ནི་རེ་ཞིག་དེ་ལྟར་གཏོང་ངོ་། །སྡོམ་མིན་སྡོམ་པ་ཐོབ་པ་དང་། །ཤིང་དང་མཚན་གཉིས་བྱུང་བ་ལས། །རྒྱུ་གསུམ་གྱིས་སྡོམ་པ་མ་ཡིན་པ་འཆད་དེ། སྡོམ་པ་ཐོབ་པ་ལས་ནི་གལ་ཏེ་སྡོམ་པ་བླངས་པའམ་རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་ཏིང་ངེ་འཛིན་ཐོབ་པས་བསམ་གཏན་གྱི་སྡོམ་པ་

ཐོབ་ན་གཉེན་པོ་སྟོབས་དང་ལྡན་པའི་ཕྱིར་དེ་དག་གི་སྡོམ་པ་མ་ཡིན་པ་འཆད་པར་འགྱུར་བའམ། ལུས་བོར་བའི་ཕྱིར་འཆི་བ་ལས་སམ། རྟེན་ཉམས་པའི་ཕྱིར་མཚན་གཉིས་བྱུང་བ་ལས་སོ། །ཡང་སྡོམ་པ་དང་སྡོམ་པ་མ་ཡིན་པ་ལ་མ་གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཇི་

ལྟར་འཆད་ཅེ་ན། བར་མ་ཤུགས་ལྡན་བྱ་བ་དང་། །དོན་ཚེ་རྩ་བ་ཆད་པ་ལས། །རབ་ཏུ་དང་བ་དང་ཉོན་མོངས་པའི་ཤུགས་གང་གིས་རྣམ་པར་རིག་བྱེད་མ་ཡིན་པ་འདི་འཕངས་པ་ཡིན་ལ། དེ་ཆད་པས་དེ་ཡང་རྣམ་པར་འཆད་པར་འགྱུར་ཏེ། དཔེར་ན་རྫ་མཁན་གྱི་འཁོར་ལོའི་

ཤུགས་བཞིན་ནོ། །ཡང་དག་པར་བླངས་པ་བཏང་བ་ལས་ཀྱང་འཆད་པར་འགྱུར་ཏེ། གལ་ཏེ་ཡང་དག་པར་བླང་བར་མི་བྱའོ་ཞེས་ཡིད་དམ་གཏོང་བའམ་བྱ་བ་རྣམ་པར་འཆད་པ་ལས་ཀྱང་འཆད་པར་འགྱུར་ཏེ། ཇི་ལྟ་བ་བཞིན་མཐར་ཕྱིན་པར་མ་བྱས་པ་ལས་སམ། དོན་

ཆད་པ་ལས་ཀྱང་རྣམ་པར་འཆད་པར་འགྱུར་ཏེ། དོན་གང་ཞེ་ན། མཆོད་རྟེན་དང་། ཀུན་དགའ་ར་བ་དང་། གཙུག་ལག་ཁང་དང་། མལ་སྟན་དང་། གོས་དང་། རྒྱན་ལ་སོགས་པའི་དངོས་པོ་རྣམས་ཀྱིའོ། །ཚེ་ལས་ཀྱང་འཆད་པར་འགྱུར་རོ། །དགེ་བའི་རྩ་བ་

རྣམས་རྣམ་པར་འཆད་པ་ལས་འཆད་པར་འགྱུར་ཏེ། གང་གི་ཚེ་དགེ་བའི་རྩ་བ་རྣམས་ཡང་དག་པར་གཅོད་པར་རྩོམ་པ་ན་སྟེ། དེ་ལྟར་ན་རྣམ་པར་རིག་བྱེད་མ་ཡིན་པ་བར་མ་ནི་རྒྱུ་དེ་དྲུག་གིས་གཏོང་བར་འགྱུར་རོ། །འདོད་གཏོགས་དགེ་བ་གཟུགས་མེད་ནི། །རྩ་ཆད་གོང་

Vol. 141 · folio 170a

དུ་སྐྱེས་པ་ལས། །འདོད་པ་ན་སྤྱོད་པའི་དགེ་བ་གཟུགས་མེད་པའི་རང་བཞིན་ནི་རྒྱུ་གཉིས་ཀྱིས་གཏོང་སྟེ། དགེ་བའི་རྩ་བ་ཡང་དག་པར་འཆད་པའམ། གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བ་ལས་སོ། །ཉོན་མོངས་པ་ཅན་གཟུགས་མེད་ནི། །གཉེན་པོ་

སྐྱེས་པ་རྣམ་ཉམས་འགྱུར། །ཉོན་མོངས་པ་ཅན་གཟུགས་ཅན་མ་ཡིན་པ་ཐམས་ཅད་ནི་གཉེན་པོ་སྐྱེས་པས་རྣམ་པར་ཉམས་པར་འགྱུར་ཏེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གང་གིས་སྤོང་བའི་ལམ་གང་ཡིན་པ་དེས་འདིར་འཁོར་དང་བཅས་པ་ཡོངས་སུ་སྤོང་བར་བྱེད་དེ། གཞན་དུ་ནི་མ་

ཡིན་ནོ། །ཡང་སྡོམ་པ་ནི་སེམས་ཅན་གང་དག་ལ་ཡོད་པ། སྡོམ་པ་མ་ཡིན་པ་གང་དག་ལ་ཡོད་ཅེ་ན། ཟ་མ་མ་ནིང་སྒྲ་མི་སྙན། །མཚན་གཉིས་མ་གཏོགས་མི་རྣམས་ལ། །སྡོམ་མིན། སྡོམ་པ་མ་ཡིན་པ་ནི་མིའི་འགྲོ་བ་འབའ་ཞིག་ལ་ཡོད་ཀྱི་གཞན་དག་ལ་ནི་མ་ཡིན་ནོ། །དེ་ལ་ཡང་

ཟ་མ་དང་། མ་ནིང་དང་། བྱང་གི་སྒྲ་མི་སྙན་པ་དང་། མཚན་གཉིས་པ་རྣམས་མ་གཏོགས་སོ། །སྡོམ་པའང་དེ་བཞིན་ལ། ལྷ་ལའང་། སྡོམ་པ་ཡང་ཇི་སྐད་དུ་བཤད་པ་མ་གཏོགས་པའི་མི་རྣམས་དང་ལྷ་རྣམས་ལ་ཡང་ཡོད་དོ། །འགྲོ་བ་གཉིས་ན་སྡོམ་པ་ཡོད་པ་དེ་ལ་ཡང་མི་རྣམས་

ལ་གསུམ་མོ། །མི་རྣམས་ལ་ནི་སོ་སོར་ཐར་པ་ལ་སོགས་པའི་སྡོམ་པ་གསུམ་པོ་ཐམས་ཅད་ཡོད་དོ། །འདོད་དང་གཟུགས་སྐྱེས་ལྷ་རྣམས་ལ། །བསམ་གཏན་ལས་སྐྱེས། བསམ་གཏན་གྱི་སྡོམ་པ་ནི་འདོད་པ་དང་གཟུགས་ཀྱི་ཁམས་སུ་སྐྱེས་པའི་ལྷ་རྣམས་ལ་ཡོད་ཀྱི་གང་མ་ན་ནི་མེད་དོ། །

ཟག་མེད་ནི། བསམ་གཏན་ཁྱད་པར་འདུ་ཤེས་མེད། །སེམས་ཅན་མ་གཏོགས་གཟུགས་མེད་ནའང་། །ཟག་པ་མེད་པའི་སྡོམ་པ་ནི་བསམ་གཏན་ཁྱད་པར་ཅན་དང་། འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེས་པ་རྣམས་མ་གཏོགས་པ་འདོད་པ་དང་། གཟུགས་ཀྱི་ཁམས་སུ་སྐྱེས་པ་རྣམས་ལ་ཡང་

ཡོད་ལ། གཟུགས་མེད་པའི་ཁམས་སུ་སྐྱེས་པ་རྣམས་ལ་ཡང་ཡོད་དེ། དེ་དག་གིས་ནི་ལྡན་པའི་སྒོ་ནས་ཡོད་ཀྱི། མངོན་སུམ་དུ་གྱུར་པ་ལས་ནི་མ་ཡིན་ནོ། །ལས་བསྟན་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར་འདི་མན་ཆད་ནི་མདོ་ལས་བསྟན་པའི་ལས་རྣམས་བཤད་པར་བརྩམས་ཏེ་ལས་ནི་གསུམ་

Vol. 141 · folio 170b

སྟེ། དགེ་བའི་ལས་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ལས་སོ་ཞེས་འབྱུང་བ་དེ་ལ། བདེ་དང་མི་བདེ་གཞན་ལས་ནི། །དགེ་དང་མི་དགེ་གཞན་དང་ངོ་། །འདི་ནི་དགེ་བ་ལ་སོགས་པའི་མཚན་ཉིད་ཡིན་ཏེ། བདེ་བའི་ལས་ནི་དགེ་བ་སྟེ། དུས་དེ་སྲིད་དུ་སྡུག་བསྔལ་ལས་ཤིན་ཏུ་སྐྱོབ་པའི་

ཕྱིར་འབྲས་བུ་ཡིད་དུ་འོང་བ་དང་། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་གང་ཡིན་པའོ། །མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་མི་བདེ་བ་ནི་མི་དགེ་བ་སྟེ། གང་གི་འབྲས་བུ་ཡིད་དུ་མི་འོང་བའོ། །དེ་གཉིས་ལས་གཞན་པའི་ལས་བདེ་བ་ཡང་མ་ཡིན། མི་བདེ་བ་ཡང་མ་ཡིན་པ་གང་ཡིན་པ་དེ་ནི་

དགེ་བ་དང་མི་དགེ་བ་གཉིས་ལས་གཞན་པར་རིག་པར་བྱ་སྟེ། ལུང་དུ་མ་བསྟན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་། བསོད་ནམས་བསོད་རྣམས་མིན་མི་གཡོ། །བདེ་བ་མྱོང་བར་འགྱུར་ལས་གསུམ། །ལས་ནི་གསུམ་སྟེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའོ། །ཡང་

གསུམ་སྟེ། བདེ་བ་མྱོང་བར་འགྱུར་བའི་ལས་དང་། སྡུག་བསྔལ་མྱོང་བར་འགྱུར་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའོ། །དེ་ལ་རེ་ཞིག །འདོད་ཁམས་དགེ་བའི་ལས་བསོད་ནམས། །གོང་མ་ལས་སྐྱེས་མི་གཡོ་བ། །དགེ་བ་ཞེས་བྱ་བར་སྦྱར་ཏེ། གཟུགས་དང་གཟུགས་མེད་

པ་ན་སྤྱོད་པའི་ལས་དགེ་བ་ནི་མི་གཡོ་བ་ཡིན་ནོ། །ཅིའི་ཕྱིར་དེ་ལ་མི་གཡོ་བ་ཞེས་བྱ་ཞེ་ན། གང་ཕྱིར་ས་ནི་དེ་དག་ཏུ། །ལས་རྣམས་སྨིན་ཕྱིར་མི་གཡོའི་ཕྱིར། །འདོད་པ་ན་སྤྱོད་པའི་ལས་དགེ་བ་ནི་རྣམ་པར་སྨིན་པའི་ཕྱིར་གཡོ་བའོ། །ཇི་ལྟར་གཡོ་བ་ཡིན་ཞེ་ན། མ་ངེས་པའི་ཕྱིར་ཏེ། འགྲོ་བ་གཞན་

དག་ཏུ་རྣམ་པར་སྨིན་པར་འགྱུར་ལ། ལྷའི་རིས་གཞན་པའི་ཡང་ལྷའི་རིས་གཞན་དུ་རྣམ་པར་སྨིན་པར་འགྱུར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལས་ནི་ས་གཞན་པའི་ས་གཞན་དག་ཏུ་རྣམ་པར་སྨིན་པར་ནི་ནམ་ཡང་མི་ནུས་ཏེ། དེ་བས་ན་རྣམ་པར་སྨིན་པ་ནི་ངེས་པའི་ཕྱིར་མི་

གཡོ་བ་ཞེས་བྱའོ། །བསོད་ནམས་མ་ཡིན་པའི་ལས་ནི་མི་དགེ་བའོ་ཞེས་འཇིག་རྟེན་ན་གྲགས་པས། འཇིག་རྟེན་ན་གྲགས་པའི་དོན་གང་ཡིན་པ་དེ་ལ་འབད་པས་ཅི་ཞིག་བྱ། བདེ་བ་མྱོང་བར་འགྱུར་བ་ལ་སོགས་པས་བཤད་པར་བྱ་སྟེ། འདི་སྐད་ཅེས་བརྗོད་དོ། །བསམ་གཏན་གསུམ་

Vol. 141 · folio 171a

གྱི་བར་དགེ་བ། །བདེ་བ་མྱོང་འགྱུར། བསམ་གཏན་གསུམ་པའི་བར་དེ་དག་ནི་བདེ་བ་མྱོང་བར་འགྱུར་བའི་ས་ཡིན་ཏེ། འདི་ལྟ་སྟེ་འདོད་པའི་ཁམས་དང་བསམ་གཏན་གསུམ་པ་རྣམས་སོ། །དེ་ཡན་ཆད། སྡུག་བསྔལ་བདེ་བ་མིན་མྱོང་འགྱུར། །དགེ་བ་ཞེས་བྱ་བར་སྦྱར་ཏེ། བསམ་

གཏན་གསུམ་པ་ཡན་ཆད་ཀྱི་ལས་དགེ་བ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་སྟེ། བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་མེད་པའི་ཕྱིར་རོ། །སྡུག་བསྔལ་མྱོང་འགྱུར་འདིའི་མི་དག་གི། །མི་དགེ་བའི་ལས་ནི་སྡུག་བསྔལ་མྱོང་བར་འགྱུར་བའོ། །འདིའི་ཞེས་སྨོས་པ་

ནི་འདོད་པའི་ཁམས་འབའ་ཞིག་ན་དེ་ཡོད་པར་བསྟན་པའི་ཕྱིར་རོ། །འདི་དག་གི་འབྲས་བུ་ནི་ཚོར་བ་འབའ་ཞིག་ཏུ་མ་ཟད་དེ། འདི་ལྟར་ཕུང་པོ་ལྔ་འཁོར་དང་བཅས་པ་ཡང་ཡིན་ནོ། །འོ་ནའང་བར་མ་ཡོད་དོ་ཞེས། །ཁ་ཅིག་ཟེར་ཏེ། གཞན་དག་ན་རེ་བདེ་བ་ཡང་མ་ཡིན་སྡུག་བསྔལ་

ཡང་མ་ཡིན་པ་མྱོང་བར་འགྱུར་བ་བཤད་པའི་ལས་བར་མ་ལས་བར་མ་བསམ་གཏན་བཞི་པ་མན་ཆད་ན་ཡང་ཡོད་དོ་ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། བསམ་གཏན་ཁྱད་པར་རྣམ་སྨིན་ལས། །དེ་ལྟ་མ་ཡིན་ན་བསམ་གཏན་ཁྱད་པར་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་པར་

འགྱུར་ལ། ལས་གང་གིས་ཀྱང་བསམ་གཏན་ཁྱད་པར་ཅན་དུ་རྣམ་པར་སྨིན་པར་མི་འགྱུར་ཏེ། དེ་ནས་བདེ་བ་དང་སྡུག་བསྔལ་གཉིས་ནི་མེད་པའི་ཕྱིར་རོ། །སྔ་ཕྱི་མེད་གསུམ་སྨིན་འདོད་ཕྱིར། །འདི་ལྟར་ལས་གསུམ་པོ་རྣམས་ཀྱི་རྣམ་པར་སྨིན་པ་སྔ་ཕྱི་མེད་པར་རྣམ་པར་སྨིན་པར་

འགྱུར་རམ་ཞེས་པ་ལ་འགྱུར་ཏེ། བདེ་བ་མྱོང་བར་འགྱུར་བའི་ནི་གཟུགས་སོ། །སྡུག་བསྔལ་མྱོང་བར་འགྱུར་བའི་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ནི་སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་སོ་ཞེས་བཤད་པའི་

ཕྱིར། འོག་མ་ཡང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ལས་ཡོད་དོ། །འདོད་པའི་ཁམས་ལས་གཞན་ན་ནི་ལས་གསུམ་པོ་ཅིག་ཅར་དུ་རྣམ་པར་སྨིན་པའི་འབྲེལ་པ་མེད་དོ། །ལས་ནི་ཚོར་བའི་རང་བཞིན་མ་ཡིན་ན། ཇི་ལྟར་བདེ་བ་མྱོང་བར་འགྱུར་

Vol. 141 · folio 171b

བ་ཞེས་བརྗོད་ཅེ་ན། རྣམ་པར་སྨིན་པ་མྱོང་བར་འགྱུར་བ་ལས་དགོངས་ཏེ་གསུངས་པས་ཉེས་པ་མེད་དོ། །གཞན་ཡང་། རང་བཞིན་དང་ནི་མཚུངས་ལྡན་དང་། །དམིགས་པ་དང་ནི་རྣམ་སྨིན་དང་། །མངོན་སུམ་དུ་ནི་གྱུར་བ་ལས། །མྱོང་བར་འགྱུར་བ་རྣམ་པ་ལྔ། །དེ་ལ་རང་བཞིན་གྱིས་མྱོང་བར་འགྱུར་

བ་ནི་ཚོར་བ་རྣམས་སོ། །མཚུངས་པར་ལྡན་པས་མྱོང་བར་འགྱུར་བ་ནི་རེག་པའི་སྟེ། བདེ་བ་མྱོང་བར་འགྱུར་བའི་རེག་པ་ཞེས་བྱ་བའོ། །དམིགས་པ་མྱོང་བར་འགྱུར་བ་ནི་ཡུལ་རྣམས་ཏེ། ཇི་སྐད་དུ་མིག་གིས་གཟུགས་རྣམས་མཐོང་ན་གཟུགས་སོ་སོར་ཡང་དག་པར་མྱོང་བར་འགྱུར་གྱི། གཟུགས་ལས་

འདོད་ཆགས་སོ་སོར་ཡང་དག་པར་མྱོང་བ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྟེ། ཚོར་བས་དམིགས་པ་དེ་དག་ཡང་དག་པར་སོ་སོར་རིག་པར་བྱེད་དོ། །རྣམ་པར་སྨིན་པ་མྱོང་བར་འགྱུར་བའི་ལས་ཀྱི་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བའོ། །མངོན་

སུམ་དུ་གྱུར་བའི་མྱོང་བར་འགྱུར་བ་ནི་ཇི་སྐད་དུ་གང་གི་ཚེ་བདེ་བའི་ཚོར་བ་མྱོང་བར་བྱེད་པ་དེའི་ཚེ་ཚོར་བ་གཉིས་འགག་པར་འགྱུར་ཏེ། གང་དུ་བདེ་བའི་ཚོར་བ་འཇུག་པ་དེར་དེ་དག་ཏུ་གང་གིས་མྱོང་བར་འགྱུར་བའི་ཚོར་བ་གཞན་ནི་མེད་ཀྱི་དེའི་མངོན་སུམ་དུ་བྱེད་པ་ལ་དེ་དག་ཏུ་མྱོང་བར་བྱེད་པ་

ཞེས་བརྗོད་དེ། དེ་བས་ན་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་ཡིན་པའི་ཕྱིར་ལས་ཀྱང་བདེ་བ་མྱོང་བར་འགྱུར་བ་ཞེས་བྱ་བ་ལ་སོགས་པར་བརྗོད་དོ། །དེ་ཡང་ངེས་དང་མ་ངེས་པ། །བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་ལས་རྣམ་པ་གསུམ་པོ་དེ་དག་ཀྱང་ངེས་པ་དང་མ་ངེས་པར་རིག་པར་

བྱ་སྟེ། གདོན་མི་ཟ་བར་མྱོང་བར་འགྱུར་བ་མ་ཡིན་ནོ། །མཐོང་བའི་ཆོས་ལ་སོགས་པ་ལ། །མྱོང་འགྱུར་ཕྱིར་ན་ངེས་རྣམ་གསུམ། །མཐོང་བའི་ཆོས་ལ་ཆོས་མྱོང་བར་འགྱུར་བ་དང་། སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྟེ། ལས་རྣམ་པ་འདི་

གསུམ་ནི་ངེས་པའོ། །དེ་ལྟར་ན་དེ་དག་ནི་མྱོང་བར་འགྱུར་བ་མ་ངེས་པ་དང་བཅས་ཏེ། རྣམ་པ་བཞིར་འགྱུར་རོ། །ཁ་ཅིག་ལས་རྣམ་ལྔ་ཞེས་ཟེར། །གཞན་དག་ནི་མྱོང་བར་འགྱུར་བ་མ་ངེས་པ་ལ་རྣམ་པར་སྨིན་པར་ངེས་པ་དང་མ་ངེས་པ་རྣམ་པ་གཉིས་སུ་ཕྱེ་ནས་ལས་རྣམ་པ་ལྔར་འདོད་

Vol. 141 · folio 172a

དོ། །དེ་ལ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ནི་སྐྱེ་བ་གང་དུ་བྱས་པ་དེ་ཉིད་དུ་རྣམ་པར་སྨིན་པའོ། །སྐྱེས་ནས་མྱོང་བར་འགྱུར་བ་ནི་སྐྱེས་པ་གཉིས་པ་ལའོ། །ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ནི་དེ་ཕན་ཆད་དུའོ། །མུ་བཞི་ཞེས་ནི་ཁ་ཅིག་སྨྲ། །གཞན་དག་

ནི་གནས་སྐབས་ངེས་ལ་རྣམ་པར་སྨིན་པ་མ་ངེས་པའི་ལས་ཀྱང་ཡོད་དེ། མཐོང་བའི་ཆོས་ལ་སོགས་པ་ལ་མྱོང་བར་འགྱུར་བ་རྣམ་པར་སྨིན་པར་ནི་མ་ངེས་པའི་ལས་གང་ཡིན་པའོ། །རྣམ་པར་སྨིན་པར་ངེས་ལ་གནས་སྐབས་དག་ཏུ་མ་ཡིན་པ་ཡང་ཡོད་དེ། རྣམ་པར་སྨིན་པ་ངེས་ལ་མྱོང་བར་

འགྱུར་བར་ནི་མ་ངེས་པའི་ལས་གང་ཡིན་པའོ། །གཉི་ག་ངེས་པ་ཡང་ཡོད་དེ། མཐོང་བའི་ཆོས་ལ་སོགས་པ་ལ་མྱོང་བར་ཡང་འགྱུར་ལ་རྣམ་པར་སྨིན་པར་ཡང་ངེས་པའི་ལས་གང་ཡིན་པའོ། །གཉི་ག་མ་ངེས་པ་ཡང་ཡོད་དོ། །མྱོང་བར་འགྱུར་བར་ཡང་མ་ངེས་ལ་རྣམ་པར་སྨིན་

པར་ཡང་མ་ངེས་པའི་ལས་གང་ཡིན་པའོ་ཞེས་བྱ་བ་མུ་བཞིར་འཆད་དོ། །ལས་བཞི་པོ་དེ་དག་ལས་གསུམ་གྱིས་རིས་སུ་འཕེན་པར་བྱེད། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ནི་རིས་མཐུན་པར་འཕེན་པར་མི་བྱེད་དོ། །ཡང་ཁམས་གང་དག་གམ་འགྲོ་བ་གང་དག་ན་ལས་ཀྱི་

འཕེན་པ་དུ་ཞིག་ཡོད་ཅེ་ན། ཐམས་ཅད་ན་ནི་འཕེན་པ་བཞི། །ཁམས་གསུམ་པོ་ཐམས་ཅད་དང་འགྲོ་བ་ཐམས་ཅད་ན་དགེ་བ་དང་མི་དགེ་བ་རྣམས་ལས་ཇི་ལྟར་སྲིད་པར་ལས་བཞིའི་འཕེན་པ་ཡོད་དེ། དེ་ནི་སྤྱིར་བསྟན་པའོ། །འདི་ནི་དམིགས་ཀྱིས་བསྟན་པ་སྟེ། །དམྱལ་བ་ན་ནི་དགེ་བའི་

གསུམ། །དམྱལ་བ་ན་ནི་ལས་དགེ་བའི་འཕེན་པ་རྣམ་པ་གསུམ་ཡོད་ཀྱི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ནི་མེད་དེ། དེ་ནི་རྣམ་པར་སྨིན་པ་ཡིད་དུ་འོང་བ་མེད་པའི་ཕྱིར་རོ། །གང་ལ་འདོད་ཆགས་བྲལ་བསྟན་པའི། །བྱིས་པ་དེར་སྐྱེ་མྱོང་མི་བྱེད། །བྱིས་པ་ཞེས་བྱ་བ་ནི་སོ་སོའི་སྐྱེ་

བོའོ། །བསྟན་པ་ཞེས་བྱ་བ་ནི་ཡོངས་སུ་མི་ཉམས་པའི་རིགས་ཅན་ཏེ། དེ་ནི་ས་གང་ལ་འདོད་ཆགས་དང་བྲལ་བར་གྱུར་པ་དེར་སྐྱེས་ནས་མྱོང་བར་འགྱུར་བའི་ལས་ནི་མི་བྱེད་དེ་གཞན་རྣམ་པ་གསུམ་བྱེད་དོ། །འཕགས་པ་གཞན་དུའང་མྱོང་མི་བྱེད། །བསྟན་པ་ཞེས་བྱ་བར་སྦྱར་ཏེ། གང་ལ་

Vol. 141 · folio 172b

འདོད་ཆགས་དང་བྲལ་བ་ཡོངས་སུ་མི་ཉམས་པའི་ཆོས་ཅན་གྱི་འཕགས་པའི་གང་ཟག་ནི་དེར་སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱང་མི་བྱེད་དེ། འདི་ནི་ཡང་འོག་མར་སྐྱེ་བར་རིགས་པ་མ་ཡིན་ནོ། །གང་དུ་སྐྱེས་པར་མ་ངེས་པ་དང་། མཐོང་བའི་

ཆོས་ལ་མྱོང་བར་འགྱུར་བ་ནི་བྱེད་དོ། །འདོད་རྩེའི་མི་བསྟན་པ་ཡང་མིན། །འདོད་པའི་ཁམས་སམ། སྲིད་པའི་རྩེ་མོའི་འདོད་ཆགས་དང་བྲལ་བའི་འཕགས་པ་གང་ཟག་དེ་གཉིས་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ཡིན་ཡང་སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་

བར་འགྱུར་བའི་ལས་བྱེད་པར་ནི་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ནི་འབྲས་བུ་ལས་ཡོངས་སུ་ཉམས་པ་ཡིན་ལ། འབྲས་བུ་ལས་ཡོངས་སུ་ཉམས་པ་ལ་ནི་འཆི་བ་མེད་དོ་ཞེས་འོག་ནས་འཆད་དོ། །ཅི་སྲིད་པ་བར་མ་དག་ན་ཡང་ལས་ཀྱི་འཕེན་པ་ཡོད་དམ་ཞེ་ན། སྨྲས་

པ་ཡོད་དེ། སྲིད་པ་བར་མ་འདོད་ཁམས་སུ། །འཕེན་པ་རྣམ་པ་ཉི་ཤུ་གཉིས། །འདོད་པ་ན་སྤྱོད་པའི་སྲིད་པ་བར་མ་ནི་ལས་རྣམ་པ་ཉི་ཤུ་རྩ་གཉིས་འཕེན་ཏེ། ཇི་ལྟ་ཞེ་ན། མངལ་གྱི་གནས་སྐབས་ལྔ་སྟེ། ནུར་ནུར་པོ་དང་། མེར་མེར་པོ་དང་། ནར་ནར་པོ་དང་། གོར་གོར་

པོ་དང་། རྐང་ལག་འགྱུས་པ་རྣམས་དང་། སྐྱེས་པའི་གནས་སྐབས་ལྔ་སྟེ། བྱིས་པ་དང་། གཞོན་དུ་དང་། དར་ལ་བབ་པ་དང་། དར་ཡོལ་བ་དང་། རྒན་པོའི་གནས་སྐབས་རྣམས་སོ། །དེ་ལ་སྲིད་པ་བར་མ་ནི་ནུར་ནུར་པོ་མྱོང་བར་འགྱུར་བ་ངེས་པ་དང་། མ་ངེས་པའི་

ལས་ཀྱང་འཕེན་པར་བྱེད་ལ། དེ་བཞིན་དུ་རྒན་པོའི་བར་དུ་མྱོང་བར་འགྱུར་བ་དང་། སྲིད་པ་བར་མ་མྱོང་བར་འགྱུར་བ་ཡང་འཕེན་པར་བྱེད་དོ། །དེ་ཡང་མཐོང་བའི་ཆོས་འབྲས་བུ། སྲིད་པ་བར་མ་པའི་ལས་དེ་དག་ལས་ངེས་པ་བཅུ་གཅིག་ཏུ་བཤད་པ་གང་ཡིན་པ་དེ་ནི་མཐོང་བའི་ཆོས་ལ་

མྱོང་བར་འགྱུར་བར་རིག་པར་བྱའོ། །ཅིའི་ཕྱིར་ཞེ་ན། དེ་ནི་རིས་མཐུན་གཅིག་པ་ཉིད། །དེ་ནི་རིས་མཐུན་པ་གཅིག་པ་ཉིད་དེ། གང་ཡང་སྲིད་པ་བར་མ་དང་། གང་ལས་དེའི་རྒྱུ་ལས་བྱུང་བ་གནས་སྐབས་བཅུ་རྣམས་ནི་ལས་གཅིག་གིས་འཕངས་པ་ཡིན་ཏེ། དེའི་སྲིད་པ་བར་

Vol. 141 · folio 173a

མ་མྱོང་བར་འགྱུར་བའི་ལས་གཞན་དུ་མ་བཤད་པ་ཡང་། སྐྱེས་ནས་མྱོང་བར་འགྱུར་བ་ཉིད་ཀྱིས་དེའི་ཡང་བཤད་ཟིན་པའི་ཕྱིར་རོ། །ཡང་ངེས་པའི་ལས་ཅི་འདྲ་བར་རིག་པར་བྱ་ཞེ་ན། ཉོན་མོངས་པ་དང་དྲག་པོ་དང་། །ཡོན་ཏན་ཞིང་དང་རྒྱུན་ཆགས་ཀྱིས། །བྱས་པ་གང་ཞིག་ཡིན་

པ་དང་། །ཕ་མ་གསོད་གང་དེ་ངེས་སོ། །ཉོན་མོངས་པ་དྲག་པོས་བྱེད་པའི་ལས་གང་ཡིན་པའམ། དང་བ་དྲག་པོས་བྱེད་པའི་ལས་གང་ཡིན་པའམ། རྒྱུན་དུ་བྱེད་པ་གང་ཡིན་པའམ། ཡོན་ཏན་གྱི་ཞིང་ལ་བྱེད་པ་གང་ཡིན་པ་དེ་དག་ནི་ངེས་པར་རིག་པར་བྱ་སྟེ། དེ་ལ་ཡོན་ཏན་གྱི་ཞིང་ནི་དཀོན་

མཆོག་གསུམ་མམ། འགའ་ཞིག་གིས་འབྲས་བུ་ཁྱད་པར་ཅན་དང་། སྙོམས་པར་འཇུག་པ་ཁྱད་པར་ཅན་ཐོབ་པའི་གང་ཟག་ཁྱད་པར་ཅན་ཏེ། དེ་དག་ལ་ནི་ཉོན་མོངས་པ་དང་དང་བ་དྲག་པོ་དང་རྒྱུན་དུ་བྱེད་པ་མེད་པར་ཡང་དགེ་བའམ་མི་དགེ་བའི་ལས་ངེས་པར་འགྱུར་རོ། །ཕ་མ་

ལ་ནི་ཕ་དང་མ་གཉིས་གསོད་པའི་ལས་ཇི་ལྟ་བུ་ཡང་རུང་སྟེ། དེ་ནི་ངེས་པར་འགྱུར་གྱི་གཞན་དུ་མ་ཡིན་ནོ། །ཡང་མཐོང་བའི་ཆོས་ཀྱི་འབྲས་བུ་ཅི་འདྲ་བར་རིག་པར་བྱ་ཞེ་ན། མཐོང་བའི་ཆོས་ཀྱི་འབྲས་བུ་ནི། །ཞིང་དང་བསམ་པའི་ཁྱད་པར་ལས། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་

ལས་ཞིང་གི་ཁྱད་པར་ལས་འགྱུར་བ་ནི་དབེན་ན་དགེ་སློང་གི་དགེ་འདུན་ལ་བུད་མེད་དོ་ཞེས་རྩོད་པ་ཀུན་དུ་སྤྱོད་པ་ལས་མཚན་ཡོངས་སུ་གྱུར་ཏོ་ཞེས་གྲགས་པ་ལྟ་བུའོ། །བསམ་པའི་ཁྱད་པར་ལས་ནི་དཔེར་ན་ཉུང་རུམ་ཞིག་གིས་གླང་གི་རླིག་པ་འབྱིན་པ་ལས་ཐར་བར་བྱ་བའི་ཕྱིར་སྐྱེས་པ་ཉིད་

དུ་གྱུར་ཏོ་ཞེས་བྱ་བ་ལྟ་བུའོ། །ས་དེར་འདོད་ཆགས་གཏན་བྲལ་ཕྱིར། །དགེ་བའམ་མི་དགེ་བའི་ལས་ས་གང་ཡིན་པ་དེར་གཏན་དུ་འདོད་ཆགས་དང་བྲལ་བའི་ཕྱིར་ལས་ལས་དེ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་རོ། །ལས་ཇི་ལྟ་བུ་ཞིག་ཅེ་ན་སྨྲས་པ། དེ་ནི་རྣམ་སྨིན་ངེས་པའོ། །དེ་ད་ལྟར་ངེས་

པའི་ལས་གང་ཡིན་པ་དེ་ནི་རྣམ་པར་སྨིན་པར་ངེས་ཀྱི། གནས་སྐབས་དག་ཏུ་མ་ཡིན་ནོ། །གནས་སྐབས་ཀྱི་བྱེ་བྲག་ཏུ་ངེས་པ་གང་ཡིན་པ་དེའི་ནི་དེ་དང་ལྡན་བཞིན་དུ་གཏན་དུ་འདོད་ཆགས་དང་བྲལ་མི་སྲིད་པས་དེ་ཉིད་དུ་རྣམ་པར་སྨིན་པར་འགྱུར་རོ། །གང་ཡང་མ་ངེས་པ་དེའི་ནི་གཏན་དུ་འདོད་ཆགས་དང་

Vol. 141 · folio 173b

བྲལ་བའི་ཕྱིར་རྣམ་པར་སྨིན་པ་ཉིད་དོ། །ཡང་གང་དུ་གདོན་མི་ཟ་བར་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་སུ་འགྱུར་བའི་ཞིང་ཡང་ཇི་ལྟ་བུ་ཞིག་ཅེ་ན། སྨྲས་པ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དང་གང་ཟག་ལྔ་རྣམས་ཏེ། གང་རྣམས་འགོག་བྱམས་ཉོན་མོངས་མེད། །

མཐོང་དང་དགྲ་བཅོམ་འབྲས་ལངས་རྣམས། །དེ་ལ་ཕན་གནོད་བྱེད་པ་ཡི། །འབྲས་བུ་འཕྲལ་དུ་མྱོང་བར་འགྱུར། །གང་ཟག་ལྔ་པོ་དེ་དག་ལ་ཕན་པ་དང་། གནོད་པ་བྱས་པ་རྣམས་ཀྱི་འབྲས་བུ་ངེས་པར་མཐོང་བའི་ཆོས་ཉིད་ལ་ཐོབ་པར་འགྱུར་རོ། །རྣམ་པར་སྨིན་པའི་གཙོ་

བོ་ནི་ཚོར་བ་ཡིན་པས་དེའི་ཕྱིར་འདི་སྤྱད་པར་བྱ་སྟེ། ལས་ཀྱི་རྣམ་པར་སྨིན་པ་སེམས་ཀྱི་ཚོར་བ་འབའ་ཞིག་ཡིན་ལ། ལུས་ཀྱི་མ་ཡིན་པ་ཡང་ཡོད་དམ་ཞེ་ན། སྨྲས་པ་ཡོད་དེ། རྣམ་པར་རྟོག་པ་མེད་པ་ཡི། །དགེ་བའི་ལས་ཀྱི་རྣམ་སྨིན་ནི། །སེམས་ཀྱི་ཚོར་བ་ཉིད་དུ་འདོད། །རྣམ་པར་

རྟོག་པ་མེད་པའི་ལས་ནི། བསམ་གཏན་ཁྱད་པར་ཅན་དག་ནས་སྲིད་པའི་རྩེ་མོའི་བར་དག་ན་ཡོད་དེ། དགེ་བའི་ལས་རྟོག་པ་མེད་པ་དེའི་རྣམ་པར་སྨིན་པ་ནི་སེམས་འབའ་ཞིག་གི་ཚོར་བ་ཡིན་ནོ། །ཅིའི་ཕྱིར་ལུས་ཀྱི་མ་ཡིན་ཞེ་ན། དེའི་ནི་གདོན་མི་ཟ་བར་རྟོག་པ་དང་། དཔྱོད་པ་དང་

བཅས་པ་ཡིན་པའི་ཕྱིར་རོ། །མི་དགེ་བ་ནི་ལུས་ཀྱི་ཉིད། །མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ནི་ལུས་འབའ་ཞིག་གི་ཚོར་བ་ཡིན་ནོ། །ཅིའི་ཕྱིར་སེམས་ཀྱི་མ་ཡིན་ཞེ་ན། དེའི་རྣམ་པར་སྨིན་པ་སྡུག་བསྔལ་གྱི་ཚོར་བ་ཡིན་ལ། སེམས་ཀྱི་སྡུག་བསྔལ་གྱི་ཚོར་བ་ནི་ཡིད་མི་བདེ་བ་ཡིན་ཏེ།

ཡིད་མི་བདེ་བ་ནི་རྣམ་པར་སྨིན་པ་མ་ཡིན་ནོ་ཞེས་དེ་ནི་བཤད་ཟིན་ཏོ། །སེམས་ཅན་རྣམས་ཀྱི་སེམས་སྨྱོན་པར་འགྱུར་བ་གང་ཡིན་པ་སྟེ། སེམས་ནི་གང་ཞིག་ཡིན་རྒྱུ་ནི་ཅི་ཞིག་གིས་འགྱུར་ཞེ་ན། སྨྱོ་བའི་སེམས་ནི་ཡིད་སེམས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་

ཡང་རྣམ་པར་སྨིན་པ་ལས་སྐྱེས། སྨྱོ་བའི་སེམས་དེ་ནི་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་པར་རིག་པར་བྱའོ། །སྐྲ་གནོད་མ་ཉམས་མྱ་ངན་གྱིས། །དེ་ལ་སྐྲག་པས་ནི་མི་མ་ཡིན་པ་གཟུགས་མི་སྡུག་པ་མཐོང་བ་ལས་སོ། །གནོད་པས་ནི་དེ་ཉིད་འཁྲུགས་

Vol. 141 · folio 174a

ནས་གནད་དུ་སྣུན་པར་བྱེད་པའོ། །འབྱུང་བ་ཆེན་པོ་མཉམ་པ་ལས་སོ། །མྱ་ངན་གྱིས་ནི་སྡུག་པ་དང་བྲལ་བ་ལ་སོགས་པས་ཀུན་ནས་བསླང་བ་སྟེ། རྒྱུ་དེ་དག་གིས་སེམས་སྨྱོ་བར་འགྱུར་རོ། །སེམས་ཅན་གང་དག་གི་སེམས་སྨྱོ་བར་འགྱུར་ཞེ་ན། སྒྲ་མི་སྙན་མིན་འདོད་

ཅན་རྣམས། །བྱང་གི་སྒྲ་མི་སྙན་པ་རྣམས་མ་གཏོགས་ཞེས་བྱ་བ་ནི། འདོད་པ་ན་སྤྱོད་པ་ཡིན་ཞེས་བྱ་བའི་ཐ་ཚིག་སྟེ། སངས་རྒྱས་རྣམས་ཀྱང་མ་གཏོགས་ཞེས་བྱ་བར་ཁ་བསྐང་བར་བྱའོ། །ཡང་མདོ་ལས་ཡོན་པོ་གསུམ་དུ་གསུངས་པ་ནི་ལུས་ཀྱི་ཡོན་པོ་ལ་སོགས་པའོ། །སྐྱོན་གསུམ་ནི་

ལུས་ཀྱི་སྐྱོན་ལ་སོགས་པའོ། །སྙིགས་མ་གསུམ་ནི་ལུས་ཀྱི་སྙིགས་མ་ལ་སོགས་པའོ། །དེ་དག་ཀྱང་རིམ་བཞིན་དུ། ཡོན་སྐྱོན་སྙིགས་མར་གསུངས་པ་ནི། །གཡོ་དང་ཞེ་སྡང་འདོད་ཆགས་སྐྱེས། །རིམ་བཞིན་དུ་རིག་པར་བྱ་སྟེ། ལུས་ཀྱི་ལས་གཡོ་ལས་སྐྱེས་པ་ནི་གྱ་གྱུ་དང་མཐུན་

པའི་ཕྱིར་ལུས་ཀྱི་ཡོན་པོ་ཞེས་བཤད་དེ། ངག་དང་ཡིད་ཀྱི་ཡོན་པོ་ཡང་དེ་བཞིན་ནོ། །ལུས་ཀྱི་ལས་ཞེ་སྡང་ལས་སྐྱེས་པ་ནི་སེམས་སྡང་བ་དང་མཐུན་པའི་ཕྱིར་ལུས་ཀྱི་སྐྱོན་ཞེས་བཤད་དེ། ངག་དང་ཡིད་ཀྱི་སྐྱོན་ཡང་དེ་བཞིན་ནོ། །ལུས་ཀྱི་ལས་འདོད་ཆགས་ལས་སྐྱེས་པ་ནི།

ཆགས་པ་དང་མཐུན་པའི་ཕྱིར་ལུས་ཀྱི་སྙིགས་མ་ཞེས་བཤད་དེ། ངག་དང་ཡིད་ཀྱི་སྙིགས་མ་ཡང་དེ་བཞིན་ནོ། །དཀར་གནག་ལ་སོགས་དབྱེ་བ་ལས། །ལས་ནི་རྣམ་པ་བཞི་ཡིན་ནོ། །གནག་ཅིང་རྣམ་པར་སྨིན་པ་གནག་པའི་ལས་ཀྱང་ཡོད། དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་

ཀྱང་ཡོད། དཀར་གནག་ལ་རྣམ་པར་སྨིན་པ་དཀར་གནག་པའི་ལས་ཀྱང་ཡོད། མི་གནག་མི་དཀར་ལ་རྣམ་པར་སྨིན་པ་མི་གནག་མི་དཀར་བའི་ལས་ཀྱང་ཡོད་དེ། ལས་སོ་ཅོག་ཟད་པར་བྱེད་པར་འགྱུར་བའོ། །དེ་ལ། མི་དགེ་གཟུགས་དང་འདོད་གཏོགས་པའི། །དགེ་བ་ཉིད་དེ་རིམ་

བཞིན་དུ། །གནག་དང་དཀར་དང་གཉི་གའི་ལས། །དེ་ཟད་བྱེད་ཕྱིར་ཟག་པ་མེད། །མི་དགེ་བའི་ལས་ནི་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་གཅིག་ཏུ་གནག་པའོ། །རྣམ་པར་སྨིན་པ་ཡིད་དུ་མི་འོང་བའི་ཕྱིར་རྣམ་པར་སྨིན་པ་གནག་པ་ཡིན་ནོ། །གཟུགས་སུ་གཏོགས་པའི་དགེ་བ་ནི་མི་དགེ་བ་

Vol. 141 · folio 174b

དང་མ་འདྲེས་པའི་ཕྱིར་གཅིག་ཏུ་དཀར་བའོ། །རྣམ་པར་སྨིན་པ་ཡིད་དུ་འོང་བའི་ཕྱིར་རྣམ་པར་སྨིན་པ་དཀར་བའོ། །འདོད་པར་གཏོགས་པའི་དགེ་བ་ནི་མི་དགེ་བ་དང་འདྲེས་པའི་ཕྱིར་དཀར་གནག་ཡིན་ནོ། །རྣམ་པར་སྨིན་པ་འདྲེས་པའི་ཕྱིར་རྣམ་པར་སྨིན་པ་དཀར་གནག་ཡིན་ནོ། །ཟག་པ་

མེད་པའི་ལས་ནི་ལས་གསུམ་པོ་འདི་དག་ཟད་པར་བྱ་བ་དང་སྤང་བར་བྱ་བ་ནུས་པ་སྟེ། དེ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་མི་གནག་པའོ། །རྣམ་པར་སྨིན་པ་དཀར་པོ་ཉིད་མེད་པའི་ཕྱིར་མི་དཀར་བའོ། །ཁམས་སུ་མ་གཏོགས་པའི་ཕྱིར་བ་དང་། འཇུག་པ་དང་མི་མཐུན་པའི་ཕྱིར་རྣམ་པར་

སྨིན་པ་མེད་པའོ། །ཅི་ཟག་པ་མེད་པའི་ལས་ཐམས་ཅད་ལས་གསུམ་པོ་འདི་དག་ཐམས་ཅད་ཟད་པར་བྱེད་པ་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ཏེ། ཇི་ལྟར་ཞེ་ན་ཆོས་བཟོད་འདོད་ཆགས་བྲལ་བ་ཡི། །བར་ཆད་མེད་ལམ་བརྒྱད་དག་ལ། །སེམས་པ་རྣམ་པ་བཅུ་གཉིས་གང་། །ནག་པོའི་ལས་དེ་ཟད་པར་

བྱེད། །མཐོང་བའི་ལམ་ལ་ཆོས་ཤེས་པའི་བཟོད་པ་བཞི་དག་དང་འདོད་པ་ལ་འདོད་ཆགས་དང་བྲལ་བ་ལ་བར་ཆད་མེད་པའི་ལམ་བརྒྱད་དག་ཏུ་སེམས་པ་གང་ཡིན་པ་སྟེ། སེམས་པ་རྣམ་པ་བཅུ་གཉིས་པོ་དེ་དག་ནི་ནག་པོའི་ལས་ཟད་པར་བྱེད་པའི་ལས་ཡིན་ནོ། །དགུ་པའི་སེམས་པ་གང་ཡིན་པ། །

དེ་ནི་དཀར་གནག་ཟད་བྱེད་པའོ། །འདོད་པའི་འདོད་ཆགས་དང་བྲལ་བ་ལ་བར་ཆད་མེད་པའི་ལམ་དགུ་པ་དག་ཏུ་སེམས་པ་གང་ཡིན་པ་དེ་ནི་དགེ་བའི་ལས་དང་མི་དགེ་བ་ནག་པོའི་ལས་ཏེ། དཀར་གནག་རྣམ་པ་དགུ་པ་སྤོང་བར་བྱེད་པ་ཡིན་ནོ། །དཀར་པོ་བསམ་གཏན་ཆགས་བྲལ་བར། །བར་

ཆད་མེད་ལམ་ལས་སྐྱེས་པ། །བསམ་གཏན་ནས་བསམ་གཏན་དུ་འདོད་ཆགས་དང་བྲལ་བར་བྱེད་པ་ན། བར་ཆད་མེད་པའི་ལམ་དགུ་པ་ཐ་མ་གང་ཡིན་པ་དེར་སེམས་པ་གང་ཡིན་པ་སྟེ། སེམས་པ་རྣམ་པ་དེ་བཞི་ནི་དཀར་པོའི་ལས་སྤོང་པར་བྱེད་པ་ཡིན་ནོ། །གཞན་ནི་དམྱལ་བ་མྱོང་འགྱུར་དང་། །

འདོད་གཞན་མྱོང་འགྱུར་གཉིས་སུ་རིགས། །ཡང་སློབ་དཔོན་གཞན་དག་ནི་དམྱལ་བ་མྱོང་བར་འགྱུར་བ་དང་། དམྱལ་བ་ལས་གཞན་པ་འདོད་པའི་ཁམས་སུ་མྱོང་བར་འགྱུར་བའི་ལས་ནི་རིམ་བཞིན་དུ་ནག་པོ་དང་དཀར་གནག་ཡིན་ཏེ། དམྱལ་བ་དག་ནི་མི་དགེ་བའི་ལས་འབའ་ཞིག་གི་

Vol. 141 · folio 175a

རྣམ་པར་སྨིན་པ་ཡིན་པས་ན། དཔེར་དེ་མྱོང་བར་འགྱུར་བ་ནི་ནག་པོ་ཞེས་བྱའོ། །དེ་ལས་གཞན་པའི་འདོད་པའི་ཁམས་དག་ན་ནི་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཡིན་པས་ན། དེས་ན་དེ་མྱོང་བར་འགྱུར་བ་ནི་དཀར་གནག་ཅེས་བྱའོ་ཞེས་ཟེར་རོ། །གཞན་ནི་མཐོང་བས་སྤང་

བྱ་གནག། གཞན་དག་ན་རེ་མཐོང་བས་སྤང་བར་བྱ་བ་ནི་དགེ་བ་དང་མ་འདྲེས་པའི་ཕྱིར་ནག་པོ་ཡིན་ནོ་ཞེས་ཟེར་རོ། །འདོད་པ་ལས་སྐྱེས་གཞན་དཀར་གནག །འདོད་པ་ན་སྤྱོད་པའི་ལས་གཞན་ནི་དཀར་གནག་ཡིན་ནོ། །དེ་ལས་གཞན་པ་ཅི་ཞིག་ཡིན་ཞེ་ན། བསྒོམས་པས་སྤང་བར་བྱ་བ་སྟེ། དེ་ནི་དགེ་བ་དང་མི་

དགེ་བ་ཡིན་ནོ། །མདོ་ལས་ཐུབ་པའི་གསུམ་སྟེ། ཐུབ་པའི་ལུས་དང་། ཐུབ་པའི་ངག་དང་། ཐུབ་པའི་ཡིད་དོ་ཞེས་གསུངས་པ་དེ་ལ། མི་སློབ་ལུས་ངག་ལས་ཡིད་ཉིད། །ཐུབ་པ་གསུམ་དེ་གོ་རིམས་བཞིན། །མི་སློབ་པའི་ལུས་དང་ངག་གི་ལས་དག་ནི་ཐུབ་པའི་ལུས་དང་ངག་ཡིན་ནོ། །མི་སློབ་པའི་

ཡིད་ཉིད་ཡིད་ཀྱི་ཐུབ་པ་སྟེ། ཡིད་ཀྱི་ལས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ནི་དོན་དམ་པར་ཐུབ་པ་ཡིན་ལ། དེ་ནི་ལུས་དང་ངག་གཉིས་ཀྱི་སྒོ་ནས་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །གཞན་ཡང་སྤོང་བའི་དོན་གྱིས་ཐུབ་པ་སྟེ། ལུས་དང་ངག་གི་ལས་དག་ནི་སྤོང་བའི་རང་བཞིན་ཡིན་ནོ། །

སེམས་ལ་རྣམ་པར་རིག་བྱེད་མ་ཡིན་པ་མེད་པའི་ཕྱིར་ཡིད་ཀྱི་ལས་ནི་མ་ཡིན་ཏེ། དེའི་ཕྱིར་ཡིད་ཀྱིས་སྤོང་བ་ཡིན་པས་ཐུབ་པ་ཞེས་བརྗོད་དོ། །ཅིའི་ཕྱིར་མི་སློབ་པ་འབའ་ཞིག་ཡིན་གྱི་གཞན་ནི་མ་ཡིན་ཞེ་ན། དགྲ་བཅོམ་པ་ནི་ཉོན་མོངས་པའི་བརྗོད་པ་ཐམས་ཅད་མེད་པས་དོན་དམ་པར་ཐུབ་པ་ཡིན་པའི་

ཕྱིར་རོ། །མདོ་ལས་གཙང་མའི་གསུམ་གསུངས་པ་དེ་དག་གང་ཞེ་ན། དེ་དག་ཀྱང་། གཙང་མ་རྣམ་གསུམ་ཐམས་ཅད་ཀྱི། །ལེགས་པར་སྤྱད་པ་གསུམ་ཡིན་ནོ། །ཐམས་ཅད་ནི་ལུས་ཀྱི་ལེགས་པར་སྤྱད་པ་ནི་གཙང་མའི་ལུས་ཡིན་ནོ། །ཐམས་ཅད་ཀྱི་ངག་དང་ཡིད་ཀྱི་ལེགས་པར་སྤྱད་

པ་ནི་གཙང་མའི་ངག་དང་ཡིད་ཡིན་ཏེ། དུས་དེ་སྲིད་དམ། གཏན་དུ་ཉེས་པར་སྤྱད་པའི་དྲི་མ་སྤོང་བའི་ཕྱིར་རོ། །དེ་ལྟར་བསྟན་པ་ནི་ལོག་པའི་ཐུབ་པ་དང་གཙང་སྦྲ་ལ་མོས་པ་རྣམས་ལས་རྣམ་པར་དབྱེ་བའི་ཕྱིར་རོ། །ཉེས་པར་སྤྱད་པ་གསུམ་ལ། དེ་ལ། ལུས་ཀྱི་ལས་སྩོགས་མི་དགེ་བ། །ཉེས་

Vol. 141 · folio 175b

པར་སྤྱད་པ་གསུམ་དུ་འདོད། །ལུས་དང་ངག་དང་ཡིད་ཀྱི་ལས་མི་དགེ་བ་ནི་རིམ་བཞིན་དུ་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱད་པའོ། །བརྣབ་སེམས་ལ་སོགས་ལས་མིང་ཡང་། །ཡིད་ཀྱི་ཉིས་སྤྱད་རྣམ་གསུམ་མོ། །ལས་ཀྱི་རང་བཞིན་མ་ཡིན་ཡང་ཡིད་ཀྱི་ཉེས་པར་སྤྱད་པ་རྣམ་པ་གསུམ་

ཡོད་དེ། སེམས་པ་ལས་དོན་གཞན་དུ་གྱུར་པ། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བའོ། །བཟློག་པ་ལེགས་པར་སྤྱད་པའོ། །ཉེས་པར་སྤྱད་པ་ལས་བཟློག་པ་ནི་ལེགས་པར་སྤྱད་པར་འདོད་དེ། ལུས་དང་ངག་དང་ཡིད་ཀྱི་ལས་དགེ་བ་དང་། བརྣབ་སེམས་མེད་

པ་དང་། གནོད་སེམས་མེད་པ་དང་། ཡང་དག་པའི་ལྟ་བ་རྣམས་སོ། །དེ་ལས་ཆེ་ལོང་བསྡུས་ནས་ནི། །ལས་ཀྱི་ལམ་ནི་བཅུར་གསུངས་ཏེ། །དགེ་དང་མི་དགེ་ཅི་རིགས་པར་ཉེས་པར་སྤྱད་པ་དང་ལེགས་པར་སྤྱད་པ་དེ་དག་ཉིད་ལས་ཆེ་ལོང་བསྡུས་ཏེ། མདོ་ལས་ལས་ཀྱི་ལམ་བཅུར་

གསུངས་པ་ནི། ཅི་རིགས་པར་ལེགས་པར་སྤྱད་པ་ལས་ནི་དགེ་བ་རྣམས་སོ། །ཉེས་པར་སྤྱད་པའི་ལས་ནི་མི་དགེ་བ་རྣམས་སོ། །ལས་ཀྱི་ལམ་དེ་རྣམས་ལས། མི་དགེ་དྲུག་ནི་རྣམ་རིག་མིན། །མི་དགེ་བའི་ལས་དྲུག་པོ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། བརྫུན་དུ་སྨྲ་བ་དང་།

ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་རྣམས་ནི་གཞན་གྱིས་བྱེད་དུ་བཅུག་ན། དངོས་ཀྱི་རྣམ་པར་རིག་བྱེད་མེད་པའི་ཕྱིར་གདོན་མ་ཟོས་པར་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ནོ། །གཅིག་རྣམ་གཉིས་ཏེ། འདོད་པས་ལོག་པར་གཡེམ་པ་དེ་ནི་བདག་ཉིད་ཀྱིས་མཐར་ཕྱིན་

པར་བྱེད་པའི་ཕྱིར་རྟག་ཏུ་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་གཉི་གའི་རང་བཞིན་ཡིན་ཏེ། དེ་གཞན་གྱིས་བྱེད་དུ་བཅུག་པ་ནི་དེ་འདྲ་བར་དགའ་བར་འགྱུར་བ་མ་ཡིན་ནོ། །དེ་དག་ཀྱང་བྱེད་ན། ལས་ཀྱི་ལམ་དྲུག་པོ་དེ་དག་ཀྱང་བདག་ཉིད་བྱེད་པ་ན་ནི་རྣམ་པར་རིག་བྱེད་མ་ཡིན་

པ་རྣམ་པ་གཉིས་སུ་འགྱུར་ཏེ། སྲོག་གཅོད་པ་དུས་དེ་ཉིད་དུ་ཤི་ན་རྣམ་པ་གཉིས་སུ་འགྱུར་རོ། །ཕྱིས་ཤི་ན་ནི་རྣམ་པར་རིག་བྱེད་མ་ཡིན་པ་འབའ་ཞིག་ཡིན་ནོ། །དགེ་བའི་ལས་ཀྱི་ལམ་རྣམས་ལས། །དགེ་བ་བདུན་རྣམ་གཉིས། ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི་རྣམ་པར་

Vol. 141 · folio 176a

རིག་བྱེད་ལ་རག་ལུས་པའི་ཕྱིར་གཟུགས་ཅན་བདུན་གྱི་ལས་ཀྱི་ལམ་རྣམས་ནི། ངེས་པར་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པ་གཉི་ག་ཡིན་ནོ། །ཏིང་འཛིན་ལས་སྐྱེས་རྣམ་རིག་མིན། །བསམ་གཏན་དང་ཟག་པ་མེད་པའི་སྡོམ་པས་བསྡུས་པའི་སྡོམ་པ་ནི་ཏིང་ངེ་

འཛིན་ལས་སྐྱེས་པ་ཞེས་བྱ་སྟེ། དེ་དག་ནི་སེམས་ཙམ་ལ་རག་ལུས་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་དོ། །ཉེ་བར་བསྡོགས་ལ་རྣམ་རིག་བྱེད། །ལས་ཀྱི་ལམ་ཉེར་བསྡོགས་ལ་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་ཀྱི་རང་བཞིན་ཉིད་ཡིན་ནོ། །རྣམ་པར་རིག་བྱེད་མིན་པ་དེས། །གལ་

ཏེ་ཀུན་ནས་དཀྲིས་པ་དྲག་པོའམ། དང་བ་ལྷུར་ལེན་པ་ཆེན་པོས་སྦྱོར་བ་རྩོམ་ན་ནི། །རྣམ་པར་རིག་བྱེད་མ་ཡིན་པར་འགྱུར་གྱི། གཞན་དུ་ན་ནི་མི་འགྱུར་རོ། །བཟློག་པ་ལས་ནི་མཇུག་ཡིན་ནོ། །ཉེར་བསྡོགས་ལས་བཟློག་པའི་ལས་ཀྱི་ལམ་རྣམས་ནི་མཇུག་ཡིན་པར་རིག་པར་བྱ་སྟེ། དེ་དག་ནི་རྣམ་

པར་རིག་བྱེད་མ་ཡིན་པའི་རང་བཞིན་ནོ། །རྣམ་པར་རིག་བྱེད་ནི་མ་ངེས་ཏེ། གལ་ཏེ་ལས་ཀྱི་ལམ་བྱས་ནས། །ཡང་དེའི་རྗེས་སུ་མཐུན་པའི་ཆོས་སྤྱོད་ན་ནི་རྣམ་པར་རིག་བྱེད་དུ་འགྱུར་གྱི་གཞན་དུ་ན་ནི་མི་འགྱུར་རོ། །མདོ་ལས། དགེ་སློང་དག་སྲོག་གཅོད་པ་ནས་ལོག་པར་ལྟ་བའི་བར་ནི་

རྣམ་པ་གསུམ་སྟེ། ཆགས་པ་ལས་སྐྱེས་པ་དང་། ཞེ་སྡང་ལས་སྐྱེས་པ་དང་། གཏི་མུག་ལས་སྐྱེས་པའོ་ཞེས་གསུངས་པ། དེ་ལ་སྲོག་གཅོད་པ་ཆགས་པ་ལས་སྐྱེས་པ་ནི་ཅི་འདྲ་བ་ཞིག་ཅེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་སྟེ། འདི་ལ་ལས་ཀྱི་ལམ་ཐམས་ཅད་ལ་ཆགས་པ་ལ་སོགས་

པས་མཐར་ཕྱིན་པར་བྱེད་པ་ནི་མ་ཡིན་གྱི། སྦྱོར་བ་རྩ་བ་གསུམ་ལས་སྐྱེས། །དེ་དག་གི་སྦྱོར་བ་ནི་མི་དགེ་བའི་རྩ་བ་གསུམ་ལས་སྐྱེས་པ་ཡིན་པས། དེ་བས་ན་དང་པོའི་ཀུན་ནས་སློང་བའི་ཚིག་ལས་དེ་སྐད་ཅེས་བཤད་དེ། དེ་བརྣབ་སེམས་ལ་སོགས་པ་ནི་མ་ཡིན་ནོ། །དེ་ལ་སྲོག་གཅོད་

པ་ཆགས་པ་ལས་སྐྱེས་པ་ནི་འདི་ལྟ་སྟེ། དེའི་ལུས་ཀྱི་ཡན་ལག་གི་ཕྱིར་རམ། རྩེད་མོའི་ཕྱིར་རམ། ནོར་གྱི་ཕྱིར་རམ། བདག་གམ་མཛའ་བོ་ཡོངས་སུ་བསྐྱབ་པའི་ཕྱིར་སྲོག་གཅོད་པར་བྱེད་པའོ། །ཞེ་སྡང་ལས་སྐྱེས་པ་ནི་འདི་ལྟ་སྟེ་ཁོན་ལས་ངེས་པར་འབྱུང་བར་བྱ་བའི་ཕྱིར་གསོད་པར་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words