ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་ཀྱི་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པ
Sanskrit title (Tibetan script, as in the text) ཨ་བྷི་དྷརྨྨ་ཀོ་ཤ་ཀཱ་རི་ཀཱ་ཤཱསྟྲ་བྷཱ་ཥྱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 141 · folio 176b
བྱེད་པའོ། །གཏི་མུག་ལས་སྐྱེས་པ་ནི་འདི་ལྟ་སྟེ་མཆོད་སྦྱིན་པ་རྣམས་དང་། རྒྱལ་པོས་ཆོས་འདོན་པ་ཚད་མར་བྱས་ན། ཆོས་ཀྱི་བློས་དགྲ་བོ་དང་མི་བགྲུངས་པ་རྣམས་ཆད་པས་བཅད་ན། རྒྱལ་པོ་བསོད་ནམས་ཀྱི་སྣོད་དུ་འགྱུར་རོ་ཞེས་གྲགས་པ་ལྟ་བུའོ། །མ་བྱིན་པར་ལེན་པ་ཆགས་པ་ལས་སྐྱེས་
པ་ནི་གང་གིས་གང་དོན་དུ་གཉེར་བར་དེ་དེས་འཕྲོག་པར་བྱེད་པའོ། །ཞེ་སྡང་ལས་སྐྱེས་པ་ནི་ཁོན་ལས་ངེས་པར་འབྱུང་བར་བྱ་བའི་ཕྱིར་གང་ཡིན་པའོ། །གཏི་མུག་ལས་སྐྱེས་པ་འདི་ནི་འདི་ལྟ་སྟེ་རྒྱལ་པོས་ཆོས་འདོན་པ་ཚད་མར་བྱས་ནས་མི་བགྲུངས་པ་རྣམས་ཆད་པས་གཅོད་པའོ། །འདོད་པས་ལོག་
པར་གཡེམ་པ་ཆགས་པ་ལས་སྐྱེས་པ་ནི་གཞན་གྱི་ཆུང་མ་ལ་སོགས་པ་དེ་དག་ལ་ཀུན་དུ་ཆགས་པའམ། རྙེད་པ་དང་བཀུར་སྟིའི་ཕྱིར་རམ། བདག་དང་མཛའ་བོ་ཡོངས་སུ་བསྐྱབ་པའི་ཕྱིར་མི་ཚངས་པར་སྤྱོད་པའོ། །ཞེ་སྡང་ལས་སྐྱེས་པ་ནི་ཁོན་ལས་ངེས་པར་འབྱུང་བར་བྱ་བའི་ཕྱིར་འདོད་པས་
ལོག་པར་གཡེམ་པའོ། །གཏི་མུག་ལས་སྐྱེས་པ་ནི་འདི་ལྟ་སྟེ། པར་སིག་ལ་སོགས་པ་མ་ལ་སོགས་པའི་གན་དུ་འགྲོ་བའོ། །བརྫུན་དུ་སྨྲ་བ་ལ་སོགས་པ་ཆགས་པ་ལས་སྐྱེས་པ་དང་། ཞེ་སྡང་ལས་སྐྱེས་པ་དང་ཡང་སྔ་མ་བཞིན་ནོ། །གཏི་མུག་ལས་སྐྱེས་པ་ནི་ཇི་སྐད་དུ། རྒྱལ་
པོ་བཞད་གད་ལྡན་དང་བུད་མེད་དང་། །བག་མ་ལེན་པའི་ཚེ་དང་གསོད་པ་དང་། །ནོར་ཀུན་འཕྲོག་ཚེ་བརྫུན་སྨྲས་གནོད་མེད་དེ། །བརྫུན་ལྔ་སྡིག་ཏོ་ཅན་མིན་ཞེས་བཤད་དོ། །ཞེས་སྨྲ་བ་དང་། གང་ཡང་ལོག་པར་ལྟ་བ་ལ་ཞུགས་པའི་བརྫུན་དང་། ལོག་པར་ལྟ་བ་ལ་ཞུགས་པའི་ཕྲ་མ་ལ་
སོགས་པ་ནི་གཏི་མུག་ལས་སྐྱེས་པའོ། །ཇི་ལྟར་ན་བརྣབ་སེམས་ལ་སོགས་ཆགས་པ་ལ་སོགས་པ་ལས་སྐྱེས་པ་ཡིན་ཞེ་ན། དེ་ཡི་མཇུག་ཐོགས་ལས་བྱུང་བའི། །བརྣབ་སེམས་སོགས་རྩ་གསུམ་ལས་སྐྱེས། །ཆགས་པའི་མཇུག་ཐོགས་སུ་བྱུང་བ་ནི་ཆགས་པ་ལས་སྐྱེས་པའོ། །ཞེ་སྡང་གི་
མཇུག་ཐོགས་སུ་བྱུང་བ་ནི་ཞེ་སྡང་ལས་སྐྱེས་པའོ། །གཏི་མུག་གི་མཇུག་ཐོགས་སུ་བྱུང་བ་ནི་གཏི་མུག་ལས་སྐྱེས་པའོ། །མི་དགེ་བའི་ལས་ཀྱི་ལམ་རྣམས་བཤད་ཟིན་ཏོ། །དགེ་བའི་ལས་ཀྱི་ལམ་ཇི་ལྟ་བུ་ཞེ་ན། སྨྲས་པ། དགེ་རྣམས་སྦྱོར་དང་མཇུག་བཅས་པར། །ཆགས་སྡང་གཏི་མུག་
Vol. 141 · folio 177a
མེད་ལས་སྐྱེས། །དགེ་བའི་ལས་ཀྱི་ལམ་རྣམས་ནི་དགེ་བའི་སེམས་ཀྱིས་ཀུན་ནས་བསླང་བའི་ཕྱིར་བ་དང་། དེ་ཡང་གདོན་མི་ཟ་བར་མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་ཡིན་པའི་ཕྱིར་སྦྱོར་བ་དང་མཇུག་དང་བཅས་པར་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་
མུག་མེད་པ་ལས་སྐྱེས་པ་ཡིན་ཏེ། དེ་ལ་མི་དགེ་བར་སྦྱོར་བའི་ལས་ཀྱི་ལམ་ཡིན་ནོ། །དངོས་སྤོང་བ་ནི་དངོས་ཡིན་ནོ། །མཇུག་སྤོང་བ་ནི་མཇུག་ཡིན་ནོ། །ཇི་སྐད་དུ་ལས་ཀྱི་ལམ་ཐམས་ཅད་ཆགས་པ་ལ་སོགས་པས་མཐར་ཕྱིན་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་ལ།
ཡང་གང་གིས་གང་ཞིག་མཐར་ཕྱིན་པར་བྱེད་ཅེ་ན། གསོད་དང་གནོད་སེམས་ཚིག་རྩུབ་ནི། །ཞེ་སྡང་གིས་ནི་མཐར་འབྱིན་བྱེད། །སྲོག་གཅོད་པ་ལ་སོགས་པ་འདི་དག་ནི་ཞེ་སྡང་གིས་རྫོགས་པར་བྱེད་དེ། ཡོངས་སུ་འདོར་བ་དང་རྩུབ་པའི་སེམས་མངོན་དུ་འགྱུར་བའི་ཕྱིར་རོ། །
ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། །ཆགས་པ་ཡིས་ནི་རྫོགས་པར་བྱེད། །འདོད་པས་ལོག་པར་གཡེམ་པ་དང་། །བརྣབ་སེམས་དང་། མ་བྱིན་པར་ལེན་པ་རྣམས་ནི་ཆགས་པས་རྫོགས་པར་བྱེད་དོ། །ལོག་པར་ལྟ་དང་གཏི་མུག་གིས། །ཆེར་རྨོངས་པར་གྱུར་ན་
དེ་མཐར་ཕྱིན་པར་བྱེད་དོ། །ལྷག་མ་གསུམ་གྱིས་རྫོགས་པར་འདོད། །ལྷག་མ་ཡང་གང་དག་ཅིག་ཅེ་ན། བརྫུན་དུ་སྨྲ་བ་དང་ཕྲ་མ་དང་། ཚིག་ཀྱལ་པ་སྟེ། དེ་དག་ནི་ཆགས་པའམ། ཞེ་སྡང་ངམ། གཏི་མུག་གསུམ་ཀས་ཀྱང་མཐར་ཕྱིན་པར་བྱེད་དོ། །ལས་ཀྱི་ལམ་རྣམ་པ་བཞིར་
བཤད་པ་གང་ཡིན་པ་དེ་དག་ནི་གསུམ་དང་། གསུམ་དང་། གཅིག་དང་། གསུམ་སྟེ་དེ་དག་ཀྱང་རིམ་བཞིན་དུ། གཞི་ནི་སེམས་ཅན་ལོངས་སྤྱོད་དང་། །མིང་དང་གཟུགས་དང་མིང་ཡིན་ནོ། །སྲོག་གཅོད་པ་ལ་སོགས་པའི་གཞི་ནི་སེམས་ཅན་ཡིན་ནོ། །གཞན་གྱི་བུད་མེད་ཀྱི་
གན་དུ་འགྲོ་བ་ལ་སོགས་པའི་གཞི་ནི་ལོངས་སྤྱོད་ཡིན་ནོ། །ལོག་པར་ལྟ་བའི་གཞི་ནི་མིང་དང་གཟུགས་ཡིན་ནོ། །བརྫུན་དུ་སྨྲ་བ་ལ་སོགས་པའི་གཞི་ནི་མིང་གི་ཚོགས་ལ་སོགས་པ་ཡིན་ནོ། །གང་ཞིག་གིས་གཞན་གསད་པའི་ཕྱིར་ངེས་པར་བྱས་ལ། དེས་ན་མགོ་མཉམ་
Vol. 141 · folio 177b
དུའམ་སྔར་ཤི་ན། ཅི་འདི་ལ་དངོས་ཀྱི་ལས་ཀྱི་ལམ་ཡོད་དམ་འོན་ཏེ་མེད་ཅེ་ན། མཉམ་པའམ་སྔར་ནི་ཤི་བ་ལ། །དངོས་མེད། དེ་ཉིད་ཀྱི་ཕྱིར་སྦྱོར་བ་ཡང་བྱས་པ་འབྲས་བུ་ཡང་ཡོངས་སུ་རྫོགས་པར་གྱུར་ཀྱང་སྲོག་གཅོད་པའི་ཁ་ན་མ་ཐོ་བས་མི་རེག་པ་ལྟ་མཆིས་སམ། བཀའ་སྩལ་པ།
ཡོད་དེ། འདི་ལྟ་སྟེ། དེ་དང་གསོད་པ་པོ་མགོ་མཉམ་དུའམ། སྔར་ཤི་ནའོ་ཞེས་གསུངས་སོ། །དེ་ལ་རྒྱུ་ཅི་ཞིག་ཡོད་ཅེ་ན། གསོད་པར་བྱ་བ་གསོད་པ་བཞིན་དུ་གསོད་པ་པོ་ལས་ཁ་ན་མ་ཐོ་བ་དང་ལྡན་པ་ཡང་མེད་ལ། མགོ་མཉམ་དུ་ཤི་ན་ཡང་། གསོད་པ་པོ་ལ་ཁ་ན་མ་ཐོ་བ་དང་ལྡན་པ་མེད་དེ། ལུས་
གཞན་སྐྱེས་ཕྱིར་རོ། །ལུས་གང་གིས་དེར་སྦྱོར་བ་བྱས་པས་དེ་ནི་ཆད་ནས་རིས་མཐུན་པ་གཞན་གྱི་ལུས་གཞན་པ་ཉིད་དུ་འབྱུང་སྟེ། དེ་ནི་སྦྱོར་བ་པོ་མ་ཡིན་པའི་ཕྱིར་ལས་ཀྱི་ལམ་དང་ལྡན་པ་མེད་དོ། །གང་དམག་གིས་གདབ་པ་དང་། ལིངས་གདབ་པ་དང་། མ་འཕྲིགས་པར་བཏབ་པ་དག་ཏུ་
གཞན་དག་གསད་པར་བྱ་བའི་ཕྱིར་མང་པོ་ཚོགས་པས་བཏབ་ལ། གཅིག་གིས་སྲོག་གཅོད་ནི་དེ་དང་སུ་ཞིག་ལྡན་པར་འགྱུར་ཞེ་ན། དམག་ལ་སོགས་པར་བྱ་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །བྱ་བ་གཅིག་པའི་ཕྱིར་བྱེད་པ་པོ་ཇི་ལྟ་བ་དེ་བཞིན་དུ་ཐམས་ཅད་ལ་ཡང་ལྡན་པར་འགྱུར་
ཏེ། དེ་དག་ནི་དོན་གྱིས་ན་ཕན་ཚུན་དུ་སྦྱོར་བར་བྱེད་པ་ཡིན་ནོ། །རང་གིས་སྲོག་གཅོད་པ་བྱེད་ན། ཇི་ཙམ་གྱིས་ན་ལས་ཀྱི་ལམ་དུ་འགྱུར་ཞེས་བྱ་བ་ནས་ལོག་པར་ལྟ་བའི་ལས་ཀྱི་ལམ་དུ་འགྱུར་ཞེས་བྱ་བའི་བར་གྱི་མཚན་ཉིད་བཤད་པར་བྱ་སྟེ། དེ་བརྗོད་པའོ། །སྲོག་གཅོད་པ་ནི་བསམས་བཞིན་དུ།
མ་ནོར་བ་ནི་གཞན་བསད་པའོ། །གལ་ཏེ་འདི་གསད་དོ་ཞེས་བསམས་ཏེ། གཞན་དུ་མ་ནོར་བར་གཞན་གསད་ན་དེ་ཙམ་གྱིས་ན་སྲོག་གཅོད་པ་ཡིན་ནོ། །གལ་ཏེ་ཇི་འདི་སེམས་ཅན་ནམ་སེམས་ཅན་མ་ཡིན་པ་དེ་འམ་གཞན་ཞིག་ཡིན་ཞེས་ཐེ་ཚོམ་ཟོས་ཏེ་གསོད་པར་བྱེད་ན་དེ་ཡང་གདོན་མི་ཟ་བར་
གང་ཡིན་པ་ཞེས་ངེས་པ་རྙེད་ནས་དེ་ལ་སྣུན་པར་བྱེད་པས་དེས་འདོར་བའི་སེམས་སུ་བྱས་པ་ཉིད་ཡིན་ནོ། །སྲོག་གཅོད་པ་བཤད་ཟིན་ཏོ། །མ་བྱིན་ལེན་པ་གཞན་དག་གི། མཐུ་དང་རྐུ་བས་བདག་གིར་བྱེད། །མ་ནོར་བ་ཞེས་བྱ་བར་སྦྱར་ཏེ། གལ་ཏེ་གཞན་གྱིས་བདག་གིར་བྱས་པ་ལ་མཐུའམ་རྐུ་བའམ་
Vol. 141 · folio 178a
འདྲིད་པས། བདག་གིར་བྱེད་ཅིང་། གང་དུ་མཐུ་དང་རྐུ་བ་དང་བྲིད་པའི་བསམ་པ་དེ་ཉིད་ལས་གཞན་དུ་འདུ་ཤེས་མ་ནོར་བ་དེ་ཙམ་གྱིས་ན་མ་བྱིན་པར་བླངས་པ་ཡིན་ནོ། །མཆོད་རྟེན་ལས་འཕྲོག་པ་ནི་སངས་རྒྱས་ལས་མ་བྱིན་པར་བླངས་པ་ཡིན་ཏེ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་
ཚེ་དེ་དག་ཐམས་ཅད་ཡོངས་སུ་གཟུང་བའི་ཕྱིར་རོ། །ཁ་ཅིག་ན་རེ་སྲུང་མ་གང་དག་ཡིན་པ་ལས་སོ་ཞེས་ཟེར་རོ། །བདག་པོ་མེད་པའི་གཏེར་བྲུས་ན་ནི་ཡུལ་གྱི་བདག་པོ་ལས་སོ། །ཤི་བའི་ནོར་འཕྲོག་ན་ནི་གསོལ་བའི་ལས་བྱས་པ་ཞིག་ཡིན་ན་ནི་མཚམས་ཀྱི་ནང་དུ་གཏོགས་པ་རྣམས་ལས་
སོ། །མ་བྱས་པ་ཞིག་ཡིན་ན་ནི་སངས་རྒྱས་ཀྱི་སློབ་མ་ཐམས་ཅད་ལས་སོ། །བགྲོད་མིན་བགྲོད་པར་འདོད་པ་ཡི། །ལོག་པར་གཡེམ་པ་རྣམ་པ་བཞི། །བགྲོད་པར་བྱ་བ་མ་ཡིན་པར་འགྲོ་བ་སྟེ་འདོད་པས་ལོག་པར་གཡེམ་པ་རྣམ་པ་བཞི་སྟེ། བགྲོད་པར་བྱ་བ་མ་ཡིན་པ་གཞན་གྱིས་ཡོངས་
སུ་བཟུང་བའམ་མའམ་བུ་མོའམ་མ་དང་འབྲེལ་པའི་གན་དུ་འགྲོ་བའོ། །རང་གི་ཆུང་མ་ཡིན་ཡང་ཡན་ལག་མ་ཡིན་པར་འགྲོ་བའོ། །ཡུལ་མ་ཡིན་པར་འགྲོ་བ་སྟེ། སྣང་བའམ་མཆོད་རྟེན་གྱི་དྲུང་དུ་འགྲོ་བའོ། །དུས་མ་ཡིན་པར་འགྲོ་བ་སྟེ། སྦྲུམ་པའམ། ནུ་ཞོ་འཐུང་བའམ། ངེས་པ་
དང་བཅས་པའི་གན་དུ་འགྲོ་བའོ། །ཁ་ཅིག་ན་རེ་གལ་ཏེ་ཁྱོས་གནང་ན་ངེས་པ་དང་བཅས་པ་ཡིན་ནོ་ཞེས་ཟེར་ཏེ་མ་ནོར་ན་ཞེས་བྱ་བར་སྦྱར་རོ། །གཞན་དག་ན་རེ་གལ་ཏེ་བདག་གི་ཡིན་པའི་འདུ་ཤེས་ཀྱིས་གཞན་གྱི་ཆུང་མའི་གན་དུ་སོང་ན་ལས་ཀྱི་ལམ་དུ་མི་འགྱུར་གྱི། གལ་ཏེ་གཞན་གྱི་ཆུང་མ་
ཡིན་པའི་འདུ་ཤེས་ཀྱིས་གཞན་ཞིག་གི་གན་དུ་སོང་ན་གཞན་གྱི་ཆུང་མ་མ་སྦྱོར་བ་བྱས་པའི་ཕྱིར་བ་དང་། དངོས་པོ་ཡང་ཡོངས་སུ་ལོངས་སྤྱད་པའི་ཕྱིར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་སྦྱོར་བ་གཞན་དུ་བྱས་པའི་ཕྱིར་མི་འགྱུར་ཏེ། སྲོག་གཅོད་པ་བཞིན་ནོ་ཞེས་ཟེར་རོ། །བརྫུན་ཚིག་འདུ་
ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །མངོན་པར་མ་གོ་ན་ཅིར་འགྱུར་ཞེ་ན། ཚིག་ཀྱལ་པར་འགྱུར་རོ། །མདོ་ལས། མ་མཐོང་བ་ལ་མཐོང་ཞེས་སྨྲ་བ་དང་། མ་ཐོས་པ་དང་། མ་རྟོགས་པ་དང་། རྣམ་པར་མ་ཤེས་པ་ལ་རྣམ་པར་ཤེས་སོ་ཞེས་སྨྲ་བ་ལ་སོགས་པ་ཐ་སྙད་བཅུ་དྲུག་
Vol. 141 · folio 178b
རྒྱ་ཆེར་གསུངས་པ་དེ་ལ། མཐོང་བ་དང་། ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་པ་དེ་དག་གི་མཚན་ཉིད་ཅི་ཡིན་ཞེ་ན། མིག་རྣ་ཡིད་ཀྱི་རྣམ་ཤེས་དང་། །གསུམ་གྱིས་ཉམས་སུ་མྱོང་གང་དེ། །མཐོང་ཐོས་རྣམ་པར་ཤེས་པ་དང་། །རྟོགས་པར་འདོད་དེ་རིམ་བཞིན་བཤད། །མིག་གི་རྣམ་
པར་ཤེས་པས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་མཐོང་བ་ཞེས་བཤད་དོ། །རྣ་བའི་རྣམ་པར་ཤེས་པས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་ཐོས་པ་ཞེས་བཤད་དོ། །ཡིད་ཀྱི་རྣམ་པར་ཤེས་པས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་ཡིན་ནོ། །སྣ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པས་
ཉམས་སུ་མྱོང་བ་གང་ཡིན་པ་དེ་དག་ནི་རྟོགས་པ་ཡིན་ནོ། །བརྫུན་དུ་སྨྲ་བ་རྫོགས་སོ།། །།ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག །ཕ་རོལ་པོ་དག་དབྱེ་བའི་ཕྱིར་བ་དང་། མི་མཛའ་བར་བྱ་བའི་རིས་སེམས་ཉོན་མོངས་པ་ཅན་གྱི་ཚིག་གང་ཡིན་པ་དེ་ནི་ཕྲ་མ་ཡིན་ཏེ།
དོན་མངོན་པར་གོ་བ་དང་། མ་ནོར་ན་ཞེས་བྱ་བར་སྦྱར་རོ། །ཉོན་མོངས་ཅན་ཀུན་ཀྱལ་པ་ཡིན། ངག་ཅེས་བྱ་བའི་དབང་དུ་བྱས་པར་སྦྱར་ཏེ། ཉོན་མོངས་པ་ཅན་གྱི་ཚིག་ཐམས་ཅད་ནི་ཚིག་ཀྱལ་པ་སྟེ། དེ་ཉིད་ཀྱལ་པ་ཡིན་ལ་དེ་དང་ལྡན་པའི་ཚིག་ཀྱལ་པ་ཅན་ཡིན་ནོ། །གཞན་ནི་དེ་ལས་གཞན་ཉོན་
མོངས། །གཞན་དག་ན་རེ་ནི་ངག་ལས་བརྫུན་དུ་སྨྲ་བ་ལ་སོགས་པ་དེ་དག་ལས་གཞན་པ་ཉོན་མོངས་པ་ཅན་གྱི་ཚིག་གང་ཡིན་པ་དེ་ནི་ཚིག་ཀྱལ་པ་ཡིན་ནོ་ཞེས་ཟེར་ཏེ། ཁ་གསག་གླུ་དང་གར་དང་ནི། །བསྟན་བཅོས་ངན་བཞིན། འདི་ལྟ་སྟེ་དགེ་སློང་ལོག་པར་འཚོ་བར་འདོད་པས་ཁ་གསག་བྱེད་
པ་དང་། ཁ་ཅིག་གཞན་དག་མགུ་བར་བྱེད་པའི་ཕྱིར་ཆགས་པས་གླུ་ལེན་ཅིང་གར་བྱེད་པ་ན་འཁྱལ་པ་དང་། དེའི་ལྟ་བར་གྱུར་ནས་བསྟན་བཅོས་ངན་པ་འདོན་པ་དང་། དེ་བཞིན་དུ་སྨྲེ་སྔགས་འདོན་པ་དང་། འདུན་གཏམ་ལ་སོགས་པ་ལས་གཞན་པ་ཉོན་མོངས་པ་ཅན་གྱི་ངག་གང་ཡིན་པ་དེ་དག་ནི་
ཚིག་ཀྱལ་པ་ཡིན་ནོ། །ཇི་ལྟར་ན་འཁོར་ལོས་སྒྱུར་བ་དག་གི་ཚེ། གླུ་ཡང་ཡོད་ལ་ཚིག་ཀྱལ་པ་ཡང་མ་ཡིན་ཞེ་ན། དེའི་ཚེ་ན་ནི་ངེས་པར་འབྱུང་བ་དང་ལྡན་པའི་གླུ་དག་ལེན་པར་འགྱུར་རོ། །གཞན་དག་ན་རེ་དེའི་ཚེ་བག་མ་ལེན་པ་དང་གཏོང་བ་ལ་སོགས་པའི་བརྗོད་པའི་ཚིག་ཀྱལ་པ་ཡོད་ཀྱང་ལས་
Vol. 141 · folio 179a
ཀྱི་ལམ་ནི་མ་ཡིན་ནོ་ཞེས་ཟེར་རོ། །བརྣབ་སེམས་ནི། ལོག་པས་གཞན་གྱི་བྱེད་ལ་ཆགས། །གཞན་དག་གི་གང་ཡིན་པ་དེ་བདག་གི་ཡིན་པར་ལེགས་སུ་སྨོན་པ་སྟེ། གཞན་གྱིས་བདག་གིར་བྱས་པ་ལ་མཐུ་འམ་རྐུ་བ་ལ་སོགས་པའི་ཚུལ་གྱིས་ཆགས་ནས་བདག་
གིར་བྱེད་པ་འདོད་པ་གང་ཡིན་པ་དེ་ནི་བརྣབ་སེམས་ཀྱི་ལམ་ཡིན་ནོ། །གནོད་སེམས་སེམས་ཅན་ལ་སྡང་བ། །སེམས་ཅན་དག་ལ་རྣམ་པར་སྡང་བ་ནི་གནོད་སེམས་ཡིན་ཏེ། གནོད་པར་ཞུགས་པའོ། །དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན། དགེ་བ་དང་མི་དགེ་བའི་ལས་མེད་
དོ་ཞེས་ལྟ་བ་གང་ཡིན་པ་དེ་ནི་ལོག་པར་ལྟ་བ་ཡིན་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་གི་མཚན་ཉིད་ནི་དེ་ལྟ་བུ་ཡིན་ནོ། །ལས་ཀྱི་ལམ་ཞེས་བྱ་བའི་དོན་ཅི་ཞིག་ཡིན་ཞེ་ན། འདི་ལ། གསུམ་ལམ་བདུན་ནི་ལས་ཀྱང་ཡིན། །བརྣབ་སེམས་ལ་སོགས་པ་གསུམ་ནི་ལས་ཀྱི་ལམ་ཡིན་
པས་ལས་ཀྱི་ལམ་སྟེ། དེ་དག་དང་མཚུངས་པར་ལྡན་པ་ཅན་གྱི་སེམས་པ་ནི་དེ་དག་གི་རྒྱུ་བས་རྒྱུ་སྟེ། དེ་དག་གི་འགྲོས་ཀྱིས་འགྲོའོ། །དེའི་དབང་གིས་དེ་དག་མངོན་པར་འདུ་བྱེད་པའི་ཕྱིར་རོ། །སྲོག་གཅོད་པ་ལ་སོགས་པ་བདུན་ནི་ལུས་དང་ངག་གི་ལས་ཡིན་པའི་ཕྱིར་ལས་ཀྱང་ཡིན་ལ་ལས་ཀྱི་
ལམ་ཡིན་པས་ན་ལས་ཀྱི་ལམ་སྟེ། དེ་དག་ཀུན་ནས་སྤོང་བའི་སེམས་པ་ནི་དེ་དག་ལ་བསྟན་ནས་འཇུག་པའི་ཕྱིར་རོ། །དེ་ལྟར་ན་ལས་ཀྱི་ལམ་དང་ལས་དང་ལས་ཀྱི་ལམ་ཡིན་པས་ན་ལས་ཀྱི་ལམ་སྟེ། བརྣབ་སེམས་མེད་པ་ལ་སོགས་པ་དང་། སྲོག་གཅོད་པ་སྤོང་བ་ལ་སོགས་པ་དང་
དེ་བཞིན་དུ་ཤེས་པར་བྱའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་གང་ཡིན་པ་དེ་དག་ཐམས་ཅད་ནི་དགེ་བའི་ཆོས་དེ་དག་གི་ཡང་དག་པར་ལེན་པ་དང་འགལ་བ་ཡིན་ལ། མེད་པར་ལྟ་བས་རྩ་བ་གཅོད། །དགེ་བའི་རྩ་བ་གཅོད་པ་ནི་མེད་པར་ལྟ་བ་ཆེན་པོ་ཡོངས་སུ་རྫོགས་པས་གཅོད་དོ། །དགེ་
བའི་རྩ་བ་གང་དག་ཅིག་གཅོད་པར་འགྱུར་ཞེ་ན། འདོད་གཏོགས་སྐྱེས་ནས་ཐོས་པ་རྣམས། །འདོད་པ་ན་སྤྱོད་པའི་དགེ་བའི་རྩ་བ་རྣམས་གཅོད་པར་འགྱུར་ཏེ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་ནི་མི་ལྡན་པའི་ཕྱིར་རོ། །སྐྱེས་ནས་ཐོབ་པ་འབའ་ཞིག་གཅོད་པར་འགྱུར་གྱི་
Vol. 141 · folio 179b
སྦྱོར་བ་ལས་བྱུང་བ་ནི་སྔར་ཡོངས་སུ་ཉམས་པའི་ཕྱིར་རོ། །ཅི་ལ་དམིགས་པས་ལོག་པར་ལྟ་བས་གཅོད་པར་བྱེད་ཅེ་ན། རྒྱུ་དང་འབྲས་ལ་སྐུར་བ་ཡིས། །ཁ་ཅིག་ན་རེ་ཟག་པ་དང་བཅས་པ་ལ་དམིགས་པ་འབའ་ཞིག་གིས་ཡིན་གྱི་ཟག་པ་མེད་པ་ལ་ནི་དམིགས་པས་ནི་མ་ཡིན་ལ་སྐལ་བ་མཉམ་པའི་
ཁམས་ལ་དམིགས་པ་འབའ་ཞིག་གིས་ནི་ཡིན་གྱི་སྐལ་བ་མི་མཉམ་པའི་ཁམས་ལ་དམིགས་པས་ཀྱང་མ་ཡིན་ཏེ། མཚུངས་པར་ལྡན་པ་ཙམ་གྱི་བག་ལ་ཉལ་བས་ན་སྟོབས་ཆུང་བའི་ཕྱིར་རོ་ཞེས་ཟེར་རོ། །འདི་སྐད་དུ། ཀུན་གྱིས་ཞེས་བརྗོད་དོ། །ཁ་ཅིག་ན་རེ་དགེ་བའི་རྩ་བ་རྣམ་པ་དགུ་ཆར་ཡང་
ཅིག་ཅར་དུ་གཅོད་དེ། མཐོང་བས་སྤང་བར་བྱ་བ་བཞིན་ནོ་ཞེས་ཟེར་རོ། །འདི་སྐད་དུ། རིམ་གྱིས་ཞེས་བརྗོད་དེ། ལོག་པར་ལྟ་བ་རྣམ་པ་དགུས་དགེ་བའི་རྩ་བ་རྣམ་པ་དགུ་གཅོད་པར་བྱེད་དེ། བསྒོམས་པས་སྤང་བར་བྱ་བ་བཞིན་དུ་ཆེན་པོས་ཆུང་ངུ་གཅོད་དོ་ཞེས་ཟེར་རོ། །གང་དུ་དགེ་
བའི་རྩ་བ་རྣམས་གཅོད་ཅེ་ན། མིའི་ནང་དུ། མིའི་ནང་འབའ་ཞིག་ཏུ་ཡིན་གྱི་ངན་སོང་དག་ན་ནི་མེད་དེ། དེ་ཤེས་རབ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་གཉི་ག་ཡང་མི་བརྟན་པའི་ཕྱིར་རོ། །འབྲས་བུ་མངོན་དུ་གྱུར་པའི་ཕྱིར་ལྷ་དག་གི་ནང་ན་ཡང་མེད་དོ། །གླིང་གསུམ་དག་ན་
ཡང་བྱང་གི་སྒྲ་མི་སྙན་དག་ན་ཡང་མེད་དེ། སྡིག་པའི་བསམ་པ་མ་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་། སྐྱེས་པ་བུད་མེད་རྣམས་ཀྱི་འཆད། །དེ་དག་ལས་ཀྱང་སྲེད་པ་སྤྱོད་པ་དག་གི་འཆད་པ་མེད་དེ། བསམ་པ་གཡོ་བ་ཡིན་པའི་ཕྱིར་རོ། །འོ་ན་ཇི་ལྟ་བུ་ཞིག་ཅེ་ན། ལྟ་སྤྱད། བསམ་པ་བརྟན་
པ་དང་མཁྱུད་པའི་བསམ་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མ་ནིང་ལ་སོགས་པ་ནི་མ་ཡིན་ཏེ། སྲེད་པ་སྤྱོད་པའི་ཕྱོགས་ཅན་ཡིན་པའི་ཕྱིར་བ་དང་། ངན་སོང་བ་བཞིན་ནོ། །དགེ་བའི་རྩ་བ་ཡང་དག་པར་འཆད་པའི་རང་བཞིན་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེ་དང་མི་ལྡན་པ། གང་གི་ཚེ་དགེ་བའི་རྩ་བ་རྣམས་ཀྱི་
ཐོབ་པ་ཡང་མི་སྐྱེ་ལ། མ་ཐོབ་པ་ཡང་སྐྱེ་བ་སྟེ། མི་ལྡན་པ་སྐྱེས་པ་དེར་དགེ་བའི་རྩ་བ་རྣམས་ཡང་དག་པར་ཆད་པ་ཞེས་བྱའོ། །དེ་དག་གི་ཡང་བར་ཆད་པ་རྣམས་ཇི་ལྟར་ན་ཡང་ཉིང་མཚམས་སྦྱོར་ཞེ་ན། མཚམས་ནི་ཐེ་ཚོམ་ཡོད་ལྟ་བས། །ནམ་ཞིག་འདི་ལ་རྒྱུ་དང་འབྲས་བུ་ལ་ཐེ་ཚོམ་སྐྱེས་
Vol. 141 · folio 180a
པའམ་ཡང་དག་པར་ལྟ་བ་ཞེས་བྱ་བའི་དོན་ཏེ། ཡོད་པར་ལྟ་བ་སྐྱེས་པའི་ཚེ་ཡང་དེའི་ཐོབ་པ་སྐྱེས་པའི་ཕྱིར་དགེ་བའི་རྩ་བ་རྣམས་ཀྱི་ཉིང་མཚམས་སྦྱོར་བ་ཞེས་བྱའོ། །ཉིང་མཚམས་ནི་རྣམ་པ་དགུ་ཅིག་ཅར་དུ་སྦྱོར་ལ། མངོན་སུམ་དུ་ནི་རིམ་གྱིས་འགྱུར་ཏེ། ནད་མེད་ན་
སྟོབས་རྙེད་པར་འགྱུར་བ་བཞིན་ནོ། །ཡང་དེ་དག་གི་ཉིང་མཚམས་སྦྱོར་བ་ནི། མཚམས་མེད་བྱེད་པས་འདི་ལ་མིན། །མཚམས་མེད་པ་བྱེད་པ་རྣམས་ན་ནི་མ་ཡིན་གྱི་གཞན་གྱི་ནི་འདི་ཉིད་ལ་ཡང་འགྱུར་རོ། །འདི་ནི་ལས་ཀྱི་སྐབས་ཡིན་པས། །དེ་ལ་ལས་ཀྱི་ལམ་དུ་ཞིག་དང་སེམས་པ་ལྷན་ཅིག་ཏུ་
འབྱུང་བར་འགྱུར་བ་བརྗོད་པར་བྱ་སྟེ། མི་དགེ་བརྒྱད་ཀྱི་བར་དག་དང་། །སེམས་པ་ལྷན་ཅིག་འབྱུང་བར་འགྱུར། །རེ་ཞིག་གཅིག་དང་ལྷན་ཅིག་འབྱུང་བ་ནི་གཞན་མེད་པར་བརྣབ་སེམས་ལ་སོགས་པ་མངོན་དུ་གྱུར་པའམ། །ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཡིན་ལ། དེའི་སྦྱོར་བས་
གཟུགས་ཅན་རྣམས་ལས་གང་ཡང་རུང་བ་ཞིག་གིས་མཐར་ཕྱིན་པར་བྱེད་པའོ། །གཉིས་དང་ལྷན་ཅིག་འབྱུང་བ་ནི། །གནོད་སེམས་སྐྱེས་པའི་སེམས་ཀྱིས་སྲོག་གཅོད་པའམ། བརྣབ་སེམས་སྐྱེས་པས་མ་བྱིན་པར་ལེན་པའམ། འདོད་པས་ལོག་པར་གཡེམ་པའམ། ཚིག་ཀྱལ་པ་སྨྲ་བའོ། །
གསུམ་དང་ལྷན་ཅིག་འབྱུང་བ་ནི་གནོད་སེམས་སྐྱེས་པའི་སེམས་ཀྱིས་དུས་གཅིག་ཏུ་གཞན་གྱི་སྲོག་གཅོད་ཅིང་རྐུ་ནའོ། །བརྣབ་སེམས་སྐྱེས་ལ་དེའི་སྦྱོར་བས་གཟུགས་ཅན་གཉིས་ཀྱིས་མཐར་ཕྱིན་པར་བྱེད་ན་ཡང་གསུམ་ཉིད་དང་ངོ་། །བཞི་དང་ལྷན་ཅིག་ཏུ་འབྱུང་བ་ནི་བརྣབ་སེམས་ལ་སོགས་པར་
འགྱུར་ལ་དེའི་སྦྱོར་བས་གཞན་གསུམ་གྱིས་མཐར་ཕྱིན་པར་བྱེད་ན་སྟེ། དེ་བཞིན་དུ་ལྔ་དང་དྲུག་དང་བདུན་དང་ཡང་སྦྱར་བར་བྱའོ། །བརྒྱད་དང་ལྷན་ཅིག་ཏུ་འབྱུང་བ་ནི་བརྣབ་སེམས་ལ་སོགས་པར་གྱུར་པ་ཉིད་ཀྱིས་དྲུག་མི་སྦྱོར་བ་བྱས་ལ། །འདོད་པས་ལོག་པར་གཡེམ་པ་བདག་ཉིད་ཀྱིས་བྱེད་
ཅིང་བདག་ཉིད་ཀྱིས་མཐར་ཕྱིན་པར་བྱེད་ནའོ། །རེ་ཞིག་མི་དགེ་བ་དག་དང་ནི་དེ་ལྟ་བུ་ཡིན་ནོ། །དགེ་བ་བཅུ་ཡི་བར་དག་དང་། །དགེ་བའི་ལས་ཀྱི་ལམ་དག་དང་ནི་བཅུའི་བར་དང་སེམས་པ་ལྷན་ཅིག་ཏུ་འབྱུང་ངོ་ཞེས་སྤྱིར་བསྟན་ནས་དམིགས་ཀྱིས་སྟོན་པར་བྱེད་དེ། གཅིག་དང་ལྔ་དང་བརྒྱད་དང་མིན། །
Vol. 141 · folio 180b
དེ་ལ་ལས་ཀྱི་ལམ་གཉིས་དང་ལྷན་ཅིག་ཏུ་འབྱུང་བ་ནི་དགེ་བའི་རྣམ་པར་ཤེས་པ་ལྔ་ལ་གནས་པའོ། །གསུམ་དང་ནི་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པའོ། །བཞི་དང་ནི་མི་དགེ་བའམ། ལུང་དུ་མ་བསྟན་པའི་སེམས་ཀྱིས་དགེ་སྦྱོང་ངམ་དགེ་བསྙེན་གྱི་སྡོམ་པ་ཡང་
དག་པར་ལེན་ནའོ། །དྲུག་དང་ནི་དགེ་བའི་རྣམ་པར་ཤེས་པ་ལྔ་ལ་གནས་པ་དེ་ཉིད་ཡང་དག་པར་ལེན་ནའོ། །བདུན་དང་ནི་དགེ་བའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་ཏེ། དེ་ཉིད་ཡང་དག་གནོད་པ་དང་། །མི་དགེ་བའམ་ལུང་དུ་མ་བསྟན་པའི་སེམས་ཀྱིས་དགེ་སློང་གི་སྡོམ་པ་ཡང་དག་པར་ལེན་ནའོ། །
དགུ་དང་ནི་དགེ་བའི་རྣམ་པར་ཤེས་པ་ལྔའམ། ཟད་ལ་མི་སྐྱེ་བ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་ཏེ་དེ་ཉིད་ཡང་དག་པར་ལེན་ནའོ། །བཅུ་དང་ནི་དེ་ལས་གཞན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་ཏེ་དགེ་སློང་གི་སྡོམ་པ་ཉིད་ཡང་དག་པར་ལེན་ནའོ། །འགྲོ་བ་གང་དག་
ན་དགེ་བའམ། མི་དགེ་བའི་ལས་ཀྱི་ལམ་དུ་ཞིག་མངོན་སུམ་དུ་གྱུར་པའམ་ལྡན་པའི་སྒོ་ནས་ཡོད་ཅེ་ན། དམྱལ་བ་དག་ན་ཀྱལ་པ་དང་། །ཚིག་རྩུབ་གནོད་སེམས་རྣམ་གཉིས་སོ། །དམྱལ་བ་དག་ན་ནི་ལས་ཀྱི་ལམ་འདི་གསུམ་མངོན་སུམ་དུ་གྱུར་པ་དང་ལྡན་པའི་སྒོ་དང་རྣམ་པ་གཉི་ག་ནས་
ཡོད་དེ། སྨྲེ་སྔགས་འདོན་པའི་ཕྱིར་ན་ཚིག་ཀྱལ་པ་ཡིན་ནོ། །ཕན་ཚུན་སྤྱོ་བར་བྱེད་པའི་ཕྱིར་ན་ཚིག་རྩུབ་པོ་ཡིན་ནོ། །གཅིག་ལ་གཅིག་སེམས་ཀྱི་རྒྱུད་རྩུབ་པོས་ཞེ་སྡང་བའི་ཕྱིར་ན་གནོད་སེམས་ཡིན་ནོ། །བརྣབ་སེམས་དང་ལོག་ལྟ་ལྡན་པས་སོ། །ཆགས་པར་བྱ་བའི་དངོས་པོ་མེད་པའི་
ཕྱིར་བ་དང་། ལས་མངོན་སུམ་དུ་གྱུར་པའི་སྒོ་ནས་ནི་མེད་དོ། །ལས་ཟད་ནས་འཆི་བའི་ཕྱིར་བ་དང་། རྫས་དང་བུད་མེད་ཡོངས་སུ་གཟུང་བ་མེད་པའི་ཕྱིར་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དག་མེད་དོ། །དགོས་པ་མེད་པའི་ཕྱིར་བརྫུན་དུ་སྨྲ་བ་
མེད་དོ། །དེ་ཉིད་ཀྱི་ཕྱིར་བ་དང་། རྟག་ཏུ་བྱེ་ཟིན་པའི་ཕྱིར་ཕྲ་མ་མེད་དོ། །སྒྲ་མི་སྙན་ན་གསུམ་ཡིན་ནོ། །བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་སྟེ། མངོན་སུམ་དུ་གྱུར་པའི་སྒོ་ནས་ནི་མ་ཡིན་གྱི་ལྡན་པའི་སྒོ་ནས་ཞེས་བྱ་བར་སྦྱར་ཏེ། ང་ཡིར་འཛིན་པ་མེད་པའི་ཕྱིར་བ་དང་།
Vol. 141 · folio 181a
ཀུན་དུ་གནོད་པའི་དངོས་པོ་མེད་པའི་ཕྱིར་བ་དང་། སྡིག་པའི་བསམ་པ་མ་ཡིན་པའི་ཕྱིར་རོ། །དེར་ནི་བདུན་པ་དངོས་སུ་ཡང་། །དེ་ནི་ཚིག་ཀྱལ་པ་ནི་མངོན་སུམ་དུ་གྱུར་པའི་སྒོ་ནས་ཀྱང་ཡོད་དོ། །དེ་དག་ནི་རེས་འགའ་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་གླུ་དག་ཀྱང་ལེན་ཏོ། །སྡིག་པའི་བསམ་
པ་ཡིན་པའི་ཕྱིར་བ་དང་། ཚེ་ངེས་པ་དང་རྫས་དང་བུད་མེད་ཡོངས་སུ་གཟུང་བ་མེད་པའི་ཕྱིར་བ་དང་། དགོས་པ་མེད་པའི་ཕྱིར་སྲོག་གཅོད་པ་ལ་སོགས་པ་མེད་དོ། །འདོད་པ་གཞན་ན་མི་དགེ་བཅུ། །དངོས་སུ་ཡང་ཞེས་བྱ་བར་སྦྱར་ཏེ། དམྱལ་བ་དང་སྒྲ་མི་སྙན་ལས་གཞན་པ་འདོད་པའི་ཁམས་
དག་ན་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱི་མངོན་སུམ་དུ་གྱུར་པའི་སྒོ་ནས་ཀྱང་ཡོད་དེ། དུད་འགྲོ་ཡི་དགས་དང་ལྷ་དག་གི་ནང་ན་ནི་སྡོམ་པ་མ་ཡིན་པ་མ་གཏོགས་པའོ། །མི་དག་གི་ནང་ན་ནི་སྡོམ་པ་མ་ཡིན་པས་བསྡུས་པ་ཡང་ཡོད་དོ། །གལ་ཏེ་ཡང་ལྷས་ལྷ་མི་གསོད་ཀྱང་འགྲོ་བ་གཞན་ན་
གནས་པ་ནི་གསོད་པར་བྱེད་དོ། །གཞན་དག་ན་རེ་ལྷ་ཡང་མགོ་དང་རྐེད་པ་བཅད་ན་འཆིའོ་ཞེས་ཟེར་རོ། །མི་དགེ་བ་རྣམས་བཤད་ཟིན་ཏོ། །དགེ་བ་གསུམ་ནི་ཐམས་ཅད་ན། །རྙེད་དང་མངོན་དུ་གྱུར་སྒོ་ནས། །བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དང་། ཡང་དག་
པའི་ལྟ་བ་རྣམས་ནི་ཁམས་གསུམ་དང་། འགྲོ་བ་ལྔ་པོ་ཐམས་ཅད་ན་ཡང་མངོན་དུ་གྱུར་པ་དང་ལྡན་པའི་སྒོ་ནས་ཡོད་དོ། །གཟུགས་མེད་འདུ་ཤེས་མེད་སེམས་ཅན། རྙེད་པ་བདུན་ཏེ། གཟུགས་མེད་པ་དག་དང་། འདུ་ཤེས་མེད་པའི་སེམས་ཅན་དག་ན་ནི་ལུས་དང་ངག་གི་ལས་དགེ་བའི་ལས་ཀྱི་
ལམ་བདུན་པོ་ལྡན་པའི་སྒོ་འབའ་ཞིག་ནས་ཡོད་དེ། གཟུགས་མེད་པར་སྐྱེས་པའི་འཕགས་པ་རྣམས་ལ་ཡང་ཟག་པ་མེད་པའི་སྡོམ་པ་འདས་པ་དང་མ་འོངས་པ་དང་ལྡན་པའི་སྒོ་ནས་ཡོད་ལ། འདུ་ཤེས་མེད་པའི་སེམས་ཅན་རྣམས་ལ་ཡང་བསམ་གཏན་གྱི་སྡོམ་པ་ལྡན་པའི་སྒོ་ནས་
ཡོད་དོ། །ལྷག་མ་ནི་མངོན་དུ་གྱུར་པའི་སྒོ་ནས་ཀྱང་། དཔྱལ་བཅས་སྒྲ་མི་སྙན་མ་གཏོགས། །ལྷག་མར་བྱས་པ་ལྷག་མ་སྟེ། །དམྱལ་བ་དང་བྱང་གི་སྒྲ་མི་སྙན་པ་མ་གཏོགས་པ་ཁམས་དང་འགྲོ་བ་གཞན་གང་ཡིན་པ་སྟེ། དེ་དག་ནི་དགེ་བའི་ལས་ཀྱི་ལམ་བདུན་པོ་འདི་དག་མངོན་དུ་
Vol. 141 · folio 181b
གྱུར་པའི་སྒོ་ནས་ཀྱང་ཡོད་དོ། །དེ་དག་ཀྱང་དུད་འགྲོ་དང་ཡི་དགས་ན་ནི་སྡོམ་པ་མ་གཏོགས་ལ། གཟུགས་ཀྱི་ཁམས་དག་ན་ནི་སྡོམ་པས་བསྡུས་པ་མ་གཏོགས་ཏེ་གཞན་ནི་གཉི་ག་ཡོད་དོ། །མི་དགེ་བའི་ལས་ཀྱི་ལམ་བཅུ་དང་། དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་ནི། ཐམས་ཅད་བདག་པོ་རྒྱུ་མཐུན་དང་། །
རྣམ་སྨིན་འབྲས་བུ་སྨིན་པར་བྱེད། །རེ་ཞིག་མི་དགེ་བ་དག་གིས་ནི་ཀུན་ཏུ་བསྟེན་པ་དང་། གོམས་པར་བྱས་པ་དང་། ལན་མང་དུ་བྱས་པས་ནི་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་ཏེ། འདི་ནི་དེ་དག་གི་རྣམ་པར་སྨིན་པའི་འབྲས་བུ་ཡིན་ནོ། །བརྒྱ་ལ་འདིར་མི་རྣམས་དང་སྐལ་བ་མཉམ་པའི་རྣམ་པར་སྐྱེ་ན་
ཡང་སྲོག་གཅོད་པས་ནི་ཚེ་ཐུང་ངུར་འགྱུར་རོ། །མ་བྱིན་པར་ལེན་པས་ནི་ལོངས་སྤྱོད་ཀྱིས་ཕོངས་པར་འགྱུར་རོ། །འདོད་པས་ལོག་པར་གཡེམ་པས་ནི་དགྲ་དང་བཅས་པའི་ཆུང་མ་ཅན་དུ་འགྱུར་རོ། །བརྫུན་དུ་སྨྲ་བས་ནི་སྐུར་པ་མང་བར་འགྱུར་རོ། །ཕྲ་མས་ནི་མཛའ་བོ་དང་དབྱེ་བར་འགྱུར་རོ། །ཚིག་
རྩུབ་པོས་ནི་ཡིད་དུ་མི་འོང་བའི་སྒྲ་ཐོས་པར་འགྱུར་རོ། །ཚིག་ཀྱལ་པས་ནི་ཚིག་གཟུང་བར་མི་འོས་པར་འགྱུར་རོ། །བརྣབ་སེམས་ཀྱིས་ནི་འདོད་ཆགས་མི་བཟད་པར་འགྱུར་རོ། །གནོད་སེམས་ཀྱིས་ནི་ཞེ་སྡང་དྲག་པོར་འགྱུར་རོ། །ལོག་པར་ལྟ་བས་ནི་གཏི་མུག་ཤས་ཆེ་བར་འགྱུར་རོ། །
དེ་ལ་ནི་གཏི་མུག་མང་བའི་ཕྱིར་རོ། །དེ་དག་ནི་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ། །སྲོག་གཅོད་པ་ཀུན་དུ་བསྟེན་པས་ནི་ཕྱིའི་དངོས་པོ་མཐུ་ཆུང་བར་འགྱུར་རོ། །མ་བྱིན་པར་ལེན་པས་ནི་སེར་བ་དང་རྡུལ་མང་པོར་འགྱུར་རོ། །འདོད་པས་ལོག་པར་གཡེམ་པས་ནི་རྡུལ་གྱིས་འཁྲིགས་པར་འགྱུར་
རོ། །བརྫུན་དུ་སྨྲ་བས་ནི་དྲི་ང་བར་འགྱུར་རོ། །ཕྲ་མས་ནི་མཐོན་དམན་དུ་འགྱུར་རོ། །ཚིག་རྩུབ་པོས་ནི་ཚ་སྒོ་ཅན་དང་། དགོན་དུང་དག་དང་ཐ་ཆད་པ་དང་། སྡིག་པ་ཐམས་ཅད་ཀྱི་སར་འགྱུར་རོ། །ཚིག་ཀྱལ་པས་ནི་དུས་ལོག་པར་འགྱུར་རོ། །བརྣབ་སེམས་ཀྱིས་ནི་འབྲས་བུ་ཕྲ་མོར་འགྱུར་རོ། །
གནོད་སེམས་ཀྱིས་ནི་འབྲས་བུ་ཁ་བར་འགྱུར་རོ། །ལོག་པར་ལྟ་བས་ནི་འབྲས་བུ་ཆུང་ངུའམ་འབྲས་བུ་མེད་པར་འགྱུར་རོ། །འདི་ནི་དེ་དག་གི་བདག་པོའི་འབྲས་བུ་ཡིན་ནོ། །ཅིའི་ཕྱིར་ལས་ཀྱི་ལམ་འདི་དག་གི་འབྲས་བུ་རྣམ་པ་གསུམ་པོ་དེ་དག་ཏུ་མངོན་པར་འགྲུབ་ཅེ་ན། རེ་ཞིག་
Vol. 141 · folio 182a
སྲོག་གཅོད་པ་ནི་གསོད་པར་བྱེད་པས་ན་སྡུག་བསྔལ་བསྐྱེད་པ་དང་། བསད་པ་དང་། སྟོབས་མེད་པར་བྱས་པ་དེའི་ཕྱིར། སྡུག་བསྔལ་ཕྱིར་དང་བསད་ཕྱིར་དང་། །སྟོབས་མེད་བྱས་ཕྱིར་འབྲས་རྣམ་གསུམ། །ཕ་རོལ་པོ་སྡུག་བསྔལ་བར་བྱས་པའི་རྣམ་པར་སྨིན་པའི་འབྲས་བུ་ནི་དམྱལ་
བ་དག་ཏུ་སྡུག་བསྔལ་བར་འགྱུར་རོ། །བསད་པའི་རྒྱུ་མཐུན་པའི་འབྲས་བུས་ནི་ཚེ་ཐུང་ངུར་འགྱུར་རོ། །སྟོབས་མེད་པར་བྱས་པའི་བདག་པོའི་འབྲས་བུས་ནི་ཕྱིའི་སྨན་རྣམས་སྟོབས་ཆུང་བར་འགྱུར་རོ། །དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །དགེ་བའི་ལས་རྣམས་ལ་ཡང་དེ་བཞིན་དུ་འབྲས་བུ་གསུམ་དུ་
རིག་པར་བྱ་སྟེ། སྲོག་གཅོད་པ་སྤོང་བ་ནི་ཀུན་ནས་བསྟན་པ་དང་། གོམས་པར་བྱས་པ་དང་། ལན་མང་དུ་བྱས་པས་ནི་ལྷ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །བརྒྱ་ལ་འདིར་མི་རྣམས་དང་རིས་མཐུན་པའི་རྣམ་པར་སྐྱེ་ན་ཡང་ཚེ་རིང་པོར་འགྱུར་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ཀྱང་མི་དགེ་བ་ལས་བཟློག་སྟེ་སྦྱར་བར་
བྱའོ། །བཅོམ་ལྡན་འདས་ཀྱིས་ལོག་པའི་ངག་དང་། ལོག་པའི་ལས་ཀྱི་མཐའ་དང་། ལོག་པའི་འཚོ་བ་ཞེས་བཤད་པ་གང་ཡིན་པ་དེ་གཉིས་ལས་གཞན་པའི་ལོག་པའི་འཚོ་བ་གང་ཞིག་ཡིན་ཞེ་ན། འདི་གཞན་དུ་འགྱུར་བ་ནི་མེད་ཀྱི། དེ་ཉིད་དེ། ལུས་དང་ངག་དང་ཆགས་ལས་སྐྱེས། །ལོག་པའི་འཚོ་
བ། ཞེ་སྡང་ལས་སྐྱེས་པ་དང་། གཏི་མུག་ལས་སྐྱེས་པ་ནི་ལོག་པའི་ངག་དང་། ལོག་པའི་ལས་ཀྱི་མཐའ་ཡིན་ནོ། །དེ་ཉིད་ལས། སྦྱང་དཀའི་ཕྱིར། ཐ་དད་དུ་བསྟན། ཆགས་པ་ནི་འཕྲོག་པར་བྱེད་པ་ཡིན་ལ། དེས་ཀུན་ནས་བསླང་བའི་ལམ་ནི་སེམས་ཤིན་ཏུ་སྲུང་བར་དཀའ་བས་དེའི་ཕྱིར་ཇི་སྲིད་
འཚོའི་བར་དུ་ཡང་སྦྱང་བར་དཀའ་བས་གུས་པ་བསྐྱེད་པར་བྱ་བའི་ཕྱིར་དེ་ནི་དེར་ལོགས་ཤིག་ཏུ་བསྟན་ཏོ། །འདིར་སྨྲས་པ། རྟག་ཏུ་ལྟ་བ་སྣ་ཚོགས་ཕྱིར། །ཁྱིམ་པས་ལྟ་བ་སྦྱང་བར་དཀའ། །གཞན་ལས་འཚོ་བ་རག་ལུས་ཕྱིར། །དགེ་སློང་འཚོ་བ་སྦྱར་བར་དཀའ། །ཞེས་བྱ་བའོ། །གང་དག །ཡོ་
བྱད་ལ། ཆགས་བསླང་། མ་ཡིན་པར་སེམས་པ་དག་ནི་འཚོ་བའི་ཡོ་བྱད་ལ་ཆགས་པས་བསླང་བའི་ལུས་དང་ངག་གི་ལས་འབའ་ཞིག་ལོག་པའི་འཚོ་བ་ཡིན་གྱི། གཞན་ནི་མ་ཡིན་ཏེ། བདག་དགའ་བར་བྱ་བའི་ཕྱིར་གར་དང་གླུ་ལ་སོགས་པ་དག་ནི་ལོག་པའི་འཚོ་བ་མ་ཡིན་ནོ་སྙམ་དུ་སེམས་པ་ནི།
Vol. 141 · folio 182b
མདོ་དང་འགལ་ཕྱིར་མིན། བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་ལས་གླང་པོ་ཆེ་འཐབ་པ་ལ་ལྟ་བ་ལ་སོགས་པ་ཡང་ལོག་པའི་འཚོ་བར་གཞག་སྟེ། ཅིའི་ཕྱིར་ཞེ་ན། ལོག་པའི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ། །གོང་དུ་འབྲས་བུ་ལྔར་བཤད་དེ་ཐལ་བ་གང་ཡིན་པ། དེ་དག་ལས་
ལས་གང་ཞིག་གིས་འབྲས་བུ་དུ་ཞིག་གི་འབྲས་བུར་བཅས་པ་ཡིན་ཞེ་ན། དྲིར་བཅས་སྤོང་བའི་ལམ་དག་གི །ལས་ནི་ལྔ་ཡི་འབྲས་བུར་བཅས། །སྤོང་བའི་ཕྱིར་ལམ་ཡིན་པའམ། འདིས་ཉོན་མོངས་པ་སྤོང་བར་བྱེད་པས་ན་སྤོང་བའི་ལམ་སྟེ། བར་ཆད་མེད་པའི་ལམ་ཡིན་ནོ། །ཟག་པ་དང་
བཅས་པ་དེར་ལས་གང་ཡིན་པ་དེ་ནི་འབྲས་བུ་ལྔས་འབྲས་བུ་དང་བཅས་པ་ཡིན་ཏེ། དེའི་རྣམ་པར་སྨིན་པའི་འབྲས་བུ་ནི་རང་གི་སར་གཏོགས་པ་དག་གི་རྣམ་པར་སྨིན་པ་ཡིད་དུ་འོང་བའོ། །རྒྱུ་མཐུན་པའི་འབྲས་བུ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་ཆོས་འདྲ་བ་ཕྱི་མ་རྣམས་སོ། །བྲལ་བའི་འབྲས་བུ་ནི་
བྲལ་བ་ཉིད་ཡིན་ཏེ། སྤང་བ་གང་ཡིན་པ་དེ་ཡིན་ནོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་དེས་དྲངས་པའི་ཆོས་རྣམས་ཏེ། འདི་ལྟ་སྟེ་རྣམ་པར་གྲོལ་བའི་ལམ་དང་། དེ་དང་ལྷན་ཅིག་འབྱུང་བ་དང་། གང་ཡང་མ་འོངས་པ་ཐོབ་པ་སྟེ། དེ་ཡང་སྤངས་པ་ཡིན་ནོ། །བདག་པོའི་འབྲས་བུ་ནི་སྔར་
བྱུང་བ་མ་གཏོགས་པ་རང་གི་ངོ་བོ་ལས་གཞན་པ་འདུ་བྱེད་ཐམས་ཅད་དོ། །བཞི་ཡིས་དྲི་མེད། སྤོང་བའི་ལམ་ཟག་པ་མེད་པའི་ལས་གང་ཡིན་པ་དེ་ནི་འབྲས་བུ་བཞིས་འབྲས་བུ་དང་བཅས་པ་ཡིན་ཏེ། རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་སོ། །ཟག་བཅས་པ། དགེ་དང་མི་དགེ་གང་གཞན་
ཡང་། །གང་ཡང་སྤོང་བའི་ལམ་ལས་གཞན་པ་ཟག་པ་དང་བཅས་པའི་དགེ་བ་དང་། གང་ཡང་མི་དགེ་བ་དེ་དག་ཀྱང་འབྲས་བུ་དང་བཅས་པ་སྟེ། བྲལ་བའི་འབྲས་བུ་མ་གཏོགས་སོ། །ཟག་པ་མེད་པའི་ལྷག་མ་དང་། །གང་ཞིག་ལུང་མ་བསྟན་གསུམ་གྱིས། །སྤོང་བའི་ལམ་ལས་གཞན་པའི་ཟག་
པ་མེད་པ་དང་། ལུང་དུ་མ་བསྟན་པ་གང་ཡིན་པ་དེ་དག་ཀྱང་འབྲས་བུ་གསུམ་གྱིས་འབྲས་བུ་དང་བཅས་པ་སྟེ། རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ། །དགེ་བའི་དགེ་ལ་སོགས་པ་ནི། །བཞི་དང་གཉིས་དང་དེ་བཞིན་གསུམ། །གོ་རིམས་བཞིན་ནོ་ཞེས་འོག་ནས་འཆད་དོ། །
Vol. 141 · folio 183a
དགེ་བའི་ལས་ལ་འབྲས་བུ་དགེ་བ་བཞི་སྟེ། རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་སོ། །མི་དགེ་བ་གཉིས་ཏེ་སྐྱེས་བུ་བྱེད་པ་དང་། བདག་པོའི་འབྲས་བུའོ། །ལུང་དུ་མ་བསྟན་པ་གསུམ་སྟེ། རྒྱུ་མཐུན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ། །མི་དགེ་དགེ་ལ་སོགས་པ་ནི། །
གཉིས་གསུམ་བཞི་སྟེ་གོ་རིམས་བཞིན། །མི་དགེ་བའི་ལས་ཀྱི་ལམ་ནི་དགེ་བའི་ལས་གཉིས་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུའོ། །མི་དགེ་བ་གསུམ་སྟེ། རྣམ་པར་སྨིན་པའི་འབྲས་བུ་ནི་མ་གཏོགས་སོ། །ལུང་དུ་མ་བསྟན་པ་བཞི་སྟེ། བྲལ་བའི་འབྲས་བུ་མ་གཏོགས་སོ། །ལུང་དུ་
མ་བསྟན་པའི་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་གཉིས་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་མི་དགེ་བ་ཀུན་དུ་འགྲོ་བ་རྣམས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ། །ལུང་མ་བསྟན་གྱི་དགེ་ལ་སོགས། །དེ་དག་གཉིས་དང་གསུམ་དང་གསུམ། །ལུང་དུ་མ་བསྟན་པའི་ལས་ཀྱི་ནི་དགེ་བའི་ལས་
གཉིས་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུའོ། །མི་དགེ་བ་གསུམ་སྟེ། རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་མི་དགེ་བ་ནི་ལུང་དུ་མ་བསྟན་པའི་ལྟ་བ་གཉིས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ། །ལུང་དུ་མ་བསྟན་པའི་
ཆོས་གསུམ་སྟེ། གསུམ་པོ་དེ་དག་ཉིད་དོ། །འདས་པའི་ཐམས་ཅད་བཞི་ཡིན་ནོ། །ཐམས་ཅད་ཅེས་བྱ་བ་ནི་དུས་གསུམ་རྣམས་ཏེ། འདས་པའི་ལས་ཀྱི་འབྲས་བུ་དུས་གསུམ་པའི་ཆོས་ནི་བཞི་ཡིན་ཏེ། བྲལ་བའི་འབྲས་བུ་མ་གཏོགས་སོ། །བར་མ་ཡིས་ནི་མ་འོངས་པའང་། །ད་ལྟར་
བྱུང་བའི་ལས་ཀྱི་འབྲས་བུ་མ་འོངས་པའང་བཞི་སྟེ། དེ་དག་ཉིད་དོ། །བར་མ་གཉིས་ཏེ། ད་ལྟར་བྱུང་བའི་འབྲས་བུ་ད་ལྟར་བྱུང་བའི་ཆོས་ནི་གཉིས་ཏེ། སྐྱེས་བུ་བྱེད་པ་དང་། བདག་པོའི་འབྲས་བུའོ། །མ་སྐྱེས་པའི། འབྲས་བུ་མ་འོངས་གསུམ་ཡིན་ནོ། །མ་འོངས་པའི་འབྲས་བུ་མ་འོངས་
པའི་ཆོས་ནི་གསུམ་སྟེ་རྒྱུ་མཐུན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ། །རང་གི་ས་པའི་ཆོས་བཞིའོ། །རང་གི་ས་པའི་ལས་ཀྱི་འབྲས་བུ་ནི་རང་གི་ས་པའི་ཆོས་ནི་བཞི་སྟེ། བྲལ་བའི་འབྲས་བུ་མ་གཏོགས་སོ། །གཞན་གྱི་ས་པའི་གསུམ་དང་གཉིས། །གལ་ཏེ་གཞན་གྱི་ས་པའི་ཆོས་ཟག་
Vol. 141 · folio 183b
པ་མེད་པ་ཞིག་ཡིན་ན་ནི་ཁམས་གསུམ་མ་གཏོགས་པའི་ཕྱིར་འབྲས་བུ་གསུམ་སྟེ། རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ། །གལ་ཏེ་ཟག་པ་དང་བཅས་པ་ཞིག་ཡིན་ན་ནི། གཉིས་ཏེ་སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུའོ། །སློབ་པའི་འབྲས་བུ་ལ་སོགས་གསུམ། །སློབ་པའི་
ལས་ཀྱི་འབྲས་བུ་སློབ་པའི་ཆོས་ནི་གསུམ་སྟེ། རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ། །མི་སློབ་པ་ཡང་དེ་བཞིན་ནོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ཡང་གསུམ་སྟེ། རྣམ་པར་སྨིན་པ་དང་རྒྱུ་མཐུན་པ་མ་གཏོགས་སོ། །མི་སློབ་ལས་ཀྱི་འབྲས་བུ་ནི། །སློབ་པ་ཡི་ནི་
ཆོས་ལ་སོགས། །གཅིག་དང་གསུམ་དང་གཉིས་ཡིན་ནོ། །མི་སློབ་པའི་ལས་ཀྱི་འབྲས་བུ་སློབ་པའི་ཆོས་ནི་གཅིག་སྟེ། བདག་པོའི་འབྲས་བུའོ། །མི་སློབ་པ་གསུམ་སྟེ། རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་གཉིས་ཏེ།
སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུའོ། །དེ་ལས་གཞན་པའི་འབྲས་བུ་ནི། སློབ་སོགས་གཉིས་དང་གཉིས་དང་ལྡན། །སློབ་པ་དང་མི་སློབ་པ་དག་ལས་གཞན་པ་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ལས་ཀྱི་འབྲས་བུ་སློབ་པའི་ཆོས་གཉིས་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་
འབྲས་བུའོ། །མི་སློབ་པ་ཡང་དེ་བཞིན་ནོ། །འབྲས་བུ་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ནི་ལྔའོ། །མཐོང་བས་སྤང་བྱའི་དེ་ལ་སོགས། །གསུམ་དང་བཞི་དང་གཅིག་ཡིན་ནོ། །མཐོང་བས་སྤང་བར་བྱ་བའི་ལམ་གྱི་འབྲས་བུ་མཐོང་བས་སྤང་བའི་ཆོས་ནི་གསུམ་སྟེ། རྣམ་པར་སྨིན་པ་
དང་། བྲལ་བའི་འབྲས་བུ་མ་གཏོགས་སོ། །བསྒོམ་པས་སྤང་བར་བྱ་བ་ནི་བཞི་སྟེ། བྲལ་བའི་འབྲས་བུ་མ་གཏོགས་སོ། །སྤང་བར་བྱ་བ་མ་ཡིན་པ་ནི་གཅིག་སྟེ། བདག་པོའི་འབྲས་བུའོ། །བསྒོམ་པས་སྤང་བར་བྱ་ལས་ནི། །དེ་དག་གཉིས་དང་བཞི་དང་གསུམ། །བསྒོམ་པས་སྤང་བར་
བྱ་བའི་ལས་ཀྱི་འབྲས་བུ་མཐོང་བས་སྤང་བར་བྱ་བ་ནི་གཉིས་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུའོ། །བསྒོམ་པས་སྤང་བར་བྱ་བ་ནི་བཞི་སྟེ། བྲལ་བའི་འབྲས་བུ་མ་གཏོགས་སོ། །སྤང་བར་བྱ་བ་མ་ཡིན་པ་ནི་གསུམ་སྟེ། རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ་མ་གཏོགས་
Vol. 141 · folio 184a
སོ། །དེ་དག་སྤང་བྱ་མ་ཡིན་པའི། །གཅིག་གཉིས་བཞི་སྟེ་གོ་རིམས་བཞིན། །སྤང་བར་བྱ་བ་མ་ཡིན་པའི་ལས་ཀྱི་འབྲས་བུ་མཐོང་བས་སྤང་བར་བྱ་བའི་ཆོས་ནི་གཅིག་སྟེ། བདག་པོའི་འབྲས་བུའོ། །བསྒོམ་པས་སྤང་བར་བྱ་བ་ནི་གཉིས་ཏེ། སྐྱེས་བུ་བྱེད་པ་དང་། བདག་པོའི་འབྲས་བུའོ། །
སྤང་བར་བྱ་བ་མ་ཡིན་པ་ནི་བཞི་སྟེ། རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་སོ། །ཡང་གོ་རིམས་བཞིན་ཞེས་སྨོས་པ་ནི་དབུས་ཀྱང་ཐོག་མ་དང་ཐ་མ་དང་འདྲ་བར་ཤེས་པར་བྱ་བའི་ཕྱིར་ཏེ། དེ་ལྟ་བུ་ནི་དེ་བཞིན་དུ་སྦྱར་བའི་ཆོས་ཡིན་ནོ། །ལས་བསྟན་པའི་སྐབས་ཡིན་ནོ། །འདི་ཡོངས་སུ་དྲི་
བར་བྱ་སྟེ། བསྟན་བཅོས་ལས་རིགས་པས་བསྐྱེད་པ་དང་། རིགས་པ་མ་ཡིན་པས་བསྐྱེད་པ་དང་། རིགས་པ་ཡང་མ་ཡིན། རིགས་པ་མ་ཡིན་པ་ཡང་མ་ཡིན་པས་བསྐྱེད་པའི་ལས་ཞེས་གསུངས་པ་དེའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། རིགས་མིན་བསྐྱེད་པའི་ཉོན་མོངས་ཅན། །ཁ་ཅིག་ན་རེ་ཉོན་མོངས་པ་
ཅན་གྱི་ལས་ནི་རིགས་པ་མ་ཡིན་པས་བསྐྱེད་པ་སྟེ། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པས་བྱུང་བའོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་ཆོ་ག་ཉམས་པའོ་ཞེས་ཟེར་ཏེ། གང་གིས་ཇི་ལྟར་འགྲོ་བར་བྱ་བ་དང་། གནས་པར་བྱ་བ་དང་། གོས་བགོ་བ་ལ་སོགས་པ་གཞན་དུ་བྱེད་ན། དེ་ནི་རིགས་པ་མ་
ཡིན་པར་བྱེད་པའི་ཕྱིར། རིགས་པ་མ་ཡིན་པས་བསྐྱེད་པ་ཞེས་བྱའོ། །དགེ་བའི་ལས་ནི་རིགས་པས་བསྐྱེད་པའོ། །ཁ་ཅིག་ན་རེ་ཆོ་ག་ཉམས་པའོ་ཞེས་ཟེར་རོ། །ཅི་ལས་གཅིག་འབའ་ཞིག་གིས་ཚེ་གཅིག་འཕེན་ཏམ། འོན་ཏེ་དུ་མས་ཀྱང་འཕེན། དེ་བཞིན་དུ། ལས་དུ་མས་ཀྱང་ཚེ་དུ་
མ་འཕེན་ཏམ། འོན་ཏེ་གཅིག་འབའ་ཞིག་གིས་ཀྱང་འཕེན་ཅེ་ན། གྲུབ་པའི་མཐའ་ལས་ནི་འདི་སྐད་དུ་འབྱུང་སྟེ། གཅིག་གིས་ཚེ་གཅིག་འཕེན་པར་བྱེད། །ལས་གཅིག་འབའ་ཞིག་གིས་ཚེ་གཅིག་འཕེན་གྱི་དུ་མས་ནི་མ་ཡིན་ནོ། །ཚེ་ཞེས་བྱ་བ་ནི་རིས་མཐུན་པ་ལས་བྱ་སྟེ། དེ་ཕྱིན་ཆད་སྐྱེས་པ་ཞེས་བརྗོད་དོ། །
ལས་གཅིག་འབའ་ཞིག་གིས་འཕངས་པའི་རིས་མཐུན་པ་ལ་ཡང་ལས། དུ་མས་ཡོངས་སུ་རྫོགས་བྱེད་པར། །འདོད་དེ་དཔེར་ན་རི་མོ་མཁན་གྱིས་རི་ལུ་གཅིག་གི་གཟུགས་ཀྱིས་བཅད་ནས་མང་པོས་ཡོངས་སུ་རྫོགས་པར་བྱེད་པ་དེ་བཞིན་དུ། མིར་མཚུངས་མོད་ཀྱི་ཁ་དོག་དང་། ཤ་ཚུགས་དང་།
Vol. 141 · folio 184b
བོང་ཚོད་དང་། ཉམས་སྟོབས་ཕུན་སུམ་ཚོགས་པས་རྣམ་པར་མཛེས་ན། ཁ་ཅིག་ནི་ཡན་ལག་དང་ཉིང་ལག་ཐམས་ཅད་ཚང་བ་ཡིན་ལ། ཁ་ཅིག་ནི་དེ་དག་ལས་ལ་ལ་མ་ཚང་བ་ཡིན་ནོ། །ལས་འབའ་ཞིག་གིས་ཚེ་འཕེན་པ་ཡང་མ་ཡིན་ཏེ། ཇི་ལྟ་ཞེ་ན། རྣམ་པར་སྨིན་པ་དང་བཅས་པ་གཞན་གྱིས་ཀྱང་འཕེན་
ཏོ། །ཐམས་ཅད་དུ་ཡང་། སེམས་མེད་སྙོམས་པར་འཇུག་གཉིས་ཀྱིས། །འཕེན་མེད་འཐོབ་པའང་མ་ཡིན་ནོ། །རྣམ་པར་སྨིན་པ་དང་བཅས་པ་ཡིན་ཡང་། སེམས་མེད་པའི་སྙོམས་པར་འཇུག་པ་གཉིས་ཀྱིས་ནི་རིས་མཐུན་པ་མི་འཕེན་ཏེ། ལས་དང་ལྷན་ཅིག་མི་འབྱུང་བའི་ཕྱིར་རོ། །ཐོབ་པས་
ཀྱང་འཕེན་པ་མ་ཡིན་ཏེ། ལས་པས་འབྲས་བུ་མང་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་དང་། སྒྲིབ་པ་གསུམ་གསུངས་པ་དེ་དག་གི་རང་བཞིན་ཇི་ལྟ་བུ་ཞེ་ན། མཚམས་མེད་པ་ཡི་ལས་རྣམས་དང་། །ཉོན་
མོངས་ཤས་ཆེ་ངན་འགྲོ་དང་། །འདུ་ཤེས་མེད་པའི་སེམས་ཅན་དང་། །སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད། །མཚམས་མེད་པའི་ལས་རྣམས་ནི་ལས་ཀྱི་སྒྲིབ་པ་སྟེ། འདི་ལྟ་སྟེ། མ་གསོད་པ་དང་། ཕ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་
གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའོ། །ཉོན་མོངས་པ་ཤས་ཆེན་པོ་ཉོན་མོངས་པའི་སྒྲིབ་པའོ། །ཉོན་མོངས་པ་ནི་རྣམ་པ་གཉིས་ཏེ། ཉོན་མོངས་པ་ཤས་ཆེ་བ་དང་། ཉོན་མོངས་པ་རྣོ་བའོ། །ཉོན་མོངས་པ་ཤས་ཆེ་བ་ནི་རྒྱུན་དུ་འབྱུང་བ་གང་ཡིན་པའོ། །རྣོ་བ་ནི་དྲག་པོ་
གང་ཡིན་པ་སྟེ། དེ་ལ་ཤས་ཆེ་བ་གང་ཡིན་པ་དེ་ནི་སྒྲིབ་པ་ཡིན་ཏེ། འདི་ལྟར་ཟ་མ་ལ་སོགས་པ་རྣམས་ཀྱིའོ། །ཉོན་མོངས་པའི་ཤུགས་དྲག་ཀྱང་རེས་འགའ་གཞོམ་པར་ནུས་ཀྱི་རྒྱུན་དུ་འབྱུང་བ་ནི་ཤུགས་དལ་ཡང་མི་ནུས་ཏེ། ཉོན་མོངས་པ་རྒྱུན་དུ་འབྱུང་བ་དེ་ནི་ངེས་པར་གཞོམ་པར་བྱ་བའི་ཕྱིར་
རྩོལ་བའི་དུས་མི་རྙེད་དེ། དེ་ནི་ཆུང་ངུ་ལ་བརྟེན་ཏེ་འབྲིང་པོ་སྐྱེའོ། །འབྲིང་ལ་བརྟེན་ནས་ཆེན་པོ་སྐྱེ་སྟེ། དེའི་ཕྱིར་དེ་ཉིད་སྒྲིབ་པ་ཡིན་ནོ། །ངན་འགྲོ་རྣམ་པ་གསུམ་དང་། བདེ་འགྲོའི་ཕྱོགས་གཅིག་སྟེ། བྱང་གི་སྒྲ་མི་སྙན་དང་འདུ་ཤེས་མེད་པའི་སེམས་ཅན་ནི་རྣམ་པར་སྨིན་པའི་སྒྲིབ་པ་ཡིན་ནོ། །
Vol. 141 · folio 185a
སྒྲིབ་པ་འདི་དག་གང་ཞིག་ལ་ཡིན་ཞེ་ན། འཕགས་པའི་ལམ་དང་། འཕགས་པའི་ལམ་དུ་སྦྱོར་བ་ལས་བྱུང་བའི་དགེ་བའི་རྩ་བ་རྣམས་ཀྱིའོ། །མཚམས་མེད་པ་ཞེས་བྱ་བའི་དོན་ཅི་ཞེ་ན། ཚེ་རབས་གཞན་གྱི་འབྲས་བུ་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པར་འགྱུར་བའི་བར་དུ་བཅད་པར་མི་ནུས་
པས་ན་མཚམས་མེད་པ་ཞེས་བྱ་སྟེ། ཟིལ་གྱིས་མནན་པར་མི་ནུས་ཞེས་བྱ་བའི་ཐ་ཚིག་གོ། །ཡང་སྒྲིབ་པ་འདི་དག་ལས་གང་ཞིག་ཁམས་གང་ན་ཡོད་པར་རིག་པར་བྱ་ཞེ་ན། རེ་ཞིག་གཅིག་ཏུ། གླིང་གསུམ་དག་ན་མཚམས་མེད་དོ། །བྱང་གི་སྒྲ་མི་སྙན་དང་འགྲོ་བ་གཞན་དག་ན་ཡང་མེད་ན་ཁམས་གཞན་དག་ན་
ལྟ་སྨོས་ཀྱང་ཅི་དགོས། དེ་དག་ན་ཡང་སྐྱེས་པ་དང་བུད་མེད་རྣམས་འབའ་ཞིག་ལ་ཡིན་གྱི། ཟ་མ་ལ་སོགས་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། ཕན་དང་ངོ་ཚ་ཆུང་བའི་ཕྱིར། །ཕ་མ་དང་དེ་དག་རིམ་བཞིན་ཏེ། ལུས་མ་ཚང་བའི་བདག་པོར་འགྱུར་བའི་ཕྱིར་བ་དང་། བྱམས་པ་ཆུང་བའི་ཕྱིར་ཕ་མ་ནི་དེ་དག་ལ་
ཕན་པ་ཆུང་ངོ་ཞེས་གྲག་གོ། །དེ་དག་ཀྱང་ཕ་མ་ལ་ངོ་ཚ་བ་དང་ཁྲེལ་བའི་འདུ་ཤེས་ཆུང་ངུར་གནས་ཏེ། གང་མེད་པར་བྱས་པས་མཚམས་མེད་པའི་ཁ་ན་མ་ཐོ་བ་རེག་པར་འགྱུར་ཏེ། དེ་ཉིད་ཀྱི་ཕྱིར་ཡི་དགས་རྣམས་ལ་ཡང་མི་འདོད་དོ། །བཙུན་པ་དག་ན་རེ། བློ་གསལ་བ་རྣམས་ལ་ནི་འགྱུར་ཏེ། རྟ་
ཅང་ཤེས་བཞིན་ནོ་ཞེས་ཟེར་རོ། །མིའི་ཡང་ཕ་མ་མི་མ་ཡིན་པ་བསད་ན་མཚམས་མེད་པར་མི་འགྱུར་རོ། །ལས་ཀྱི་སྒྲིབ་པ་བཤད་ཟིན་ཏོ། །ལྷག་མ་འགྲོ་བ་ལྔ་དག་ན། །ལྷག་མ་ཡང་གང་དག་ཅིག་ཡིན་ཞེ་ན། ཉོན་མོངས་པ་དང་རྣམ་པར་སྨིན་པའི་སྒྲིབ་པ་སྟེ། མི་དག་གི་ནང་ན་ནི་རྣམ་པར་སྨིན་པའི་
སྒྲིབ་པ་ནི་སྒྲ་མི་སྙན་པ་རྣམས་སོ། །ལྷ་དག་གི་ནང་ན་ནི་འདུ་ཤེས་མེད་པའི་སེམས་ཅན་རྣམས་སོ། །མཚམས་མེད་པ་རྣམས་ཀྱི་རང་བཞིན་ཅི་ཞེ་ན། བཞི་ནི་ལུས་ཀྱི་ལས་སོ། །གཅིག་ནི་ངག་གི་ལས་སོ། །གསུམ་ནི་སྲོག་གཅོད་པའོ། །གཅིག་ནི་བརྫུན་དུ་སྨྲ་བའོ། །གཅིག་ནི་སྲོག་གཅོད་པར་སྦྱོར་བ་
སྟེ། དེ་བཞིན་གཤེགས་པ་རྣམས་ནི་མི་བརྫི་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །རྒྱུ་ལ་འབྲས་བུ་བཏགས་པའམ་འདིས་འབྱེད་པར་བྱེད་པས་ན། དགེ་འདུན་གྱི་དབྱེན་ལ་མཚམས་མེད་པ་ཞེས་བཤད་དེ། དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལྡན་མ་ཡིན་པའི་ཆོས། །ཉོན་མོངས་ཅན་མིན་ལུང་མ་བསྟན། །
Vol. 141 · folio 185b
དགེ་འདུན་གྱི་དབྱེན་ནི་མི་འཕྲོད་པ་ཞེས་བྱ་བ་སེམས་དང་ལྡན་པ་མ་ཡིན་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ན། དེ་ཇི་ལྟར་ན་མཚམས་མེད་པར་འགྱུར། དེ་དང་འབྱེད་པ་པོར་ཡང་མི་ལྡན་ནོ། །ཇི་ལྟ་ཞེ་ན། དེ་དང་དགེ་འདུན་ཡང་དག་ལྡན། །གང་བྱེ་བ་དེ་ལ་དབྱེན་དང་ལྡན་གྱི་འབྱེད་པ་པོ་དང་ནི་མ་
ཡིན་ནོ། །འོ་ན་འབྱེད་པ་པོ་དང་ཅི་ཞིག་ཏུ་ལྡན་ཞེ་ན། དེ་ཡི་ཁ་ན་མ་ཐོ་བརྫུན། །དེ་དང་འབྱེད་པ་པོར་ལྡན་ནོ། །འབྱེད་པ་པོ་ནི་དེ་དགེ་འདུན་གྱི་དབྱེན་གྱི་ཁ་ན་མ་ཐོ་བ་དང་ལྡན་ཏེ། དེ་ནི་བརྫུན་ཡིན་ནོ། །དེ་ཡང་དགེ་འདུན་གྱི་དབྱེན་དང་ལྡན་གྱི་འབྱེད་པ་པོ་གཅིག་སྐྱེས་པའོ། །ངག་གི་རྣམ་པར་
རིག་བྱེད་དང་རིག་བྱེད་མ་ཡིན་པ་སྟེ། འབྱེད་པ་པོ་དེ་ནི་ཁ་ན་མ་ཐོ་བ་དེ་དང་ལྡན་ནོ། །བསྐལ་པ་མནར་མེད་དག་ཏུ་སྨིན། །བར་གྱི་བསྐལ་པ་མནར་མེད་པ་དག་ཏུ་སྨིན་པར་འགྱུར་རོ། །གཞན་དག་གིས་མནར་མེད་པ་དག་ཏུ་མ་ངེས་སོ། །ཡང་གང་ཞིག་གིས་མཚམས་མེད་པ་མང་པོ་བྱས་པ་དེ་དག་བར་
ཆད་མེད་པར་རྣམ་པར་སྨིན་ན། དེ་ལ་དེ་ཅི་ཞིག་ཏུ་འགྱུར་ཞེ་ན། ལྷག་པས་གནོད་པ་ལྷག་པར་འགྱུར། །དེ་མཚམས་མེད་པ་མང་པོས་མནར་མེད་པ་དེར་ལུས་ཆེན་པོ་དང་། ཤིན་ཏུ་གཞོན་ཤ་ཅན་གྱི་ལུས་ཐོབ་ཅིང་གནོད་པ་ཡང་རབ་ཏུ་མང་བ་དང་། མི་བཟད་པར་འགྱུར་ཏེ། གང་གི་གཉིས་
དང་གསུམ་དང་བཞི་དང་ལྔར་འགྱུར་གྱི་ཚོར་བ་མྱོང་བར་འགྱུར་བའོ། །སུ་ཞིག་གིས་དེ་ལྟར་དགེ་འདུན་འབྱེད་པར་བྱེད་ཅེ་ན། དགེ་སློང་ལྟ་སྤྱོད་ཚུལ་ལྡན་པས། །འབྱེད་དོ། །གང་དུ་འབྱེད་ཅེ་ན། གང་ན་བཅོམ་ལྡན་འདས་དང་ཉེ་བ་ལས་གཞན་དུའོ། །དེ་བཞིན་གཤེགས་པ་རྣམས་ནི་ཟིལ་གྱིས་
མནན་པར་དཀའ་བའི་ཕྱིར་དང་། བཀའ་གཉན་པའི་ཕྱིར་སྟོན་པ་དང་། ཉེ་བ་ཉིད་དུ་དབྱེ་བར་མི་ནུས་སོ། །སུ་དག་ཅིག་འབྱེད་ཅེ་ན། བྱིས་པ་ཉིད་ཡིན་གྱི་འཕགས་པ་ནི་མ་ཡིན་ཏེ། ཆོས་མངོན་སུམ་དུ་གྱུར་པའི་ཕྱིར་རོ། །ཇི་ཙམ་གྱིས་ན་དགེ་འདུན་བྱེ་བ་ཡིན་ཞེ་ན། བྱེ་བ་སྟོན་དང་
ལམ་གཞན་ལ། །བཟོད་པའོ། །དུས་ཇི་སྲིད་ཅིག་ཏུ་བྱེ་ནས་འདུག་ཅེ་ན། དེ་ཉིད་ཀྱི་ནུབ་མོ་ལས། དེ་ནི་མི་གནས་སོ། །མཚན་མོ་མ་འདས་པ་ཉིད་དུ་གདོན་མི་ཟ་བར་ཕྱིར་སྡུམ་པར་བྱེད་དོ། །དགེ་འདུན་གྱི་དབྱེན་དུ་བཤད་པ་གང་ཡིན་པ་འདི་ནི། དེ་ནི་འཁོར་ལོའི་འབྱེད་དུ་འདོད། །དེའི་ཚེ་
Vol. 141 · folio 186a
བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་ཡང་ཕྱེ་བ་ཡིན་ཏེ། ལམ་སྐྱེ་བའི་གགས་སུ་གྱུར་པས་དེའི་ཕྱིར་དེ་ལྟ་བུ་ནི་འཁོར་ལོའི་དབྱེན་དང་། དགེ་འདུན་གྱི་དབྱེན་ཞེས་བྱའོ། །འཁོར་ལོའི་དབྱེན་ཡང་གང་དུ་ཡིན་ཞེ་ན། འཛམ་བུའི་གླིང་དུའོ། །གླིང་གཞན་དག་ཏུ་ནི་མ་ཡིན་ནོ། །
དགེ་སློང་དུ་ཞིག་གིས་ཤེ་ན། དགུ་སོགས་ཀྱིས། དགུ་ལ་སོགས་པ་སྨོས་པས་ཡན་ཆད་ནི་མ་ཡིན་ཏེ། དགེ་སློང་བརྒྱད་ནི་དགེ་འདུན་ཡིན་ནོ། །གཅིག་ནི་འབྱེད་པ་ཡིན་ནོ། །ངེས་པར་དགེ་འདུན་ཕྱོགས་གཉིས་གནས་པ་དེ་ནི་བྱེ་པའོ། །དགེ་འདུན་གྱི་དབྱེན་གཞན་ནི་ལས་ཀྱི་དབྱེན་ཡིན་ཏེ།
གལ་ཏེ་མཚམས་གཅིག་གི་ནང་དུ་ལས་མི་མཐུན་པ་བྱེད་ནའོ། །དེ་ལྟ་བུའི་ལས་ཀྱི་དབྱེན་ནི་གླིང་གསུམ་ན། གང་དག་ན་སངས་རྒྱས་ཀྱི་བསྟན་པ་ཡོད་པ་ཉིད་ནའོ། །དགེ་སློང་དུ་ཞིག་གིས་ཤེ་ན། དེ་ནི་བརྒྱད་དག་ཡན་ཆད་ཀྱིས། །འཁོར་ལོའི་དབྱེན་ནི་དུས་དྲུག་དག་ཏུ་མ་ཡིན་ཏེ། གང་དག་ཏུ་ཞེ་ན།
དང་པོ་མཐའ་སྐྱོན་ཟུང་གཅིག་གིས། །སྔ་རོལ་ཐུབ་པ་ནོངས་པ་དང་། །མཚམས་མ་བཅད་པ་དག་ཏུ་ཡང་། །འཁོར་ལོའི་དབྱེན་ནི་མི་སྐྱེའོ། །དང་པོ་ཆོས་ཀྱི་འཁོར་ལོ་བསྐོར་ནས་ནི་རིང་པོ་མ་ལོན་པ་དང་ཐ་མ་སངས་རྒྱས་མྱ་ངན་ལས་འདའ་བ་དེ་གཉིས་ཀྱི་གནས་སྐབས་དག་ཏུ་ནི་དགེ་འདུན་ངང་གིས་
གཅིག་པ་ཡིན་ནོ། །བར་མ་དག་ཏུ་ཡང་སྐྱོན་མ་བྱུང་བའི་སྔོན་རོལ་དུ་མི་དབྱེ་སྟེ། ཇི་སྲིད་དུ་ཚུལ་ཁྲིམས་ཀྱི་སྐྱོན་དང་། ལྟ་བའི་སྐྱོན་མ་བྱུང་བའི་བར་དུའོ། །ཟུང་གཅིག་མ་བྱུང་བའི་སྔོན་རོལ་དུ་ཡང་མི་དབྱེ་སྟེ། ཇི་སྲིད་དུ་ཉན་ཐོས་ཟུང་གཅིག་མ་བྱུང་གི་བར་དུའོ། །བྱེ་ན་ཡང་མི་གནས་པའི་
ཕྱིར་བ་དང་། དེའི་ཕྱིར་སྡུམ་པར་བྱེད་པའི་ཕྱིར་རོ། །སྟོན་པ་ཐུབ་པ་ནོངས་ཏེ། མྱ་ངན་ལས་འདས་ན་ཡང་འགྲན་ཟླ་མེད་པའི་ཕྱིར་རོ། །མཚམས་མ་བཅད་པ་དག་ཏུ་ཡང་ཇི་སྲིད་དུ་མཚམས་མ་བཅད་པ་སྟེ། མཚམས་གཅིག་གི་ནང་དུ་ནི་ཕྱོགས་གཉིས་སུ་གནས་པའི་ཕྱིར་དགེ་འདུན་གྱི་དབྱེན་
ཞེས་བྱ་སྟེ། དུས་དྲུག་པོ་དེ་དག་ཏུ་འཁོར་ལོའི་དབྱེན་མ་ཡིན་ལ། ལས་ལ་རག་ལུས་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་འཁོར་ལོ་ལ་ཡང་དབྱེན་མི་འབྱུང་ངོ་། །ཅིའི་ཕྱིར་མ་བསད་པ་ལ་སོགས་པ་འབའ་ཞིག་ལ་མཚམས་མེད་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ཞེ་ན། ཕན་
Vol. 141 · folio 186b
བཏགས་པ་དང་ཡོན་ཏན་ཞིང་། །སྤངས་དང་མེད་པར་བྱས་ཕྱིར་རོ། །རེ་ཞིག་ཕ་དང་མ་གསོད་པ་ནི་དེ་གཉིས་ཀྱིས་ཕན་བཏགས་པ་སྤངས་པའི་ཕྱིར་རོ། །ཇི་ལྟར་ན་དེ་གཉིས་ཀྱིས་ཕན་བཏགས་པ་ཡིན་ཞེ་ན། ལུས་བསྐྱེད་པའི་ཕྱིར་རོ། །དེ་གཉིས་སྤངས་པ་ཇི་ལྟ་བུ་ཞེ་ན། ཡོངས་སུ་བོར་
བའོ། །ཡོན་ཏན་གྱི་ཞིང་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པ་བསད་པ་ལ་སོགས་པ་ལ་ཡང་མཚམས་མེད་པ་ཡིན་ནོ། །གལ་ཏེ་མ་མཚན་ཡོངས་སུ་གྱུར་ན་འགྱུར་རམ་ཞེ་ན། ལུས་གཅིག་པ་དེར་ནི། མཚན་ནི་གཞན་དུ་གྱུར་ཀྱང་འགྱུར། །དེ་ཉིད་ཀྱི་ཕྱིར་འདི་སྐད་དུ་ཕ་ཡང་མ་ལགས་དགྲ་བཅོམ་
པ་ཡང་མ་ལགས་པའི་སྐྱེས་པ་ཞིག་བཀུམ་ན་མཚམས་མེད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་བ་ལྟ་མཆིས་སམ་ཞེ་ན། ཡོད་དེ། མ་མཚན་ཡོངས་སུ་གྱུར་པ་ཞིག་བསད་ན་མཚམས་མེད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་རོ། །མ་ཡང་མ་ལགས་དགྲ་བཅོམ་མ་ཡང་མ་ལགས་པའི་
བུད་མེད་ཅིག་བཀུམ་ན། མཚམས་མེད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་བ་ལྟ་མཆིས་སམ་ཞེ་ན། ཡོད་དེ། ཕ་མཚན་ཡོངས་སུ་གྱུར་པ་ཞིག་བསད་ན་མཚམས་མེད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་རོ་ཞེས་གསུངས་སོ། །གཞན་གྱི་བུད་མེད་ལས་ནུར་ནུར་པོར་ཟགས་ནས་གཞན་གྱི་
མངལ་གྱི་ནང་དུ་བླུགས་ན་དེའི་མ་ནི་གང་ཡིན་གང་བསད་པས་ནི་མཚམས་མེད་པར་འགྱུར་ཞེ་ན། གང་ལ་ཟླ་མཚན་བྱུང་བའམ། །སེམས་ཅན་དེ་གང་གི་ཟླ་མཚན་ལས་བྱུང་བ་དེ་ནི་དེའི་མ་ཡིན་ནོ། །གཉིས་པ་ནི་བྱ་བ་ཐམས་ཅད་ལ་དབྱར་ཟས་ཀྱིས་བཙས་པ་དང་། དེའི་ནུ་ཞོ་བླུད་པ་དང་། གསོས་པ་དང་།
བསྐྱེད་པ་ནི་དེ་ཡིན་ནོ། །ཇི་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ཐམས་ཅད་གདོན་མི་ཟ་བར་མཚམས་མེད་པར་འགྱུར་རམ་ཞེ་ན། བསད་པར་སེམས་པ་ལ་ནི་འགྱུར་གྱི། སངས་རྒྱས་བརྡེག་པར་སེམས་ལ་མིན། །གལ་ཏེ་དགྲ་མ་བཅོམ་པའི་གང་དུ་བསྣུན་ལ་བསྣུན་པའི་
འོག་ཏུ་དགྲ་བཅོམ་པར་གྱུར་ན་ཡང་། བསྣུན་པའི་འོག་ཏུ་དགྲ་བཅོམ་ལ་མིན་ཏེ། མཚམས་མེད་པར་འགྱུར་བ་མ་ཡིན་ཞེས་བྱ་བར་སྦྱར་ཏེ། དེས་དེར་ནི་སྦྱོར་བ་མ་བྱས་སོ། །ཇི་མཚམས་མེད་པའི་སྦྱོར་བ་བྱས་ཏེ། དེ་ཡང་མ་བཟློག་པར་འདོད་ཆགས་དང་བྲལ་བའི་འབྲས་བུ་ཐོབ་པར་
Vol. 141 · folio 187a
འགྱུར་རམ་ཞེ་ན། མཚམས་མེད་པ་དང་ལྡན་པ་ལ། །འདོད་ཆགས་བྲལ་འབྲས་མི་སྲིད་དོ། །ཅིའི་ཕྱིར་ཞེ་ན། བསམ་པ་ཤིན་ཏུ་འགལ་བའི་ཕྱིར་རོ། །མཚམས་མེད་པ་དེ་དག་ལས་གང་ཞིག་ཐམས་ཅད་ཀྱི་ནང་ན། ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོ་ཡིན་ཞེ་ན་དགེ་འདུན་
དབྱེ་ཕྱིར་བརྫུན་སྨྲས་པ། །ཁ་ན་མ་ཐོ་རབ་ཆེར་འདོད། །གང་གིས་དགེ་འདུན་དབྱེ་བའི་ཕྱིར་ཆོས་དང་ཆོས་མ་ཡིན་པ་ཤེས་བཞིན་དུ། ལོག་པར་བརྫུན་དུ་སྨྲ་བ་བརྗོད་པའི་ཕྱིར། དེ་ནི་ཉེས་པར་སྤྱད་པ་ཐམས་ཅད་ཀྱི་ནང་ན་ཁ་ན་མ་ཐོ་བ་དང་བཅས་པ་རབ་ཏུ་ཆེ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།
དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ལ་བསྣུན་པའི་ཕྱིར་བ་དང་། འཇིག་རྟེན་རྣམས་ཀྱི་མཐོ་རིས་དང་བྱང་གྲོལ་གྱི་ལམ་གྱི་བར་དུ་གཅོད་པར་བྱེད་པའི་ཕྱིར་རོ། །ལེགས་པར་སྤྱད་པ་རྣམས་ལས་ཐམས་ཅད་ཀྱི་ནང་ན་འབྲས་བུ་རབ་ཏུ་ཆེ་བ་གང་ཡིན་ཞེ་ན། འཇིག་རྟེན་པ་ཡི་དགེ་བ་ལ། །སྲིད་
རྩེའི་སེམས་པ་འབྲས་བུ་ཆེ། །དེའི་རྣམ་པར་སྨིན་པ་ནི་བསྐལ་པ་ཆེན་པོ་བརྒྱད་ཁྲིའི་བར་དུ་ཞི་བ་ཡིན་ནོ། །རྣམ་པར་སྨིན་པའི་འབྲས་བུའི་དབང་དུ་བྱས་ནས་དེ་སྐད་བཤད་ཀྱི། བྲལ་བའི་འབྲས་བུའི་དབང་དུ་བྱས་ན་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སེམས་པ་ནི་ཐམས་ཅད་ཀྱི་ནང་ན་འབྲས་བུ་ཆེན་པོ་ཡིན་ཏེ།
ཀུན་དུ་སྦྱོར་བ་ཐམས་ཅད་གཏན་དུ་གཏུགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འཇིག་རྟེན་པའི་ཞེས་བཤད་དོ། །ཇི་མཚམས་མེད་པ་འབའ་ཞིག་གིས་གདོན་མི་ཟ་བར་དམྱལ་བ་དག་ཏུ་སྐྱེ་བ་ཡིན་ནམ་ཞེ་ན། མཚམས་མེད་པ་དང་ཆ་འདྲ་བས་ཀྱང་གདོན་མི་ཟ་བར་སྐྱེ་བར་འགྱུར་རོ། །ཁ་
ཅིག་ན་རེ་བར་ཆད་མེད་པ་ཉིད་དུ་ནི་མ་ཡིན་ནོ་ཞེས་ཟེར་རོ། །དེ་དག་ཀྱང་གང་ཞེ་ན། སྨྲས་པ། མ་དགྲ་བཅོམ་མ་སུན་བྱས་དང་། །བྱང་ཆུབ་སེམས་དཔའ་ངེས་གནས་དང་། །སློབ་པ་བསད་དང་དགེ་འདུན་གྱི། །འདུ་བའི་སྒོ་ནི་ཕྲོགས་པ་དག །མཚམས་མེད་པ་དང་ཆ་འདྲ་སྟེ། །ལྔ་པ་མཆོད་རྟེན་
འཇིག་པ་ཡིན། །འདི་དག་ནི་མཚམས་མེད་པ་རྣམས་དང་ཆ་འདྲ་བ་སྟེ། གལ་ཏེ་མ་དགྲ་བཅོམ་མ་སུན་པར་བྱེད་དེ། མི་ཚངས་པར་སྤྱོད་པའི་ཕྱིར་བ་དང་། ངེས་པར་གཏོགས་པའི་བྱང་ཆུབ་སེམས་དཔའ་གསོད་པ་དང་། སློབ་པ་གསོད་པ་དང་། དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་པ་དང་།
Vol. 141 · folio 187b
མཆོད་རྟེན་འཇིག་པར་བྱེད་པ་སྟེ། ལྔ་དང་ལྔ་དང་གོ་རིམས་བཞིན་ནོ། །གཞན་ཡང་རྣམ་པར་སྨིན་པ་དང་བཅས་པའི་ལས་ནི་དུས་གསུམ་པོ་དག་ཏུ་གེགས་བྱེད་དེ། གསུམ་པོ་གང་དག་ཏུ་ཞེ་ན། བཟོད་དང་ཕྱིར་མི་འོང་དགྲ་བཅོམ། །འཐོབ་ལ་ལས་གེགས་ཤིན་ཏུ་བྱེད། །རྩེ་མོ་ལས་བཟོད་པ་སྐྱེ་བ་ལ་ནི་
ངན་སོང་བའི་ལས་རྣམས་གེགས་བྱ་བའི་ཕྱིར་ཉེ་བར་གནས་ཏེ། དེའི་རྣམ་པར་སྨིན་པའི་ས་ལས་འདའ་བའི་ཕྱིར་ཏེ། དཔེར་ན་མི་ཞིག་གིས་ཡུལ་འདོར་བར་བྱེད་པ་ལ་བུ་ལོན་པ་དག་ལྡང་བ་བཞིན་ནོ། །དེ་བཞིན་དུ་ཕྱིར་མི་འོང་བའི་འབྲས་བུ་འཐོབ་པ་ལས་ནི་འདོད་པ་ན་སྤྱོད་པའི་ལས་རྣམས་བགེགས་བྱ་བའི་
ཕྱིར་ཉེ་བར་གནས་ཏེ། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ནི་མ་གཏོགས་སོ། །དེ་བཞིན་དུ་དགྲ་བཅོམ་པ་ཉིད་འཐོབ་པ་ལ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལས་རྣམས་སོ། །བྱང་ཆུབ་སེམས་དཔའ་བསད་པ་ཞེས་བཤད་པ་གང་ཡིན་པ། ཇི་ཙམ་ནས་ནི་བྱང་ཆུབ་སེམས། །
གང་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ཞེས་བརྗོད་ཅེ་ན། གང་ནས་མཚན་གྱི་ལས་བྱེད་པ། །གང་ཡན་ཆད་ནས་མཚན་གྱི་རྣམ་པར་སྨིན་པར་འགྱུར་བའི་ལས་རྣམས་བྱེད་པར་རྩོམ་པ་དེའི་ཚེ་ནས་དེ་ནི་ངེས་པར་གཏོགས་པ་ཡིན་ཏེ། ཇི་ལྟ་ཞེ་ན། དེ་ནི་དུས་དེ་ཕན་ཆད་རྟག་ཏུ། བདེ་འགྲོ་རིགས་སུ་སྐྱེ་དབང་
ཚང་། །སྐྱེས་ལ་ཚེ་རབས་དྲན་མི་ལྡོག །ཡིན་ནོ། །འདིའི་འགྲོ་བ་རབ་ཏུ་བསྔགས་པ་ཡིན་པས་ན་བདེ་འགྲོ་སྟེ། ལྷ་དང་མི་དག་གི་ནང་དུ་སྐྱེ་བའི་ཕྱིར་རོ། །འགྲོ་བ་དེ་དག་ཏུ་ཡང་རྒྱལ་རིགས་དང་། བྲམ་ཟེ་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེ་བ་ཡིན་གྱི་རིགས་ངན་པ་ནི་མ་ཡིན་ནོ། །
འདིའི་དབང་པོ་རྣམས་ཚང་བས་ན་དབང་པོ་ཚང་བ་སྟེ། དབང་པོ་མ་ཚང་བ་མེད་ཅེས་བྱ་བའི་ཐ་ཚིག་གོ། །སྐྱེས་པ་ཉིད་ཡིན་གྱི་བུད་མེད་དུ་ཡང་མ་ཡིན། ཟ་མ་ལ་སོགས་པ་ལྟ་ཞིག་སྨོས་ཀྱང་ཅི་དགོས། འགྲོ་བ་ཐམས་ཅད་དུ་ཡང་ཚེ་རབས་དྲན་པར་འགྱུར་རོ། །ལྡོག་པས་ན་ལྡོག་པའོ། །མི་
ལྡོག་པས་ན་མི་ལྡོག་པ་སྟེ། ལྡོག་པ་མེད་ཅེས་བྱ་བའི་ཐ་ཚིག་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་ལོག་པར་བསྒྲུབས་པ་ཐམས་ཅད་ཀྱིས་སྐྱོ་བ་མེད་པའི་ཕྱིར་རོ། །འཇིག་རྟེན་ན་ཟོང་གིས་མ་ཉོས་པའི་བྲན་ཞེས་བརྗོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་
Vol. 141 · folio 188a
དཔའ་དེ་དག་ཡིན་ཏེ། བདག་ཉིད་ཆེན་པོ་དེ་དག་ནི་འབྱོར་བའི་མཆོག་ཁྱད་པར་ཅན་ཐམས་ཅད་བརྙེས་ཀྱང་། ཐུགས་རྗེས་གཞན་གྱི་དབང་དུ་གྱུར་པའི་ཕྱིར་རྒྱུ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དྲུང་དུ་བདག་ཉིད་ཀྱི་དང་འདྲ་བར་ང་རྒྱལ་མེད་པར་འདུག་སྟེ། སེམས་ཅན་གྱིས་གནོད་པར་
བྱས་པ་ཐམས་ཅད་ལ་བཟོད་ཅིང་ངལ་བ་ཐམས་ཅད་ཀྱང་ཉམས་སུ་ལེན་པ་ཡིན་ནོ། །དེ་ལྟར་མཚན་གྱི་རྣམ་པར་འགྱུར་བའི་ལས་སུ་བཤད་པ་གང་ཡིན་པ། དེ་ནི་འཛམ་གླིང་སྐྱེས་པ་ཉིད། །མངོན་སུམ་སངས་རྒྱས་ལ་སེམས་པ། །བསམས་པ་ལས་བྱུང་བསྐལ་པ་བརྒྱ། །ལུས་པ་དག་ཏུ་འཕེན་པར་
བྱེད། །འཛམ་བུའི་གླིང་པ་དག་ནི་བློ་རྣོ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཡང་འཛམ་བུའི་གླིང་ཉིད་དུ་མཚན་གྱི་རྣམ་པར་སྨིན་པར་འགྱུར་བའི་ལས་འཕེན་པར་བྱེད་ཀྱི་གཞན་དག་ཏུ་ནི་མ་ཡིན་ནོ། །སྐྱེས་པ་ཉིད་ཡིན་པ་དང་། བུད་མེད་མ་ཡིན་པ་དང་། སྟོན་པ་མངོན་སུམ་དུ་གྱུར་པ་དང་། སངས་རྒྱས་
ལ་དམིགས་པའི་སེམས་པས་བསྐལ་པ་བརྒྱར་འཕེན་པར་བྱེད་ཀྱི། མང་པོར་ནི་མ་ཡིན་ནོ། །ལས་དེ་ལ་བསམས་པ་ལས་བྱུང་བ་ཡིན་གྱི་ཐོས་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ནི་བརྩོན་འགྲུས་སྦྱངས་པས་དགུ་བཟློག་ནས་བསྐལ་
པ་དགུ་བཅུ་རྩ་གཅིག་ཏུ་འཕངས་ཏེ། དེ་ཉིད་ཀྱི་ཕྱིར་འདི་སྐད་དུ་གྲོང་དཔོན་ངས་འདི་ནས་བསྐལ་པ་དགུ་བཅུ་རྩ་གཅིག་ཚུན་ཆད་ཡང་དག་པར་རྗེས་སུ་དྲན་ཏེ། རིགས་འགའ་ལ་ཡང་ཟས་ཚོལ་བ་སྟེར་བར་བྱ་བའི་ཕྱིར་མི་བདེ་བའམ་གནོད་པར་འགྱུར་བ་གང་ཡིན་པ་ནི་མངོན་པར་མི་མཁྱེན་ཏོ་ཞེས་གསུངས་
ཏེ། དེ་ཚུན་ཆད་རང་བཞིན་གྱིས་ཚེ་རབས་དྲན་པའི་ཕྱིར་རོ། །མཚན་དེ་དག་ཀྱང་། རེ་རེའང་བསོད་ནམས་བརྒྱ་ལས་སྐྱེས། །བསོད་ནམས་ཀྱི་ཚད་ཇི་ཙམ་ཞེ་ན། ཁ་ཅིག་ན་རེ་བྱང་ཆུབ་སེམས་དཔའ་ཉེ་བ་མ་གཏོགས་པ་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་ཀྱི་འབྲས་བུའི་ཚད་ཇི་ཙམ་མོ་ཞེས་ཟེར་རོ། །
ཁ་ཅིག་ན་རེ་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་དབང་གིས་སྟོང་གསུམ་འགྲུབ་པ་རྙེད་དོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་དེའི་ཚད་ནི་སངས་རྒྱས་ཉིད་ཀྱིས་མཁྱེན་ཏོ་ཞེས་ཟེར་རོ། །ཡང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པ་ན། སངས་རྒྱས་ཇི་སྙེད་ཅིག་ལ་བསྙེན་བཀུར་བྱས་ཤེ་ན་བསྐལ་པ་
Vol. 141 · folio 188b
གྲངས་མེད་པ་དང་པོ་ལ་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་བྱས་སོ། །གཉིས་པ་ལ་བདུན་ཁྲི་དྲུག་སྟོང་ལ་བསྙེན་བཀུར་བྱས་སོ། །གསུམ་པ་ལ་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་བྱས་སོ། །བསྐལ་པ་གྲངས་མེད་པ་གང་གི་མཇུག་ཏུ་སངས་རྒྱས་གང་ཞིག་འབྱུང་བར་འགྱུར་ཞེ་ན། གོ་
རིམས་ལས་བཟློག་ནས་རིམ་བཞིན་དུ། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་མཇུག་ཏུ་འབྱུང་། །བསྐལ་པ་གྲངས་མེད་པ་དང་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དུ་རྫོགས་སོ། །གཉིས་པ་ནི་བཅོམ་ལྡན་འདས་མར་མེ་མཛད་དུ་
རྫོགས་སོ། །གསུམ་པ་ནི་དེ་བཞིན་གཤེགས་པ་རྣམ་པར་གཟིགས་སུ་རྫོགས་སོ། །དེ་དག་ཐམས་ཅད་ཀྱི། དང་པོ་ཤཱཀྱ་ཐུབ་པ་ཡིན། །གནའ་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ལ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གྱུར་པའི་ཚེ་བདག་ཀྱང་འདི་འདྲ་བའི་རྣམ་
པ་ཉིད་དུ་སངས་རྒྱས་པར་ཤོག་ཤིག་ཅེས་ཡང་དང་པོར་སྨོན་ལམ་བཏབ་པར་གྱུར་ཏེ། དེ་ཡང་འདི་བཞིན་དུ་རྩོད་པའི་དུས་ཉིད་ལ་བྱུང་བར་གྱུར་ལ་དེའི་བསྟན་པ་ལ་ཡང་འདི་བཞིན་དུ་ལོ་སྟོང་གི་མཐའི་བར་དུ་གནས་པར་གྱུར་ཏོ། །ཡང་བྱང་ཆུབ་སེམས་དཔའ་གནས་སྐབས་གང་དག་ཏུ། ཕ་རོལ་ཏུ་ཕྱིན་པ་གང་
རྫོགས་པར་བྱེད་ཅེ་ན། ཀུན་ལ་སྦྱིན་དང་ཐམས་ཅད་དང་། །སྙིང་རྗེའི་སྦྱིན་པས་སྦྱིན་པ་རྫོགས། །གང་གི་ཐམས་ཅད་ལ་མིག་གི་བར་དང་རྐང་པའི་བར་ཐམས་ཅད་མངོན་པར་མཐོང་བའི་ཁྱད་པར་གྱི་ལན་ལ་མི་རེ་བར་སྙིང་རྗེས་སྦྱིན་པར་བྱེད་པ་ཙམ་གྱིས་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་
ཡིན་ནོ། །ཆགས་བཅས་ཡན་ལག་བཅད་ཀྱང་ནི། །མི་འཁྲུགས་བཟོད་དང་ཚུལ་ཁྲིམས་ཀྱི། །གང་གི་ཚེ་འདོད་ཆགས་དང་མ་བྲལ་བ་བཞིན་དུ་ཡན་ལག་བཅད་ཀྱང་ཅུང་ཟད་ཀྱང་མི་འཁྲུགས་པ་འདི་འདིའི་ཚུལ་ཁྲིམས་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །སྐར་རྒྱལ་
བསྟོད་པས་བརྩོན་འགྲུས་ཀྱི། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། དེ་བཞིན་གཤེགས་པ་སྐར་རྒྱལ་ཕུག་ན་མེའི་ཁམས་སུ་སྙོམས་པར་ཞུགས་པ་མ་ཐོབ་ནས་རྐང་པ་གཅིག་གིས་འགྲེང་སྟེ། སྐྱེས་བུ་ཁྱུ་མཆོག་ཁྱོད་འདྲའི་དགེ་སྦྱོང་ཆེན་པོ་གཞན་དག་ལྷ་ཡུལ་ས་ལ་མེད། །
Vol. 141 · folio 189a
འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་དག་ནའང་ཡོད་མིན་ཕྱོགས་མཚམས་དག་ནའང་མེད། །རི་དང་ནགས་སུ་བཅས་པའི་ས་སྟེང་རྒྱས་པ་ཀུན་དུ་བསྐོར་བས་ག་ལ་ཡོད། །ཅེས་བྱ་བའི་ཚིགས་སུ་གཅད་པ་གཅིག་
གིས་བསྟོད་པ་དེའི་ཚེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ཡོངས་སུ་རྫོགས་ཏེ། བསྐལ་པ་དགུ་ཡང་བཟློག་གོ་ཞེས་གྲག་གོ། །བར་ཆད་མེད་ལ་ཏིང་འཛིན་བློའི། །བྱང་ཆུབ་དང་པོའི་དེ་མ་ཐག །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་
ཡོངས་སུ་རྫོགས་ཏེ། རང་རང་གི་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་པས་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །མདོ་ལས་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་དང་། ཚུལ་ཁྲིམས་ལས་བྱུང་བ་དང་བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་དང་། བསོད་ནམས་བྱ་བའི་གཞི་གསུམ་དུ་
གསུངས་པ་ཇི་ལྟར་ན་གསུམ་པོ་འདི་དག་བསོད་ནམས་བྱ་བའི་གཞི་ཡིན་ཞེ་ན། བསོད་ནམས་བྱ་དང་དེ་གཞི་དང་། །གསུམ་པོ་ཇི་ལྟར་ལས་ལམ་བཞིན། །གསུམ་པོ་འདི་དག་ནི་ཅི་རིགས་པར་བསོད་ནམས་ཀྱང་ཡིན་པས་ན་བསོད་ནམས་བྱ་བའི་གཞི་སྟེ། དཔེར་ན་དེ་དག་ནི་ལས་ཀྱང་ཡིན་ལ་
ལས་ཀྱི་ལམ་ཡིན་པ་དང་། ལས་ཀྱི་ལམ་འབའ་ཞིག་ཡིན་པས་ན་ལས་ཀྱི་ལམ་མོ་ཞེས་བཤད་པ་བཞིན་ནོ། །དེ་ལ་རེ་ཞིག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ལུས་དང་ངག་གི་ལས་ནི་རྣམ་པ་གསུམ་ཆར་ཡིན་ནོ། །དེས་ཀུན་ནས་བསླང་བའི་སེམས་པ་ནི་བསོད་ནམས་དང་བྱ་བ་
ཡིན་ནོ། །དེ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་ནི་བསོད་ནམས་འབའ་ཞིག་ཡིན་ནོ། །ཚུལ་ཁྲིམས་ལས་བྱུང་བ་ཡང་ལུས་དང་ངག་གི་ལས་འབའ་ཞིག་ནི་རྣམ་པ་གསུམ་ཆར་ཡིན་ནོ། །བསྒོམས་པ་ལས་བྱུང་བའི་བྱམས་པ་ནི་བསོད་ནམས་བྱ་བའི་གཞི་ཡིན་ནོ། །བྱམས་པའི་སྒོ་ནས་དེ་
དང་མཚུངས་པར་ལྡན་པའི་སེམས་པ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །དེ་དང་ལྷན་ཅིག་བྱུང་བའི་སེམས་པ་ནི་ཚུལ་ཁྲིམས་དང་བསོད་ནམས་བྱ་བ་ཡིན་ནོ། །དེ་དང་ལྷན་ཅིག་འབྱུང་བ་གཞན་དག་ནི་བསོད་ནམས་འབའ་ཞིག་ཡིན་ནོ། །སྦྱིན་པ་ཞེས་བྱ་བ་འདི་ཅི་ཡིན་གང་སྦྱིན་པར་བྱ་བ་
Vol. 141 · folio 189b
དེ་ཡང་སྦྱིན་པ་ཡིན་ན། འདིར་ནི། གང་གིས་སྦྱིན་བྱེད་དེས་སྦྱིན་པ། །འདིར་ནི་འཇིགས་པ་དང་། ལན་ལ་རེ་བ་དང་ཆགས་པ་ལ་སོགས་པ་སྦྱིན་པ་ནི་མི་འདོད་པས་དེའི་ཕྱིར་ཁྱད་པར་དུ་བྱ་བའི་ཕྱིར་སྨྲས་པ། མཆོད་དང་ཕན་གདགས་འདོད་པ་ཡིས། །གང་གིས་གཞན་དག་ལ་མཆོད་པ་དང་། ཕན་
གདགས་པར་འདོད་པ་གཉིས་ཀྱིས་སྦྱིན་པར་བྱེད་པའོ། །གང་གིས་སྦྱིན་པར་བྱེད་པ་ཞེས་བྱ་བ་དེ་གང་ཞིག་ཅེ་ན། ལུས་དང་ངག་ལས་སློང་དང་བཅས། །སློང་བ་ཡང་གང་ཞིག་ཅེ་ན། སེམས་དང་སེམས་ལས་བྱུང་བའི་ཚོགས་གང་གིས་དེ་སློང་བར་བྱེད་པའོ། །འདིར་སྨྲས་པ། གང་ཚེ་སྐྱེས་བུ་དགེ་ཡིད་
ཀྱིས། །རང་གི་རྫས་དག་སྦྱིན་བྱེད་པའི། །དེ་ཚེ་དགེ་བའི་ཕུང་པོ་རྣམས། །སྦྱིན་པ་ཞེས་ནི་བརྗོད་པ་ཡིན། །ཞེས་བྱ་བའོ། །དེ་འབྲས་ལོངས་སྤྱོད་ཆེན་པོ་ཉིད། །སྦྱིན་པ་དེ་ལྟ་བུ་དེ་ཡང་། །བདག་གཞན་དོན་ཕྱིར་གཉིས་དོན་ཕྱིར། །གཉིས་ཀའི་དོན་དུ་མིན་ཕྱིར་སྦྱིན། །དེ་ལ་འདོད་ཆགས་དང་མ་བྲལ་བའམ།
སོ་སོའི་སྐྱེ་བོ་འདོད་ཆགས་དང་མ་བྲལ་བ་གང་ཞིག་མཆོད་རྟེན་ལ་སྦྱིན་པ་སྦྱིན་པར་བྱེད་ན། དེས་ཕ་རོལ་པོ་དག་ལ་ཕན་འདོགས་པ་མེད་པའི་ཕྱིར་དེ་ནི་དེའི་བདག་ཉིད་ཀྱི་དོན་འབའ་ཞིག་གི་ཕྱིར་ཡིན་ནོ། །འཕགས་པ་འདོད་ཆགས་དང་བྲལ་བ་གང་ཞིག་སེམས་ཅན་ཕ་རོལ་པོ་དག་ལ་སྦྱིན་པ་སྦྱིན་པར་བྱེད་ན། དེས་དེ་
དག་ལ་ཕན་བཏགས་པའི་ཕྱིར་སྦྱིན་པ་དེ་གཞན་གྱི་དོན་གྱི་ཕྱིར་ནི་ཡིན་གྱི་དེའི་རྣམ་པར་སྨིན་པའི་ས་ལས་ཤིན་ཏུ་ཡང་དག་པར་འདས་པའི་ཕྱིར་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་མ་གཏོགས་པར་བདག་གི་དོན་གྱི་ཕྱིར་ནི་མ་ཡིན་ནོ། །འཕགས་པ་འདོད་ཆགས་དང་བྲལ་བའམ་སོ་སོའི་སྐྱེ་བོ་འདོད་ཆགས་དང་
མ་བྲལ་བ་གང་ཞིག་སེམས་ཅན་ཕ་རོལ་པོ་དག་ལ་སྦྱིན་པར་བྱེད་ཅེ་ན། སྦྱིན་པ་དེ་གཉི་གའི་དོན་གྱི་ཕྱིར་ཡིན་ནོ། །འཕགས་པ་འདོད་ཆགས་དང་བྲལ་བ་གང་ཞིག་མཆོད་རྟེན་ལ་སྦྱིན་པ་སྦྱིན་པར་བྱེད་ན། སྦྱིན་པ་དེ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་མ་གཏོགས་པར་གཉི་གའི་དོན་གྱི་ཕྱིར་ཡང་
མ་ཡིན་ཏེ། དེ་ནི་བཀུར་སྟི་དང་བྱས་པ་གཟོ་བ་འབའ་ཞིག་གིས་སྦྱིན་པར་བྱེད་དོ། །སྦྱིན་པའི་འབྲས་བུ་ལོངས་སྤྱོད་ཆེན་པོའོ་ཞེས་བྱ་བ་ནི་སྤྱིར་བསྟན་པའོ། །དེ་ཡི་ཁྱད་པར་སྦྱིན་བདག་དང་། །དངོས་དང་ཞིང་གི་ཁྱད་པར་ལས། །དེ་ནི་རེ་ཞིག །སྦྱིན་བདག་ཁྱད་འཕགས་དད་སོགས་ཀྱིས། །སྦྱིན་བདག་
Vol. 141 · folio 190a
གི་ཁྱད་པར་ནི་དད་པ་དང་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །སྦྱིན་བདག་དེ་ལྟ་བུའི་སྦྱིན་པ་དེའི་ཁྱད་པར་གྱིས་སྦྱིན་པའི་འབྲས་བུའི་ཕྱིར་ཁྱད་པར་དུ་འཕགས་པར་འགྱུར་ཏེ། སྦྱིན་བདག་དེ་ལྟ་བུ་དེ་ནི། གུས་ལ་སོགས་པས་སྦྱིན་པར་བྱེད།
གུས་པ་དང་། རང་གི་ལག་པ་དང་། དུས་དང་། གཞན་ལ་མི་གནོད་པར་སྦྱིན་པར་བྱེད་དེ། དེའི་ཕྱིར་བཀུར་སྟི་རྒྱ་ཆེན་དང་། དུས་དང་བར་ཆད་མེད་པར་རྙེད། །དེའི་ཕྱིར་སྦྱིན་བདག་དེའི་སྦྱིན་པ་དེ་ལྟ་བུ་བྱིན་པ་རིམ་པ་བཞིན་དུ་ཁྱད་པར་བཞིར་འགྱུར་ཏེ། བཀུར་སྟི་རྙེད་པར་འགྱུར། ལོངས་སྤྱོད་
རྒྱ་ཆེན་པོ་ལ་དད་པ་རྙེད་པར་འགྱུར། ལོངས་སྤྱོད་དུས་ལས་མི་ཡོལ་བར་དུས་སུ་རྙེད་པར་འགྱུར། ལོངས་སྤྱོད་བར་ཆད་མེད་པར་རྙེད་པར་འགྱུར་ཏེ། འདིའི་ལོངས་སྤྱོད་གཞན་དག་གིས་བར་དུ་མི་ཆོད་པར་འགྱུར། མེ་ལ་སོགས་པས་མེད་པར་མི་འགྱུར་རོ། །ཇི་ལྟར་ན་སྦྱིན་བདག་ཁྱད་པར་དུ་
འཕགས་པ་ཡིན་པ་དང་། དེའི་ཁྱད་པར་གྱིས་སྦྱིན་པའི་ཁྱད་པར་ཡང་བཤད་ཟིན་ཏོ། །ཡང་ཇི་ལྟར་ན་དངོས་པོ་ཁྱད་པར་དུ་འཕགས་པ་ཡིན་ཞེ་ན། ཁ་དོག་ལ་སོགས་ཕུན་སུམ་དངོས། །ཁྱད་པར་ཅན་ཞེས་བྱ་བར་སྦྱར་ཏེ། གལ་ཏེ་གང་སྦྱིན་པར་བྱེད་པ་དེ་ཁ་དོག་
དང་དྲི་དང་རོ་དང་རེག་བྱ་ཕུན་སུམ་ཚོགས་པ་ཡིན་ན། དེ་ལྟ་བུ་ནི་དངོས་པོ་ཁྱད་པར་དུ་འཕགས་པ་ཡིན་ནོ། །དངོས་པོ་དེ་འདྲ་བ་བྱིན་པས་ཅིར་འགྱུར་ཞེ་ན། རིམ་པ་བཞིན་དུ། གཟུགས་བཟང་གྲགས་དང་ལྡན་པ་དང་། །དགའ་དང་ཤིན་ཏུ་གཞོན་པ་དང་། །དུས་སུ་རེག་ན་བདེ་ལུས་ཕྱིར། །ཁ་དོག་
ཕུན་སུམ་ཚོགས་པ་བྱིན་པས་ནི་གཟུགས་བཟང་པོར་འགྱུར་རོ། །དྲི་ཕུན་སུམ་ཚོགས་པ་བྱིན་པས་ནི་དྲི་བཞིན་དུ་གྲགས་པས་ཕྱོགས་སུ་རྒྱས་པར་འགྱུར་རོ། །རོ་ཕུན་སུམ་ཚོགས་པ་བྱིན་པས་ནི་རོ་མངར་བཞིན་དུ་དགའ་བར་འགྱུར་རོ། །རེག་པ་ཕུན་སུམ་ཚོགས་པ་བྱིན་པས་ནི་ལུས་ཤིན་ཏུ་གཞོན་
པ་དང་། བུད་མེད་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ་དུས་སུ་རེག་ན་བདེ་བའི་ལུས་སུའང་འགྱུར་རོ། །ཡང་ཇི་ལྟར་ན་ཞིང་ཁྱད་པར་དུ་འཕགས་པ་ཡིན་ཞེ་ན། འགྲོ་དང་སྡུག་བསྔལ་ཕན་འདོགས་དང་། །ཡོན་ཏན་རྣམས་ཀྱི་ཞིང་ཁྱད་འཕགས། །རེ་ཞིག་འགྲོ་བའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་
Vol. 141 · folio 190b
པ་ནི། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་དུད་འགྲོའི་སྐྱེ་གནས་སུ་སོང་བ་ལ། སྦྱིན་པ་བྱིན་ན་སླར་རྣམ་པར་སྨིན་པ་བརྒྱ་འགྱུར་དུ་རེ་བར་བྱའོ། །ཚུལ་ཁྲིམས་འཆལ་བར་འགྱུར་བའི་མི་ལ་སྦྱིན་པ་བྱིན་པ་ན་སྟོང་འགྱུར་དུ་རེ་བར་བྱའོ་ཞེས་གསུངས་པ་ལྟ་བུའོ། །སྡུག་བསྔལ་གྱི་ཁྱད་པར་གྱིས་ཁྱད་པར་དུ་
འཕགས་པ་ནི་འདི་ལྟ་སྟེ། ནད་པ་དང་ནད་གཡོག་ལ་སྦྱིན་པ་བྱིན་ན་ཞེས་བྱ་བ་ལ་སོགས་པའོ། །ཕན་འདོགས་པའི་ཁྱད་པར་ནི་འདི་ལྟ་སྟེ། ཕ་མ་དང་གཞན་ཡང་ཕན་འདོགས་པ་རྣམས་ལའོ། །ཡོན་ཏན་གྱི་ཁྱད་པར་ནི་འདི་ལྟ་སྟེ། ཚུལ་ཁྲིམས་དང་ལྡན་པ་ལ་བྱིན་ན་རྣམ་པར་སྨིན་པ་འབུམ་
འགྱུར་ཞེས་བྱ་བ་ལ་སོགས་པའོ། །སྦྱིན་པ་ཐམས་ཅད་ཀྱི་ནང་ན། མཆོག་ནི་གྲོལ་བའི་གྲོལ་བ་ལའམ། །བྱང་ཆུབ་སེམས་དཔའ་ལ། སེམས་ཅན་ཐམས་ཅད་ལ་ཕན་པའི་རྒྱུར་བྱང་ཆུབ་སེམས་དཔའ་ལ་སྦྱིན་པ་གང་བྱིན་པ་ནི་དེ་གྲོལ་བ་མ་ཡིན་ཡང་མ་གྲོལ་བ་ལ་སྦྱིན་པ་མཆོག་ཡིན་ཏེ། དེ་ཡང་བཅོམ་
ལྡན་འདས་ཀྱིས་གང་དག་སྦྱིན་པ་བརྒྱད་དུ་གསུངས་པ་དེ་དག་ལས། བརྒྱད་པ། མ་གཏོགས་ཏེ་མཆོག་ཡིན་ཞེས་བྱ་བར་སྦྱར་རོ། །བརྒྱད་པ་གང་ཞེ་ན། ཉེ་བ་ལ་སྦྱིན་པ་དང་། འཇིགས་པས་སྦྱིན་པ་དང་། བདག་ལ་སྦྱིན་པས་སྦྱིན་པ་དང་། བདག་ལ་སྦྱིན་པར་འགྱུར་བས་སྦྱིན་པ་དང་། སྔོན་བདག་གི་ཕ་དང་
མེས་པོ་དག་གིས་སྦྱིན་པ་བྱིན་པས་སྦྱིན་པ་བྱིན་པ་དང་། མཐོ་རིས་དོན་དུ་སྦྱིན་པ་དང་། གྲགས་པའི་དོན་དུ་སྦྱིན་པ་དང་། སེམས་ཀྱི་རྒྱན་གྱི་དོན་དུ་སྦྱིན་པ་དང་། སེམས་ཀྱི་ཡོ་བྱད་ཀྱི་དོན་དང་། རྣལ་འབྱོར་གྱི་ཚོགས་ཀྱི་དོན་དང་། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་སྦྱིན་པ་སྦྱིན་པ་དང་། དེ་ལ་ཉེ་བར་སྦྱིན་པ་ནི།
སྔ་མ་དག་ན་རེ། ནམ་དྲུང་དུ་ཉེ་བར་འོངས་པ་ལ། སྦྱིན་པ་སྦྱིན་པའོ་ཞེས་ཟེར་རོ། །འཇིགས་པས་སྦྱིན་པ་ནི་གང་མེད་པར་བྱེད་པ་མངོན་སུམ་དུ་མཐོང་ནས་དམ་པ་སྦྱིན་ནོ་ཞེས་བྱ་བ་བྱེད་དོ། །ལྷག་མ་ནི་གོ་སླ་བས་རྣམ་པར་མ་ཕྱེའོ། །མདོ་ལས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ལ་
སྦྱིན་པ་བྱིན་ན། རྣམ་པར་སྨིན་པ་གཞལ་དུ་མེད་དོ། །དེ་བས་ཀྱང་རྒྱུན་དུ་ཞུགས་པ་ལ་སྦྱིན་ན་གཞལ་དུ་མེད་དོ་ཞེས་རྒྱ་ཆེར་གསུངས་མོད་ཀྱི་གཞན་ཡང་། ཕ་དང་མ་དང་ནད་པ་དང་། །ཆོས་སྨྲ་སྐྱེ་བ་ཐ་མ་ཡི། །བྱང་ཆུབ་སེམས་དཔའ་འཕགས་མིན་ལའང་། །སྦྱིན་པ་གཞལ་དུ་མེད་པ་
Vol. 141 · folio 191a
ཡིན། །ལྔ་པོ་འདི་དག་ནི་སོ་སོའི་སྐྱེ་བོ་ཡིན་ཡང་འབྲས་བུའི་སྒོ་ནས་སྦྱིན་པ་གཞལ་དུ་མེད་དོ། །དེ་ལ་སྐྱེ་བ་ཐ་མའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་སྲིད་པ་ཐ་མ་ཡིན་ནོ། །ཞིང་གི་ཁྱད་པར་རྣམ་པ་བཞི་ལ། ཆོས་སྨྲ་བའི་ཕྱོགས་གང་དུ་གཏོགས་པར་ལྟ་ཞེ་ན། དེ་ནི་སྐྱེ་དགུ་མ་རིག་
པས་ལྡོངས་པར་གྱུར་པ་རྣམས་ལ་ཤེས་རབ་ཀྱི་མིག་སྦྱིན་པར་བྱེད་པ་དང་། མཐུན་པ་དང་མི་མཐུན་པ་རབ་ཏུ་སྟོན་པར་བྱེད་པ་དང་། ཆོས་ཀྱི་སྐུ་ཟག་པ་མེད་པ་ཡང་མངོན་པར་གྲུབ་པར་བྱེད་པ་དང་། མདོར་ན་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་པ་ཡིན་པས་དགེ་བའི་བཤེས་གཉེན་ཆེན་པོ་སྟེ། ཕན་
འདོགས་པའི་ཕྱོགས་སུ་བལྟ་བར་བྱའོ། །ལས་རྣམས་ཀྱི་ལྕི་བ་དང་ཡང་བ་ཤེས་པར་འདོད་པས་མདོར་བསྡུ་ན་རྒྱུ་དྲུག་ཤེས་པར་བྱ་སྟེ། འདི་ལྟ་སྟེ། མཇུག་དང་ཞིང་དང་གཞི་དང་ནི། །སྦྱོར་དང་སེམས་ལ་བསམ་པ་དག །དེ་དག་ཆུང་དང་ཆེ་བ་ལས། །ལས་ཀྱང་ཆུང་དང་ཆེ་བ་ཉིད། །མཇུག་ཅེས་བྱ་བ་ནི་
བྱས་པའི་རྗེས་ལ་བྱེད་པ་གང་ཡིན་པའོ། །ཞིང་ཞེས་བྱ་བ་ནི་དེ་གང་དུ་ཕན་པ་དང་གནོད་པ་བྱེད་པའོ། །གཞི་ཞེས་བྱ་བ་ནི་ལས་ཀྱི་ལམ་མོ། །སྦྱོར་བ་ཞེས་བྱ་བ་ནི་དེའི་དོན་དུ་ལུས་དང་ངག་གི་ལས་བྱེད་པའོ། །སེམས་པ་ཞེས་བྱ་བ་ནི་ལས་ཀྱི་ལམ་མཐར་ཕྱིན་པར་བྱེད་པ་གང་ཡིན་པའོ། །བསམ་
པ་ནི་དེ་དག་ཏུ་དེ་དང་དེ་ལྟ་བུ་ཞིག་ནི་བྱའོ། །དེ་དང་དེ་ལྟ་བུ་ཞིག་ནི་ཕྱིས་བྱའོ་ཞེས་སེམས་པ་སྟེ། ལ་ལ་མཇུག་གིས་ཡོངས་སུ་བསྡུས་པ་ཉིད་ཀྱིས་ལས་ལྕི་བར་འགྱུར་ཏེ། རྣམ་པར་སྨིན་པ་ངེས་པར་གནས་པའི་ཕྱིར་རོ། །ལ་ལ་ནི་ཞིང་གི་ཁྱད་པར་ཉིད་ཀྱིས་ལྕི་བར་འགྱུར་རོ། །ལ་ལ་ནི་ཞིང་དེ་ཉིད་ལ་
གཞིའི་དབང་གིས་ལྕི་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །ཇི་ལྟར་ན་ཕ་དང་མ་ལ་སྲོག་གཅོད་པ་ལྟར་མ་བྱིན་པར་ལེན་པ་ལ་སོགས་པ་ནི་དེ་ལྟ་མ་ཡིན་པ་བཞིན་ཏེ། དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །གང་གིས་ཐམས་ཅད་ཆེ་བ་ཡིན་པ་དེའི་ལས་ཀྱང་ཤིན་ཏུ་ཆེས་ལྕི་བ་ཡིན་པར་རིག་
པར་བྱའོ། །གང་ཆུང་ངུ་ཡིན་པ་དེའི་ལས་ཀྱང་ཤིན་ཏུ་ཆུང་བ་ཡིན་པར་རིག་པར་བྱའོ། །ལས་བྱས་པ་དང་བསགས་པ་ཞེས་འབྱུང་བ་ལ། ཇི་ལྟར་ན་ལས་བསགས་པ་ཡིན་ཞེ་ན། རྒྱུ་ལྔས་ཡིན་ཏེ། བསམས་བཞིན་པ་དང་རྫོགས་པ་དང་། །མི་འགྱོད་གཉེན་པོ་མེད་པ་དང་། །འཁོར་དང་རྣམ་
Vol. 141 · folio 191b
པར་སྨིན་པ་ལས། །བསགས་པའི་ལས་ཞེས་བྱ་བ་ཡིན། །ཇི་ལྟར་ན་བསམས་བཞིན་གྱིས་ཡིན་ཞེ་ན། ཆེད་དུ་བསམས་ནས་བྱས་པ་ཡིན་གྱི་བློ་སྔོན་དུ་མ་བཏང་བ་ཡང་མ་ཡིན་ལ། བབ་ཅོལ་དུ་བྱས་པའང་མ་ཡིན་ནོ། །ཇི་ལྟར་ན་རྫོགས་པས་ཡིན་ཞེ་ན། ཁ་ཅིག་ནི་ཉེས་པར་སྤྱད་པ་གཅིག་གིས་ངན་སོང་
དུ་འགྲོ་ལ་ཁ་ཅིག་ནི་གསུམ་གྱི་བར་གྱིས་འགྲོ་བ་དང་། ཁ་ཅིག་ནི་ལས་ཀྱི་ལམ་གཅིག་གིས་ངན་སོང་དུ་འགྲོ་ལ་ཁ་ཅིག་ནི་བཅུའི་བར་གྱིས་འགྲོ་བ་དེ་ལ་གང་ཞིག་གིས་ཇི་ཙམ་གྱིས་དེར་འགྲོ་བར་འགྱུར་བའི་ལས་དེ་རྫོགས་པར་མ་བྱས་ན་ནི་མ་བསགས་པ་ཡིན་ནོ། །རྫོགས་ན་ནི་བསགས་པ་ཡིན་ནོ། །ཇི་
ལྟར་ན་མི་འགྱོད་པ་དང་། གཉེན་པོ་མེད་པས་ཡིན་ཞེ་ན། ལས་དེ་ལ་འགྱོད་པར་མི་བྱེད་ཅིང་། གཉེན་པོ་ལ་མི་བརྟེན་པ་ཡིན་ནོ། །ཇི་ལྟར་ན་འཁོར་ལས་ཡིན་ཞེ་ན། ལས་ཀྱི་ལམ་མི་དགེ་བ་ལ་ཡང་མི་དགེ་བའི་འཁོར་བརྟེན་པ་ཡིན་ནོ། །ཇི་ལྟར་ན་རྣམ་པར་སྨིན་པ་ལས་ཡིན་ཞེ་ན།
རྣམ་པར་སྨིན་པ་རྣམ་པར་ངེས་པ་ཡིན་ཏེ། དེ་བཞིན་དུ་དགེ་བ་ལ་ཡང་སྦྱར་བར་བྱའོ། །དེ་ལས་གཞན་དུ་བྱས་པའི་ལས་ནི་མ་བསགས་པ་ཡིན་ནོ། །འདོད་ཆགས་དང་བཅས་པའི་མཆོད་རྟེན་ལ་སྦྱིན་པ་བྱིན་པ་ནི་བདག་གི་དོན་དུའོ་ཞེས་བཤད་པ། དེ་ལ་སྤྱོད་པ་པོ་མེད་ན་ཇི་ལྟར་བསོད་ནམས་སུ་འགྱུར་ཞེ་ན།
བསོད་ནམས་ནི་རྣམ་པ་གཉིས་ཏེ། ཡོངས་སུ་བཏང་བའི་རྒྱུ་ལས་བྱུང་བ་ནི་ཡོངས་སུ་བཏང་བ་ཉིད་ལས་བྱུང་བ་གང་ཡིན་པའོ། །ཡོངས་སུ་སྤྱད་པའི་རྒྱུ་ལས་ནི་ཡོངས་སུ་སྤྱད་པ་ཉིད་ལས་བྱུང་བ་གང་ཡིན་པ་སྟེ། དེ་ལ། མཆོད་རྟེན་ལས་བཏང་རྒྱུས་བྱུང་བའི། །བསོད་ནམས། །ལོངས་སྤྱོད་པའི་རྒྱུ་ལས་བྱུང་
བ་ནི་མེད་དོ། །དེ་ལ་ལེན་པ་སུ་ཡང་མེད་ན་ཇི་ལྟར་ན་བསོད་ནམས་ཡིན་བླངས་པ་ཡོད་ན་ནི་བསོད་ནམས་ཡིན་གྱི་མེད་ན་ནི་མ་ཡིན་ནོ་ཞེས་བྱ་བ་ལ། རྒྱུ་ཅི་ཞིག་ཡོད། སུ་ལ་ཡང་ཕན་བཏགས་པ་མེད་པའི་ཕྱིར་རོ། །འདི་ནི་རྒྱུ་མ་ཡིན་ཏེ། གལ་ཏེ་གཞན་ལ་ཕན་བཏགས་པ་འབའ་ཞིག་ལས་བསོད་ནམས་
སུ་འགྱུར་ན་ནི་བྱམས་པ་ལ་སོགས་པ་ཚད་མེད་པ་དང་། ཡང་དག་པའི་ལྟ་བ་སྒོམ་པ་དག་ལ་མི་འགྱུར་རོ། །དེ་བས་ན་མཆོད་རྟེན་ལ་ཡང་བསོད་ནམས་སུ་འདོད་པར་བྱའོ། །ལེན་མེད་བྱམས་སོགས་བཞིན། དཔེར་ན་བྱམས་པ་ལ་སོགས་པ་ལ་ལེན་པའམ་གཞན་ལ་ཕན་འདོགས་པ་མེད་ཀྱང་།
Vol. 141 · folio 192a
རང་གི་སེམས་ལ་བསོད་ནམས་སྐྱེ་བ་ལྟར་དེ་བཞིན་དུ་ཡོན་ཏན་ཅན་འདས་ཀྱང་དེ་ལ་དད་པར་བྱས་ན་རང་གི་སེམས་ལ་བསོད་ནམས་སྐྱེ་བར་འགྱུར་རོ། །དེ་ལྟར་ན་ནི་སྦྱིན་པ་བྱིན་པ་དོན་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ལས་དེས་ཀུན་ནས་བསླང་བའི་དད་པ་ནི་ཆེས་མཆོག་ཡིན་པའི་
ཕྱིར་ཏེ། དཔེར་ན་དགྲ་ཤི་ཡང་དགྲ་བསད་པའི་བསམ་པ་དེས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་དགྲའི་འདུ་ཤེས་ཀྱིས་དེར་ཡང་བྱེད་ན། བསོད་ནམས་མ་ཡིན་པ་ཆེས་མང་དུ་སྐྱེ་བར་འགྱུར་གྱི་བསམ་པ་ཙམ་གྱིས་ནི་མ་ཡིན་པ་དེ་བཞིན་དུ་སྟོན་པ་འདས་ཀྱང་དེ་ལ་དད་པས་ཀུན་ནས་བསླང་བའི་སྦྱིན་པའི་
བྱ་བ་དག་བྱེད་ན། བསོད་ནམས་ཆེས་མང་དུ་སྐྱེ་བར་འགྱུར་གྱི་བསམ་པ་ཙམ་གྱིས་ནི་མ་ཡིན་ནོ། །གལ་ཏེ་ཞིང་བཟང་པོ་ལ་སྦྱིན་པ་བྱས་པས་འབྲས་བུ་ཡིད་དུ་འོང་བ་ཡིན་ན། དེ་ལྟར་ན་ཞིང་ངན་པ་ལ་ནི་འབྲས་བུ་ཡིད་དུ་མི་འོང་བར་འགྱུར་རོ་ཞེ་ན། རྒྱུ་ལ་འབྲས་བུ་མི་འཁྲུལ་ཕྱིར། །ངན་པའི་ཞིང་ལའང་
འབྲས་ཡིད་འོང་། །ཞིང་ངན་པ་ལ་ཡང་ས་བོན་ལས་འབྲས་བུ་མི་འཁྲུལ་པ་མཐོང་སྟེ། རྒུན་འབྲུམ་གྱི་ས་བོན་ལས་ནི་འབྲས་བུ་མངར་བ་ཉིད་སྐྱེ་ལ། ནིམ་པའི་ས་བོན་ལས་ནི་ནིམ་པའི་འབྲས་བུ་ཁ་བ་ཉིད་སྐྱེ་བ་ལྟར། དེ་བཞིན་དུ་ཞིང་ངན་པ་ལ་ཡང་གཞན་ལ་ཕན་པར་ཞུགས་པའི་ལྷག་པའི་བསམ་
པའི་སྦྱིན་པའི་ས་བོན་ལས་ནི་འབྲས་བུ་ཡིད་དུ་འོང་བ་ཉིད་དུ་འགྲུབ་ཀྱི་ཡིད་དུ་མི་འོང་བ་ནི་མ་ཡིན་ནོ། །ཞིང་ངན་པའི་སྐྱོན་གྱིས་ནི་ས་བོན་དེའི་འབྲས་བུ་ཆུང་བའམ། འབྲས་བུ་མེད་པར་ནི་མི་འགྱུར་རོ། །སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞིའི་ཞར་ལས་འོངས་པ་རྫོགས་སོ།། །།
ཚུལ་ཁྲིམས་ལས་བྱུང་བ་བརྗོད་པར་བྱ་སྟེ། དེ་སྨྲས་པ། འཆལ་པའི་ཚུལ་ཁྲིམས་མི་དགེའི་གཟུགས། །དེ་སྤོང་ཚུལ་ཁྲིམས། མི་དགེ་བའི་གཟུགས་ནི་འཆལ་བའི་ཚུལ་ཁྲིམས་ཞེས་བྱའོ། །དེ་སྤོང་བ་ནི་ཚུལ་ཁྲིམས་ཡིན་ནོ། །སྤོང་བའི་ཚུལ་ཁྲིམས་དེ་ཡང་རྣམ་གཉིས་སོ། །རྣམ་པར་རིག་
བྱེད་གང་གིས་སྤོང་བར་བྱེད་པ་དང་། རྣམ་པར་རིག་བྱེད་མ་ཡིན་པ་སྤོང་བ་གང་ཡིན་པའོ། །ཚུལ་ཁྲིམས་ནི་འཆལ་པའི་ཚུལ་ཁྲིམས་འབའ་ཞིག་ཀྱང་མ་ཡིན་ཏེ། ཇི་ལྟ་ཞེ་ན། སངས་རྒྱས་ཀྱིས་ནི་བཅས་ལས་ཀྱང་། །གང་རང་བཞིན་གྱིས་འཆལ་པའི་ཚུལ་ཁྲིམས་མ་ཡིན་ཡང་། སངས་རྒྱས་
Vol. 141 · folio 192b
ཀྱིས་བཅས་པ་དུས་མ་ཡིན་པའི་ཁ་ཟས་ལ་སོགས་ཏེ། དེ་བས་ན་ཚུལ་ཁྲིམས་ནི་སྤོང་བ་རྣམ་པ་གཉིས་ཡིན་ཏེ། བསླབ་པ་ནོས་པས་དེ་ལས་འདས་ན། འཆལ་པའི་ཚུལ་ཁྲིམས་སྐྱེ་བར་འགྱུར་རོ། །ཚུལ་ཁྲིམས་མདོར་བཤད་ཟིན་ཏོ། །ཡོན་ཏན་བཞིས་ནི་རྣམ་པར་དག །ཚུལ་ཁྲིམས་དེ་ནི་ཡོན་ཏན་རྣམ་པ་བཞིས་
རྣམ་པར་དག་པ་ཡིན་ནོ། །བཟློག་པ་ནི་རྣམ་པར་དག་པ་མ་ཡིན་ནོ། །ཇི་ལྟར་ན་ཡོན་ཏན་བཞི་ཡིན་ཞེ་ན། སྨྲས་པ། ཚུལ་ཁྲིམས་དེ་རྒྱུས་མ་སྨྲས་དང་། །ལ་བརྟེན། རེ་ཞིག་འཆལ་པའི་ཚུལ་ཁྲིམས་ཀྱིས་འཕན་མ་བྱུང་བ་ཡིན་པ་དང་། འཆལ་པའི་ཚུལ་ཁྲིམས་ཀྱི་རྒྱུན་ཆགས་པ་ལ་སོགས་པ་ཉོན་མོངས་པ་
དང་། ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ཀྱང་འཕན་མ་བྱུང་བ་ཡིན་པ་དང་། དྲན་པ་ཉེ་བར་གཞག་པ་ལ་བརྟེན་པའི་ཕྱིར་འཆལ་པའི་ཚུལ་ཁྲིམས་ཀྱི་གཉེན་པོ་ལ་ཡང་བརྟེན་པ་ཡིན་པ་དང་། མི་སྐྱེ་བའི་ཁྱད་པར་ལ་བརྟེན་པ་དང་། མྱ་ངན་ལས་འདས་པར་ཡོངས་སུ་བསྔོས་པའི་ཕྱིར་ཞི་བ་ལ་ཡང་བརྟེན་པ་ཡིན་ནོ། །གཞན་
དག་ན་རེ་རྒྱུ་ལྔས་ཏེ། དངོས་ཀྱི་ལས་ཀྱི་ལམ་རྣམ་པར་དག་པ་ཡིན་པ་དང་། ཉེར་བསྡོགས་ཀྱི་རྣམ་པར་དག་པ་ཡིན་པ་དང་། རྣམ་པར་རྟོག་པས་འཕན་མ་བྱུང་བ་ཡིན་པ་དང་། དྲན་པ་ཡོངས་སུ་གཟུང་བ་ཡིན་པ་དང་། མྱ་ངན་ལས་འདས་པར་ཡོངས་སུ་བསྔོས་པ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་
རེ་ཚུལ་ཁྲིམས་ནི་རྣམ་པ་བཞིའོ་ཞེས་ཟེར་ཏེ། འཇིགས་པའི་ཚུལ་ཁྲིམས་ནི་ནམ་འཚེ་བ་མེད་པ་དང་། མི་སྙན་པ་དང་། ཆད་པ་དང་། ངན་འགྲོས་འཇིགས་ནས་བསྲུང་བའོ། །ལེགས་སུ་སྨོན་པའི་ཚུལ་ཁྲིམས་ནི་སྲིད་པ་དང་། ལོངས་སྤྱོད་དང་། བཀུར་སྟི་ལ་ཆགས་ནས་བསྲུང་བ་གང་ཡིན་པའོ། །བྱང་
ཆུབ་ཀྱི་ཡན་ལག་གི་རྗེས་སུ་མཐུན་པའི་ཚུལ་ཁྲིམས་ནི་ཐར་པ་དོན་དུ་གཉེར་བ་ཡང་དག་པའི་ལྟ་བ་ཅན་རྣམས་ཀྱི་གང་ཡིན་པའོ། །ཡོངས་སུ་དག་པའི་ཚུལ་ཁྲིམས་ནི་དྲི་མ་མེད་པའི་ཕྱིར་ཟག་པ་མེད་པའོ། །ཚུལ་ཁྲིམས་རྫོགས་སོ།། །།བསྒོམ་པ་མཉམ་པར་གཞག་པ་ཡི། །དགེ་བ།
མཉམ་པར་གཞག་པ་ཞེས་བྱ་བ་འདི་ཇི་ཞིག་ཡིན་ཞེ་ན། ཏིང་ངེ་འཛིན་གྱི་རང་བཞིན་དེ་དང་ལྷན་ཅིག་འབྱུང་བ་གང་ཡིན་པའོ། །འདི་ཅི་ཕྱིར་བསྒོམ་པ་ཞེས་བྱ་ཞེ་ན། སེམས་ལ་བསྒོམ་ཕྱིར་རོ། །ཏིང་ངེ་འཛིན་དེ་ནི་སེམས་ལ་དགེ་བ་ཤིན་ཏུ་སྒོམ་པར་བྱེད་ཅིང་སེམས་ཀྱི་རྒྱུད་ཡོན་ཏན་གྱིས་དེའི་བདག་ཉིད་དུ་བྱེད་
Vol. 141 · folio 193a
དེ་མེ་ཏོག་གིས་ཏིལ་འབྲུ་བསྒོས་པ་བཞིན་ནོ། །རེ་ཞིག་སྦྱིན་པ་ནི་ལོངས་སྤྱོད་ཆེན་པོའི་ཕྱིར་འགྱུར་རོ་ཞེས་བཤད་ན། ཚུལ་ཁྲིམས་དང་བསྒོམ་པ་ཅིར་འགྱུར་ཞེ་ན། མཐོ་རིས་དོན་དང་ཚུལ་ཁྲིམས་དང་། །འབྲལ་བའི་དོན་དུ་བསྒོམ་གཙོའི་ཕྱིར། །སྦྱིན་པ་ཡང་མཐོ་རིས་ཀྱི་དོན་དུ་ནི་
འགྱུར་མོད་ཀྱི་ཚུལ་ཁྲིམས་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱང་བྲལ་བར་འགྱུར་བའི་ཕྱིར་ནི་ཡིན་མོད་ཀྱི་བསྒོམ་པ་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །མདོ་ལས་གང་ཟག་བཞི་ནི་ཚངས་པའི་བསོད་ནམས་བསྐྱེད་དོ་ཞེས་གསུངས་པ། ཚངས་པའི་བསོད་ནམས་གང་ཞིག་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་
བ་རྣམས་ན་རེ། མཚན་ཉིད་ཀྱི་རྣམ་པར་སྨིན་པར་འགྱུར་བའི་ལས་ཀྱི་ཚད་དུ་བཤད་པ་གང་ཡིན་པ་ཙམ་མོ་ཞེས་ཟེར་རོ། །སྔོན་གྱི་སློབ་དཔོན་དག་འཆད་པ་ནི། བསྐལ་པར་མཐོ་རིས་གནས་པའི་ཕྱིར་རོ། །ཚངས་པའི་བསོད་ནམས་བཞི་ཡིན་ནོ་ཞེས་ཟེར་ཏེ། བསོད་ནམས་ཅི་ཙམ་གྱིས་ན་བསྐལ་པར་མཐོ་
རིས་སུ་གནས་པར་འགྱུར་བ་འདི་ནི་ཚངས་པའི་བསོད་ནམས་ཏེ། དེ་ལ་ཚངས་པའི་མདུན་ན་འདོན་རྣམས་ཀྱི་ཚེ་ནི་བསྐལ་པ་ཡིན་པའི་ཕྱིར་རོ། །སྡེ་པ་གཞན་དག་གི་ཚིགས་སུ་བཅད་པ་ལས་ཀྱང་། ཚངས་པའི་བསོད་ནམས་བསྐྱེད་པ་ནི། །བསྐལ་པར་མཐོ་རིས་དག་ཏུ་གནས། །ཟང་ཟིང་གི་སྦྱིན་པ་
བཤད་ཟིན་ཏོ། །ཆོས་ཀྱི་སྦྱིན་པ་བཤད་པར་བྱ་སྟེ། །དེ་འདི་སྐད་ཅེས་བརྗོད་དོ། །མདོ་སོགས་ཉོན་མོངས་ཅན་མིན་པས། །ཡང་དག་ཇི་ལྟར་སྟོན་ཆོས་སྦྱིན། །ཉོན་མོངས་པ་ཅན་མ་ཡིན་པས་ཡང་དག་པ་ཇི་ལྟ་བ་བཞིན་སྟོན་པ་ནི་ཆོས་ཀྱི་སྦྱིན་པའོ། །དེའི་ཕྱིར་གང་དག་ཆོས་ལོག་པར་འཆད་པའམ།
རྙེད་པ་དང་། བཀུར་སྟི་དང་། གྲགས་པ་འདོད་པས་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཆོས་འཆད་པ་ནི་བདག་ཉིད་ཀྱི་བསོད་ནམས་ཆེར་ཉམས་པར་བྱེད་པ་ཡིན་ནོ། །བསོད་ནམས་བྱ་བའི་གཞིའི་བྱེ་བྲག་གིས་དགེ་བ་རྣམ་པ་གསུམ་བཤད་ཟིན་ཏོ། །ཡང་། བསོད་ནམས་མྱ་ངན་འདས་པ་དང་། །ངེས་འབྱེད་
ཆ་མཐུན་དགེ་རྣམ་གསུམ། །བསོད་ནམས་ཀྱི་ཆ་དང་མཐུན་པ་ནི་རྣམ་པར་སྨིན་པ་ཡིད་དུ་འོང་བའོ། །ཐར་པའི་ཆ་དང་མཐུན་པ་ནི་གང་སྐྱེས་ན་མྱ་ངན་ལས་འདའ་བར་འགྱུར་བ་སྟེ། གང་ལ་འཁོར་བའི་ཉེས་དམིགས་དང་། མྱ་ངན་ལས་འདས་པའི་ཡོན་ཏན་བསྔགས་པའི་གཏམ་ཐོས་ནས་སྤུ་ཟིང་བྱེད་པ་
Vol. 141 · folio 193b
དང་། མཆི་མ་ཀྲུག་ཅེས་བྱེད་པ་དེ་ལ་ནི་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཡོད་པར་ཤེས་པར་བྱ་སྟེ། དབྱར་ཡུལ་གྱི་སེར་གནས་མྱུ་གུ་སྐྱེ་བ་ལས་ས་བོན་ཡོད་པར་ཤེས་པ་བཞིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་དྲོ་བར་གྱུར་པ་ལ་སོགས་པ་རྣམ་པ་བཞི་ཡིན་ཏེ། འོག་ནས་བཤད་
པར་བྱའོ། །འཇིག་རྟེན་འདི་ན་ཡིག་འབྲུ་དང་། བརྒྱ་དང་། བགྲང་བ་དང་། སྙན་དངགས་དང་། གྲངས་ཞེས་བྱ་བ་གང་ཡིན་པ་དེ་དག་གི་རང་བཞིན་ཅི་ཡིན་ཞེ་ན། སྦྱོར་བས་རབ་ཏུ་བཅུག་པའི་ལས། །ཀུན་ནས་སློང་བཅས་རྣམ་པ་གསུམ། །ཡིག་འབྲུ་བརྒྱ་དང་གྲངས་བཅས་དང་། །སྙན་
དངགས་གྲངས་ཏེ་གོ་རིམས་བཞིན། །སྦྱོར་བས་རབ་ཏུ་བཅུག་པ་ཞེས་བྱ་བ་ནི་ཐབས་ཀྱི་བྱེ་བྲག་གིས་རབ་ཏུ་བཅུག་པའོ། །ལས་རྣམ་པ་གསུམ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་སོ། །དེ་ལ་རེ་ཞིག་ཡིག་འབྲུ་དང་བརྒྱ་ནི་ལུས་ཀྱི་ལས་སྦྱོར་བས་རབ་ཏུ་བཅུག་པ་ཀུན་ནས་སློང་བ་དང་བཅས་པ་
ཡིན་ནོ། །བགྲང་བ་དང་སྙན་དངགས་ནི་ངག་གི་ལས་ཏེ། དེ་དག་ནི་ཕུང་པོ་ལྔའི་རང་བཞིན་ནོ། །བགྲང་བ་ནི་ཡིད་ཀྱི་ལས་ཏེ་ཡིད་ལ་སྡོམ་པའོ། །ད་ནི་ཆོས་རྣམས་ཀྱི་རྣམ་གྲངས་འགའ་ཞིག་བརྗོད་པར་བྱ་སྟེ། བསྒྲིབས་ངན་ཁ་ན་མ་ཐོ་བཅས། །ཉོན་མོངས་ཅན་ཆོས་ཁ་ན་མ་ཐོ་བ་དང་བཅས་པ་
དང་། བསྒྲིབས་པ་དང་། ངན་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་རྣམ་གྲངས་ཡིན་ནོ། །དྲི་མེད་དགེ། གྱ་ནོམ། གྱ་ནོམ་པ་ཞེས་བྱ་བ་ནི་དགེ་བ་རྣམས་དང་ཟག་པ་མེད་པ་རྣམས་ཀྱི་རྣམ་གྲངས་ཡིན་ནོ། །ངན་པ་དང་གྱ་ནོམ་པ་གཉིས་ལས་གཞན་པ་ནི་བར་མ་ཞེས་བྱ་བར་གྲུབ་པོ། །འདུས་
བྱས་དགེ་བསྟེན་བྱ། བསྟེན་པར་བྱ་བ་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་དགེ་བའི་རྣམ་གྲངས་ཡིན་ནོ། །ལྷག་མ་རྣམས་ནི་བསྟེན་པར་བྱ་བ་མ་ཡིན་པ་ཞེས་བྱ་བར་གྲུབ་པོ། །ཅིའི་ཕྱིར་འདུས་མ་བྱས་བསྟེན་པར་བྱ་བ་མ་ཡིན་ཞེ་ན། གོམས་པར་བྱར་མི་རུང་བའི་ཕྱིར་དང་། འབྲས་བུ་དོན་དུ་བསྟེན་པ་ཡིན་ན་འབྲས་
བུ་ཡང་མེད་པའི་ཕྱིར་རོ། །ཆོས་གཞན་ཐམས་ཅད་ནི་བླ་མ་དང་བཅས་པ་ཡིན་ནོ། །ཐར་པ་བླ་ན་མེད་པ་ཡིན། །མྱ་ངན་ལས་འདས་པ་ལས་ཁྱད་པར་ཅན་ནི་ཡོད་པ་མ་ཡིན་ཏེ། དེ་ནི་དགེ་བ་དང་རྟག་པ་ཡིན་པའི་ཕྱིར་ཐམས་ཅད་པས་ཁྱད་པར་ཅན་ཡིན་ནོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་མདོ་དང་
Vol. 141 · folio 194a
མཐུན་པ་ལས། ལས་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་བཞི་པའོ།། །།ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་བཤད་པ་ལས་དེ་དག་ཀྱང་ཕྲ་རྒྱས་ཀྱི་དབང་གིས་བསགས་པར་འགྱུར་གྱི་ཕྲ་རྒྱས་མེད་པར་ནི་སྲིད་པ་མངོན་པར་མི་འགྲུབ་པའི་ཕྱིར། སྲིད་པའི་
རྩ་བ་ཕྲ་རྒྱས་ཡིན་པར་རིག་པར་བྱའོ། །དེ་དག་ཀྱང་མདོར་བསྡུ་ན། དྲུག། དྲུག་གང་ཞེ་ན། འདོད་ཆགས་དེ་བཞིན་ཁོང་ཁྲོ་དང་། །ང་རྒྱལ་མ་རིག་ལྟ་བ་དང་། །ཐེ་ཚོམ་དག་སྟེ་དེ་དྲུག་ཀྱང་། །འདོད་ཆགས་དབྱེ་བས་བདུན་དུ་བཤད། །མདོ་ལས་འདོད་ཆགས་ཕྱེ་ནས་ཕྲ་རྒྱས་དྲུག་པོ་དེ་དག་
ལས་བདུན་དུ་བཤད་དེ། །འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་དང་། ཁོང་ཁྲོའི་འདོད་ཆགས་ཀྱི་ཕྲ་རྒྱས་དང་། སྲིད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་དང་། ང་རྒྱལ་གྱི་ཕྲ་རྒྱས་དང་། མ་རིག་པའི་ཕྲ་རྒྱས་དང་། ལྟ་བའི་ཕྲ་རྒྱས་དང་། ཐེ་ཚོམ་གྱི་ཕྲ་རྒྱས་སོ། །སྲིད་པའི་འདོད་ཆགས་ཞེས་བྱ་བ་འདི་ཅི་ཞིག་
ཡིན་ཞེ་ན། ཁམས་གཉིས་ལས་སྐྱེས་སྲིད་འདོད་ཆགས། །གཟུགས་དང་གཟུགས་མེད་པའི་ཁམས་ལས་སྐྱེས་པ་ནི་སྲིད་པའི་འདོད་ཆགས་སུ་བཤད་དོ། །ཅིའི་ཕྱིར་དེ་སྐད་དུ་བཤད་ཅེ་ན། ནང་དུ་ཁ་བལྟས་ཕྱིར་དང་དེར། །ཐར་པའི་འདུ་ཤེས་བཟློག་ཕྱིར་བཤད། །དེ་དག་ནི་ཕལ་ཆེར་
སྙོམས་པར་འཇུག་པ་ལས་འདོད་ཆགས་པ་ཡིན་ལ། དེ་ཡང་ཁ་ནང་དུ་བལྟས་པ་ཡིན་པ་དང་། ཁ་ཅིག་ཁམས་དེ་ཉིད་ལ་ཐར་པར་འདུ་ཤེས་པ་བཟློག་པའི་ཕྱིར་དེ་བས་ན་སྲིད་པའི་འདོད་ཆགས་ཞེས་བཤད་དོ། །ཇི་ལྟར་ཆོས་མངོན་པ་ལས་ནི་ཕྲ་རྒྱས་དྲུག་པོ་དེ་དག་ཕྱེ་ནས་ལས་བཅུར་ཡང་བཤད་དེ།
ཇི་ལྟར་བྱས་པས་ཤེ་ན། ལྟ་བ་ལྔ་སྟེ་འཇིག་ཚོགས་དང་། །ལོག་དང་མཐར་འཛིན་ལྟ་བ་དང་། །ལྟ་བ་དང་ནི་ཚུལ་ཁྲིམས་དང་། །བརྟུལ་ཞུགས་མཆོག་ཏུ་འཛིན་དང་བཅུ། །ཕྲ་རྒྱས་དྲུག་ལས་ལྟ་བ་ལ་རྣམ་པ་ལྔར་བྱས་ན་བཅུར་འགྱུར་ཏེ། ལྟ་བའི་རང་བཞིན་ལྔ་ནི། འཇིག་ཚོགས་ལ་ལྟ་བ་
དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ལྟ་བའི་རང་བཞིན་མ་ཡིན་པ་ལྔ་སྟེ། འདོད་ཆགས་དང་ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ཐེ་ཚོམ་མོ། །ཡང་ཆོས་མངོན་
Vol. 141 · folio 194b
པ་ལས་ཕྲ་རྒྱས་བཅུ་པོ་དེ་དག་ལས་འདོད་པའི་ཁམས་དང་ལྡན་པ་སུམ་ཅུ་རྩ་དྲུག་དང་། གཟུགས་ཀྱི་ཁམས་དང་ལྡན་པ་སུམ་ཅུ་རྩ་གཅིག་དང་། གཟུགས་མེད་པའི་ཁམས་དང་ལྡན་པ་སུམ་ཅུ་རྩ་གཅིག་སྟེ། དགུ་བཅུ་རྩ་བརྒྱད་དུའང་འཆད་དོ། །ཇི་ལྟ་ཞེ་ན། ཁམས་གསུམ་པའི་ཕྲ་རྒྱས་དེ་
དག་ནི་མདོར་བསྡུ་ན་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའོ། །དེ་ལ་རེ་ཞིག་འདོད་པའི་ཁམས་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བ་ནི་སུམ་ཅུ་རྩ་གཉིས་ཏེ། གང་ཞེ་ན། སྨྲས་པ། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །འདོད་པའི་སྡུག་བསྔལ་
ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །དེ་ལྟར་ཕྲ་རྒྱས་བཅུར་བཤད་པ་གང་ཡིན་པ་དེ་དག་ལས། འདོད་པའི་ཁམས་དག་ན་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཅུ་ཆར་ཡང་ཡོད་དོ། །ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ནི་དེ་ཉིད་ལས་བདུན་ཡིན་ལ། འགོག་པ་མཐོང་བས་སྤང་
བར་བྱ་བ་ཡང་བདུན་ཏེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་མ་གཏོགས་སོ། །ལམ་མཐོང་བས་སྤང་བར་བྱ་བ་ནི་བརྒྱད་དེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་མ་གཏོགས་སོ། །དེ་ལྟར་
ན་འདོད་པའི་ཁམས་ཀྱི་ཕྲ་རྒྱས་མཐོང་བས་སྤང་བར་བྱ་བ་ནི་སུམ་ཅུ་རྩ་གཉིས་པོ་དེ་དག་ཡིན་ཏེ། བདེན་པ་རྣམས་མཐོང་བ་ཙམ་གྱིས་སྤོང་བའི་ཕྱིར་རོ། །བཞི་ནི་བསྒོམ་པས་སྤང་བྱ་སྟེ། །འདི་ལྟ་སྟེ་འདོད་ཆགས་དང་། ཁོང་ཁྲོ་བ་དང་། མ་རིག་པ་དང་། ང་རྒྱལ་ལོ། །བདེན་པ་མཐོང་བའི་འོག་ཏུ་ལམ་གོམས་
པར་བྱས་པས་སྤོང་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་འཇིག་ཚོགས་ལ་ལྟ་བ་ནི་རྣམ་པ་གཅིག་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ལ། མཐར་འཛིན་པར་ལྟ་བའང་དེ་བཞི་ཡིན་ནོ། །ལོག་པར་ལྟ་བ་ནི་རྣམ་པ་བཞི་སྟེ། སྡུག་བསྔལ་དང་ཀུན་འབྱུང་དང་། འགོག་པ་དང་། ལམ་མཐོང་བས་སྤང་
བར་བྱ་བ་ཡིན་ལ། ལྟ་བ་མཆོག་དུ་འཛིན་པ་དང་། ཐེ་ཚོམ་ཡང་དེ་བཞིན་ནོ། །ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་དུ་འཛིན་པ་ནི་རྣམ་པ་གཉིས་ཏེ། སྡུག་བསྔལ་དང་ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་རྣམས་ནི་
Vol. 141 · folio 195a
རྣམ་པ་ལྔ་སྟེ། བདེན་པ་བཞི་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་ཡིན་ཏེ། དེ་བས་ན་དེ་དག་ནི་ལྟ་བ་བཅུ་གཉིས་ཡིན་ནོ། །ཐེ་ཚོམ་ནི་བཞི་ཡིན་ནོ། །འདོད་ཆགས་ནི་ལྔ་ཡིན་ནོ། །ཁོང་ཁྲོ་བ་ཡང་ལྔ་ཡིན་ནོ། །ང་རྒྱལ་ཡང་ལྔ་ཡིན་ནོ། །མ་རིག་པ་ཡང་ལྔ་ཡིན་ཏེ། དེ་ལྟར་
ན་འདོད་པ་ན་སྤྱོད་པའི་ཕྲ་རྒྱས་ནི་སུམ་ཅུ་རྩ་དྲུག་པོ་དེ་དག་ཡིན་ནོ། །དེ་ཉིད་ཁོང་ཁྲོ་མ་གཏོགས་ལ། །གཟུགས་ཁམས། དེ་དག་ཉིད་ལས་ཁོང་ཁྲོ་བ་རྣམ་པ་ལྔ་ལྔ་བོར་ནས། གཟུགས་ཀྱི་ཁམས་ཀྱི་ཕྲ་རྒྱས་ནི་སུམ་ཅུ་རྩ་གཅིག་ཡིན་ནོ། །གཟུགས་ཀྱི་ཁམས་ཇི་ལྟ་བར། དེ་བཞིན་གཟུགས་མེད་ཁམས།
ཕྲ་རྒྱས་སུམ་ཅུ་རྩ་གཅིག་ཡིན་ཏེ། དེ་ལྟར་དགུ་བཅུ་བརྒྱད་དུ་འདོད། །དེ་ལྟར་ན་ཆོས་མངོན་པ་པ་དག་ནི་ཕྲ་རྒྱས་དྲུག་པོ་དེ་དག་ལས་བྱེ་བྲག་དང་། རྣམ་པ་དང་། ཁམས་ཀྱི་དབྱེ་བས་དྲུག་ཅུ་རྩ་བརྒྱད་དུ་འདོད་དོ། །ཇི་དེ་ལྟར་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་སུ་བཤད་པ་གང་ཡིན་པ་དེ་དག་མཐོང་བ་འབའ་ཞིག་གིས་
སྤོང་ངམ་ཞེ་ན། སྨྲས་པ། མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། སྲིད་རྩེ་ལས་སྐྱེས་བཟོད་པ་ཡིན། །སྤང་བྱ་མཐོང་བས་སྤང་བྱ་ཉིད། །གང་དག་སྲིད་པའི་རྩེ་མོའི་ས་ལས་སྐྱེས་པ་རྗེས་སུ་ཤེས་པའི་བཟོད་པས་སྤང་བར་བྱ་བ་དེ་དག་ནི་མཐོང་བས་སྤང་བར་བྱ་བ་ཉིད་ཡིན་གྱི། བསྒོམ་པས་སྤང་བར་བྱ་བ་ནི་མ་ཡིན་ནོ། །ལྷག་
སྐྱེས་མཐོང་དང་བསྒོམ་གཉིས་ཀྱིས། །བཟོད་པས་སྤང་བར་བྱ་བ་ཞེས་སྦྱར་ཏེ། ས་ལྷག་མ་དག་གི་ཕྲ་རྒྱས་ཆོས་དང་རྗེས་སུ་ཤེས་པའི་བཟོད་པས་སྤང་བར་བྱ་བ་ནི་ཅི་རིགས་པར་འཕགས་པ་རྣམས་ཀྱི་ནི་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །བཟོད་
མིན་སྤང་བྱ་བསྒོམ་གཉིས་ཀྱིས། །ས་ཐམས་ཅད་ཀྱི་ཕྲ་རྒྱས་གང་དག་ཤེས་པས་སྤང་བར་བྱ་བ་དེ་དག་ནི་གཉི་གའི་ཡང་རྟག་ཏུ་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །ལྟ་བ་ལྔ་པོ་རྣམས་མིང་གི་སྒོ་ནས་བསྟན་གྱི་རང་བཞིན་གྱི་སྒོ་ནས་ནི་མ་བསྟན་པས། དེ་དག་གི་རང་བཞིན་ཅི་ཞེ་ན། བདག་དང་བདག་གི་རྟག་
ཆད་དང་། མེ་དང་དམན་ལ་མཆོག་ལྟ་དང་། །རྒྱུ་མིན་ལམ་མིན་དེར་ལྟ་བས། །དེ་དག་ལྟ་བ་ལྔ་ཡིན་ནོ། །བདག་གམ་བདག་གིར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་ཡིན་ནོ། །འཇིག་པས་ན་འཇིག་པའོ། །བསྩགས་པས་ན་ཚོགས་པ་སྟེ། མང་པོ་ཞེས་བྱ་བའི་དོན་ཏོ། །འདི་ནི་
Vol. 141 · folio 195b
འཇིག་པ་ཡང་ཡིན་ལ་ཚོགས་པ་ཡང་ཡིན་པས་ན་འཇིག་ཚོགས་ཏེ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་སོ། །རྟག་པར་འདུ་ཤེས་པ་དང་རིལ་པོར་འདུ་ཤེས་པ་སྤོང་བའི་ཕྱིར་དེ་སྐད་དུ་བཤད་དེ། འདི་དག་གི་སྔོན་དུ་འགྲོ་བ་ནི་དེ་དག་ལ་བདག་ཏུ་འཛིན་པ་ཡིན་ནོ། །འཇིག་ཚོགས་ལ་ལྟ་བས་ན་འཇིག་ཚོགས་
ལྟ་བའོ། །ཟག་པ་དང་བཅས་པ་ལ་དམིགས་པའི་ལྟ་བ་ཐམས་ཅད་ཀྱང་འཇིག་ཚོགས་ལ་ལྟ་བ་ཡིན་ནོ། །ཅིའི་ཕྱིར་བདག་དང་བདག་གིར་ལྟ་བ་འབའ་ཞིག་འཇིག་ཚོགས་ལ་ལྟ་བ་ཞེས་བཤད་ཅེ་ན། ཅི་ནས་ཀྱང་ལྟ་བ་འདི་ནི་འཇིག་ཚོགས་ལ་ཡིན་གྱི། བདག་གམ་བདག་གི་ལ་ནི་མ་ཡིན་ནོ་ཞེས་རྟོགས་
པར་བྱ་བའི་ཕྱིར་རོ། །བདག་ཏུ་མངོན་པར་དགའ་བའི་དངོས་པོ་དེ་ཉིད་ལས་རྟག་པར་ལྟ་བའམ་ཆད་པར་ལྟ་བའམ་མཐར་འཛིན་པར་ལྟ་བ་སྟེ། རྟག་པ་དང་ཆད་པའི་མཐར་འཛིན་པའི་ཕྱིར་རོ། །སྡུག་བསྔལ་ལ་སོགས་པའི་བདེན་པ་ཡོད་ན་མེད་དོ་ཞེས་བྱ་བ་ནི་ལོག་པར་ལྟ་བའོ། །དམན་པ་ལ་
མཆོག་ཏུ་ལྟ་བ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བ་འདི་དང་ལམ་མ་ཡིན་པ་ལ་ལམ་དུ་ལྟ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །གལ་ཏེ་རྒྱུ་མ་ཡིན་པ་ལ་རྒྱུར་ལྟ་བ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡིན་ན། ཅིའི་ཕྱིར་ཀུན་འབྱུང་
མཐོང་བས་སྤང་བར་བྱ་བ་མ་ཡིན་ཞེ་ན། གང་ལ་ལ་དག་དབང་ཕྱུག་གམ་སྐྱེ་དགུའི་བདག་པོ་ལ་རྒྱུར་ལྟ་བ་དེ་དག་ལ་རྟག་པ་དང་། གཅིག་པ་དང་བདག་དང་བྱེད་པ་པོར་མངོན་པར་ཞེན་ནས་ལྟ་སྟེ། དེའི་ཕྱིར་དེ་ནི། ཕྱིན་ཅི་ལོག་ཕྱིར་དབང་ཕྱུག་སོགས། །བདག་རྟག་རྒྱུར་ནི་མངོན་ཞེན་
པ། །བར་དུ་འཇུག་པས་དེ་ཕྱིར་རོ། །སྡུག་བསྔལ་མཐོང་བས་སྤང་བྱ་ཉིད། །དེ་དག་ལ་བདག་དང་རྟག་པར་འཛིན་པ་དེ་གཉིས་ནི་སྡུག་བསྔལ་མཐོང་བ་ཉིད་ཀྱིས་སྤོང་བས། དེ་བས་ན་ངེས་བྱས་སོ་ཞེས་རྒྱུར་མངོན་པར་ཞེན་ན་ཡང་དེ་ཉིད་ཀྱང་སྤོང་བར་བྱེད་དོ། །ཕྱིན་ཅི་ལོག་པའི་ཕྱིར་བདག་དང་རྟག་
པར་མངོན་པར་ཞེན་ཏོ་ཞེས་བཤད་པ་གང་ཡིན་པ། ཅི་ཕྱིན་ཅི་ལོག་དེ་གཉིས་འབའ་ཞིག་ཏུ་ཟད་དམ་ཞེ་ན། ཕྱིན་ཅི་ལོག་ནི་བཞི་སྟེ། མི་རྟག་པ་ལ་རྟག་པ་དང་། སྡུག་བསྔལ་བ་ལ་བདེ་བ་དང་། མི་གཙང་བ་ལ་གཙང་བ་དང་། བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པའོ། །ཡང་ཕྱིན་ཅི་ལོག་
Vol. 141 · folio 196a
བཞི་པོ་འདི་དག་གི་རང་བཞིན་ཅི་ཡིན་ཞེ་ན། ལྟ་བ་གསུམ་ལས་ཕྱིན་ཅི་ལོག་བཞི་སྟེ། མཐར་འཛིན་པར་ལྟ་བ་དང་། རྟག་པར་ལྟ་བ་ལས་ནི་རྟག་པར་ཕྱིན་ཅི་ལོག་གོ། །ལྟ་བ་མཆོག་ཏུ་འཛིན་པ་ལས་ནི་བདེ་བ་དང་གཙང་བར་ཕྱིན་ཅི་ལོག་གོ། །འཇིག་ཚོགས་ལ་
ལྟ་བ་ལས་ནི་བདག་ཏུ་ཕྱིན་ཅི་ལོག་གོ། །ཅིའི་ཕྱིར་ཉོན་མོངས་པ་གཞན་དག་ཀྱང་ཕྱིན་ཅི་ལོག་མ་ཡིན་ནམ་ཞེ་ན། འདི་ལྟར་རྒྱུ་གསུམ་དག་གིས་ཕྱིན་ཅི་ལོག་དག་ཏུ་རྣམ་པར་གཞག་སྟེ། གསུམ་གང་གིས་ཤེ་ན། ཕྱིན་ཅི་ལོག་ཕྱིར་དང་། ངེས་རྟོགས་ཕྱིར་དང་སྒྲོ་འདོགས་ཕྱིར། །དམིགས་པ་ལ་
ཕྱིན་ཅི་ལོག་པའི་ཕྱིར་དང་། ངེས་པར་རྟོགས་པའི་ཕྱིར་དང་། སྒྲོ་འདོགས་པའི་ཕྱིར་རོ། །དེ་ལ་ཆད་པར་ལྟ་བ་དང་ལོག་པར་ལྟ་བ་ནི་མེད་པའི་སྒོར་ཞུགས་པའི་ཕྱིར་སྒྲོ་འདོགས་པ་མ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི། དག་པ་དེ་ཙམ་ཞིག་ལ་དམིགས་པ་ཡིན་
པའི་ཕྱིར་གཅིག་ཏུ་ཕྱིན་ཅི་ལོག་པ་མ་ཡིན་ནོ། །ཉོན་མོངས་པ་གཞན་ནི་ངེས་པར་མི་རྟག་པ་དང་། ལྟ་བའི་རང་བཞིན་ནི་མ་ཡིན་པས་དེའི་ཕྱིར་ཕྱིན་ཅི་ལོག་མ་ཡིན་ནོ། །མདོ་ལས་མི་རྟག་པ་ལ་རྟག་པར་ལྟ་བ་ཞེས་བྱ་བ་ནི་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་གོ་
ཞེས་གསུངས་པ་གང་ཡིན་པ་འདིར་ནི་ལྟ་བ་འབའ་ཞིག་ཕྱིན་ཅི་ལོག་ཡིན་གྱི། སེམས་དང་འདུ་ཤེས་དེའི་དབང་གིས། །ལྟ་བ་ཕྱིན་ཅི་ལོག་པའི་དབང་ཉིད་ཀྱིས་དེ་དང་མཚུངས་པར་ལྡན་པའི་འདུ་ཤེས་དང་། སེམས་ཀྱང་ཕྱིན་ཅི་ལོག་ཏུ་བཤད་དོ། །ཡང་ཇི་ལྟ་བའི་ཕྲ་རྒྱས་འབའ་ཞིག་ལ་དབྱེ་བ་ཡོད་ཀྱི་
གཞན་ལ་ནི་མ་ཡིན་ནམ་ཞེ་ན། ང་རྒྱལ་ལ་ཡང་ཡོད་དེ། ཇི་ལྟར་ཞེ་ན་སྨྲས་པ། ང་རྒྱལ་བདུན། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། །ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་ལོ། །བྱེ་བྲག་མེད་
པར་སེམས་ཁེངས་པ་ལས་ང་རྒྱལ་ཞེས་བཤད་དོ། །དེ་འཇུག་པའི་བྱེ་བྲག་ལས་ནི་རྣམ་པ་བདུན་དུ་འགྱུར་ཏེ། ཆུང་ངུ་བས་བདག་ཆེ་བའམ། མཉམ་པ་དང་མཉམ་མོ་སྙམ་དུ་སེམས་ཤིང་ཁེངས་པ་ནི་ང་རྒྱལ་ལོ། །མཉམ་པས་བདག་ཆེའོ་སྙམ་དུ་སེམས་པ་ནི་ལྷག་པའི་ང་རྒྱལ་ལོ། །ཆེ་བ་བས་ཀྱང་བདག་
Vol. 141 · folio 196b
ཆེའོ་སྙམ་དུ་སེམས་པ་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ལོ། །ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་གམ་བདག་གིར་སེམས་པ་ནི་ངའོ་སྙམ་པའི་ང་རྒྱལ་ལོ། །ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པར་བདག་གིས་ཐོབ་བོ་སྙམ་དུ་སེམས་པ་ནི་མངོན་པའི་ང་རྒྱལ་ལོ། །ཁྱད་པར་ཆེས་འཕགས་པ་བས་བདག་ཅུང་ཟད་ཅིག་གིས་
དམན་ནོ་སྙམ་དུ་སེམས་པ་ནི་ཅུང་ཟད་སྙམ་པའི་ང་རྒྱལ་ལོ། །ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་དུ་སེམས་པ་ནི་ལོག་པའི་ང་རྒྱལ་ལོ། །བསྟན་བཅོས་ལས་ང་རྒྱལ་རྣམ་པ་དགུ་སྟེ། བདག་མཆོག་ཡིན་ནོ་སྙམ་པའི་ང་རྒྱལ་གྱི་རྣམ་པ་དང་། བདག་དང་འདྲའོ་སྙམ་པའི་ང་
རྒྱལ་གྱི་རྣམ་པ་དང་། བདག་ཆུང་ངོ་སྙམ་པའི་ང་རྒྱལ་གྱི་རྣམ་པ་དང་། བདག་པས་མཆོག་ཡོད་དོ། །བདག་དང་མཉམ་པ་ཡོད་དོ། །བདག་པས་དམན་པ་ཡོད་དོ། །བདག་པས་མཆོག་མེད་དོ། །བདག་དང་མཉམ་པ་མེད་དོ། །བདག་པས་དམན་པ་མེད་ཅེས་བཤད་པ་གང་ཡིན་པ་ནི་ང་རྒྱལ་འདི་དག་ཉིད་ལས། དེ་དག། རྣམ་
དགུ་གསུམ་ལས་གསུམ་གང་ལས་ཤེ་ན། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ཆུང་བའི་ང་རྒྱལ་ལས་ཏེ། དེ་ལས་དང་པོའི་གསུམ་ནི། ལྟ་བ་ལ་བརྟེན་པའི་ང་རྒྱལ་གསུམ་སྟེ། ལྷག་པའི་ང་རྒྱལ་དང་། ང་རྒྱལ་དང་། ཆུང་བའི་ང་རྒྱལ་རྣམས་སོ། །གཉིས་པའི་གསུམ་ནི་ཆུང་བའི་
ང་རྒྱལ་དང་། ང་རྒྱལ་དང་ལྷག་པའི་ང་རྒྱལ་རྣམས་སོ། །གསུམ་པའི་གསུམ་ནི་ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ཆུང་བའི་ང་རྒྱལ་རྣམས་སོ། །ཡང་ང་རྒྱལ་བདུན་པོ་དེ་དག་ཅི་ཞིག་གིས་སྤང་བར་བྱ་བ་ཡིན་ཞེ་ན། སྨྲས་པ། མཐོང་བ་དང་། བསྒོམ་པས་ཟད་བྱ་བ། དེ་དག་ནི་མཐོང་བ་དང་
བསྒོམ་པ་གཉིས་ཀྱིས་ཟད་པར་བྱ་བ་སྟེ། དེ་ནི་འདི་སྐད་དུ་ཐམས་ཅད་ཀྱང་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །བསྒོམ་པས་སྤང་བར་བྱ་བ་མ་སྤངས་པ་གང་ཡིན་པ་དེ་འཕགས་པ་རྣམས་གདོན་མི་ཟ་བར་ཀུན་དུ་སྤྱོད་དམ་ཞེ་ན། ངེས་པ་མེད་དེ། འདི་ལྟ་སྟེ། བསྒོམ་
པས་སྤང་བར་བྱ་བ་ནི། གསོད་སོགས་ཀུན་ནས་དཀྲིས་པའོ། །ཉོན་མོངས་པ་ཀུན་ནས་དཀྲིས་པ་གང་གིས་བསམས་བཞིན་དུ་སྲོག་གཅོད་པར་བྱེད་པ་ནས་བརྫུན་དུ་སྨྲ་བར་བྱེད་པའི་བར་དེ་དག་ནི་བསྒོམ་པས་སྤང་བར་བྱ་བའི་ཆོས་ཀྱི་དམིགས་པ་ཡིན་པའི་ཕྱིར་བསྒོམ་པས་སྤང་བར་བྱའོ། །དེ་བཞིན་འཇིག་
Vol. 141 · folio 197a
སྲེད། འཇིག་པའི་སྲེད་པ་ཡང་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །འཇིག་པའི་སྲེད་པ་ཞེས་བྱ་བའི་ཆོས་འདི་ཅི་ཞིག་ཡིན་ཞེ་ན། ཁམས་གསུམ་པའི་མི་རྟག་པ་ཉིད་དེ་ལ་དོན་དུ་གཉེར་བ་ནི་འཇིག་པའི་སྲེད་པའོ། །དེ་བཞིན་ཞེས་བྱ་བའི་སྒྲས་སྐྱེ་བོའི་སྲིད་པའི་ཕྱོགས་ཀྱང་གཟུང་
སྟེ། བདག་ནི་གླང་པོ་ཆེ་ས་སྲུང་དུ་གྱུར་ཅིག་ཅེས་སྨོན་པ་ལ་སོགས་པའོ། །བསྒོམ་པས་སྤང་བར་བྱ་བ་ནི། ང་རྒྱལ་གྱི་རྣམ་པ་ཡང་ཡོད་ལ། ངའོ་སྙམ་པའི་ང་རྒྱལ་ཡང་ཡིན་མོད་ཀྱི། འཕགས་པ་ལ། རྣམ་སོགས་ངའོ་སྙམ་མི་འབྱུང་། །སྩོགས་པ་སྨོས་པས་ནི་འཇིག་པའི་སྲེད་པའི་བར་དུ་
གཟུང་ངོ་། །ཅིའི་ཕྱིར་དེ་དག་མ་སྤངས་ཀྱང་མི་འབྱུང་ཞེ་ན། ལྟ་བས་རྒྱས་པར་འགྱུར་ཕྱིར་རོ། །ང་རྒྱལ་གྱི་རྣམ་པ་དང་། ངའོ་སྙམ་པའི་ང་རྒྱལ་ནི་འཇིག་ཚོགས་ལ་ལྟ་བས་རྒྱས་པར་འགྱུར་བ་ཡིན་ན། དེ་བས་ན་རྐེད་པ་བཅག་པའི་ཕྱིར་ཡང་ལྡང་བར་མི་ནུས་སོ། །གསོད་པ་ལ་སོགས་པའི་ཀུན་
ནས་དཀྲིས་པ་ནི་ལོག་པར་ལྟ་བས་རྒྱས་པར་འགྱུར་བའི་ཕྱིར་རོ། །འཇིག་པའི་སྲེད་པ་ནི་ཆད་པར་ལྟ་བས་རྒྱས་པར་འགྱུར་བའི་ཕྱིར་རོ། །སྐྱེ་བའི་སྲེད་པའི་ཕྱོགས་ནི་རྟག་པར་ལྟ་བས་རྒྱས་པར་འགྱུར་བའི་ཕྱིར་རོ། །མི་དགེ་བའི་འགྱོད་པ་ཡང་མ་ཡིན་ནོ། །མི་དགེ་བའི་འགྱོད་པ་ཡང་བསྒོམ་
པས་སྤང་བར་བྱ་བ་ཡིན་མོད་ཀྱི། འཕགས་པ་ལ་ནི་དེ་མི་འབྱུང་སྟེ། ཐེ་ཚོམ་གྱིས་ཀུན་ནས་བསླང་བའི་ཕྱིར་རོ། །ཡང་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་པོ་དེ་དག་ལས། ཀུན་དུ་འགྲོ་བ་ནི་དུ་དག་ཅིག་ཡིན། ཀུན་དུ་འགྲོ་བ་མ་ཡིན་པ་ནི་དུ་དག་ཅིག་ཡིན་ཞེ་ན། སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ། །
ལྟ་དང་དེ་བཞིན་ཐེ་ཚོམ་དང་། །གང་དེ་ལྷན་ཅིག་མ་འདྲེས་པ། །མ་རིག་གང་ཡིན་ཀུན་དུ་འགྲོ། །སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ལྟ་བ་རྣམས་དང་། ཐེ་ཚོམ་དང་། དེ་དག་དང་མཚུངས་པར་ལྡན་པ་དང་། སྡུག་བསྔལ་དང་ཀུན་འབྱུང་མཐོང་བ་འབའ་ཞིག་གིས་སྤང་བར་
བྱ་བའི་མ་རིག་པ་མ་འདྲེས་པ་སྟེ། དེ་ལྟར་ན་ལྟ་བ་བདུན་དང་། ཐེ་ཚོམ་གཉིས་དང་། མ་རིག་པ་གཉིས་དང་། ཕྲ་རྒྱས་བཅུ་གཅིག་པོ་དེ་དག་ནི་རང་གི་ཁམས་མཐའ་དག་ལ་དམིགས་པའི་ཕྱིར་སྐལ་བ་མཉམ་པའི་ཀུན་དུ་འགྲོ་བ་དག་ཡིན་ནོ། །དེ་དག་ལས་དགུ་གོང་དུ་དམིགས། །སྐལ་བ་
Vol. 141 · folio 197b
མཉམ་པའི་ཁམས་སུ་ཀུན་དུ་འགྲོ་བའི་ཕྲ་རྒྱས་བཅུ་གཅིག་པོ་དེ་དག་ལས་ཕྲ་རྒྱས་དགུ་ནི་སྐལ་བ་མི་མཉམ་པའི་ཁམས་སུ་ཡང་ཀུན་དུ་འགྲོ་བ་ཡིན་ཏེ། དགུ་གང་ཞེ་ན། ལྟ་བ་གཉིས་ནི་མ་གཏོགས་སོ། །འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་གཉིས་མ་གཏོགས་ཏེ། རེས་འགའ་
ནི་སྐལ་བ་མི་མཉམ་པའི་ཁམས་གཅིག་ལ་དམིགས་སོ། །རེས་འགའ་ནི་གཉིས་ལ་དམིགས་སོ། །ཡང་ཅི་ཕྲ་རྒྱས་འབའ་ཞིག་ཀུན་དུ་འགྲོ་བ་ཡིན་ནམ་ཞེ་ན། སྨྲས་པ། མ་ཡིན་ཏེ། དེ་དག་དང་ནི་ལྷན་ཅིག་གང་། །དེ་ཡང་ཀུན་འགྲོ་ཐོབ་མ་གཏོགས། །ཀུན་དུ་འགྲོ་བའི་ཕྲ་རྒྱས་རྣམས་དང་ལྷན་
ཅིག་འབྱུང་བའི་ཆོས་གང་དག་ཡིན་པ་དེ་དག་ཀྱང་ཀུན་དུ་འགྲོ་བ་ཡིན་ནོ། །ཐོབ་པ་ནི་འབྲས་བུ་དུ་མའི་ཕྱིར་དེ་ལྟ་མ་ཡིན་ནོ། །ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་པོ་དེ་དག་ལས་ཟག་པ་དང་བཅས་པ་ལ་དམིགས་པ་ནི་དུ་དག་ཅིག་ཡིན། ཟག་པ་མེད་པ་ལ་དམིགས་པ་ནི་དུ་དག་ཅིག་ཡིན་ཞེ་ན། འགོག་དང་
ལམ་མཐོང་སྤང་བྱ་བ། །ལོག་ལྟ་ཐེ་ཚོམ་དེ་དག་དང་། །ལྡན་དང་མ་རིག་འབའ་ཞིག་དང་། །དྲུག་ནི་ཟག་མེད་སྤྱོད་ཡུལ་ལོ། །འགོག་པ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་ནི་གསུམ་སྟེ། ལོག་པར་ལྟ་བ་དང་། ཐེ་ཚོམ་དང་། མ་རིག་པ་དང་། དེ་དག་དང་མཚུངས་པར་ལྡན་པ་དང་། མ་འདྲེས་
པ་ཡིན་ལ། ལམ་མཐོང་བས་སྤང་བར་བྱ་བ་ནི་དེ་དག་ཉིད་དོ། །དེ་ལྟར་ན་དྲུག་པོ་དེ་དག་ནི་ཟག་པ་མེད་པ་ལ་དམིགས་པ་ཡིན་ནོ། །ལྷག་མ་རྣམས་ནི་ཟག་པ་དང་བཅས་པ་ལ་དམིགས་པ་ཞེས་བྱ་བར་གྲུབ་བོ། །དེ་ལ་ཡང་། འགོག་པ་རང་གི་ས་པ་སྟེ། །ས་དྲུག་དང་ནི་ས་དགུའི་ལམ། །དེ་ཡི་སྤྱོད་ཡུལ་
རྣམས་ཀྱི་ཡུལ། །ལམ་ནི་ཕན་ཚུན་རྒྱུ་ཡིན་ནོ། །འགོག་པ་ལ་དམིགས་པ་ལོག་པར་ལྟ་བ་ལ་སོགས་པ་རྣམས་ནི་རང་གི་ས་པའི་འགོག་པ་ཉིད་ལ་དམིགས་ཏེ། འདོད་པ་ན་སྤྱོད་པ་རྣམས་ནི་འདོད་པའི་ཁམས་ཉིད་ཀྱི་ས་ལ་དམིགས་ལ། སྲིད་པའི་རྩེ་མོའི་བར་གྱི་ཡང་སྲིད་པའི་རྩེ་མོ་ཉིད་ལ་དམིགས་
སོ། །འདོད་པ་ན་སྤྱོད་པ་ལ་དམིགས་པ་རྣམས་ནི་ས་དྲུག་གི་ཆོས་ཤེས་པའི་ཕྱོགས་ཀྱི་ལམ་དང་། གང་ཡང་གཟུགས་དང་གཟུགས་མེད་པའི་གཉེན་པོ་ཐམས་ཅད་ལ་དམིགས་པ་ཉིད་དོ། །གཟུགས་དང་གཟུགས་མེད་པ་དག་ན་སྤྱོད་པ་ས་བརྒྱད་པོ་དག་ནི་ས་དགུའི་རྗེས་སུ་ཤེས་པའི་ཕྱོགས་ཀྱི་ལམ་
Vol. 141 · folio 198a
ཐམས་ཅད་ལ་ཡང་དམིགས་སོ། །ལམ་ནི་ཕན་ཚུན་དག་གི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་འདོད་ཆགས་དང་ཁོང་ཁྲོ་བ་དང་། ང་རྒྱལ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམས་ཟག་པ་མེད་པ་ལ་དམིགས་
པར་མི་འདོད་ཅེ་ན། འདོད་ཆགས་མིན་ཏེ་སྤང་བྱའི་ཕྱིར། །འདོད་ཆགས་ནི་སྤང་བར་བྱ་བ་ཡིན་ཏེ། གལ་ཏེ་དེ་ཟག་པ་མེད་པ་ལ་དམིགས་པ་ཡིན་པར་གྱུར་ན། དགེ་བའི་ཆོས་ལ་འདུན་པ་བཞིན་དུ་སྤང་བར་བྱ་བ་མ་ཡིན་པར་འགྱུར་རོ། །གནོད་བྱེད་མེད་ཕྱིར་ཞེ་སྡང་མིན། །གནོད་པར་བྱེད་པའི་
དངོས་པོ་ལ་ནི་ཁོང་ཁྲོ་བ་སྐྱེ་ན། འགོག་པ་དང་ལམ་ནི་དེ་ལྟ་མ་ཡིན་ནོ། །ཞི་དང་དག་དང་མཆོག་འགྱུར་ཕྱིར། །ང་རྒྱལ་མ་ཡིན་མཆོག་འཛིན་མིན། །འགོག་པ་དང་ལམ་གཉིས་ནི་ཞི་བའི་ཕྱིར་དེ་གཉིས་ཀྱིས་ཁེངས་པར་གྱུར་པར་འོས་པ་ནི་མ་ཡིན་ལ་ཡང་དག་པའི་དོན་ནི་དག་པ་ཡིན་པའི་ཕྱིར་དེ་
གཉིས་ལ་ཡང་དག་པར་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡང་མ་ཡིན་ནོ། །དམན་པ་ལ་མཆོག་ཏུ་འཛིན་པ་ལ་ནི་ལྟ་བ་མཆོག་ཏུ་འཛིན་པ་ཡིན་ན། དེ་གཉིས་ནི་མཆོག་ཀྱང་ཡིན་པས་དེ་བས་ན་དེ་དག་ནི་ཟག་པ་མེད་པ་ལ་དམིགས་པ་ཉིད་དུ་རིགས་པ་མ་ཡིན་ནོ། ཕྲ་རྒྱས་
དགུ་བཅུ་རྩ་བརྒྱད་པོ་དེ་དག་ལས་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་ནི་དུ་དག་ཅིག་ཡིན་ཞེ་ན། ཕྲ་རྒྱས་ཀུན་དུ་འགྲོ་རྣམས་ནི། །དམིགས་པའི་སྒོ་ནས་རང་གི་ས། །ཐམས་ཅད་དུ་ནི་རྒྱས་པར་འགྱུར། །ཀུན་འགྲོ་མ་ཡིན་རང་རིས་སུ། །ཕྲ་རྒྱས་གང་དག་ཀུན་དུ་འགྲོ་བ་དེ་དག་རང་གི་ས་པའི་
རྣམ་པ་ལྔ་པོ་ཐམས་ཅད་ལ་ཡང་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་རོ། །ཀུན་དུ་འགྲོ་བ་མ་ཡིན་པ་རྣམས་ནི་རང་གི་ས་དག་ཏུ་ཡང་། རང་གི་རིས་འབའ་ཞིག་ལ་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏེ། འདི་ལྟ་སྟེ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་ཀྱང་སྡུག་
བསྔལ་མཐོང་བས་སྤང་བར་བྱ་བའི་རིས་ཉིད་ལ་རྒྱས་པར་འགྱུར་ལ། བསྒོམ་པས་སྤང་བར་བྱ་བའི་བར་དུ་ཡང་བསྒོམ་པས་སྤང་བར་བྱ་བའི་རིས་ཉིད་ལ་རྒྱས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །སྤྱིར་བཏང་བ་བྱས་ནས་དམིགས་ཀྱིས་སྟོན་པར་བྱེད་དེ། ཟག་མེད་གོང་མའི་ཡུལ་ལས་མིན། །ཟག་
Vol. 141 · folio 198b
པ་མེད་པ་ལ་དམིགས་པའི་ཕྲ་རྒྱས་རྣམས་ནི་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་མ་ཡིན་ལ། ས་གོང་མ་ལ་དམིགས་པར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལ་དམིགས་པའི་དངོས་པོ་ནི། །བདག་གིར་མ་བྱས་གཉེན་པོའི་ཕྱིར། །དངོས་པོ་གང་ཞིག་བདག་ཏུ་ལྟ་བ་དང་སྲིད་པ་གཉིས་
ཀྱིས་བདག་གིར་བྱས་པ་དེ་ལ་ནི་ཕྲ་རྒྱས་གཞན་དག་ཀྱང་རྒྱས་པར་འགྱུར་བར་ནུས་ཏེ། དཔེར་ན་སྣམ་བུ་གཤེར་བ་ལ་རྡུལ་ཆགས་པ་བཞིན་དུ། ཟག་པ་མེད་པ་ནི་དེ་ལྟ་མ་ཡིན་ལ་ས་གོང་མ་ཡིན་ཏེ། དེ་ལྟ་མ་ཡིན་པས་དེའི་ཕྱིར་དེ་ལ་དམིགས་པ་རྣམས་ནི་དེ་དག་ཏུ་རྒྱས་པར་འགྱུར་བ་མ་ཡིན་ནོ། །
མྱ་ངན་ལས་འདས་པ་དང་ལམ་གཉིས་ནི་དེ་དག་ལ་དམིགས་པའི་ཉོན་མོངས་པ་རྣམས་ཀྱི་གཉེན་པོར་གྱུར་པ་ཡང་ཡིན་ལ་ས་གོང་མ་ཡང་འོག་མའི་གཉེན་པོར་གྱུར་པ་ཡིན་པས། དེའི་ཕྱིར་ཡང་དེ་དག་ཏུ་གནས་མི་རྙེད་དེ། རྡོ་ལེབ་བསྲེགས་པ་ལ་རྐང་པ་དག་གིས་གནས་མི་རྙེད་པ་བཞིན་ནོ། །
དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་གང་ཡིན་པ་དེ་དག་ནི་བཤད་ཟིན་ཏོ། །གང་དང་མཚུངས་པར་ལྡན་གང་ནི། །དེ་དེར་མཚུངས་པར་ལྡན་སྒོ་ནས། །རྒྱས་པར་འགྱུར་ཞེས་བྱ་བར་སྦྱར་ཏེ། ཕྲ་རྒྱས་གང་ཞིག་ཆོས་གང་དང་མཚུངས་པར་ལྡན་པ་དེ་ནི་དེར་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་
འགྱུར་རོ། །ནི་ཞེས་བྱ་བའི་སྒྲས་ནི་ཇི་སྲིད་དུ་མ་སྤངས་ནའོ་ཞེས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་པོ་དེ་དག་ལས་མི་དགེ་བ་ནི་དུ་དག་ཅིག་ཡིན། ལུང་དུ་མ་བསྟན་པ་ནི་དུ་དག་ཅིག་ཡིན་ཞེ་ན། །གོང་མའི་ཐམས་ཅད་ལུང་མ་བསྟན། །རེ་ཞིག་གཟུགས་དང་གཟུགས་མེད་པ་ན་སྤྱོད་
པ་ཐམས་ཅད་ནི་ལུང་དུ་མ་བསྟན་པ་ཉིད་དོ། །འདོད་པའི་འཇིག་ཚོགས་ལྟ་བ་དང་། །མཐར་འཛིན་དེ་དང་ལྷན་ཅིག་རྨོངས། །འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་དེ་དག་དང་མཚུངས་པར་ལྡན་པའི་མ་རིག་པ་རྣམས་ནི་འདོད་པའི་ཁམས་དག་ཏུ་ལུང་མ་བསྟན་པ་ཡིན་ནོ། །ཅིའི་
ཕྱིར་ཞེ་ན། སྦྱིན་པ་ལ་སོགས་པ་དང་མི་འགལ་བའི་ཕྱིར་ཏེ་བདག་ཤི་ནས་བདེ་བར་འགྱུར་བར་བྱའོ་ཞེས་སྦྱིན་པ་སྦྱིན་པར་བྱེད་ཅིང་ཚུལ་ཁྲིམས་སྲུང་བར་བྱེད་དོ། །ཆད་པར་ལྟ་བ་ཡང་ཐར་པའི་རྗེས་སུ་མཐུན་པས་དེ་ཡང་མི་དགེ་བ་མ་ཡིན་ནོ། །ལྷག་མ་རྣམས་འདིར་མི་དགེ་བ། །ཕྲ་རྒྱས་ལྷག་མ་
Vol. 141 · folio 199a
རྣམས་ནི་འདོད་པའི་ཁམས་དག་ཏུ་མི་དགེ་བ་ཡིན་ནོ། །མི་དགེ་བའི་རྩ་བ་རྣམས་ནི་དུ་དག་ཅིག་ཡིན། དུ་དག་ཅིག་ནི་མ་ཡིན་པ་བརྗོད་པར་བྱ་སྟེ། འདོད་པའི་མི་དགེ་རྩ་བ་ནི། །འདོད་ཆགས་ཁོང་ཁྲོ་རྨོངས་པ་ཡིན། །འདོད་ཆགས་ཐམས་ཅད་དང་། ཁོང་ཁྲོ་བ་ཐམས་ཅད་
དང་། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་མཚུངས་པར་ལྡན་པ་ལས་གཞན་པའི་རྨོངས་པ་ཐམས་ཅད་ནི་འདོད་པའི་ཁམས་དག་ཏུ་མི་དགེ་བའི་རྩ་བ་གསུམ་ཡིན་ཏེ། ཆགས་པ་མི་དགེ་བའི་རྩ་བ་དང་། ཞེ་སྡང་མི་དགེ་བའི་རྩ་བ་དང་། གཏི་མུག་མི་དགེ་བའི་རྩ་བའོ། །གང་མི་དགེ་བ་ཡང་ཡིན་ལ་མི་
དགེ་བའི་རྩ་བ་ཡང་ཡིན་པ་དེ་ཉིད་ལ་མི་དགེ་བའི་རྩ་བར་ཡོད་དོ། །ཕྲ་རྒྱས་ལྷག་མ་རྣམས་ནི་མི་དགེ་བའི་རྩ་བ་མ་ཡིན་པ་ཞེས་བྱ་བར་གྲུབ་པོ། །ལུང་དུ་མ་བསྟན་པའི་རྩ་བ་ནི་དུ་དག་ཅིག་ཡིན་དུ་དག་ཅིག་ནི་མ་ཡིན་ཞེ་ན། ལུང་མ་བསྟན་པའི་རྩ་བ་གསུམ། གསུམ་གང་ཞེ་ན། སྲིད་དང་མ་རིག་བློ་གྲོས་དེ། །
དེ་ཞེས་བྱ་བ་ནི་ལུང་དུ་མ་བསྟན་པ་ཡིན་པར་སྟོན་པའོ། །ཁ་ཆེ་བ་རྣམས་ན་རེ་སྲེད་པ་དང་མ་རིག་པ་དང་ཤེས་རབ་ནི་ཐ་ན་རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་རུང་སྟེ། གང་ཅུང་ཟད་ལུང་དུ་མ་བསྟན་པ་དེ་དག་ཐམས་ཅད་ནི་ལུང་དུ་མ་བསྟན་པའི་རྩ་བ་ཡིན་ནོ་ཞེས་ཟེར་རོ། །རྣམ་གཉིས་མཐོ་
ཕྱིར་དེ་དག་ལས། །གཞན་མིན་ཐེ་ཚོམ་ནི་རྣམ་པ་གཉིས་སུ་གནས་པས་རྩ་བར་འོས་པ་མ་ཡིན་ཏེ། གཡོ་བའི་ཕྱིར་རོ། །ང་རྒྱལ་ནི་མཐོ་བའི་མཚན་ཉིད་ཀྱི་གནས་པ་མ་ཡིན་ཏེ། རྩ་བའི་ཆོས་དང་མི་མཐུན་པའི་ཕྱིར་རོ། །རྩ་བ་ནི་འཇིག་རྟེན་ན་བརྟན་པ་དང་། འོག་ན་གནས་པ་ཡིན་པར་
མཐོང་ངོ་། །བཞི་ཞེས་ནུབ་ཕྱོགས་པ། ནུབ་ཕྱོགས་པ་དག་ནི་ལུང་དུ་མ་བསྟན་པའི་རྩ་བ་བཞིར་འདོད་དེ། སྲེད་ལྟ་ང་རྒྱལ་རྨོངས་དེ་དག །དེ་དག་ཅེས་བྱ་བ་ནི་ལུང་དུ་མ་བསྟན་པའོ་ཞེས་སྟོན་པ་སྟེ། ལུང་དུ་མ་བསྟན་པའི་སྲིད་པ་དང་ལྟ་བ་དང་ང་རྒྱལ་དང་མ་རིག་པའོ། །ཅིའི་ཕྱིར་དེ་དག་འབའ་
ཞིག་ལ་ལུང་དུ་མ་བསྟན་པའི་རྩ་བར་འདོད་ཅེ་ན། རྨོངས་པས་བསམ་གཏན་པ་གསུམ་ཕྱིར། །འདི་ལྟར་བསམ་གཏན་པ་ནི་གསུམ་སྟེ། སྲེད་པ་དང་། ལྟ་བ་དང་ང་རྒྱལ་ལྷག་པའི་བསམ་གཏན་པ་ཡིན་ལ་དེ་དག་ཀྱང་མ་རིག་པའི་དབང་གིས་འགྱུར་རོ། །མདོ་ལས། གང་དག་ལུང་དུ་
Vol. 141 · folio 199b
མ་བསྟན་པའི་དངོས་པོ་བཅུ་བཞི་གསུངས་པ་དེ་དག་ལུང་དུ་མ་བསྟན་པ་ཡིན་ནམ་ཞེ་ན། སྨྲས་པ་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་ཞེ་ན། གཞག་པར་བྱ་བའི་འདྲི་བ་ལས་ལུང་དུ་མ་བསྟན་པ་ཞེས་བཤད་དོ། །འདྲི་བ་རྣམས་ནི་རྣམ་པ་བཞི་སྟེ། མགོ་གཅིག་ཏུ་ལུང་བསྟན་པར་བྱ་བ་དང་། རྣམ་པར་ཕྱེ་སྟེ་
ལུང་བསྟན་པར་བྱ་བ་དང་། དྲིས་ནས་ལུང་བསྟན་པར་བྱ་བ་དང་། གཞག་པར་བྱ་བའོ། །དེ་ལ་རིམ་པ་བཞིན་དུ། མགོ་གཅིག་དང་ནི་རྣམ་ཕྱེ་དང་། །དྲི་དང་གཞག་པར་ལུང་བསྟན་པ། །འཆི་དང་སྐྱེ་དང་བཟང་བ་དང་། །བདག་གཞན་ལ་སོགས་ལྟ་བུ་ཡིན་པར་རིག་པར་བྱ་སྟེ། ཅི་སེམས་ཅན་ཐམས་ཅད་འཆི་
འམ་ཞེས་འདྲི་ན་འཆིའོ་ཞེས་མགོ་གཅིག་ཏུ་ལུང་བསྟན་པར་བྱའོ། །ཐམས་ཅད་སྐྱེའམ་ཞེས་འདྲི་ན་ཉོན་མོངས་པ་དང་བཅས་པ་ནི་སྐྱེ་བར་འགྱུར་གྱི་ཉོན་མོངས་པ་མེད་པ་ནི་མ་ཡིན་ནོ་ཞེས་རྣམ་པར་ཕྱེ་སྟེ་ལུང་བསྟན་པར་བྱའོ། །མི་འདི་བཟང་ངམ་ངན་ཞེས་འདྲི་ན་གང་ལ་ལྟོས་ཏེ་འདྲི་ཞེས་དྲིས་ནས་ལུང་བསྟན་
པར་བྱའོ། །གལ་ཏེ་ལྷ་ལ་ལྟོས་ཏེའོ་ཞེས་ཟེར་ན་ངན་ཏོ་ཞེས་ལུང་བསྟན་པར་བྱའོ། །གལ་ཏེ་ངན་སོང་ལ་ལྟོས་ཏེའོ་ཞེས་ཟེར་ན་བཟང་ངོ་ཞེས་ལུང་བསྟན་པར་བྱའོ། །ཅི་ཕུང་པོ་ལས་སེམས་ཅན་གཞན་ནམ་གཞན་མ་ཡིན་ཞེས་ཟེར་ན། སེམས་ཅན་གྱི་རྫས་མེད་པའི་ཕྱིར་གཞག་པར་བྱ་སྟེ། མོ་གཤམ་
གྱི་བུ་སྔོ་བསངས་སམ་དཀར་ཤམ་ཞེས་བྱ་བ་བཞིན་ནོ། །འདི་ཇི་ལྟར་ན་ལུང་མ་བསྟན་པ་ཡིན་ཞེ་ན། དེ་ནི་ལུང་མ་བསྟན་པ་ཉིད་ཀྱིས་དེ་བཞིན་དུ་ལུང་མ་བསྟན་པའི་ཕྱིར་རོ། །གང་ཟག་གང་གི་ཕྲ་རྒྱས་གང་ཞིག་དམིགས་པ་གང་ལ་རྒྱས་པར་འགྱུར་བ་དེ་ནི་དེས་དངོས་པོ་དེ་དང་ལྡན་པ་ཡིན་ནོ། །འདིར་ནི་འདས་
པ་དག་གིས་ནི་གང་དང་ལྡན་ཞེས་བྱ་བ་ནས་ད་ལྟར་འབྱུང་བ་དག་གིས་ནི་གང་དང་ལྡན་ཞེས་བྱ་བའི་བར་དུ་བརྗོད་པར་བྱ་སྟེ། མདོར་བསྡུ་ན་ཉོན་མོངས་པ་དག་ནི་རྣམ་པ་གཉིས་ཏེ། རང་གི་མཚན་ཉིད་ཀྱི་ཉོན་མོངས་པ་ནི་འདོད་ཆགས་དང་ཁོང་ཁྲོ་བ་དང་། ང་རྒྱལ་རྣམས་སོ། །སྤྱིའི་ཉོན་མོངས་པ་ནི་ལྟ་བ་དང་། ཐེ་
ཚོམ་དང་མ་རིག་པའོ། །དེ་ལ་རེ་ཞིག། འདས་དང་ཉེ་བར་གནས་རྣམས་ཀྱིས། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་གྱི། །གང་ལ་སྐྱེས་ཤིང་མ་སྤངས་པ། །དེ་དག་དང་དངོས་དེ་ལྡན་འགྱུར། །དངོས་པོ་གང་ལས་འདས་པ་དང་ད་ལྟར་བྱུང་བའི་འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་རྣམས་སྐྱེས་ཤིང་མ་
Vol. 141 · folio 200a
སྤངས་པ་དེ་དག་གིས་ནི་དངོས་པོ་དེ་དང་ལྡན་ཏེ། དེ་དག་ནི་རང་གི་མཚན་ཉིད་ཀྱི་ཉོན་མོངས་པ་ཡིན་པའི་ཕྱིར་གདོན་མི་ཟ་བར་ཐམས་ཅད་ལས་འབྱུང་བ་ཡང་མ་ཡིན་ལ། ཐམས་ཅད་དུ་འབྱུང་བ་ཡང་མ་ཡིན་ནོ། །ཡིད་ཀྱིས་དེ་དག་མ་འོངས་པས། །ཀུན་དུ། དེ་གང་ལ་མ་
སྤངས་ཞེས་བྱ་བར་སྦྱར་ཏེ། ཡིད་ཀྱི་ས་པའི་འདོད་ཆགས་དང་ཁོང་ཁྲོ་བ་དང་། ང་རྒྱལ་མ་འོངས་པ་དེ་དག་ཉིད་ཀྱིས་ནི་དུས་གསུམ་པའི་དངོས་པོ་ཐམས་ཅད་དང་ལྡན་ཏེ། ཡིད་ཀྱི་ཡུལ་ནི་དུས་གསུམ་པ་ཡིན་པའི་ཕྱིར་རོ། །གཞན་གྱིས་རང་དུས་པ། འདོད་ཆགས་དང་ཁོང་ཁྲོ་བ་མ་འོངས་པ་གཞན་
གྱིས་ནི་མ་འོངས་པའི་དངོས་པོ་ཉིད་དང་ལྡན་ནོ། །གཞན་ཡང་གང་ཞིག་ཡིན་ཅེ་ན། གང་དག་རྣམ་པར་ཤེས་པའི་ཚོགས་ལྔ་པའི་འདོད་ཆགས་དང་། ཁོང་ཁྲོ་བ་སྟེ། སྐྱེ་བའི་ཆོས་དག་གི་ནི་དེ་ལྟ་བུ་ཡིན་ནོ། །དེ་དག་ཉིད། མི་སྐྱེ་བ་རྣམས་ཀྱི་ཐམས་ཅད་དང་། རྣམ་པར་ཤེས་པའི་ཚོགས་ལྔ་
པོ་མི་སྐྱེ་བའི་ཆོས་དག་གིས་ནི་དུས་གསུམ་པའི་དངོས་པོ་ཐམས་ཅད་དང་ལྡན་ནོ། །ལྷག་མ་ཀུན་གྱིས་ཐམས་ཅད་ལྡན། །ལྷག་མ་ཡང་གང་དག་ཅིག་ཡིན་ཞེ་ན། ལྟ་བ་དང་ཐེ་ཚོམ་དང་མ་རིག་པ་དུས་གསུམ་པ་རྣམས་ཏེ། སྤྱིའི་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་དེ་དག་ཐམས་ཅད་ཀྱིས་ཀྱང་དངོས་
པོ་ཐམས་ཅད་དང་ལྡན་ཏེ། ཇི་སྲིད་དུ་མ་སྤངས་ནའོ། །ཞེས་བྱ་བའི་དབང་དུ་བྱས་པ་ཉིད་དོ། །ཅི་འདས་པ་དང་མ་འོངས་པ་འདི་རྫས་སུ་ཡོད་དམ་འོན་ཏེ་མེད། གལ་ཏེ་ཡོད་ན་ནི་དུས་ཐམས་ཅད་དུ་ཡོད་པའི་ཕྱིར་འདུས་བྱས་རྣམས་རྟག་པ་ཉིད་དུ་འགྱུར་རོ། །འོན་ཏེ་མེད་ན་ནི་ཇི་ལྟར་ན་དེ་དང་དེར་ལྡན་པ་
འམ་བྲལ་བ་ཡིན་ཞེ་ན། བྱེ་བྲག་ཏུ་སྨྲ་བ་དག་ནི་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་འདུས་བྱས་རྣམས་རྟག་པ་ཉིད་དུ་དམ་བཅའི་འདུས་བྱས་ཐམས་ཅད་དུས་རྣམས་ཀུན་དུ་ཡོད་པར་ནི་གསལ་བར་ཁས་འཆེ་སྟེ། ཅིའི་ཕྱིར་ཞེ་ན། གསུངས་ཕྱིར། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གལ་ཏེ་འདས་
པའི་གཟུགས་ཞིག་མེད་ན་ནི་འཕགས་པ་ཉན་ཐོས་ཐོས་པ་ཕུན་སུམ་ཚོགས་པ་འདས་པའི་གཟུགས་ལ་ལྟ་བར་ཡང་མི་འགྱུར་བ་ཞིག་ན་གང་གི་ཕྱིར་འདས་པའི་གཟུགས་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་ཕུན་སུམ་ཚོགས་པ་ཡང་འདས་པའི་གཟུགས་ལ་ལྟ་བར་འགྱུར་རོ། །གལ་ཏེ་མ་འོངས་
Vol. 141 · folio 200b
པའི་གཟུགས་ཤིག་མེད་ན་ཡང་འཕགས་པ་ཉན་ཐོས་ཐོས་པ་ཕུན་སུམ་ཚོགས་པ་མ་འོངས་པའི་གཟུགས་ལ་མངོན་པར་དགའ་བ་མེད་པར་མི་འགྱུར་བ་ཞིག་ན། གང་གི་ཕྱིར་མ་འོངས་པའི་གཟུགས་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གཉིས་ཕྱིར། རྣམ་པར་ཤེས་པ་ནི་གཉིས་ལ་བརྟེན་ནས་སྐྱེ་
སྟེ། གཉིས་གང་ཞེ་ན། མིག་དང་གཟུགས་ནས་ཡིད་དང་ཆོས་ཀྱི་བར་རོ་ཞེས་གསུངས་པ། འདས་པ་དང་མ་འོངས་པའི་དམིགས་པ་མེད་ན་དེ་དག་ལ་དམིགས་པའི་རྣམ་པར་ཤེས་པ་ཡང་གཉིས་ལ་བརྟེན་པར་མི་འགྱུར་རོ། །རེ་ཞིག་ལུང་ལས་འདས་པ་དང་མ་འོངས་པ་ཡོད་ན་ནི་དེ་ལྟ་བུ་ཡིན་ནོ། །
རིགས་པ་ལས་ཀྱང་ཡུལ་ཡོད་ཕྱིར། །ཡུལ་ཡོད་ན་རྣམ་པར་ཤེས་པ་སྐྱེ་བར་འགྱུར་གྱི། མེད་པར་ནི་མ་ཡིན་ན་གལ་ཏེ་འདས་པ་དང་མ་འོངས་པ་ཞིག་མེད་ན་ནི་དམིགས་པའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཏེ། དེ་བས་ན་དམིགས་པ་མེད་པའི་ཕྱིར་རྣམ་པར་ཤེས་པ་ཉིད་དུ་ཡང་མི་འགྱུར་རོ། །འབྲས་
ཕྱིར། གལ་ཏེ་འདས་པ་ཞིག་མེད་པར་གྱུར་ན་ནི་ཚེ་ཕྱི་མ་ལ་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་ཡང་ཇི་ལྟར་སྐྱེད་པར་འགྱུར་ཏེ། འབྲས་བུ་སྐྱེད་པའི་ཚེ་ནི་ད་ལྟར་གྱི་རྣམ་པར་སྨིན་པའི་རྒྱུ་མེད་དོ། །དེ་བས་ན་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདས་པ་དང་མ་འོངས་པ་དང་ད་ལྟ་བྱུང་བ་ཡོད་པ་ཉིད་དོ་ཞེས་ཟེར་རོ། །
ཐམས་ཅད་ཡོད་པར་སྨྲ་བ་ཡིན་ན་ནི་འདི་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ་འདི་ལྟར། དེ་ཡོད་སྨྲ་བའི་ཕྱིར་ཐམས་ཅད་ཡོད་པར་སྨྲ་བར་འདོད། །གང་དག་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བ་དང་། དུས་ལ་མ་གཏོགས་པ་ཐམས་ཅད་ཡོད་དོ་ཞེས་སྨྲ་བ་དེ་དག་ནི་ཐམས་ཅད་ཡོད་པར་སྨྲ་བ་
ཡིན་གྱི། གང་དག་དེ་ལྟར་བྱུང་བ་དང་། འབྲས་བུ་མ་བསྐྱེད་པའི་འདས་པ་གང་ཡིན་པ་ཅུང་ཟད་ཅིག་ནི་ཡོད་པ་མ་འོངས་པ་དང་འབྲས་བུ་སྐྱེས་ཟིན་པའི་ལས་འདས་པ་གང་ཡིན་པ་ཅུང་ཟད་ཅིག་ནི་མེད་དོ་ཞེས་རྣམ་པར་ཕྱེ་སྟེ། སྨྲ་བ་ཡིན་ནོ། །ཐམས་ཅད་ཡོད་པར་སྨྲ་བ་དག་ཀྱང་དུ་ཞིག་ཅེ་ན། སྨྲ་བ་དེ་དག་ནི།
རྣམ་བཞི་དངོས་དང་མཚན་ཉིད་དང་། །གནས་སྐབས་གཞན་གཞན་འགྱུར་ཞེས་བྱ། །དངོས་པོ་གཞན་དུ་འགྱུར་བ་དང་། །མཚན་ཉིད་གཞན་དུ་འགྱུར་བ་དང་། །གནས་སྐབས་གཞན་དུ་འགྱུར་བ་དང་། །གཞན་དང་གཞན་དུ་འགྱུར་བའོ། །དེ་ལ་དངོས་པོ་གཞན་དུ་འགྱུར་བ་ནི་གང་དག་ཆོས་
Vol. 141 · folio 201a
དུས་རྣམས་སུ་འཇུག་པ་ན། དངོས་པོ་གཞན་དུ་འགྱུར་གྱི་རྫས་གཞན་དུ་འགྱུར་བ་ནི་མ་ཡིན་པ་སྟེ། དེ་ན་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཆོས་མ་འོངས་པའི་དུས་ན་ད་ལྟར་བྱུང་བའི་དུས་སུ་འགྲོ་བ་ན་མ་འོངས་པའི་དངོས་པོ་འདོར་ལ་ད་ལྟར་བྱུང་བའི་གནས་འདས་པར་འགྲོ་བ་ན་ཡང་ད་ལྟར་
བྱུང་བའི་དངོས་པོ་འདོར་གྱི་རྫས་ཀྱི་དངོས་པོ་ནི་མ་ཡིན་ཏེ། དཔེར་ན་གསེར་གྱི་སྣོད་བཅོམ་ནས་གཞན་དུ་བྱེད་པ་ན་དབྱིབས་གཞན་དུ་འགྱུར་གྱི་ཁ་དོག་གཞན་དུ་འགྱུར་བ་ནི་མ་ཡིན་པ་བཞིན་ནོ་ཞེས་ཟེར་བ་དག་ཡིན་ནོ། །མཚན་ཉིད་གཞན་དུ་འགྱུར་བ་ནི་གང་དག་ཆོས་དུས་དག་ཏུ་འཇུག་པ་ན་འདས་པ་ནི་འདས་
པའི་མཚན་ཉིད་དང་ལྡན་གྱི་མ་འོངས་པ་དང་ད་ལྟར་བྱུང་བའི་མཚན་ཉིད་དང་བྲལ་བ་ཡང་མ་ཡིན་ལ། དེ་བཞིན་དུ་མ་འོངས་པ་དང་། ད་ལྟར་བྱུང་བ་དག་ལ་ཡང་སྦྱར་ཏེ། དཔེར་ན་སྐྱེས་བུ་བུད་མེད་གཅིག་ལ་ཆགས་པ་ན་ལྷག་མ་རྣམས་ལ་འདོད་ཆགས་དང་བྲལ་བ་ཡང་མ་ཡིན་པ་བཞིན་ནོ་ཞེས་སྨྲས་པ་དག་ཡིན་ནོ། །
གནས་སྐབས་གཞན་དུ་འགྱུར་བ་ནི་གང་དག་ཆོས་དུས་དག་ཏུ་འཇུག་པ་ན་གནས་སྐབས་ནས་གནས་སྐབས་སུ་འགྱུར་བ་ལ་གཞན་དང་གཞན་དུ་སྟོན་པའི་གནས་སྐབས་གཞན་ལས་ཡིན་གྱི་རྫས་གཞན་ལས་ནི་མ་ཡིན་ཏེ། དཔེར་ན་ཤོད་མིག་གཅིག་ལ་གཅིག་གིས་མཚན་མ་བཏབ་ན་ཡང་གཅིག །བཅུའི་
མཚན་མ་བཏབ་ན་ཡང་བཅུ། བརྒྱའི་མཚན་མ་བཏབ་ན་ཡང་བརྒྱ། སྟོང་གི་མཚན་མ་བཏབ་ན་ཡང་སྟོང་ཞེས་བྱ་བ་བཞིན་ནོ་ཞེས་སྨྲ་བ་དག་ཡིན་ནོ། །གཞན་དང་གཞན་དུ་འགྱུར་བ་ནི་གང་དག་ཆོས་དུས་དག་ཏུ་འཇུག་པ་ན་སྔ་མ་དང་ཕྱི་མ་ལ་ལྟོས་ནས་གཞན་དང་གཞན་དུ་བརྗོད་དེ། དཔེར་ན་བུད་མེད་ཅིག་
ལ་མ་ཞེས་ཀྱང་བྱ། བུ་མོ་ཞེས་ཀྱང་བྱའོ་ཞེས་བྱ་བ་བཞིན་ནོ་ཞེས་སྨྲ་བ་དག་ཡིན་ཏེ། དེ་ལྟར་ན་རྣམ་པ་བཞི་པོ་དེ་དག་ནི་ཐམས་ཅད་ཡོད་པར་སྨྲ་བ་ཡིན་ནོ། །དེ་དག་ལས་ཀྱང་། གསུམ་པ་བཟང་སྟེ། གནས་སྐབས་གཞན་དུ་འགྱུར་བ་དེའི་ལུགས་གང་ཡིན་པ་འདི་བཟང་སྟེ། ཅིའི་ཕྱིར་ཞེ་ན། དེའི་ནི་དབྱེ་
བའི་དུས་སུ་རྣམ་གཞག་གང་གི་ཚེ་ཆོས་བྱ་བ་མི་བྱེད་པ་དེའི་ཚེ་ནི་མ་འོངས་པའོ། །གང་གི་ཚེ་བྱེད་པ་དེའི་ཚེ་ནི་ད་ལྟར་བྱུང་བའོ། །གང་གི་ཚེ་བྱས་ནས་འགགས་པ་དེའི་ཚེ་ནི་འདས་པའོ། །འདིར་དཔེས་སྟོན་པ་དག་ཕྱིར་རྒོལ་བར་གནས་ཏེ། ཆོས་དེའི་བདག་ཉིད་ཀྱིས་ཡོད་ན་རྟག་ཏུ་བྱེད་པ་ལས།
Vol. 141 · folio 201b
བགེགས་སུ་བྱེད། གང་གིས་ན་རེས་འགའ་ནི་བྱ་བ་བྱེད་ལ་རེས་འགའ་ནི་བྱ་བ་མི་བྱེད་ཅེས་བྱ་བ་གང་ཡིན་པ་དེ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཞེས་བྱ་བ། དེ་ཡང་ཇི་ལྟར་བྱ་བ་ལ་ཡང་བྱ་བ་གཞན་ཞིག་ཡོད་དམ། ཅི་འོན་ཏེ་འདས་པ་ཡང་མ་ཡིན་མ་འོངས་པ་ཡང་མ་ཡིན་ད་ལྟར་བྱུང་བ་ཡང་མ་
ཡིན་ལ། འོན་ཀྱང་ཡོད་ན་ནི་ངེས་པར་འདུས་མ་བྱས་ཡིན་པའི་ཕྱིར་རྟག་པར་ཡོད་པར་འགྱུར་ཏེ། དེ་བས་ན་གང་གི་ཚེ་ཆོས་བྱ་བ་བྱེད་པ་དེའི་ཚེ་ན་ད་ལྟར་བྱུང་བའོ་ཞེས་བརྗོད་པར་མི་བྱའོ། །གལ་ཏེ་ཆོས་ལས་བྱ་བ་གཞན་ཞིག་ཡིན་ན་ནི་སྐྱོན་དེ་ལྟ་བུར་འགྱུར་ན་དེ་ནི། གཞན་མ་ཡིན། དེའི་ཕྱིར་སྐྱོན་
དེ་ལྟ་བུར་མི་འགྱུར་རོ་ཞེ་ན། དེ་ལྟ་ན་ཡང་དེ་ཉིད་དུས་སུ་མི་རུང་། གལ་ཏེ་ཆོས་ཉིད་བྱ་བ་ཡིན་ན་ཅིའི་ཕྱིར་ཆོས་དེ་དེའི་བདག་ཉིད་ཀྱིས་ཡོད་བཞིན་དུ་རེས་འགའ་ནི་འདས་པ་ཞེས་བརྗོད། རེས་འགའ་ནི་མ་འོངས་པ་ཞེས་བརྗོད་དེ་དུས་གསུམ་རྣམ་པར་གཞག་པ་མི་འགྲུབ་པོ། །ཆོས་གང་མ་སྐྱེས་པ་དེ་ནི་
མ་འོངས་པའོ། །གང་སྐྱེས་པ་ལ་མ་ཞིག་པ་དེ་ནི་ད་ལྟར་བྱུང་བའོ། །གང་ཞིག་པ་དེ་ནི་འདས་པའོ་ཞེས་བྱ་བ་མི་འགྲུབ་པ་མ་ཡིན་ནོ་ཞེ་ན་འདིར་ཡང་དེ་ཉིད་བརྗོད་པར་བྱ་སྟེ། གལ་ཏེ་ད་ལྟར་གྱི་ཇི་ལྟར་རྫས་སུ་ཡོད་པ་དེ་བཞིན་དུ་འདས་པ་དང་མ་འོངས་པ་ཡང་ཡོད་ན་ནི་དེའོ། །དེ་བཞིན་དུ། ཡོད་ན་གང་གིས་
མ་སྐྱེས་ཞིག །ཆོས་དེ་རང་གི་ངོ་བོར་ཡོད་ན་ནི་ཇི་ལྟར་ན་མ་སྐྱེས་པའམ་ཞིག་པ་ཞེས་བྱ་བ་འདི་འགྲུབ། འདིའི་སྔར་ནི་ཅི་ཞིག་མ་བྱུང་ན་ཡང་གང་མེད་པའི་ཕྱིར་མ་འོངས་པ་ཞེས་བྱ། ཕྱིས་ནི་ཅི་ཞིག་མེད་ན་གང་མེད་པའི་ཕྱིར་ཞིག་པ་ཞེས་བྱ་སྟེ། དེ་བས་ན་གལ་ཏེ་མ་བྱུང་བ་དང་། བྱུང་ནས་
མི་འབྱུང་བར་མི་འདོད་ན་ནི་རྣམ་པ་ཐམས་ཅད་དུ་དུས་གསུམ་མི་འགྲུབ་པོ། །བྱེ་བྲག་ཏུ་སྨྲ་བ་དག་ནི་འདས་པ་དང་མ་འོངས་པ་ཡོད་པ་ཉིད་དོ་ཞེས་ཟེར་རོ། །བཤད་པར་མི་ནུས་པ་གང་ཡིན་པ་དེར་ནི་བདག་ཉིད་ཀྱི་འདོད་པས་འདི་སྐད་དུ་འགྲུབ་པར་བྱ་སྟེ། ཆོས་འདི་དག་ནི་ཟབ་པ་ཡིན། གདོན་མི་ཟ་བར་
རྟོག་པས་བསྒྲུབ་པ་མ་ཡིན་ནོ། །ཞར་ལས་འོངས་པ་རྫོགས་སོ།། །།ད་ནི་དངོས་པོ་གང་ཞིག་སྤངས་ན་དེ་དངོས་པོ་དེ་དང་བྲལ་བ་ཡིན་ནམ་དངོས་པོ་གང་ཞིག་དང་བྲལ་ནི་དེ་དངོས་པོ་དེ་སྤངས་པ་ཡིན་པ་དེ་དཔྱད་པར་བྱ་སྟེ། རེ་ཞིག་དངོས་པོ་གང་ཞིག་དང་བྲལ་ན་དེས་དངོས་པོ་དེ་སྤངས་པ་ནི་མ་ཡིན་གྱི།
Vol. 141 · folio 202a
སྤངས་ཀྱང་བྲལ་བ་མ་ཡིན་པ་ཡང་ཡོད་དེ་འདི་ལྟ་སྟེ། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང་། །ཀུན་འགྲོ་ལྷག་མ་རྣམས་དང་ལྡན། །དང་པོའི་རྣམ་པ་སྤངས་ཟིན་ཀྱང་། །དེ་ཡུལ་དྲི་མ་ལྷག་རྣམས་དང་། །སྡུག་བསྔལ་ཤེས་པ་ནི་སྐྱེས་ལ་ཀུན་འབྱུང་ཤེས་པ་ནི་མ་སྐྱེས་པའི་ཚེ་
སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་ནི་སྤངས་པ་ཡིན་ལ། །དེ་སྤངས་ཀྱང་དེ་ལ་དམིགས་པའི་ཀུན་དུ་འགྲོ་བ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་རྣམས་དང་ནི་དེར་ལྡན་ནོ། །བསྒོམ་པས་སྤང་བར་བྱ་བའི་རིས་ལ་ཡང་རྣམ་པ་དགུ་རྣམས་ལས་དང་པོ་པའི་རྣམ་པ་གང་ཡིན་པ་སྤངས་པ་དེ་སྤངས་ཀྱང་དེ་ལ་
དམིགས་པའི་ཉོན་མོངས་པ་ལྷག་མ་རྣམས་དང་དེར་ལྡན་པར་རིག་པར་བྱའོ། །དངོས་པོ་གང་ལས་ཕྲ་རྒྱས་དུ་ཞིག་རྒྱས་པར་འགྱུར་ཞེས་བྱ་བ་འདི་ཚིག་རེ་རེ་ནས་བཤད་ན་ནི་བརྗོད་པ་མང་པོར་འགྱུར་བས་དེ་བས་ན་ཅི་ནས་ཀྱང་འབད་པ་ཆུང་ངོ་། །ཆོས་ཀྱི་དྲི་བའི་ཚོགས་ཆེའོ། །ཆོས་རྟོགས་པར་འགྱུར་བར་བྱ་བའི་ཕྱིར་
བསྡུས་ནས་རྣམ་པར་བཤད་པར་བྱ་སྟེ། ཆོས་ནི་མདོར་བསྡུ་ན་བཅུ་དྲུག་པོ་འདི་དག་སྟེ་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམ་པ་ལྔ་ལྔ་དང་ཟག་པ་མེད་པའོ། །སེམས་ཀྱང་བཅུ་དྲུག་སྟེ། དེ་དག་ཉིད་དོ། །དེ་ལ་ཆོས་གང་ཞིག་སེམས་གང་གི་དམིགས་པ་ཡིན་པར་ཤེས་པར་བྱས་ནས། འདི་ལ་
ཕྲ་རྒྱས་འདི་སྙེད་ཅིག་རྒྱས་པར་འགྱུར་རོ་ཞེས་བྱ་བ་འདི་ནི་བརྟག་པར་བྱས་ཏེ། དེ་ལ་རེ་ཞིག །སྡུག་བསྔལ་རྒྱུ་མཐོང་གོམས་པ་ཡིས། །སྤང་བྱ་འདོད་ཁམས་ལས་སྐྱེས་པ། །རང་གི་གསུམ་དང་གཟུགས་གཏོགས་དང་། །དྲི་མེད་རྣམ་ཤེས་སྤྱོད་ཡུལ་གཅིག །དེ་ནི་རང་གི་ཡང་ཡིན་པས་རང་གི་
གསུམ་མོ། །དེ་ནི་གཅིག་ཀྱང་ཡིན་ལ་གཟུགས་སུ་གཏོགས་པ་ཡང་ཡིན་པས་གཟུགས་གཏོགས་གཅིག་སྟེ། །ཚིག་རྣམ་པར་སྦྱར་བའི་ཚུལ་ནི་དེ་ལྟའོ། །རེ་ཞིག་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཆོས་ལྔ་ནི་སེམས་
སྔ་མའི་དམིགས་པ་མ་ཡིན་ཏེ་རང་གི་གསུམ་གྱི་སྟེ། དེ་དག་ཉིད་ཀྱི་དང་། གཟུགས་ན་སྤྱོད་པའི་ནི་གཅིག་གི་སྟེ། བསྒོམ་པས་སྤང་བར་བྱ་བ་ཉིད་ཀྱི་དང་། ཟག་པ་མེད་པ་ཡང་གཅིག་གིའོ། །གཟུགས་ཁམས་ལས་སྐྱེས་དྲི་མ་རྣམས། །རང་དང་འོག་གསུམ་གོང་མ་གཅིག །གཟུགས་ན་སྤྱོད་པའི་
Vol. 141 · folio 202b
ཆོས་རྣམ་པ་གསུམ་པོ་དེ་དག་ཉིད་ནི་སེམས་བརྒྱད་ཀྱི་དམིགས་པ་ཡིན་ཏེ། རང་གི་ཁམས་པ་གསུམ་གྱི་སྟེ། །དེ་དག་ཉིད་ཀྱི་དང་། ཁམས་འོག་མ་པ་གསུམ་གྱི་ཡང་དེ་དག་ཉིད་ཀྱི་དང་ཁམས་གོང་མ་པའི་ནི་གཅིག །བསྒོམ་པས་སྤང་བར་བྱ་བ་ཉིད་ཀྱི་དང་། ཟག་པ་མེད་པའི་ཡང་གཅིག་གིའོ། །གཟུགས་
མེད་ལས་སྐྱེས་ཁམས་གསུམ་གཏོགས། །གསུམ་དང་ཟག་མེད་སྤྱོད་ཡུལ་ལོ། །གཟུགས་མེད་པ་ན་སྤྱོད་པའི་ཆོས་རྣམ་པ་གསུམ་པོ་དེ་དག་ཉིད་ནི་སེམས་བཅུའི་དམིགས་པ་ཡིན་ཏེ། ཁམས་གསུམ་པའི་རྣམ་པ་གསུམ་གསུམ་གྱི་སྟེ། དེ་དག་ཉིད་ཀྱི་དང་། ཟག་པ་མེད་པའི་ནི་གཅིག་གིའོ། །
ཁམས་གསུམ་པའི་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཆོས་རྣམས་ཀྱང་བཤད་ཟིན་ཏོ། །འགོག་དང་ལམ་མཐོང་སྤང་བྱ་ཀུན། །ལྷག་པར་རང་གི་སྤྱོད་ཡུལ་ལོ། །འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་ཆོས་རྣམས་ནི་ལྷག་
པར་ཆོས་དེ་དག་ནི། །རང་གི་སེམས་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་དེ་དག་དམིགས་པ་ཡིན་པར་ཤེས་པར་བྱ་སྟེ། ཇི་ལྟར་བཤད་པར་བྱ་ཞེ་ན། འགོག་པ་མཐོང་བས་སྤང་བར་བྱ་བའི་ཆོས་འདོད་པ་ན་སྤྱོད་པ་རྣམས་ནི་སེམས་དྲུག་གི་དམིགས་པ་ཡིན་ཏེ། སྔར་བཤད་པ་
ལྔ་དང་། ལྷག་མར་འགོག་པ་མཐོང་བས་སྤང་བར་བྱ་བ་དེ་དག་ཉིད་ཀྱིའོ། །དེ་བཞིན་དུ་ལམ་མཐོང་བས་སྤང་བར་བྱ་བ་ཡང་སྔར་བཤད་པ་ལྔ་དང་། ལྷག་པར་ལམ་མཐོང་བས་སྤང་བར་བྱ་བ་དེ་དག་ཉིད་ཀྱིའོ། །དེ་བཞིན་དུ་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་གཟུགས་དང་གཟུགས་མེད་
པ་ན་སྤྱོད་པ་རྣམས་ཀྱང་ལྷག་པར་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བའི་སེམས་དེ་དག་གི་དམིགས་པ་སྟེ། སེམས་དགུ་དང་སེམས་བཅུ་གཅིག་གི་དམིགས་པ་ཡིན་ནོ། །ཁམས་གསུམ་པོའི་ཆོས་རྣམ་པ་ལྔ་ལྔ་བཤད་ཟིན་ཏོ། །ཟག་མེད་ཁམས་གསུམ་མཐའ་གསུམ་དང་། ཟག་པ་མེད་པའི་
སྤྱོད་ཡུལ་ལོ། །ཟག་པ་མེད་པའི་སེམས་ནི་སེམས་བཅུའི་དམིགས་པ་ཡིན་ཏེ། ཁམས་གསུམ་པའི་ཐ་མ་རྣམ་པ་གསུམ་སྟེ། འགོག་པ་དང་། ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་དང་ཟག་པ་མེད་པའོ། །ཡང་དོན་དེ་དག་ཉིད་ཚིགས་སུ་བཅད་པ་ཕྱེད་དང་གཉིས་སུ་འདུག་པར་འགྱུར་ཏེ། ཁམས་གསུམ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words