ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད
Sanskrit title (Tibetan script, as in the text) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 143 · folio 28a
པར་རིག་བྱེད་དང་ནི་མ་ཡིན་ནོ། །སོ་སོའི་སྐྱེ་བོ་ལ་ཡང་ཚུལ་འདི་སྲིད་པ་མ་ཡིན་ནམ་ཞེ་ན། སྲིད་པ་ཁོ་ན་ཡིན་ཏེ། སོ་སོའི་སྐྱེ་བོ་ནི་གདོན་མི་ཟ་བ་མ་ཡིན་པའི་ཕྱིར་མི་བཤད་དེ། བསམ་གཏན་ཐོབ་པ་ཚེ་བརྗེས་པ་གང་ཞིག་གཟུགས་ཀྱི་ཁམས་སུ་རྣམ་པར་རིག་བྱེད་
མ་བྱས་པ་འམ། རྣམ་པར་རིག་བྱེད་བྱས་ནས་རྣམ་པར་རིག་བྱེད་མེད་པར་གྱུར་པ་དེ་ཁོ་ན་ལྟ་བུར་འགྱུར་གྱི་གཞན་ནི་མ་ཡིན་ནོ། །ཡང་ན་འདོད་པ་ན་སྤྱོད་པའི་སེམས་ཅན་ལས་བསམས་ནས་སྨྲས་པ་ཡིན་ནོ། །ཡང་ན་འཕགས་པའི་གང་ཟག་ནི་དཔེར་བརྗོད་པའི་ཚུལ་དུ་བཤད་པ་ཡིན་པས་དེས་ན་
སོ་སོའི་སྐྱེ་བོ་ཡང་དེ་དང་འདྲ་བར་གཟུང་བར་བྱའོ། །དེ་ཉིད་ཀྱི་ཕྱིར། བར་མ་དོར་གནས་སེམས་ཞན་པས། །བྱེད་ན་རྣམ་རིག་ཉིད་དང་ལྡན། །ཞེས་བྱ་བ་འདིར་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་ལས་ཀྱི་ལམ་དག་ནི་མ་གཏོགས་སོ་ཞེས་བཤད་དེ། ཚིག་འདི་ནི་ལྷག་མ་དང་བཅས་
པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་མུ་དང་པོ་དང་གཉིས་པ་ནི་མདོར་བྱས་པ་ཡིན་ནོ། །གསུམ་པ་དང་བཞི་པ་ནི་སྦྱར་བར་བྱ་བ་ཡིན་ཏེ། གསུམ་པ་ནི་སྡོམ་པ་དང་སྡོམ་པ་མ་ཡིན་པ་ལ་གནས་པ་དང་། བར་མ་དོར་གནས་པ་སེམས་དྲག་པོས་དགེ་བའམ་མི་དགེ་བ་བྱེད་པ་དག་གོ། །བཞི་པ་ནི་སོ་
སོའི་སྐྱེ་བོ་གང་ཞིག་ཚེ་གཞན་དུ་བརྗེས་ནས་ད་དུང་དུ་རྣམ་པར་རིག་བྱེད་མ་བྱུང་བ་འམ་རྣམ་པར་རིག་བྱེད་ཉམས་པའོ། །ལྷན་ཅིག་འབྱུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་བསམ་གཏན་གྱི་སྡོམ་པ་ནི་བསམ་གཏན་གྱི་སེམས་དང་ལྷན་ཅིག་འབྱུང་ངོ་། །གཞན་གྱི་རྣམ་པར་རིག་བྱེད་ཅེས་བྱ་བ་ནི་གོ་
བར་བྱེད་པའོ། །གཞན་དག་ནི་གང་ཟག་ལས་སོ་ཞེས་བྱ་བ་ནི་དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། བསྙེན་གནས་པའི་སྡོམ་པ་དག་གོ། །ངེས་པར་འཇུག་པས་ཞེས་བྱ་བ་ནི་འཕགས་པའི་ལམ་ལ་འཇུག་པས་སོ། །རྟེན་ལྔ་པོ་ནི་ཀུན་ཤེས་ཀཽཎྜི་ནྱ་ལ་
སོགས་པའོ། །དགེ་སློང་ཚུར་ཤོག་ཅེས་བྱས་པས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག །ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཀའ་སྩལ་པས་ཏེ། བདེར་གཤེགས་སྐྱོབ་པས་ཚུར་ཤོག་ཅེས་གསུངས་པས། །མགོ་ཡང་བྱི་ཞིང་ཆོས་གོས་གྱོན་པར་གྱུར། །ཅེས་འབྱུང་བ་ལྟ་
Vol. 143 · folio 28b
བུ་ཡིན་ནོ། །སྟོན་པར་ཁས་བླངས་པ་ནི་འོད་སྲུངས་ཆེན་པོའོ་ཞེས་བྱ་བ་ནི་འོད་སྲུངས་ཆེན་པོ་དེ་ནི་མཐུ་ཆེ་བའི་ཕྱིར་ལྷའི་གཟུགས་གང་དང་གང་ལ་ཕྱག་བྱས་པ་དེ་དང་དེ་གས་སོ། །དེ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་འདིའི་གཟུགས་ཞིག་པར་གྱུར་ན་མི་རུང་ངོ་སྙམ་ནས་ཕྱག་མ་བྱས་པ་དང་།
བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་ཐུགས་སུ་ཆུད་ནས། འོད་སྲུངས་ཁྱོད་དེ་བཞིན་གཤེགས་པ་ལ་ཕྱག་འཚོལ་ཅིག་ཅེས་གླེངས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་གཟུགས་སུ་མ་གྱུར་པར་མཐོང་བས། བཅོམ་ལྡན་འདས་འདི་ནི་བདག་
གི་སྟོན་པ་ཡིན་ནོ་ཞེས་ཁས་བླངས་ཏེ། དེ་ཁས་བླངས་པས་འདི་བསྙེན་པར་རྫོགས་པར་གྱུར་ཏོ་ཞེས་གྲག་གོ། །དྲིས་པས་མཉེས་པ་ནི་ལེགས་སྦྱིན་ནོ་ཞེས་བྱ་བ་ནི་ལེགས་སྦྱིན་གྱིས་སྨྲས་པའི་ལན་བཏབ་པས་བཅོམ་ལྡན་འདས་མཉེས་པར་གྱུར་ཏེ། མཉེས་པ་དེས་ན་འདི་བསྙེན་པར་རྫོགས་པར་གྱུར་
ཏོ། །བླ་མའི་ཆོས་ཁས་བླངས་པས་ཞེས་བྱ་བ་ནི་བླ་མའི་ཆོས་བརྒྱད་པོ་དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་དགེ་སློང་བསྙེན་པར་རྫོགས་མ་ཐག་པ་ལ་ཕྱག་བྱ་བ་དང་། དགེ་སློང་མས་གང་དུ་ཡང་དགེ་སློང་གི་སྐྱོན་གླེང་བར་མི་བྱ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྟེ། དེ་དག་ཁས་
བླངས་པས་དེ་བསྙེན་པར་རྫོགས་པར་གྱུར་ཏོ། །འདི་སྐད་དུ་དགེ་སློང་ལས་བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོར་བྱ་བ་དང་། ཟླ་བ་ཕྱེད་ཅིང་དགེ་སློང་མ་ལ་གདམས་ངག་མནོད་པར་བྱ་བ་དང་། དབྱར་དགེ་སློང་མེད་པའི་གནས་སུ་འགྲོ་བར་མི་བྱ་བ་དང་། དགག་དབྱེའི་ཚེ་གཉི་གའི་དགེ་འདུན་
ལ་གནས་གསུམ་གྱིས་དགག་དབྱེ་བྱ་བ་དང་། དགེ་སློང་གི་ལྟུང་བ་གླེང་བར་མི་བྱ་བ་དང་། ལྟུང་བ་བྱུང་བ་ལ་ཁྲོ་བར་མི་བྱ་བ་དང་། བླ་མའི་ཆོས་ཀྱི་ལྟུང་བ་བྱུང་ན་ཟླ་བ་ཕྱེད་དུ་མཉེས་པར་བྱ་སྤྱད་པར་བྱ་བ་དང་། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་དགེ་སློང་གསར་བུ་ལ་ཕྱག་བྱ་བ་ཞེས་བྱ་བ་བརྒྱད་ཡིན་ནོ་
ཞེས་འཆད་དོ། །ཕོ་ཉས་ནི་ཆོས་སྦྱིན་ནོ་ཞེས་བྱ་བས་ནི་དེས་བཙུན་མོའི་འཁོར་གྱི་ནང་ན་འདུག་བཞིན་དུ་རབ་ཏུ་འབྱུང་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕོ་ཉ་བཏང་ངོ་ཞེས་གྲག་གོ། །འདུལ་བ་འཛིན་པར་གཏོགས་པ་ལྔས། །ཞེས་བྱ་བ་ནི་དགེ་སློང་གི་དགེ་འདུན་བཞི་སྟེ། དེ་ལ་ཡུལ་མཐའ་འཁོབ་
Vol. 143 · folio 29a
དག་ཏུ་ནི་གསོལ་བ་བརྗོད་པར་གཏོགས་པ་ལྔས་བསྙེན་པར་རྫོགས་པར་འགྱུར་རོ། །ཡུལ་དབུས་དག་ཏུ་ནི་གསོལ་བ་བརྗོད་པར་གཏོགས་པ་བཅུས་བསྙེན་པར་རྫོགས་པར་འགྱུར་རོ། །སྡེ་བཟང་དྲུག་ཅུའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་བྱས་པ་རྣམས་ཞེས་བྱ་བ་ནི་འདི་དག་ལ་
སྡེ་བཟང་པོ་ཡོད་པས་ན་རིགས་ཀྱི་བུ་སྡེ་བཟང་པོ་དྲུག་ཅུ་ཞེས་བྱ་བ་ཡིན་ཏེ། དེ་དག་གི་ཚོགས་ཏེ་ཚན་གྱིས་བསྙེན་པར་རྫོགས་པར་བྱས་པ་རྣམས་སོ། །སྐྱབས་སུ་འགྲོ་བ་ལན་གསུམ་བཟླས་པ་སྟེ་སངས་རྒྱས་ལ་སྐྱབས་སུ་འགྲོའོ་ཞེས་བྱ་བ་ནི་ལན་གསུམ་བརྗོད་པས་བསྙེན་པར་རྫོགས་པར་གྱུར་
ཏོ། །དེ་དག་གི་སོ་སོར་ཐར་པའི་སྡོམ་པ་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་ལ་རག་ལས་པ་མ་ཡིན་ནོ་ཞེས་བྱ་བ་ནི་འདུལ་བ་འཛིན་པ་དེ་དག་གི་འདོད་པ་འདི་ལྟར་ན་སོ་སོར་ཐར་པའི་སྡོམ་པ་ཐོབ་པ་རྣམ་པར་རིག་བྱེད་ལ་རག་ལས་པར་ངེས་པ་མེད་དེ། སངས་རྒྱས་ལ་སོགས་པ་རྣམ་པར་རིག་བྱེད་
ལ་རག་མ་ལས་པའི་ཕྱིར་རོ། །ཡང་ན་དེ་དག་གི་ཞེས་བྱ་བ་ནི་གང་དག་གི་ལྟར་ན་བསྙེན་པར་རྫོགས་པར་བྱ་བ་ལ་རྣམ་པར་རིག་བྱེད་མེད་པའི་ལྟར་ནའོ། །སྡོམ་པ་ཞེས་བྱ་བ་ནི་བསྡམ་པར་བྱ་བའོ། །ཁ་ཅིག་དུས་ཞེས་བྱ་བ་རྟག་པའི་དངོས་པོ་ཞིག་ཡོད་དོ་ཞེས་ཟེར་བས་དེ་ལས་བསམས་ནས་དུས་ཞེས་བྱ་བའི་
དུས་དེ་ཇི་ཞིག་ཡིན་ཞེས་དྲི་བར་བྱེད་དེ་དུས་ཞེས་རྗོད་པའི་བརྗོད་པར་བྱ་བ་ཇི་ཞིག་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་འདུ་བྱེད་ཡོངས་སུ་སྟོན་པའི་ཚིག་བླ་དགས་ཡིན་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་འདུ་བྱེད་རྣམས་སྟོན་པར་བྱེད་པའི་མིང་ཡིན་ནོ་ཞེས་བྱ་བ་སྟེ། འདི་ལྟ་སྟེ་འདས་པའི་
དུས་ནས་ད་ལྟར་བྱུང་བ་ཞེས་བྱ་བའི་བར་ལྟ་བུ་འདུ་བྱེད་དུས་གསུམ་པ་ཁོ་ན་ཡིན་པར་གོ་བར་བྱེད་དོ། །དེས་ཀྱང་དེར་སྦྱོར་བ་མ་བྱས་པའི་ཕྱིར་ཞེས་བྱ་བ་ནི་སྐལ་བ་མི་འདྲ་བའི་ལུས་དེས་ཡང་དག་པར་བླངས་པ་དེར་སྦྱོར་བ་མ་བྱས་པའི་ཕྱིར་རོ། །མི་དྲན་པའི་ཕྱིར་ཞེས་བྱ་བ་ནི། འདི་ལྟར་ལུས་དེ་ཡང་
དག་པར་བླངས་པ་དེ་མི་དྲན་ནོ། །བྱེ་བྲག་ཏུ་སྨྲ་བས་སྨྲས་པ། དེ་ཇི་སྐད་བཤད་མ་ཐག་པས་དེ་ལྟ་ག་ལ་ནུས་སློབ་དཔོན་གྱིས་ཕྱིན་ཆད་སྡོམ་པ་སྐྱེ་བ་ལ་ཡང་རིགས་པ་དང་འགལ་བ་ནི་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ་འདི་ལ་ནི་ཇི་ལྟར་ཡང་དག་པར་བླངས་པ་ཡོད་ཀྱང་ཤི་བའི་འོག་ཏུ་ལུས་སྐལ་བ་མི་འདྲ་
Vol. 143 · folio 29b
བའི་ཕྱིར་སྡོམ་པ་སྐྱེ་བར་རིགས་པ་དང་འགལ་ལོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་དང་རིགས་པར་འགལ་བ་མེད་དོ། །སྡོམ་པ་མ་ཡིན་པ་ཡང་རྣམ་པར་རིག་བྱེད་མ་ཡིན་པ་བཞིན་དུ་རྫས་སུ་ནི་མེད་ཅེས་བྱ་བ་ནི་ཇི་ལྟར་རྣམ་པར་རིག་བྱེད་མ་ཡིན་པ་རྫས་སུ་མེད་དོ་ཞེས་བསྒྲུབ་པ་དེ་བཞིན་དུ་སྡོམ་པ་མ་
ཡིན་པ་ཡང་སེམས་ལས་མ་གཏོགས་པ་རྫས་སུ་མེད་དོ་སྙམ་དུ་བསམས་པ་ཡིན་ནོ། །སྡིག་པ་བྱས་པའི་བསམ་པ་ཞེས་བྱ་བ་ནི་སྡིག་པ་བྱ་བར་འདོད་པ་ཞེས་བྱ་བའི་ཐ་ཚིག་གོ། །རྗེས་སུ་འབྲེལ་པ་དང་བཅས་པ་ཞེས་བྱ་བ་ནི་བག་ཆགས་དང་བཅས་པ་ཞེས་བྱ་བའི་དོན་ཏེ། སྡོམ་པ་མ་
ཡིན་པ་ནི་བག་ཆགས་དང་བཅས་པའི་སེམས་པའི་ཁྱད་པར་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྗེས་སུ་འབྲེལ་པ་དེས་ན་དེ་མ་སྤངས་པའི་ཕྱིར་རོ་ཞེས་བྱ་བ་ནི་བསམ་པ་རྗེས་སུ་འབྲེལ་པ་དང་བཅས་པ་མ་སྤངས་པའི་ཕྱིར་ཏེ། དེ་དང་འགལ་བའི་སེམས་པས་མ་བཅོས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་
གོ། །ཐལ་མོ་བསྣོལ་བ་ཞེས་བྱ་བ་ནི་མཐེ་བོ་མ་གཏོགས་པའི་སོར་མོ་བཞི་ལག་པ་ཅིག་ཤོས་ཀྱི་མཐེ་བོ་དང་མཛུབ་མོའི་བར་དུ་བཀོད་པའི་ཕྱིར་ཐལ་མོ་བསྣོལ་བ་ཡིན་ནོ། །དེ་དང་ལྡན་ཞིང་སྡོམ་པ་མ་ཡིན་པ་དང་ལྡན་པ་ཞེས་བྱ་སྟེ་སྡོམ་པ་མ་ཡིན་པ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །དེས་ནི་ཟན་ཟོས་
ཀྱང་མནོས་པར་བྱའོ་ཞེས་བྱ་བ་ནི་སྡོམ་པ་ནི་སློང་བར་བྱེད་པ་ཡང་དག་པར་ལེན་པར་ངེས་པའི་སེམས་ཡིན་པའི་ཕྱིར་ཉི་མ་འཆར་བའི་ཚེ་ཁོ་ན་སྐྱེའོ། །ཟན་ཟོས་ནས་མནོད་པ་ནི་བསལ་བར་བྱ་བའི་ཕྱིར་རོ། །ཚུལ་ཁྲིམས་ནི་ཕས་ཕམ་པ་མེད་པ་དང་། དགེ་འདུན་གྱི་ལྷག་མ་ལ་སོགས་པ་མེད་པའོ། །
བརྟུལ་ཞུགས་ཞེས་བྱ་བ་ནི་ངེས་པའོ། །དེ་མེད་ན་ཞེས་བྱ་བ་ནི་དུས་སུ་ཟ་བ་མེད་ནའོ། །གཉི་ག་ཡང་མེད་དོ་ཞེས་བྱ་བ་ནི་དྲན་པ་དང་སྐྱོ་བའོ། །དེ་དག་ཉིད་ཡང་དག་པའི་ལྟ་བ་ལ་སོགས་པ་དེ་དག་ཉིད་ཀྱི་ཡན་ལག་ཏུ་རུང་བ་ནི་མ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སློབ་དཔོན་བྱེ་བྲག་ཏུ་སྨྲ་བའི་གཞུང་
ལུགས་རིགས་པ་དང་འགལ་བར་སྟོན་པ་ཡིན་ཏེ། ཡང་དག་པའི་ལྟ་བ་ལ་སོགས་པ་དེ་དག་ཉིད་ཡང་དག་པ་ལ་སོགས་པ་སྟེ། ཡང་དག་པའི་ལྟ་བ་དང་། ཆོས་རྣམ་པར་འབྱེད་པ་ཡང་དག་པར་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་རྣམས་ཀྱི་ཡན་ལག་ཉིད་དུ་རུང་བ་ནི་མ་ཡིན་ཏེ། མི་རུང་ངོ་
Vol. 143 · folio 30a
ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། རིགས་པ་དང་འགལ་བའི་ཕྱིར་ཏེ་གལ་ཏེ་ཡང་དག་པའི་ལྟ་བ་ལ་སོགས་པ་སྔ་མ་རྣམས་ཕྱི་མ་རྣམས་ཀྱི་ཡན་ལག་ཏུ་འགྱུར་རོ་ཞེས་བྱ་བར་རྣམ་པར་འཇོག་ན་ནི་དེ་ལྟ་ན་ཡང་རྟོག་པ་འདི་ལ་སྐད་ཅིག་མ་དང་པོ་ལ་སྐྱེས་པའི་འཕགས་པའི་ལམ་ཡན་
ལག་བརྒྱད་པར་མི་འགྱུར་ཏེ། དེ་ལ་ཡང་དག་པའི་ལྟ་བའི་ཡན་ལག་སྔར་སྐྱེས་པ་མེད་པས་ཡན་ལག་བདུན་པར་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་དག་ལ་ཡང་སྐད་ཅིག་མ་ཕྱི་མ་བྱང་ཆུབ་ཀྱི་ཡན་ལག་མ་ཡིན་པར་འགྱུར་ཏེ། འོག་རོལ་དུ་གང་ཞིག་དེའི་ཡན་ལག་ཏུ་འགྱུར་བ་བྱང་ཆུབ་ཀྱི་ཡན་ལག་
གཞན་ནི་ཡོད་པ་མ་ཡིན་ནོ། །འོན་ཏེ་མ་འོངས་པའི་བྱང་ཆུབ་དེའི་ཡན་ལག་ཡིན་ནོ་ཞེས་བྱ་བར་འདོད་ན་ནི་མ་འོངས་པ་བྱང་ཆུབ་ཀྱི་ཡན་ལག་མ་ཡིན་པར་འགྱུར་ཏེ། དེ་བཞིན་དུ་ཏིང་ངེ་འཛིན་ལ་ཡང་སྦྱར་བར་བྱའོ། །མི་ཤེས་པ་ནི་མ་གཏོགས་སོ་ཞེས་བྱ་བ་ནི་འབོགས་པར་བྱེད་པའམ་མནོད་པར་བྱེད་པ་
བརྗེད་པ་དང་མ་བྱང་བ་སྟེ་ཐེ་ཚོམ་ཟ་བ་དང་ལོག་པར་ཞུགས་པའི་བསམ་པ་ཅན་མ་གུས་པ་སྔོན་དུ་འགྲོ་བས་སྐྱབས་སུ་མི་འགྲོ་བ་ལ་ནི་སྡོམ་པ་མི་སྐྱེའོ། །ཁྱིམ་པ་ཞེས་བྱ་བ་ནི་བསྟན་པའི་ཚིག་ཡིན་ནོ། །གོས་དཀར་པོ་བགོས་ཞེས་བྱ་བ་ནི་བཤད་པའི་ཚིག་ཡིན་ནོ། །སྐྱེས་པ་ཞེས་བྱ་བ་ནི་བསྟན་པ་
ཡིན་ནོ། །ཕོའི་དབང་པོ་དང་ལྡན་པ་ཞེས་བྱ་བ་ནི་བཤད་པའི་ཚིག་ཡིན་ཏེ། གལ་ཏེ་སྡོམ་པ་མེད་པར་དགེ་བསྙེན་མ་ཡིན་ན་འོ་ན་མདོ་ལས་བཤད་པ་འདི་ཙམ་གྱིས་དགེ་བསྙེན་དུ་འགྱུར་རོ་ཞེས་གསུངས་པ་གང་ཡིན་པ་དེ་ཇི་ལྟ་བུ་ཞེས་བྱ་བ་ཚིག་ལྷག་མ་ཡིན་ནོ། །འདི་ལ་འགལ་བ་མེད་དོ་ཞེས་བྱ་བ་
སྨོས་པ་འདི་ནི་མིང་ཆེན་གྱི་མདོའོ། །བསྟན་པ་དགེ་སློང་བཞིན་ཞེས་བྱ་བ་ནི་དགེ་བསྙེན་གྱི་བསླབ་པའི་གཞི་བསྟན་པ་ནི་དགེ་སློང་གི་དང་འདྲ་སྟེ། ཇི་ལྟར་དགེ་སློང་གསོལ་བ་དང་བཞིའི་ལས་ཀྱིས་སྡོམ་པ་ཐོབ་ཟིན་ཀྱང་ཁྱོད་ཀྱིས་ཀྱང་ཕས་ཕམ་པ་ལ་སོགས་པ་འདི་དང་འདི་ལྟ་བུ་བསྡམ་མོ་ཞེས་བསླབ་པའི་གཞི་
རྣམས་ཆེ་ལོང་དུ་འཛིན་དུ་འཇུག་ཅིང་ཤེས་པར་བྱེད་ལ་ཚངས་པར་སྤྱོད་པ་གཞན་དག་ཀྱང་ཁྱོད་ལ་སྟོན་པར་འགྱུར་རོ་ཞེས་བརྗོད་པ་ལྟ་བུ་ཡིན་ནོ། །དགེ་སྦྱོང་ཅི་ཞེ་ན། བསླབ་པའི་གཞི་དག་འཛིན་དུ་འཇུག་པ་ལྟ་བུ་སྟེ། སྔར་གང་གི་ཚེ་དེས་བདག་མིང་འདི་ཞེས་བགྱི་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་
Vol. 143 · folio 30b
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེ །ཤཱཀྱའི་རྒྱལ་པོ་ཆེན་པོ་དེ་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་སྟེ། ཁྱིམ་པའི་རྟགས་ནི་རབ་ཏུ་སྤང་ངོ་། །རབ་ཏུ་བྱུང་བའི་རྟགས་ནི་ཡང་དག་པར་ལེན་ཏོ། །བདག་དགེ་སྦྱོང་ལགས་པར་གཟུང་དུ་གསོལ། དེ་སྐད་དུ་ལན་
གསུམ་གྱི་བར་དུ་ཡང་བརྗོད་དོ་ཞེས་ཁས་བླངས་པ་ཉིད་ན་སྡོམ་པ་ཐོབ་ཟིན་མོད་ཀྱི། བསླབ་པའི་གཞི་རྣམས་འཛིན་དུ་འཇུག་གོ། །དེ་བཞིན་དུ་དགེ་བསྙེན་ཡང་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་ནས་དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་ལན་གཉིས་ལན་གསུམ་དུ་ཡང་ཞེས་བྱ་
བའི་བར་འདིས་སྡོམ་པ་ཐོབ་ཟིན་མོད་ཀྱི། ཡང་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་གོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བསླབ་པའི་གཞི་རྣམས་འཛིན་དུ་འཇུག་པ་ཡིན་ནོ། །སྣ་གཅིག་སྤྱོད་པ་ནི་གང་ཞིག་བསླབ་པའི་གཞི་གཅིག་བསྲུང་བའོ། །ཕྱོགས་གཅིག་སྤྱོད་པ་ནི་གང་
ཞིག་གཉིས་བསྲུང་བའོ། །ཕལ་ཆེར་སྤྱོད་པ་ནི་གང་ཞིག་གསུམ་མམ་བཞི་བསྲུང་བའོ། །ཡོངས་སུ་རྫོགས་པར་སྤྱོད་པ་ནི་གང་ཞིག་ལྔ་ཆར་བསྲུང་བའོ། །དེ་ནི་སྤྱོད་པ་ཞེས་གསུངས་པར་ཟད་ཀྱི་ཞེས་བྱ་བ་ནི་སྣ་གཅིག་སྤྱོད་པ་ནས་ཡོངས་སུ་རྫོགས་པར་སྤྱོད་པའི་བར་ཞེས་བྱ་བའི་ཐ་ཚིག་གོ། །མདོའི་ཚིག་ནི་
དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་མིང་ཆེན་གྱི་མདོ་ལས་ནི་འདི་སྐད་དུ་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་སྤོང་ངོ་ཞེས་མི་འབྱུང་ངོ་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་མིང་ཆེན་གྱི་མདོ་ལས་གསུངས་པ་ལས་བྱུང་བ་བཞིན་ཏེ་ཞེས་བྱ་བ་ནི་བཙུན་པ་ཇི་ཙམ་གྱིས་ན་དགེ་བསྙེན་དུ་འགྱུར་ལགས། མིང་ཆེན་འདི་ལྟར་ཁྱིམ་པ་
ཞེས་བྱ་བ་རྒྱས་པར་བདག་ལ་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་ཚིག་ཏུ་སྨྲ་ན་འདི་ཙམ་གྱིས་དགེ་བསྙེན་དུ་འགྱུར་རོ་ཞེས་བྱ་བའི་བར་འབྱུང་བ་ཡིན་ནོ། །གང་ལས་འདི་སྐད་དུ་འབྱུང་བ་ཞེས་བྱ་བ་ནི་མདོའི་ཁྱད་པར་གང་ལས་འདི་སྐད་དུ་ནམ་འཚོའི་བར་དུ་སྲོག་དང་སྡོམ་པ་སྐྱབས་སུ་སོང་བ་མངོན་པར་རབ་
ཏུ་དང་བ་ཞེས་འབྱུང་བ་དེར་ནི་བདེན་པ་མཐོང་བའི་གང་ཟག་དེ་དག་བདག་ཅག་གིས་ནི་ཆོས་འདི་གཏོང་དུ་མི་རུང་ངོ་ཞེས་ཤེས་ནས་དད་པའི་རྒྱུས་ཏེ་ཤེས་ནས་དད་པའི་རྒྱུ་ལས་བྱུང་བས་སྲོག་གི་ཕྱིར་ཡང་སྲོག་ལ་བབ་ཀྱང་དམ་པའི་ཆོས་ལ་ཁས་འཆེ་བར་སྟོན་པ་ཡིན་ནོ། །དེ་སྡོམ་པའི་མཚན་ཉིད་སྟོན་པ་
Vol. 143 · folio 31a
ནི་མ་ཡིན་ནོ་ཞེས་བྱ་བ་ནི་མདོ་འདིས་སྡོམ་པའི་མཚན་ཉིད་སྟོན་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྲོག་གཅོད་སྤོང་བ་ཞེས་བྱ་བ་ནི་གང་ནས་ཀྱང་མི་འབྱུང་ཞེས་བྱ་བ་ནི་མིང་ཆེན་གྱི་མདོ་ལས་ཀྱང་མི་འབྱུང་ལ་བདེན་པ་མཐོང་བའི་མདོ་ལས་ཀྱང་མི་འབྱུང་ངོ་། །སུ་
ཞིག་ཡོངས་སུ་མི་གསལ་བའི་དོན་འདི་འདོན་པར་བྱེད་ཅེས་བྱ་བ་ནི་བར་གྱི་ཚིག་མི་མངོན་པར་བྱས་པ་ཡིན་པར་རྟོག་པའི་ཕྱིར་ཅི་སྲོག་སྤོང་བ་སྲོག་དག་གིས་བོར་བ་ཞིག་གམ་སྲོག་ལས་སྤང་བ་ཞིག་ཡིན་ནམ་འོན་ཏེ་སྲོག་སྤོང་བ་སྲོག་གཅོད་པ་ལ་སོགས་པ་སྤོང་བ་ཞིག་ཡིན་ཞེས་བྱ་བ་མི་
ཤེས་པར་འགྱུར་རོ། །ཞུ་བ་ཉིད་ཀྱང་མི་འཐད་ན་ཞེས་བྱ་བ་ནི་བཙུན་པ་ཇི་ཙམ་གྱིས་ན་དགེ་བསྙེན་སྣ་གཅིག་སྤྱོད་པར་འགྱུར་བ་ལགས་ཞེས་བྱ་བ་ནས་ཡོངས་སུ་རྫོགས་པར་སྤྱོད་པ་ལགས་ཞེས་བྱ་བའི་བར་གྱིས་ཞུ་བ་གང་ཡིན་པའི་ཞུ་བ་དེ་མི་འཐད་དོ། །ལན་ལྟ་སྨོས་ཀྱང་ཅི་དགོས་མིང་ཆེན་
འདི་ན་དགེ་བསྙེན་སྲོག་གཅོད་པ་སྤངས་ནས་སྲོག་གཅོད་པ་ལས་སླར་ལོག་པ་ཡིན་ཏེ། མིང་ཆེན་འདི་ཙམ་གྱིས་ན་དགེ་བསྙེན་བསླབ་པ་ལས་སྣ་གཅིག་སྤྱོད་པ་ཡིན་ནོ་ཞེས་བྱ་བ་རྒྱས་པར་བསླབ་པའི་གཞི་གཉིས་ཀྱིས་སྤངས་པ་ནི་ཕྱོགས་གཅིག་སྤྱོད་པ་ཡིན་ནོ། །གསུམ་མམ་བཞིས་སྤངས་
པ་ནི་ཕལ་ཆེར་སྤྱོད་པ་ཡིན་ནོ། །ལྔས་སྤངས་པ་ནི་ཡོངས་སུ་རྫོགས་པར་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་ལན་འདི་ལྟར་ཤིན་ཏུ་ཡང་མི་རུང་ངོ་། །དེ་ཙམ་དུ་བཟོད་པ་ལ་ནི་ཞུ་བ་འདི་རུང་ངོ་ཞེས་བྱ་བ་ནི་བསླབ་པའི་གཞི་གཅིག་གམ་གཉིས་སམ་དེ་ཡན་ཆད་བཟོད་པ་ལའོ། །དགེ་བསྙེན་ནི་སྡོམ་པ་མེད་པར་
ཡང་བཏགས་ཀྱི་ཞེས་བྱ་བ་ནི་མིང་ཆེན་གྱི་མདོ་ལས་མིང་ཆེན་འདི་ལྟར་ཁྱིམ་པ་གོས་དཀར་པོ་བགོས་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །དགྲ་བཅོམ་པ་ལ་ཡང་སོ་སོར་ཐར་པའི་སྡོམ་པ་ཆུང་ངུ་ཡོད་ལ་ཞེས་བྱ་བ་ནི་གལ་ཏེ་འདིའི་ཀུན་ནས་སློང་བར་བྱེད་པའི་སེམས་ཆུང་ངུ་ཞིག་ཡིན་པར་གྱུར་ནའོ། །སོ་
སོའི་སྐྱེ་བོ་ལ་ཡང་ཆེན་པོ་ཡོད་པར་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་འདིའི་སེམས་ཆེན་པོ་ཡིན་ནའོ། །མི་ཤེས་པ་ནི་མ་གཏོགས་སོ་ཞེས་བྱ་བ་ནི་འབོགས་པར་བྱེད་པ་དང་ནོད་པར་བྱེད་པའོ། །མ་གུས་པ་ནི་སྐྱབས་སུ་འགྲོ་བ་མེད་པར་དགེ་བསྙེན་དུ་མི་འགྱུར་རོ། །སངས་རྒྱས་སུ་བྱེད་པ་ཞེས་བྱ་བ་ནི་སངས་རྒྱས་
Vol. 143 · folio 31b
སུ་གདགས་པའི་རྒྱུ་དག་གོ། །དེ་ཉིད་ཀྱི་ཕྱིར་གང་དག་གཙོ་བོར་གྱུར་པས་སྐུ་དེ་སངས་རྒྱས་ཞེས་བརྗོད་ཅེས་བྱ་བ་སྨོས་ཏེ། ཡོན་ཏན་གཞན་དག་ཀྱང་གཙོ་བོ་མ་ཡིན་པར་བརྟེན་པ་ནི་ཡོད་དེ། གང་དག་བརྙེས་པས་ཞེས་བྱ་བ་དང་ཟད་པ་ཤེས་པ་ལ་སོགས་པ་འཁོར་དང་བཅས་པ་ལ་སོགས་པ་ཞེས་བྱ་
བའི་སྒྲས་ནི་མི་སྐྱེ་བ་ཤེས་པ་དང་། མི་སློབ་པའི་ཡང་དག་པའི་ལྟ་བ་བསྡུའོ། །འཁོར་དང་བཅས་པ་ཞེས་བྱ་བ་སྨོས་པས་ནི་ཟག་པ་མེད་པའི་ཕུང་པོ་ལྔ་བསྡུ་བའོ། །གཟུགས་ཀྱི་སྐུ་ནི་སྔ་མ་དང་ཕྱི་མར་ཡང་བྱེ་བྲག་མེད་པའི་ཕྱིར་ཞེས་བྱ་བ་ཅི་ཞེ་ན་གཟུགས་ཀྱི་སྐུ་ལ་སྐྱབས་སུ་མི་འགྲོའོ་ཞེས་བྱ་བར་སྦྱར་ཏེ།
གཟུགས་ཀྱི་སྐུ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ན་ཅི་འདྲ་བ་ཕྱིས་ཀྱང་དེ་དང་འདྲ་བས་སོ། །མཚན་ཉིད་ཀྱི་སྒོ་ནས་ནི་སངས་རྒྱས་ཐམས་ཅད་ལ་སྟེ་ཞེས་བྱ་བ་ནི་ཞལ་ནས་གསུངས་པའི་སྒོ་ནས་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །ལམ་མཚན་ཉིད་མི་འདྲ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འཇིག་
རྟེན་པའི་ལམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་དང་འཇིག་རྟེན་ལས་འདས་པ་ཟད་པ་མཁྱེན་པ་ལ་སོགས་པའི་མཚན་ཉིད་མི་འདྲ་བ་མེད་ཅིང་འདྲ་བའི་ཕྱིར་སངས་རྒྱས་ཐམས་ཅད་མཚན་ཉིད་འདྲའོ་ཞེས་བྱ་བའོ། །སྐུ་ཚེ་དང་རིགས་ལ་སོགས་པ་མཚན་ཉིད་མི་འདྲ་བ་མེད་པའི་ཕྱིར་ནི་མ་
ཡིན་ནོ། །མི་ཕྱེད་པའི་ཕྱིར་དགེ་འདུན་དུ་འགྱུར་བ་ཞེས་བྱ་བ་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་ལམ་ལས་མི་ཕྱེད་པའི་ཕྱིར་དགེ་འདུན་དུ་འགྱུར་བ་སྟེ། ཚོགས་པའི་ངོ་བོར་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ། །མཚན་ཉིད་ཀྱི་སྒོ་ནས་ནི་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རྣམ་པར་བཤད་པར་བྱའོ། །གང་ཡང་
མ་འོངས་པའི་དུས་ན་དགེ་འདུན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་ན་བཅོམ་ལྡན་འདས་ཀྱིས་ཚོང་པ་ཏྲ་སུ་ས་དང་། བ་ལི་ཀ་ལ་བཀའ་སྩལ་པ། ཁྱེད་གཉིས་ཚུར་གཤེགས་སངས་རྒྱས་དང་ཆོས་ལ་སྐྱབས་སུ་སོང་ཤིག །གང་ཡང་མ་འོངས་པའི་དུས་ན་དགེ་འདུན་ཞེས་བྱ་བ་འབྱུང་བར་འགྱུར་བ་དེ་ལ་ཡང་སྐྱབས་
སུ་སོང་ཤིག་ཅེས་གསུངས་པ་ཡིན་ཏེ། གང་གི་ཚེ་དགེ་འདུན་མེད་པ་དེའི་ཚེ་མ་འོངས་པའི་དགེ་འདུན་ཁོ་ནའི་དབང་དུ་མཛད་ནས་དེ་སྐད་དུ་བཀའ་སྩལ་ན། དེ་ཇི་ལྟར་དགེ་འདུན་ཐམས་ཅད་ལ་སྐྱབས་སུ་འགྲོ་ཞེས་བྱ་བ་འདི་དང་འགལ་བར་མི་འགྱུར་ཏེ། དེ་དག་གི་མངོན་སུམ་དུ་གྱུར་པ་ཞེས་བྱ་བ་ནི་དགེ་
Vol. 143 · folio 32a
འདུན་གང་ཞིག་ཆོས་ཀྱི་འཁོར་ལོ་བསྐོར་བའི་འོག་ཏུ་ཏྲ་པུ་ས་དང་བ་ལི་ཀ་དེ་གཉིས་ཀྱི་མངོན་སུམ་དུ་འགྱུར་བ་དེ་བརྗོད་པའི་ཕྱིར་ཏེ། དེ་ལྟ་ན་དེས་ཡོན་ཏན་གྱི་སྒོ་ནས་ཁས་བླངས་པར་འགྱུར་རོ་ཞེས་རབ་ཏུ་བསྟན་པའི་ཕྱིར་རོ། །སྡུག་བསྔལ་ཞི་བར་མཚན་ཉིད་གཅིག་པའི་
ཕྱིར། །ཞེས་བྱ་བ་ནི་འདི་ལ་བདག་དང་གཞན་གྱི་རྒྱུད་ཀྱི་ཉོན་མོངས་པ་རྣམས་དང་། སྡུག་བསྔལ་ཞི་བ་གང་ཡིན་པ་དེ་ཡོད་པས་ན་དེ་ཞི་བར་མཚན་ཉིད་གཅིག་པ་སྟེ། མྱ་ངན་ལས་འདས་པ་ཡིན་ནོ། །དེའི་ངོ་བོ་ཉིད་དེ་དེའི་ཕྱིར་འདི་མྱ་ངན་ལས་འདས་པ་ཐམས་ཅད་ལ་སྐྱབས་སུ་འགྲོའོ། །
རྟེན་ལ་གནོད་པ་བྱས་པ་ཞེས་བྱ་བ་ནི་མི་སློབ་པ་དེ་དག་གི་རྟེན་གཟུགས་ཀྱི་ཕུང་པོ་གང་ཡིན་པ་དེ་ལ་གནོད་པ་བྱས་ཤིང་ཉམས་པར་བྱས་པས་དེ་དག་གི་རྟེན་ཅན་སངས་རྒྱས་བྱེད་པའི་ཆོས་དེ་དག་ལ་ཡང་གནོད་པ་བྱས་པ་ཡིན་ནོ། །བསྟན་བཅོས་ལས་ནི་དེ་སྐད་དུ་མི་འབྱུང་ངོ་ཞེས་བྱ་བ་རྒྱས་པར་
འབྱུང་བ་ནི་ཆོས་མངོན་པའི་བསྟན་བཅོས་ལས་དེ་སྐད་དུ་མི་འབྱུང་བ་སྟེ། འདི་སྐད་དུ་མི་སློབ་པའི་ཆོས་དག་ཁོ་ན་སངས་རྒྱས་ཡིན་ནོ་ཞེས་ནི་མི་སྟོན་ཏེ། འོ་ན་ཇི་སྐད་དུ་འབྱུང་ཞེ་ན། སངས་རྒྱས་སུ་བྱེད་པའི་ཆོས་ཞེས་འབྱུང་སྟེ། དོན་ཅི་ཞེ་ན་སངས་རྒྱས་སུ་བྱེད་པ་གང་དག་ཡིན་པ་སྟེ།
སངས་རྒྱས་ཉིད་དང་སངས་རྒྱས་སུ་གདགས་པའི་རྒྱུ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་གང་དག་ཡིན་པ་དེ་དག་ནི་སངས་རྒྱས་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེའི་ཕྱིར་དེ་དག་གི་རྟེན་འཇིག་རྟེན་པའི་ཕུང་པོ་ལྔའི་མཚན་ཉིད་སངས་རྒྱས་ཉིད་དུ་མ་བཀག་པས་གལ་ཏེ་མི་སློབ་པའི་
ཆོས་དག་ཁོ་ན་སངས་རྒྱས་ཡིན་ན། ཇི་ལྟར་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བས་མཚམས་མེད་པར་འགྱུར་ཞེས་གང་སྨྲས་པ་དེ་ནི་ཀླན་ཀ་མི་རུང་བ་ཉིད་དོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་སངས་རྒྱས་ཀྱང་མི་སློབ་པའི་ཆོས་དག་ཁོ་ན་ཡིན་ལ་དགེ་འདུན་
ཡང་སློབ་པ་དང་མི་སློབ་པའི་ཆོས་དག་ཁོ་ན་ཡིན་ན་འཇིག་རྟེན་པའི་སེམས་ལ་གནས་པ་སངས་རྒྱས་ཀྱང་མ་ཡིན་པར་འགྱུར། དགྲ་བཅོམ་པ་ཡང་མ་ཡིན་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་པའི་སེམས་ལ་ནི་མི་སློབ་པའི་ཆོས་དག་དང་། སློབ་པ་དང་མི་སློབ་པའི་ཆོས་དག་མེད་དོ་གལ་ཏེ་
Vol. 143 · folio 32b
ཡང་སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པ་ཁོ་ན་སངས་རྒྱས་ཡིན་གྱི་རྟེན་ནི་མ་ཡིན་ན་སྡོམ་པ་ཞེས་བྱ་བ་དགེ་སློང་དུ་བྱེད་པའི་ཚུལ་ཁྲིམས་ཁོ་ན་ཡང་དགེ་སློང་དུ་འགྱུར་གྱི་རྟེན་ནི་མ་ཡིན་པར་འགྱུར་རོ། །སྨྲས་པ་གལ་ཏེ་རྟེན་སངས་རྒྱས་ཉིད་ཡིན་ན་ཅིའི་ཕྱིར་བསྟན་བཅོས་ལས་འདི་སྐད་དུ། གང་ཞིག་
སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་ནི་མི་སློབ་པ་སངས་རྒྱས་སུ་བྱེད་པའི་ཆོས་དག་ལ་སྐྱབས་སུ་འགྲོའོ་ཞེས་མི་སློབ་པའི་ཆོས་དེ་དག་ཁོ་ན་ལ་ངེས་པར་བཟུང་། བྱེ་བྲག་ཏུ་སྨྲ་བས་དེ་སྐད་ཅེས་སྨྲས་པ་དང་སློབ་དཔོན་གྱིས་དཔེས་ལན་ཇི་ལྟར་གང་ཞིག་དགེ་སློང་མཆོད་པར་བྱེད་པ་ཞེས་བྱ་བ་རྒྱས་པར་
སྨོས་ཏེ། ཇི་ལྟར་གང་ཞིག་དགེ་སློང་མཆོད་པར་བྱེད་པ་དེ་ནི་ཚུལ་ཁྲིམས་ཀྱི་སྒོ་ནས་དགེ་སློང་དུ་བྱེད་པའི་ཚུལ་ཁྲིམས་མཆོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་དགེ་སློང་གི་ཚུལ་ཁྲིམས་ཁོ་ན་ཡིན་པར་ཡང་མ་ཟད་པ་དེ་བཞིན་དུ་གང་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་ཡང་མི་སློབ་པའི་སྒོ་ནས་མི་སློབ་པ་
སངས་རྒྱས་སུ་བྱེད་པའི་ཆོས་དག་ལ་སྐྱབས་སུ་འགྲོ་བ་ཡིན་གྱི་སངས་རྒྱས་ནི་རང་གི་རྒྱུད་ཀྱི་མི་སློབ་པའི་ཆོས་དག་ཁོ་ན་ཡིན་པར་ནི་མ་ཟད་དོ། །དེ་ལྟ་བས་ན་གང་ཞིག་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་ནི་མི་སློབ་པ་སངས་རྒྱས་སུ་བྱེད་པའི་ཆོས་དག་ལ་སྐྱབས་སུ་འགྲོ་བ་ཡིན་ནོ་ཞེས་བྱ་བ་དེ་ཉེས་པ་མེད་དོ། །
དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཞེས་བྱ་བ་ནི་དེ་དག་གི་ཐུན་མོང་མ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དག་ཡིན་ནོ་ཞེས་བྱ་བ་ནི་ནོད་པའི་དུས་ཀྱི་དབང་དུ་བྱས་པ་ཡིན་ནོ། །མཆོད་གནས་ཀྱི་ལྗོན་ཤིང་ཞེས་བྱ་བ་ནི། མཆོད་གནས་སུ་བྱས་
པའི་ཤིང་ནི་མཆོད་གནས་ཀྱི་ལྗོན་ཤིང་སྟེ། དེ་དག་ལའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར། སྐྱབས་དེ་ལ་ནི་བརྟེན་ནས་ཀྱང་། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར་བ་དེའི་ཕྱིར་སྡོམ་པ་ཡང་དག་པར་བླང་བ་ཐམས་ཅད་ལ་སྟེ། དགེ་བསྙེན་ལ་སོགས་པའི་སྡོམ་པ་ཡང་དག་པར་བླང་བ་དག་ལ་སྒོར་
གྱུར་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ངན་སོང་བའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་འདོད་པས་ལོག་པར་གཡེམ་པ་ནི་གཅིག་ཏུ་ངན་སོང་བའི་རྒྱུ་ཡིན་ཏེ། ངན་སོང་དུ་འགྱུར་བ་ཡིན་གྱི་མི་ཚངས་པར་སྤྱོད་པ་ནི་དེ་ལྟ་མ་ཡིན་ནོ། །མི་བྱེད་པར་ངེས་པ་ནི་མི་བྱེད་པའི་སྡོམ་པའོ་ཞེས་བྱ་བ་ནི་མི་བྱེད་པ་མ་
Vol. 143 · folio 33a
ཡིན་པའོ། །ངེས་པ་ནི་གཅིག་ཏུ་ངེས་པའོ། །མི་བྱེད་པར་ངེས་པ་ནི་མི་བྱེད་པར་ངེས་པ་སྟེ། དེ་ནི་མི་བྱེད་པར་སྡོམ་པའོ། །མི་བྱེད་པའི་མཚན་ཉིད་ཀྱི་སྡོམ་པ་ནི་མི་བྱེད་པའི་སྡོམ་པ་སྟེ། ཡང་དག་པར་བླངས་པ་ལས་བྱུང་བའི་སྡོམ་པ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་
ཡང་མདོ་སྡེ་པའི་ལུགས་ཀྱིས་ནི་གནས་སྐབས་ཀྱི་ཁྱད་པར་ཁོ་ན་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་ནི་ཚུལ་ཁྲིམས་ཀྱི་ཡན་ལག་རྣམ་པར་རིག་བྱེད་མ་ཡིན་ནོ་ཞེའོ། །གང་དག་དགེ་བསྙེན་ཡིན་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་དག་བསླབ་པའི་གནས་ལྔ་མནོས་པ་ཡིན་
བཞིན་དུ། ཆུང་མ་ལེན་པར་བྱེད་ཅིང་བག་མ་ལེན་པར་བྱེད་ན། ཅི་དགེ་བསྙེན་དེ་དག་གིས་བུད་མེད་དེ་དག་ལས་ཀྱང་སྡོམ་པ་ཐོབ་པའམ་ཞེས་བྱ་བ་ནི་སྔོན་ཐོབ་པ་འམ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཏེ་མ་ཡིན་ཞེས་བྱ་བ་ནི་ཐོབ་པ་ཞེས་བྱ་བར་སྐབས་དང་སྦྱར་རོ། །བྱེ་བྲག་ཏུ་སྨྲ་བས་ཐོབ་པོ་ཞེས་
བྱ་བ་སྨོས་ཏེ། ཉི་ཚེ་བའི་སྡོམ་པ་ཐོབ་པར་འགྱུར་དུ་འོངས་པས་ཞེས་བྱ་བ་ནི་བགྲོད་པར་བྱ་བ་མ་ཡིན་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །འདོད་པས་ལོག་པར་གཡེམ་པ་སྤོང་ངོ་ཞེས་བྱ་བ་ནི་བགྲོད་པར་བྱ་བ་མ་ཡིན་པ་ཉིད་སྤྱོད་པ་སྤོང་ངོ་ཞེས་བྱ་བ་ཡིན་གྱི་འདི་ལ་རྒྱུད་ལ་བགྲོད་པར་བྱ་བ་ཉིད་
སྤྱོད་པ་སྤོང་ངོ་ཞེས་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་རྒྱུད་འདི་ལ་ཞེས་བྱ་བ་རྒྱས་པར་སྨོས་སོ། །བཅས་པའི་ཁ་ན་མ་ཐོ་བ་ཞེས་བྱ་བ་ནི་བཀག་པའི་ཁ་ན་མ་ཐོ་བའོ། །བཅོམ་ལྡན་འདས་ཀྱིས་བཀག་པའི་ལས་སྤྱོད་པ་ནི་སྡིག་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་
བསྟན་པ་ལ་མ་གུས་པའི་ཕྱིར་རོ། །ཆོས་མངོན་པ་བས་གང་མྱོས་པར་མི་འགྱུར་བའི་དྲོད་རིག་ནས་འཐུང་བ་དེ་ནི་ཉོན་མོངས་པ་ཅན་མ་ཡིན་ནོ་ཞེས་བཤད་པ་དང་། འདུལ་བ་འཛིན་པ་རྣམས་མྱོས་པར་འགྱུར་བ་འཐུང་བ་ནི། རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་ཞེས་བྱ་བ་སྒྲུབ་པར་བྱེད་དོ། །ཉེ་བ་
འཁོར་རང་བཞིན་གྱིས་ཁ་ན་མ་ཐོ་བ་མ་གཏོགས་པ་ཞེས་བྱ་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བའི་ལས་ཀྱིས་གསོ་བར་མི་བྱའི་བཅས་པའི་ཁ་ན་མ་ཐོ་བས་ནི་གསོ་བར་བྱའོ་སྙམ་དུ་དགོངས་པ་ཡིན་ནོ། །ཤཱཀྱ་ནད་པ་རྣམས་ལ་ཡང་མྱོས་པར་འགྱུར་བ་འཐུང་བར་མ་གནང་སྟེ། དེའི་ཕྱིར་དེ་ནི་རང་བཞིན་
Vol. 143 · folio 33b
གྱིས་ཁ་ན་མ་ཐོ་བ་ཡིན་པར་མངོན་ནོ། །གལ་ཏེ་དེ་བཅས་པའི་ཁ་ན་མ་ཐོ་བ་ཞིག་ཡིན་པར་གྱུར་ན། དེ་ཤཱཀྱ་ནད་པའི་གསོས་སུ་ཡང་གནང་བར་འགྱུར་བ་ཞིག་ན་གནང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་དེ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་ནོ། །དེ་ལས་འདི་སྐད་དུ་ང་སྟོན་པ་ཡིན་པར་སྨྲ་བ་སྟེ་
ཤཱཀྱ་ཐུབ་པ་ནི་བདག་གི་སྟོན་པ་ཡིན་ནོ་ཞེས་སྨྲ་བ་རྣམས་ཀྱིས་མྱོས་པར་འགྱུར་བ་རྩྭའི་རྩེ་མོས་ཀྱང་བཏུང་བར་མི་བྱའོ་ཞེས་ཀྱང་གསུངས་ཏེ་དེ་བས་ན་དེ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་པས་བཅོམ་ལྡན་འདས་ཀྱིས་བཀག་གི་མྱོས་པར་འགྱུར་རོ་སྙམ་དུ་དགོངས་ནས་ནི་མ་ཡིན་ཏེ། རྩྭ་མཆོག་
ཙམ་གྱིས་བླངས་པའི་ཆང་གིས་ནི་མྱོས་པར་མི་འགྱུར་བའི་ཕྱིར་རོ། །འཕགས་པ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཆང་འཐུང་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་ཏེ། འཕགས་པ་རྣམས་ཚེ་འཕོས་ཀྱང་མི་སྤྱོད་པའི་ཕྱིར་སྲོག་གཅོད་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་སྒྲུབ་པ་
ཡིན་ནོ། །ལུས་ཀྱི་ཉེས་པར་སྤྱོད་པ་ཞེས་ཀྱང་འབྱུང་བའི་ཕྱིར་ཞེས་པ་ནི་སྒྲུབ་པ་གཞན་ཡིན་ཏེ། ཆང་འཐུང་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་ཏེ། ལུས་ཀྱི་ཉེས་པར་སྤྱོད་པ་ཡིན་པར་འབྱུང་བའི་ཕྱིར་སྲོག་གཅོད་པ་ལ་སོགས་པ་བཞིན་ནོ། །དགའ་བྱེད་ལ་སོགས་པའི་མདོ་ལས།
ལུས་ཀྱི་ཉེས་པར་སྤྱོད་པ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། འབྲུའི་ཆང་དང་། སྦྱར་བའི་ཆང་མྱོས་པར་གྱུར་པ། བག་མེད་པའི་གནས་འཐུང་བ་རྣམ་པ་བཞི་བཤད་དོ། །སྤྱིར་བསྟན་མོད་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་བས་འདིས་ནི་
བཅོམ་ལྡན་འདས་ཀྱི་བཀའ་ལ་སྔ་ཕྱི་འགལ་བ་སྤོང་བར་བྱེད་དོ། །ཇི་ལྟ་ཞེ་ན། བཙུན་པ་ཇི་ལྟར་ཞེས་བྱ་བ་རྒྱས་པར་ཆང་འཐུང་བ་སྤྱིར་སྨོས་པ་ནི་སྤྱིར་བསྟན་པ་ཡིན་ནོ། །ཤཱཀྱ་ནད་པ་རྣམས་ལ་ཆང་འཐུང་དུ་མ་གནང་བ་ཞེས་བྱ་བ་ནི་དམིགས་ཀྱིས་བསྟན་པ་ཡིན་པས། ན་བའི་གནས་སྐབས་ན་
ཡང་ཆང་འཐུང་དུ་མ་གནང་ངོ་ཞེས་བྱ་བར་མངོན་ནོ། །དམིགས་ཀྱིས་བསྟན་པ་ཡང་ཐལ་བར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་ཏེ། ཆང་ནི་ལན་ཅིག་འཐུངས་པས་ཀྱང་ཆགས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་གནས་གསུམ་པོ་ཆང་དང་མི་ཚངས་པར་སྤྱོད་པ་དང་རྨུགས་པ་དང་
Vol. 143 · folio 34a
གཉིད་བསྟན་པ་ནི་ངོམས་པ་འམ་ཆོག་པ་འམ་ཚིམ་པ་མེད་དོ་ཞེས་གསུངས་སོ། །ཅིའི་ཕྱིར་ཐལ་བར་འགྱུར་བ་འདི་སྤང་ཞེ་ན་མྱོས་པར་འགྱུར་བའི་དྲོད་མ་ངེས་པས་ཞེས་བྱ་བ་སྨོས་ཏེ། དེ་ཙམ་ཁོ་ན་རྫས་དང་དུས་དང་རང་བཞིན་དང་ལུས་ཀྱི་གནས་སྐབས་ལ་ལྟོས་ནས་མྱོས་
པར་འགྱུར་བ་ཡང་ཡིན་ལ་མྱོས་པར་མི་འགྱུར་བ་ཡང་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྩྭའི་རྩེ་མོས་འཐུང་བ་ཡང་བཀག་པ་ཡིན་ནོ་ཞེས་བྱ་བ་འདོར་བའི་ཚིག་ཡིན་ནོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་ཐུགས་ལ་རང་བཞིན་གྱིས་སྡིག་ཡིན་ནོ་སྙམ་དུ་དགོངས་ནས་དེ་ཡོངས་སུ་སྤང་བར་བྱ་བར་གསུངས་པ་ནི་མ་ཡིན་
ནོ། །འོ་ན་ཅི་ཞེ་ན་ཐལ་བའི་ཉེས་པར་འགྱུར་བའི་ཕྱིར་ཞེས་བསྟན་པ་ཡིན་ནོ། །འཕགས་པ་རྣམས་མི་སྤྱོད་པ་ནི་ངོ་ཚ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི་མདོ་ལས་སློབ་པའི་སྟོབས་ལྔ་འབྱུང་སྟེ། ལྔ་གང་ཞེ་ན། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། ངོ་ཚ་ཤེས་པའི་སྟོབས་དང་། ཁྲེལ་
ཡོད་པའི་སྟོབས་དང་། ཤེས་རབ་ཀྱི་སྟོབས་ཞེས་བྱ་བ་ཡིན་ནོ། །དེ་བས་ན་ངོ་ཚ་དང་ལྡན་པའི་ཕྱིར་མི་འཐུང་བར་ཟད་ཀྱི་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར་ནི་མ་ཡིན་ནོ། །གལ་ཏེ་ངོ་ཚ་དང་ལྡན་པའི་ཕྱིར་དེ་མི་སྤྱོད་ན་ཅིའི་ཕྱིར་ཆུ་ལ་སོགས་པ་བཞིན་དུ་མ་ཤེས་ཏེ་དེ་ཡང་མི་འཐུང་ཞེ་ན་དེའི་ཕྱིར་དེས་ཀྱང་
དྲན་པ་ཉམས་པར་བྱེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཆང་འཐུངས་ན་བྱ་བ་དང་བྱ་བ་མ་ཡིན་པའི་དྲན་པ་ཉམས་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་ཇི་ཙམ་གྱིས་དྲན་པ་ཉམས་པར་མི་འགྱུར་བ་ཅུང་ཟད་ཅིག་འཐུངས་ལ་རག་མོད་ཅེ་ན། དེའི་ཕྱིར་ཅུང་ཟད་ཀྱང་མི་གསོལ་ཏེ་ཞེས་བྱ་བ་སྨོས་ཏེ། དུག་བཞིན་དུ་མ་ངེས་པའི་
ཕྱིར་རོ་ཞེས་བྱ་བ་ནི་དཔེར་ན་དུག་ཆུང་ངུ་ཡང་དུས་དང་རང་བཞིན་དང་མཐུ་དང་ལྡན་པས་རེས་འགའ་འཆི་བར་བྱེད་པ་དེ་བཞིན་དུ་ཆང་ཡང་མྱོས་པར་བྱེད་དོ། །ཉེས་པར་སྤྱོད་པ་ཞེས་འགྱུར་བ་ནི་བག་མེད་པའི་གནས་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མྱོས་པས་མི་དགེ་བ་མི་སྤོང་བའི་ཕྱིར་དང་དགེ་བ་མི་བྱེད་པའི་ཕྱིར་རོ། །
འདི་ལ་བག་མེད་པའི་གནས་ཞེས་སྨོས་ཀྱི་གཞན་དག་ལ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་འབྲུའི་ཆང་དང་སྦྱར་བའི་ཆང་བག་མེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་སྦྱར་བའི་ཆང་བག་མེད་པའི་གནས་ལས་སླར་ལྡོག་གོ་ཞེས་འབྱུང་བས་བསླབ་པའི་གཞི་འདི་ཁོ་ན་ལ་བག་མེད་པའི་གནས་ཞེས་སྨོས་ཀྱི།
Vol. 143 · folio 34b
བསླབ་པའི་གཞི་གཞན་སྲོག་གཅོད་པ་སྤོང་བ་ལ་སོགས་པ་ལ་ནི་བག་མེད་པའི་གནས་མ་སྨོས་ཏེ། སྲོག་གཅོད་པ་བག་མེད་པའི་གནས་སྤངས་ནས་སྲོག་གཅོད་པ་བག་མེད་པའི་གནས་ལས་སླར་ལྡོག་གོ་ཞེས་བྱ་བར་བག་མེད་པའི་གནས་མི་འབྱུང་ངོ་། །འོ་ན་ཅི་ལྟ་ཞེ་ན། སྲོག་གཅོད་པ་
སྤངས་ནས་སྲོག་གཅོད་པ་ལས་སླར་ལྡོག་གོ་ཞེས་འབྱུང་སྟེ། དེ་བཞིན་དུ་མ་བྱིན་པར་ལེན་པ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །ཅིའི་ཕྱིར་ཞེ་ན། དེ་དག་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྲོག་གཅོད་པ་སྤོང་བ་ལ་སོགས་པའི་བསླབ་པའི་གཞི་དེ་
དག་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར་རོ། །འདི་སྐད་དུ་འདི་ནི་བག་མེད་པའི་གནས་ཡིན་པས་ཆང་འཐུང་བ་ལས་ལྡོག་པར་བྱའི་འདི་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཧ་ཅང་ཀུན་དུ་བསྟེན་པས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དགའ་བྱེད་
ཀྱི་མདོ་ལས་འབྲུའི་ཆང་དང་སྦྱར་བའི་ཆང་བག་མེད་པའི་གནས་ཀུན་དུ་བསྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས་པས་ལུས་ཞིག་ནས་དམྱལ་བ་དག་ཏུ་སྐྱེའོ་ཞེས་འབྱུང་བའི་ཕྱིར་ཆང་འཐུང་བ་ཧ་ཅང་ཀུན་དུ་བསྟེན་པས་ངན་འགྲོར་འགྲོ་བར་གསུངས་པ་ནི་དེའི་ཞར་ལ་སྟེ། ཆང་འཐུང་བའི་ཞར་
ལ་མི་དགེ་བའི་རྒྱུན་ཡང་དང་ཡང་དུ་རྟག་ཏུ་འཇུག་པ་སྟེ། མི་དགེ་བ་རྣམས་ཀྱི་རྒྱུན་དེ་འཇུག་པས་ངན་སོང་བའི་ལས་ངན་སོང་བའི་འབྲས་བུ་ཅན་གྱི་ལས་སྔོན་མེད་པ་ནི་འཕེན་ཅིང་ཀུན་དུ་འཕེན་པ་འམ་འཇུག་པ་ཐོབ་པ་སྟེ། འཆི་བའི་གནས་སྐབས་ནི་སྔོན་བསྩགས་པའི་ལས་འབྲས་བུ་འབྱིན་
པར་བྱ་བ་ལ་འཇུག་པ་ཐོབ་པའོ། །འཕེན་པ་འམ་འཇུག་པ་ཐོབ་པ་དེའི་ཕྱིར་ངན་སོང་དུ་འགྲོ་བར་གསུངས་པར་ཟད་དོ་ཞེས་བྱ་བར་སྦྱར་རོ། །ཟས་ལས་བྱུང་བའི་བཏུང་བའོ་ཞེས་བྱ་བ་ནི་འབྲས་ཐུག་པོ་ཆེ་ལས་བྱས་པའོ། །རྫས་ལས་སྦྱར་བའི་བཏུང་བའོ་ཞེས་བྱ་བ་ནི་བུ་རམ་ཤིང་གི་ཁུ་བ་ལ་
སོགས་པ་ལས་བྱས་པའོ། །དེ་དག་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འབྲུའི་ཆང་དང་སྦྱར་བའི་ཆང་དེ་དག་ཀྱང་རེས་འགའ་མྱོས་པར་འགྱུར་བའི་དངོས་པོར་མ་རེད་པ་སྟེ་གང་གི་ཚེ་གཞོན་ནུར་འདུག་པ་ནའོ། །རེས་འགའ་ནི་མྱོས་པར་འགྱུར་བའི་དངོས་པོ་ལས་ཐལ་བར་འགྱུར་ཏེ་གང་གི་ཚེ་ཧ་
Vol. 143 · folio 35a
ཅང་རྙིངས་པར་གྱུར་པ་ནའོ། །དེའི་ཕྱིར་མྱོས་པར་འགྱུར་བ་ཞེས་སྨོས་ཏེ། གལ་ཏེ་མྱོས་པར་གྱུར་ན་དེའི་ཕྱིར་ཉེས་པ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །གླ་གོར་ཞོ་ཤ་དང་ཁྲེ་རྒོད་ལ་སོགས་པ་ཡང་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་འབྲུ་ནི་སྤ་བ་ལ་སོགས་
པ་ཡང་བསྡུ་སྟེ། འབྲུའི་ཆང་དང་སྦྱར་བའི་ཆང་མ་ཡིན་པས་མྱོས་པ་ཉིད་དུ་གྱུར་དུ་ཟིན་ཀྱང་ཉེས་པ་མེད་ཀྱི་འབྲུའི་ཆང་དང་སྦྱར་བའི་ཆང་གི་ངོ་བོ་ཉིད་ཀྱི་ཆང་འཐུང་ན་དེའི་ཕྱིར་ཉེས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བག་མེད་པ་ཐམས་ཅད་ཀྱི་གནས་སུ་གྱུར་པས་ཞེས་བྱ་བ་ཆང་འཐུང་བ་
ནི་བག་མེད་པ་ཐམས་ཅད་དེ། སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་རྣམས་ཀྱི་རྒྱུར་གྱུར་པ་དྲན་པ་ཉམས་པ་ཐམས་ཅད་ཀྱི་གནས་དང་གཞི་དང་རྟེན་ཡིན་པས་བག་མེད་པའི་གནས་ཡིན་ནོ། །གང་ལས་གཅིག་ཐོབ་པ་ཞེས་བྱ་བ་ནི་དངོས་གཞི་ལ་སོགས་པ་དང་སེམས་ཅན་དང་སེམས་
ཅན་མ་ཡིན་པར་སྟོན་པ་ལ་གང་ལས་སོ་སོར་ཐར་པའི་སྡོམ་པ་འཐོབ་པ་དེ་ལས་ལྷག་མ་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་ཐོབ་བམ་ཞེས་བྱ་བ་ཡིན་ནོ། །སྦྱོར་བ་དང་དངོས་དང་མཇུག་ལས་སོ་ཞེས་བྱ་བ་ནི་མི་དགེ་བའི་ལས་ཀྱི་སྦྱོར་བ་དང་། དངོས་དང་། མཇུག་དག་ལས་གོ་
རིམས་བཞིན་དུ་གཉེན་པོར་གྱུར་པ་སོ་སོར་ཐར་པའི་སྡོམ་པ་ཞེས་བྱ་བ་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་སྦྱོར་བ་དང་། དངོས་དང་། མཇུག་གི་ངོ་བོ་ཉིད་གསུམ་ཐོབ་པར་འགྱུར་རོ། །སེམས་ཅན་དང་སེམས་ཅན་མ་ཡིན་པར་སྟོན་པའི་གཞི་སྲོག་ཆགས་དང་ནགས་ཚལ་གྱི་མཚན་ཉིད་དང་རང་
བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སྲོག་གཅོད་པ་དང་ནགས་ཚལ་འཇོམས་པ་ལ་སོགས་པའི་མཚན་ཉིད་ཀྱི་ལས་དག་ལས་སོ། །དེ་ལྟར་ན་འདི་གཉིས་ནི་གཉི་གའི་རྟེན་ཅན་ཡིན་ཏེ། རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡང་སེམས་ཅན་གྱི་རྟེན་ཅན་དང་། སེམས་ཅན་མ་ཡིན་པའི་རྟེན་ཅན་ཡིན་ལ། བཅས་
པའི་ཁ་ན་མ་ཐོ་བ་ཡང་སེམས་ཅན་གྱི་རྟེན་ཅན་དང་སེམས་ཅན་མ་ཡིན་པའི་རྟེན་ཅན་ཡིན་གྱི་འདི་ལྟར་རང་བཞིན་གྱིས་ཁ་ན་མ་ཐོ་བ་ནི་སེམས་ཅན་གྱི་རྟེན་ཅན་ཡིན་ལ། བཅས་པའི་ཁ་ན་མ་ཐོ་བ་ནི་སེམས་ཅན་མ་ཡིན་པའི་རྟེན་ཅན་ཡིན་ནོ་ཞེས་བྱ་བར་ནི་མི་བཟུང་ངོ་། །དེ་ལ་རེ་ཞིག་རང་བཞིན་གྱིས་ཁ་ན་
Vol. 143 · folio 35b
མ་ཐོ་བ་སེམས་ཅན་གྱི་རྟེན་ཅན་ནི་སྲོག་ཆགས་གསོད་པ་ལ་སོགས་པའོ། །བཅས་པའི་ཁ་ན་མ་ཐོ་བ་སེམས་ཅན་གྱི་རྟེན་ཅན་ཡང་དགེ་སློང་བུད་མེད་ཀྱི་ལག་པ་ལ་སོགས་པ་ནས་འཛིན་པ་དང་། ཁྱིམ་ན་ལྷན་ཅིག་ཉལ་བ་ལ་སོགས་པའོ། །རང་བཞིན་གྱིས་ཁ་ན་མ་ཐོ་བ་སེམས་ཅན་མ་ཡིན་
པའི་རྟེན་ཅན་ནི་གསེར་ལ་སོགས་པ་རྐུ་བའོ། །བཅས་པའི་ཁ་ན་མ་ཐོ་བ་སེམས་ཅན་མ་ཡིན་པའི་རྟེན་ཅན་ནི་དགེ་སློང་ཤིང་གི་ལོ་མ་གཅོད་པ་དང་འདུལ་བ་ལ་ཟས་ལ་སོགས་པའི་ལྟུང་བ་བཤད་པ་ལྟ་བུའོ། །སེམས་ཅན་གྱི་རྟེན་ལ་འཇུག་པའི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་དུ་གདགས་
པའི་རྟེན་ལ་འཇུག་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ད་ལྟར་གྱི་ཆོས་རྣམས་ཁོ་ན་སེམས་ཅན་དུ་གདགས་པའི་རྟེན་ཡིན་གྱི་འདས་པ་དང་མ་འོངས་པ་རྣམས་ནི་མ་ཡིན་ཏེ། དེ་དག་ནི་མེད་པ་དང་འདྲ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདས་པ་དང་མ་འོངས་པ་དག་ལས་ནི་མ་ཡིན་ཏེ།
དེ་དག་ནི་སེམས་ཅན་དུ་མི་བགྲང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །སེམས་ཅན་དང་སེམས་ཅན་མ་ཡིན་པར་སྟོན་པ་དག་ལས་ཐོབ་བོ་ཞེས་བྱ་བ་འབྱུང་བའི་ཕྱིར་སེམས་ཅན་མ་ཡིན་པར་གདགས་པའི་རྟེན་ལ་ཞུགས་པ་ཡང་སོ་སོར་ཐར་པའི་སྡོམ་པ་ཡིན་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ནི་དེ་ལྟ་
བུ་འགོག་པར་བྱེད་པ་མ་ཡིན་ནོ། །ཇི་ལྟར་ད་ལྟར་གྱི་སེམས་ཅན་དུ་སྟོན་པ་ཁོ་ན་ལས་ཐོབ་པར་འགྱུར་ཞེས་བཤད་པ་དེ་བཞིན་དུ་ད་ལྟར་གྱི་སེམས་ཅན་མ་ཡིན་པར་སྟོན་པ་ཁོ་ན་ལས་ཀྱང་འཐོབ་པར་འགྱུར་རོ་ཞེས་བརྗོད་པར་བྱ་དགོས་ཏེ། ཚིག་འདིས་ནི་ད་ལྟར་གྱི་རྟེན་ཅན་ཁོ་ན་ཡིན་པར་འདོད་པ་ཡིན་
ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་སྡོམ་པ་འདི་དག་ཇི་སྐད་རྒྱས་པར་བཤད་པ་དེ་ལྟར་ཐོབ་པར་གྱུར་པ་དེའི་ཕྱིར་མུ་བཞིར་བྱའོ། །རྒྱས་པར་ཞེས་བྱ་བ་ལ་རྒྱས་པར་ཞེས་བྱ་བའི་དོན་ནི་གང་དག་ལས་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་ཐོབ་ལ། སོ་སོར་ཐར་པའི་སྡོམ་པ་མ་
ཡིན་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་དེ་དག་ཀྱང་ཡོད། གང་དག་ལས་སོ་སོར་ཐར་པའི་སྡོམ་པ་འཐོབ་ལ་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་མ་ཡིན་པ་དེ་དག་ཀྱང་ཡོད། གང་དག་ལས་གཉི་ག་འཐོབ་པ་དེ་དག་ཀྱང་ཡོད། གང་དག་ལས་གཉི་ག་མི་འཐོབ་པ་དེ་དག་ཀྱང་ཡོད་
Vol. 143 · folio 36a
ཅེས་བྱ་བ་ཡིན་ནོ། །མུ་དང་པོ་ནི་ད་ལྟར་གྱི་སྲོག་གཅོད་པ་ལ་སོགས་པའི་ལས་ཀྱི་ལམ་གྱི་སྦྱོར་བ་དང་མཇུག་དག་དང་ཤིང་གཅོད་པ་ལ་སོགས་པའི་བཅས་པའི་ཁ་ན་མ་ཐོ་བ་ལས་འཐོབ་པའི་སྡོམ་པ་གང་ཡིན་པའི་སོ་སོར་ཐར་པའི་སྡོམ་པ་དེ་ཡིན་ཏེ། འདོད་
རྟོགས་ཐམས་ཅད་གཉི་ག་དང་ཞེས་འབྱུང་བའི་ཕྱིར་རོ། །གཉིས་པ་ནི་འདས་པ་དང་མ་འོངས་པའི་ལས་ཀྱི་ལམ་དངོས་སུ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་ལུས་དང་ངག་གི་བདུན་ལས་འཐོབ་པའི་སྡོམ་པ་གང་ཡིན་པ་སྟེ། དེ་ནི་དངོས་དང་དུས་ནི་ཐམས་ཅད་ལས་འབྱུང་བའི་ཕྱིར་བསམ་
གཏན་དང་ཟག་པ་མེད་པའི་སྡོམ་པ་དག་ཡིན་ལ་སོ་སོར་ཐར་པའི་སྡོམ་པ་ནི་མ་ཡིན་ཏེ། འདས་པ་དང་མ་འོངས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི་ད་ལྟར་བྱུང་བའི་ལས་ཀྱི་ལམ་དངོས་དག་ལས་སོ་ཞེས་བྱ་བ་ནི་ད་ལྟར་བྱུང་བའི་ལས་ཀྱི་ལམ་ཡིན་པའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་
ཡང་ཡིན་ལ་ལས་ཀྱི་ལམ་གྱི་དངོས་ཡིན་པའི་ཕྱིར་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་ཀྱང་ཡིན་ནོ། །བཞི་པ་ནི་འདས་པ་དང་མ་འོངས་པའི་ཉེར་བསྡོགས་དང་མཇུག་དག་ལས་སོ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་ཡིན་པའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་ཡང་མ་ཡིན་ལ་ཉེར་
བསྡོགས་དང་མཇུག་ཡིན་པའི་ཕྱིར་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་ཀྱང་མ་ཡིན་ནོ། །སློབ་དཔོན་གྱི་རང་གི་རྒྱུད་ལ་ད་ལྟར་གྱི་ལས་ཀྱི་ལམ་དག་ལས་སྡོམ་པ་རུང་བ་མ་ཡིན་པར་མཐོང་ནས་སྡོམ་པ་ཐོབ་པའི་ཚེ་ན་ད་ལྟར་གྱི་ལས་ཀྱི་ལམ་རྣམས་མེད་པས་ད་ལྟར་གྱི་གཞི་ཅན་
གྱིས་ལས་ཀྱི་ལམ་དག་ལས་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་སྨོས་ནས་སློབ་པར་བྱེད་པ་ཡིན་ཏེ། དངོས་པོ་གང་ཞིག་ལས་ལྡོག་པ་དེ་ནི་ད་ལྟར་གྱི་ཉིན་ཡིན་པར་མི་སྲིད་པའི་ཕྱིར་རོ། །འདས་པ་དང་ད་ལྟར་གྱི་རྣམས་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ལ། སློབ་དཔོན་གྱིས་བསམ་པ་ནི་འདི་དག་ནི་བྱུང་
ཟིན་པའི་ཕྱིར་བསྡམ་པར་ཡང་རུང་བ་མ་ཡིན་ལ། ད་ལྟར་བྱུང་བ་རྣམས་ནི་མི་སྐྱེ་བར་བྱ་བར་ཡང་མི་ནུས་ཀྱི་མ་འོངས་པ་རྣམས་ལ་ནུས་པས་དེ་དག་ཁོ་ན་སྡོམ་པར་རུང་ངོ་སྙམ་པ་ཡིན་ནོ། །དེ་སྐད་དུ་སྨོས་པ་ལ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་བསམ་པ་ནི་འདི་ཡིན་པར་མངོན་ཏེ། སོ་སོར་ཐར་པའི་སྡོམ་
Vol. 143 · folio 36b
པའི་སྦྱོར་བ་དང་། དངོས་དང་མཇུག་དག་ནི་གོ་རིམས་བཞིན་དུ་སྲོག་གཅོད་པ་ལ་སོགས་པའི་སྦྱོར་བ་དང་། དངོས་དང་མཇུག་འདི་དག་འཇུག་པར་མ་གྱུར་ཅིག་ཅེས་སྡོམ་པར་བྱེད་པ་ཡིན་ཏེ། ཤུགས་ཉིད་ཀྱིས་ནི་གཉེན་པོར་གྱུར་པ་དེ་དག་ནི་མི་མཐུན་པར་གྱུར་པ་དེ་དག་ལ་གགས་བྱེད་པ་
ལྟ་བུར་སྐྱེ་སྟེ། སྦྱོར་བ་ཡང་སྦྱོར་བ་ལ་འདི་སྐད་དུ་ཁྱོད་ངས་བསྡམས་ཀྱི་ཁྱོད་མ་འབྱུང་ཤིག་ཅེས་སྨྲས་ལ། དེ་བཞིན་དུ་འཇུག་ཀྱང་འཇུག་ལ་དེ་སྐད་དུ་སྨྲའོ་ཞེས་བྱ་བའི་བར་དུ་སྦྱར་བར་བྱའོ། །དེ་བཞིན་དུ་ད་ལྟར་གྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་ཀྱི་ལམ་གྱི་སྦྱོར་བ་དང་།
དངོས་དང་མཇུག་གི་ངོ་བོ་ཉིད་དག་འགག་པ་ན་ད་ལྟར་གྱི་དེ་དག་ལས་སོ་སོར་ཐར་པའི་སྡོམ་པ་འཐོབ་བོ་ཞེས་བཤད་པ་ཡིན་པས་དེ་ལྟ་བས་ན་དེ་སྐད་དུ་ནི་བརྗོད་པར་མི་བྱའོ་ཞེས་བྱ་བ་ཡིན་ནོ། །ལ་ལ་ནི་ཐམས་ཅད་ལས་འཐོབ་པ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དགེ་སློང་གི་སྡོམ་
པ་ནི་ལས་ཀྱི་ལམ་ཐམས་ཅད་ལས་ཐོབ་སྟེ། ལས་ཀྱི་ལམ་ཐམས་ཅད་སྤོང་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ལ་ལ་ནི་བཞི་ལས་ཏེ། དེ་དག་ལས་གཞན་པའོ་ཞེས་བྱ་བ་ནི་དགེ་སློང་གི་སྡོམ་པ་དེ་ལས་གཞན་པའི་སྡོམ་པ་དགེ་ཚུལ་ལ་སོགས་པའི་སྡོམ་པ་ནི་ཡན་ལག་
བཞི་ཁོ་ན་ལས་འཐོབ་སྟེ། ལུས་ཀྱི་སྲོག་གཅོད་པ་ལ་སོགས་པ་གསུམ་དང་། ངག་གི་བརྫུན་དུ་སྨྲ་བ་ལས་སོ། །གལ་ཏེ་མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་དེའི་རྒྱུར་འདོད་ནའོ་ཞེས་བྱ་བ་ནི་སྡོམ་པའི་རྒྱུ་ནི་རྣམ་པ་གཉིས་སུ་འདོད་དེ་མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་
མུག་མེད་པ་དག་དང་སེམས་ཆུང་ངུ་དང་འབྲིང་དང་ཆེན་པོ་དག་ཅེས་བྱ་བ་ཡིན་ནོ། །གལ་ཏེ་རྣམ་གྲངས་དང་པོ་ཡིན་པར་འདོད་ན་ནི་སྡོམ་པ་མ་ཆགས་པ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ལས་ཀྱི་ལམ་ཐམས་ཅད་ཀྱིས་འཐོབ་སྟེ། ཀུན་ནས་སློང་བར་བྱེད་པའི་སེམས་དགེ་བ་ལ་དེ་རྣམས་ཅིག་ཅར་
འབྱུང་བའི་ཕྱིར་རོ། །གལ་ཏེ་སེམས་ཆུང་ངུ་དང་འབྲིང་དང་ཆེན་པོ་དག་རྒྱུར་འདོད་ན་ནི་རྒྱུ་གཅིག་གིས་འཐོབ་སྟེ། དེ་དག་ཅིག་ཅར་འབྱུང་བ་མེད་པའི་ཕྱིར་རོ། །རྣམ་གྲངས་ཐ་མ་ཞེས་བྱ་བ་ནི་ཆུང་ངུ་ལ་སོགས་པ་རྒྱུ་ཡིན་པའི་ཕྱོགས་སོ། །སྡོམ་པ་ལ་གནས་པ་སེམས་ཅན་ཐམས་ཅད་ལ་བསྡམས་
Vol. 143 · folio 37a
ལ། ཡན་ལག་ཐམས་ཅད་རྒྱུ་ཐམས་ཅད་ཀྱི་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའི་བསམ་པ་དགེ་བ་ཅན་ལ་སྡོམ་པ་སྐྱེ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་བསྡམས་པ་ཡིན་ལ་དགེ་བསྙེན་ལ་སོགས་པའི་སྡོམ་
པ་ནི་ཡན་ལག་ཐམས་ཅད་སྤངས་པ་མ་ཡིན་པའི་ཕྱིར་ཡན་ལག་ཐམས་ཅད་ཀྱིས་ཀྱང་མ་ཡིན་ལ། རྒྱུ་ཐམས་ཅད་ཀྱིས་ཀྱང་མ་ཡིན་ཏེ་ཆུང་ངུ་ལ་སོགས་པ་རྒྱུ་ཉིད་དུ་ཅིག་ཅར་འབྱུང་བ་མི་སྲིད་པའི་ཕྱིར་རོ། །དགེ་སློང་གི་སྡོམ་པ་ནི་ཡན་ལག་ཐམས་ཅད་ཀྱིས་ཀྱང་ཡིན་ཏེ། ཡན་ལག་
ཐམས་ཅད་སྤངས་པའི་ཕྱིར་རོ། །གང་ཞིག་སེམས་རྣམ་པ་གསུམ་གྱིས་སྡོམ་པ་རྣམ་པ་གསུམ་ཡང་དག་པར་ལེན་པའོ་ཞེས་བྱ་བ་ནི་འདི་ལྟ་སྟེ། སེམས་ཆུང་ངུས་ནི་དགེ་བསྙེན་གྱི་སྡོམ་པ་ཡང་དག་པར་ལེན་ལ། འབྲིང་གིས་ནི་དགེ་ཚུལ་གྱི་སྡོམ་པ་ལེན། ཆེན་པོས་ནི་དགེ་སློང་གི་སྡོམ་པ་
ལེན་ཅེས་བྱ་བ་ཡིན་ནོ། །རྒྱུ་ཐམས་ཅད་ཀྱིས་བསྡམས་ལ་ཡན་ལག་ཐམས་ཅད་ཀྱིས་ཀྱང་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་ནི་དགེ་བསྙེན་ལ་སོགས་པའི་སྡོམ་པ་རྣམས་རེ་རེའི་རྒྱུ་ཆུང་ངུ་ལ་སོགས་པ་རེ་རེ་ཞིག་ཡིན་པའི་ཕྱིར་རོ།། །།བམ་པོ་སུམ་ཅུ་རྩ་གསུམ་པ། དེ་ལྟར་མནོས་ན་ཞེས་
བྱ་བ་ནི་ངེས་པ་ལྔ་བྱེད་པས་མནོས་ནའོ། །ཇི་ལྟར་ན་མི་ནུས་པ་དག་ལས་སྡོམ་པ་ཐོབ་ཅེས་བྱ་བ་ནི་གང་དག་གསད་པར་མི་ནུས་པའི་སེམས་ཅན་མི་ནུས་པ་དེ་དག་ལས་སྡོམ་པ་ཇི་ལྟར་འཐོབ་ཅེ་ན་འདི་ལ་སློབ་དཔོན་གྱིས་ལེན་དུ་སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་མི་གནོད་པའི་བསམ་པས་བླངས་པའི་ཕྱིར་
རོ་ཞེས་བྱ་བ་སྨོས་ཏེ། སེམས་ཅན་ཐམས་ཅད་ཀྱི་སྲོག་དེ་ལ་གནོད་པ་མི་བྱ་བའི་ལྷག་པའི་བསམ་པས་སྡོམ་པ་ཁས་ལེན་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བས་ཀྱང་དྲི་བ་འདི་ཉིད་ཀྱི་ལན་དུ་གལ་ཏེ་ནུས་པ་དག་ཁོ་ན་ལས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ལྷ་ལ་སོགས་པ་ཡང་མི་ལ་སོགས་པར་འཕོ་ལ་མི་
ལ་སོགས་པ་ཡང་ལྷ་ལ་སོགས་པར་འཕོ་བས། ནུས་པ་དང་མི་ནུས་པ་མི་ལ་སོགས་པ་དང་ལྷ་ལ་སོགས་པ་ནི། ཕན་ཚུན་འཕོ་བས་འཕེལ་བ་དང་འགྲིབ་པ་དང་ལྡན་པར་འགྱུར་ཏེ་སེམས་ཅན་ནུས་པ་དག་ཏུ་གྱུར་ན་ནི་སྡོམ་པ་འཕེལ་བར་འགྱུར་ལ། མི་ནུས་པ་དག་ཏུ་གྱུར་ན་ནི་འགྲིབ་པར་འགྱུར་
Vol. 143 · folio 37b
རོ། །སློབ་དཔོན་གྱིས་བྱེ་བྲག་ཏུ་སྨྲ་བའི་ལན་འདི་གླགས་དང་བཅས་པར་མཐོང་ནས་དེ་ལྟར་ནི་མི་འགྱུར་ཏེ་ཞེས་བྱ་བ་སྨོས་ཏེ། དེ་ལྟར་སྡོམ་པ་འཕེལ་བ་དང་འགྲིབ་པ་དང་ལྡན་པར་ནི་མི་འགྱུར་རོ། །ཇི་ལྟ་ཞེ་ན། ཇི་ལྟར་སྔོན་མེད་པའི་རྩྭ་ལ་སོགས་པ་སྐྱེས་སམ། རྩྭ་ལ་སོགས་པ་
སྐམས་ན་རྩྭ་ལ་སོགས་པ་དེ་དག་ལས་སྡོམ་པ་འཐོབ་པར་འགྱུར་མོད་ཀྱི་འོན་ཀྱང་སྡོམ་པ་འཕེལ་བ་དང་འགྲིབ་པར་མི་འགྱུར་བ་དེ་བཞིན་དུ་ནུས་པ་དང་། མི་ནུས་པ་འཕོས་སུ་ཟིན་ཀྱང་འཕེལ་ཞིང་འགྲིབ་པ་དག་ཏུ་མི་འགྱུར་ཏེ། རྒྱས་པ་དང་འགྲིབ་པ་དག་ཏུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་
བས་ན་ནུས་པ་དག་ཁོ་ན་ལས་ཀྱང་སྡོམ་པ་འཐོབ་ལ་ཉེས་པ་དེར་ཡང་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བས་མ་ཡིན་ཏེ། སེམས་ཅན་རྣམས་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཇི་ལྟར་སྔོན་མེད་པའི་རྩྭ་ལ་སོགས་པ་སྐྱེས་སམ་ཞེས་བྱ་བ་རྒྱས་པར་གང་སྨྲས་པ་དེ་ནི་དེ་ལྟ་
མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ནི་འཕོ་བའི་སྔོན་རོལ་དང་ཕྱིས་ཀྱང་ཡོད་པའི་ཕྱིར་རྩྭ་ལ་སོགས་པ་ནི་མེད་པའི་ཕྱིར་ཏེ། རྩྭ་དང་གེལ་པ་དང་ལྕུག་མ་ལ་སོགས་པ་ནི་སྔོན་རོལ་དང་ཕྱིས་ཀྱང་མེད་པའི་ཕྱིར་རོ། །དེའི་ཕྱིར་རྩྭ་ལ་སོགས་པའི་དཔེས་འཕེལ་བ་དང་
འགྲིབ་པའི་ཉེས་པ་མི་ཟློགས་སོ། །དེ་ལྟར་ཆོས་མི་མཐུན་པ་ཙམ་ཞིག་སྨྲས་ཀྱི་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་དོན་ནི་མ་ཡིན་པས་སློབ་དཔོན་གྱིས་ཡང་ཡོངས་སུ་མྱ་ངན་ལས་འདས་ནས་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ལྟ་བས་ན་གཏན་ཚིགས་སྔ་མ་ཉིད་བཟང་ངོ་ཞེས་བྱ་བ་ནི་སེམས་
ཅན་ཐམས་ཅད་ཀྱི་སྲོག་ལ་མི་གནོད་པའི་བསམ་པས་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། དེའི་ཕྱིར་ནུས་པ་དང་མི་ནུས་པ་དག་ལས་སྡོམ་པ་འཐོབ་བོ་ཞེས་བྱ་བར་གྲུབ་བོ། །གལ་ཏེ་དེ་ལྟར་སེམས་ཅན་ཐམས་ཅད་ལས་སོ་སོར་ཐར་པའི་སྡོམ་པ་འཐོབ་ན། འོ་ན་ནི་སྔོན་གྱི་སེམས་ཅན་སངས་
རྒྱས་སུ་འགྱུར་ནས་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལས་དེ་མ་ཐོབ་པའི་ཕྱིར་ཚུལ་ཁྲིམས་ཉུང་བར་འགྱུར་རོ་ཞེ་ན། སློབ་དཔོན་གྱིས་བཤད་པ། སངས་རྒྱས་ཐམས་ཅད་ཀྱིས་ཏེ་ཕྱིས་འབྱུང་བ་རྣམས་ཀྱིས་ཀྱང་ཁྱད་པར་མེད་པར་སེམས་ཅན་ཐམས་ཅད་ལས་ཐོབ་པའི་ཕྱིར་ཏེ། གལ་ཏེ་
Vol. 143 · folio 38a
དེ་དག་ཀྱང་ཡོངས་སུ་མྱ་ངན་ལས་འདས་པར་མ་གྱུར་ན་དེའི་ཚེ། དེ་རྣམས་ཀྱིས་དེ་དག་ལས་ཀྱང་འཐོབ་པར་འགྱུར་རོ། །ལས་ཀྱི་ལམ་ཐམས་ཅད་ལས་ཞེས་བྱ་བ་དག་ནི་ལུས་དང་ངག་གི་ལས་སོ། །སྡོམ་པ་མ་ཡིན་པ་མི་ཚངས་པའི་སྡོམ་པ་ཅན་ནི་མེད་དོ་
ཞེས་བྱ་བ་ནི་སྲོག་གཅོད་པ་ཁོ་ན་ཡིན་གྱི་མ་བྱིན་པར་ལེན་པས་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ནོ། །སྡོམ་པ་མ་ཡིན་པ་ནི་ཞན་པ་ཁོ་ན་དང་ལྡན་པ་ཞེས་བྱ་བ་ནི་སྔར་ཐོབ་ཟིན་པའི་ཕྱིར་རོ། །སྲོག་གཅོད་པའི་རྣམ་པར་རིག་བྱེད་ཆེན་པོ་དང་ཞེས་བྱ་བ་ཅི་ཞེ་ན་ལྡན་ནོ་ཞེས་བྱ་
བར་སྦྱར་ཏེ། རྣམ་པར་སྨིན་པའི་འབྲས་བུ་ལ་ནི་ཁྱད་པར་མེད་དོ། །དེ་བཞིན་དུ་འབྲིང་དང་དྲག་པོ་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི་གང་ཞིག་སེམས་འབྲིང་གིས་སྡོམ་པ་མ་ཡིན་པ་ཐོབ་པ་དེ་སེམས་དྲག་པོས་སྲོག་ཆགས་ཀྱི་སྲོག་གཅོད་པར་བྱེད་ན་ཡང་སྡོམ་པ་མ་ཡིན་པ་ནི་འབྲིང་ཁོ་ན་དང་ལྡན་པ་
ཞེས་བྱ་བ་དང་། དེ་བཞིན་དུ་གང་ཞིག་སེམས་དྲག་པོས་ཞེས་བྱ་བ་ནས་སྡོམ་པ་མ་ཡིན་པ་ཡང་ཆེན་པོ་ཁོ་ན་དང་ལྡན་ལ་སྲོག་གཅོད་པའི་རྣམ་པར་རིག་བྱེད་ཀྱང་ཆེན་པོ་དང་ལྡན་ནོ་ཞེས་བྱ་བ་དང་། གང་ཞིག་སེམས་ཆེན་པོས་སྡོམ་པ་མ་ཡིན་པ་ཐོབ་པ་དེ་སེམས་ཆུང་ངུས་སྲོག་ཆགས་ཀྱི་སྲོག་གཅོད་
པར་བྱེད་ན་ཡང་སྡོམ་པ་མ་ཡིན་པ་ནི་ཆེན་པོ་ཁོ་ན་དང་ལྡན་ལ། སྲོག་གཅོད་པའི་རྣམ་པར་རིག་བྱེད་ནི་ཆུང་ངུ་དང་ལྡན་ནོ་ཞེས་བྱ་བའི་བར་སྦྱར་བ་མ་ཡིན་ནོ། །བ་གུ་རི་འཆོར་བ་རྣམས་ཞེས་བྱ་བ་ནི། སྲོག་ཆགས་ཀྱི་རིགས་པ་གུ་རི་ཞེས་གྲགས་པ་ཞིག་ཡོད་དེ། དེ་དག་གསོད་པས་ན་བ་གུ་
རི་འཆོར་བ་རྣམས་སོ། །དོན་གྱིས་ན་སྡོམ་པ་མ་ཡིན་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་རྒྱལ་པོ་དང་བློན་པོ་རྣམས་ཀྱང་ཆད་པས་གཅོད་པར་བྱེད་པ་ཡིན་པའི་ཕྱིར་དེ་ལས་མི་འབྱུང་ཡང་སྡོམ་པ་མ་ཡིན་པ་ཅན་ཁོ་ནར་བལྟའོ། །གཞན་དག་ལ་ཡང་དེ་བཞིན་དུ་སྦྱར་རོ་ཞེས་བྱ་བ་ནི་བྱ་གག་རྣམས་གསོད་པས་ན་བྱ་
གག་གསོད་པ་རྣམས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །རེ་ཞིག་རིགས་ན་ཞེས་བྱ་བ་རྒྱས་པར་བརྗོད་ནས། ཇི་ལྟར་སེམས་ཅན་ཐམས་ཅད་ལས་སྡོམ་པ་མ་ཡིན་པ་འཐོབ་པར་རུང་ཞེས་བྱ་བའི་བར་དྲིས་པ་དང་བྱེ་བྲག་ཏུ་སྨྲ་བས་ལན་དུ་དེ་དག་ནི་མ་ལ་སོགས་པ་ཞེས་བྱ་བ་རྒྱས་པར་སྨྲས་སོ། །སློབ་
Vol. 143 · folio 38b
དཔོན་གྱིས་རེ་ཞིག་དེ་དག་ཉིད་དེ་དག་ཡིན་པར་ཤེས་ནས་མི་གསོད་དོ་ཞེས་བྱ་བ་སྨོས་ཏེ། མ་ལ་སོགས་པ་དེ་དག་ཡིན་ནོ་ཞེས་བྱ་བར་ཤེས་པ་རྣམས་ནི་མི་གསོད་པས་ཇི་ལྟར་གསད་པར་བྱ་བ་མ་ཡིན་པ་དེ་དག་ལས་ཀྱང་། སྡོམ་པ་མ་ཡིན་པ་ཐོབ་པར་རུང་གཞན་ཡང་འཕགས་པར་གྱུར་པ་དེ་དག་
ལུག་ལ་སོགས་པར་སྐྱེ་མི་སྲིད་པའི་ཕྱིར་ཡང་ཕྱུགས་སུ་འགྱུར་བའི་གོ་སྐབས་མེད་ན་ཇི་ལྟར་དེ་དག་ལས་སྡོམ་པ་མ་ཡིན་པ་ཐོབ་པར་འགྱུར། གལ་ཏེ་ལུག་ལ་སོགས་པར་འགྱུར་རོ་ཞེས་མ་འོངས་པའི་ལུས་ལ་ལྟོས་ཏེ་ད་ལྟར་གྱི་མ་ལ་སོགས་པའི་སྡོམ་པ་མ་ཡིན་པ་ཞིག་ཏུ་གྱུར་ན་ནི་ཤན་པ་དེ་དག་ཚེ་
ཕྱི་མ་ལ་ལུག་བུར་གྱུར་པ་རྣམས་ཀྱང་གཏན་མི་གསོད་པས་ལུག་དེ་དག་ལས་སྡོམ་པ་མ་ཡིན་པར་མི་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བས་ཇི་ལྟར་ན་གསོད་པར་འདོད་བཞིན་དུ་ཞེས་བྱ་བ་རྒྱས་པར་སྨྲས་པ་དང་། སློབ་དཔོན་གྱིས་དེ་ནི་མ་ལ་སོགས་པ་ལ་ཡང་མཚུངས་ཏེ་ཞེས་བྱ་བ་རྒྱ་ཆེར་སྨོས་ཏེ། ཇི་ལྟར་ན་
ཤན་པ་ལ་སོགས་པ་མ་ལ་སོགས་པར་གྱུར་པ་གསོད་པར་མི་འདོད་བཞིན་དུ་མ་ལ་སོགས་པ་དེ་དག་ལ་སྡོམ་པ་མ་ཡིན་པར་འགྱུར། མ་ཚང་བ་ནི་ལས་ཀྱི་ཡན་ལག་གི་སྒོ་ནས་སོ། །ཉི་ཚེ་བ་ཡང་ཡོད་དེ་སེམས་ཅན་དང་ཡུལ་དང་དུས་དང་ཚེ་ངེས་པར་བྱེད་པ་དང་ལྡན་པས་ཕྱོགས་གཅིག་མ་
སྤངས་པའི་ཕྱིར་རོ། །སྔར་བཤད་པ་སོ་སོར་ཐར་པའི་སྡོམ་པ་རྣམ་པ་བརྒྱད་མ་གཏོགས་པ་ཡང་དེ་བཞིན་དུ་མ་ཚང་བ་ཡང་ཡོད་ལ་ཉི་ཚེ་བ་ཡང་ཡོད་དོ། །ཅིའི་ཕྱིར་ཞེ་ན་ཚུལ་ཁྲིམས་དང་འཆལ་པའི་ཚུལ་ཁྲིམས་དེ་ཙམ་གྱི་གེགས་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྡོམ་པ་མ་ཡིན་པ་ཡང་
ཚུལ་ཁྲིམས་དེ་ཙམ་གྱི་གེགས་བྱེད་ལ་སྡོམ་པ་ཡང་འཆལ་བའི་ཚུལ་ཁྲིམས་དེ་ཙམ་གྱི་གེགས་བྱེད་དོ་ཞེས་བྱ་བ་ཡིན་ནོ། །དེའི་རིགས་སུ་སྐྱེས་པ་རྣམས་ཞེས་བྱ་བ་ནི་སྡོམ་པ་མ་ཡིན་པའི་རིགས་སུ་སྐྱེས་པ་རྣམས་སོ། །ཞིང་དང་། ལེན་པ་དང་། གུས་པར་བྱེད་པས་འཐོབ་ཅེས་བྱ་བ་ལ། གུས་
པར་བྱེད་པ་ནི་བྱ་བ་རྩོམ་པའོ། །ཞིང་དང་ལེན་པ་དང་གུས་པར་བྱེད་པ་ཞེས་བྱ་བར་ཚིག་བསྡུ་སྟེ། དེ་ལས་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་བའོ། །ཚེས་སམ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཚེས་ལ་ཟས་སྦྱིན་པ་ནས་ཟླ་བ་ཕྱེད་ཀྱི་བར་དུ་ཟས་སྦྱིན་པར་བྱའོ་ཞེས་བྱ་བ་ནི་དོན་ཡིན་པར་ཤེས་སོ། །སོགས་
Vol. 143 · folio 39a
པ་ཞེས་བྱ་བའི་སྒྲས་ནི་དཀྱིལ་འཁོར་བྱེད་པ་ལ་སོགས་པ་བསྡུའོ། །དེ་ལྟ་བུའི་གུས་པས་ཞེས་བྱ་བ་ནི་ཉོན་མོངས་པ་དྲག་པོ་དང་རབ་ཏུ་དང་བ་དྲག་པོས་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་པར་བླངས་པ་དང་འགལ་བའི་རྣམ་པར་རིག་བྱེད་བསྐྱེད་པ་དང་ཞེས་བྱ་བ་ནི་
ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་ལ་སོགས་པ་སྤོང་ངོ་ཞེས་ཡང་དག་པར་བླངས་པ་གང་ཡིན་པ་དང་འགལ་བའི་རྣམ་པར་རིག་བྱེད་བསྐྱེད་པའི་ཕྱིར་ཏེ། དེ་ལྟར་ན་རྒྱུ་དང་པོས་སོ་སོར་ཐར་པའི་སྡོམ་པ་གཏོང་བ་ཡིན་ནོ། །རྟེན་བོར་བ་དང་ཞེས་བྱ་བ་ནི་རྟེན་གང་གི་སྡོམ་པ་བླངས་པ་དེ་བོར་ཞིང་ཤི་
བའི་ཕྱིར་ཏེ། དེ་ལྟར་ན་རྒྱུ་གཉིས་པས་དེ་གཏོང་བ་ཡིན་ནོ། །རྟེན་ཉམས་ཞེས་བྱ་བ་རྟེན་ཇི་ལྟ་བུས་སྡོམ་པ་བླངས་པ་དེ་ལྟ་བུ་ཡིན་པར་ཉམས་པའི་ཕྱིར་ཏེ། དེ་ལྟར་རྒྱུ་གསུམ་པས་དེ་གཏོང་བ་ཡིན་ནོ། །གཞི་ཆད་པ་དང་ཞེས་བྱ་བ་ལ་གཞི་ནི་དགེ་བའི་རྩ་བ་རྣམས་ཏེ་དེ་ཆད་པའི་ཕྱིར་རྒྱུ་
བཞི་པས་དེ་གཏོང་བ་ཡིན་ནོ། །དེ་སྲིད་དུ་འཕངས་པའི་ཕྱིར་རོ་ཞེས་བྱ་བ་ནི་བསྙེན་གནས་པའི་སྡོམ་པ་ནི་ཉིན་མཚན་གཅིག་ཏུ་འཕངས་པ་ཡིན་པས་བསྙེན་གནས་པའི་སྡོམ་པ་དེ་ནི་སྔར་བཤད་པའི་རྒྱུ་བཞི་དང་རྒྱུ་ལྔ་པས་གཏོང་བ་ཡིན་ནོ། །ལྟུང་བར་འགྱུར་ལས་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རྒྱུ་
ལྔ་པོ་དེ་དག་དང་ལྟུང་བར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །འདིས་ལྟུང་བར་འགྱུར་བས་ན་ལྟུང་བར་འགྱུར་བའོ། །དེ་ཡང་རྣམ་པ་བཞི་སྟེ། མི་ཚངས་པར་སྤྱོད་པ་དང་། ཇི་སྐད་བཤད་པའི་ཚད་མ་བྱིན་པར་ལེན་པ་དང་། མི་གསོད་པ་དང་། མིའི་ཆོས་བླ་མ་བརྫུན་དུ་སྨྲ་བ་ཞེས་བྱའོ། །
ཁ་ཆེ་རྣམས་ནི་འབྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་བྱ་བ་ནི་ལུང་དང་རིགས་པས་ཏེ། དེ་ལ་ལུང་ནི་འདུལ་བ་ལས། གལ་ཏེ་དགེ་སློང་ཚུལ་ཁྲིམས་འཆལ་བ་ཞིག་དགེ་སློང་མ་ལ་རྗེས་སུ་སྟོན་ན་དགེ་འདུན་གྱི་ལྷག་མར་འགྱུར་རོ་ཞེས་གསུངས་པ་འདི་ཡིན་ཏེ། དགེ་
སློང་ཚུལ་ཁྲིམས་འཆལ་པ་ནི་ཕས་ཕམ་པ་བྱུང་བ་ཡིན་པར་བཞེད་ཀྱི་ཕས་ཕམ་པ་མ་བྱུང་ན་ནི་མ་ཡིན་ཏེ། རང་བཞིན་དུ་གནས་པའི་ཚུལ་ཁྲིམས་དང་ལྡན་པ་ཞེས་བཟློག་སྟེ་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་ཚུལ་ཁྲིམས་འཆལ་པ་དེ་ལ་ཡང་དགེ་སློང་གི་དངོས་པོ་ཡོད་པར་མངོན་ཏེ། འདི་ལྟར་
Vol. 143 · folio 39b
དགེ་འདུན་གྱི་ལྷག་མར་འགྱུར་རོ་ཞེས་བཤད་པའི་ཕྱིར་རོ། །རིགས་པ་ཡང་ཕྱོགས་གཅིག་ཉམས་པར་སྡོམ་པ་ཟད་པར་གཏོང་བར་ནི་མི་རིགས་སོ་ཞེས་བྱ་བ་ཡིན་ནོ། །རྩ་བའི་ལྟུང་བ་ལ་ཡང་ཞེས་བྱ་བ་ནི་ལྟུང་བར་འགྱུར་བའི་ལྟུང་བ་བྱུང་བ་ལ་ཡང་ཞེས་བྱ་བའི་ཐ་ཚིག་གོ། །ལྟུང་བ་གཞན་བྱུང་
བ་ལ་ཡང་ཚུལ་ཁྲིམས་འཆལ་པ་མེད་དོ་ཞེས་བྱ་བ་ནི་དགེ་འདུན་གྱི་ལྷག་མ་ལ་སོགས་པའོ། །བཤགས་ན་ཞེས་བྱ་བ་ནི་བཤགས་པ་བྱས་ནས་སོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་རྒྱས་པར་ཕམ་པར་འགྱུར་ཞེས་གང་གསུངས་པ་ཞེས་བྱ་བའི་བར་འབྱུང་བ་ནི་དེ་ཇི་ལྟ་བུ་ཡིན་ཞེས་བྱ་བའི་
ཚིག་ཁོང་ནས་དབྱུང་ངོ་། །དེ་ནི་དོན་དམ་པའི་དགེ་སློང་ཉིད་ལས་དགོངས་ཏེ་གསུངས་པ་ཡིན་ནོ་ཞེས་བྱ་བ་ནི་ལྟུང་བར་འགྱུར་བ་བྱུང་བ་དེ་ནི་བདེན་པ་མཐོང་བའི་སྐལ་བ་མེད་ཀྱི་དོན་དམ་པའི་དགེ་སློང་ཉིད་དུ་མ་གྱུར་པའི་ཕྱིར་རོ། །ཉོན་མོངས་པ་མང་པོ་རྣམས་ལ་ཞེས་བྱ་བ་ནི་དགའ་བོ་ལ་སོགས་པ་
ལ་སྟེ། ཚིག་གི་དོན་ནི་རྩ་བའི་ལྟུང་བས་ཀྱང་དགེ་སློང་ཉིད་ཉམས་པར་མི་འགྱུར་རོ་སྙམ་དུ་རིག་ནས་དེ་དག་ཡང་བྱེད་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །མིང་གི་དགེ་སློང་ཞེས་བྱ་བ་ནི་བསྙེན་པར་མ་རྫོགས་པ་གང་ཞིག་ལ་དགེ་སློང་ཞེས་མིང་དུ་བཏགས་པའོ། །ཁས་འཆེ་བའི་དགེ་སློང་ཞེས་བྱ་བ་ནི་
ཚུལ་ཁྲིམས་འཆལ་པ་མི་ཚངས་པར་སྤྱོད་པ་ལ་སོགས་པ་ལ་ཞུགས་པ་ཡིན་ནོ། །སློང་བས་ན་དགེ་སློང་ཞེས་བྱ་བ་ནི་སློང་བར་བྱེད་པའོ། །ཉོན་མོངས་པ་བཅོམ་པས་ན་དགེ་སློང་ཞེས་བྱ་བ་ནི་དགྲ་བཅོམ་པའོ། །དོན་འདི་ལ་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ཡིན་དགེ་སྦྱོང་མ་
ཡིན་ཞེས་བྱ་བ་རྒྱས་པར་བཤད་པའི་དོན་གང་ཡིན་པ་འདི་ལ་ནི་ཇི་སྐད་བཤད་པའི་དགེ་སློང་གཞི་ལས་གཞན་པ་ལྔ་པ། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་འདི་ཁོ་ན་ཡིན་ནོ། །གང་ཡང་དེ་ནི་དོན་དམ་པའི་དགེ་སློང་ཉིད་ལས་དགོངས་ཏེ་གསུངས་པ་ཡིན་ནོ་ཞེས་སྨྲས་པ་
དེ་ལ་བཤད་པ། དེ་ལ་སྔོན་དོན་དམ་པའི་དགེ་སློང་དུ་གྱུར་ལ། དགེ་སློང་མ་ཡིན། དགེ་སྦྱོང་མ་ཡིན་ཞེས་འབྱུང་བ་གང་གིས་ན་ཕྱིས་དགེ་སློང་མ་ཡིན་པར་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བ་དཔེར་མཛད་ནས་ཞེས་བྱ་བ་ནི་སྟོན་པ་ཉིད་ཀྱིས་ཤིང་ཏ་ལའི་མགོ་བཅད་པ་དཔེར་མཛད་པས་ལན་བཏབ་པ་ཡིན་
Vol. 143 · folio 40a
ནོ་ཞེས་བྱ་བར་སྦྱར་ཏེ། འདྲི་བའི་ལན་བཏབ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཞལ་ཟས་ལ་ཁམ་གཅིག་ལོངས་སྤྱོད་པ་དང་། གཙུག་ལག་ཁང་ལ་གོམ་པ་གཅིག་འདོར་བའི་ཕྱོགས་ལོངས་སྤྱད་པ་ཞེས་བྱ་བར་སྦྱར་རོ། །སྟོན་པས་དགེ་སློང་གི་ལོངས་སྤྱོད་
ཐམས་ཅད་ལས་ཀྱང་བཀར་ཏོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་དང་ལྷན་ཅིག་ལོངས་སྤྱོད་པ་གྲལ་གཅིག་ཏུ་ཟས་ཟ་བ་ལ་སོགས་པ་ཐམས་ཅད་ལས་བསྐྲད་པ་ཡིན་ནོ། །སྲེ་ད་བསལ་བར་གྱིས་ཞེས་བྱ་བ་ལ་སྲེ་ད་ནི་ནས་འདྲ་བ་ཞིག་སྟེ། དེ་དང་འདྲ་བ་གཞན་རྩྭའི་ཁྱད་
པར་གང་ཞིག་ནས་མ་རུང་བར་བྱེད་པ་ལ་བྱ་བ་ལྟར་དགེ་སློང་མ་ཡིན་པ་ལ་དགེ་སྦྱོང་གི་ཤ་ཚུགས་ཅན་ཞེས་བྱ་བ་འདི་ཡང་དེ་ཁོ་ན་དང་འདྲའོ། །ཤིང་རུལ་ཞེས་བྱ་བ་ནི་ཤིང་རུལ་བ་སྟེ། དགེ་སློང་རུལ་པར་གྱུར་པ་འདི་ཡང་དེ་དང་འདྲའོ། །དེ་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཁྱེད་ཀྱིས་
ཚུལ་ཁྲིམས་དང་ལྡན་པའི་དགེ་འདུན་གྱི་ནང་ནས་སྐྲོད་ཅིག་ཅེས་བཀའ་སྩལ་ཏོ། །སྙིང་པོ་མེད་པ་དོར་བར་གྱིས་ཞེས་བྱ་བ་ལ་སྙིང་པོ་མེད་པ་ཞེས་བྱ་བ་ནི་འབྲུའི་ནང་ནས་འབྲུ་ཁོང་ན་སྙིང་པོ་མེད་པ་ཁོ་ན་ཡིན་ཏེ། དགེ་སློང་གི་ཤ་ཚུགས་ཚུལ་ཁྲིམས་ཀྱི་སྙིང་པོ་མེད་པ་འདི་ཡང་དེ་དང་འདྲ་
སྟེ། དེ་དོར་བར་བྱ་ཞིང་དབྱུང་བར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །ལམ་གྱིས་རྒྱལ་ཞེས་བྱ་བ་ནི་སློབ་པ་དང་མི་སློབ་པའོ། །ལམ་སྟོན་པ་ནི་སངས་རྒྱས་སོ། །ལམ་ཕྱིར་འཚོལ་བ་ནི་དགེ་སློང་ཚུལ་ཁྲིམས་དང་ལྡན་པས་ཏེ་ལམ་གྱི་ཆེད་དུ་འཚོ་བའོ། །ལམ་སུན་འབྱིན་པ་ནི་
ཚུལ་ཁྲིམས་འཆལ་བ་སྟེ། འདིར་དཔེར་བརྗོད་པ་ནི་འདི་ཡིན་ནོ། །ཤིང་ཚིག་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དཔེར་ན་ཤིང་ཚིག་པ་དེ་ནི་ཤིང་མ་ཡིན་ན་ལྷག་མ་སྔོན་གྱི་ཤིང་གི་དབྱིབས་ཙམ་ཞིག་འདྲ་བའི་ཕྱིར་དེ་ལ་ཤིང་ཚིག་པ་ཞེས་བྱ་བ་དང་། མཚེའུ་སྐམས་པ་ལ་ཡང་མཚེའུ་
ཞེས་བྱ་བ་དང་ནེ་ཙོའི་མཆུ་ནི་གཟུགས་མཁན་གྱི་ཁྱིམ་ལ་སོགས་པའི་ནང་དུ་བྱས་པ་སྟེ། ནེ་ཙོའི་སྣ་དང་དབྱིབས་འདྲ་བའི་ཕྱིར་ནེ་ཙོའི་སྣ་ཞེས་བྱ་བ་དེ་བཞིན་དུ་འདི་ཡང་དགེ་སློང་གི་དབྱིབས་སྤྱི་ཙམ་ཞིག་ལུས་པའི་ཕྱིར་དགེ་སྦྱོང་ཞེས་གསུངས་པར་ཟད་དོ། །ས་བོན་རུལ་པ་ནི་མྱུ་གུ་སྐྱེད་པར་བྱེད་
Vol. 143 · folio 40b
པ་མ་ཡིན་པའི་ཕྱིར་ས་བོན་མ་ཡིན་མོད་ཀྱི་དེའི་དབྱིབས་ཙམ་ཞིག་ལུས་པའི་ཕྱིར་ས་བོན་ཞེས་བྱའོ། །མགལ་མེའི་འཁོར་ལོ་ཡང་འཁོར་ལོ་དང་འདྲ་བའི་ཕྱིར་འཁོར་ལོ་ཞེས་བྱའོ། །སེམས་ཅན་ཤི་བ་ཡང་སེམས་ཅན་གྱི་ཤ་ཚུགས་ཙམ་ཞིག་ལུས་པའི་ཕྱིར་སེམས་ཅན་ཞེས་བྱ་བ་ལྟར་
ཡིན་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །བསླབ་པ་སྦྱིན་པ་ཞེས་བྱ་བ་ནི་དགེ་སློང་གི་འདོད་ཆགས་ཆེན་པོས་བུད་མེད་དང་མི་ཚངས་པར་སྤྱད་ནས་དེའི་མཇུག་ཐོགས་ཁོ་ནར་བདག་གིས་ཕུད་པ་བྱས་སོ་ཞེས་སྐྱོ་བ་ཤེས་ཤིང་བཅབ་པའི་སེམས་གཅིག་ཀྱང་མ་སྐྱེས་པར་དགེ་སློང་གི་དགེ་འདུན་
གྱི་ཐད་དུ་སོང་ནས་བདག་གིས་སྡིག་པ་བྱས་སོ་ཞེས་འཆགས་པར་བྱེད་ལ། འཕགས་པའི་དགེ་འདུན་གྱི་བཀས་དགེ་སློང་ཐམས་ཅད་པས་གཞོན་རབས་ཉིད་ཡིན་པར་བྱ་བ་ལ་སོགས་པ་ཆད་པའི་ལས་བྱེད་དུ་བཅུག་པ་དེ་ནི་བསླབ་པ་སྦྱིན་པ་ཞེས་བྱའོ། །དེ་ལ་གལ་ཏེ་འཆལ་པའི་ཚུལ་
ཁྲིམས་ཀྱིས་དགེ་སློང་མ་ཡིན་པ་ཁོ་ནར་འགྱུར་ན་ནི་དེ་ཡང་མེད་པར་འགྱུར་ཏེ། དེ་ནི་ཡང་བསྙེན་པར་རྫོགས་པར་མི་བྱེད་ལ། དགེ་སློང་དུ་ཡང་རྣམ་པར་འཇོག་གོ། །དེ་ལྟ་བས་ན་འཆལ་པའི་ཚུལ་ཁྲིམས་ལས་ནི་དགེ་སློང་ཉིད་མ་ཡིན་པ་མ་ཡིན་ནོ་མི་ཟེར་གྱི་ཞེས་བྱ་བ་རྒྱས་པར་འབྱུང་
བ་ནི་ཁོ་བོ་ཅག་ནི་ཐམས་ཅད་དང་མི་ཚངས་པར་སྤྱོད་པའི་ལྟུང་བ་འབྱུང་བའི་མདོ་ཁོ་ན་ལས་ཕས་ཕམ་པ་ཡིན་ནོ་མི་ཟེར་གྱི་འོ་ན་ཅི་ཞེ་ན། འཆལ་པའི་སེམས་ཀྱིས་ཡིན་ནོ། །ཅི་སྟེ་ཡང་རབ་ཏུ་མི་འབྱུང་ཞེས་བྱ་བ་ནི་བསླབ་པ་བཏང་ན་ཞེས་བྱ་བ་ཁོ་ནས་དབྱུང་ངོ་། །རྒྱུད་ཁྲེལ་མེད་པ་ཤས་
ཆེན་པོས་ཉམས་པར་བྱས་པས་ཞེས་བྱ་བ་ནི་འདིའི་རྒྱུད་ཁྲེལ་མེད་པ་ཤས་ཆེན་པོས་ཉམས་པར་བྱས་པ་ཡིན་ཏེ། རྒྱུད་དེ་ཉམས་པར་བྱས་པས་སྡོམ་པའི་སྐལ་བ་མེད་པ་ཉིད་དེའི་ཕྱིར་ཡང་རབ་ཏུ་མི་དབྱུང་ངོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །དགེ་སློང་གི་དངོས་པོ་ལ་ལྟོས་ཏེ་དེ་ནི་མ་ཡིན་ནོ་ཞེས་བྱ་
བ་ནི་དེ་ལ་དགེ་སློང་གི་དངོས་པོ་ཡོད་དོ་ཞེས་བྱ་བ་ལ་ལྟོས་ཏེ་རབ་ཏུ་མི་དབྱུང་བ་ནི་མ་ཡིན་ནོ། །འདི་ལྟར་ཕས་ཕམ་པ་ཅན་དེ་ནི་བསླབ་པ་བཏང་ཡང་རབ་ཏུ་མི་དབྱུང་སྟེ། རྒྱུད་ཁྲེལ་མེད་པ་ཤས་ཆེན་པོས་ཉམས་པར་བྱས་པའི་ཕྱིར་རོ། །བསམ་གཏན་གཏོགས་པ་ཞེས་བྱ་བ་ནི་གཟུགས་ཅན་གྱི་ངོ་བོ་ཉིད་དང་
Vol. 143 · folio 41a
གཟུགས་ཅན་མ་ཡིན་པའི་ངོ་བོ་ཉིད་ཀྱི་དགེ་བ་ཡིན་པར་བསམས་པ་སྟེ། དེ་ཉིད་ཀྱི་ཕྱིར་དགེ་བ་ཐམས་ཅད་ནི་ཞེས་བྱ་བ་སྨོས་པ་ཡིན་ནོ། །རྒྱུ་གཉིས་ཀྱིས་ཞེས་བྱ་བ་ནི་སྐྱེ་བ་ལས་སམ། ཉམས་པ་ལས་ཏེ་དེའི་ཕྱིར། སྐྱེ་བ་སྟེ་ཞེས་བྱ་བ་རྒྱས་པར་སྨོས་
སོ། །གོང་དུ་སྐྱེས་ན་ནི་འོག་མ་གཏོང་ལ་འོག་ཏུ་སྐྱེས་ན་ནི་ས་གོང་མ་པ་གཏོང་ངོ་ཞེས་བྱ་བ་ཡིན་ནོ། །སྙོམས་པར་འཇུག་པ་ལས་ཡོངས་སུ་ཉམས་པ་ལས་ནི་སྙོམས་པར་འཇུག་པ་དེས་བསྡུས་པའི་དགེ་བ་འཆོར་རོ། །རིས་མཐུན་པར་བཏང་བ་ལས་ཀྱང་ཆུང་ཟད་གཏོང་བར་འགྱུར་
རོ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་གནས་སྐབས་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཟོད་པའི་བར་སྐྱེད་པ་གང་ཡིན་པ་དེ་ནི་ས་འཕོ་བ་མེད་ཀྱང་གང་གི་ཚེ་འདོད་པའི་ཁམས་སུ་ཤི་ནས་དེ་ཉིད་དུ་སྐྱེ་བ་ནི་རིས་མཐུན་པར་བཏང་བས་གཏོང་བར་འགྱུར་ཏེ། དེ་ཇི་སྐད་དུ། འཕགས་པས་
དེ་དག་ས་བོར་བས། །གཏོང་འགྱུར་འཕགས་མིན་འཆི་འཕོ་བས། །ཞེས་འབྱུང་བ་ལྟ་བུའོ། །ལམ་སྔ་མ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་ལམ་སྦྱོར་བ་དང་། བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་གྱི་རང་བཞིན་ནོ། །འབྲས་བུ་འམ་འབྲས་བུ་ཁྱད་པར་ཅན་ཞེས་བྱ་བ་ནི་
ལམ་གོང་མ་ཞེས་བྱ་བར་སྦྱར་ཏེ། འདི་ལྟ་སྟེ་ཕྱིར་མི་འོང་བ་ལ་གལ་ཏེ་ཕྱིར་མི་འོང་བའི་འབྲས་བུ་ལས་ཡོངས་སུ་ཉམས་ན་ལམ་གོང་མ་ཕྱིར་མི་འོང་བའི་འབྲས་བུ་གཏོང་ངོ་། །གལ་ཏེ་ཕྱིར་མི་འོང་བ་བསམ་གཏན་གཉིས་པ་ཐོབ་ལ། དེ་ལས་ཀྱང་ཡོངས་སུ་ཉམས་ན་དེའི་ལམ་འབྲས་
བུ་ཁྱད་པར་ཅན་བསམ་གཏན་གཉིས་པའི་ས་པ་དེ་གཏོང་ངོ་། །རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་ཞེས་བྱ་བ་ནི་སྐལ་བ་མཉམ་པའི་རྒྱུའི་སྟོབས་དང་། གཞན་གྱི་སྨྲ་བའི་སྟོབས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །བསམ་གཏན་གྱི་སྡོམ་པ་ཐོབ་ན་ཞེས་བྱ་བ་ནི་ཟག་པ་མེད་པའི་སྡོམ་པ་ཐོབ་ན་ཞེས་ནི་
མི་བརྗོད་དོ། །བསམ་གཏན་གྱི་སྡོམ་པ་སྔར་བསྐྱེད་པ་ཁོ་ནས་དེ་བོར་ཟིན་པའི་ཕྱིར་རོ། །མི་བྱ་བའི་བསམ་པ་ཐག་པ་ནས་ཞེས་བྱ་བ་ནི་མཚོན་དང་རྒྱའི་ལས་འདི་མི་བྱའོ་སྙམ་པའི་བསམ་པ་ཐག་པས་བོར་དུ་ཟིན་ཀྱང་སྡོམ་པ་མནོད་པ་མེད་པར་སྡོམ་པ་མ་ཡིན་པ་འཆད་པར་མི་འགྱུར་རོ། །
Vol. 143 · folio 41b
དཔེར་ན་ནད་ཀྱི་གཞི་ཡོངས་སུ་སྤངས་ཀྱང་ནད་རྙིང་དེ་སྨན་མེད་པར་མི་ཟློགས་པ་དེ་དང་འདྲ་སྟེ། འདི་སྐད་དུ་སྡོམ་པ་མ་ཡིན་པ་འདོར་བར་འདོད་ན་སྡོམ་པ་མནོད་པར་བྱའི་གཞན་དུ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་འཐོབ་པ་ནི་ཞེས་བྱ་བ་ནི་སྡོམ་པ་མ་ཡིན་པ་འཐོབ་པའོ། །རྣམ་པར་རིག་
བྱེད་མ་ཡིན་པ་ཇི་ལྟར་གཏོང་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་ཀྱང་ཞེས་བརྗོད་དགོས་ཏེ། དེ་ཉིད་ཀྱི་ཚེ་ན་རང་ཀུན་ནས་སློང་བའི་རྣམ་པར་རིག་བྱེད་འདས་པའི་འཐོབ་པ་འཆད་པའི་ཕྱིར་རོ། །བར་མ་ཤུགས་བླངས་བྱ་བ་དང་། །དོན་ཆེ་རྩ་བ་ཆད་པ་ལས། །ཞེས་ནི་ཕོའི་རྟགས་སུ་བརྗོད་པར་བྱ་
དགོས་ཏེ། སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཏེ་ཡང་རྣམ་པར་རིག་བྱེད་མ་ཡིན་པ་འབའ་ཞིག་བརྗོད་པར་བྱ་བ་ཁོ་ན་ཡིན་ནོ་ཞེ་ན། རྣམ་པར་རིག་བྱེད་མ་སྨོས་པ་དེ་ལ་གཏན་ཚིགས་བརྗོད་དགོས་སོ་ཞེ་ན། བཤད་པ་རྣམ་པར་རིག་བྱེད་ཀྱི་གོ་སྐབས་
མེད་པའི་ཕྱིར་ཏེ། འདི་སྐད་དུ། མི་དགེ་དྲུག་ནི་རྣམ་རིག་མིན། །གཅིག་ནི་རྣམ་པ་གཉིས་ཞེས་འཆད་པར་འགྱུར་བས་རྣམ་པར་རིག་བྱེད་མ་ཡིན་པ་སྨོས་པས་རྣམ་པར་རིག་བྱེད་སྨོས་པ་འགྲུབ་པའི་ཕྱིར་དེ་མ་སྨོས་པ་ཡིན་ནོ། །གཞན་དག་ན་རེ་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་
ཡིན་པས་བསྡུས་པའི་རྣམ་པར་རིག་བྱེད་འགགས་པའི་ཐོབ་པ་ནི་རྗེས་སུ་འབྲེལ་བ་མེད་དེ། དེ་ཉིད་ཀྱི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ནའི་གཏོང་བའི་རྒྱུ་བརྗོད་དོ་ཞེས་ཟེར་རོ། །རྫ་མཁན་གྱི་འཁོར་ལོ་དང་མདའི་འགྲོས་བཞིན་ནོ་ཞེས་བྱ་བ་ནི་རྫ་མཁན་གྱི་འཁོར་ལོ་དང་མདའི་འགྲོས་
འདུ་བྱེད་ཀྱི་ཁྱད་པར་རྒྱུ་གང་གིས་འཕངས་པ་ཡིན་པར་དེ་ཆད་པ་ཡང་འཆད་པ་དེ་དང་འདྲའོ། །ཡང་དག་པར་བླངས་པ་འདིས་ཆོག་གོ་ཞེས་བྱ་བ་ནི་འདོར་བའི་ཚིག་གིས་སོ། །ཇི་ལྟར་བླངས་པ་བཞིན་མ་བྱས་པའི་ཞེས་བྱ་བ་ནི་འདི་ལྟ་སྟེ། སངས་རྒྱས་ལ་ཕྱག་མ་བྱས་ཤིང་དཀྱིལ་འཁོར་
མ་བྱས་པར་ཟས་མི་ཟའོ་ཞེས་བྱ་བ་དེ་དག་མ་བྱས་པར་ཟས་ཟ་བའི་བར་མའི་རྣམ་པར་རིག་བྱེད་མ་ཡིན་པ་དེ་འཆད་དོ། །གདོས་དང་རྒྱ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་མཚོན་དང་དུག་ལ་སོགས་པ་བསྡུའོ། །དགེ་བའི་རྩ་བ་རྣམས་ཀུན་དུ་གཅོད་པར་རྩོམ་པ་ནའོ་ཞེས་བྱ་བ་ནི་དགེ་བའི་རྩ་བ་ཀུན་
Vol. 143 · folio 42a
དུ་གཅོད་པར་རྩོམ་པའི་གནས་སྐབས་ཁོ་ན་ནི་འཆད་ཀྱི་ཀུན་དུ་ཆད་པའི་གནས་སྐབས་ན་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །དགེ་བའི་གཟུགས་མིན་ཞེས་བྱ་བ་ལ་གཟུགས་མིན་ཞེས་བྱ་བ་སྨོས་པ་ནི་གཟུགས་ཅན་གྱི་འཆད་པ་ནི་བཤད་ཟིན་པའི་ཕྱིར་རོ། །རྩ་
ཆད་གོང་དུ་སྐྱེས་པ་ལས། །ཞེས་བྱ་བ་འདིར་ནི་འདོད་ཆགས་དང་བྲལ་བ་ལས་ཀྱང་ཆུང་ཟད་ཅིག་གཏོང་ངོ་ཞེས་བརྗོད་དགོས་ཏེ། དཔེར་ན་ཡིད་མི་བདེ་བའི་དབང་པོ་དགེ་བ་ལྟ་བུའོ། །ཐམས་ཅད་ཅེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའོ། །སྤོང་བའི་
ལམ་གང་ཡིན་པ་ཞེས་བྱ་བ་ནི་ཅི་རིགས་པར་མཐོང་བའི་ལམ་དང་བསྒོམ་པའི་ལམ་མམ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ལམ་མོ། །འདི་འཁོར་དང་བཅས་པ་ཞེས་བྱ་བ་ནི་ཉེ་བའི་ཉོན་མོངས་པའི་རྣམ་པ་འདི་དེ་དང་ལྷན་ཅིག་འབྱུང་བ་འཐོབ་པ་ལ་སོགས་པ་
རྗེས་སུ་འབྲང་བ་དང་བཅས་པའོ། །ཉེ་བའི་ཉོན་མོངས་པའི་རྣམ་པ་ཞེས་སྨོས་པ་ནི་ཉོན་མོངས་པ་ཡང་ཉེ་བའི་ཉོན་མོངས་པ་ཉིད་ཡིན་པས་ཐམས་ཅད་བསྡུ་བའི་ཕྱིར་ཏེ། འདི་ལྟར་བསྟན་བཅོས་ལས་རེ་ཞིག་ཉོན་མོངས་པ་གང་དག་ཡིན་པ་དེ་དག་ནི་ཉེ་བའི་ཉོན་མོངས་པ་ཡང་ཡིན་
ཏེ། ཉེ་བའི་ཉོན་མོངས་པ་ཡིན་ལ་ཉོན་མོངས་པ་མ་ཡིན་པ་ཡང་ཡོད་དོ་ཞེས་བཤད་དོ། །རྟེན་གཉི་གའི་ཉོན་མོངས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྐྱེས་པ་དང་བུད་མེད་ཀྱི་རྟེན་ཅན་གྱི་ཉོན་མོངས་པ་ཤས་ཆེ་བའི་ཕྱིར་དང་། དེའི་གཉེན་པོ་བསྒོམ་པའི་མཚན་ཉིད་ཀྱི་སོ་སོར་རྟོག་པ་མི་བཟོད་
པའི་ཕྱིར་དང་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཤས་ཆེན་པོ་མེད་པའི་ཕྱིར་དེ་དག་ལ་སྡོམ་པ་མེད་དོ། །གཉེན་པོར་གྱུར་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར། སྡོམ་པ་ནི་སྡོམ་པ་མ་ཡིན་པའི་གཉེན་པོར་གྱུར་པ་དེའི་ཕྱིར་གང་ལ་སྡོམ་པ་ཡོད་པ་དེ་ཁོ་ན་ལ་སྡོམ་པ་མ་ཡིན་པ་མེད་དེ། འདི་ནི་ཟ་མ་
ལ་སོགས་པ་ལ་སྡོམ་པ་མ་ཡིན་པ་མེད་པའི་གཏན་ཚིགས་གཉིས་པ་ཡིན་ནོ། །ཡང་དག་པར་ལེན་པ་དང་ཏིང་ངེ་འཛིན་མེད་པའི་ཕྱིར་ཞེས་བྱ་བ་ནི་ཡང་དག་པར་ལེན་པ་མེད་པའི་ཕྱིར་སོ་སོར་ཐར་པའི་སྡོམ་པ་མེད་ལ། ཏིང་ངེ་འཛིན་མེད་པའི་ཕྱིར་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་མེད་དོ། །
Vol. 143 · folio 42b
དེ་མེད་པ་ནི་དགེ་བ་དག་ལ་ཞེན་པས་མི་སྐྱེ་བའི་ཕྱིར་རོ། །སྡིག་པ་བྱ་བའི་བསམ་པ་མེད་པའི་ཕྱིར་སྡོམ་པ་མ་ཡིན་པ་མེད་དོ། །གང་དང་ལྡན་པ་དང་གང་མེད་པས་ཞེས་བྱ་བ་ནི་ངན་སོང་བ་རྣམས་ལ་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་གང་དང་ལྡན་པ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་
གང་མེད་པས་གོ་རིམས་བཞིན་དུ་སྡོམ་པ་དང་སྡོམ་པ་མ་ཡིན་པ་དག་ཏུ་འགྱུར་བའི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཤས་ཆེན་པོ་དེ་མེད་པས་སོ། །གལ་ཏེ་ངན་སོང་བ་རྣམས་ལ་སྡོམ་པ་དང་སྡོམ་པ་མ་ཡིན་པ་དག་མེད་ན། འོ་ན་མདོ་ལས་གང་གསུངས་པ་ཞེས་བྱ་བ་དེ་ཇི་ལྟ་བུ་ཞེ་ན་ཞེས་བྱ་བ་
ལ་སོགས་པའོ། །དུས་རེ་ཞིག་དང་གཏན་དུ་ཞེས་བྱ་བ་ནི་འབྲས་བུ་ཡིད་དུ་འོང་བ་ཅན་གང་ཞིག་ཡིན་པ་དེ་ནི་དུས་རེ་ཞིག་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པའི་ཕྱིར་བདེ་བ་ཡིན་ལ། མྱ་ངན་ལས་འདས་པ་ཐོབ་པ་གང་ཡིན་པ་དེ་ནི་གཏན་དུ་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པའི་ཕྱིར་བདེ་བ་
ཡིན་ཏེ། ཡོངས་སུ་མྱ་ངན་ལས་འདས་པ་ལ་ནི་རྟག་ཏུ་སྡུག་བསྔལ་མེད་དོ། །བཅོམ་ལྡན་འདས་ཀྱིས་འདི་ལ་རྣམ་པར་བརྟགས་པ་དང་རྣམ་པར་དཔྱད་པ་གང་ཡིན་པ་དེ་ནི་འདིར་འཕགས་པ་རྣམས་ཀྱི་གཡོ་བའོ་ཞེས་གསུངས་སོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསམ་གཏན་གསུམ་པོ་གཡོ་བ་དང་
བཅས་པར་གསུངས་པ་མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་བསམ་གཏན་གཉིས་པ་ལ་འདི་ལ་དགའ་བ་དང་མ་བྲལ་བ་གང་ཡིན་པ་འདི་ནི་འདིར་འཕགས་པ་རྣམས་ཀྱི་གཡོ་བའོ་ཞེས་གསུངས་སོ་ཞེས་བཤད་པ་དང་གསུམ་པ་ལ་ཡང་འདི་ལ་བདེའོ་བདེའོ་སྙམ་དུ་སེམས་ཀྱི་གཏོང་བ་གང་ཡིན་
པ་འདི་ནི་དེར་འཕགས་པ་རྣམས་ཀྱི་གཡོ་བའོ་ཞེས་གསུངས་སོ་ཞེས་བཤད་པ་བསྡུའོ། །ཡང་ཅིའི་ཕྱིར་འདིར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལས་དགེ་བ་ཐམས་ཅད་མི་གཡོ་བ་ཉིད་ཅེས་བྱ་ཞེ་ན། མི་གཡོ་བ་དང་མཐུན་པར་འགྲོ་བའི་ལམ་ཞེས་བྱ་བ་སྨོས་ཏེ། མི་གཡོ་བ་དང་རྗེས་སུ་
མཐུན་པར་འགྲོ་བའི་ལམ་ལས་བརྩམས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ཅིའི་ཕྱིར་ཏིང་ངེ་འཛིན་གྱི་སྐྱོན་དང་བཅས་པ་ཉིད་ཀྱི་གཡོ་བ་དང་བཅས་པ་ཁོ་ན་གཞན་དུ་མི་གཡོ་བར་གསུངས་ཤེ་ན། གང་ཕྱིར་ས་ནི་དེ་དག་ཏུ། །ལས་རྣམས་སྨིན་ཕྱིར་མི་གཡོའི་ཕྱིར། །ཞེས་བྱ་བ་སྨོས་སོ། །ལོངས་སྤྱོད་
Vol. 143 · folio 43a
ལ་སོགས་པར་འགྱུར་ཞེས་བྱ་བ་ལོངས་སྤྱོད་པ་ནི་ནོར་ཕུན་སུམ་ཚོགས་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་གཟུགས་བཟང་བ་དང་སྐད་སྙན་པ་ལ་སོགས་པ་བསྡུའོ། །དེ་ཉིད་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་ལྷ་དག་གི་ནང་དུ་རྣམ་པར་སྨིན་པར་གྱུར་པ་གང་
ཡིན་པ་དེ་ཉིད་རེས་འགའ་རྐྱེན་གཞན་གྱི་དབང་གིས་ཏེ། ཉོན་མོངས་པ་ལ་སོགས་པའི་རྐྱེན་གཞན་ཚོགས་པ་དེའི་དབང་གིས་མི་དང་དུད་འགྲོ་དང་ཡི་དགས་དག་གི་ནང་དུ་རྣམ་པར་སྨིན་པར་འགྱུར་ཏེ། འདི་ལྟ་སྟེ། འདི་ནི་ལ་ལ་སྦྱིན་པ་པོ་ཡིན་ཞིང་སྦྱིན་བདག་ཡིན་ལ་དེ་ཡང་ཤིན་ཏུ་སྲོག་
གཅོད་པ་ཡིན་ཞེས་བྱ་བ་རྒྱས་པར་དེ་གླང་པོ་ཆེར་གྱུར་ན་གླང་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་དག་ཐོབ་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་བར་གསུངས་པ་དང་། ཡང་འདི་ལྟ་སྟེ། འདི་ནི་ལ་ལས་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། དེ་བཞིན་དུ་ཚུལ་ཁྲིམས་ལས་
བྱུང་བ་དང་། བསྒོམ་པ་ལས་བྱུང་བ་ཆུང་ངུ་ཀུན་དུ་བརྟེན་ཞིང་བསྒོམ་པ་དང་ལན་མང་དུ་བྱས་པ་ཡིན་ལ། དེ་འདི་སྙམ་དུ་བདག་ལྷ་བཟང་པོ་རྣམས་སམ། མི་བཟང་པོ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ན་ཅི་མ་རུང་སྙམ་དུ་སེམས་ན་ཞེས་བྱ་བ་ནས་དེ་ནི་དེར་སྐྱེའོ་ཞེས་བྱ་བའི་བར་
གསུངས་སོ། །འདོད་པའི་ཁམས་དང་བསམ་གཏན་གསུམ་མོ་ཞེས་བྱ་བ་ནི་འདོད་པའི་ཁམས་དང་བསམ་གཏན་དང་པོ་དག་ན་ནི་བདེ་བའི་ཚོར་བ་ལུས་ཀྱི་བདེ་བ་དང་སེམས་ཀྱི་ཡིད་བདེ་བ་ཡིན་ནོ། །བསམ་གཏན་གཉིས་པ་ན་ནི་བདེ་བའི་ཚོར་བ་ཡིད་བདེ་བ་ཡིན་ནོ། །གསུམ་པ་ན་ནི་
སེམས་ཀྱི་བདེ་བ་ཡིན་ནོ། །དེ་ཡོད་པར་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲ་ནི་སྡུག་བསྔལ་དང་སྦྱར་ཏེ། སྡུག་བསྔལ་དེ་འདོད་པའི་ཁམས་ཁོ་ན་ན་ཡོད་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་འདིའི་ཞེས་བྱ་བ་སྨོས་སོ། །ཚོགས་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་འདིས་
ཚོགས་པར་བྱེད་ཅིང་སྐྱེད་པར་བྱེད་པས་ན་ཚོགས་དེ་དབང་པོ་དང་ཡུལ་དང་རྟེན་གྱི་མཚན་ཉིད་དོ། །དེའི་ཕྱིར་འབྲས་བུ་ནི་ཚོར་བ་ཚོགས་པ་དང་བཅས་པ་ཡིན་ནོ། །བསམ་གཏན་ཁྱད་པར་རྣམ་སྨིན་ལས། །ཞེས་བྱ་བ་ནི་བསམ་གཏན་ཁྱད་པར་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པའི་ཚོར་བ་ནི་བསམ་
Vol. 143 · folio 43b
གཏན་ཁྱད་པར་ཅན་དུ་སྐྱེས་པ་ན་ཚོར་བ་ཡོད་པར་བྱ་དགོས་ལ། དེ་ན་ཡང་བདེ་བ་འམ་སྡུག་བསྔལ་གྱི་ཚོར་བ་མེད་དེ། དེ་ལྟ་བས་ན་འདིའི་རྣམ་པར་སྨིན་པ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཡིན་པས་བསམ་གཏན་བཞི་པ་མན་ཆད་ན་ཡང་བདེ་བ་ཡང་མ་ཡིན་
སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ལས་ཡོད་དོ་ཞེས་བྱ་བར་མངོན་ནོ། །ལས་གཞན་གང་གིས་ཀྱང་བསམ་གཏན་ཁྱད་པར་ཅན་དུ་ཚོར་བ་རྣམ་པར་སྨིན་པར་མི་འགྱུར་ཞིང་མི་སྲིད་དེ། བསམ་གཏན་ཁྱད་པར་ཅན་ལ་ཡོད་པ་དེ་ནི་དངོས་གཞི་བསམ་གཏན་དང་པོའི་ས་པའི་
ལས་བདེ་བ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པར་འགྱུར་བ་ཡིན་ཞེས་བརྗོད་པར་རུང་བ་མ་ཡིན་ཏེ། དངོས་གཞི་ནི་རྟོག་པ་དང་བཅས་པ་ཉིད་ཀྱིས་བསམ་གཏན་ཁྱད་པར་ཅན་པས་དམན་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པའི་ལས་སྡུག་བསྔལ་མྱོང་བར་འགྱུར་བ་ཡང་མ་ཡིན་ཏེ། ས་ཐ་དད་པའི་ཕྱིར་
རོ། །དེ་ཉིད་ཀྱི་ཕྱིར་དང་དེ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་བསམ་གཏན་བཞི་པ་ལ་སོགས་པའི་ཡང་མ་ཡིན་ནོ། །ཉེས་པ་འདི་ཡོངས་སུ་སྤང་བར་འདོད་ནས། ཁ་ཅིག་ན་རེ་བསམ་གཏན་ཁྱད་པར་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གཏན་གྱི་བདེ་བའི་དབང་པོ་ཁོ་ན་ཡིན་ནོ་ཞེས་ཟེར་
ཞིང་སྨྲའོ། །གཞན་དག་ན་རེ་དེའི་རྣམ་པར་སྨིན་པའི་ཚོར་བ་མེད་པ་ཉིད་དོ། །འོ་ན་ཅི་ཞེ་ན་གཟུགས་ལ་སོགས་པ་ཡིན་ནོ་ཞེས་ཟེར་རོ། །ཅི་དེ་དག་གི་ལྟར་ན་བསམ་གཏན་ཁྱད་པར་ཅན་དུ་སྐྱེས་པ་ལ་ཚོར་བ་མེད་དམ་ཞེ་ན། ཡོད་མོད་ཀྱི་དེ་རྣམ་པར་སྨིན་པའི་ངོ་བོ་ཉིད་ནི་མ་ཡིན་ནོ། །འོ་
ན་ཅི་ཞེ་ན། རྒྱུ་མཐུན་པ་ལས་བྱུང་བ་ཡིན་ནོ་ཞེས་ཟེར་རོ། །སློབ་དཔོན་གྱིས་འདི་ནི་བསྟན་བཅོས་དང་འགལ་བ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། བསམ་གཏན་ཁྱད་པར་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གཏན་གྱི་བདེ་བའི་དབང་པོ་ཁོ་ན་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དང་། དེའི་
རྣམ་པར་སྨིན་པ་ཚོར་བ་མེད་པ་ཉིད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་གཉི་ག་ཡང་བསྟན་བཅོས་དང་འགལ་བ་ཡིན་ཏེ་དེ་བསྟན་པའི་ཕྱིར་བསྟན་བཅོས་ལས་འབྱུང་ངོ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། རྟོག་པ་མེད་པའི་ལས་ཞེས་བྱ་བ་ནི་བསམ་གཏན་ཁྱད་པར་ཅན་གྱི་ལས་ཞེས་བྱ་བའི་ཐ་ཚིག་གོ། །
Vol. 143 · folio 44a
དེའི་ཕྱིར་རྟོག་པ་མེད་པའི་ལས་དགེ་བའི་རྣམ་པར་སྨིན་པ་ནི་སེམས་ཀྱི་ཚོར་བ་ཁོ་ན་རྣམ་པར་སྨིན་པར་འགྱུར་རོ་ཞེས་ངེས་པར་གཟུང་བའི་ཕྱིར་ལས་དེའི་རྣམ་པར་སྨིན་པ་ནི་བསམ་གཏན་གྱི་བདེ་བའི་དབང་པོ་ཁོ་ན་ཡང་མ་ཡིན་ལ་ཚོར་བ་ལས་གཞན་ཡང་མ་ཡིན་
ནོ་ཞེས་བྱ་བར་མངོན་ཏེ། རྣམ་པར་རྟོག་པ་མེད་པའི་ལས་ནི་བསམ་གཏན་ཁྱད་པར་ཅན་ནས་བཟུང་བ་ཡན་ཆད་ན་ཡོད་དོ། །སྔ་ཕྱི་མེད་ཅེས་བྱ་བ་ནི་སྔར་ཡང་མ་ཡིན་ལ་ཕྱིས་ཀྱང་མ་ཡིན་ལ་ཅིག་ཅར་ཞེས་བྱ་བའི་ཐ་ཚིག་གོ། །བདེ་བ་མྱོང་བར་འགྱུར་བ་ནི་གཟུགས་སོ་ཞེས་བྱ་བ་ནི་
མིག་ལ་སོགས་པའོ། །སྡུག་བསྔལ་མྱོང་བར་འགྱུར་བ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་སྟེ། ཡིད་མི་བདེ་བ་ནི་རྣམ་པར་སྨིན་པ་མ་ཡིན་པའི་ཕྱིར་རོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་
འགྱུར་བ་ནི་ལྡན་པ་ཙམ་ཡིན་པ་སྟེ་ཞེས་བྱ་བ་ནི་སྲོག་གི་དབང་པོ་ལ་སོགས་པའོ། །འདོད་པའི་ཁམས་ལས་གཞན་ན་ནི་མེད་དོ་ཞེས་བྱ་བ་ནི་གཞན་ན་སྡུག་བསྔལ་མྱོང་བར་འགྱུར་བའི་ལས་མེད་པའི་ཕྱིར་རོ། །ད་ནི་ཅི་ལས་དེ་ཞེས་བྱ་བ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་
མ་ཡིན་པ་མྱོང་བར་འགྱུར་བའོ། །དེ་ལྟ་ན་ནི་འོ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་བསམ་གཏན་བཞི་པ་མན་ཆད་ན་ཡང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ལས་དགེ་བ་ཡོད་ན། བསམ་གཏན་གསུམ་པའི་བར་དགེ་བ། བདེ་བ་མྱོང་འགྱུར་
ཞེས་བྱ་བ་འདི་དང་འགལ་ཏེ་བསམ་གཏན་གསུམ་པའི་བར་ན་བདེ་བ་མྱོང་བར་གྱུར་པའི་ལས་དགེ་བ་ཡོད་པ་འབའ་ཞིག་ཏུ་ནི་མ་ཟད་དོ། །འོ་ན་ཅི་ཞེ་ན། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའང་ཡོད་དོ། །རྣམ་པར་སྨིན་པ་ཡིད་དུ་འོང་བ་ནི་དགེ་བ་ཡིན་
ནོ་ཞེས་བྱ་བ་འདི་དང་ཡང་འགལ་ཏེ། རྣམ་པར་སྨིན་པ་ཡིད་དུ་འོང་བ་ཅན་འབའ་ཞིག་དགེ་བ་ཡིན་པར་མ་ཟད་ཀྱི་རྣམ་པར་སྨིན་པ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་ལས་བཟློག་པ་ཅན་གྱི་དགེ་བ་ཡང་ཡོད་པས་སོ། །དེ་ནི་ཕལ་ཆེ་བ་བསྟན་པ་ཡིན་ཞེས་བྱ་བ་ནི་བསམ་གཏན་
Vol. 143 · folio 44b
གསུམ་པའི་བར་དགེ་བ། བདེ་བ་མྱོང་འགྱུར་བ་ཞེས་བྱ་བ་དང་རྣམ་པར་སྨིན་པ་ཡིད་དུ་འོང་བ་ནི་དགེ་བ་ཡིན་ནོ་ཞེས་བྱ་བ་ནི་ཕལ་ཆེ་བས་དེ་སྐད་དུ་བསྟན་པར་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ན་ཚོར་བའི་རང་བཞིན་མ་ཡིན་པའི་ལས་ཞེས་བྱ་བ་ནི་བདེ་བ་ཉམས་སུ་མྱོང་བར་
འགྱུར་གྱི་ལས་ནི་མ་ཡིན་པའི་དོན་འདི་ཡིན་པར་བརྟགས་ནས་འདྲི་བ་ཡིན་ནོ། །བདེ་བ་མྱོང་བར་འགྱུར་བ་དང་མཐུན་པ་ཞེས་བྱ་བ་ནི་བདེ་བའི་ཚོར་བ་སྐྱེ་བ་དང་མཐུན་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་བདེ་བ་མྱོང་བར་བྱ་བ་ཡིན་པས་ཞེས་བྱ་བ་ནི་འདིའི་རྣམ་པར་སྨིན་པ་བདེ་བ་ཉམས་སུ་མྱོང་
བར་བྱ་བ་ཡིན་པས་ཞེས་བྱ་བའི་དོན་ཏོ། །འཁྲུ་བར་བྱེད་པའི་འདག་པའི་ཆལ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་གང་གིས་འཁྲུ་བར་བྱེད་པའི་འདག་པའི་ཆལ་ཡིན་པ་དེ་བཞིན་དུ་གང་གིས་བདེ་བའི་རྣམ་པར་སྨིན་པ་མྱོང་བར་བྱེད་པའི་ལས་དེ་ནི་བདེ་བ་མྱོང་བར་འགྱུར་བ་སྟེ། བདེ་བའི་རྣམ་པར་
སྨིན་པ་མྱོང་བར་འགྱུར་བའི་ལས་ནི་བདེ་བ་མྱོང་བར་འགྱུར་བའོ། །སྡུག་བསྔལ་མྱོང་བར་འགྱུར་བ་ཡང་དེ་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་ནི་སྡུག་བསྔལ་མྱོང་བར་གྱུར་པ་དང་མཐུན་པ་ནི་སྡུག་བསྔལ་མྱོང་བར་འགྱུར་བའོ་ཞེས་བྱ་བ་རྒྱས་པར་སྔ་མ་བཞིན་དུ་སྦྱར་ཏེ། བདེ་བ་ཡང་མ་ཡིན་སྡུག་
བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ཡང་དེ་དང་འདྲའོ། །ངོ་བོ་ཉིད་ཀྱིས་མྱོང་བར་འགྱུར་བ་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་མྱོང་བར་འགྱུར་བ་ནི་ངོ་བོ་ཉིད་ཀྱིས་མྱོང་བར་འགྱུར་བ་སྟེ། དེ་བཞིན་དུ་མངོན་སུམ་དུ་གྱུར་པས་མྱོང་བར་འགྱུར་བ་ནི་ཞེས་བྱ་བའི་བར་དུ་སྦྱར་
རོ། །བདེ་བ་མྱོང་བར་འགྱུར་བའི་རེག་པ་ཞེས་བྱ་བ་ནི་བདེ་བའི་ཚོར་བ་དང་མཐུན་པ་འམ་འདི་ལ་བདེ་བ་མྱོང་བར་འགྱུར་བ་ཡོད་པས་ན་བདེ་བ་མྱོང་བར་འགྱུར་བའི་རེག་པའོ། །དམིགས་པ་མྱོང་བར་འགྱུར་བ་ཞེས་བྱ་བ་ནི་མྱོང་བར་བྱ་བའི་ཡུལ་ཏེ་དམིགས་པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ། །
གཟུགས་སོ་སོར་ཡང་དག་པར་མྱོང་བར་འགྱུར་གྱི་གཟུགས་ལ་འདོད་ཆགས་སོ་སོར་ཡང་དག་པར་མྱོང་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཟུགས་སོ་སོར་ཉམས་སུ་མྱོང་བར་འགྱུར་གྱི་གཟུགས་ཀྱི་འདོད་ཆགས་སོ་སོར་ཉམས་སུ་མྱོང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་འདོད་ཆགས་ཀྱི་
Vol. 143 · folio 45a
གཟུགས་སོ་སོར་ཉམས་སུ་མྱོང་ཞིང་དམིགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ཞེས་བྱ་བ་ནི་འདི་ལ་མཐོང་བའི་ཚེ་ལ་མྱོང་བར་འགྱུར་བའི་རྣམ་པར་སྨིན་པའི་མཚན་ཉིད་ཡོད་པས་ན་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་
ལས་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །གང་གི་ཚེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཚེ་བདེ་བའི་ཚོར་བ་མྱོང་བར་བྱེད་ཅིང་ཉམས་སུ་མྱོང་བར་བྱེད་པ་དེའི་ཚེ་དེའི་ཚོར་བ་གཉིས་པོ་སྡུག་བསྔལ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་འགག་པར་འགྱུར་རོ། །
རྩོམ་པའི་དབང་གིས་ཞེས་བྱ་བ་ནི་མཐོང་བའི་ཆོས་ཁོ་ན་ལ་རྣམ་པར་སྨིན་པའི་མགོ་ཟུག་ཅེས་བྱ་བའི་ཐ་ཚིག་གོ། །མིང་དེ་རྣམ་པར་གཞག་གོ་ཞེས་བྱ་བ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ཞེས་དེ་སྐད་དུ་མིང་རྣམ་པར་གཞག་གོ་ཞེས་བྱ་བའི་དོན་ཏོ། །ལས་ཀྱང་ཡོད་ཅེས་བྱ་བ་རྒྱས་
པར་འབྱུང་བ་ལ་ལས་འབྲས་བུ་ཉེ་བ་ཅན་གྱི་དཔེ་ནི་ལྕམ་པ་ལ་སོགས་པའོ། །འབྲས་བུ་རིང་བ་ཅན་གྱི་ནི་ནས་དང་གྲོ་ལ་སོགས་པའོ། །དཔེས་སྟོན་པ་རྣམས་ནི་མདོ་སྡེ་པ་རྣམས་ཏེ། དེ་ལྟར་མུ་དང་པོ་དང་གཉིས་པ་དག་རྗོད་པར་བྱེད་པ་དེ་དག་གི་ལྟར་ན་ལས་རྣམ་པ་བརྒྱད་དེ། རྣམ་
པར་སྨིན་པའི་ཕྱིར་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བར་ངེས་པ་དང་མ་ངེས་པའོ། །མྱོང་བར་འགྱུར་བར་མ་ངེས་པའི་བར་དུ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་ཕྱིར་སྐྱེས་ནས་མྱོང་བར་འགྱུར་བར་ངེས་པ་དང་མ་ངེས་པ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བར་ངེས་པ་
དང་མ་ངེས་པ་དང་། མྱོང་བར་འགྱུར་བར་མ་ངེས་པ་མཐོང་བའི་ཆོས་ལ་སོགས་པ་ལ་མྱོང་བར་འགྱུར་བར་མ་ངེས་པ་གང་ཡིན་པ་དེ་ཡང་ངེས་པ་དང་མ་ངེས་པ་སྟེ། རྣམ་པ་བརྒྱད་ཡིན་ནོ། །ལས་རྣམ་པ་བཞི་འཕེན་པར་འགྱུར་བ་ཞེས་བྱ་བ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ལ་སོགས་པའི་
ལས་རྣམ་པ་བཞི་འཕེན་པར་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་ཞེ་ན་སྨྲས་པ་ཡོད་དེ། ཕ་རོལ་པོ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་། བརྫུན་དུ་སྨྲ་བ་གསུམ་ལ་སྦྱར་ནས་བདག་ཉིད་རང་འདོད་པས་ལོག་པར་གཡེམ་པ་ལ་ཞུགས་ཏེ། ལས་དེ་དག་ཅིག་ཅར་མཐར་ཕྱིན་
Vol. 143 · folio 45b
པར་གྱུར་ན་སྟེ། གཅིག་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ཡིན་ལ། གཅིག་ནི་སྐྱེས་ནས་མྱོང་བར་འགྱུར་བ་ཡིན། གཅིག་ནི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཡིན། གཅིག་གིས་ནི་མྱོང་བར་འགྱུར་བ་མ་ངེས་པ་ཡིན་ནའོ། །དགེ་བ་དང་མི་དགེ་བ་རྣམས་ཅི་རིགས་
པར་ཞེས་བྱ་བ་ནི་གང་ན་མི་དགེ་བ་སྲིད་པ་སྟེ། འདོད་པའི་ཁམས་ཁོ་ན་ན་ཡོད་ཀྱི་གཞན་ན་ནི་མེད་དོ། །འགྲོ་བ་ཐམས་ཅད་ན་ཞེས་བྱ་བ་སྤྱིར་བསྟན་པ་འདི་དམིགས་ཀྱིས་བསྟན་པ་ནི་འདི་ཡིན་ཏེ། དམྱལ་བ་ན་ནི་དགེ་བ་གསུམ། །ཞེས་བྱ་བ་སྟེ་རྣམ་པ་གསུམ་མོ་ཞེས་ངེས་པར་
གཟུང་བ་ཡིན་ནོ། །དམྱལ་བ་དག་ན་ནི་ལས་དགེ་བ་རྣམ་པ་གསུམ་ཁོ་ནའི་འཕེན་པ་ཡོད་ཀྱི་རྣམ་པ་བཞི་ནི་མ་ཡིན་ཏེ། དམྱལ་བ་དེ་ན་རྣམ་པར་སྨིན་པ་ཡིད་དུ་འོང་བ་མེད་པའི་ཕྱིར་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ནི་མ་གཏོགས་སོ། །དགེ་བ་ཞེས་བྱ་བ་སྨོས་པ་ནི་མི་དགེ་བ་བསལ་བའི་
ཕྱིར་ཏེ་དམྱལ་བ་དག་ན་མི་དགེ་བ་ནི་རྣམ་པ་བཞི་ཆར་ནི་འཕེན་པ་ཡང་སྲིད་དོ། །གང་ལས་འདོད་ཆགས་བྲལ་བརྟན་པའི། །ཞེས་བྱ་བ་ནི་གང་ཞིག་ལས་འདོད་ཆགས་དང་བྲལ་བ་ནི་གང་ལས་འདོད་ཆགས་དང་བྲལ་བའོ་ཞེས་བྱ་བར་ཚིག་བསྡུའོ། །བརྟན་པ་ཞེས་བྱ་བ་སྨོས་པ་ནི་ཡོངས་སུ་
ཉམས་པའི་ཆོས་ཅན་བསལ་བའི་ཕྱིར་ཏེ། དེ་ལ་ནི་ས་དེར་སྐྱེས་ནས་མྱོང་བར་འགྱུར་བའི་ལས་སྲིད་དོ། །བྱིས་པ་ཞེས་བྱ་བ་སྨོས་པ་ནི་འཕགས་པ་བསལ་བའི་ཕྱིར་ཏེ། འཕགས་པ་ལ་ནི་དེར་སྐྱེས་ནས་མྱོང་བར་འགྱུར་བ་མི་སྲིད་དེ། ཕྱིར་མི་འོང་བ་ཡིན་པའི་ཕྱིར་རོ། །གཞན་དུ་འང་
མྱོང་བ་མི་བྱེད་ཅེས་བྱ་བ་ནི་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཡང་མི་བྱེད་ལ། སྐྱེས་ནས་མྱོང་བར་འགྱུར་བ་ཡང་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་རིམ་པ་བསྟན་པའི་ཕྱིར། འདི་ནི་ཡང་ས་འོག་མར་འོང་བར་རུང་བ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འཕགས་པ་ཡོངས་སུ་མི་ཉམས་
པའི་ཆོས་ཅན་འདི་ནི་གང་ལས་འདོད་ཆགས་དང་བྲལ་བ་དེའི་འོག་ན་ཡོད་པའི་སར་འོང་བར་རུང་བ་མ་ཡིན་ནོ། །ཡོངས་སུ་ཉམས་པའི་ཆོས་ཅན་ནི་རུང་སྟེ། འདི་ལྟ་སྟེ་འཕགས་པ་སྲིད་པའི་རྩེ་མོ་ཐོབ་པ་ཡོངས་སུ་ཉམས་པའི་ཆོས་ཅན་དེ་ལས་ཡོངས་སུ་ཉམས་ནས་གཟུགས་ཀྱི་ཁམས་སུ་སྐྱེ་
Vol. 143 · folio 46a
བར་འགྱུར་བ་གང་ཡིན་པ་དེ་ལ་ནི་སྐྱེས་ནས་མྱོང་བར་འགྱུར་བ་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་ཡང་སྲིད་དེ་འཆར་བྱེད་ཀྱི་མདོ་ལས་ཇི་སྐད་བྱུང་བ་ལྟ་བུའོ། །མ་ངེས་པ་ནི་བྱེད་དོ་ཞེས་བྱ་བ་ནི་འཕགས་པ་ཡོངས་སུ་མི་ཉམས་པའི་ཆོས་ཅན་ནི་གང་དུ་སྐྱེས་པ་དེར་མྱོང་
བར་འགྱུར་བར་མ་ངེས་པ་དང་མཐོང་བའི་ཆོས་ལ་མྱོང་བར་བྱེད་དོ། །འདོད་པའི་ཁམས་སམ་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ། འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་བའོ། །སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་ནི་
དགྲ་བཅོམ་པའོ། །དེ་དག་ཏུ་ཞེས་བྱ་བ་ནི་འདོད་པའི་ཁམས་དང་སྲིད་པའི་རྩེ་མོ་དག་ཏུའོ། །འོག་ནས་བཤད་པར་བྱའོ་ཞེས་བྱ་བ་ནི། འབྲས་བུ་ལས་ཉམས་འཆི་བ་མེད། །ཅེས་བྱ་བ་དེར་རོ། །སྲིད་པ་བར་མ་མྱོང་བར་འགྱུར་བའི་བར་དུ་ཞེས་བྱ་བ་ཅི་ཞེ་ན། ངེས་པ་དང་མ་ངེས་པ་ཞེས་བྱ་བ་
ཡིན་ནོ། །ངེས་པ་རྣམ་པ་བཅུ་གཅིག་ཅེས་བྱ་བ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བར་ངེས་པ་ནས་སྲིད་པ་བར་མ་མྱོང་བར་ངེས་པའི་བར་རོ། །དེའི་རྒྱུ་ལས་བྱུང་བ་གནས་སྐབས་བཅུའོ་ཞེས་བྱ་བ་ནི་སྲིད་པ་བར་མ་སྔོན་དུ་འགྲོ་བ་ཅན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་སྲིད་པ་བར་མ་མྱོང་
བར་འགྱུར་བའི་ལས་གཞན་མ་བཤད་དེ་ཞེས་བྱ་བ་ནི་ལས་རྣམ་པ་བཞི་སྟེ། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དང་། སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་དང་། མྱོང་བར་འགྱུར་བར་མ་ངེས་པའོ་ཞེས་བྱ་བ་དེར་མ་བཤད་དེ་སྲིད་པ་བར་མ་དེར་ནི་སྐྱེས་
ནས་མྱོང་བར་འགྱུར་བ་ཁོ་ནས་འཕངས་པའི་ཕྱིར་རོ། །ལས་ངེས་པ་དང་མ་ངེས་པ་ཞེས་བཤད་པས་དེའི་ཕྱིར་ཡང་ངེས་པའི་ལས་ཅི་འདྲ་བ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འབྲས་བུ་ཁྱད་པར་ཅན་ཐོབ་པ་ཞེས་བྱ་བ་ལ། འབྲས་བུ་ཁྱད་པར་ཅན་ཐོབ་པ་ནི་མཐོང་བའི་ལམ་གྱི་འབྲས་བུ་ཐོབ་པ་དང་། དགྲ་
བཅོམ་པ་ཉིད་ཀྱི་འབྲས་བུ་ཐོབ་པ་ཡིན་པར་འདོད་དོ། །ཁྱད་པར་ཞེས་བྱ་བ་སྨོས་པ་ནི་ཟག་པ་མེད་པའི་ལམ་གྱིས་ཐོབ་པའི་འབྲས་བུ་ཡིན་པར་བཟུང་བའི་ཕྱིར་རོ། །སྙོམས་པར་འཇུག་པ་ཁྱད་པར་ཅན་ཐོབ་པ་ཞེས་བྱ་བ་ནི་འགོག་པ་དང་། ཉོན་མོངས་པ་མེད་པ་དང་། བྱམས་པའི་སྙོམས་པར་
Vol. 143 · folio 46b
འཇུག་པ་ཐོབ་པའོ། །འདིར་ཡང་ཁྱད་པར་ཞེས་བྱ་བ་སྨོས་པ་ནི་འཇིག་རྟེན་པའི་སྙོམས་པར་འཇུག་པ་གཞན་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །ཅི་འདྲ་ཡང་རུང་སྟེ་ཞེས་བྱ་བ་ནི་གལ་ཏེ་བསོད་ནམས་ཡིན་པའི་བློས་སམ། གལ་ཏེ་ཞེ་སྡང་གིས་ཀྱང་རུང་སྟེ། པར་སིག་གང་ཞིག་བསོད་
ནམས་ཡིན་པའི་བློས་ཕ་འམ་མ་བསད་པའི་ལས་མི་དགེ་བ་དེ་ནི་མཚམས་མེད་པར་ངེས་པར་འགྱུར་རོ། །གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ལས་བཟློག་པའི་ཉོན་མོངས་པ་དང་རབ་ཏུ་དང་བ་ཆུང་ངུས་བྱས་པ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པའོ། །དགེ་འདུན་ལ་བུད་མེད་དོ་ཞེས་ཐབ་མོ་རྒལ་
བ་ལས་ཞེས་བྱ་བ་ནི་དགེ་སློང་ཤགས་ཀྱིས་ཕམ་པ་གཅིག་ཅིག་གིས་དགེ་འདུན་ལ་ཁྱེད་ནི་བུད་མེད་དུ་ཟད་དོ་ཞེས་ཁ་བྱས་པ་དང་། དེ་མཐོང་བའི་ཆོས་ཁོ་ན་ལ་སྐྱེས་པའི་མཚན་མི་སྣང་བར་གྱུར་ནས། བུད་མེད་ཀྱི་མཚན་བྱུང་ངོ་ཞེས་གྲག་སྟེ། འདི་ནི་ཞིང་གི་ཁྱད་པར་ལས་མཐོང་བའི་ཆོས་
ལ་མྱོང་བར་འགྱུར་བ་ཁོ་ན་ཡིན་ནོ། །བསམ་པའི་ཁྱད་པར་ལས་ནི་ཞེས་བྱ་བ་ནི་ཉུང་རུམ་ཞིག་གིས་གླང་དག་ཅིག་རླིག་པ་འབྱིན་པ་མཐོང་ནས་བདག་ཀྱང་འདི་འདྲ་བར་རླིག་པ་ཕྱུང་བས་སྡུག་བསྔལ་བར་གྱུར་ཏོ་སྙམ་ནས་བསམ་པ་དྲག་པོས་གླང་དེ་དག་རླིག་པ་དབྱུང་བ་ལས་བཏང་བ་དང་།
དེ་མཐོང་བའི་ཆོས་ཁོ་ན་ལ་སྐྱེས་པའི་དབང་པོ་བྱུང་ངོ་ཞེས་གྲག་སྟེ། འདི་ནི་བསམ་པའི་ཁྱད་པར་ལས་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་སུ་གྱུར་པ་ཡིན་ནོ། །དེ་ལས་གཏན་དུ་འདོད་ཆགས་དང་བྲལ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལས་གཏན་དུ་འདོད་ཆགས་དང་བྲལ་
བའི་ཕྱིར་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་མ་ཡིན་པའི་ལས་ཀྱང་མཐོང་བའི་ཆོས་ལ་མྱོང་བར་འགྱུར་རོ། །གནས་སྐབས་སུ་ཡང་མ་ཡིན་ཞེས་བྱ་བ་ནི་མཐོང་བའི་ཆོས་ལ་སོགས་པའི་གནས་སྐབས་སུ་མ་ངེས་པ་གང་ཡིན་པ་དང་རྣམ་པར་སྨིན་པར་ངེས་པའི་ཕྱིར་མ་ངེས་པ་ཡང་མ་ཡིན་པ་
དེ་ཁོ་ན་མཐོང་བའི་ཆོས་ལ་མྱོང་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བཤད་པ་མཐོང་བའི་ཆོས་ལ་སོགས་པའི་གནས་སྐབས་གཞན་དུ་ངེས་པ་གང་ཡིན་པ་དེ་ནི་དེ་ཉིད་དུ་རྣམ་པར་སྨིན་པར་འགྱུར་རོ། །དེ་དང་ལྡན་བཞིན་དུ་གཏན་དུ་འདོད་ཆགས་དང་བྲལ་བ་མི་སྲིད་པས་ཞེས་བྱ་བ་ནི་དེ་ལྟར་གནས་
Vol. 143 · folio 47a
སྐབས་ངེས་པའི་རྣམ་པར་སྨིན་པ་ཅན་གྱི་ལས་དེ་དང་ལྡན་པའི་གང་ཟག་ནི་ས་དེ་ལས་གཏན་དུ་འདོད་ཆགས་དང་བྲལ་མི་སྲིད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཞིང་གི་ཁྱད་པར་ཞེས་བཤད་པས། དེའི་ཕྱིར་ཞིང་དེ་དག་ནི་ཇི་ལྟ་བུ་ཞིག་ཅེས་འདྲི་བར་བྱེད་དེ་ཉོན་མོངས་པ་
མེད་པ་ལས་ལངས་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྒྱུད་སེམས་ཅན་ཚད་མེད་པ་ལ་ཉོན་མོངས་པ་མེད་པ་དང་ལྡན་པའི་ལྷག་པའི་བསམ་པ་སྟེ། བསམ་པ་དེ་དང་རྗེས་སུ་འབྲེལ་པ་དང་ཤིན་ཏུ་གསལ་ཤིང་རྣོ་བའི་བསོད་ནམས་ཚད་མེད་པས་ཡོངས་སུ་བསྒོས་པ་དང་རྗེས་སུ་འབྲེལ་པ་ཡིན་ནོ། །
ཉོན་མོངས་པ་མེད་པ་ནི་འོག་ནས། ཉོན་མོངས་མེད་དང་སྨོན་ནས་ཤེས། །ཞེས་བྱ་བ་དེར་བཤད་པར་བྱའོ། །བྱམས་པ་ལས་ལངས་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སེམས་ཅན་ཚད་མེད་པ་དག་ལ་བདེ་བ་སྐྱེ་བར་གྱུར་ཅིག་སྙམ་པའི་ལྷག་པའི་བསམ་པ་དེ་དང་རྗེས་སུ་འབྲེལ་པ་ཡིན་ནོ། །ཤིན་
ཏུ་གསལ་བ་ཞེས་བྱ་བ་ཐམས་ཅད་ནི་སྔ་མ་བཞིན་ནོ། །གནས་ཡོངས་སུ་གྱུར་པ་སར་པ་ཡིན་པས་དྲི་མ་མེད་པ་ཡིན་ཞེས་བྱ་བ་ནི་ལངས་ནས་རིང་པོར་མ་ལོན་པའི་ཕྱིར་རྒྱུད་གནས་ལུགས་ཡོངས་སུ་གྱུར་པ་གསར་པ་ཡིན་ཞིང་གསར་པ་ཡིན་པས་ན་དྲི་མ་མེད་པ་ཡིན་ནོ།། །།བམ་པོ་
སུམ་ཅུ་རྩ་བཞི་པ། གང་ཟག་དེ་དག་ལ་ཕན་པ་དང་གནོད་པ་བྱས་པ་རྣམས་ཏེ། ཕན་བཏགས་པ་དང་གནོད་པ་བྱས་པས་དགེ་བ་དང་མི་དགེ་བ་རྣམས་ཀྱི་འབྲས་བུ་མཐོང་བའི་ཆོས་ཁོ་ན་ལ་ཐོབ་པར་འགྱུར་རོ་ཞེས་འཕྲལ་གྱི་དོན་སྟོན་པར་བྱེད་དེ་འཕྲལ་དང་འདྲ་བའི་ཕྱིར་རོ། །ལྷག་མ་བསྒོམ་པའི་ལམ་
ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ལྷག་མ་བསྒོམ་པའི་ལམ་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་བྱེད་པ་སྟེ། འདི་ལ་རང་བཞིན་དང་འབྲས་བུ་ཡོངས་སུ་རྫོགས་པ་ཡོད་པས་ན་རང་བཞིན་དང་འབྲས་བུ་ཡོངས་སུ་རྫོགས་པ་ཅན་ནོ། །དེའི་ངོ་བོ་ནི་ཉིད་དེ། རང་བཞིན་དང་འབྲས་
བུ་ཡོངས་སུ་རྫོགས་པ་ཅན་ཉིད་དེའི་ཕྱིར་རོ། །ཡང་དེའི་རང་བཞིན་ཡོངས་སུ་མ་རྫོགས་པ་ཉིད་དང་། འབྲས་བུ་ཡོངས་སུ་མ་རྫོགས་པ་ཉིད་གང་ཡིན་ཞེ་ན། རང་བཞིན་ཡོངས་སུ་མ་རྫོགས་པ་ནི་དགྲ་བཅོམ་པ་ཉིད་ཡིན་ན་ལམ་དེ་ནི་གང་གིས་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་བ་སྟེ། སློབ་པའི་
Vol. 143 · folio 47b
རང་བཞིན་ནོ། །འབྲས་བུ་ཡོངས་སུ་རྫོགས་པ་ཡང་དགྲ་བཅོམ་པ་ཉིད་ཐོབ་པ་ཡིན་ན་ལམ་དེ་ནི་འབྲས་བུ་གསུམ་གྱིས་འབྲས་བུ་དང་ལྡན་པ་ཡིན་ནོ། །ཡང་ན་རང་བཞིན་དང་འབྲས་བུ་ཡོངས་སུ་རྫོགས་པ་ནི་ཟད་པ་ཤེས་པས་བསྡུས་པའི་ལམ་ཡིན་ཏེ། འདི་ལྟར་རང་བཞིན་ཡོངས་སུ་རྫོགས་
པ་ནི་མི་སློབ་པའི་ལམ་ཡིན་པས་སོ། །འབྲས་བུ་ཡོངས་སུ་རྫོགས་པ་ནི་ལུས་ལ་མེད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །དེ་ལས་ལངས་པ་རྣམས་ཞེས་བྱ་བ་ནི་ལྷག་མ་བསྒོམ་པའི་ལམ་ལས་ལངས་པ་རྣམས་ཏེ་དེ་ལས་ལངས་པ་དེ་དག་ནི་ཇི་ལྟར་དགྲ་བཅོམ་པ་ལས་ལངས་པ་དེ་ལྟར་བསོད་
ནམས་ཀྱི་ཞིང་མ་ཡིན་ན། འཇིག་རྟེན་པའི་ལམ་ལས་ལངས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཁྱད་པར་འདི་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ལྷག་མ་དང་བཅས་པ་དང་། ལྷག་མ་མ་ལུས་པར་སྤངས་པའི་སྒོ་ནས་བཤད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེ་ནི་གདོན་མི་
ཟ་བར་རྟོག་པ་དང་དཔྱོད་པ་དང་བཅས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཁམས་ལྔ་ནི། རྟོག་པ་དང་དཔྱོད་པ་དང་བཅས་པ་ཡིན་ཞེས་བྱ་བར་ངེས་པའི་ཕྱིར་རོ། །རྟོག་པ་དང་དཔྱོད་པ་དག་ཀྱང་བསམ་གཏན་ཁྱད་པར་ཅན་ལ་སོགས་པ་ལ་མེད་པའི་ཕྱིར་ཏེ། རྟོག་པ་མེད་
པའི་ལས་ཀྱི་རྣམ་པར་སྨིན་པ་ས་འོག་མ་པ་རྟོག་པ་དང་དཔྱོད་པ་དང་བཅས་པ་ཡིན་པར་ཡང་རུང་བ་མ་ཡིན་ནོ། །རྣམ་པར་སྨིན་པ་ནི་སྡུག་བསྔལ་གྱི་ཚོར་བ་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མི་དགེ་བ་དེའི་རྣམ་པར་སྨིན་པ་ནི་སྡུག་བསྔལ་གྱི་ཚོར་བ་ཡིན་པར་འདོད་དེ། དེའི་འབྲས་བུ་ནི་
ཡིད་དུ་མི་འོང་བ་མ་ཡིན་པའི་ཕྱིར་རོ། །སེམས་ཀྱི་སྡུག་བསྔལ་གྱི་ཚོར་བ་ནི་ཡིད་མི་བདེ་བ་ཡིན་ཏེ་གཞན་ནི་མེད་ན་ཡིད་མི་བདེ་བ་ནི་རྣམ་པར་སྨིན་པ་མ་ཡིན་ནོ་ཞེས་དེ་ནི་དབང་པོ་བསྟན་པར་སྲོག་གི་རྣམ་སྨིན་བཅུ་གཉིས་གཉིས། ཐ་མ་བརྒྱད་དང་ཡིད་མི་བདེ་བ་མ་གཏོགས་ཞེས་བཤད་
ཟིན་ཏོ། །ཡིད་མི་བདེ་བ་རྣམ་པར་སྨིན་པ་མ་ཡིན་ནོ་ཞེས་བྱ་བ་འདི་མི་བཟོད་པས་འོ་ན་སེམས་ཅན་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། གལ་ཏེ་ཡིད་མི་བདེ་བ་རྣམ་པར་སྨིན་པ་མ་ཡིན་ན། འོ་ན་སེམས་ཅན་རྣམས་ཀྱི་སེམས་གཡེངས་པར་འགྱུར་བ་གང་ཡིན་པ་དེ་སེམས་ནི་གང་ཞིག་
Vol. 143 · folio 48a
ལ་གནས་པ་ཡིན། རྒྱུ་ནི་ཇི་ཞིག་གིས་འགྱུར། དེའི་བསམ་པ་ནི་སེམས་གཡེངས་པ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་ལ་གནས་པ་ནི་མ་ཡིན་ཏེ། དེ་དག་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་ལ། དེ་ཡང་མི་དགེ་བའི་རྒྱུ་ཅན་གྱི་ཡིད་དུ་མི་འོང་བ་ཡིན་པའི་ཕྱིར་
ཏེ། དེ་བས་ན་ཡིད་མི་བདེ་བ་ནི་རྣམ་པར་སྨིན་པ་ཡིན་པར་འགྱུར་རོ་སྙམ་པ་ཡིན་ནོ། །རྣམ་པར་མི་རྟོག་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་ནི་ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་དག་གིས་རྣམ་པར་མི་རྟོག་པ་ཡིན་པའི་ཕྱིར་ལ་སེམས་གཡེངས་པ་ནི་
རྣམ་པར་རྟོག་པ་ངན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ནགས་མེས་གཏོང་བ་འམ་ཞེས་བྱ་བ་ལ། ནགས་ནི་རྩྭ་ལ་སོགས་པ་ཚང་ཚིང་དང་ལྡན་པའི་ཕྱོགས་ཀྱི་ཁྱད་པར་རོ། །གཞན་གང་ཡང་རུང་བས་ཞེས་བྱ་བ་ནི་མི་འདོད་པའི་ན་ཚར་འགྱུར་བས་སོ། །གནས་བྱེད་ཀྱི་བུ་ལ་སོགས་པ་ཞེས་བྱ་བ་ནི་
བཅོམ་ལྡན་འདས་མི་ཐི་ལ་ན་མི་ཐི་ལའི་ཨ་མྲའི་ཚལ་ན་བཞུགས་སོ། །ཡང་དེའི་ཚེ་གནས་བྱེད་དང་རུས་མཐུན་པའི་བྲམ་ཟེ་མོ་ཞིག་གི་བུ་དྲུག་ཤི་བ་དང་། དེ་དེ་དག་ཤི་བས་སེམས་གཡེངས་ཤིང་སྨྱོས་ནས་གཅེར་བུར་བྱུང་སྟེ། དེ་དང་དེར་རྒྱུ་ཞིང་མི་ཐི་ལའི་ཨ་མྲའི་ཚལ་ག་ལ་བ་དེར་སོང་ངོ་། །དེའི་ཚེ་བཅོམ་ལྡན་
འདས་དགེ་སློང་གི་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཤིང་ཆོས་སྟོན་ཏོ། །གནས་བྱེད་དང་རུས་མཐུན་པའི་བྲམ་ཟེ་མོས་བཅོམ་ལྡན་འདས་རྒྱང་ནས་མཐོང་སྟེ། མཐོང་ནས་ཀྱང་ངོ་ཚ་ནས་སྒུམ་སྒུམ་པོར་འདུག་སྟེ། དྲན་པ་ཡང་རྙེད་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་གནས་བྱེད་ཀྱི་བུ་དང་རུས་
མཐུན་པའི་བྲམ་ཟེ་མོ་ཐག་རིང་པོ་ནས་གཟིགས་ཏེ། གཟིགས་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། གནས་བྱེད་ཀྱི་བུ་དང་རུས་མཐུན་པའི་བྲམ་ཟེ་མོ་ལ་བླ་གོས་བྱིན་ཅིག་དང་དེ་ལ་ཆོས་བཤད་པར་བྱའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་གནས་བྱེད་ཀྱི་བུ་དང་རུས་མཐུན་པའི་བྲམ་ཟེ་མོ་ལ་བླ་
གོས་བྱིན་པ་དང་དེ་གནས་བྱེད་ཀྱི་བུ་དང་རུས་མཐུན་པའི་བྲམ་ཟེ་མོས་བླ་གོས་བགོས་ནས་བཅོམ་ལྡན་འདས་ག་བ་ལ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་གནས་བྱེད་ཀྱི་བུ་དང་རུས་མཐུན་པའི་བྲམ་ཟེ་མོ་ལ་ཆོས་ཀྱི་
Vol. 143 · folio 48b
གཏམ་གྱིས་ཀུན་དུ་སྟོན་པར་མཛད། ཡང་དག་པར་ལེན་དུ་བཅུག །ཡང་དག་པར་གཟེངས་བསྟོད་ནས། ཡང་དག་པར་རབ་ཏུ་དགའ་བར་མཛད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ཏེ། གཞུང་མངས་ཀྱིས་དོགས་ནས་ཐམས་ཅད་ནི་མ་བྲིས་སོ། །འདི་ལ་དོན་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་
དེ་ལ་སྦྱིན་པ་ལ་སོགས་པའི་གཏམ་མཛད་ནས་འཕགས་པའི་བདེན་པ་བཞི་བསྟན་པ་ནས་དེས་རྒྱུན་དུ་ཞུགས་པའི་འབྲས་བུའི་བར་དུ་ཐོབ་སྟེ། ཐོབ་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དུས་གཞན་ཞིག་ན་དེའི་བུ་བདུན་པ་ཤི་བ་དང་དེ་དེ་ཤི་བས་མྱ་ངན་མི་བྱེད་པར་གྱུར་ཏོ། །དེ་མྱ་ངན་མི་བྱེད་པ་དང་རང་
གི་ཁྱོས་སྨྲས་པ་ཁྱོད་སྔོན་བུ་ཤི་བས་ཡོངས་སུ་གདུང་བར་བྱེད་ལ་ད་ནི་ཡོངས་སུ་གདུང་བ་མེད་པ་དང་སྦྱར་ན་བུ་དེ་ཁྱོད་ཀྱིས་ཟོས་གོར་མ་ཆག་སྟེ། དེས་ན་ཡོངས་སུ་གདུང་བར་མི་བྱེད་དོ། །དེས་དེ་ལ་ཕྱིར་སྨྲས་པ། བྲམ་ཟེ་ངས་ནི་ཡུན་རིངས་ནས། །བུ་དང་ཚ་བོ་སྟོང་ཕྲག་དང་། །གཉེན་མང་བརྒྱ་
ཕྲག་དག་ཟོས་ཏེ། །ཁྱོད་ཀྱིས་ཀྱང་ནི་དེ་དང་འདྲ། །སྐྱེ་བ་དེ་དང་དེ་དག་ཏུ། །བུ་དང་ཚ་བོ་སྟོང་ཕྲག་དག །གཅིག་ལ་གཅིག་ནི་ཟ་རྣམས་ཀྱི། །ཚད་ནི་ཡོད་པ་མ་ཡིན་ནོ། །འཇིག་རྟེན་ན་ནི་སྐྱེ་བ་དང་། །འཆི་ལས་ངེས་འབྱུང་ཤེས་ནས་ནི། །སུ་ཞིག་མྱ་ངན་ཡོངས་གདུང་བ་འམ། །སྨྲེ་སྔགས་འདོན་པར་བྱེད་པར་
འགྱུར། །བདག་གིས་སངས་རྒྱས་བསྟེན་བྱས་ཏེ། །སྐྱེ་བ་དང་ནི་འཆི་བ་ལས། །ངེས་པར་འབྱུང་བའང་ཤེས་པས་ན། །མྱ་ངན་མི་བྱེད་གདུང་བ་མེད། །ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་ནོ། །ཇི་ལྟར་སེམས་ཀྱི་ཚོར་བ་རྣམ་པར་སྨིན་པ་མ་ཡིན་པར་འགྱུར་ཞེས་བྱ་བ་ནི། ལས་མི་དགེ་བ་དེ་ཡི་འབྲས། །
ཞེས་བྱ་བ་ཚིག་ལྷག་མ་ཡིན་ནོ། །འབྱུང་བ་ཆེན་པོ་རྣམས་འཁྲུག་པ་གང་ཡིན་པ་དེ་རྣམ་པར་སྨིན་པ་ཡིན་ལ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ནི་རྣམ་པར་སྨིན་པའོ། །སེམས་ནི་དེ་ལས་སྐྱེས་པས་དེའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དེ་ནི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་ཞེས་
བཤད་ཀྱི། དེ་ནི་ལས་ལས་སྐྱེས་པ་ཞེས་ནི་མ་བཤད་དོ། །དེ་ལྟར་ན་འདི་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཕྱིར་ལས་ལས་སྐྱེས་པ་ཞེས་བྱ་བ་ནས་དྲན་པ་ཉམས་པར་འགྱུར་བས་ཞེས་བྱ་བའི་བར་ཡིན་པ་དེའི་ཕྱིར་མུ་བཞི་པ་འདི་རུང་སྟེ། འདིར་དཔེར་བརྗོད་པ་ནི་གཉི་ག་ནི་སེམས་གཡེངས་པའི་ཉོན་མོངས་
Vol. 143 · folio 49a
པ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །སེམས་ཉོན་མོངས་པ་ཅན་ནི་རྣམ་པར་སྨིན་པ་ཡིན་པར་མི་རུང་སྟེ། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །ཞེས་འབྱུང་བའི་ཕྱིར་རོ། །མངོན་པར་ཉེན་པ་ཞེས་བྱ་བ་ནི་མངོན་པར་གནོད་པར་གྱུར་པའོ། །དམྱལ་བ་རྣམས་སེམས་གཡེངས་པ་
ཡིན་ནོ་ཞེས་བྱ་བ་ཡིན་ནོ་ཞེས་བྱ་བ་འདིར་ཀྱི་ཧུད་སེམས་ཞེས་སྨྲེ་སྔགས་འདོན་པའི་དམྱལ་བ་དཔེར་བྱའོ། །སངས་རྒྱས་མ་གཏོགས་པ་ཞེས་བྱ་བ་ནི་སངས་རྒྱས་ནི་བསོད་ནམས་ཀྱི་ཚོགས་ཆེ་བའི་ཕྱིར་འབྱུང་བ་ཉམས་པས་ཀྱང་ཐུགས་གཡེངས་པ་མི་མངའོ། །ལས་ཀྱི་ནི་མ་ཡིན་ཏེ་ཞེས་བྱ་བ་ཅི་
ཞེ་ན། འཕགས་པ་རྣམས་སེམས་གཡེངས་པ་སྟེ། འབྱུང་བ་མ་ཉམས་པས་ནི་མ་གཏོགས་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། ངེས་པ་ནི་སྔོན་སོ་སོའི་སྐྱེ་བོའི་གནས་སྐབས་ཁོ་ན་ན་རྣམ་པར་སྨིན་པ་ཟིན་པའི་ཕྱིར་རོ། །མ་ངེས་པ་ནི་འཕགས་པའི་གནས་སྐབས་ན་རྣམ་པར་མི་སྨིན་པའི་ཕྱིར་
ཏེ། དེ་ཉིད་ཀྱི་ཕྱིར་འདི་ནི་མ་ངེས་པ་ཞེས་བྱ་བའོ། །འཇིགས་པ་ལྔ་ལས་ཡང་དག་པར་འདས་པའི་ཕྱིར་རོ་ཞེས་བྱ་བ་ལ་འཇིགས་པ་ལྔ་ནི་ཀུན་དུ་འཚོ་བ་མེད་པའི་འཇིགས་པ་དང་། ཚིགས་སུ་བཅད་པ་མེད་པའི་འཇིགས་པ་དང་། འཁོར་གྱི་ནང་དུ་སྐྲག་པའི་འཇིགས་པ་དང་། འཆི་བའི་འཇིགས་པ་དང་།
ངན་འགྲོའི་འཇིགས་པའོ། །དེ་ལ་ཚིགས་སུ་བཅད་པ་མེད་པའི་འཇིགས་པ་ནི་གྲགས་པ་མེད་པའི་འཇིགས་པའོ། །འཁོར་གྱི་ནང་དུ་སྐྲག་པའི་འཇིགས་པ་ནི་ཚོགས་པའི་ནང་དུ་བག་འཁུམས་པའོ། །མི་མཛེས་པ་ཞེས་བྱ་བ་ནི་མི་མཛེས་པར་འགྱུར་བའི་ལས་སོ། །ཆོས་ཉིད་མངོན་པར་ཤེས་
པའི་ཕྱིར་རོ་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བའོ། །འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བར་ཆོས་ཀྱི་ངོ་བོ་ཉིད་མངོན་པར་ཤེས་པའི་ཕྱིར་རོ། །གྱ་གྱུའི་རྒྱུ་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ནི་གྱ་གྱུའི་རྒྱུ་ཅན་ཡིན་པའི་ཕྱིར་ཏེ། གྱ་གྱུ་ནི་རྒྱུ་
ཡིན་ནོ། །ཆགས་པའི་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དཔེར་ན་ཚོན་རྩི་ནི་འཇེན་པའི་རྒྱུ་ཡིན་པ་ལྟར་འདོད་ཆགས་ཀྱང་དེ་དང་འདྲ་སྟེ། དེའི་ཕྱིར་དེ་དང་ཆོས་མཐུན་པས་དེ་སྐད་དུ་བཤད་དོ། །འདོད་གཏོགས་ཞེས་བྱ་བ་འདིས་ནི་དགེ་བ་ཁྱད་པར་དུ་བྱེད་ཀྱི་མི་དགེ་བ་ནི་མ་ཡིན་ཏེ། དེ་ནི་
Vol. 143 · folio 49b
གདོན་མི་ཟ་བར་ཡོད་པ་ཅན་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་གཟུགས་མེད་པར་གཏོགས་པ་མ་བཤད་ཅེ་ན་ཞེས་བྱ་བ་ནི་དེ་ཡང་མི་དགེ་བ་དང་མ་འདྲེས་ཤིང་འདྲེན་མར་མི་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །གང་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་ན་སྲིད་པ་བར་མ་བ་སྟེ་སྲིད་པ་བར་མ་ན་ཡོད་པའི་རྣམ་
པར་སྨིན་པ་དང་སྐྱེ་བའི་སྲིད་པ་པ་ཡང་དེ་དང་འདྲའོ། །ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པ་གསུམ་ཆར་གྱི་རྣམ་པར་སྨིན་པ་ཡོད་པ་སྟེ། བསམ་གཏན་གྱི་སྡོམ་པས་བསྡུས་པའི་ལུས་དང་ངག་གི་ལས་དག་བསམ་གཏན་གཉིས་པ་ལ་སོགས་པ་ན་ཡང་ཡོད་པའི་ཕྱིར་དེ་ཁོ་ནར་དཀར་ལ་རྣམ་
པར་སྨིན་པ་དཀར་བ་ཞེས་བཤད་དོ་ཞེས་གྲག་སྟེ། གྲག་ཅེས་བྱ་བའི་སྒྲ་ནི་གཞན་གྱི་གཞུང་ལུགས་ཡིན་ནོ། །མདོ་གཞན་ལས་དེ་ཡང་བཤད་དོ་ཞེས་བྱ་བ་ནི་གཟུགས་མེད་པར་གཏོགས་པ་དེ་ཡང་ལས་དཀར་ལ་རྣམ་པར་སྨིན་པ་དཀར་བ་ཡང་ཡོད་དེ། འདི་ལྟ་སྟེ་བསམ་གཏན་དང་པོ་དང་དེ་བཞིན་དུ་
སྲིད་པའི་རྩེ་མོའི་བར་ཡིན་ནོ་ཞེས་བཤད་དེ། འདིས་ནི་རང་གི་བསམ་པ་གང་གིས་ན་གྲག་ཅེས་བྱ་བའི་སྒྲ་རབ་ཏུ་སྦྱར་བ་སྟོན་པར་བྱེད་དོ། །འདི་ནི་རྒྱུད་ཀྱི་སྒོ་ནས་རྣམ་པར་གཞག་གོ་ཞེས་བྱ་བ་ནི་རྒྱུད་གཅིག་ལ་དགེ་བ་དང་མི་དགེ་བ་ཀུན་དུ་འབྱུང་བས་དགེ་བ་དང་མི་འདྲེ་བར་འགྱུར་རོ། །ཕན་ཚུན་འགལ་
བའི་ཕྱིར་རོ་ཞེས་བྱ་བ་ནི་དགེ་བ་ཡང་མི་དགེ་བ་དང་འགལ་ལ་མི་དགེ་བ་ཡང་དགེ་བ་དང་འགལ་བ་གཉིས་ཀྱི་ངོ་བོ་ཉིད་དུ་རུང་བ་མ་ཡིན་ནོ། །མི་དགེ་བ་གདོན་མི་ཟ་བར་དགེ་བ་དང་འདྲེ་བ་ནི་མ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདྲེ་མོད་ཀྱི་གདོན་མི་ཟ་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདོད་པའི་ཁམས་ན་གཉེན་པོར་
གྱུར་པ་ཏིང་ངེ་འཛིན་མེད་པའི་ཕྱིར་མི་དགེ་བ་སྟོབས་དང་ལྡན་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དགེ་བ་སྟོབས་ཆུང་བའི་ཕྱིར་ཏེ། འདི་ལྟར་འདོད་པའི་ཁམས་ན་ནི་ལོག་པར་ལྟ་བས་དགེ་བའི་རྩ་བ་ཀུན་དུ་འཆད་པར་འགྱུར་གྱི་ཡང་དག་པའི་ལྟ་བས་ནི་ལོག་པར་ལྟ་བ་ཀུན་དུ་འཆད་པར་མི་འགྱུར་རོ། །མི་དཀར་
ཞེས་བྱ་བའི་སྒྲ་འདི་ནི་དགོངས་པ་ཅན་ཡིན་ཏེ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་དཀར་བ་ཉིད་མེད་པའི་ཕྱིར་མི་དཀར་བ་ཡིན་གྱི། དཀར་པོ་མ་ཡིན་པ་ཉིད་ནི་མ་ཡིན་པའོ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཀྱང་དཀར་པོ་ཉིད་དུ་བཤད་པ་གང་ཡིན་པ་དེ་མ་ཡིན་པས་ན་མི་དཀར་བའོ། །སྟོང་པ་ཆེན་པོའི་མདོ་ལས་ཞེས་བྱ་
Vol. 143 · folio 50a
བ་ནི་སྟོང་པ་ཆེན་པོའི་དོན་གྱི་མདོ་ལས་སོ། །མ་བསྒྲིབས་པ་ལུང་དུ་མ་བསྟན་པ་རྣམས་ཀྱང་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་དཀར་པོ་ཡིན་ནོ། །ཁམས་སུ་གཏོགས་པའི་ཕྱིར་རྣམ་པར་སྨིན་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཆོས་རྣམས་ནི་ཁམས་སུ་གཏོགས་
པ་ཡིན་ལ། རྣམ་པར་སྨིན་པ་ནི་ཁམས་སུ་གཏོགས་པ་ཡིན་པས་དེའི་ཕྱིར་ཟག་པ་མེད་པའི་ཆོས་རྣམས་ནི་རྣམ་པར་སྨིན་པ་མེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཇུག་པ་དང་འགལ་བས་ཞེས་བྱ་བ་སྨོས་སོ། །ཟག་པ་མེད་པའི་ལས་ནི་ཁམས་སུ་གཏོགས་པའི་ཆོས་རྣམས་ཀྱི་འཇུག་པ་འགོག་
པར་བྱེད་པ་ཡིན་གྱི་སྐྱེད་པར་བྱེད་པ་ནི་མ་ཡིན་པས་རྣམ་པར་སྨིན་པ་མེད་པ་ཡིན་ནོ། །ལས་དང་ལས་ཟད་པར་བྱེད་པ་ཡིན་ཞེས་བྱ་བ་ལ་ལས་གཉིས་སྨོས་པ་ནི་ལས་དེ་ཡོད་དོ་ཞེས་བསྟན་པ་གང་ཡིན་པ་དེ་ཡོད་ཅིང་མེད་པ་མ་ཡིན་ལ་མ་ཉམས་པའི་ངོ་བོ་ཉིད་ནི་ལས་ཟད་པར་བྱེད་པ་ཡིན་ནོ་ཞེས་ལས་བཞི་པ་
འདི་ནི་བསྟན་པའི་ཆེད་ཡིན་ནོ། །ཡང་ན་འདི་ནི་ཟློས་པའི་སྦྱོར་བ་ཡིན་ཏེ། ལས་དང་ལས་ཟད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བཟོད་པ་ཞི་བ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཆོས་ཤེས་པའི་བཟོད་པ་ཞེས་སྨོས་པ་དང་། འདོད་པ་ལས་འདོད་ཆགས་དང་བྲལ་བ་ལ་བར་ཆད་
མེད་པའི་ལམ་ཞེས་སྨོས་པ་ནི་འདོད་པ་ན་སྤྱོད་པའི་ལས་ནག་པོ་སྤོང་བའི་ལམ་ཡིན་པའི་ཕྱིར་རོ། །འདིར་ནི་ཟག་པ་མེད་པའི་ལམ་གྱི་སྐབས་ཡིན་པའི་ཕྱིར་འཇིག་རྟེན་པའི་བར་ཆད་མེད་པའི་ལམ་དག་ནི་དེ་སྤོང་བར་འགྱུར་བ་ཡིན་ཡང་མི་གཟུང་ངོ་། །དཀར་པོ་བསམ་གཏན་ཆགས་བྲལ་ལ། །
ཞེས་བྱ་བ་ནི་དེ་ནག་པོ་མེད་པའི་ཕྱིར་དགེ་བ་ཁོ་ན་ཞེས་བྱ་བ་ངེས་པར་གཟུང་སྟེ། ཉོན་མོངས་པ་ཅན་གྱི་འདུ་བྱེད་ནི་བརྒྱད་ཀྱིས་སྤོང་ལ་དགུ་པས་ནི་དགེ་བ་ཡང་སྤོང་ངོ་། །དེའི་རང་གི་ངོ་བོ་ནི་སྤོང་བ་མ་ཡིན་ཏེ་ཞེས་བྱ་བ་ནི་ཐོབ་པ་ནི་ཐོབ་པ་ཆད་པའི་སྤོང་བ་སྟེ། དགེ་བ་ནི་སྤངས་ཀྱང་མངོན་སུམ་དུ་བྱེད་
པའི་ཕྱིར་རོ། །དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པའི་ཕྱིར་ཏེ་ཞེས་བྱ་བ་ནི་དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པས་དགེ་བ་དེ་སྤངས་པ་ཡིན་ནོ། །དེ་ལ་དམིགས་པའི་ཉོན་མོངས་པ་སྤོང་བ་ཡང་དེ་ལ་དེ་དམིགས་པའི་ཉོན་མོངས་པའི་རྣམ་པ་དགུ་སྤང་ན་སྤངས་པ་ཡིན་པས་བར་ཆད་མེད་
Vol. 143 · folio 50b
པའི་ལམ་དགུ་པའི་སེམས་པ་ཁོ་ན་ལས་ནག་པོ་དང་དཀར་པོ་ཟད་པར་བྱེད་པ་ཡིན་ཏེ། དེའི་ཚེ་ཉོན་མོངས་པའི་རྣམ་པ་དགུ་པའི་ཐོབ་པ་ཆད་ན་བྲལ་བའི་ཐོབ་པ་སྐྱེ་ཞིང་ལས་ནག་པོ་དང་དཀར་པོ་དེ་དང་ཟག་པ་དང་བཅས་པའི་ལས་གཞན་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་བྲལ་བ་ཐོབ་པ་ཡང་སྐྱེའོ་
ཞེས་བརྗོད་དོ། །དེ་བཞིན་དུ་བསམ་གཏན་བཞི་ལས་འདོད་ཆགས་དང་བྲལ་བ་དག་ལ་ཡང་རིག་པར་བྱའོ། །དེའི་ཕྱིར་དེ་མྱོང་བར་འགྱུར་བ་ཞེས་བྱ་བ་ནི་འགྲོ་བ་ངེས་པའི་རྒྱུ་དེའི་ཕྱིར་དེ་མྱོང་བར་འགྱུར་བ་སྟེ། དམྱལ་བ་མྱོང་བར་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལས་གཞན་པའི་ཞེས་བྱ་བ་རྒྱས་
པར་འབྱུང་བ་ནི་དམྱལ་བའི་འགྲོ་བ་དེ་ལས་གཞན་པའི་འདོད་པའི་ཁམས་མི་ལ་སོགས་པའི་འགྲོ་བ་ན་ནི་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པ་ཡོད་པས་འགྲོ་བ་ངེས་པའི་རྒྱུ་དེའི་ཕྱིར་དེ་མྱོང་བར་འགྱུར་བ་སྟེ། དེ་ལས་གཞན་པའི་འདོད་པའི་ཁམས་མྱོང་བར་འགྱུར་བ་ནི་གཉི་ག་ཡང་བྱེ་བྲག་མ་
ཕྱེ་བར་བསྲེས་ནས་དཀར་ནག་ཅེས་བྱ་བར་བཤད་ཀྱི་འདི་ལྟར་དགེ་བ་ཡང་དཀར་ནག་ཡིན་ལ་དེ་བཞིན་དུ་མི་དགེ་བ་ཡང་དཀར་ནག་ཡིན་ནོ་ཞེས་བྱ་བར་གཟུང་བར་བྱ་བ་མ་ཡིན་ནོ། །དགེ་བ་དང་མ་འདྲེས་པའི་ཕྱིར། །ཞེས་བྱ་བ་ནི། ཉོན་མོངས་ཅན་མིན་མཐོང་སྤོང་མིན་ཞེས་བྱ་བར་ངེས་པའི་ཕྱིར་
མཐོང་བས་སྤང་བར་བྱ་བའི་དགེ་བ་ནི་མེད་དོ། །འདིར་རྣམ་པ་མཐོང་བས་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་ནག་པོ་ཡིན་ནོ་ཞེས་ཁྱད་པར་བྱས་ནས་བརྗོད་དགོས་སོ། །དེ་ལྟ་མ་ཡིན་ན་མཐོང་བས་སྤང་བར་བྱ་བ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ཡང་གནག་ལ་རྣམ་པར་སྨིན་པ་གནག་པ་ཡིན་པར་
བཤད་པར་ཐལ་བར་འགྱུར་བ་ཡིན་ནོ་ཞེ་ན། བརྗོད་པར་བྱ་མི་དགོས་ཏེ། འདོད་པ་ལས་སྐྱེས་གཞན་དཀར་གནག །ཅེས་བྱ་བའི་འདོད་པ་ལས་སྐྱེས་པ་ཞེས་བྱ་བ་འདིས་མཐོང་བས་སྤང་བར་བྱ་བ་འདོད་པ་ནས་སྐྱེས་པ་ནི་ནག་པོ་ཡིན་ལ་འདོད་པ་ནས་སྐྱེས་པ་གཞན་ནི་དཀར་གནག་ཡིན་ནོ་ཞེས་གཉི་ག་ཁྱད་
པར་དུ་བྱས་པའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བསྒོམ་པས་སྤང་བར་བྱ་བར་འདོད་པ་ན་སྤྱོད་པ་དེ་ནི་དགེ་བ་ཡང་སྲིད་ལ་མི་དགེ་བ་ཡང་སྲིད་པས་བསྲེས་ཏེ། གཉི་ག་ཡང་དཀར་གནག་ཡིན་ནོ་ཞེས་བཤད་ཀྱི་སོ་སོར་ནི་མ་ཡིན་ནོ། །ཐུབ་པའི་གསུམ་ཞེས་བྱ་བ་ནི་ཐུབ་པའི་དངོས་པོ་འམ་ཐུབ་པའི་
Vol. 143 · folio 51a
ལས་ནི་ཐུབ་པ་ཡིན་ཏེ། སྤྲིའུའི་ཞེས་བྱ་བ་ལྟ་བུའོ། །ཐུབ་པའི་གསུམ་ཞེས་བྱ་བ་ནི་ཐུབ་པའི་ཡིན་པས་ན་ཐུབ་པའིའོ། །མི་སློབ་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མི་སློབ་པའི་ལུས་ཀྱི་ལས་རྣམ་པར་རིག་བྱེད་མ་ཡིན་པའི་ངོ་བོ་ཉིད་ནི་ལུས་ཀྱི་ཐུབ་པའི་ཡིན་ཏེ་ངག་དང་ཡིད་ཀྱི་ཐུབ་
པའི་དག་ཀྱང་དེ་དང་འདྲའོ། །ཡང་ཅིའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་ཡིན་པར་གཟུང་གི །རྣམ་པར་རིག་བྱེད་ཀྱང་ནི་མ་ཡིན་ཞེ་ན། རྣམ་པར་རིག་བྱེད་ནི་ཟག་པ་དང་བཅས་པ་ཉིད་ཀྱིས་མི་སློབ་པ་ཉིད་ཡིན་པར་མི་སྲིད་པའི་ཕྱིར་རོ། །ཡིད་ཁོ་ན་ཡིད་ཀྱི་ཐུབ་པ་ཡིན་ཏེ་ཞེས་བྱ་བ་ནི་རང་གི་དོན་དུ་རྒྱས་
པར་བྱས་པ་ཡིན་པའི་ཕྱིར་རོ། །སེམས་ནི་དོན་དམ་པར་ཐུབ་པ་ཡིན་ལ་ཞེས་བྱ་བར་ནི་ཉོན་མོངས་པའི་བརྗོད་པ་ཐམས་ཅད་མེད་པ་ཞེས་གཏན་ཚིགས་འཆད་པར་འགྱུར་རོ། །དེ་ནི་མི་སློབ་པ་ཡིན་ནོ་ཞེས་བྱ་བར་ལུས་དང་ངག་གི་ལས་དག་གི་སྒོ་ནས་རྗེས་སུ་དཔག་པར་བྱ་བ་ཡིན་ནོ་ཞེས་གྲག་གོ། །ཇི་ལྟར་
དེ་བཞིན་གཤེགས་པ་རྗེས་སུ་དཔག་པར་བྱ་ཞེ་ན། མདོ་ལས། སྐུའི་ཕྲིན་ལས་རབ་ཏུ་ཞི་བ་དང་། གསུང་གི་ཕྲིན་ལས་རབ་ཏུ་ཞི་བས་ཞེས་འབྱུང་བའི་ཕྱིར་རོ། གྲག་ཅེས་བྱ་བའི་སྒྲ་ཁོ་ནས་བྱེ་བྲག་ཏུ་སྨྲ་བའི་གཞུང་ལུགས་བསྟན་ནས་སློབ་དཔོན་བདག་ཉིད་ཀྱི་གཞུང་ལུགས་གཞན་ཡང་ཞེས་བྱ་བ་རྒྱས་པར་
སྨོས་ཏེ། སེམས་ལ་རྣམ་པར་རིག་བྱེད་མ་ཡིན་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་སེམས་ལ་རྣམ་པར་རིག་བྱེད་མ་ཡིན་པ་མེད་པ་དེའི་ཕྱིར་ཡིད་ཀྱི་ལས་ནི་སྤོང་བའི་རང་བཞིན་མ་ཡིན་ནོ། །ཐུབ་པའི་ཡང་སྤོང་བའི་དོན་གྱིས་ཡིན་ཏེ་ཞེས་བྱ་བ་ལ་སྤོང་བ་ནི་སྤོང་བར་བྱེད་པ་སྟེ། མི་དགེ་བ་ཐམས་ཅད་སྤོང་
བའི་དོན་གྱིས་ན་ཐུབ་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེའི་ཕྱིར་ཡིད་ཉིད་མི་དགེ་བ་ཐམས་ཅད་སྤོང་བ་ལ་ཐུབ་པ་ཞེས་བྱའོ། །ཉོན་མོངས་པའི་བརྗོད་པ་ཐམས་ཅད་མེད་པས་ཏེ། ཉོན་མོངས་པ་རྣམས་ནི་ལོག་པའི་དམིགས་པ་ལ་བརྗོད་པའི་ཕྱིར་བརྗོད་པའོ་ཞེས་བྱ་བའོ། །དེ་དག་ཀྱང་དགྲ་བཅོམ་པ་ལ་
མེད་པས་དགྲ་བཅོམ་པ་དེ་ནི་དོན་དམ་པར་ཐུབ་པ་ཡིན་ནོ། །གཙང་བྱེད་ཅེས་བྱ་བ་ནི་གཙང་བའི་དངོས་པོ་ནི་གཙང་བྱེད་དེ། གཙང་སྦྲ་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་ཅེས་བྱ་བ་སྨོས་པ་ནི་ལེགས་པར་སྤྱད་པ་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཐམས་ཅད་བསྡུ་བའི་ཕྱིར་རོ། །དུས་རེ་ཞིག་དང་གཏན་དུ་ཞེས་
Vol. 143 · folio 51b
བྱ་བ་ནི་ལེགས་པར་སྤྱོད་པ་ཟག་པ་དང་བཅས་པས་ནི་དུས་རེ་ཞིག་ཉེས་པར་སྤྱོད་པའི་དྲི་མ་སྤོང་ལ་ཟག་པ་མེད་པས་ནི་གཏན་དུ་སྟེ། མདོ་ལས་དགེ་སློང་དག་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་གང་ཡིན་པ་དེ་ནི་སྤངས་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ལོག་པའི་ཐུབ་པ་དང་གཙང་སྦྲ་ལ་མོས་པ་
རྣམས་དགར་བའི་ཕྱིར་རོ་ཞེས་བྱ་བ་ལ་ལོག་པའི་ཐུབ་པ་ལ་མོས་པ་ནི་མི་སྨྲ་བར་འདུག་པ་ཙམ་གྱིས་འདུག་པར་ལྟ་བ་རྣམས་སོ། །ལོག་པའི་གཙང་སྦྲ་ལ་མོས་པ་ནི་ལུས་ཀྱི་དྲི་མ་མེད་པར་བྱེད་པ་ཙམ་གྱིས་འདག་པར་ལྟ་བ་རྣམས་སོ། །དེ་རྣམས་དགར་བ་ནི་ལྟ་བ་དེ་དང་བྲལ་བ་སྟེ་འདི་དག་ནི་དེའི་ཆེད་ཡིན་
ནོ། །ཆེད་དུ་བསམ་པར་བྱ་བའི་མདོ་ལས་གསུངས་པའི་ཕྱིར་ཞེས་བྱ་བ་ནི་དགེ་སློང་དག་ཆེད་དུ་བསམ་པར་བྱ་བའི་ལས་བྱས་ཤིང་བསགས་པས་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །ཇི་ལྟར་ཆེད་དུ་བསམ་པར་བྱ་བའི་ལས་བྱས་ཤིང་བསགས་པ་ཡིན་ཞེ་ན། དགེ་སློང་དག་འདི་ན་ལ་ལ་ཆེད་དུ་བསམས་
ནས་ལུས་ཀྱི་ལས་རྣམ་པ་གསུམ་བྱེད་ཅིང་སོགས་པ་ཡིན་ལ། ངག་གི་རྣམ་པ་བཞི་དང་། ཡིད་ཀྱི་རྣམ་པ་གསུམ་ཞེས་བྱ་བ་རྒྱས་པར་གསུངས་ནས་བཀའ་སྩལ་པ། དགེ་སློང་དག་ཇི་ལྟར་ཡིད་ཀྱི་ཆེད་དུ་བསམ་པར་བྱ་བའི་ལས་རྣམ་པ་གསུམ་བྱས་ཤིང་བསགས་པ་ཡིན་ཞེ་ན།
འདི་ལྟ་སྟེ། འདི་ན་དགེ་སློང་ལ་ལ་བརྣབ་སེམས་དང་ལྡན་པ་ཡིན། གནོད་སེམས་ཅན་གྱི་སེམས་སུ་གྱུར་པ་ཡིན། ལོག་པར་ལྟ་བ་ཡིན་ཞེས་བྱ་བ་ནས་དགེ་སློང་དག་ཡང་འདི་ན་ལ་ལ་ཕྱིན་ཅི་ལོག་ཏུ་ལྟ་བ་ཡིན་ཞེས་བྱ་བའི་བར་རྒྱས་པར་འབྱུང་བ་ཡིན་ཏེ། དཔེས་སྟོན་པ་རྣམས་ན་རེ་དེ་ལས་བརྣབ་
སེམས་ལ་སོགས་པ་ལས་མ་གཏོགས་པ་ཡིད་ཀྱི་ལས་གཞན་མ་བཤད་པས་བརྣབ་སེམས་ལ་སོགས་པ་ཡིད་ཀྱི་ལས་ཡིན་ནོ་ཞེས་བཤད་དེ། མདོ་སྡེ་པའི་ཁྱད་པར་རྣམས་ན་རེ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་ན་ནི་ལས་དང་ཉོན་མོངས་པ་དག་གཅིག་ཏུ་འགྱུར་རོ་ཞེས་བྱ་བ་ནི་ཉོན་མོངས་པ་
བརྣབ་སེམས་དང་གནོད་སེམས་དང་། ལོག་པར་ལྟ་བ་དེ་རྣམས་ལས་ཡིན་པས་དེ་དག་གཅིག་པ་ཉིད་དུ་འགྱུར་རོ། །ཉོན་མོངས་པ་འགའ་ཞིག་ལས་སུ་གྱུར་ན་ཡང་ཞེས་བྱ་བ་དེ་ནི་མེད་དེ། སེམས་པའི་ལས་དང་། བསམ་པའི་ལས་ཞེས་འབྱུང་བའི་ཕྱིར་རོ། གལ་ཏེ་དེ་ལྟ་ན་ཆེད་དུ་བསམ་
Vol. 143 · folio 52a
པར་བྱ་བའི་མདོ་ཇི་ལྟར་དྲང་ཞེ་ན། མདོ་ལས་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། མདོ་ལས་ནི་བརྣབ་སེམས་ལ་སོགས་པ་དེའི་སྒོ་ནས་སེམས་པ་ཞུགས་པའི་ཕྱིར་བརྣབ་སེམས་ལ་སོགས་པ་དེ་དག་གིས་དགེ་སློང་དག་བརྣབ་སེམས་དང་ལྡན་པ་ཡིན་ཞེས་བྱ་བ་རྒྱས་པར་
སེམས་པ་དེ་སྟོན་པར་བྱེད་དོ། །དེ་ལྟ་མ་ཡིན་ཏེ། ལས་དང་ཉོན་མོངས་པ་དག་གཅིག་པ་ཉིད་ཡིན་ན་ནི་དགེ་སློང་དག་ང་ནི་སེམས་པ་དང་བསམ་པའི་ལས་ཞེས་སྨྲའོ་ཞེས་གསུངས་པ་དེ་དང་ཡང་འགལ་བར་འགྱུར་ལ། ཆོས་མངོན་པ་དང་ཡང་འགལ་བར་འགྱུར་རོ། །ཕ་རོལ་ལ་ཕན་
འདོགས་པ་དང་གནོད་པ་བྱས་པའི་བསམ་པ་མེད་པར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཞན་དག་ལ་ཕན་གདགས་པ་དང་གནོད་པ་བྱ་བ་དག་གིས་བསམ་པ་མེད་པར་ཇི་ལྟར་ན་གོ་རིམས་བཞིན་དུ་ཡང་དག་པའི་ལྟ་བ་དང་ལོག་པའི་ལྟ་བ་དག་དགེ་བ་དང་མི་དགེ་བ་དག་ཉིད་ཡིན་ཞེ་ན། དེའི་ཕྱིར་དེའི་
རྩ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཡང་དག་པའི་ལྟ་བ་དང་ལོག་པའི་ལྟ་བ་དག་ནི་ཕན་གདགས་པའི་བསམ་པ་དང་གནོད་པར་བྱ་བའི་བསམ་པའི་རྩ་བ་ཡིན་ཏེ། རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་དེ་གཉིས་དགེ་བ་དང་མི་དགེ་བ་ཉིད་ཡིན་ནོ། །ཅི་རིགས་པར་ཞེས་བྱ་བ་ནི་ཇི་ལྟར་སྲིད་
པར་རོ། །ཇི་ལྟ་ཞེ་ན་དགེ་བ་རྣམས་ནི་ལེགས་པར་སྤྱད་པ་དག་ལས་སོ། །མི་དགེ་བ་རྣམས་ནི་ཉེས་པར་སྤྱད་པ་དག་ལས་སོ་ཞེས་བྱ་བ་སྨོས་སོ། །ཉོན་མོངས་པ་ཅན་གཞན་ཡང་ཞེས་བྱ་བ་ནི་བརྡེག་པ་དང་འཆིང་བ་ལ་སོགས་པའོ། །ཤིན་ཏུ་རགས་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྦྱོར་བ་དང་མཇུག་ཏུ་གྱུར་པ་
དང་། གཞན་དེ་ཡང་ཤིན་ཏུ་རགས་པ་མ་ཡིན་པའི་ཕྱིར་རོ། །ཡིད་ཀྱི་ཉེས་པར་སྤྱོད་པའི་ཕྱོགས་སེམས་པ་ཡང་མ་བསྡུས་སོ་ཞེས་བྱ་བར་སྦྱར་རོ། །མྱོས་པར་གྱུར་པ་ལ་སོགས་པ་སྤང་བ་དང་སྦྱིན་པ་དང་། མཆོད་སྦྱིན་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲ་སྔ་མས་ནི་བརྡེག་པ་དང་འཆིང་བ་
ལ་སོགས་པ་བསྡུ་བའོ། །གཉིས་པས་ཀྱང་ཁྲུས་བྱེད་པ་དང་ལུས་སྐུད་པ་དང་ཉམ་ང་བ་ནས་འདྲེན་པ་ལ་སོགས་པ་བསྡུའོ། །སྙེན་པར་སྨྲ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲ་ནི་ཆོས་སྟོན་པ་དང་ལམ་སྟོན་པ་ལ་སོགས་པ་བསྡུའོ། །ཡིད་ཀྱི་ལེགས་པར་སྤྱད་པ་ཡང་སེམས་པ་མ་བསྡུས་སོ་
Vol. 143 · folio 52b
ཞེས་བྱ་བར་སྦྱར་རོ། །དྲུག་ནི་རྣམ་རིག་མིན་ཞེས་བྱ་བ་ནི་དྲུག་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་མ་ཡིན་པ་ཡིན་གྱི་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་དྲུག་གོ་ཞེས་བྱ་བར་ངེས་པར་གཟུང་བ་ནི་མ་ཡིན་ནོ། །དངོས་ཀྱི་རྣམ་པར་རིག་བྱེད་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་བྱེ་བྲག་ཏུ་སྨྲ་བའི་གྲུབ་པའི་མཐའ་
ནི་དངོས་ཀྱི་ལས་ཀྱི་ལམ་གྱིས་བསྡུས་པའི་རྣམ་པར་རིག་བྱེད་ནི་མེད་ཀྱི་སྒོ་བར་བྱེད་པའི་རྣམ་པར་རིག་བྱེད་སྦྱོར་བས་བསྡུས་པ་ནི་ཡོད་དོ་ཞེས་བྱ་བ་ཡིན་ནོ། །གཅིག་རྣམ་གཉིས་སོ་ཞེས་བྱ་བ་ནི་གཅིག་ནི་རྣམ་པ་གཉིས་ཁོ་ན་ཡིན་ནོ་ཞེས་ངེས་པར་གཟུང་བའི་ཕྱིར་བརྩམས་པ་ཡིན་ནོ། །དུས་དེའི་ཚེ་ཤི་ན་ཞེས་
བྱ་བ་ནི་རྣམ་པར་རིག་བྱེད་ཀྱི་ཚེ་ཤི་ན་སྟེ། དུས་གཞན་ཞིག་ན་ཤི་ན་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་ཡིན་ནོ། །དགེ་འདུན་རྣམ་གཉིས་ཞེས་བྱ་བ་ནི་རྣམ་པ་གཉིས་ཁོ་ནའོ་ཞེས་ངེས་པར་གཟུང་བ་ཡིན་ནོ། །ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི་རྣམ་པར་རིག་བྱེད་ལ་རག་ལུས་པའི་ཕྱིར་ཞེས་བྱ་བ་ནི་ཚུལ་
ཁྲིམས་ནི་རྣམ་པ་གཉིས་ཏེ། ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི་སོ་སོར་ཐར་པའི་སྡོམ་པའོ། །ཆོས་ཉིད་ཀྱི་ཚུལ་ཁྲིམས་ནི་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་གོ། །དེ་ལ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི་རྣམ་པར་རིག་བྱེད་ལ་རག་ལས་པ་ཡིན་ཏེ། དེ་ནི་གཞན་ལས་ནོད་པར་བྱེད་པ་
ཡིན་ནོ། །ཆོས་ཉིད་ཀྱི་ཚུལ་ཁྲིམས་ནི་རྣམ་པར་རིག་བྱེད་ལ་རག་ལས་པ་མ་ཡིན་ཏེ། སེམས་ཙམ་ལ་རག་ལས་པའི་ཕྱིར་ཏེ། ཏིང་འཛིན་ལས་སྐྱེས་རྣམ་རིག་མིན། །ཞེས་བྱ་བ་སྨོས་སོ། །ཉེར་བསྡོགས་རྣམས་ནི་རྣམ་རིག་བྱེད། །ཅེས་བྱ་བ་ནི་འདོད་པ་ན་སྤྱོད་པའི་ལས་ཀྱི་ལམ་གྱི་སྦྱོར་བ་ནི་གདོན་
མི་ཟ་བར་རྣམ་པར་རིག་བྱེད་ཡིན་གྱི། རྣམ་པར་རིག་བྱེད་མ་ཡིན་པ་ཡིན་པར་ནི་མ་ངེས་ཏེ། དེ་ཉིད་ཀྱི་ཕྱིར། རྣམ་པར་རིག་བྱེད་མི་འགྱུར་བ་འམ། །མ་ཡིན་པ་ཞེས་བྱ་བ་སྨོས་སོ། །ཀུན་ནས་དཀྲིས་པ་ཞེས་བྱ་བ་ནི་ངོ་ཚ་མེད་པ་ལ་སོགས་པའོ། །ལྷུར་ལེན་པ་ཆེན་པོ་ཞེས་བྱ་བ་ནི་ཤུགས་དྲག་པོས་
སོ། །དེའི་རྗེས་སུ་མཐུན་པའི་ཆོས་སྤྱོད་ན་ནི་ཞེས་བྱ་བ་ནི་ལས་ཀྱི་ལམ་དེ་དང་རྗེས་སུ་མཐུན་པའི་ཆོས་ནི་འདྲ་བའི་ལས་ཏེ། དཔེར་ན་སྲོག་ཆགས་ཤི་ནས་ཀྱང་ངན་སོང་སྣུན་པར་བྱེད་པ་དང་། ངན་བྱེད་པ་དང་ཤ་གཅོད་པ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ལྟ་བུའོ། །ངན་བྱེད་པ་ཞེས་བྱ་བའི་སྒྲ་ནི་གཉིས་ཏེ་འོག་
Vol. 143 · folio 53a
མ་ཤོས་ནི་པགས་པ་འཆུ་བ་ཞེས་བྱ་བའི་ཐ་ཚིག་གོ། །གོང་མ་ནི་དོན་གཞན་ཞིག་ཡིན་པར་བལྟ་བར་བྱའོ། །འབྲས་བུ་ཡོངས་སུ་རྫོགས་པས་སོ། །ཞེས་བྱ་བ་ནི་སྦྱོར་བའི་འབྲས་བུ་ལས་ཀྱི་ལམ་དངོས་ཡོངས་སུ་རྫོགས་པ་སྟེ། གང་ཞིག་སྦྱོར་བར་བྱེད་ཀྱི་ལས་ཀྱི་ལམ་
དངོས་སྐྱེད་པར་མི་བྱེད་པ་དེ་ལ་ནི་སྦྱོར་བ་ཁོ་ན་ཡོད་ཀྱི་འབྲས་བུ་ཡོངས་སུ་རྫོགས་པ་ནི་མེད་དོ། །དེ་བཞིན་དུ་གཞན་དྲུག་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི་འདི་ལྟར་འདི་ན་ཁ་ཅིག་གཞན་གྱི་ནོར་རྐུ་བར་འདོད་ལ་ཁྲི་ལས་ལྡང་བར་བྱེད་མཚོན་ཆ་ལེན་པར་བྱེད་གཞན་གྱི་ཁྱིམ་དུ་འགྲོ་བར་བྱེད་པ་
གཉིད་ལོག་གམ་འོན་ཏེ་མ་ལོག་ཅེས་ཉན་པར་བྱེད་གཞན་གྱི་ནོར་ལ་ནོམ་པར་བྱེད་པ་ནས་ཇི་སྲིད་གནས་ནས་མ་སྤགས་པ་དེ་སྲིད་དུ་ནི་སྦྱོར་བ་ཡིན་ནོ། །སྐད་ཅིག་མ་གང་ལ་གནས་ནས་སྤོག་པར་བྱེད་པ་དེའི་ཚེའི་རྣམ་པར་རིག་བྱེད་དང་། དེའི་སྐད་ཅིག་གི་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་དེ་ནི་
ལས་ཀྱི་ལམ་དངོས་ཡིན་ནོ། །རྒྱུ་གཉིས་ཀྱིས་ན་མ་བྱིན་པར་ལེན་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་ཏེ། སྦྱོར་བ་དང་། འབྲས་བུ་ཡོངས་སུ་རྫོགས་པས་སོ། །དེ་ཕྱིན་ཆད་ཀྱི་རྣམ་པར་རིག་བྱེད་མ་ཡིན་པའི་སྐད་ཅིག་མ་རྣམས་ཀྱང་མཇུག་ཡིན་ནོ། །ཇི་སྲིད་དུ་གཞན་གྱི་ནོར་དེ་འགེད་པ་འམ།
འཚོང་བ་འམ། སྦེད་པ་འམ། རྗེས་སུ་སྒྲོགས་པ་དེ་སྲིད་དུ་ནི་དེའི་རྣམ་པར་རིག་བྱེད་ཀྱི་སྐད་ཅིག་མ་དག་ཀྱང་མཇུག་ཡིན་ནོ། །དེ་བཞིན་དུ་གཞན་ལྔ་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །གྲུབ་པའི་མཐའ་ལས་ནི་དེ་སྐད་དུ་མི་འབྱུང་ངོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ལས། སྔ་དང་མཉམ་དུ་ཤི་བ་ལ། །
དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ། །ཞེས་འབྱུང་བའི་ཕྱིར་རོ། །དེ་བརྗོད་པར་མི་བྱའོ་ཞེས་བྱ་བ་ནི་སྲོག་གཅོད་པར་བྱེད་པ་ཞེས་བྱ་བ་སྟེ། སྐབས་སུ་བབ་པའི་གནས་སྐབས་དང་མི་འབྱོར་བའི་ཕྱིར་རོ། །འདི་སྐད་དུ་སྲོག་ཆགས་ཤི་བའི་ཚེའི་རྣམ་པར་རིག་བྱེད་དང་། དེའི་སྐད་ཅིག་གི་རྣམ་པར་རིག་བྱེད་
མ་ཡིན་པ་གང་ཡིན་པ་དེ་ནི་ལས་ཀྱི་ལམ་ཡིན་ནོ་ཞེས་བརྗོད་དགོས་པར་འགྱུར་རོ། །གང་ཡང་བསྟན་བཅོས་ལས་འདི་སྐད་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ནི་བསྟན་བཅོས་ཀྱི་ཚིག་འདིའི་དོན་འདི་སྐད་དུ་བསྟན་བཅོས་ཀྱི་ཕྱོགས་འདིར་ནི་མཇུག་སྦྱོར་བའི་སྒྲར་གསུངས་སོ་ཞེས་རྣམ་
Vol. 143 · folio 53b
པར་བཤད་དེ། སྦྱོར་བ་དང་འདྲ་བ་ནས་སྦྱོར་བ་སྟེ། སྦྱོར་བ་དང་། མཚུངས་པའི་ལས་ཞེས་བྱ་བའི་ཐ་ཚིག་གོ། །དོན་འདི་ནི་འགལ་ལོ། །ཅིའི་ཕྱིར་ཞེ་ན། དེའི་ཚེ་དངོས་ཁོ་ན་མ་འགགས་པའི་ཕྱིར་ཏེ། ཅིའི་ཕྱིར་ཞེ་ན། སྲོག་ཆགས་ཤི་ནས་ལས་ཀྱི་ལམ་དངོས་སུ་རྣམ་པར་འཇོག་པའི་ཕྱིར་རོ་སྙམ་དུ་བསམས་
པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བས་ཇི་ལྟར་ཉེས་པ་མེད་པ་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །སློབ་དཔོན་གྱིས་ཇི་ལྟར་ན་ཉེས་པ་མེད་ཅེས་བརྗོད་པ་དང་། ཡང་བྱེ་བྲག་ཏུ་སྨྲ་བས་དེར་དངོས་ཁོ་ན་སྦྱོར་བའི་སྒྲར་གསུངས་ཞེས་བྱའོ་ཞེས་བྱ་བ་སྨྲས་ཏེ། གང་དུ་གསུངས་ཤེ་ན། སྲོག་ཆགས་བསད་ལ་
སྲོག་གཅོད་པ་མ་འགགས་པ་ཡོད་དམ་ཞེས་འདྲི་བ་གང་ཡིན་པ་དེར་རོ། །ཅི་མཇུག་སྦྱོར་བའི་སྒྲར་གསུངས་སོ་ཞེས་བྱ་བའི་ཕྱོགས་འདི་བོར་རམ་ཞེ་ན། དེ་ཡང་མ་བོར་བ་ཉིད་དོ། །གཉི་ག་ཡང་སྲིད་དེ། གལ་ཏེ་འཆི་བ་སྲིད་པའི་མཇུག་ཐོགས་ཀྱི་སྐད་ཅིག་མ་ལ་སྲོག་ཆགས་ཤི་བར་གྱུར་ན་ནི་དེར་
དངོས་པོ་སྦྱོར་བའི་སྒྲར་གསུངས་སོ་ཞེས་བྱ་བར་འདོད་ལ། དེ་ཕན་ཆད་གཅིག་ཏུ་ཤི་ན་ནི་མཇུག་ཡིན་ནོ་ཞེས་བྱ་བར་འདོད་དོ། །སློབ་དཔོན་གྱིས་འོ་ན་དེའི་ཚེ་རྣམ་པར་རིག་བྱེད་ཇི་ལྟར་ལས་ཀྱི་ལམ་དངོས་སུ་འགྱུར་ཞེས་བྱ་བ་སྨོས་ཏེ་སྲོག་ཆགས་ཤི་ཟིན་པ་ལ་རྣམ་པར་རིག་བྱེད་དུ་ཅུང་ཟད་ཀྱང་མི་བྱེད་དེ། བསྣུན་
པའི་རྣམ་པར་རིག་བྱེད་དེས་ཤི་ཟིན་པ་ལ་ཡང་གསོད་པ་ནི་མེད་དོ་སྙམ་དུ་བསམས་ནས་འདི་འདྲི་བར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་མི་འདྲི་ཞེ་ན། འདི་ལྟར་འདི་ནི་བསྟན་དུ་མེད་པའི་ཕྱིར་དང་ཐོགས་པ་མེད་པའི་ཕྱིར་བསྣུན་པ་ཞེས་བྱ་བ་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བས་ཇི་ལྟར་ན་མི་
འགྱུར་ཞེས་བྱ་བ་སྨྲས་པ་དང་། སློབ་དཔོན་གྱིས་རང་གི་བསམ་པ་དགྲོལ་བའི་ཕྱིར་མི་ནུས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྲོག་ཆགས་ཤི་ཟིན་པ་ལ་ནི་དེའི་ནུས་པ་མ་མཐོང་ངོ་། །བྱེ་བྲག་ཏུ་སྨྲ་བས་སྨྲས་པ། དེ་ནི་ནུས་པ་མེད་ན་རྣམ་པར་རིག་བྱེད་མ་ཡིན་པ་ཇི་ལྟར་ལས་ཀྱི་ལམ་དངོས་ཞེས་བྱ་བར་འགྱུར་
གང་གི་ཕྱིར་དེ་ལྟར་རྣམ་པར་རིག་བྱེད་མ་ཡིན་པ་ནུས་པ་མེད་དུ་ཟིན་ཀྱང་ལས་ཀྱི་ལམ་དངོས་ཡིན་པའི་ཕྱིར་སྦྱོར་བའི་འབྲས་བུ་ཡོངས་སུ་རྫོགས་པའི་ཚེ་སྟེ། ལས་ཀྱི་ལམ་དངོས་ཡོངས་སུ་རྫོགས་ཤིང་སྲོག་ཆགས་ཤི་བའི་གནས་སྐབས་ན་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words