ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད
Sanskrit title (Tibetan script, as in the text) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 143 · folio 54a
བྱ་བ་དེ་གཉི་ག་ལས་ཀྱི་ལམ་ཡིན་ཏེ། རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་གཞན་དག་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི་དཔེར་ན་གཞན་གྱི་ནོར་བརྐུ་བར་འདོད་པ་ནའོ། །དོན་གྲུབ་པར་བྱ་བའི་ཕྱིར་གཞན་གྱི་ནོར་ཕྲོགས་ནས་ཕྱུགས་དེས་གཏོར་
མ་བྱེད་པ་དང་དེ་ཉིད་ཀྱིས་དེ་ཕྲོག་ཏུ་གཞུག་པའི་ཕྱིར་དེའི་ཆུང་མ་ལ་ཉལ་པོ་བྱེད་པ་དང་དེ་ལ་གང་དག་ཡོངས་སུ་སྐྱོབ་པར་འགྱུར་བ་དེའི་མཛའ་བོ་ལ་བརྫུན་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དག་གིས་དབྱེན་བྱེད་པ་དང་། དེའི་ནོར་ལ་བརྣབ་སེམས་བྱེད་པ་དང་། ནོར་དེའི་བདག་པོ་ལ་གནོད་
སེམས་བྱེད་པ་དང་། ལོག་པར་ལྟ་བ་འཕེལ་བར་བྱེད་པ་ལྟ་བུའོ། །དེ་བཞིན་དུ་འདོད་པས་ལོག་པར་གཡེམ་པ་ལ་སོགས་པ་ལ་ཡང་ཅི་རིགས་པར་སྦྱར་བར་བྱ་སྟེ། འདི་ནི་ཕྱོགས་ཡིན་ནོ། །འདི་ལ་ལས་ཀྱི་ལམ་ཐམས་ཅད་ཆགས་པ་ལ་སོགས་པས་མཐར་ཕྱིན་པར་བྱེད་པ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་
ཐམས་ཅད་ཆགས་པས་མཐར་ཕྱིན་པར་བྱེད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འདོད་པས་ལོག་པར་གཡེམ་པ་ལ་སོགས་པ་ཁ་ཅིག་ཁོ་ནའོ། །ཐམས་ཅད་གནོད་སེམས་ཀྱིས་ཀྱང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྲོག་གཅོད་པ་ལ་སོགས་པ་ཁ་ཅིག་ཁོ་ནའོ། །དེ་བཞིན་དུ་ཐམས་ཅད་གཏི་
མུག་གིས་ཀྱང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལོག་པར་ལྟ་བ་ལ་སོགས་པ་ཁོ་ནའོ་ཞེས་བྱ་བ་ཡིན་ནོ། །སྦྲང་བུ་ཏྲེ་མ་བུ་ཀ་ནི་སྦྲང་བུ་བར་ཏ་རྣམས་སོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སྟག་ལ་སོག་པ་བསྡུའོ། །གང་ཡང་ལོག་པར་ལྟ་བས་རབ་ཏུ་བཅུག་པ་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་མེད་དོ་སྙམ་
ནས་འཛེམ་པ་མེད་པར་གསོད་པ་སྟེ། དེ་ཡང་གཏི་མུག་ལས་སྐྱེས་པ་ཡིན་ནོ། །གཞན་གྱིས་རྙེད་པ་འམ་བཀུར་སྟི་འམ་གྲགས་པའི་ཕྱིར་ཞེས་བྱ་བ་ནི་གཞན་གྱི་རྙེད་པའི་ཕྱིར། ཕ་རོལ་པོའི་ནོར་བརྐུ་བ་སྟེ། དཔེར་ན་རྐུན་ལག་པ་ཀྱེ་བ་ལྟ་བུའོ། །བཀུར་སྟི་འམ་གྲགས་པའི་ཕྱིར་བརྐུ་བའི་མ་བྱིན་ལེན་
པ་དེ་ཡང་ཆགས་པ་ལས་སྐྱེས་པ་ཡིན་ནོ། །གང་ཡང་ལོག་པར་ལྟ་བས་རབ་ཏུ་བཅུག་པའི་མ་བྱིན་པར་ལེན་པ་དེ་ཡང་གཏི་མུག་ལས་སྐྱེས་པ་ཡིན་ཏེ། དེ་ལ་གཏི་མུག་གཙོ་བོ་ཡིན་པའི་ཕྱིར་རོ། །ཆོ་ག་ཅན་ཞེས་བྱ་བ་ནི་མཆོད་སྦྱིན་བྱེད་པའོ། །མའི་གན་དུ་ཉལ་པོ་ལ་འགྲོ་བ་ནི་མི་ཚངས་པར་སྤྱོད་
Vol. 143 · folio 54b
པའི་དོན་དུའོ། །སྲིང་མོའི་གན་དུ་ཞེས་བྱ་བ་ནི་འགྲོ་བའོ་ཞེས་བྱ་བར་སྦྱར་ཏེ། སྲིང་མོ་སྟེ་བུ་སྲིང་གན་དུ་འགྲོའོ་ཞེས་བྱ་བའི་ཐ་ཚིག་གོ། །རུས་པ་གཅིག་པའི་གན་དུ་འགྲོའོ་ཞེས་བྱ་བ་ནི་རུས་མཐུན་པའི་གན་དུ་འགྲོའོ་ཞེས་བྱ་བའི་ཐ་ཚིག་གོ། །གང་དག་ཟེར་བ་ལྟ་བུའོ་ཞེས་བྱ་བ་རྒྱས་པར་འབྱུང་བ་བུད་མེད་
ནི་གཏུན་ལ་སོགས་པ་དང་འདྲ་སྟེ་ཇི་ལྟར་གཏུན་ལ་སོགས་པ་ལོངས་སྤྱད་པའི་སྒོ་ནས་ཐུན་མོང་ཡིན་པ་ལྟར་བུད་མེད་ཀྱང་དེ་དང་འདྲ་སྟེ། དེ་ལྟ་བས་ན་ཉལ་པོ་ལ་འགྲོ་བ་རྣམས་ལ་ཉེས་པ་མེད་དོ་ཞེས་བྱ་བ་ཡིན་ནོ། །བརྫུན་དུ་སྨྲ་བ་ལ་སོགས་པ་ཆགས་པ་ལས་སྐྱེས་པ་དང་ཞེ་སྡང་ལས་སྐྱེས་པ་ལ་སོགས་པ་ནི་སྔ་
མ་བཞིན་ནོ་ཞེས་བྱ་བ་ནི་བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་ལ་ཆགས་པ་སྐྱེས་པ་ནི་གཞན་གྱི་རྙེད་པ་འམ་བཀུར་སྟི་འམ་གྲགས་པའི་ཕྱིར་རམ། བདག་གམ་མཛའ་བོས་ཡོངས་སུ་བསྐྱབ་པའི་ཕྱིར་རོ། །ཞེ་སྡང་ལས་སྐྱེས་པ་ནི་ཁོ་ན་ཚར་ཕྱིན་པར་བྱ་བའི་ཕྱིར་རོ། །བཞད་གད་
ལྡན་ཞེས་བྱ་བ་ནི་ཀུ་རེ་དང་ལྡན་པའོ། །ལོག་པར་ལྟ་བས་རབ་ཏུ་བཅུག་པ་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་མེད་དོ་ཞེས་མཚམས་གཟུང་དུ་མེད་པའི་བརྫུན་དུ་སྨྲ་བ་གང་ཡིན་པ་དེ་ཡང་གཏི་མུག་ལས་སྐྱེས་པ་ཡིན་ནོ། །ཕྲ་མ་ལ་སོགས་པ་སྟེ། ཕྲ་མ་དང་། ཚིག་རྩུབ་པོ་དང་། མ་ཀླས་པའི་ཚིག་ཀྱལ་
པ་ནི་བརྫུན་དུ་སྨྲ་བ་བཞིན་དུ་གཏི་མུག་ལས་སྐྱེས་པ་ཡིན་ནོ། །གང་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རིག་བྱེད་དང་གྲངས་ཅན་གྱི་དང་། བྱེ་བྲག་པའི་ལས་ལ་སོགས་པའི་བསྟན་བཅོས་ངན་པ་བརྡོལ་བའི་ཚིག་ཀྱལ་པ་དེ་ཡང་གཏི་མུག་ལས་སྐྱེས་པ་ཡིན་ནོ། །དེ་ཡང་ཞེས་བྱ་བ་ནི་དགེ་བའི་སེམས་དེའོ། །
གནས་སྣ་ཚོགས་པར་འཇུག་པར་བྱེད་ཅེས་བྱ་བ་ནི་དཀྱིལ་འཁོར་དུ་འཇུག་པར་བྱེད་ཅེས་བྱ་བའི་ཐ་ཚིག་སྟེ། མཚམས་ཆེན་པོའི་དཀྱིལ་འཁོར་དེ་ན་ནི་གནས་སྣ་ཚོགས་པ་ཡོད་དོ། །ལས་གསུམ་པ་བརྗོད་པ་ན་ཞེས་བྱ་བ་ནི་དགེ་ཚུལ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་བྱེད་
དོ། །དེ་ལ་གསོལ་བས་ནི་མིང་འདི་ཞེས་བགྱི་བ་དགེ་འདུན་གྱིས་བསྙེན་པར་རྫོགས་པར་མཛད་དུ་གསོལ་ཞེས་གསོལ་བ་འདེབས་པའི་དོན་བརྗོད་པ་ཡིན་ནོ། །ལས་བརྗོད་པས་ནི་འདི་དགེ་འདུན་གྱིས་བསྙེན་པར་རྫོགས་པར་མཛད་ན་ཞེས་བྱ་བའི་དོན་བརྗོད་པ་ཡིན་ནོ། །ལས་བརྗོད་པ་དེ་ཡང་ལན་གསུམ་
Vol. 143 · folio 55a
དུ་བརྗོད་དེ། ལས་བརྗོད་པ་གསུམ་པ་ཡོངས་སུ་མ་རྫོགས་པའི་བར་ནི་ལས་ཀྱི་ལམ་གྱི་སྦྱོར་བ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །འདི་ནི་མཇུག་གི་རྣམ་པར་རིག་བྱེད་དང་དེའི་སྐད་ཅིག་གི་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་དེ་ནི་ལས་ཀྱི་ལམ་དངོས་ཡིན་ནོ། །དེའི་འོག་ཏུ་ཇི་
སྲིད་དུ་གནས་བསྒོ་བ་དང་ཞེས་བྱ་བ་ནི་གནས་ནི་བཞི་པོ་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ན་བའི་རྐྱེན་སྨན་གྱི་ཡོ་བྱད་ཀྱི་མཚན་ཉིད་ཇི་སྐད་བཤད་པའི་ཆོ་གས་བསྙེན་པར་རྫོགས་པ་དེ་ལ་བསྒོ་བ་དང་། དེའི་རྟེན་རྣམ་པར་རིག་པར་བྱེད་པ་དང་སྟེ། གནས་ཀྱི་རྟེན་རྣམ་པར་རིག་
པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྲིད་དུ་རྣམ་པར་རིག་བྱེད་མ་ཡིན་པ་རྗེས་སུ་འབྲང་བ་ཞེས་བྱ་བ་ནི་ཇི་སྲིད་དུ་སྡོམ་པ་མ་བཏང་བ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་མཇུག་ཡིན་ནོ། །སྲོག་གཅོད་པ་དང་། གནོད་སེམས་དང་། ཚིག་རྩུབ་པོ་དང་། འདི་དག་ནི་ཞེ་སྡང་གི་མཐར་ཕྱིན་པར་བྱེད་དེ་ཞེས་བྱ་
བ་ནི་ཞེ་སྡང་ཁོ་ནས་ཞེས་བྱ་བར་ངེས་པར་གཟུང་བ་ཡིན་ནོ། །ཡོངས་སུ་འདོར་བ་དང་། རྩུབ་པའི་སེམས་མངོན་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡོངས་སུ་འདོར་བའི་སེམས་མངོན་དུ་གྱུར་པའི་ཕྱིར་ཞེ་སྡང་གིས་སྲོག་གཅོད་པ་མཐར་ཕྱིན་པར་བྱེད་ལ་རྩུབ་པའི་སེམས་མངོན་དུ་གྱུར་པའི་ཕྱིར་གནོད་སེམས་དང་།
ཚིག་རྩུབ་པོ་དག་མཐར་ཕྱིན་པར་བྱེད་དེ་ཞེས་བྱ་བ་ནི་ཞེ་སྡང་ཁོ་ནས་ཞེས་བྱ་བར་ངེས་པར་གཟུང་བ་ཡིན་ནོ། །ཡོངས་སུ་འདོར་བ་དང་། རྩུབ་པའི་སེམས་མངོན་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡོངས་སུ་འདོར་བ་མེད་པའི་སེམས་མངོན་དུ་གྱུར་པའི་ཕྱིར་ཞེ་སྡང་གིས་སྲོག་གཅོད་པ་མཐར་ཕྱིན་པར་བྱེད་ལ་རྩུབ་པའི་
སེམས་མངོན་དུ་གྱུར་པའི་ཕྱིར་གནོད་སེམས་དང་། ཚིག་རྩུབ་པོ་དག་མཐར་ཕྱིན་པར་བྱེད་དོ། །ཆ་བཞིར་བཤད་པ་ཞེས་བྱ་བ་ནི་མཚན་བཞིར་བཤད་པ་སྟེ། སྲོག་གཅོད་པ་དང་། གནོད་སེམས་དང་། ཚིག་རྩུབ་པོ་ནི་ཞེ་སྡང་གིས་མཐར་ཕྱིན་པར་བྱེད་ཅེས་བྱ་བ་ནི་ཆ་དང་པོ་ཡིན་ནོ། །འདོད་པས་ལོག་པར་གཡེམ་པ་
དང་། བརྣབ་སེམས་དང་། མ་བྱིན་པར་ལེན་པ་རྣམས་ནི་ཆགས་པས་རྫོགས་པར་བྱེད་ཅེས་བྱ་བ་ནི་གཉིས་པའོ། །ལོག་པར་ལྟ་བ་གཏི་མུག་གིས་ཞེས་བྱ་བ་ནི་གསུམ་པའོ། །ལྷག་མ་གསུམ་གྱིས་རྫོགས་པར་འདོད། །ཅེས་བྱ་བ་ནི་ཆ་བཞི་པ་ཡིན་ནོ། །གཞི་ནི་ལོངས་སྤྱོད་ཡིན་ནོ་ཞེས་བྱ་བ་ནི་གཞི་
Vol. 143 · folio 55b
ཡུལ་ཡིན་པའོ། །གཞི་ནི་མིང་དང་གཟུགས་ཡིན་ནོ་ཞེས་བྱ་བ་ནི་གཞི་ཕུང་པོ་ལྔ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མིང་ནི་ཚོར་བ་ལ་སོགས་པའི་ཕུང་པོའོ། །གཟུགས་ནི་གཟུགས་ཀྱི་ཕུང་པོའོ། །གཞི་དང་རྟེན་དང་ཡུལ་ཞེས་བྱ་བ་ནི་དོན་ཐ་མི་དད་དོ། །བརྫུན་དུ་སྨྲ་བ་ལ་སོགས་
པའི་གཞི་ནི་མིང་གི་ཚོགས་ཡིན་ནོ་ཞེས་བྱ་བ་ནི་ངག་ནི་མིང་ལ་འཇུག་གོ་ཞེས་བྱ་བའི་ཕྱིར་རོ། །དངོས་མེད་ཅེས་བཀག་པའི་ཕྱིར་མཇུག་ཀྱང་མེད་དོ་ཞེས་བྱ་བར་མངོན་ཏེ་མཇུག་ནི་དངོས་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །སྲོག་གཅོད་པའི་ཁ་ན་མ་ཐོ་བས་རེག་པར་མི་འགྱུར་བ་ཞེས་བྱ་བ་ནི་དངོས་
ཀྱིས་རེག་པར་མི་འགྱུར་བ་ཞེས་བྱ་བར་བསམས་པ་ཡིན་ནོ། །ལུས་གཞན་སྐྱེས་པའི་ཕྱིར་ཞེས་བྱ་བ་ནི་སྐལ་བ་མི་མཉམ་པའི་ལུས་སྐྱེས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ནི་དོན་གྱིས་ན་ཕན་ཚུན་སྦྱོར་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་དངོས་སུ་ཚིག་གིས་ཕན་ཚུན་སྦྱོར་བར་བྱེད་པ་ནི་མ་ཡིན་ནོ། །འོ་
ན་ཅི་ཞེ་ན། སྲོག་གཅོད་པར་བྱ་བར་ཁས་བླངས་པའི་ཤུགས་ཀྱིས་སོ་ཞེས་བྱ་བར་སྟོན་པར་བྱེད་དེ་དོན་གཅིག་པའི་ཕྱིར་རོ། །བསམས་ནས་ཞེས་བྱ་བ་ནི་ཡོངས་སུ་བསམས་ནས་ཞེས་བྱ་བའི་དོན་ཏོ། །གཞན་དང་མ་ནོར་བར་ཞེས་བྱ་བ་ནི་ནོར་ཏེ་གཞན་གསོད་པར་མི་བྱེད་ན་ཞེས་བྱ་བའི་ཐ་ཚིག་གོ། །
ཕུང་པོ་སྐད་ཅིག་མ་རྣམས་ལ་ཞེས་བྱ་བ་ནི་རང་གི་དང་ཁོ་ནས་འཇིག་པའི་ཕུང་པོ་འདི་དག་ཇི་ལྟར་གཞན་གྱིས་འགག་པར་བྱེད་སྙམ་དུ་བསམས་པ་ཡིན་ནོ། །སྲོག་ཅེས་བྱ་བ་ནི་ལུས་དང་སེམས་ལ་བརྟེན་ནས་འཇུག་པའི་རླུང་ཡིན་ཞེས་བྱ་བ་ཇི་ལྟར་སེམས་ལ་བརྟེན་ནས་འཇུག་ཅེ་ན་སེམས་ལ་རག་ལས་ཤིང་
འཇུག་པའི་ཕྱིར་ཏེ། འདི་ལྟར་འགོག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་དང་ཤི་བ་ལ་མི་འབྱུང་བའི་ཕྱིར་རོ། །བསྟན་བཅོས་ལས་ཀྱང་དབུགས་རྔུབ་པ་དང་དབུགས་དབྱུང་བ་གང་ཡིན་པ་དེ་དག་ཅི་ལུས་ལ་བརྟེན་ནས་འཇུག་པ་ཞེས་བརྗོད་པར་བྱ་འམ། སེམས་ལ་བརྟེན་
ནས་འཇུག་པ་ཞེས་བྱའམ། ལུས་དང་སེམས་ལ་མི་བརྟེན་པ་ཁོ་ནར་འཇུག་པ་ཞེས་བརྗོད་པར་བྱ། སྨྲས་པ། ལུས་དང་སེམས་ལ་བརྟེན་ནས་འཇུག་པ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་རྒྱས་པར་བཤད་དོ། །དེ་གཅོད་པར་བྱེད་དོ་ཞེས་བྱ་བ་ནི་སྲོག་གཅོད་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེས་པ་ནི་རང་གི་
Vol. 143 · folio 56a
ངང་གིས་འགག་པའི་ཕྱིར་མ་འོངས་པ་སྐྱེ་བ་ལ་གགས་བྱེད་པ་ནི་འགག་པར་བྱེད་པ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། དཔེར་ན་སྐད་ཅིག་མ་ཡིན་ཡང་མར་མེ་འམ་དྲིལ་བུའི་སྐད་འགག་པར་བྱེད་པ་དང་འདྲའོ། །ཇི་ལྟར་འགག་པར་བྱེད་ཅེ་ན། མ་འོངས་པ་སྐྱེ་བ་ལ་འགགས་
བྱེད་པའི་ཕྱིར་རོ། །ཡང་ན། སྲོག་གི་དབང་པོ་སྲོག་ཡིན་ཏེ། །ཞེས་བྱ་བ་ནི་འདི་ནི་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཡིན་པར་སྟོན་ཏོ། །དེ་མེད་པས་གང་ཞིག་འཆི་བར་འགྱུར་བའི་སྲོག་དེ་གང་གི་ཡིན་ཞེས་བྱ་བ་སངས་རྒྱས་པ་རྣམས་ཀྱི་ལྟར་ན་བདག་མེད་པར་སྨྲ་བའི་ཕྱིར་སྲོག་མེད་པས་
སྲོག་ཆགས་གང་ཞིག་འཆི་བར་འགྱུར་བ་དེ་མེད་དེ་དེའི་ཕྱིར་དེ་སྐད་དུ་འདྲི་བ་ཡིན་ནོ། །གང་གི་ཞེས་བྱ་བ་དྲུག་པ་ནི་གང་ཟག་ཏུ་སྨྲ་བ་དགག་པའི་རབ་ཏུ་བྱེད་པར་བདག་མེད་ན་དྲན་པ་འདི་གང་གི་ཡིན་ཅིའི་ཕྱིར་ན་འདི་དྲུག་པ་ཡིན་ཞེས་བྱ་བའི་ཕྱོགས་འདིར་བསམ་པར་བྱ་སྟེ། གཏང་པ་འདི་ནི་རེ་
ཞིག་གཞག་གོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟ་བས་ན་དབང་པོ་དང་བཅས་པའི་ལུས་ནི་གསོན་པོ་ཞེས་བྱ་བ་ནི་སྲོག་དེ་ནི་དབང་པོ་དང་བཅས་པའི་ལུས་ཁོ་ནའི་ཡིན་གྱི་བདག་གི་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དེ་དེ་ཉིད་དབང་པོ་མེད་པ་ནི་ཤི་བ་ཞེས་བྱའོ། །བློ་སྔར་མ་བཏང་བའི་ཞེས་བྱ་བ་རྒྱས་པར་འབྱུང་
བ་ནི་གཅེར་བུ་པ་སྒྲེན་མོར་རྒྱུ་བ་རྣམས་ན་རེ་ཆེད་དུ་མ་བསམས་པར་བྱས་པའི་སྲོག་གཅོད་པས་ཀྱང་བྱེད་པ་པོ་ཆོས་མ་ཡིན་པ་དང་ལྡན་པར་འགྱུར་ཏེ། དཔེར་ན་བློ་སྔོན་དུ་མ་བཏང་ཞིང་ཆེད་དུ་བསམས་ནས་མ་བྱས་པའི་མེ་དང་རེག་པ་ལས་ཚིག་པར་འགྱུར་བ་བཞིན་ནོ་ཞེས་ཟེར་རོ། །གཅེར་བུ་པ་དེ་སྐད་སྨྲ་
བ་དེ་དག་གི་ལྟར་ན་བློ་སྔོན་དུ་མ་བཏང་བར་གཞན་གྱི་ཆུང་མ་མཐོང་བ་དང་རེག་པ་ལ་ཡང་དེ་ལྟར་ཐལ་བར་འགྱུར། དཔེ་མེ་ཡིན་པའི་ཕྱིར་སྡིག་པར་ཐལ་བར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །གཅེར་བུ་པ་སྐྲ་འབལ་བ་སྟེ། གཅེར་བུ་པ་མགོའི་སྐྲ་འཐོག་པ་ན་ཡང་སྡུག་བསྔལ་སྐྱེད་པ་ཆོས་མ་
ཡིན་པར་འགྱུར་བའི་ཕྱིར་རོ། །དེ་དག་གསུད་དེ་ཤི་ན་ཡང་སྟེ། གཅེར་བུ་པ་རྣམས་གསུད་དེ་མ་ཞུ་བས་ཤི་ན་ཡང་ཟས་སྦྱིན་སྦྱིན་པའི་སྦྱིན་པ་པོ་ལ་ཆོས་མ་ཡིན་པ་ཐལ་བར་འགྱུར་ཏེ། བློ་སྔོན་དུ་མ་བཏང་བའི་སྲོག་གཅད་པ་ཡང་ཆོས་མ་ཡིན་པའི་རྒྱུར་འགྱུར་ལ་ཟས་སྦྱིན་པས་ཀྱང་འཆི་བའི་
Vol. 143 · folio 56b
རྒྱུར་གྱུར་པའི་ཕྱིར་རོ། །མ་དང་བུ་ལྟོ་ན་ཡོད་པ་དག་སྟེ་མ་དང་བུ་ལྟོ་ན་ཡོད་པ་ཕན་ཚུན་སྡུག་བསྔལ་གྱི་རྒྱུ་མཚན་དུ་གྱུར་པའི་ཕྱིར་ཆོས་མ་ཡིན་པར་ཐལ་བར་འགྱུར་ཏེ། མེའི་དཔེ་དེ་ཉིད་ཀྱི་ཕྱིར་རོ། །གསད་པར་བྱ་བ་ཡང་དེའི་བྱ་བ་དང་འབྲེལ་བའི་ཕྱིར་ཏེ། སྲོག་གཅོད་པའི་བྱ་བ་དང་འབྲེལ་བའི་
ཕྱིར་ཆོས་མ་ཡིན་པ་དང་ལྡན་པར་ཐལ་བར་འགྱུར་ཏེ། གསད་པར་བྱ་བ་ཡོད་ན་གསོད་པར་བྱེད་པའི་སྲོག་གཅོད་པའི་བྱ་བ་འབྱུང་ངོ་། །མེས་རང་གི་རྟེན་སྲེག་པ་བཞིན་ནོ་ཞེས་བྱ་བ་ནི་མེས་ནི་གཞན་དུ་བུད་ཤིང་སྲེག་པར་བྱེད་པ་འབའ་ཞིག་ཏུ་མ་ཟད་དོ། །འོ་ན་ཅི་ཞེ་ན། རང་གི་བདག་ཉིད་ཀྱི་རྟེན་ཡང་སྲེག་
པར་བྱེད་དོ་ཞེས་བྱ་བ་དེ་དང་འདྲ་སྟེ། དེ་དག་གི་ལྟར་ན་སེམས་པའི་ཁྱད་པར་ལ་ལྟོས་པ་ནི་མེད་དོ། །གཞན་ལ་སྲོག་གཅོད་པ་ལ་སོགས་པ་བྱེད་དུ་འཇུག་པ་ལ་ཡང་ཆོས་མ་ཡིན་པར་ཐལ་བར་མི་འགྱུར་ཏེ། གཞན་མེ་ལ་རེག་ཏུ་འཇུག་པ་མེ་དེས་མི་འཚིག་པ་བཞིན་ཏེ། མེའི་ཆོས་ཁས་བླངས་པའི་
ཕྱིར་རོ། །ཁྱིམ་རྡིབ་ན་དེའི་ནང་ན་འདུག་པའི་སྲོག་ཆགས་དག་འཆི་བའི་ཕྱིར་ཤིང་ལ་སོགས་པ་སེམས་མེད་པའི་སྟེ། ཤིང་དང་སོ་ཕག་དང་སྨྱིག་མ་ལ་སོགས་པ་ཡང་སྡིག་པ་དང་ལྡན་པར་ཐལ་བར་འགྱུར་ཏེ། དེ་དག་གི་བློའི་ཁྱད་པར་ནི་ཚད་མར་མི་བྱེད་པས་སོ། །ཡང་དཔེ་གཏན་ཚིགས་མེད་པ་ཙམ་
གྱིས་ནི་དོན་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །གཞན་དུ་འདུ་ཤེས་ཀྱང་མ་འཁྲུལ་ན་ཞེས་བྱ་བ་ནི་གལ་ཏེ་ལྷ་སྦྱིན་གྱི་ནོར་རྐུའོ་སྙམ་དུ་བསམས་པ་ལས་མཆོད་སྦྱིན་གྱི་ནོར་བརྐུས་པར་མ་གྱུར་ན་མ་བྱིན་པར་ལེན་པར་མི་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ་དེ་དག་
ཐམས་ཅད་ཡོངས་སུ་གཟུང་བའི་ཕྱིར་རོ་ཞེས་བྱ་བ་ནི་སྦྱིན་པ་པོའི་སྐྱེ་བོ་ལ་བསོད་ནམས་ཀྱིས་ཕན་གདགས་པའི་ཕྱིར་ཏེ། ཡོངས་སུ་མ་བཟུང་ན་ནི་ལེན་པ་མེད་པའི་ཕྱིར་མཆོད་རྟེན་ལ་ཕུལ་བས་འབྲས་བུ་མེད་པར་འགྱུར་རོ། །ཤི་བའི་ནོར་ནི་དགེ་སློང་ཤི་བའི་ཆོས་གོས་ལ་སོགས་པའོ། །ལས་བྱས་པ་ཞིག་ཡིན་ན་
ནི་ཞེས་བྱ་བ་ནི་གསོལ་བའི་ལས་སོ། །སྦྲུམ་མ་ལ་ཉལ་པོ་བྱས་ན་ལྟོ་ན་བུ་འདུག་པ་ལ་གནོད་པར་འགྱུར་རོ། །ནུ་ཞོ་འཐུང་བ་ནི་བུ་ནུ་ཞོ་འཐུང་བའི་གནས་སྐབས་བུ་ཡོད་པའི་བུད་མེད་ལ་མི་ཚངས་པར་སྤྱད་ན་དེའི་ནུ་ཞོ་སྐམ་པ་འམ། དེའི་ནུ་ཞོ་བུ་ལ་མི་བསོད་པར་འགྱུར་བས་སོ། །སྲོག་གཅོད་པ་བཞིན་ནོ་
Vol. 143 · folio 57a
ཞེས་བྱ་བ་ནི་གཞན་དག་ན་རེ་དཔེར་ན་ལྷ་སྦྱིན་གསད་དོ་སྙམ་དུ་བསམས་པ་ལས་མཆོད་སྦྱིན་གསད་པ་ན་སྲོག་གཅོད་པ་མ་ཡིན་པ་དེ་བཞིན་དུ་འདིར་ཡང་དངོས་པོ་གཞན་ལ་བུད་མེད་བཞིན་ལ་སྦྱོར་བ་བྱ་བར་འདོད་པ་ལས་དངོས་པོ་གཞན་ཡོངས་སུ་སྤྱད་པས་འདོད་པས་ལོག་
པར་གཡེམ་པར་མི་འགྱུར་རོ་ཞེས་ཟེར་རོ། །ཐ་ན་རྒྱལ་པོ་ལས་སོ་ཞེས་བྱ་བ་ནི་གལ་ཏེ་སྲུང་མ་གཞན་འགའ་ཡང་མེད་ན་ཐ་ན་ཆུང་ངུ་རྒྱལ་པོ་ལས་ཀྱང་འདོད་པས་ལོག་པར་གཡེམ་པར་འགྱུར་ཏེ། དེས་ནི་དེ་མི་བཟོད་པར་བྱ་བ་མ་ཡིན་ནོ། །འོན་ཏེ་མངོན་པར་གོ་བར་ནུས་པ་ཞིག་ཡིན་ཞེས་བྱ་བ་ནི་གང་
ཞིག་དོན་མངོན་པར་གོ་བར་ནུས་པ་དེ་ཡང་དོན་མངོན་པར་གོ་བར་ནུས་པ་ཞེས་བརྗོད་པར་ནུས་ཏེ། དོན་མངོན་པར་གོ་བར་འགྱུར་ཞེས་བྱ་བ་སྐབས་སུ་བབ་པའི་གནས་སྐབས་ཡིན་པར་འདོད་པའི་ཕྱིར་རོ།། །།བམ་པོ་སུམ་ཅུ་རྩ་ལྔ་པ། ཚིག་གི་དོན་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་
ཕྱིར་རོ་ཞེས་བྱ་བ་ནི་འདི་ན་ལྷ་སྦྱིན་མེད་དོ་ཞེས་སྨྲས་ན། སྒྲའི་རྣ་བའི་རྣམ་པར་ཤེས་པས་འགྱུར་ལ་ཚིག་གི་དོན་མིང་ལ་སོགས་པའི་ཚོགས་ལྷ་སྦྱིན་ནི་དེའི་རྗེས་ལ་རྣམ་པར་རྟོག་པར་བྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་འགྱུར་ཏེ། དེའི་ཕྱིར་ངག་གི་རྣམ་པར་རིག་བྱེད་ནི་རྣ་བའི་རྣམ་
པར་ཤེས་པ་དང་ལྷན་ཅིག་འགགས་པས་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་ལས་ཀྱི་ལམ་དུ་འགྱུར་བ་ཞིག་ན་ལས་ཀྱི་ལམ་དངོས་ནི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ངོ་བོ་ཉིད་དག་ཡིན་པར་ཡང་འདོད་དོ། །ཤི་བ་དང་འདྲ་སྟེ། དེའི་ཕྱིར་དེ་དག་ལ་ནི་རྟོགས་པ་ཞེས་བྱའོ་ཞེས་བྱ་བ་ནི་བྱེ་བྲག་
ཏུ་སྨྲ་བས་ངེས་པའི་ཚིག་གི་ཚུལ་ལ་འཇུས་ནས་སྨྲས་པ་ཡིན་ཏེ། སློབ་དཔོན་འདུས་བཟང་ན་རེ་རང་གི་དབང་པོ་དག་དང་ནི་ཕྲད་ན་རྟོགས་པ་ཡིན་ནོ་ཞེས་ཟེར་རོ། །རྒྱས་པར་ཡིད་ཀྱིས་ཆོས་རྣམས་རྣམ་པར་མ་ཤེས་ཏེ་ཞེས་བྱ་བ་ནས་ཞེས་བྱ་བ་ནི་དྲི་གང་དག་ཁྱོད་ཀྱི་སྣས་མ་བསྣམས་ཏེ་ཞེས་བྱ་བ་དང་རོ་གང་
དག་ལྕེས་མ་མྱངས་ཏེ་ཞེས་བྱ་བ་དང་རེག་བྱ་གང་དག་ལུས་ཀྱིས་མ་རེག་སྟེ་ཞེས་བྱ་བ་ནས་ཆོས་གང་དག་ཁྱོད་ཀྱི་ཡིད་ཀྱིས་རྣམ་པར་མ་ཤེས་ཏེ་ཞེས་བྱ་བའི་བར་ཡིན་ནོ། །ཡུལ་གསུམ་པོ་གཟུགས་དང་སྒྲ་དང་ཆོས་དག་ལ་གོ་རིམས་བཞིན་དུ་མཐོང་བ་དང་ཐོས་པ་དང་རྣམ་པར་ཤེས་པའི་སྒྲ་བསྟན་པའི་ཕྱིར་དྲི་
Vol. 143 · folio 57b
ལ་སོགས་པ་གང་དག་ལ་རྟོགས་པ་ཞེས་བྱ་བའི་སྒྲར་བརྗོད་པ་སྟེ། དྲི་དང་། རོ་དང་། རེག་བྱ་དག་ལ་རྟོགས་པ་ཞེས་བྱ་བར་གོའོ། །དེ་ལྟར་མི་འདོད་ན་སྟེ། དྲི་ལ་སོགས་པ་ལ་རྟོགས་པ་ཞེས་བྱ་བར་མི་འདོད་ན་དྲི་ལ་སོགས་པ་མཐོང་བ་ལ་སོགས་པ་དངོས་པོའི་ནང་དུ་མ་གཏོགས་པའི་ཕྱིར་ཏེ།
གཟུགས་ཀྱི་མཚན་ཉིད་མ་ཡིན་པ་ཉིད་ཀྱིས་མཐོང་བའི་དངོས་པོའི་ནང་དུ་མ་གཏོགས་པའི་ཕྱིར་དང་། སྒྲ་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་མ་ཡིན་པ་ཉིད་ཀྱི་ཐོས་པ་དང་རྣམ་པར་ཤེས་པའི་དངོས་པོའི་ནང་དུ་མ་གཏོགས་པའི་ཕྱིར་དྲི་ལ་སོགས་པ་ལ་མཐོང་བ་ཞེས་བྱ་བ་འམ་རྣམ་པར་ཤེས་པ་
ཞེས་བྱ་བའི་བར་གྱིས་ཐ་སྙད་འདོགས་པར་ཡང་མི་འགྱུར་ཏེ། འདི་ནི་དེ་དག་ལ་རྟོགས་པ་ཞེས་བྱའོ་ཞེས་བྱ་བའི་རིགས་པ་ཡིན་ནོ། །སློབ་དཔོན་གྱིས་རེ་ཞིག་མདོ་འདི་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དོན་གཞན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་མདོའི་དོན་ནི་གཞན་ཁོ་ན་ཡིན་ནོ། །མདོའི་དོན་
བཤད་པ། ཁྱོད་གཟུགས་ལ་སོགས་པའི་ཡུལ་རྣམ་པ་དྲུག་པོ་འདི་ལ་ནི་མཐོང་བ་ལ་སོགས་པའི་ཐ་སྙད་བཞི་སྟེ། མཐོང་བ་དང་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་པའི་ཐ་སྙད་དག་ལ་མཐོང་བ་ལ་སོགས་པའི་ཐ་སྙད་ཙམ་དུ་གྱུར་ཏེ་གཟུགས་མཐོང་ན་མཐོང་ཞེས་བྱ་བ་ནས་
རྣམ་པར་ཤེས་སོ་ཞེས་བྱ་བའི་བར་དུ་ཐ་སྙད་འདོགས་པར་འགྱུར་ཞིང་སྒྲ་ལ་སོགས་པ་ལ་ཡང་དེ་དང་འདྲའོ། །མདོའི་ཚིག་དེ་ནི་མཆོད་བྱེད་ཀྱི་མ་ཅན་ཁྱོད་ཀྱི་ཡུལ་དྲུག་མཐོང་ན་ཡང་མཐོང་བ་ཙམ་དུ་འགྱུར་ལ་ཡུལ་དྲུག་ཐོས་པ་དང་། ཡུལ་དྲུག་རྟོགས་པ་དང་། རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་
པ་ཙམ་དུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ་ཞེས་དེ་སྐད་དུ་རྣམ་པར་བཤད་པར་བྱའོ་སྙམ་དུ་བསམས་པ་ཡིན་ཏེ་མདོའི་དོན་ནི་ཁྱོད་སྡུག་པ་དང་མི་སྡུག་པའི་མཚན་མར་སྒྲོ་འདོགས་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གཟུགས་གང་དག་ཁྱོད་ཀྱི་མིག་གིས་མ་མཐོང་སྟེ་ཞེས་བྱ་བ་ཁོ་ན་གསུངས་ཀྱི་མ་ཐོས་ཏེ་
ཞེས་བྱ་བ་ཡང་མ་ཡིན་པ་ནས། རྣམ་པར་མ་ཤེས་ཏེ་ཞེས་བྱ་བའི་བར་དུ་ཡང་མ་གསུངས་ཤིང་དེ་བཞིན་དུ་སྒྲ་གང་དག་མ་ཐོས་ཏེ་ཞེས་བྱ་བ་ཁོ་ན་གསུངས་ཀྱི་མ་མཐོང་སྟེ་ཞེས་བྱ་བ་ཡང་མ་ཡིན་པ་ནས་རྣམ་པར་མ་ཤེས་ཏེ་ཞེས་བྱ་བའི་བར་དུ་ཡང་མ་གསུངས་ལ། དེ་བཞིན་དུ་ཆོས་གང་དག་རྣམ་པར་མ་
Vol. 143 · folio 58a
ཤེས་ཏེ་ཞེས་བྱ་བ་ཁོ་ན་གསུངས་ཀྱི་མ་མཐོང་སྟེ་ཞེས་བྱ་བ་ཡང་མ་ཡིན་པ་ནས་མ་རེག་སྟེ་ཞེས་བྱ་བའི་བར་དུ་ཡང་མ་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ཉིད་ནི་ཉེས་པ་མེད་དེ། འདི་ནི་བཅོམ་ལྡན་འདས་ཀྱིས་དཔེར་བརྗོད་པའི་ངོ་བོར་བཤད་པ་ཡིན་པས་ཇི་ལྟར་གཟུགས་གང་
དག་མ་མཐོང་སྟེ་ཞེས་བྱ་བ་བཤད་པ་དེ་བཞིན་དུ་མ་ཐོས་ཏེ་ཞེས་བྱ་བ་ནས་རྣམ་པར་མ་ཤེས་ཏེ་ཞེས་བྱ་བའི་བར་དུ་བརྗོད་དགོས་སོ། །དེ་བཞིན་དུ་སྒྲ་ལ་སོགས་པ་ལ་ཡང་བརྗོད་པར་བྱ་སྟེ། དེས་ན་མཚན་ཉིད་ནི་དེ་སྐད་དུ་བརྗོད་དོ། །དབང་པོ་ལྔས་མངོན་སུམ་དུ་བྱས་པ་གང་ཡིན་པ་ཞེས་བྱ་བ་རྒྱས་པར་
འབྱུང་བ་ནི། དབང་པོ་ལྔས་གཟུགས་ལ་སོགས་པ་མངོན་སུམ་དུ་བྱས་པ་གང་ཡིན་པ་དེ་ནི་མཐོང་བའོ། །ཡུལ་དྲུག་ཅར་ཡང་ཕ་རོལ་ལས་འོངས་པ་གང་ཡིན་པ་དེ་ནི་ཐོས་པའོ། །བདག་ཉིད་ཀྱི་རིགས་པས་རྗེས་སུ་དཔག་པའི་སྒོ་ནས་འདོད་ཅིང་བསམས་པ་གང་ཡིན་པ་དེ་ནི་རྟོགས་པའོ། །རིག་
པས་རྗེས་སུ་དཔག་པ་ཞེས་བྱ་བ་ནི་མི་འཁྲུལ་པའི་རྗེས་སུ་དཔག་པ་སྟེ་དེ་སྤྱོད་ཡུལ་ཡང་ཡུལ་དྲུག་ཡིན་ནོ། །དྲུག་པ་ལ་ནི་མཐོང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི་ཡུལ་དྲུག་པ་ནི་ཆོས་རྣམས་ཡིན་ཏེ། དེ་ནི་མཐོང་བའི་ཐ་སྙད་མ་གཏོགས་པ་ཐོས་པ་ལ་སོགས་པའི་ཐ་སྙད་གསུམ་གྱིས་ཐ་སྙད་འདོགས་
པར་བྱེད་དོ། །དེའི་ཕྱིར་དྲི་ལ་སོགས་པ་ལ་ཐ་སྙད་འདོགས་པ་མེད་པར་ཐལ་བར་འགྱུར་བ་ཡང་མེད་དེ་དེ་ལྟ་བས་ན་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་དེ་ལྟར་མི་འདོད་ན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྨྲས་པ་གང་ཡིན་པའི་རིགས་པ་དེ་ཡང་རིག་པ་མ་ཡིན་ཏེ། འདི་ལྟར་གཞན་དུ་དྲི་ལ་སོགས་པ་ལ་ཐ་སྙད་འདོགས་
པར་འགྱུར་བས་སོ། །མིག་གིས་མངོན་སུམ་དུ་བྱས་པ་གང་ཡིན་པ་ཞེས་བྱ་བ་ནི་དབང་པོ་ལྔས་མ་ཡིན་པའོ། །རྣ་བས་ཐོས་པ་དང་ཕ་རོལ་ལས་འོངས་པ་གང་ཡིན་པ་ཞེས་བྱ་བ་ནི་གཉི་ག་ཡང་ཡིན་པར་འདོད་པའོ། །བདག་ཉིད་ཀྱིས་སོ་སོ་ཡང་དག་པར་རིག་པ་ནི་མཉམ་པར་གཞག་པ་མ་ཡིན་པའི་སེམས་
ཀྱི་བདེ་བ་ལ་སོགས་པའོ། །རྟོགས་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་མཉམ་པར་གཞག་པ་ཁོ་ན་ཡིན་གྱི། འཇིག་རྟེན་ལས་འདས་པས་ནི་མ་ཡིན་ཏེ། འཇིག་རྟེན་པའི་ཐ་སྙད་ཀྱི་སྐབས་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རྣལ་འབྱོར་སྤྱོད་པ་པའི་ལུགས་ཀྱིས་ཀྱང་ཡུལ་དྲུག་ཅར་ཡང་སོ་སོར་ཅི་རིགས་པར་མཐོང་བ་ཞེས་བྱ་
Vol. 143 · folio 58b
བའམ། ཐོས་པ་འམ་རྟོགས་པ་འམ་རྣམ་པར་ཤེས་པ་ཞེས་བྱ་བར་ཐ་སྙད་འདོགས་ཏེ། དེའི་ཕྱིར་དྲི་ལ་སོགས་པ་ལ་ཐ་སྙད་འདོགས་པ་མེད་པར་ཐལ་བར་འགྱུར་བ་མེད་དོ། །གང་ཞིག་ལུས་ཀྱི་དོན་གཞན་གོ་བར་བྱེད་ན་ཞེས་བྱ་བ་ནི་གང་ཞིག་ལུས་ཀྱི་བརྡས་དོན་གོ་བར་བྱེད་པ་དེའི་ཡང་བརྫུན་དུ་
སྨྲ་བ་ཡིན་ནམ་ཞེས་བྱ་བའོ། །མི་བྱེད་ན་ཞེས་བྱ་བ་ནི་མི་རྩོལ་ནའོ། །ངག་གིས་བྱེད་པར་འགྱུར་ནའོ་ཞེས་བྱ་བ་ནི་ཚིག་གིས་གཞན་གསོད་པར་བྱེད་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་ནི་སྲོག་གཅོད་པ་ལུས་ཀྱི་ཡིན་པའི་ཕྱིར་དངོས་ཀྱིས་བསྡུས་པའི་རྣམ་པར་རིག་བྱེད་མ་ཡིན་པ་ལུས་ཁོ་ན་
ཡིན་གྱི་ངག་གིས་ནི་མ་ཡིན་ནོ། །འདི་ལ་ལུས་ཀྱི་རྣམ་པར་རིག་བྱེད་ཀྱང་ནི་མེད་དོ། །ཡོད་དེ་ལུས་ཀྱིས་བྱེད་པར་འགྱུར་ནའོ་ཞེས་བྱ་བ་འདིར་ཡང་བརྫུན་དུ་སྨྲ་བ་ནི་ངག་གི་ཡིན་པའི་ཕྱིར་དངོས་ཀྱིས་བསྡུས་པའི་རྣམ་པར་རིག་བྱེད་མ་ཡིན་པ་ངག་གི་ཁོ་ནའི་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །
ཁ་ན་མ་ཐོ་བ་གཉི་གས་ཞེས་བྱ་བ་ནི་ལུས་དང་ངག་གི་ཁ་ན་མ་ཐོ་བས་སོ། །འདིར་དྲང་སྲོང་རྣམས་ཡིད་རབ་ཏུ་ཁྲོས་པས་ནི་ལུས་ཀྱི་ཁ་ན་མ་ཐོ་བ་དང་ལྡན་པར་འགྱུར་རོ། །གསོ་སྦྱོང་དཔེར་བྱའོ་ཞེས་བྱ་བ་ནི་ངག་གི་ཁ་ན་མ་ཐོ་བ་དང་ལྡན་པར་འགྱུར་བ་སྟེ། དགེ་སློང་གི་གསོ་སྦྱོང་ལ་འདུལ་བ་འཛིན་
པས་ཅི་ཡོངས་སུ་དག་གམ་ཞེས་བསྒྲགས་པ་ལས་གལ་ཏེ་དགེ་སློང་འགའ་ཞིག་ལྟུང་བ་བྱུང་བ་ཡིན་བཞིན་དུ་འཆགས་པར་མི་བྱེད་ཀྱི་ཅང་མི་ཟེར་བར་འདུག་པར་བྱེད་ན་བརྫུན་དུ་སྨྲ་བར་འགྱུར་རོ། །ཇི་ལྟར་ན་དེ་གཉིས་ཀྱི་ལས་ཀྱི་ལམ་དུ་འགྲུབ་ཅེས་བྱ་བ་ནི་ཇི་ལྟར་ན་དྲང་སྲོང་དང་དགེ་སློང་ལུས་དང་ངག་
དག་གིས་མི་བྱེད་པ་དེ་གཉིས་ཀྱི་སྲོག་གཅོད་པ་དང་བརྫུན་དུ་སྨྲ་བ་གོ་རིམས་བཞིན་དུ་ལས་ཀྱི་ལམ་དུ་འགྲུབ་སྟེ། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་འདི་ལ་འབད་པར་བྱ་སྟེ་ལན་གདབ་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་སློབ་དཔོན་འདུས་བཟང་གིས་ལན་སྨྲས་པ། དྲང་སྲོང་དག་ནི་དོན་གྱིས་ན་
རྣམ་པར་རིག་བྱེད་བྱེད་པ་ཡིན་ཏེ། མི་མ་ཡིན་པ་རྣམས་ཀྱི་དེ་དག་གིས་སྡིག་པའི་བསམ་པ་སེམས་ཅན་ཡོངས་སུ་འདོར་བར་ཞུགས་པ་ཡིན་པར་རྟོགས་ནས་དེ་དག་ལ་དད་པ་རྣམས་གང་གིས་ན་དྲང་སྲོང་དེ་དག་ལ་ལས་ཀྱི་ལམ་སྐྱེ་བར་འགྱུར་བ་ལུས་ཀྱིས་བྱེད་དོ། །ཇི་ལྟར་ན་གཞན་གྱི་རྣམ་པར་རིག་བྱེད་
Vol. 143 · folio 59a
ཀྱིས་འགྱུར་ཞེ་ན། དེ་ལྟ་བུ་ལ་ནི་གདོན་མི་ཟ་བར་ལུས་དང་ངག་འགྱུར་བ་ཡང་འབྱུང་ངོ་། །གཞན་ཡང་དེ་དག་ནི་དེ་ལྟར་དམོད་པ་ཡང་འདོར་ལ་དེ་ལ་ཡང་གདོན་མི་ཟ་བར་ལུས་དང་ངག་གི་གཡོ་བ་ཡོད་པར་འགྱུར་རོ་ཞེས་ཟེར་རོ། །འདོད་པའི་ཁམས་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་ནི་
ཐམས་ཅད་རྣམ་པར་རིག་བྱེད་ལ་རག་ལས་པར་ངེས་པ་ཡང་མ་ཡིན་ཏེ། རྟེན་ལྔ་པོ་ལ་སོགས་པ་འབྲས་བུ་ཐོབ་པའི་མོད་ལ་སོ་སོར་ཐར་པའི་སྡོམ་པ་སྐྱེ་བ་སྲིད་པའི་ཕྱིར་རོ། །དེ་ལྟ་བས་ན་མི་དགེ་བ་ཡང་དེ་ལྟ་བུ་འགའ་ཞིག་རྣམ་པར་རིག་བྱེད་མེད་པར་ཡང་འགྱུར་རོ། །དེ་དག་གི་སྔོན་རྣམ་པར་རིག་བྱེད་བྱས་
སོ་ཞེ་ན། ཅིག་ཤོས་ལ་ཡང་གདོན་མི་ཟ་བར་འབྱུང་བར་ནི་འགྱུར་རོ་ཞེའོ། །རེ་ཞིག་དྲང་སྲོང་རྣམས་ཀྱི་ནི་བཤད་ཟིན་ཏོ། །གསོ་སྦྱོང་གི་བརྫུན་སྨྲ་བ་ལ་ཡང་གལ་ཏེ་ཡོངས་སུ་མ་དག་པ་ཞིག་དགེ་འདུན་གྱི་ནང་ན་འཇུག་པར་བྱེད་ཅིང་འདུག་པར་བྱེད་རང་གི་སྤྱོད་ལམ་སྟོན་པར་བྱེད་ལ་དེ་དང་འབྲེལ་བ་ཅུང་
ཟད་ཅིག་ཀྱང་སྨྲ་བར་བྱེད་ན་དེ་ནི་འདིའི་སྔོན་གྱི་རྣམ་པར་རིག་བྱེད་ཡིན་ནོ་ཞེས་ཟེར་རོ། །ཉོན་མོངས་པ་ཅན་གྱི་ཚིག་ཐམས་ཅད་ནི་ཚིག་ཀྱལ་པ་ཡིན་ནོ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གཞན་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། བརྫུན་དུ་སྨྲ་བ་ལ་སོགས་པ་གསུམ་ཡང་ཡིན་པའོ། །དེ་དང་ལྡན་པ་སྟེ། ཚིག་ཀྱལ་
པ་དང་ལྡན་པའི་གང་ཟག་དེ་ནི་ཚིག་ཀྱལ་པ་ཅན་ཡིན་ནོ། །བརྫུན་དུ་སྨྲ་བ་ལ་སོགས་པ་གསུམ་ལས་གཞན་པའི་ཉོན་མོངས་པ་ཅན་གྱི་ཚིག་གང་ཡིན་པ་ནི་ཚིག་ཀྱལ་པ་ཡིན་ནོ་ཞེས་བཤད་པའི་དཔེར་བརྗོད་པར་བསྟན་པའི་ཕྱིར། ཁ་གསག་གླུ་དང་ཟློས་གར་བཞིན། །བསྟན་བཅོས་ངན་བཞིན་ཅེས་བྱ་བ་སྨོས་
ཏེ། ཁ་གསག་བྱེད་པ་ཞེས་བྱ་བ་ནི་རྙེད་པ་དང་གྲགས་པ་དང་བཀུར་སྟི་འདོད་པ་ཉིད་ཀྱིས་དེ་དག་རྗོད་པར་བྱེད་པའི་ཚིག་འདོན་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །སྨྲེ་སྔགས་འདོན་པ་དང་། འདུ་འཛིའི་གཏམ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་སྨྲེ་སྔགས་འདོན་པ་དང་འདུ་འཛི་དག་ལས་གཞན་པ་ཉོན་
མོངས་པ་ཅན་གྱི་སེམས་དང་ལྡན་པའི་གང་ཅུང་ཟད་སྨྲ་བའོ། །བག་མ་ལེན་པ་དང་། བག་མར་གཏོང་བ་ལ་སོགས་པའི་མངོན་པར་བརྗོད་པ་ཡོད་པས་ཞེས་བྱ་བ་ལ། བག་མ་ལེན་པ་ནི་བུ་མོ་ཁྱེའུའི་ཁྱིམ་དུ་འགྲོ་བའོ། །བག་མར་གཏོང་བ་ནི་ཁྱེའུ་བུ་མོའི་ཁྱིམ་དུ་འགྲོ་བའོ། །གཞན་དག་ན་རེ་བག་མ་
Vol. 143 · folio 59b
ལེན་པ་ནི་ཁ་འདུས་པའོ། །བག་མ་གཏོང་བ་ནི་ཆོ་ག་བྱས་ཏེ་ལེན་པའོ་ཞེས་ཟེར་རོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སེམས་ཆགས་པ་དང་ལྡན་པ་རྣམས་ཀྱིས་ཀུན་དུ་བརྗོད་པ་བསྡུའོ། །ལོག་པ་མི་རིགས་པས་ཞེས་བྱ་བ་ནི་བསྟན་པ་དང་བཤད་པའི་ངོ་བོའི་རྣམ་གྲངས་དག་ཡིན་ནོ། །འདི་
ལྟར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཕྱིར་སྒྲིབ་པ་ལྔའི་སྐབས་སུ་འདོད་པ་ལ་འདུན་པ་སྟེ། འདོད་པའི་སྲེད་པའི་ངོ་བོ་ཉིད་ཀྱི་དབང་དུ་མཛད་ནས། དེའི་འཇིག་རྟེན་ན་བརྣབ་སེམས་སྤངས་ཏེ་བརྣབ་སེམས་དང་བྲལ་བའི་སེམས་ཀྱིས་ལན་མང་དུ་གནས་ཤིང་འཇིག་རྟེན་ན་གནོད་སེམས་
དང་རྨུགས་པ་དང་གཉིད་དང་རྒོད་པ་དང་འགྱོད་པ་དང་ཐེ་ཚོམ་སྤངས་ཏེ་དོགས་པ་ལས་རྒལ་ཞིང་ཐེ་ཚོམ་ལས་རྒལ་ནས་ཆོས་དགེ་བ་རྣམས་ལ་ནེམ་ནུར་མེད་པར་གྱུར་པ་ཡིན་ནོ། །དེ་སྒྲིབ་པ་ལྔ་སྤངས་ནས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་པ་དེའི་ཕྱིར་འདོད་པ་ན་སྤྱོད་པའི་སྲིད་པ་ཐམས་
ཅད་བརྣབ་སེམས་ཡིན་ནོ་ཞེས་བྱ་བར་ཤེས་སོ། །འཁོར་ལོས་སྒྱུར་བ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་ལ་ཡང་བརྣབ་སེམས་ཀྱི་ལས་ཀྱི་ལམ་ཡོད་པར་འགྱུར་དུ་འོང་བས་ཞེས་བྱ་བ་དེ་ནི་འདོད་པ་སྤྱོད་པའི་སྲེད་པ་མེད་པ་ཡང་མ་ཡིན་ལ། དེ་ནི་མི་དགེ་བའི་ལམ་ཡོད་པར་ཡང་མི་འདོད་
དོ། །ཉེས་པར་སྤྱོད་པ་ཆེ་ལོང་བསྡུས་པའི་ཕྱིར། །ཞེས་བྱ་བ་ལ། གཞན་དག་གི་བསམ་པ་ནི་མི་དགེ་བའི་ལས་ཀྱི་ལམ་བཅུ་དག་ཏུ་ཉེས་པར་སྤྱོད་པ་ཆེ་ལོང་གང་དག་ཡིན་པ་དེ་བསྡུས་ཀྱི་ཐམས་ཅད་ནི་མ་ཡིན་ནོ། །དགེ་བ་དག་ལ་ཡང་དེ་དང་འདྲ་སྟེ། དེའི་ཕྱིར་བརྣབ་སེམས་ཐམས་ཅད་ནི་ལས་ཀྱི་
ལམ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཞན་གྱི་ནོར་ལ་ལོག་པས་ཆགས་པ་གང་ཡིན་པ་དེ་ནི་ལས་ཀྱི་ལམ་ཡིན་ནོ་སྙམ་པ་ཡིན་ནོ། །ལས་དང་འབྲས་བུ་དང་འཕགས་པ་ལ་སྐུར་པ་འདེབས་པ་འདི་ནི་རིལ་གྱིས་ལོག་པར་ལྟ་བ་ཡིན་ནོ་ཞེས་བྱ་བ་ནི་འདི་སྐད་དུ་སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་
སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལམ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །མ་མེད་དོ། །ཕ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ། །འཇིག་
Vol. 143 · folio 60a
རྟེན་ན་དགྲ་བཅོམ་པ་དག་མེད་དོ་ཞེས་བྱ་བ་ཡིན་ནོ་ཞེས་འབྱུང་སྟེ། དེ་ལ་སྦྱིན་པ་མེད་དོ་ཞེས་བྱ་བ་ནས་ཉེས་པར་སྤྱད་པ་མེད་དོ་ཞེས་བྱ་བའི་བར་ནི་ལས་ལ་སྐུར་པ་འདེབས་པ་ཡིན་ནོ། །དེ་བཞིན་དུ་མ་མེད་དོ་ཕ་མེད་དོ་ཞེས་བྱ་བ་ཡང་ལས་ལ་སྐུར་པ་འདེབས་པ་ཁོ་ན་ཡིན་
ནོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བ་དང་། དེ་བཞིན་དུ་སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་འབྲས་བུ་ལ་སྐུར་པ་འདེབས་པ་ཡིན་ནོ། །འཇིག་རྟེན་ན་དགྲ་བཅོམ་
པ་དག་མེད་དོ་ཞེས་བྱ་བ་ནི་འཕགས་པ་ལ་སྐུར་པ་འདེབས་པ་ཡིན་ནོ། །ཚིགས་སུ་བཅད་པར་ནི་དང་པོ་ཙམ་ཞིག་བསྟན་པར་ཟད་དོ་ཞེས་བྱ་བ་ནི། དགེ་དང་མི་དགེ་མེད་ལྟ་བ། །ཞེས་བྱ་བ་ནི། དཔེར་བརྗོད་པ་ཙམ་དུ་ཟད་པའི་ཕྱིར་རོ། །ལས་ཀྱི་ལམ་ཡིན་པས་ཞེས་བྱ་བ་ནི་སེམས་པ་ཞེས་བྱ་བའི་ལས་ཀྱི་
ལམ་ཡིན་པས་སོ། །ཇི་ལྟ་ཞེ་ན། སྨྲས་པ་དེ་དག་དང་མཚུངས་པར་ལྡན་པ་ཅན་གྱི་སེམས་པ་སྟེ། བརྣབ་སེམས་ལ་སོགས་པ་དང་མཚུངས་པར་ལྡན་པ་ཅན་ནི་བརྣབ་སེམས་ལ་སོགས་པ་དེ་དག་གི་རྒྱུ་བས་ཏེ་འགྲོས་ཀྱི་རྒྱུ་སྟེ་འགྲོའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་གི་དབང་གིས་དེ་བཞིན་དུ་མངོན་པར་འདུ་བྱེད་
པའི་ཕྱིར་ཏེ། འདི་ལྟར་རྒྱུ་བརྣབ་སེམས་ལ་སོགས་པ་གོ་རིམས་བཞིན་དུ་འཆག་པ་དང་མི་མཐུན་པ་དང་ལོག་པར་ལྟ་བ་རྣམས་ཀྱི་དབང་གིས་དེ་དག་དང་མཐུན་པར་མངོན་པར་འདུ་བྱེད་ཅིང་སེམས་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། དེའི་ཕྱིར་དེ་དག་གི་རྒྱུ་བས་རྒྱུ་བ་ཡིན་ནོ། །ལུས་དང་ངག་གི་ལས་ཡིན་པའི་
ཕྱིར་ལས་ཀྱང་ཡིན་ལ་སེམས་པ་ཞེས་བྱ་བའི་ལས་ཀྱི་ལམ་ཡིན་པ་ལས་ཀྱི་ལམ་ཡང་ཡིན་ནོ། །དེ་དག་ཀུན་ནས་སློང་བའི་སེམས་པ་སྟེ། ལུས་དང་ངག་གི་ལས་ཀྱི་སེམས་པ་ནི་དེ་དག་ལ་བརྟེན་ནས་ཏེ། སྲོག་གཅོད་པ་ལ་སོགས་པ་དེ་དག་ལ་བརྟེན་ནས་འཇུག་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་གི་མི་འདྲ་བ་རྣམས་
ལ་ཡང་གཅིག་ལུས་པར་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་སྒྲ་འདྲ་བ་རྣམས་སམ་དོན་འདྲ་བ་རྣམས་ལ་ནི་གཅིག་བསྡུས་པར་འདོད་དེ། འདི་ལྟར་ཤིང་དང་ཤིང་ནི་ཤིང་དག་གོ་ཞེས་བྱ་བ་དང་། ཡོན་པོ་དང་ཁྱོར་པོ་ནི་ཡོན་པོ་དང་ཁྱོར་པོ་དག་གོ་ཞེས་བྱ་བ་ལྟ་བུ་ཡིན་ན་འདི་ལ་ནི་ལས་དང་ལས་ཀྱི་ལམ་ནི་ཞེས་བྱ་བ་ལས་ཤེས་བྱ་བའི་སྒྲ་
Vol. 143 · folio 60b
དང་ལས་ཀྱི་ལམ་ཞེས་བྱ་བའི་སྒྲའི་སྒོ་ནས་ཀྱང་འདྲ་བ་མ་ཡིན་ལ་ལས་ཀྱི་དོན་དང་ལས་ཀྱི་ལམ་གྱི་དོན་ཐ་དད་པའི་ཕྱིར་དོན་གྱི་སྒོ་ནས་ཀྱང་འདྲ་བ་མ་ཡིན་པས་གཅིག་བསྡུས་པར་མི་འགྱུར་རོ་ཞེ་ན་འདི་ལྟར་རིལ་གྱིས་མི་འདྲ་ཞིང་ཕྱོགས་གཅིག་གིས་འདྲ་བ་རྣམས་ལ་ཡང་གཅིག་བསྡུས་པར་འགྲུབ་སྟེ། འདོད་
ཅེས་བྱ་བའི་ཐ་ཚིག་གོ། །འདི་ལྟ་སྟེ་གང་དང་གང་མི་མངོན་པ་དག་ནི་ཡོན་ཏན་ཡིན་ནོ་ཞེས་བྱ་བ་ལྟ་བུ་གང་དང་གང་མི་མངོན་པ་ནི་གང་མི་མངོན་པ་དག་སྟེ། དེ་གཉིས་ནི་ཞེས་བྱ་བ་ཡིན་ནོ། །གང་དང་མི་མངོན་པ་ནི་གང་མི་མངོན་པ་དག་གོ་ཞེས་བརྗོད་པར་ཡང་མི་ནུས་ཏེ། འདི་ནི་མི་མངོན་པ་མི་འདོད་
པའི་ཕྱིར་རོ། །ཕྱོགས་གཅིག་འདྲ་བའི་ཕྱིར་ཏེ། གང་ཞེས་བྱ་བ་དང་། གང་མི་མངོན་པ་ཞེས་བྱ་བའི་ཕྱོགས་གཅིག་པོ་གང་ཞེས་བྱ་བ་འདྲ་བའི་ཕྱིར་ནི་གང་མི་མངོན་པ་དག་ཅེས་གཅིག་བསྡུས་པར་འགྲུབ་པོ། །ཁུངས་འདི་ན་ལས་དང་ལས་ཀྱི་ལམ་དག་ནི་ལས་ཀྱི་ལམ་མོ་ཞེས་བྱ་བ་འདི་ཡང་འགྲུབ་
པར་འགྱུར་རོ། །ཕྱིས་ནི་བརྣབ་སེམས་ལ་སོགས་པ་ཡང་ལས་ཀྱི་ལམ་ཡིན་ལ་སྲོག་གཅོད་པ་ལ་སོགས་པ་ལ་ཡང་ལས་ཀྱི་ལམ་ཡིན་པས་ལས་ཀྱི་ལམ་མོ་ཞེས་གཅིག་བསྡུས་པ་ཡིན་ནོ། །ཡང་ན་འདི་ལྟར་སྦྱར་ཏེ། ལས་ཀྱི་ལམ་ནི་ལས་ཀྱི་ལམ་མོ། །དེ་དག་ནི་ལས་ཀྱང་ཡིན་ལ་ལས་ཀྱི་
ལམ་དག་ཀྱང་ཡིན་པས་ལས་དང་ལས་ཀྱི་ལམ་དག་སྟེ། བརྣབ་སེམས་ལ་སོགས་པ་ཡང་ལས་ཀྱི་ལམ་ཡིན་ལ་སྲོག་གཅོད་པ་ལ་སོགས་པ་ཡང་ལས་དང་ལས་ཀྱི་ལམ་དག་ཡིན་པས་ལས་དང་ལས་ཀྱི་ལམ་དག་ཅེས་བྱའོ། །བརྣབ་སེམས་མེད་པ་ལ་སོགས་པ་དང་སྲོག་གཅོད་པ་སྤོང་བ་ལ་
སོགས་པ་ཡང་དེ་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དགེ་བའི་ལས་ཀྱི་ལམ་དག་ཀྱང་དེ་བཞིན་དུ་སྦྱར་བར་བྱ་བ་ཡིན་ཏེ། བརྣབ་སེམས་མེད་པ་ལ་སོགས་པ་ནི་ལས་ཀྱི་ལམ་ཁོ་ན་ཡིན་ལ། སྲོག་གཅོད་པ་སྤོང་བ་ལ་སོགས་པ་ནི་ལས་ཀྱང་ཡིན་ལ་ལས་ཀྱི་ལམ་ཡང་ཡིན་པས་ཞེས་བྱ་བ་ཡིན་
ནོ། །འདི་ལྟར་དེ་དག་ནི་དེའི་དོན་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཕྱིར་དེའི་ཕྱིར་དེའི་སྦྱོར་བ་དེ་དག་ལས་ཀྱི་ལམ་དངོས་ཀྱི་དོན་དུ་འཇུག་པ་ཡིན་པ་དང་། གང་གི་ཕྱིར་དེའི་མཇུག་དེ་དག་ལས་ལས་ཀྱི་ལམ་དངོས་ཀྱི་རྩ་བ་ཅན་དུ་འཇུག་པ་ཡིན་པའི་ཕྱིར་དེ་དག་ནི་ལས་ཀྱི་ལམ་ཡིན་ནོ། །ལས་
Vol. 143 · folio 61a
ཀྱི་ལམ་ཡང་ལས་ཀྱི་ལམ་གྱི་སྦྱོར་བ་ཡིན་པར་ནི་བཤད་མོད་ཀྱི། དེ་ནི་དངོས་ཡིན་པའི་ཕྱིར་ལས་ཀྱི་ལམ་གྱི་སྦྱོར་བ་དང་མཇུག་ཏུ་གྱུར་པའི་ཕྱིར་ནི་མ་ཡིན་ནོ། །སྔར་ཡང་ཆེ་ལོང་བསྡུས་པའི་ཕྱིར་ཞེས་བཤད་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ལས་ཆེ་ལོང་བསྡུས་ནས་ནི། དགེ་དང་
མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་འབྱུང་བའི་ཕྱིར་སྦྱོར་བ་དང་མཇུག་གང་དག་ཡིན་པ་དེ་དག་མ་བསྡུས་སོ། །འཇིག་རྟེན་ན་གང་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་འཇིག་རྟེན་ན་དངོས་གང་དག་འཕེལ་བ་དང་འགྲིབ་པས་ཕྱི་ནང་གི་དངོས་པོ་རྣམས་འཕེལ་བ་དང་འགྲིབ་
པ་ཡིན་གྱི་སྦྱོར་བ་དང་མཇུག་དག་ནི་མ་ཡིན་པས་དེ་དག་ཁོ་ན་ལས་ཀྱི་ལམ་ཡིན་ཏེ། ཐམས་ཅད་བདག་པོ་རྒྱུ་མཐུན་དང་། །རྣམ་སྨིན་འབྲས་སུ་འབྱིན་པར་འདོད། །ཅེས་བྱ་བ་འདིར་དེ་དག་འཕེལ་བ་དང་འགྲིབ་པས་དེ་རྣམས་འཕེལ་བ་དང་འགྲིབ་པར་འཆད་པར་འགྱུར་རོ། །དེའི་ཕྱིར་སྦྱོར་བ་དང་
མཇུག་དེ་དག་ནི་ལས་ཀྱི་ལམ་མ་ཡིན་ནོ། །དེ་དག་གི་ལྟར་ན་དེ་དག་ཇི་ལྟར་ལས་ཀྱི་ལམ་ཡིན་ཞེས་བྱ་བ་ནི་དེ་དག་གི་ལྟར་ན་བརྣབ་སེམས་ལ་སོགས་པ་དེ་དག་ལས་གང་ཞིག་གི་ལམ་ཡིན་པས་ན་ལས་ཀྱི་ལམ་དུ་འགྱུར་བ་བརྣབ་སེམས་ལ་སོགས་པ་ལས་མ་གཏོགས་པ་ཡིད་ཀྱི་ལས་སེམས་པ་ནི་མེད་
དོ། །དེ་དག་ཉིད་ལ་དྲིས་ཤིག་ཅེས་བྱ་བ་ནི་གང་དག་དེ་ལྟར་སེམས་པ་དེ་དག་ཁོ་ནས་ལན་གདབ་དགོས་སོ། །དེ་ལྟ་མོད་ཀྱི་བརྗོད་པར་ནི་ནུས་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རང་གི་གཞུང་ལུགས་ཀྱིས་ཕྱོགས་དེ་གཞུང་འཛུགས་པར་བྱེད་པ་ཡིན་ནོ། །ཡང་ན་གཅིག་གིས་གཅིག་འདྲེན་པས་ན་ཞེས་བྱ་བ་ཅི་
ཞེ་ན་བརྣབ་སེམས་ལ་སོགས་པ་དེ་དག་ལས་ཀྱི་ལམ་ཡིན་ནོ་ཞེས་བྱ་བར་སྐབས་དང་སྦྱར་ཏེ། བརྣབ་སེམས་ཀྱིས་ཀྱང་གནོད་སེམས་དང་ལོག་པར་ལྟ་བ་དག་འདྲེན་པར་བྱེད་ལ་དེ་དག་གིས་ཀྱང་དེ་དག་འདྲེན་པར་བྱེད་དོ། །དེ་དག་ནི་ལས་ཀྱང་ཡིན་ལ་དེ་དག་གི་ནང་ནས་ལས་གང་ཡང་རུང་བ་ཞིག་གི་ལམ་
ཡང་ཡིན་པས་ལས་ཀྱི་ལམ་མོ། །དགེ་བའི་རྩ་བ་ནི་ལོག་པར་ལྟ་བས་ཀུན་དུ་གཅོད་དོ་ཞེས་བྱ་བའི་དོན་འདི་བརྗོད་པར་འདོད་ནས། དེ་དག་ཐམས་ཅད་ཀྱང་དགེ་བའི་ཆོས་རྣམས་ཞེས་བྱ་བ་རྒྱས་པར་གླེང་སློང་བར་བྱེད་དོ། །ཆེན་པོ་ཡོངས་སུ་རྫོགས་པའི་ཞེས་བྱ་བ་ནི་ཆེན་པོའི་ཆེན་པོ་ཞེས་བྱ་བའི་ཐ་ཚིག་
Vol. 143 · folio 61b
གོ། །འོ་ན་ཅིའི་ཕྱིར་བསྟན་བཅོས་ལས་བཤད་ཅེས་བྱ་བ་ནི་གལ་ཏེ་ལོག་པར་ལྟ་བས་དགེ་བའི་རྩ་བ་ཀུན་དུ་གཅོད་ཀྱི་མི་དགེ་བའི་རྩ་བ་རྣམས་ཀྱིས་ནི་མ་ཡིན་ན་བསྟན་བཅོས་ལས་མི་དགེ་བའི་རྩ་བ་གང་དག་གིས་དགེ་བའི་རྩ་བ་གཅོད་པར་བྱེད་པ་ཞེས་བཤད་པ་གང་ཡིན་པ་དེ་ཇི་ལྟར་དྲང་སྟེ། དེ་
དག་ནི་ཆགས་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་གྱི་ལོག་པར་ལྟ་བའི་ངོ་བོ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མི་དགེ་བའི་རྩ་བས་དྲངས་པའི་ཕྱིར་ཞེས་བྱ་བ་ནི་མི་དགེ་བའི་རྩ་བ་ཆགས་པ་ལ་སོགས་པ་ཆེན་པོས་ལོག་པར་ལྟ་བ་དྲངས་ཤིང་བསྐྱེད་པ་ཡིན་ཏེ། དེ་ལྟ་བས་ན་མི་དགེ་བའི་རྩ་བས་ལོག་
པར་ལྟ་བ་དྲངས་པའི་ཕྱིར་དེ་དག་ཁོ་ན་ལ་ལས་ཀྱི་ལམ་དེ་བསྟན་པར་མཛད་དེ། མི་དགེ་བའི་རྩ་བ་དེ་དག་ཁོ་ན་ལ་ལོག་པར་ལྟ་བའི་དགེ་བའི་རྩ་བ་ཀུན་དུ་གཅོད་པར་བྱེད་པའི་ལས་གང་ཡིན་པ་དེ་བསྟན་ཏོ། །གལ་ཏེ་འདོད་པ་ན་སྤྱོད་པའི་དགེ་བའི་རྩ་བ་རྣམས་ཀུན་དུ་འཆད་པར་འགྱུར་ཏེ། གཟུགས་དང་
གཟུགས་མེད་པ་དག་ན་སྤྱོད་པ་དག་དང་མི་ལྡན་པའི་ཕྱིར་རོ་ཞེས་བརྗོད་ན། འོ་ན་བཏགས་པ་ལས་བཤད་པ་ཇི་ལྟར་དྲང་། དེ་ནི་དེའི་ཐོབ་པ་ཐག་སྲིང་བར་བྱེད་པ་ཞེས་བྱ་བ་ནི་གང་ཟག་དེའི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཐོབ་པ་ཐག་སྲིང་བར་བྱེད་པ་ལས་དགོངས་ནས་འདི་སྐད་དུ། ཁམས་
གསུམ་པའི་དགེ་བའི་རྩ་བ་རྣམས་ཀུན་དུ་གཅོད་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཡང་ཇི་ལྟར་དེས་ཐོབ་པ་ཐག་སྲིང་བར་བྱེད་ཅེ་ན། རྒྱུད་དེའི་སྣོད་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། གང་གི་ཕྱིར་དེའི་རྒྱུད་སྔོན་དེ་དག་གི་ཐོབ་པ་རྣམས་ཀྱི་སྣོད་དུ་གྱུར་པ་ལས་དགེ་བའི་རྩ་བ་ཀུན་དུ་ཆད་ནས་དེའི་ཚེ་དེ་དག་གི་
ཐོབ་པ་རྣམས་ཀྱི་སྣོད་མ་ཡིན་པ་ཉིད་དུ་བྱས་པ་དེའི་ཕྱིར་དེའི་ཐོབ་པ་ཐག་སྲིང་བར་བྱས་པ་ཡིན་ནོ། །སྦྱོར་བ་ལས་བྱུང་བ་དག་ལས་ནི་སྔར་ཡོངས་སུ་ཉམས་ཟིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བ་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བ་དེ་དག་ལས་ནི་སྔར་ཆུང་ངུའི་ཆུང་ངུའི་གནས་སྐབས་
ཉིད་ན་ཡོངས་སུ་མ་ཉམས་ཏེ། དེའི་ཚེ་ཉིད་ན་དེའི་ཐོབ་པ་ཆད་ཟིན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་ལྟ་བུ་ཡིན་ནོ་ཞེས་བྱ་བ་ནི་ཁ་ཅིག་གི་ཕྱོགས་ནི་རྒྱུ་ལ་སྐུར་པ་འདེབས་པ་ནི་བར་ཆད་མེད་པའི་ལམ་ལྟ་བུ་ཡིན་ལ། འབྲས་བུ་ལ་སྐུར་པ་འདེབས་
Vol. 143 · folio 62a
པ་ནི་རྣམ་པར་གྲོལ་བའི་ལམ་ལྟ་བུ་ཡིན་ཏེ། འདི་སྐད་དུ་དགེ་བའི་རྩ་བ་ཀུན་དུ་གཅད་པར་བྱ་བ་ལ་ལོག་པར་ལྟ་བ་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པ་འདི་གཉི་ག་ཡང་ལས་བྱེད་ཀྱི་གཅིག་ཁོ་ན་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཟག་པ་དང་བཅས་པ་ལ་དམིགས་
པ་ཁོ་ནས་ཡིན་གྱི་ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་བ་ལ་དམིགས་པས་ཡིན་གྱི་ཟག་པ་མེད་པ་ལ་དམིགས་པས་ནི་མ་ཡིན་ཏེ། འགོག་པ་དང་ལམ་ལ་དམིགས་པས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྐལ་བ་མཉམ་པའི་ཁམས་ལ་དམིགས་པ་ཁོ་ནས་ཡིན་གྱི་ཞེས་བྱ་བ་ནི་འདོད་
པའི་ཁམས་ལ་དམིགས་པ་ཁོ་ནས་དགེ་བའི་རྩ་བ་རྣམས་ཀུན་དུ་གཅོད་པ་ཡིན་གྱི་སྐལ་བ་མི་མཉམ་པའི་ཁམས་ལ་མི་དམིགས་པས་ནི་མ་ཡིན་ཏེ། གང་གཟུགས་དང་གཟུགས་མེད་པའི་ཁམས་ལ་དམིགས་པས་ནི་མ་ཡིན་ནོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །ཅིའི་ཕྱིར་ཞེ་ན། མཚུངས་
པར་ལྡན་པ་ཙམ་གྱི་སྒོ་ནས་རྒྱས་པར་ཉམ་ཆུང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ་ལོག་པར་ལྟ་བ་ཟག་པ་མེད་པ་ལ་དམིགས་པ་དང་སྐལ་བ་མི་མཉམ་པའི་ཁམས་ལ་དམིགས་པ་གང་ཡིན་པ་དེ་ནི་མཚུངས་པར་ལྡན་པ་ཙམ་གྱི་སྒོ་ནས་མཚུངས་པར་ལྡན་པའི་ཆོས་རྣམས་ལ་རྒྱས་པར་འགྱུར་གྱི་
དམིགས་པའི་སྒོ་ནས་ནི་མ་ཡིན་ཏེ། དེ་ལྟ་བས་ན་འདི་ནི་སྟོབས་ཆུང་བ་ཡིན་ནོ། །དེའི་ཕྱིར་དེས་ཀུན་དུ་གཅོད་པར་མི་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདི་སྐད་དུ་བརྗོད་དོ། །ཀུན་གྱིས་ཞེས་བྱ་བ་ནི་རྒྱུ་ལ་སྐུར་པ་འདེབས་པ་གང་ཡིན་པ་དང་། འབྲས་བུ་ལ་སྐུར་པ་འདེབས་པ་གང་ཡིན་པ་དང་
སྐལ་བ་མཉམ་པའི་ཁམས་ལ་དམིགས་པ་གང་ཡིན་པ་དང་སྐལ་བ་མི་མཉམ་པའི་ཁམས་ལ་དམིགས་པ་གང་ཡིན་པ་དང་། ཟག་པ་དང་བཅས་པ་ལ་དམིགས་པ་གང་ཡིན་པ་དང་། ཟག་པ་མེད་པ་ལ་དམིགས་པ་གང་ཡིན་པ་དེ་ཐམས་ཅད་ཀྱིས་ཀུན་དུ་གཅོད་པར་འགྱུར་ཏེ། ཉོན་མོངས་པ་
བཞིན་ནོ། །མཐོང་བས་སྤང་བར་བྱ་བ་དག་བཞིན་ནོ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་ཇི་ལྟར་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་དགུ་ཆར་ཡང་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་མཐོང་བས་ཅིག་ཅར་སྤོང་བར་འགྱུར། དེ་བཞིན་དུ་དགེ་བའི་རྩ་བ་
Vol. 143 · folio 62b
རྣམ་པ་དགུ་ཆར་ཡང་ཅིག་ཅར་ཀུན་དུ་འཆད་དོ་ཞེས་ཟེར་རོ། །བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་བཞིན་ཞེས་བྱ་བ་ནི་ཇི་ལྟར་ལམ་ཆུང་ངུའི་ཆུང་ངུས་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་སྤོང་བ་ནས་ཆེན་པོའི་ཆེན་པོས་ཆུང་ངུའི་ཆུང་ངུ་སྤོང་བའི་བར་ལམ་རྣམ་པ་དགུས་ཉོན་
མོངས་པ་རྣམ་པ་དགུ་སྤོང་བ་དེ་བཞིན་དུ་ལོག་པར་ལྟ་བ་ཆུང་ངུའི་ཆུང་ངུས་དགེ་བའི་རྩ་བའི་རྣམ་པ་ཆེན་པོའི་ཆེན་པོ་ཀུན་དུ་གཅོད་པ་ནས་ཆེན་པོའི་ཆེན་པོས་དགེ་བའི་རྩ་བའི་རྣམ་པ་ཆུང་ངུའི་ཆུང་ངུ་ཀུན་དུ་གཅོད་པའི་བར་ལོག་པར་ལྟ་བ་རྣམ་པ་དགུས་ཀྱང་དགེ་བའི་རྩ་བ་རྣམ་པ་དགུ་ཀུན་དུ་གཅོད་
པར་འགྱུར་རོ། །དེ་ལྟར་ན་གཞུང་འདི་བསྐྱབས་པ་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་དེ་དག་ཇི་སྐད་བཤད་པ་ལྟར་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་བཞིན་དུ་ཀུན་དུ་འཆད་ནའོ། །ཕྲ་མོ་དང་ལྷན་ཅིག་ཏུ་གྱུར་པ་ཞེས་བྱ་བ་ནི་ཆུང་ངུའི་ཆུང་ངུའོ། །མི་དགེ་བའི་རྩ་བ་གང་གིས་དགེ་བའི་རྩ་
བ་རྣམས་ཀུན་དུ་གཅོད་པར་བྱེད་པའོ་ཞེས་བྱ་བ་ནི་མི་དགེ་བའི་རྩ་བ་ཆེན་པོའི་ཆེན་པོ་དག་གིས་དགེ་བའི་རྩ་བ་ཀུན་དུ་གཅོད་པར་བཤད་ཀྱི་ཆུང་ངུའི་ཆུང་ངུ་ལ་སོགས་པས་ནི་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ནི་རྫོགས་པ་ལས་དགོངས་ཏེ་གསུངས་པ་ཡིན་ཞེས་བྱ་བ་ནི་དགེ་བའི་རྩ་བ་
ཀུན་དུ་འཆད་པ་རྫོགས་པ་ལས་དགོངས་ཏེ་འདི་སྐད་དུ། མི་དགེ་བའི་རྩ་བ་ཆེན་པོ་གང་དག་ཡིན་ཞེ་ན་ཞེས་བྱ་བ་རྒྱས་པར་བཤད་པ་ཡིན་ཏེ་ཆུང་ངུའི་ཆུང་ངུ་ལ་སོགས་པ་ཀུན་དུ་འཆད་པ་ནི་མི་སྨོས་ཀྱང་གཟུང་བར་བྱའོ། །དེ་ལྟ་བས་ན་དེ་དག་གིས་མ་ལུས་པ་གཅོད་པའི་ཕྱིར་དེ་ནི་རྫོགས་པ་ཁོ་ན་ལ་
དགོངས་ནས་བཤད་པ་ཡིན་ཏེ། འདི་ལྟར་ལོག་ཡིན་པར་ལྟ་བ་རྣམ་པ་དགུས་དགེ་བའི་རྩ་བ་རྣམས་མ་ལུས་པར་གཅོད་པར་འགྱུར་རོ། །དེ་དག་ལས་ལས་རྣམ་པ་གཅིག་སྟེ། རྣམ་པ་དགུ་པ་ཆུང་ངུའི་ཆུང་ངུ་མ་ཆད་ན་ཡང་རྣམ་པ་དགུ་པོ་ཐམས་ཅད་ཡང་སྐྱེ་བའི་རྒྱུར་འགྱུར་རོ། །དེའི་ཕྱིར་
འདི་ནི་རྫོགས་པ་ལས་དགོངས་ཏེ་གསུངས་པ་ཡིན་ནོ། །གཉི་གར་གཅོད་པར་བྱེད་དོ་ཞེས་བྱ་བ་འདི་ནི་ལངས་ན་ཡང་གཅོད་པར་བྱེད་མ་ལངས་ན་ཡང་གཅོད་པར་བྱེད་དོ། །དེ་བཏང་བས་དེ་ཡང་གཏོང་ངོ་ཞེས་བྱ་བ་ནི་སེམས་ཆུང་ངུའི་ཆུང་ངུས་སྡོམ་པ་དེ་ཡང་དག་པར་བླངས་པར་གྱུར་པའི་སེམས་ཆུང་
Vol. 143 · folio 63a
ངུའི་ཆུང་ངུ་དགེ་བའི་རྩ་བ་ཆུང་ངུའི་ཆུང་ངུ་དང་མཚུངས་པར་ལྡན་པ་བཏང་ཞིང་ཀུན་དུ་ཆད་ན་སྡོམ་པ་དེ་ཡང་བཏང་བར་འགྱུར་བ་ནས། དེ་བཞིན་དུ་གང་ཞིག་རྒྱུ་མཚན་ཆེན་པོའི་ཆེན་པོས་སྡོམ་པ་ཡང་དག་པར་བླངས་པ་དེ་བཏང་བས་དེ་ཡང་གཏོང་བའི་བར་དུ་འགྱུར་
རོ། །ལས་ཀྱི་འབྲས་བུ་མངོན་སུམ་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་ལྷའི་བུ་སྐྱེས་ནས་རིང་པོ་མ་ལོན་པ་ལ་བདག་གང་ནས་འཆི་འཕོས་ཏེ། གང་དུ་ནི་སྐྱེས་གང་ཞིག་གིས་སྐྱེས་སྙམ་པའི་སེམས་གསུམ་ཀུན་དུ་འབྱུང་སྟེ། དེ་ལྟར་ལས་དང་འབྲས་བུ་མངོན་སུམ་དུ་གྱུར་པའི་ཕྱིར་ལྷ་དག་གི་
ནང་ན་དགེ་བའི་རྩ་བ་ཀུན་དུ་འཆད་པ་མེད་དོ། །འཛམ་བུའི་གླིང་ཁོ་ན་ཡོད་དོ་ཞེས་བྱ་བ་ནི་དེ་ན་ཁྱད་པར་དུ་རྟོག་གེ་བ་ཉིད་ཡོད་པའི་ཕྱིར་རོ་སྙམ་དུ་བསམ་པ་ཡིན་ནོ། །ཐམས་ཅད་པས་ཉུང་ན་དབང་པོ་བརྒྱད་དང་ལྡན་པ་ཡིན་ཏེ། དགེ་བའི་རྩ་བ་ཀུན་དུ་ཆད་པ་ཁོ་ན་ཚོར་བའི་དབང་པོ་ལྔ་དང་ལུས་དང་
སྲོག་དང་ཡིད་ཀྱི་དབང་པོ་དང་ལྡན་ནོ། །དེའི་དད་པ་ལ་སོགས་པའི་དབང་པོ་ནི་ཀུན་དུ་འཆད་དོ། །སོ་སོའི་སྐྱེ་བོ་ཡིན་པའི་ཕྱིར་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ལ་སོགས་པ་ལ་ཡང་མེད་དོ། །མིག་དག་ལ་སོགས་པའི་དབང་པོ་ཡང་མ་ཚང་བའི་ཚུལ་ལམ་རིམ་གྱིས་
འཆི་བའི་གནས་སྐབས་ན་མེད་དོ། །ཤར་གྱི་ལུས་འཕགས་པོ་དང་ནུབ་ཀྱི་བ་ལང་སྤྱོད་པ་ཡང་དེ་དང་འདྲའོ་ཞེས་མཐུན་པར་བསྒྲེས་པའི་ཕྱིར་དེ་དག་ན་ཡང་དགེ་བའི་རྩ་བ་ཀུན་དུ་འཆད་པ་ཡོད་དོ་ཞེས་བྱ་བར་སྟོན་པར་བྱེད་དོ། །སྐྱེས་པ་བུད་མེད་ཀྱིས་གཅོད་དོ་ཞེས་བྱ་བ་ནི་སྐྱེད་པ་དང་བུད་
མེད་ཀྱིས་ཞེས་བྱ་བ་ཡིན་ཏེ། དང་ཞེས་བྱ་བའི་སྒྲ་མི་མངོན་པར་བསྟན་པ་ཡིན་ནོ། །གང་མོའི་དབང་པོ་དང་ལྡན་པ་དེ་གདོན་མི་ཟ་བར་དབང་པོ་བརྒྱད་དང་ལྡན་ཏེ། ཚོར་བའི་དབང་པོ་བཞི་དང་ལུས་དང་སྲོག་དང་ཡིད་ཀྱི་གསུམ་དང་བརྒྱད་པ་མོའི་དབང་པོ་དང་ལྡན་ནོ། །དད་པ་ལ་སོགས་
པ་ནི་མ་ཡིན་ཏེ། དགེ་བའི་རྩ་བ་ཀུན་དུ་ཆད་པའི་གནས་སྐབས་ན་འཁྲུལ་ལོ་སྙམ་དུ་བསམ་པ་ཡིན་ནོ། །མིག་ལ་སོགས་པ་ཡང་སྔ་མ་བཞིན་དུ་འཁྲུལ་པར་འགྱུར་ཏེ། འདིར་ནི་དོན་འདི་ཁོ་ན་དང་འགལ་བར་འགྱུར་རོ། །དེ་དག་ལས་ཀྱང་ཞེས་བྱ་བ་ནི་ཀུན་དུ་གཅོད་པར་བྱེད་པ་ཇི་སྐད་བཤད་པ་དེ་
Vol. 143 · folio 63b
དག་ལས་ཀྱང་སྲེད་པ་སྤྱད་པ་ནི་ཀུན་དུ་གཅོད་པར་བྱེད་དོ། །སྡིག་པའི་བསམ་པ་བརྟན་པ་དང་མཁྱུད་པ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལ་སྡིག་པ་ལ་བསམ་པ་སེམས་པ་བརྟན་པ་ཡོད་པས་ཞེས་བྱ་བར་ཚིག་བསྡུ་བ་སྟེ། བརྟན་པ་ནི་སྲན་ལ་སྒྲེ་བའོ། །སྡིག་པ་མི་དགེ་བ་མཁྱུད་པ་ནི་འཆབ་
པའོ། །སྲེད་པ་སྤྱད་པ་སྤྱོད་པའི་ཕྱོགས་དང་མཐུན་པའི་ཕྱིར་ཞེས་བྱ་བ་ནི་སྲེད་པ་སྤྱད་པ་དང་འདྲ་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་ལྟར་སྲེད་པ་སྤྱད་པ་བསམ་པ་གཡོ་བ་ཡིན་པ་ལྟར་མ་ནིང་ལ་སོགས་པ་ལ་ཡང་དེ་དང་འདྲའོ། །ངན་སོང་བ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ངན་སོང་བ་རྣམས་ཤེས་རབ་ཉོན་མོངས་
པ་ཅན་དང་ཉོན་མོངས་པ་མ་ཡིན་པ་དག་མི་བརྟན་པའི་ཕྱིར་དགེ་བའི་རྩ་བ་རྣམས་ཀུན་དུ་མི་གཅོད་པ་ལྟར་མ་ནིང་ལ་སོགས་པ་ཡང་དེ་དང་འདྲའོ། །ཉིང་མཚམས་སྦྱར་ཞེས་བྱ་བ་ནི་ཉིང་མཚམས་སྦྱར་བར་བྱས་པའོ། །ནད་མེད་ནས་སྟོབས་རྙེད་པ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་སྔར་ནད་མེད་པར་འགྱུར་
ལ་རིམ་གྱིས་སྟོབས་རྙེད་པར་འགྱུར་བ་དེ་དང་འདྲའོ། །མཚམས་མེད་བྱེད་པའི་འདི་ལ་མིན། །ཞེས་བྱ་བ་ནི་མཚམས་མེད་པ་བྱེད་པ་ཁོ་ནའི་འདི་ལ་ཉིང་མཚམས་སྦྱོར་བར་མི་འགྱུར་རོ་ཞེས་བཤད་པས་དོན་གྱིས་ན་འདི་སྐད་དུ་མཚམས་མེད་པ་མི་བྱེད་པ་ནི་འདི་ལ་ཉིང་མཚམས་སྦྱོར་བར་འགྱུར་རོ་ཞེས་
བཤད་པ་ཡིན་ནོ། །སྲིད་པ་བར་མ་ལ་གནས་པ་ཞེས་བྱ་བ་ནི་དམྱལ་བར་འགྲོ་བར་འགྱུར་བའི་སྲིད་པ་བར་མ་ལ་གནས་པའོ། །འཆི་འཕོ་བ་ལ་མངོན་དུ་ཕྱོགས་པ་ཞེས་བྱ་བ་ནི་དམྱལ་བ་ནས་འཆི་འཕོ་བ་མངོན་དུ་ཕྱོགས་པའོ། །རྒྱུའི་སྟོབས་ཀྱིས་ཞེས་བྱ་བ་ནི་འདི་ལྟར་གང་དག་སྐལ་བ་མཉམ་པའི་སྟོབས་
ཀྱིས་བདག་ཉིད་ལོག་པར་ལྟ་བར་འདོད་པའོ། །རྐྱེན་གྱི་སྟོབས་ཀྱིས་ཞེས་བྱ་བ་ནི་འདི་ལྟར་གང་དག་གཞན་གྱི་སྒྲའི་སྟོབས་ཀྱིས་ལོག་པར་ལྟ་བར་འདོད་པ་སྟེ། རྒྱུའི་སྟོབས་ནི་སྙིང་པོ་དང་ལྡན་པའི་ཕྱིར་རོ། །རང་གི་སྟོབས་ཀྱིས་གཅོད་པ་གང་ཡིན་པ་དང་། གཞན་གྱི་སྟོབས་ཀྱིས་གཅོད་པ་གང་
ཡིན་པ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི་གང་ཞིག་རང་གི་རྟོག་གེའི་སྟོབས་ཀྱིས་གཅོད་པ་དེ་ནི་འཆི་འཕོ་བ་ན་ཉིང་མཚམས་སྦྱོར་བར་འགྱུར་ལ་གང་ཞིག་གཞན་གྱི་སྟོབས་ཀྱིས་ཏེ། གཞན་ལས་ཐོས་པ་ཙམ་གྱི་སྟོབས་ཀྱིས་གཅོད་པ་དེ་ནི་སྐྱེ་བ་ནའོ། །བསམ་པ་ཉམས་པ་ཞེས་བྱ་བ་ནི་ལོག་པར་ལྟ་
Vol. 143 · folio 64a
བ་མངོན་དུ་གྱུར་པས་ཉམས་ཤིང་མ་རུང་བ་སྟེ། དེ་ནི་མཐོང་བའི་ཆོས་ཁོ་ན་ཉིང་མཚམས་སྦྱོར་བར་འགྱུར་རོ། །གང་ཞིག་བསམ་པ་དང་སྦྱོར་བ་ཉམས་པ་ཞེས་བྱ་བ་ནི་གང་ཞིག་ལོག་པར་ལྟ་བ་མངོན་དུ་གྱུར་པ་དང་མཚམས་མེད་པ་ལ་སོགས་པའི་ལས་ཀྱིས་ཉམས་པ་
སྟེ། དེ་ནི་ལུས་ཞིག་ནས་ཉིང་མཚམས་སྦྱོར་བར་འགྱུར་རོ། །འདིར་རང་གི་སྟོབས་ཀྱིས་གཅོད་པ་གང་ཡིན་པ་དང་གཞན་གྱི་སྟོབས་ཀྱིས་གཅོད་པ་གང་ཡིན་པ་འདི་ཡང་གོང་དུ་བཤད་པ་ཁོ་ནའི་རྣམ་གྲངས་ཡིན་ལ། དེ་བཞིན་དུ་ལྟ་བ་ཉམས་པ་གང་ཡིན་པ་དང་ལྟ་བ་དང་ཚུལ་ཁྲིམས་ཉམས་པ་
གང་ཡིན་པ་ཞེས་བྱ་བ་འདི་ཡང་བཤད་མ་ཐག་པ་ཁོ་ནའི་རྣམ་གྲངས་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །རྫོགས་བྱེད་ལ་སོགས་པའོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་སྟོན་པ་དྲུག་པོ་འདི་ལྟ་སྟེ། འོད་སྲུངས་རྫོགས་བྱེད་དང་ཀུན་དུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་
མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མི་ཕམ་པ་སྐྲའི་ལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་ཞེས་བྱ་བ་བསྡུ་སྟེ། དེ་དག་ནི་མེད་པར་ལྟ་བ་ཡིན་པའི་ཕྱིར་དགེ་བའི་རྩ་བ་ཀུན་དུ་ཆད་པ་ནི་ཡིད་ལ་མཚམས་མེད་པ་བྱེད་པ་མ་ཡིན་པའི་ཕྱིར་ལོག་པ་ཉིད་དུ་ངེས་པ་ནི་མ་ཡིན་
ཏེ། མཚམས་མེད་པ་བྱེད་པ་ནི་ལོག་པ་ཉིད་དུ་ངེས་པས་སོ། །མ་སྐྱེས་དགྲ་ནི་མཚམས་མེད་པ་བྱེད་པ་ཡིན་པའི་ཕྱིར་ལོག་པ་ཉིད་དུ་ངེས་པ་ཡིན་ལ་ཡང་དག་པའི་ལྟ་བ་ཅན་ཡིན་པའི་ཕྱིར་དགེ་བའི་རྩ་བ་ཀུན་དུ་འཆད་པ་ནི་མ་ཡིན་ནོ། །ལྷས་སྦྱིན་ནི་དགེ་འདུན་གྱི་དབྱེན་བྱེད་པ་ཡིན་པའི་ཕྱིར་དང་།
དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པར་བྱེད་པ་ཡིན་པའི་ཕྱིར། དགེ་བའི་རྩ་བ་ཀུན་དུ་ཆད་པ་ཡང་ཡིན་ལ་ལོག་པ་ཉིད་དུ་ངེས་པ་ཡང་ཡིན་ནོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ནི་བདག་ཅག་ལ་སོགས་པའོ། །གཞན་མེད་པར་བརྣབ་སེམས་ལ་སོགས་པ་
མངོན་དུ་གྱུར་པ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་ལས་ཀྱི་ལམ་གཞན་མེད་པར་བརྣབ་སེམས་ལ་སོགས་པའི་ནང་ནས་གང་ཡང་རུང་བ་ཞིག་མངོན་དུ་གྱུར་ན་སེམས་པ་ལས་ཀྱི་ལམ་བརྣབ་སེམས་སམ་གནོད་སེམས་སམ་ལོག་པར་ལྟ་བ་གཅིག་དང་ལྷན་ཅིག་འབྱུང་ངོ་། །སེམས་པ་ཉོན་
Vol. 143 · folio 64b
མོངས་པ་ཅན་མ་ཡིན་པ་ཅན་ཞེས་བྱ་བ་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་སྦྱོར་བ་པོ་དེའི་སྦྱོར་བས་སྲོག་གཅོད་པ་ལ་སོགས་པ་འདོད་པས་ལོག་པར་གཡེམ་པ་མ་གཏོགས་པ་གཟུགས་ཅན་རྣམས་ལས་གང་ཡང་རུང་བ་ཅིག་མཐར་ཕྱིན་པར་བྱེད་ན་སེམས་པ་གཅིག་པུ་དེ་དང་ལྷན་ཅིག་
འབྱུང་ངོ་། །བརྣབ་སེམས་ལ་སོགས་པ་ལ་མ་གཏོགས་པའི་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པ་ཞེས་ཀྱང་རྗོད་པར་བྱེད་དེ། ཚུལ་འདི་ནི་དེ་ལ་ཡང་སྲིད་དོ། །གནོད་སེམས་སུ་གྱུར་པ་སྲོག་གཅོད་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གནོད་སེམས་དང་སྲོག་གཅོད་པ་དང་གཉིས་དང་ལྷན་ཅིག་
འབྱུང་ངོ་། །འདོད་པས་ལོག་པར་གཡེམ་པའམ་ཚིག་ཀྱལ་པ་སྨྲ་ན་གཉིས་དང་ལྷན་ཅིག་འབྱུང་བ་སྟེ། བརྣབ་སེམས་དང་འདོད་པས་ལོག་པར་གཡེམ་པ་གཉིས་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་ལ་སོགས་པའི་ནང་ནས་གང་ཡང་རུང་བ་ཞིག་དང་གཉིས་ཁོ་ན་དང་ལྷན་ཅིག་འབྱུང་
ངོ་། །འདི་གླེང་བར་བྱ་སྟེ། གནོད་སེམས་སུ་གྱུར་པ་སྲོག་གཅོད་པ་ཞེས་བྱ་བ་དང་། བརྣབ་སེམས་དང་ལྡན་པ་མ་བྱིན་པར་ལེན་པ་ཞེས་བྱ་བ་འདི་ཅི་རང་བྱེད་པ་ལ་བྱ་འམ་འོན་ཏེ་གཞན་བྱེད་དུ་བཅུག་པ་ཞིག་ཡིན། གལ་ཏེ་རང་བྱེད་པ་ཡིན་ན་ནི་སྲོག་གཅོད་པ་ལ་གནོད་སེམས་གདོན་མི་ཟ་
བར་ཡོད་པའི་ཕྱིར་ལ། མ་བྱིན་པར་ལེན་པ་ཡང་བརྣབ་སེམས་གདོན་མི་ཟ་བར་ཡོད་པའི་ཕྱིར་གནོད་སེམས་སུ་གྱུར་པ་ཞེས་བྱ་བ་དང་བརྣབ་སེམས་དང་ལྡན་པ་ཞེས་བྱ་བའི་ཁྱད་པར་དུ་བྱ་བ་རུང་བ་མ་ཡིན་ཏེ། འཁྲུལ་པ་ལ་ནི་ཁྱད་པར་དུ་བྱ་བར་འདོད་དོ། །འོན་ཏེ་གཞན་བྱེད་དུ་བཅུག་པ་
ཞིག་ཡིན་ན་ནི་བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་རྣམས་ལས་གང་ཡང་རུང་བ་ཞིག་དང་ལྡན་པ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་དང་། ཚིག་ཀྱལ་པ་སྨྲ་ནའོ་ཞེས་བརྗོད་དགོས་སོ་ཞེ་ན་སྨྲས་པ་རང་བྱེད་པ་ཡིན་ནོ། །ཁྱད་པར་དུ་བྱ་བ་
མི་རུང་ངོ་ཞེས་བཤད་པས་མ་ཡིན་ནམ་ཞེ་ན་དེ་ནི་ཉེས་པ་མེད་དེ། འདི་ནི་ཁྱད་པར་དུ་བྱ་བ་བརྗོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་འདི་ནི་དེ་ལ་གཉིས་པར་གྱུར་པ་གནོད་སེམས་དང་བརྣབ་སེམས་དག་ཡོད་པ་ཉིད་དུ་བསྟན་ཏོ་ཞེས་རང་གི་ངོ་བོ་དེ་ལ་བསྙད་པར་ཟད་དོ། །དེ་ལྟ་ན་ཡང་བརྣབ་སེམས་
Vol. 143 · folio 65a
ལ་སོགས་པའི་ནང་ནས་སེམས་གང་ཡང་རུང་བ་ཞིག་དང་ལྡན་པ་སྲོག་གཅོད་པ་ལ་སོགས་པ་དེ་དག་བྱེད་དུ་བཅུག་པའི་སེམས་པ་གཉིས་དང་ལྷན་ཅིག་འབྱུང་བ་སྲིད་པས་དེ་ཡང་བརྗོད་དགོས་པར་འགྱུར་རོ་ཞེ་ན་བརྗོད་དགོས་པ་ནི་བདེན་ན་དེ་སྐད་དུ་བཤད་པ་དེ་ནི་
དཔེར་བརྗོད་པ་ཙམ་དུ་ཟད་པས་ཉེས་པ་མེད་དོ། །གནོད་སེམས་དང་ལྡན་པ་ཅིག་ཅར་དུ་གཞན་གྱི་སྲོག་ཆགས་བསད་པས་འཕྲོག་ནའོ་ཞེས་བྱ་བ་ནི་ཡང་བསད་པ་ཁོ་ནས་དབྲོག་པ་གྲུབ་པ་གང་ཡིན་པ་སྟེ། གང་ལ་གནོད་སེམས་དང་སྲོག་ཆགས་གསོད་པ་དང་མ་བྱིན་པར་ལེན་པའི་ལས་ཀྱི་
ལམ་ཅིག་ཅར་འབྱུང་བའོ། །འོ་ན་ནི་མི་འགྲུབ་པ་མ་ཡིན་ནམ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་གཞན་གྱི་ནོར་འཕྲོག་པའི་ཚེ་གནོད་སེམས་ཡོད་ན་འོ་ན་དེ་མ་བྱིན་པར་ལེན་པ་ནི་ཆགས་པ་ཁོ་ནས་མཐར་ཕྱིན་པར་བྱེད་དོ་ཞེས་བྱ་བ་གྲུབ་པར་མི་འགྱུར་ཏེ། ཆགས་པ་དང་ཞེ་སྡང་དག་ཅིག་
ཅར་མི་འབྱུང་བའི་ཕྱིར་རོ། །སེམས་གཞན་དང་མི་ལྡན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། །ཆགས་པ་ཡིས་ནི་རྫོགས་པར་བྱེད། །ཅེས་བྱ་བའི་ངེས་པ་དེ་ནི་འཕྲོག་པའི་སེམས་དང་ལྡན་པ་ཁོ་ནའི་དེ་རྫོགས་པ་ལ་སྟེ། མ་བྱིན་པར་ལེན་པ་རྫོགས་
པ་ལ་ཤེས་པར་བྱའི་ངེས་པ་འདི་སེམས་གཞན་དང་ལྡན་པ་སྟེ། གསོད་པའི་སེམས་དང་ལྡན་པ་ནི་མ་ཡིན་ནོ། །དབྱེན་བྱ་བའི་བསམ་པ་དང་ལྡན་པ་བརྫུན་གྱི་ཚིག་ཅེས་བྱ་བ་ནི་དབྱེན་བྱ་བའི་བསམ་པ་ལྡན་པའི་ཕྱིར་བརྫུན་དེ་ཉིད་ཕྲ་མ་ཡང་ཡིན་ལ་གྲུབ་པའི་མཐའ་ལས། ཉོན་མོངས་པ་ཅན་
ཀུན་ཀྱལ་པ་ཉིད་ཅེས་འབྱུང་བའི་ཕྱིར་དེ་ཉིད་ཚིག་ཀྱལ་པ་ཡང་ཡིན་ནོ། །དེ་བཞིན་དུ་དབྱེན་བྱ་བའི་བསམ་པ་དང་ལྡན་པའི་ཕྱིར་ཚིག་རྩུབ་པོ་དེ་ཉིད་ཀྱང་ཕྲ་མ་ཡང་ཡིན་ལ་དེ་བཞིན་དུ་ཚིག་ཀྱལ་པ་ཡང་ཡིན་པས་བཞི་དང་ལྷན་ཅིག་འབྱུང་ངོ་། །ཇི་ལྟར་ཞེ་ན་དེ་ལ་ནི་ཡིད་ཀྱི་གཅིག་ཡིན་ལ་ངག་གི་
གསུམ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། བརྫུན་དུ་སྨྲ་ན་ཡང་བརྣབ་སེམས་སམ་གནོད་སེམས་གཅིག་དང་ངག་གི་གསུམ་སྟེ། བརྫུན་དུ་སྨྲ་བ་དང་ཕྲ་མ་དང་ཚིག་ཀྱལ་པ་དག་གོ། །ཚིག་རྩུབ་པོ་སྨྲ་ན་ཡང་ཡིད་ཀྱི་གཅིག་སྟེ་གནོད་སེམས་དང་། ངག་གི་གསུམ་སྟེ། ཚིག་རྩུབ་པོ་དང་ཕྲ་མ་དང་ཚིག་ཀྱལ་པ་
Vol. 143 · folio 65b
དག་གོ། །མིང་གི་སྒོ་ནས་དེ་ལྟར་གསུམ་ཡིན་གྱི་ངོ་བོ་ཉིད་ཀྱི་སྒོ་ནས་ནི་མ་ཡིན་ཏེ། བརྫུན་དུ་སྨྲ་བ་དེ་ཉིད་ལ་ཕྲ་མ་དང་། ཚིག་ཀྱལ་པ་ཞེས་ཀྱང་བྱའི་ངོ་བོ་ཉིད་གསུམ་ཡོད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཚིག་རྩུབ་པོ་ལ་ཡང་མིང་གསུམ་ཡིན་ནོ་ཞེས་བྱ་བར་སྦྱར་བར་བྱའོ། །གཞན་དག་ན་
རེ་ངོ་བོ་ཉིད་ཀྱི་ཁྱད་པར་ཡང་ཡོད་དེ་བརྫུན་དུ་སྨྲ་བ་དང་ཕྲ་མ་དང་ཚིག་ཀྱལ་པའི་རྣམ་པར་རིག་བྱེད་མ་ཡིན་པས་བདག་ཀྱང་ཐ་དད་ལ་དེ་བཞིན་དུ་ཚིག་རྩུབ་པོ་དང་ཕྲ་མ་དང་ཚིག་ཀྱལ་པ་རྣམ་པར་རིག་བྱེད་མ་ཡིན་པ་དག་ཀྱང་ཐ་དད་དོ་ཞེས་ཟེར་རོ། །ཡང་ན་བརྣབ་སེམས་ལ་སོགས་པར་གྱུར་པ་ཞེས་བྱ་བ་
རྒྱས་པར་འབྱུང་བ་ནི་ཡང་ན་བརྣབ་སེམས་ལ་སོགས་པ་དང་ལྡན་པ་བཞི་དང་ལྷན་ཅིག་འབྱུང་སྟེ་དེ་ལ་ནི་ཡིད་ཀྱི་གཅིག་སྟེ། བརྣབ་སེམས་ལ་སོགས་པའི་ནང་ནས་གང་ཡང་རུང་བ་ཞིག་ཡོད་པ་དང་། དེའི་སྦྱོར་བས་ཏེ་བརྣབ་སེམས་ལ་སོགས་པ་དང་ལྡན་པའི་སྦྱོར་བས་སྲོག་གཅོད་པ་ལ་སོགས་
པ་ལས་ཀྱི་ལམ་གང་ཡང་རུང་བ་གསུམ་མཐར་ཕྱིན་པར་བྱེད་ཅིང་རྫོགས་པའི་ཚེའོ། །སེམས་པ་ལྔ་པ་དང་དྲུག་པ་བདུན་དང་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ཇི་ལྟར་ཞེ་ན་རེ་ཞིག་ལྔ་དང་ལྷན་ཅིག་གཅིག་འབྱུང་བ་ནི་བརྣབ་སེམས་ལ་སོགས་པ་དང་ལྡན་པ་དེའི་སྦྱོར་བས་གཞན་བཞི་མཐར་ཕྱིན་པར་
བྱེད་ནའོ། །དེ་བཞིན་དུ་བརྣབ་སེམས་ལ་སོགས་པ་དང་ལྡན་པ་གཞན་ལྔ་དང་དྲུག་མཐར་ཕྱིན་པར་བྱེད་ན་ཡང་དྲུག་དང་བདུན་དང་ལྷན་ཅིག་འབྱུང་ངོ་། །བརྒྱད་དང་ལྷན་ཅིག་འབྱུང་བ་ནི་བརྣབ་སེམས་ལ་སོགས་པ་དང་ལྡན་པ་སྲོག་གཅོད་པ་ལ་སོགས་པ་དྲུག་ལ་སྦྱོར་བ་བྱས་ནས་འདོད་པས་ལོག་པར་
གཡེམ་པ་བདག་ཉིད་ཀྱིས་བྱེད་ལ་མཉམ་དུ་མཐར་ཕྱིན་པར་འགྱུར་ནའོ། །དགུ་དང་བཅུ་དང་ལྷན་ཅིག་འབྱུང་ངོ་ཞེས་བྱ་བ་འདི་ནི་མེད་དེ། ཡིད་ཀྱི་ལས་ཀྱི་ལམ་རྣམས་ཅིག་ཅར་འབྱུང་བ་མེད་པའི་ཕྱིར་རོ། །གཅིག་དང་བརྒྱད་དང་ལྔ་དང་མིན། །ཞེས་བྱ་བ་ནི་ཡིད་ཀྱི་གཅིག་ཁོ་ན་དང་ནི་མ་
ཡིན་ཏེ། སེམས་པ་དགེ་བ་ལ་བརྣབ་སེམས་མེད་པ་དང་གནོད་སེམས་མེད་པ་དག་གདོན་མི་ཟ་བར་ཡོད་པའི་ཕྱིར་རོ། །སེམས་པ་ལས་ཀྱི་ལམ་གཟུགས་ཅན་སྡོམ་པས་བསྡུས་པ་གཅིག་དང་ལྷན་ཅིག་འབྱུང་བ་ཡང་མ་ཡིན་ཏེ། དགེ་བསྙེན་གྱི་སྡོམ་པ་ལ་སོགས་པ་ལ་ཉོན་མོངས་པ་ཅན་དང་ལུང་དུ་
Vol. 143 · folio 66a
མ་བསྟན་པའི་སེམས་ཀྱི་གནས་སྐབས་ན་ཡང་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་དང་བརྫུན་དུ་སྨྲ་བ་སྤོང་བ་དག་གདོན་མི་ཟ་བར་ལྷན་ཅིག་འབྱུང་བའི་ཕྱིར་རོ། །ལྔ་ཁོ་ན་ལ་ཡང་མ་ཡིན་ཏེ། སེམས་པ་དགེ་བ་ལ་ནི་
བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དག་ཀྱང་གདོན་མི་ཟ་བར་ལྷན་ཅིག་འབྱུང་བའི་ཕྱིར་ལ། སྲོག་གཅོད་པ་སྤོང་བ་ལ་སོགས་པ་སྡོམ་པས་བསྡུས་པ་བཞི་པོ་འདི་དག་ཀྱང་གདོན་མི་ཟ་བར་ལྷན་ཅིག་འབྱུང་བའི་ཕྱིར་རོ། །བརྒྱད་པ་ཁོ་ན་དང་ཡང་མ་ཡིན་ཏེ། དགེ་སློང་གི་
སྡོམ་པས་བསྡུས་པའི་ལུས་དང་ངག་གི་ལས་ཀྱི་ལམ་རྣམས་ནི་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པའི་སེམས་ཀྱི་གནས་སྐབས་ན་ཡང་བདུན་ཆར་ཡོད་པའི་ཕྱིར་ལ། དགེ་བའི་སེམས་ཀྱི་གནས་སྐབས་ན་ནི་དགུའམ་བཅུ་ཡོད་པའི་ཕྱིར་ཏེ། ཤུགས་ཀྱིས་ན་གཉིས་ལ་སོགས་པ་དང་ལྷན་
ཅིག་འབྱུང་ངོ་ཞེས་བཤད་པ་ཡིན་ནོ། །དེ་ལ་གཉིས་དང་ལྷན་ཅིག་འབྱུང་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་ལ་གཉིས་དང་ལྷན་ཅིག་འབྱུང་བ་དགེ་བའི་རྣམ་པར་ཤེས་པ་ལྔ་ལ་གནས་པ་ལ་ནི་བརྣབ་སེམས་མེད་པ་དང་གནོད་སེམས་མེད་པ་དག་ཡོད་ཀྱི་གྲུབ་པའི་མཐའ་ལས། རྣམ་ཤེས་
ལྔ་དང་མཚུངས་སྐྱེས་བློ། །ངེས་རྟོག་མེད་ཕྱིར་ལྟ་བ་ཡིན། །ཞེས་འབྱུང་བའི་ཕྱིར་ཡང་དག་པའི་ལྟ་བ་ནི་མེད་དོ། །དེའི་ཕྱིར་འདི་ལ་ནི་བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དག་ཁོ་ན་དང་ལྷན་ཅིག་འབྱུང་ངོ་། །གཟུགས་མེད་པའི་སྙོམས་པར་འཇུག་པའི་ཟད་པ་དང་མི་སྐྱེ་བའི་ཤེས་
པ་ལ་གནས་པའོ་ཞེས་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པས་བསྡུས་པའི་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ལ་གནས་པའི་ཡང་འདི་གཉིས་ཁོ་ན་དང་ལྷན་ཅིག་འབྱུང་སྟེ། ཟད་དང་མི་སྐྱེ་བློ་ལྟ་མིན། །ཞེས་འབྱུང་བས་དེ་ནི་ཡང་དག་པའི་ལྟ་བ་མེད་པའི་ཕྱིར་རོ། །གཟུགས་མེད་པའི་སྙོམས་པར་
འཇུག་པ་སྨོས་པ་ནི་བསམ་གཏན་གྱི་སྙོམས་པར་འཇུག་པས་བསྡུས་པའི་ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ལ་གནས་པ་ལ་ལུས་དང་ངག་གི་ལས་ཀྱི་ལམ་ཟག་པ་མེད་པའི་སྡོམ་པའི་རང་བཞིན་ནི་རྣམ་པ་བདུན་ཡོད་པ་ཟློག་པའི་ཕྱིར་རོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་སྨོས་པ་ནི་ཡང་དག་པའི་ལྟ་བ་བསལ་བའི་ཕྱིར་ཏེ་ཟད་པ་
Vol. 143 · folio 66b
དང་མི་སྐྱེ་བ་ཤེས་པ་དག་ནི་ཡང་དག་པའི་ལྟ་བའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །གསུམ་དང་ལྷན་ཅིག་འབྱུང་བ་ནི་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པའོ་ཞེས་བྱ་བ་ནི་ལས་ཀྱི་ལམ་གཟུགས་ཅན་མེད་པ་ལ་ཞེས་བྱ་བའི་ཚིག་ལྷག་མ་ཡིན་ཏེ། དེ་ལ་ནི་
ལས་ཀྱི་ལམ་བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དང་ཡང་དག་པའི་ལྟ་བ་གསུམ་ཁོ་ན་ཡིན་ནོ། །བཞི་དང་ལྷན་ཅིག་འབྱུང་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མི་དགེ་བའམ་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་ཞེས་ཁྱད་པར་དུ་བྱས་པའི་ཕྱིར། ཡིད་ཀྱི་ནི་མེད་དོ་ཞེས་བསྟན་པ་ཡིན་
ནོ། །དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་ལེན་པ་ན་ཡང་ལས་ཀྱི་ལམ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་སྤོང་བའི་མཚན་ཉིད་བཞི་ཁོ་ན་ཡོད་དེ། མྱོས་པར་འགྱུར་བ་འཐུང་བ་སྤོང་བ་ལ་སོགས་པ་ནི་ལས་ཀྱི་
ལམ་བཅུའི་ནང་དུ་མ་གཏོགས་པའི་ཕྱིར་ཏེ། ཚིག་རྩུབ་པོ་སྤོང་བ་ལ་སོགས་པ་ཡང་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པས་མ་བསྡུས་པའི་ཕྱིར་རོ། །དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་ལེན་པ་སྨོས་པས་ནི་དགེ་བསྙེན་གྱི་སྡོམ་པ་ཡང་དག་པར་ལེན་པ་ཡང་བཤད་པའི་ངོ་བོར་ཁོང་དུ་ཆུད་པར་བྱ་
སྟེ། དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་ལེན་པ་ན་ནི། ལས་ཀྱི་ལམ་བཞི་མི་ཚངས་པར་སྤྱོད་པ་སྤོང་བ་ཡིན་ལ། འདོད་པས་ལོག་པར་གཡེམ་པ་སྤོང་བ་ཡང་དེའི་ནང་དུ་འདུས་པ་ཁོ་ན་ཡིན་ནོ། །དྲུག་པ་དང་ལྷན་ཅིག་འབྱུང་བ་ནི་དགེ་བའི་རྣམ་པར་ཤེས་པ་ལྔ་ལ་གནས་པ་དེ་ཡང་དག་པར་
ལེན་པ་ནའོ་ཞེས་བྱ་བ་ནི་ཇི་སྐད་བཤད་པ་བཞི་པོ་དེ་དག་དང་། བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དག་དང་དྲུག་དང་ལྷན་ཅིག་འབྱུང་སྟེ། རྣམ་པར་ཤེས་པ་ལྔ་ལ་ཡང་དག་པའི་ལྟ་བ་མེད་པའི་ཕྱིར་རོ། །བདུན་པ་དང་ལྷན་ཅིག་འབྱུང་བ་ནི་དགེ་བའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་ཏེ་
དེ་ཁོ་ན་ཡང་དག་པར་ལེན་པ་སྟེ། དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་ཁོ་ན་ཡང་དག་པར་ལེན་པ་ན་ཇི་སྐད་བཤད་པ་དེ་དག་ཁོ་ན་དང་ལས་ཀྱི་ལམ་བདུན་པ་ནི་ཡང་དག་པའི་ལྟ་བ་དང་ལྷན་ཅིག་འབྱུང་སྟེ། དགེ་བའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ནི་ཡང་དག་པའི་ལྟ་བ་ཡོད་པས་སོ།། །།
Vol. 143 · folio 67a
བམ་པོ་སུམ་ཅུ་རྩ་དྲུག་པ། མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་ཁོ་ན་དགེ་སློང་གི་སྡོམ་པ་ཡང་དག་པར་ལེན་པ་ན་གཟུགས་ཅན་བདུན་ཁོ་ན་དང་ལྷན་ཅིག་འབྱུང་སྟེ་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པའི་ཕྱིར་ཡིད་ཀྱི་དག་དང་ནི་མ་ཡིན་
ནོ། །དགུ་དང་ལྷན་ཅིག་འབྱུང་བ་ནི་དགེ་བའི་རྣམ་པར་ཤེས་པ་ལྔ་ལ་གནས་པ་དེ་ཡང་དག་པར་ལེན་པ་སྟེ། དགེ་སློང་གི་སྡོམ་པ་ཡང་དག་པར་ལེན་པ་ན་སྟེ། ཡང་དག་པའི་ལྟ་བ་ཁོ་ན་མེད་པའི་ཕྱིར་རོ། །ཟད་པ་དང་། མི་སྐྱེ་བ་ཤེས་པ་དང་། མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་
ཤེས་པ་ལ་གནས་པའི་ཡང་དགུ་པོ་དེ་དག་ཁོ་ན་དང་ལྷན་ཅིག་འབྱུང་སྟེ། དེ་ལ་ཡང་དག་པའི་ལྟ་བ་མེད་པའི་ཕྱིར་རོ། །དེ་དག་ཉིད་བསམ་གཏན་གྱིས་བསྡུས་པ་ལ་གནས་པའོ་ཞེས་བྱ་བ་ནི་ཟད་པ་དང་། མི་སྐྱེ་བ་ཤེས་པ་དང་། མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་དེ་ཉིད་བསམ་གཏན་
གྱིས་བསྡུས་པ་ལ་གནས་པའི་ཡང་གཟུགས་ཅན་བསམ་གཏན་གྱི་སྡོམ་པས་བསྡུས་པ་བདུན་དང་། བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དང་། དགུ་དང་ལྷན་ཅིག་འབྱུང་ངོ་། །བཅུ་དང་ལྷན་ཅིག་འབྱུང་བས་ནི་དེ་ལས་གཞན་པའི་ཞེས་བྱ་བ་ནི་ཟད་པ་དང་། མི་སྐྱེ་བ་ཤེས་པ་ལས་གཞན་
པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པ་དགེ་སློང་གི་སྡོམ་པ་ཡང་དག་པར་ལེན་པ་ཁོ་ནའོ། །ཐམས་ཅད་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བསམ་གཏན་དང་། ཟག་པ་མེད་པའི་སྡོམ་པ་དང་ལྷན་ཅིག་འབྱུང་བའི་སེམས་པ་ཟད་པ་དང་། མི་སྐྱེ་བ་ཤེས་པ་དང་མཚུངས་པར་ལྡན་པ་མ་ཡིན་
པ་ཐམས་ཅད་ཀྱང་ལུས་དང་ངག་གི་བསམ་གཏན་དང་། ཟག་པ་མེད་པས་བསྡུས་པ་བདུན་དང་། ཡིད་ཀྱི་གསུམ་དང་། བཅུ་དང་ལྷན་ཅིག་འབྱུང་ངོ་། །སེམས་པ་སྡོམ་པས་བསྡུས་པའི་ལས་ཀྱི་ལམ་རྣམས་དང་ནི་དེ་ལྟར་ལྷན་ཅིག་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །སྡོམ་པ་མ་གཏོགས་པར་
ཏེ། སྡོམ་པ་རྣམ་པ་བརྒྱད་མ་གཏོགས་པར་ནི་གཅིག་དང་ལྷན་ཅིག་འབྱུང་བ་ཡོད་དོ། །ཇི་ལྟར་ཞེ་ན། སེམས་གཞན་དང་ལྡན་པ་ཞེས་བྱ་བ་སྨོས་ཏེ། དེ་དག་གི་སྡོམ་པ་ལས་མ་གཏོགས་པའི་དགེ་བའི་ལས་ཀྱི་ལམ་ཀུན་ནས་སློང་བར་བྱེད་པའི་སེམས་ལས་གཞན་པའི་སེམས་དང་ལྡན་པ་སྟེ། ཉོན་
Vol. 143 · folio 67b
མོངས་པ་ཅན་དང་། ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །སྤོང་བའི་ཡན་ལག་གཅིག་ཡང་དག་པར་ལེན་པ་ནའོ་ཞེས་བྱ་བ་ནི་སྲོག་གཅོད་པའི་ཡན་ལག་སྤོང་བའམ། མ་བྱིན་པར་ལེན་པ་སྤོང་བ་ཡང་དག་པར་ལེན་པ་ན་ལས་ཀྱི་ལམ་དེ་གཅིག་དང་ལྷན་ཅིག་
འབྱུང་ངོ་། །ལྔ་དང་བརྒྱད་དང་ལྷན་ཅིག་འབྱུང་བ་ཡང་ཡོད་དེ་ཞེས་བྱ་བ་ནི་དགེ་བའི་ཡིད་ཀྱི་རྣམ་པར་ཤེས་པ་དང་ལྷན་ཅིག་གང་ཟག་ཅིག་ཅར་དུ་ཡན་ལག་གཉིས་ཡང་དག་པར་ལེན་པ་ན་ཡིད་ཀྱི་གསུམ་དང་། གཟུགས་ཅན་གཉིས་དང་། ལྔ་དང་ལྷན་ཅིག་འབྱུང་ངོ་། །ཅིག་ཅར་ཡན་ལག་
ལྔ་ཡང་དག་པར་ལེན་པ་ན་གཟུགས་ཅན་ལྔ་པོ་དེ་དག་དང་། ཡིད་ཀྱི་གསུམ་དང་། བརྒྱད་དང་ལྷན་ཅིག་འབྱུང་ངོ་། །འདི་ནི་དཔེར་བརྗོད་པའི་ངོ་བོར་བཤད་པ་ཡིན་པས་དེ་ལས་གཞན་དུ་ཡང་བརྗོད་པར་ནུས་ཏེ། ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་སྡོམ་པས་
བསྡུས་པའི་ཡན་ལག་ལྔ་ཡང་དག་པར་ལེན་པ་ན་ཡང་ལྔ་དང་ལྷན་ཅིག་འབྱུང་ངོ་། །ཆགས་པར་བྱ་བའི་དངོས་པོ་མེད་པའི་ཕྱིར་ཞེས་བྱ་བ་ནི་དམྱལ་བ་ན་ཆགས་པར་བྱ་བའི་དངོས་པོ་མེད་པའི་ཕྱིར་བརྣབ་སེམས་མངོན་སུམ་དུ་གྱུར་པའི་སྒོ་ནས་མེད་དོ། །ལས་ཀྱི་འབྲས་བུ་མངོན་སུམ་དུ་
གྱུར་པའི་ཕྱིར་ལོག་པར་ལྟ་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་དང་ཞེས་བྱ་བ་ནི་དགོས་པ་མེད་པའི་ཕྱིར་དང་། ཕན་ཚུན་སྙིང་དུ་སྡུག་པ་ལ་སོགས་པ་མེད་པས་རྟག་ཏུ་བྱེ་ཟིན་པའི་ཕྱིར་ཕྲ་མ་མེད་དོ། །ང་ཡིར་འཛིན་པ་མེད་པའི་ཕྱིར་སྒྲ་མི་སྙན་ན་བརྣབ་སེམས་ཀྱི་ལས་ཀྱི་ལམ་མངོན་སུམ་དུ་གྱུར་པའི་སྒོ་
ནས་མེད་དོ། །རྒྱུད་འཇམ་པའི་ཕྱིར་དང་། ཀུན་ནས་མནར་སེམས་ཀྱི་དངོས་པོ་མེད་པའི་ཕྱིར་གནོད་སེམས་མེད་དོ། །སྡིག་པ་ཅན་གྱི་བསམ་པ་མ་ཡིན་པའི་ཕྱིར་ལོག་པར་ལྟ་བ་མེད་ཅིང་། བརྣབ་སེམས་ལ་སོགས་པ་དེ་གསུམ་ཆར་ཡང་མེད་དོ། །དངོས་སུ་ཡང་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་
པས་ཞེས་བཤད་པ་ཡིན་ནོ། །སྡིག་པ་ཅན་གྱི་བསམ་པ་མ་ཡིན་པའི་ཕྱིར་སྲོག་གཅོད་པ་ལ་སོགས་པ་དྲུག་ཅར་ཡང་མངོན་སུམ་དུ་གྱུར་པའི་སྒོ་ནས་མེད་དོ། །ཚེ་ངེས་པའི་ཕྱིར་སྲོག་གཅོད་པ་མེད་དོ། །རྫས་དང་བུད་མེད་ཡོངས་སུ་བཟུང་བ་མེད་པའི་ཕྱིར་གོ་རིམས་བཞིན་དུ་མ་བྱིན་པར་ལེན་པ་དང་། འདོད་
Vol. 143 · folio 68a
པས་ལོག་པར་གཡེམ་པ་མེད་དོ། །དགོས་པ་མེད་པའི་ཕྱིར་བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་ཚིག་རྩུབ་པོ་དག་མེད་དོ། །གལ་ཏེ་ཡོངས་སུ་བཟུང་བ་མེད་ན་ནི་ཇི་ལྟར་འདི་དག་མི་ཚངས་པར་སྤྱོད་པ་ཡིན་ཞེ་ན་ཞེས་འདྲི་བར་བྱེད་དོ། །སྡོམ་པ་མ་ཡིན་པ་མ་གཏོགས་
སོ་ཞེས་བྱ་བ་ནི་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པས་བསྡུས་པ་ཞེས་བྱ་བའི་ཐ་ཚིག་གོ། །འགྲོ་བ་གཞན་དག་ན་གནས་པ་ནི་གསོད་པར་བྱེད་དོ་ཞེས་བྱ་བ་ནི་ཡི་དགས་ལ་སོགས་པའི་འགྲོ་བ་ན་གནས་པའོ། །མགོ་དང་རྐེད་པ་བཅད་ན་འཆིའོ་ཞེས་བྱ་བ་ནི་ལྷ་དག་ཀྱང་མགོ་བཅད་
པ་དང་། རྐེད་པ་བཅད་ན་འཆི་བར་འགྱུར་རོ། །ལྷས་ལྷ་མི་གསོད་ཅེས་བཤད་པ་ནི་ལྷ་དག་མི་གསོད་དོ་ཞེས་བྱ་བར་འདོད་པ་ཡིན་ནོ། །ལྷ་རྣམས་ཀྱི་ཡན་ལག་དང་ཉིང་ལག་བཅད་ཅིང་བཅད་ཀྱང་ཕྱིར་སྐྱེ་བར་འགྱུར་ཏེ། དེ་ལྟ་ཡིན་མོད་ཀྱི། འོན་ཀྱང་མགོ་དང་རྐེད་པ་བཅད་ན་སྟེ། མགོ་
བཅད་པ་དང་། རྐེད་པ་བཅད་ན་ཡང་སླར་འབྱོར་པ་མེད་པས་ལྷ་རྣམས་ཀྱང་གསོད་དོ་སྙམ་དུ་བསམ་པ་ཡིན་ནོ། །ས་གང་ལ་བརྟེན་པ་ཅན་གྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ས་ནི་བསམ་གཏན་བཞི་པའི་བར་ལྔའོ། །འདི་ལ་ས་གང་ལ་བརྟེན་པ་ཡོད་པས་ན་ས་གང་ལ་བརྟེན་པ་ཅན་
ནོ། །འཕགས་པས་ཟག་པ་མེད་པའི་ཚུལ་ཁྲིམས་བསྐྱེད་དེ། འགགས་པས་ཞེས་བྱ་བ་ལ། བསྐྱེད་པ་ནི་ད་ལྟར་གྱི་དུས་སུ་ཕྱིན་པར་བྱས་པའོ། །འགགས་པ་ནི་འདས་པའི་དུས་སུ་ཕྱིན་པར་བྱས་པ་སྟེ། གཟུགས་མེད་པ་དག་ན་ས་གཅིག་ལ་བརྟེན་པ་ཅན་ནས་ས་བཞི་པ་ལ་བརྟེན་
པ་ཅན་གྱི་བར་གྱི་འདས་པ་དེ་དང་ལྡན་ནོ། །འདོད་པ་ལ་སྤྱོད་པ་ལ་བརྟེན་པ་ཅན་ནས་བསམ་གཏན་བཞི་པའི་བར་ལ་བརྟེན་པ་ཅན་གྱི་བར་ས་ལྔ་ཆར་ལ་བརྟེན་པ་ཅན་དང་ནི་མ་འོངས་པ་དང་ལྡན་ཏེ། དེར་སྐྱེས་ཀྱང་རུང་དེར་མ་སྐྱེས་ཀྱང་རུང་སྟེ། དེ་ལ་བརྟེན་པ་ཅན་དང་ལྡན་ནོ། །དམྱལ་བ་དང་།
བྱང་གི་སྒྲ་མི་སྙན་པ་དག་མ་གཏོགས་པ་ཞེས་བྱ་བ་ནི་དེ་ན་ཡང་དག་པར་བླངས་པའི་ཚུལ་ཁྲིམས་མེད་པའི་ཕྱིར་རོ། །གཞན་དག་ན་ནི་གཉི་ག་ཡོད་དོ་ཞེས་བྱ་བ་ནི་ལྷ་དང་། དམྱལ་བ་དང་། བྱང་གི་སྒྲ་མི་སྙན་པ་མ་གཏོགས་པ་དག་ན་ནི་སྡོམ་པར་མ་གཏོགས་པ་དང་། སྡོམ་པས་བསྡུས་པ་གཉི་ག་ཡོད་
Vol. 143 · folio 68b
དོ། །སྡོམ་པ་རྣམ་པ་གསུམ་པོ་སོ་སོར་ཐར་པའི་སྡོམ་པ་དང་། བསམ་གཏན་གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་པ་ཅི་རིགས་པར་གཟུང་བར་བྱའོ། །ཀུན་དུ་བརྟེན་པ་དང་། གོམས་པར་བྱས་པ་དང་། ལན་མང་དུ་བྱས་པ་ཞེས་བྱ་བ་ནི་སྦྱོར་བ་དང་། དངོས་དང་། མཇུག་གི་
གནས་སྐབས་དག་ཏུའོ། །འོ་ན་ཅི་ཞེ་ན། ཚེ་ཐུང་ངུར་འགྱུར་བ་ཞེས་བྱ་བ་ནི་ཚེ་ཐུང་བ་ཉིད་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །ཕྱིའི་དངོས་པོ་རྣམས་ནི་སྨན་དང་། ས་ལ་སོགས་པའོ། །གཟི་མཐུ་ཆུང་བ་ནི་མཐུ་ཆུང་བའོ། །སེར་བ་དང་། ཆར་པ་མང་བ་ཞེས་བྱ་བ་ལ། སེར་བ་
ནི་སེར་དྲག་གོ། །ཆར་པ་ནི་རྡུལ་འབབ་པ་འམ་བཙའ་འབྱུང་བ་སྟེ། གང་གིས་ན་འབྲུ་ལ་སོགས་པ་མ་རུངས་པར་འགྱུར་བའོ། །རྡུལ་གྱིས་འཁྲིགས་པར་འགྱུར་ཞེས་བྱ་བ་ནི་རྡུལ་གྱིས་ཁེབས་པར་འགྱུར་བའོ། །མཐོ་དམན་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་ཐག་ཐུག་ཅན་དུ་འགྱུར་བའོ། །ཚ་སྒོ་
ཅན་དང་དགོན་དུང་ནི་ཚ་སྒོ་ཅན་དང་དགོན་དུང་ངོ་། །དེ་དག་ཀྱང་གང་ཞེ་ན། ཕྱིའི་དངོས་པོ་ཞེས་བྱ་བར་སྐབས་དང་སྦྱར་ཏེ། དེ་ལྟ་བུའི་སར་འགྱུར་རོ་སྙམ་དུ་བསམ་པ་ཡིན་ནོ། །ཐ་ཆད་ནི་སྨད་པ་ཡིན་ནོ། །དུས་ལོག་པ་ཅན་ཞེས་བྱ་བ་ནི་འདི་དག་ལ་དུས་ལོག་པ་ཡོད་པས་ན་དུས་ལོག་པ་ཅན་
ཏེ། འབྲུ་ལ་སོགས་པའི་སྨན་དག་ཡིན་ཏེ། གང་དུ་ཆར་པ་འབབ་པའི་རྒྱུ་དེར་ནི་ཆར་པ་མི་འབབ་ཅིང་། གང་དུ་གྲང་བའི་རྒྱུ་དེར་ནི་མི་གྲང་ལ། གང་དུ་དྲོ་བའི་རྒྱུ་དེར་ནི་མི་དྲོ་ཞེས་བྱ་བར་སྦྱར་རོ། །དེ་ནི་རྣམ་པར་སྨིན་པའི་འབྲས་བུ་ཡིན་ལ་ཞེས་བྱ་བ་ནི་སེམས་ཅན་གྱི་རྒྱུད་ལ་ཡོད་པའོ། །འདི་
ནི་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ་ཞེས་བྱ་བ་ནི་ཕྱིའི་དངོས་པོ་ཡིན་པས་དེ་རྣམ་པར་སྨིན་པའི་འབྲས་བུ་ནི་མ་ཡིན་ནོ། །དེར་ནི་སྦྱོར་བས་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སྲོག་གཅོད་པའི་སྦྱོར་བ་ནི་དམྱལ་བར་སྡུག་བསྔལ་མི་བཟད་པ་ཉམས་སུ་མྱོང་བར་འགྱུར་ཏེ། སྲོག་གཅོད་པའི་སྦྱོར་བ་བྱེད་
པ་ན་གསད་པར་བྱ་བའི་སྲོག་ཆགས་ཤིན་ཏུ་སྡུག་བསྔལ་བར་འགྱུར་རོ། །འདིར་ནི་དངོས་ཀྱིས་ཚེ་ཐུང་བར་འགྱུར་ཏེ། ཇི་ལྟར་གསད་པར་བྱ་བའི་སྲོག་ཆགས་དེའི་སྲོག་གཅད་པ་ལྟར་འདིར་ཡང་དེ་དང་འདྲ་བ་ཁོ་ན་ཡིན་ནོ། །ལས་ཀྱི་ལམ་དངོས་ནི་སྐད་ཅིག་མ་གཅིག་ཁོ་ན་ཡིན་ནོ། །དེ་ན་ཡང་
Vol. 143 · folio 69a
སྡུག་བསྔལ་གྱི་ཚོར་བ་མེད་པས་འདིར་ནི་དངོས་ཀྱི་ཡིན་ཏེ་ཞེས་བརྗོད་པར་རིགས་སོ། །སྨྲས་པ་གལ་ཏེ་དེར་ནི་སྦྱོར་བས་ཡིན་ལ། འདིར་ནི་དངོས་ཀྱིས་ཡིན་ན་ཅིའི་ཕྱིར་འདི་སྐད་དུ་སྲོག་གཅོད་པ་ཀུན་དུ་བསྟེན་པ་དང་། གོམས་པར་བྱས་པ་དང་། ལན་མང་དུ་བྱས་པས་
དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་གསུངས་ཏེ། མདོའི་དོན་ནི་སྲོག་གཅོད་པ་དངོས་ཀྱིས་ཞེས་བྱ་བ་ཡིན་ནོ་ཞེས་བྱ་བར་མཐོང་ནས་དེ་སྐད་དུ་འདྲི་བ་ཡིན་ནོ། །འཁོར་དང་བཅས་པ་སྨོས་པའི་ཕྱིར་ཞེས་བྱ་བ་ནི་སྲོག་གཅོད་པ་ནི་དངོས་ཁོ་ན་ཡིན་ནོ། །དེའི་འཁོར་ནི་སྦྱོར་བ་ཡིན་ཏེ།
སྦྱོར་བ་དེ་ལ་སྲོག་གཅོད་པ་ཉེ་བར་གདགས་པ་མཛད་ནས་འདི་སྐད་དུ། སྲོག་གཅོད་པས་ཞེས་བྱ་བ་རྒྱས་པར་བཤད་པ་ཡིན་ནོ། །གཉིས་པོ་འདི་ལས་མི་འདའི་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་འབྲས་བུ་དང་། བདག་པོའི་འབྲས་བུ་ཞེས་བྱ་བ་སྟེ། རང་གི་རྒྱུད་ལ་ཡོད་པ་ནི་རྣམ་པར་སྨིན་པའི་
འབྲས་བུ་ཡིན་ལ། གཞན་ལ་ཡོད་པ་ནི་བདག་པོའི་འབྲས་བུ་ཡིན་པའི་ཕྱིར་རོ། །འདྲ་བའི་ཁྱད་པར་ལས་དེ་སྐད་དུ་བཤད་པར་ཟད་དོ་ཞེས་བྱ་བ་ནི་སྲོག་ཡིད་དུ་འོང་བ་འཆད་པ་དང་། ལོངས་སྤྱོད་ཀྱིས་ཕོངས་པ་ལ་སོགས་པའི་ཁྱད་པར་ལས་དེ་སྐད་དུ། བརྒྱ་ལ་འདི་ལྟ་བུར་མི་རྣམས་དང་སྐལ་
བ་མཉམ་པར་འོང་ན་ཡང་སྲོག་གཅོད་པས་ནི་ཚེ་ཐུང་བར་འགྱུར་ལ། མ་བྱིན་པར་ལེན་པས་ནི་ལོངས་སྤྱོད་ཀྱིས་ཕོངས་པར་འགྱུར་རོ་ཞེས་རྒྱས་པར་བཤད་པར་ཟད་དེ། འདི་ལ་ནི་རྒྱུ་དང་འབྲས་བུ་དག་འདྲ་བ་ཉིད་ཡིན་ནོ། །དེ་བཞིན་དུ་དགེ་བ་དག་ལ་ཡང་རྒྱུ་མཐུན་པའི་འབྲས་བུ་ནི་རྣམ་པར་སྨིན་པའི་
འབྲས་བུ་དང་། བདག་པོའི་འབྲས་བུ་ལས་མི་འདའི་འདྲ་བའི་ཁྱད་པར་ལས་དེ་སྐད་དུ། བརྒྱ་ལ་འདི་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་འོང་ན་ཡང་སྲོག་གཅོད་པ་སྤོང་བས་ནི་ཚེ་རིང་པོར་འགྱུར་རོ་ཞེས་བཤད་པར་ཟད་དོ་ཞེས་བྱ་བར་རྒྱས་པར་བརྗོད་པར་བྱའོ། །གཞན་དག་ལ་ཡང་དེ་བཞིན་
དུ་སྦྱར་བར་བྱའོ་ཞེས་བྱ་བ་ནི་མ་བྱིན་པར་ལེན་པས་ནི་རྫས་ཀྱི་བདག་པོ་སྡུག་བསྔལ་བསྐྱེད་པ་དང་། ལོངས་སྤྱོད་ཀྱིས་ཕོངས་པར་བྱས་པ་དང་། གཟི་བྱིན་མེད་པར་བྱས་པ་ཡིན་ཏེ། དེའི་ཕྱིར་འདི་སྡུག་བསྔལ་བར་བྱས་པ་དང་། ལོངས་སྤྱོད་བོར་བར་བྱས་པ་དང་། གཟི་བྱིན་མེད་པར་བྱས་པའི་ཕྱིར་འབྲས་བུ་རྣམ་
Vol. 143 · folio 69b
པ་གསུམ་དུ་འགྱུར་རོ། །ཇི་ལྟར་གཟི་བྱིན་མེད་པར་བྱས་ཤེ་ན། དེའི་རྒྱུ་མེད་པར་བྱས་པས་ལོངས་སྤྱོད་ཀྱིས་ཕོངས་པར་བྱས་པས་དེ་ལ་གནོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མ་བྱིན་པར་ལེན་པས་ནི་སེར་བ་དང་། ཆར་པ་མངས་པར་འགྱུར་རོ་ཞེས་བྱ་སྟེ། དེས་དེའི་གཟི་བྱིན་ལ་གནོད་པ་དང་བཅས་པར་
འགྱུར་བས་སོ། །དེ་བཞིན་དུ་གཞན་གྱི་བུད་མེད་ལ་ཉལ་པོ་བྱེད་པས་ནི་གཞན་སྡུག་བསྔལ་བསྐྱེད་པ་དང་། ཆུང་མ་དགྲ་དང་བཅས་པར་བྱས་པས་ནི་འཇིག་རྟེན་ན་གཟི་བྱིན་གང་གིས་གཟི་དང་བཅས་པའོ་ཞེས་ངེས་པར་བརྗོད་པའི་གཟི་བྱིན་མེད་པར་བྱས་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་འདོད་པས་ལོག་པར་
གཡེམ་པས་ནི་རྡུལ་གྱིས་འཁྲིགས་པར་འགྱུར་རོ་ཞེས་བཤད་དོ། །དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱ་སྟེ། འདི་ནི་ཕྱོགས་ཡིན་ནོ། །ཐམས་ཅད་མི་དགེ་བ་ལས་བཟློག་སྟེ་སྦྱར་བར་བྱའོ་ཞེས་བྱ་བ་ཇི་ལྟ་ཞེ་ན། མ་བྱིན་པར་ལེན་པ་སྤོང་པ་ཀུན་དུ་བསྟེན་པ་དང་། གོམས་པར་བྱས་པ་དག་
ལན་མང་དུ་བྱས་པས་ལྷ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །བརྒྱ་ལ་འདི་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་འོང་ན་ཡང་ལོངས་སྤྱོད་ཀྱིས་མི་ཕོངས་པར་འགྱུར་རོ། །དེ་བཞིན་དུ་འདོད་པས་ལོག་པར་གཡེམ་པ་སྤོང་བ་ཀུན་དུ་བརྟེན་པ་དང་། གོམས་པར་བྱས་པ་དང་ཞེས་བྱ་བ་རྒྱས་
པར་བརྗོད་ནས། མི་རྣམས་དང་སྐལ་བ་མཉམ་པར་འོང་ན་ཡང་སྐུར་པ་ཉུང་བར་འགྱུར་རོ་ཞེས་བྱ་བའི་བར་བརྗོད་དོ། །ཕྱོགས་འདིས་ཐམས་ཅད་སྦྱར་བར་བྱའོ། །ལྟ་བ་སྣ་ཚོགས་པའི་ཞེས་བྱ་བ་ནི་ངོ་མཚར་དང་། བཀྲ་ཤིས་དང་། ཚེས་གྲངས་དང་། ཡུད་ཙམ་དང་། རྒྱུ་སྐར་ལ་སོགས་པའི་
ལྟ་བ་ཅན་གྱིའོ། །གཞན་ལ་འཚོ་བ་རག་ལུས་པའི་ཞེས་བྱ་བ་ནི་བསོད་སྙོམས་ལ་བརྟེན་ནས་ཞེས་འབྱུང་བའི་ཕྱིར་ཏེ། གཞན་ལ་འཚོ་བ་རག་ལས་པའི་དགེ་སློང་དེའི་འཚོ་བ་ནི་ཚུལ་འཆོས་པ་དང་། ཁ་གསག་དང་། གཞོགས་སློང་དང་། ཐོབ་ཀྱིས་འཇལ་བ་དང་། རྙེད་པས་རྙེད་པར་
བྱེད་འདོད་པས་ལོག་པར་འགྱུར་ཏེ། འཚོ་བའི་ཚུལ་དེ་དག་ནི་སྦྱང་དཀའ་བ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་ལས་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཞེས་བྱ་བའི་ལེའུ་སྟེ། དེ་ལས་དབྱུ་གུ་གསུམ་པ་དེ་ལ་འདི་ལྟ་སྟེ། དགེ་སྦྱོང་ངམ། བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་ཡོངས་སུ་
Vol. 143 · folio 70a
ལོངས་སྤྱད་ནས་ལྟད་མོ་སྣ་ཚོགས་འདི་ལྟ་སྟེ། གླང་པོ་འཐབ་པ་དང་། རྟ་འཐབ་པ་དང་། ཤིང་རྟ་འཐབ་པ་དང་། རྐང་ཐང་འཐབ་པ་དང་། དབྱུག་པས་འཐབ་པ་དང་། ཁུ་ཚུར་གྱིས་འཐབ་པ་དང་། སྟོབས་འགྱེད་པ་དང་། ཁྱུ་མཆོག་འཐབ་པ་དང་། མ་ཧེ་འཐབ་
པ་དང་། ར་འཐབ་པ་དང་། ལུག་འཐབ་པ་དང་། ཁྱིམ་བྱ་འཐབ་པ་དང་། བྱེའུ་བར་ཏ་ཀ་འཐབ་པ་དང་། ཕག་འཐབ་པ་དང་། བུད་མེད་འཐབ་པ་དང་། སྐྱེས་པ་འཐབ་པ་དང་། གཞོན་ནུ་འཐབ་པ་དང་། གཞོན་ནུ་མ་འཐབ་པ་དང་། དགྲ་ནང་ནས་འཐབ་པ་དང་། པང་སྟོབས་བྱེད་
པ་དང་། རྒྱལ་མཚན་གྱི་རྩེ་མོ་དང་། དཔུང་དང་། དམག་གི་ཚོགས་དང་། དམག་བྱིན་པོ་སྟོན་པ་ལ་ལྟ་བར་རྩོམ་པའི་བརྩོན་པ་དང་ལྡན་པར་གནས་པ་འམ། འདུས་པ་ཆེན་པོ་ཉམས་སུ་མྱོང་བར་བྱེད་དེ། དགེ་སློང་ནི་དེ་ལྟ་བུའི་ལྟད་མོ་སྣ་ཚོགས་ལྟ་བར་རྩོམ་པར་བརྩོན་པ་སྤོང་
བ་ཡིན་ནོ། །དབྱུ་གུ་གསུམ་པ་དེ་ལ་འདི་ལྟ་སྟེ། དགེ་སྦྱོང་ངམ་བྲམ་ཟེ་ཁ་ཅིག་དད་པས་བྱིན་པ་ཡོངས་སུ་ལོངས་སྤྱད་ནས། སྒྲ་སྣ་ཚོགས་འདི་ལྟ་སྟེ། གླང་པོ་ཆེའི་སྒྲ་དང་། ཤིང་རྟའི་སྒྲ་དང་། རྐང་ཐང་གི་སྒྲ་དང་། དུང་གི་སྒྲ་དང་། རྔ་བོ་ཆེའི་སྒྲ་དང་། རྔ་ཨ་རཾ་བྷ་རའི་སྒྲ་དང་།
གར་གྱི་སྒྲ་དང་། གླུའི་སྒྲ་དང་། སེ་གོལ་གྱི་སྒྲ་དང་། ལག་པའི་སྒྲ་དང་། རྫ་མའི་སྒྲ་མཉན་པར་རྩོམ་པ་ལ་བརྩོན་པ་དང་ལྡན་པར་གནས་ཤིང་། ཁ་ཅིག་ནི་སྙན་དངགས་ཡི་གེ་སྣ་ཚོགས་པ་དང་། འཇིག་རྟེན་རྒྱང་པན་པ་དང་ལྡན་པའི་ཚིག་དང་། ཡི་གེ་སྣ་ཚོགས་བསྙད་པར་ཉན་
པར་འདོད་དེ། དགེ་སྦྱོང་གི་སྒྲ་སྣ་ཚོགས་པ་དེ་ལྟ་བུ་མཉན་པར་རྩོམ་པའི་བརྩོན་པ་སྤོང་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བཤད་པ་ཡིན་ནོ། །ལོག་པའི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པའི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ། །
གོང་དུ་འབྲས་བུ་ལྔ་བཤད་པ་གང་དག་ཡིན་པ་ཞེས་བྱ་བ་ནི་བདག་པོའི་འབྲས་བུ་དང་། སྐྱས་བུ་བྱེད་པའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། རྣམ་པར་སྨིན་པའི་འབྲས་བུ་དང་བྲལ་བའི་འབྲས་བུའོ། །སྤོང་བའི་ཕྱིར་ལམ་ཡིན་པ་ཞེས་བྱ་བ་ནི་ངོ་བོར་བསྒྲུབ་པ་ཡིན་ཏེ། སྤོང་
Vol. 143 · folio 70b
བའི་ཆེད་ཀྱི་ལམ་ནི་སྤོང་བའི་ལམ་ཞེས་བྱའོ། །འདིས་ཉོན་མོངས་པ་སྤོང་བར་བྱེད་པས་ཞེས་བྱ་བ་ནི་བྱེད་པར་བསྒྲུབ་པ་ཡིན་ཏེ། སྤོང་བ་ཡང་ཡིན་ལ་ལམ་ཞེས་བྱ་བ་ཡང་ཡིན་པས་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ཏིང་ངེ་འཛིན་ལས་སྐྱེས་པའི་ཆོས་འདྲ་བ་ཕྱི་མ་རྣམས་སོ་ཞེས་བྱ་
བ་ལ། ཏིང་ངེ་འཛིན་ལས་སྐྱེས་པ་ཞེས་བྱ་བ་སྨོས་པ་ནི་མཉམ་པར་གཞག་པ་མ་ཡིན་པ་བསལ་བའི་ཕྱིར་རོ། །འདྲ་བ་སྨོས་པ་ནི་ཟག་པ་མེད་པ་དང་། ལུང་དུ་མ་བསྟན་པ་བསལ་བའི་ཕྱིར་རོ། །ལྷན་ཅིག་འབྱུང་བ་ཞེས་བྱ་བ་ནི་དེ་ལ་ཡོད་པ་མཚུངས་པར་ལྡན་པ་ཚོར་བ་ལ་སོགས་པ་དང་ལྡན་
པ་མ་ཡིན་པ་སྐྱེ་བ་ལ་སོགས་པའོ། །གང་ཡང་མ་འོངས་པ་ཐོབ་པ་ཞེས་བྱ་བ་ནི་དེའི་སྟོབས་ཀྱིས་ཆོས་མ་འོངས་པ་འཐོབ་པ་གང་ཡིན་པ་དེ་ཡང་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྤངས་པ་དེ་ཡང་སྐྱེས་བུ་བྱེད་པའི་འབྲས་བུར་རྣམ་པར་གཞག་གི །བྲལ་བའི་འབྲས་བུ་འབའ་
ཞིག་ཏུ་ནི་མ་ཡིན་ནོ། །སྔར་བྱུང་བ་རྣམས་མ་གཏོགས་ཞེས་བྱ་བ་ནི་སྔར་བྱུང་བ་ནི་འབྲས་བུར་མི་རུང་བའི་ཕྱིར་ཏེ། འདི་ལྟར། སྔར་བྱུང་མ་ཡིན་འདུས་བྱས་ནི། །འདུས་བྱས་ཁོ་ནའི་བདག་པོའི་འབྲས། །ཞེས་འབྱུང་བས་སོ། །རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་སོ་ཞེས་བྱ་བ་ནི་
ཟག་པ་མེད་པ་ལ་རྣམ་པར་སྨིན་པ་མེད་པའི་ཕྱིར་རོ། །དེའི་རྒྱུ་མཐུན་པའི་འབྲས་བུ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་ཆོས་འདྲ་བ་ཕྱི་མ་རྣམས་སོ། །བྲལ་བའི་འབྲས་བུ་ནི་བྲལ་བ་ཁོ་ན་ཡིན་ཏེ། སྤངས་པ་གང་ཡིན་པ་དེ་ཡིན་ནོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་དེས་དྲངས་པའི་ཆོས་འདི་ལྟ་སྟེ། རྣམ་
པར་གྲོལ་བའི་ལམ་དང་། དེ་དང་ལྷན་ཅིག་འབྱུང་བ་དང་། གང་ཡང་མ་འོངས་པ་འཐོབ་པ་དང་། སྤངས་པ་དེ་ཡང་ཡིན་ནོ། །བདག་པོའི་འབྲས་བུ་ནི་སྔར་འབྱུང་བ་མ་གཏོགས་པར་རང་གི་ངོ་བོ་ལས་གཞན་པའི་འདུ་བྱེད་ཐམས་ཅད་དོ། །དགེ་དང་མི་དགེ་གང་ཡིན་པའང་། །ཞེས་བྱ་བའི་སྤོང་
བའི་ལམ་ལས་གཞན་པ་ཟག་པ་དང་བཅས་པའི་ལས་མཉམ་པར་བཞག་པ་དང་། མཉམ་པར་མ་བཞག་པ་གང་ཡིན་པ་དེ་ཡང་བྲལ་བའི་འབྲས་བུ་མ་གཏོགས་པ་འབྲས་བུ་བཞིས་འབྲས་བུ་དང་བཅས་པ་ཡིན་ཏེ། སྤོང་བའི་ལམ་མ་ཡིན་པའི་ཕྱིར་བྲལ་བའི་འབྲས་བུ་ནི་མེད་དོ། །དེའི་རྣམ་པར་
Vol. 143 · folio 71a
སྨིན་པའི་འབྲས་བུ་ནི་རང་གི་སར་གཏོགས་པའི་རྣམ་པར་སྨིན་པ་ཡིད་དུ་འོང་བ་འམ། ཡིད་དུ་མི་འོང་བ་ཡིན་ནོ། །རྒྱུ་མཐུན་པའི་འབྲས་བུ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་ཆོས་འདྲ་བ་ཕྱི་མ་རྣམས་སོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་དེས་དྲངས་པའི་ཆོས་ལྷན་ཅིག་འབྱུང་
བ་འམ། མཇུག་ཐོགས་སུ་འབྱུང་བ་རྣམས་སོ། །ལྷག་མ་བདག་པོའི་འབྲས་བུ་ནི་སྔ་མ་བཞིན་ནོ། །ཟག་པ་མེད་པ་ལྷག་མ་དང་། །ཞེས་བྱ་བ་ལ། ལྷག་མ་ཞེས་སྨོས་པ་ནི་སྤོང་བའི་ལམ་བསལ་བའི་ཕྱིར་རོ། །དེ་ཡང་སྦྱོར་བ་དང་། རྣམ་པར་གྲོལ་བ་དང་། ཁྱད་པར་གྱི་ལམ་དག་ལ་
ཡོད་པ་གང་ཡིན་པ་སྟེ། དེ་ནི་སྤོང་བའི་ལམ་མ་ཡིན་པའི་ཕྱིར་བྲལ་བའི་འབྲས་བུ་ཡང་མེད་ལ། ཟག་པ་མེད་པ་ཡིན་པའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་ཡང་མེད་དོ། །ལྷག་མ་ནི་སྔ་མ་བཞིན་དུ་ཡོད་དོ། །ལུང་དུ་མ་བསྟན་པའི་ལས་གང་ཡིན་པ་སྟེ། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་
ལ་ལུང་དུ་མ་བསྟན་པ་དེ་ཡང་གསུམ་གྱིས་འབྲས་བུ་དང་བཅས་པ་ཡིན་ཏེ། སྤོང་བའི་ལམ་མ་ཡིན་པའི་ཕྱིར་དེ་ལ་བྲལ་བའི་འབྲས་བུ་ཡང་མེད་ལ། ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་ཡང་མེད་དོ། །ལྷག་མ་ནི་སྔ་མ་བཞིན་དུ་ཡོད་པ་ཁོ་ནའོ། །དགེ་བའི་
དགེ་བ་ལ་སོགས་པ་ནི། བཞི་དང་གཉིས་དང་དེ་བཞིན་གསུམ། །ཞེས་བྱ་བ་འདི་ནི་གོ་རིམས་ཇི་ལྟ་བ་བཞིན་ཏེ། ཇི་ལྟ་ཞེ་ན། དགེ་བའི་འབྲས་བུ་ཆོས་དགེ་བ་ནི་བཞིའོ། །དེ་ཉིད་ཀྱི་འབྲས་བུ་མི་དགེ་བ་ནི་གཉིས་སོ། །དེ་ཉིད་ཀྱི་འབྲས་བུ་ལུང་དུ་མ་བསྟན་པ་ནི་གསུམ་མོ་ཞེས་བྱ་བ་ཡིན་ནོ། །རྣམ་པར་
སྨིན་པའི་འབྲས་བུ་མ་གཏོགས་སོ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ནི་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རོ། །མི་དགེ་བ་གཉིས་ཏེ་ཞེས་བྱ་བ་ནི་སྐྱེས་བུ་བྱེད་པ་དང་། བདག་པོའི་འབྲས་བུ་དག་གོ། །རྒྱུ་མཐུན་པའི་འབྲས་བུ་ནི་མེད་དེ། འདི་ལྟར་དགེ་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ནི་ཆོས་དགེ་བ་རྣམས་
ཡིན་པས་སོ། །རྣམ་པར་སྨིན་པའི་འབྲས་བུ་ཡང་མེད་དེ། འདི་ལྟར་རྣམ་པར་སྨིན་པ་ནི་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་ལ། མི་དགེ་བ་དག་ནི་རྣམ་པར་སྨིན་པའི་ཕྱིར་ལུང་དུ་མ་བསྟན་པ་ཡིན་པས་སོ། །བྲལ་བའི་འབྲས་བུ་ཡང་མེད་དེ། མི་དགེ་བ་ཡིན་པའི་ཕྱིར་རོ། །ཤུགས་ཀྱིས་ན་སྐྱེས་བུ་
Vol. 143 · folio 71b
བྱེད་པ་དང་། བདག་པོའི་འབྲས་བུ་དག་ཡིན་ཏེ། དེ་དག་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །ལུང་དུ་མ་བསྟན་པ་ནི་བཞི་སྟེ་ཞེས་བྱ་བ་ཇི་ལྟར་མི་དགེ་བའི་རྒྱུ་མཐུན་པའི་འབྲས་བུ་ལུང་དུ་མ་བསྟན་པའི་ཆོས་དག་ཡིན་ཞེ་ན། ཇི་ལྟར་ཡིན་པར་མི་འགྱུར། མི་འདྲ་བའི་ཕྱིར་ཏེ། རྣམ་པར་སྨིན་
པ་དང་བཅས་པ་དང་། རྣམ་པར་སྨིན་པ་མེད་པ་ཡིན་པའི་ཕྱིར་ཏེ། མི་དགེ་བ་ནི་ལུང་དུ་མ་བསྟན་པའི་ཆོས་དག་དང་མི་འདྲའོ་ཞེ་ན་དེ་ནི་ཉེས་པ་མེད་དེ། མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་རྣམས་ནི་ཉོན་མོངས་པ་ཅན་དུ་འདྲ་བ་ཉིད་ཀྱིས་འདྲ་བ་ཡོད་དོ། །དེ་ལྟ་བས་ན་བསྒྲིབས་ལ་ལུང་དུ་
མ་བསྟན་པ་རྣམས་ཀྱང་མི་དགེ་བ་དག་གི་རྒྱུ་མཐུན་པའི་འབྲས་བུར་རུང་ལ། མི་དགེ་བ་རྣམས་ཀྱང་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་གི་རྒྱུ་མཐུན་པའི་འབྲས་བུར་རུང་ངོ་། །དེའི་ཕྱིར། ལུང་དུ་མ་བསྟན་པ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འཇིག་ཚོགས་དང་། མཐར་འཛིན་པར་ལྟ་བ་དག་
ནི་མི་དགེ་བ་ཀུན་དུ་འགྲོ་བ་སྡུག་བསྔལ་དང་། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་རྣམས་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་འདོད་ཆགས་ལ་སོགས་པའི་རྒྱུ་མཐུན་པའི་འབྲས་བུ་ཡིན་ཏེ། སྐལ་མཉམ་ཀུན་དུ་འགྲོ་བ་ཡི། །འབྲས་བུ་རྒྱུ་མཐུན་ཞེས་འབྱུང་བའི་ཕྱིར་རོ། །མི་དགེ་
བ་རྣམས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བའི་མི་དགེ་བ་རིས་ལྔ་པ་རྣམས་ནི་ལུང་དུ་མ་བསྟན་པའི་འཇིག་ཚོགས་དང་། མཐར་འཛིན་པར་ལྟ་བ་གཉིས་ཀྱི་འབྲས་བུ་ཡིན་ནོ། །དེ་དག་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་དང་བྲལ་བའི་
འབྲས་བུ་མ་གཏོགས་པ་གསུམ་མོ། །འདས་པའི་ལས་ཀྱི་འབྲས་བུ་དུས་གསུམ་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་ནི་བཞིའོ། །བྲལ་བའི་འབྲས་བུ་ནི་མ་གཏོགས་སོ་ཞེས་བྱ་བ་ནི་དེ་ནི་ཁམས་སུ་མ་གཏོགས་པའི་ཕྱིར་རོ། །ཇི་ལྟར་བྱས་པས་ཤེ་ན། འདས་པའི་
ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་དེའི་རྣམ་པར་སྨིན་པ་འདས་པ་ཕྱི་མ་ཡིན་ནོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་དེས་དྲངས་པ་འདས་པ་ལྷན་ཅིག་སྐྱེས་པ་འམ། ཕྱིས་མཇུག་ཐོགས་སུ་འདས་པ་ཡིན་ནོ། །བདག་པོའི་འབྲས་བུ་ནི་འདས་པ་དེ་དང་ལྷན་ཅིག་འབྱུང་བ་རང་གི་ངོ་བོ་མ་གཏོགས་པ་
Vol. 143 · folio 72a
རྣམས་དང་། ཕྱིས་འབྱུང་བའི་ཆོས་རྣམས་ཡིན་ནོ། །རྒྱུ་མཐུན་པའི་འབྲས་བུ་ནི་ཕྱིས་འབྱུང་བའི་ཆོས་འདྲ་བ་རྣམས་ཡིན་ནོ། །འདས་པའི་རྣམ་པར་སྨིན་པའི་འབྲས་བུ་མ་འོངས་པ་ནི་དེའི་རྣམ་པར་སྨིན་པ་ཡིན་ནོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་གང་གི་སྟོབས་ཀྱིས་ཆོས་
མ་འོངས་པ་འཐོབ་པ་དེ་ཡིན་ནོ། །བདག་པོའི་འབྲས་བུ་ནི་དེའི་འབྲས་བུ་མ་འོངས་པ་གང་ཡིན་པའོ། །རྒྱུ་མཐུན་པའི་འབྲས་བུ་ནི་དེ་དང་འདྲ་བ་མ་འོངས་པ་ཡིན་ནོ། །ད་ལྟར་བྱུང་བ་དག་ཀྱང་དེ་དང་འདྲ་སྟེ། འདས་པ་དེའི་འབྲས་བུ་བཞི་སྦྱར་བར་བྱའོ། །བར་མ་ཡི་ནི་མ་འོངས་པའང་། །ཞེས་བྱ་བ་ནི་ད་
ལྟར་བྱུང་བའི་འབྲས་བུ་ཆོས་མ་འོངས་པ་ཡང་བཞིའོ། །དེ་དག་ཉིད་དོ་ཞེས་བྱ་བ་ནི་བྲལ་བའི་འབྲས་བུ་མ་གཏོགས་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་དག་ཀྱང་དེ་ཁོ་ན་བཞིན་དུ་སྦྱར་བར་བྱའོ། །ད་ལྟར་བྱུང་བའི་འབྲས་བུ་དེ་ལྟར་བྱུང་བའི་ཆོས་ནི་གཉིས་ཏེ་ཞེས་བྱ་བ་ནི་དེ་དང་ལྷན་ཅིག་བྱུང་བ་ནི་དེའི་སྟོབས་
ལས་སྐྱེས་པ་ཡིན་པས་སྐྱེས་བུ་བྱེད་པའི་འབྲས་བུ་དང་། བདག་པོའི་འབྲས་བུ་ཁོ་ན་ཡིན་གྱི། བྲལ་བའི་རང་བཞིན་མ་ཡིན་པའི་ཕྱིར་བྲལ་བའི་འབྲས་བུ་ཡང་མེད་ཅིང་། སྔ་ཕྱི་ཉིད་མེད་པའི་ཕྱིར་རྒྱུ་མཐུན་པའི་འབྲས་བུ་ཡང་མེད་ལ། རྣམ་པར་སྨིན་པ་ནི་རྒྱུ་ལ་ལྟོས་པའི་ཕྱིར་ད་ལྟར་གྱི་རྣམ་པར་
སྨིན་པའི་འབྲས་བུ་ད་ལྟར་བྱུང་བ་ཡང་མེད་དོ། །རྒྱུ་མཐུན་པ་དང་། བྲལ་བའི་འབྲས་བུ་དག་མ་གཏོགས་སོ་ཞེས་བྱ་བ་ནི་མ་འོངས་པའི་རྒྱུ་མཐུན་པའི་འབྲས་བུ་མ་འོངས་པ་ནི་མེད་དེ། འདི་ལྟར་མ་འོངས་པའི་སྐལ་བ་མཉམ་པ་དང་། ཀུན་དུ་འགྲོ་བའི་རྒྱུ་དག་མེད་དེ། དེ་ན་འཚོལ་བར་འདུག་པའི་
ཕྱིར་དང་། འདྲ་བ་ཉིད་ཀྱི་ཕྱིར་འདིའི་འབྲས་བུ་འདིའོ་ཞེས་ཡོངས་སུ་གཅད་པར་མི་ནུས་པའི་ཕྱིར་རོ། །བྲལ་བའི་འབྲས་བུ་ཡང་མེད་དེ། འདི་ལྟར་བྲལ་བ་ནི་མ་འོངས་པ་ཡང་མ་ཡིན་ནོ། །རྣམ་པར་སྨིན་པའི་འབྲས་བུར་ནི་འབྱུང་སྟེ། མི་དགེ་བའམ་དགེ་བ་ཟག་པ་དང་བཅས་པ་མ་འོངས་པའི་རྣམ་པར་
སྨིན་པའི་འབྲས་བུ་མ་འོངས་པ་ནི་ཕྱིས་སྐྱེ་བར་འགྱུར་བ་ཡིན་ནོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་མ་འོངས་པ་ལྷན་ཅིག་སྐྱེས་པ་དང་། མ་འོངས་པ་མཇུག་ཐོགས་སུ་འབྱུང་བ་ཡིན་ནོ། །བདག་པོའི་འབྲས་བུ་ནི་རྟོགས་པར་སླ་བས་ཡང་མི་བརྗོད་དོ། །བྲལ་བ་ནི་སའི་རང་བཞིན་མ་ཡིན་པའི་ཕྱིར་བྲལ་བའི་
Vol. 143 · folio 72b
འབྲས་བུ་རང་གི་ས་པའི་ཆོས་ནི་མེད་དོ། །གལ་ཏེ་གཞན་གྱི་ས་པའི་ཆོས་ཟག་པ་མེད་པ་ཞིག་ཡིན་ན་ནི་འབྲས་བུ་གསུམ་སྟེ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ལས། ས་དགུའི་ལམ་ནི་ཕན་ཚུན་དུ། །ཞེས་འབྱུང་བས་གསུམ་པ་རྒྱུ་མཐུན་པའི་འབྲས་བུ་སྲིད་པའི་ཕྱིར་རོ། །སློབ་པ་ནི་
ལས་ཀྱི་འབྲས་བུ་སློབ་པའི་ཆོས་གསུམ་སྟེ། འདི་ལྟར་རྣམ་པར་སྨིན་པ་ཡང་སློབ་པ་མ་ཡིན་པ་ལ། བྲལ་བ་ཡང་སློབ་པ་མ་ཡིན་པས་སོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ཡང་གསུམ་སྟེ་ཞེས་བྱ་བ་ནི་སློབ་པ་ལ་རྣམ་པར་སྨིན་པ་མེད་པའི་ཕྱིར་རྣམ་པར་སྨིན་པའི་འབྲས་
བུ་ཡང་མེད་ལ། སློབ་པ་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་དང་མི་འདྲ་བའི་ཕྱིར་རྒྱུ་མཐུན་པའི་འབྲས་བུ་ཡང་མེད་དོ། །བྲལ་བའི་འབྲས་བུ་ནི་འགྱུར་ཏེ། བྲལ་བ་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སྐྱེས་བུ་བྱེད་པའི་འབྲས་
བུ་ཡང་ཡོད་དེ། སློབ་པས་སློབ་པ་ཡང་མ་ཡིན། མི་སློབ་པ་ཡང་མ་ཡིན་པ་འཐོབ་པར་སྲིད་པའི་ཕྱིར་རོ། །བདག་པོའི་འབྲས་བུ་ཡང་ཡོད་པ་དེ་ཁོ་ན་ཡིན་ཏེ། དེ་ལྟར་ན་གསུམ་སྲིད་དོ། །མི་སློབ་ལས་ཀྱི་འབྲས་བུ་ནི། །ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མི་སློབ་པའི་ལས་ཀྱི་འབྲས་བུ་
སློབ་པའི་ཆོས་ནི་གཅིག་སྟེ། བདག་པོའི་འབྲས་བུའོ། །དམན་པ་ཡིན་པའི་ཕྱིར་རྒྱུ་མཐུན་པའི་འབྲས་བུ་ནི་མེད་དེ། མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །ལྷན་ཅིག་དང་མཇུག་ཐོགས་སུ་སྐྱེ་བ་མེད་པའི་ཕྱིར་སྐྱེས་བུ་བྱེད་པའི་འབྲས་བུ་ཡང་མེད་དོ། །མི་སློབ་
པའི་མཇུག་ཐོགས་སུ་སློབ་པ་ནི་མི་འབྱུང་སྟེ། ཡོངས་སུ་ཉམས་པའི་ཚེ་ན་ཡང་ཉོན་མོངས་པ་ཀུན་དུ་འབྱུང་བས་བར་དུ་ཆོད་པའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་དང་། བྲལ་བའི་འབྲས་བུ་ཡང་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཕྱིར་ལ། མི་སློབ་པ་ལ་ཡང་རྣམ་
པར་སྨིན་པ་མེད་པས་དེའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་ཡང་མེད་དོ། །མི་སློབ་པ་ནི་གསུམ་སྟེ་ཞེས་བྱ་བ་ནི་སྐྱེས་བུ་བྱེད་པ་དང་། བདག་པོ་དང་། རྒྱུ་མཐུན་པའི་འབྲས་བུ་རྣམས་སོ། །རྣམ་པར་སྨིན་པའི་འབྲས་བུ་དང་། བྲལ་བ་དག་ནི་མེད་དེ། དེ་གཉིས་ནི་སློབ་པ་ཡང་མ་ཡིན་
Vol. 143 · folio 73a
མི་སློབ་པ་ཡང་མ་ཡིན་པའི་རང་བཞིན་ཡིན་པའི་ཕྱིར་ལ། འདིར་ནི་མི་སློབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་བསམ་པར་བྱ་བ་ཡིན་པས་སོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ནི་གཉིས་ཏེ། སྐྱེས་བུ་བྱེད་པ་དང་། བདག་པོའི་འབྲས་བུ་དག་གོ་ཞེས་བྱ་
བ་ལ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་འདི་ལྟ་སྟེ། དེས་དྲངས་པའི་ཆོས་མཇུག་ཐོགས་སུ་འབྱུང་བ་རྣམས་ཡིན་ནོ། །བདག་པོའི་འབྲས་བུ་ནི་སྔ་མ་བཞིན་ནོ། །ཇི་སྐད་བཤད་པའི་གཏན་ཚིགས་ཀྱིས་ན་འབྲས་བུ་གསུམ་ནི་མེད་དོ། །མི་སློབ་པ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི་གཉིས་ཏེ།
སྐྱེས་བུ་བྱེད་པ་དང་། བདག་པོའི་འབྲས་བུ་དག་གོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་སོགས་པ་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་ལ་སོགས་པའོ། །དེ་དག་ཅེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་ལ་སོགས་པའོ། །བསྒོམ་པས་སྤང་བར་བྱ་བ་ནི་གཉིས་ཏེ་ཞེས་བྱ་བ་ལ། སྐྱེས་བུ་བྱེད་པའི་
འབྲས་བུ་ནི་ཟག་པ་མེད་པའི་ལམ་ལས་ལངས་པའི་ཚེ་དགེ་བ་བསྒོམ་པས་སྤང་བར་བྱ་བ་རྣམས་ཡིན་ནོ། །ཐོག་མ་དང་ཐ་མ་བཞིན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཐོག་མ་དང་ཐ་མ་དག་ལྟ་བུར་ཏེ། ཡང་གོ་རིམས་བཞིན་ཞེས་སྨོས་པ་ནི་དབུས་སུ་ཡང་ཐོག་མ་དང་ཐ་མ་བཞིན་ཤེས་
པར་བྱ་བའི་ཕྱིར་རོ། །ཇི་ལྟ་ཞེ་ན། ཐོག་མར་ནི་གོ་རིམས་བཞིན་གྱི་དོན་རིམ་པ་བཞིན་ཞེས་བྱ་བའི་སྒྲར་སྦྱར་བ་ཡིན་ཏེ། མི་དགེའི་དགེ་སོགས་གཉིས་དང་ནི། །གསུམ་དང་བཞི་སྟེ་གོ་རིམས་བཞིན། །ཞེས་འབྱུང་བའི་ཕྱིར་རོ། །ཐ་མར་ཡང་། སྤང་བྱ་མིན་པའི་དེ་དག་གཅིག །གཉིས་
དང་བཞི་སྟེ་གོ་རིམས་བཞིན། །ཞེས་སྦྱར་བ་ཡིན་ཏེ། ཇི་ལྟར་དེ་ལྟར་ཐོག་མ་དང་ཐ་མ་དག་ཏུ་གོ་རིམས་བཞིན་གྱི་དོན་བཤད་པ་ལྟར་དབུས་སུ་ཡང་དེ་དང་འདྲ་བར་ཁོང་དུ་ཆུད་པར་བྱའོ། །དེ་ནི་མཐུན་པར་སྦྱར་བའི་ཆོས་ཡིན་ནོ་ཞེས་བྱ་བ་དེ་ནི་མདོར་བསྡུ་བའི་ཚུལ་ཡིན་ནོ། །དེ་ལྟ་
མ་ཡིན་ན། ལུང་བསྟན་མིན་གྱི་དགེ་ལ་སོགས། །དེ་དག་གཉིས་དང་གསུམ་དང་གསུམ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཐམས་ཅད་གོ་རིམས་བཞིན་ནོ་ཞེས་བྱ་བ་བརྗོད་དགོས་སོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་
Vol. 143 · folio 73b
གང་ཞིག་ཚུལ་བཞིན་མ་ཡིན་ཞིང་རིགས་པ་མ་ཡིན་ལ། ཉོན་མོངས་པ་དང་ལྡན་པར་ཞུགས་པ་གང་ཡིན་པ་དེ་དེ་ལས་བྱུང་བའོ། །དེའི་ངོ་བོ་ཉིད་དེ་དེའི་ཕྱིར་རོ། །གང་གིས་ཇི་ལྟར་འགྲོ་བར་བྱ་བ་སྟེ། གང་ཟག་གང་ཞིག་གིས་ཇི་ལྟར་འགྲོ་བར་བྱ་བ་དེ་ལྟར་མི་འགྲོ་བས་འདིའི་ལས་ནི་རིགས་
པ་མ་ཡིན་པས་སྐྱེས་པ་ཡིན་ནོ། །ཆོ་ག་ཉམས་པ་ཡང་ཡིན་ནོ་ཞེས་བྱ་བ་ལ། ཡང་ཞེས་བྱ་བའི་སྒྲས་ནི་ཉོན་མོངས་པ་ཅན་ཡང་ཡིན་ནོ་ཞེས་བྱ་བར་བསྡུ་བ་ཡིན་ནོ། །དེ་གཉིས་ལས་གཞན་པ་ནི་གཉི་ག་མ་ཡིན་པའོ་ཞེས་བྱ་བ་ནི་རིགས་པས་བསྐྱེད་པ་ཡང་མ་ཡིན་ལ། རིགས་པ་མ་ཡིན་པས་
བསྐྱེད་པ་ཡང་མ་ཡིན་པའོ། །གཞན་དེ་ཡང་གང་ཞིག་ཡིན་ཞེ་ན། ལུང་དུ་མ་བསྟན་པའི་ལས་དང་། ཆོ་ག་ཉམས་པ་དང་ཆོ་ག་ཉམས་པ་མ་ཡིན་པ་དག་ལས་གཞན་པའི་ལུང་དུ་མ་བསྟན་པའོ། །སྐྱེ་བ་ཞེས་བྱ་བ་ནི་རིས་མཐུན་པ་ལ་བྱ་སྟེ་ཞེས་བྱ་བ་ནི་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་
ཡིན་གྱི། མཚན་ཉིད་ཀྱི་སྐྱེ་བ་ནི་མ་ཡིན་ནོ་སྙམ་དུ་བསམ་པ་ཡིན་ནོ། །འོ་ན་གནས་བརྟན་མ་འགགས་པས་ཞེས་བྱ་བ་ལ། ཚིག་གི་དོན་ནི་གལ་ཏེ་ལས་གཅིག་ཁོ་ནས་སྐྱེ་བ་གཅིག་ཁོ་ན་འཕེན་ན་གནས་བརྟན་མ་འགགས་པས་བདག་ནི་བསོད་སྙོམས་གཅིག་པོ་དེའི་ཞེས་བྱ་བ་རྒྱས་པར་སྨྲས་
པ་གང་ཡིན་པ་དེ་ཇི་ལྟར་མི་འགལ་ཞེས་བྱ་བ་ཡིན་ཏེ། དེས་ནི་ཚེ་རབས་གཞན་ན་རང་སངས་རྒྱས་སྤྱི་གཙུག་མེ་ཏོག་ཏ་ག་ར་ལྟ་བུ་ལ་བསོད་སྙོམས་ཕུལ་ཏེ། དེས་ན་འདི་སྐད་དུ་བདག་ནི་བསོད་སྙོམས་གཅིག་པོ་དེའི་ཞེས་བྱ་བ་རྒྱས་པར་སྨྲས་སོ། །བསྒྱུར་ཏེ་ཞེས་བྱ་བ་ནི་བསྒྲུབས་ཏེ་ཞེས་བྱ་བའི་ཐ་
ཚིག་གོ། །མིར་འདྲ་བ་ལ་ལ་ལ་ནི་དབང་པོ་ཚང་བ་ཡིན་ལ། ལ་ལ་ནི་དབང་པོ་མ་ཚང་བ་རྫོགས་པར་བྱེད་པའི་ལས་ཐ་དད་པ་ལས་གྱུར་ཏོ་ཞེས་བྱ་བར་མི་འཐད་དོ། །དབང་པོ་དྲུག་འཕེན་པར་བྱེད་པས་མིག་ལ་སོགས་པ་ནི་འཕེན་པར་བྱེད་པའི་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །ཁ་དོག་ལ་སོགས་
པ་ནི་རྫོགས་པར་བྱེད་པའི་ལས་ཀྱི་འབྲས་བུ་ཡིན་པས། མིར་འདྲ་བ་ལ་ལ་ལ་ནི་ཁ་དོག་བཟང་ལ། ལ་ལ་ནི་མ་ཡིན་ནོ་ཞེས་བརྗོད་པར་ནི་མི་རིགས་སོ་ཞེ་ན། དེ་དག་འབྱུང་བ་དང་འགལ་བའི་རྐྱེན་སྤང་བར་བྱ་བ་ལ་རྫོགས་པར་བྱེད་པའི་ལས་ཀྱི་ནུས་པ་ཡོད་པས་འགལ་བ་མེད་དོ། །དེ་ལྟ་མ་ཡིན་ན་སྐྱེ་
Vol. 143 · folio 74a
བ་འཕེན་པ་ཡོད་ཕན་ཆད་འགའ་ཡང་དབང་པོ་མ་ཚང་བར་མི་འགྱུར་རོ། །རྣམ་པར་སྨིན་པ་དང་བཅས་པ་གཞན་ཡང་ཡིན་ནོ་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པའོ། །ལས་དང་ལྷན་ཅིག་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་སྙོམས་པར་འཇུག་པ་དེ་དག་ནི་སེམས་པ་ཞེས་
བྱ་བའི་ལས་དང་ལྷན་ཅིག་མི་འབྱུང་ལ། སེམས་མེད་པ་ཡིན་པའི་ཕྱིར་ལུས་དང་ངག་གི་ལས་དག་དང་ཡང་ལྷན་ཅིག་མི་འབྱུང་ངོ་། །རྣམ་པར་སྨིན་པ་དང་བཅས་པ་ཐོབ་པ་རྣམས་ཀྱིས་ཀྱང་འཕེན་པ་མ་ཡིན་ཏེ། ལས་དང་འབྲས་བུ་མི་གཅིག་པའི་ཕྱིར་རོ། །ཐོབ་པ་རྣམས་ནི་དེ་འཕེན་པར་
བྱེད་པའི་ལས་དང་ལྷན་ཅིག་པ་ཡིན་མོད་ཀྱི། དེ་དང་འབྲས་བུ་གཅིག་པ་ནི་མ་ཡིན་ཏེ། ཐོབ་པ་རྣམས་ནི་ཤིང་གི་ཕྱི་ཤུན་ལྟ་བུར་ཕྱི་རོལ་ན་གནས་པ་ཡིན་པས་སོ། །ལས་ཀྱི་སྒྲིབ་པས་ཞེས་བྱ་བ་ནི་ལས་ཉིད་སྒྲིབ་པ་ཡིན་ཞིང་། ཉོན་མོངས་པ་ཉིད་སྒྲིབ་པ་ཡིན་ལ། རྣམ་པར་སྨིན་པ་ཉིད་
སྒྲིབ་པ་ཡིན་པས་སོ། །འཕགས་པའི་ལམ་ལ་སྦྱོར་བར་བྱེད་པའི་དགེ་བའི་རྩ་བ་རྣམས་ཞེས་བྱ་བ་ནི་དྲོ་བར་གྱུར་པ་ལ་སོགས་པའོ། །ངན་སོང་ལ་སོགས་པར་ངེས་པར་འགྱུར་བ་ཞེས་བྱ་བ་ནི་དམྱལ་བ་དང་། དུད་འགྲོ་དང་ཡི་དགས་སུ་ངེས་པར་འགྱུར་བ་དག་གོ། །སོགས་པ་ཞེས་བྱ་བའི་
སྒྲས་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་ཚངས་པ་ཆེན་པོར་འགྱུར་བར་ངེས་པའི་ལས་ཀྱང་བསྡུ་ལ། ཟ་མ་དང་། མ་ནིང་དང་། མཚན་གཉིས་པར་འགྱུར་བ་ཡང་བརྗོད་པར་བྱའོ། །དེ་བཞིན་དུ་སྒོ་ང་ལས་སྐྱེ་བར་འགྱུར་བ་དང་། དྲོད་གཤེར་ལས་སྐྱེ་བར་འགྱུར་བ་དང་། བུད་
མེད་ཉིད་དུ་འགྱུར་བ་དང་། སྲིད་པ་བརྒྱད་པར་ངེས་པར་འགྱུར་བའི་ལས་དག་ཀྱང་བརྗོད་པར་བྱ་སྟེ། འཕགས་པ་ནི་དམྱལ་བ་ལ་སོགས་པར་ཡང་མི་སྐྱེ་ཞིང་། སྒོ་ང་ལས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་སུ་ཡང་མི་སྐྱེ་ལ། བུད་མེད་ཉིད་དང་། སྲིད་པ་བརྒྱད་པ་ཡང་
འགྲུབ་པར་མི་བྱེད་དེ། རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཡིན་པའི་ཕྱིར་རོ། །བསྟན་པར་སླ་ཞིང་ཞེས་བྱ་བ་ནི་གཞན་དག་ལ་བསྟན་སླ་བས་ན་བསྟན་པར་སླ་བ་སྟེ། བསྟན་པ་སླ་བ་ཉིད་བསྟན་པར་སླ་བ་དག་ཡིན་ནོ། །དེ་བཞིན་དུ་བདག་ཉིད་ཀྱིས་གདགས་སླ་བས་ན་གདགས་སླ་
Vol. 143 · folio 74b
བའོ། །གདགས་སླ་བ་ཉིད་གདགས་པར་སླ་བ་དག་ཡིན་ནོ། །བསྟན་པར་སླ་བ་དང་། གདགས་པར་སླ་བ་ཞེས་བྱ་བ་འདི་གཉིས་ནི་རྣམ་གྲངས་ཀྱང་ཡིན་ནོ། །གཞི་ཞེས་བྱ་བ་ནི་ལས་ཀྱི་ལམ་གྱི་གཞི་སྟེ། མཚམས་མེད་པ་གསུམ་གྱི་གཞི་ནི་སྲོག་གཅོད་པའི་ལས་ཀྱི་ལམ་ཡིན་
ནོ། །གཅིག་གི་གཞི་ནི་བརྫུན་དུ་སྨྲ་བའི་ལས་ཀྱི་ལམ་ཡིན་ནོ། །ལྔ་པའི་གཞི་ནི་སྲོག་གཅོད་པར་སྦྱོར་བ་ཡིན་ཏེ། དེ་ལྟར་ན་གཞི་ལས་བསྟན་པར་སླ་ཞིང་གདགས་པར་སླ་བ་དག་ཡིན་ནོ། །འབྲས་བུ་ནི་ཐམས་ཅད་ཀྱི་འབྲས་བུ་ཡིད་དུ་མི་འོང་བ་ཡིན་པའི་ཕྱིར་རོ། །འགྲོ་བ་ནི་དམྱལ་
བའི་འགྲོ་བ་ཐོབ་པར་བྱེད་པ་ཡིན་ནོ། །སྐྱེ་བ་ནི་སྐྱེས་ནས་མྱོང་བར་འགྱུར་བ་ཡིན་པའི་ཕྱིར་རོ། །གང་ཟག་ནི་ཉོན་མོངས་པ་ཆེན་པོ་ཀུན་དུ་སྤྱོད་པའི་ཕྱིར་གང་ཟག་འདི་ནི་ཕ་གསོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནས། འདི་ནི་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པར་
བྱེད་པ་ཡིན་ནོ་ཞེས་བྱ་བའི་བར་ཡིན་ནོ། །གཞན་དག་ན་རེ་གཞི་ནི་སྔ་མ་བཞིན་ནོ། །འབྲས་བུ་ནི་འབྲས་བུ་དམྱལ་བ་ཅན་ཡིན་པའི་ཕྱིར་རོ། །འགྲོ་བ་ནི་མིའི་འགྲོ་བ་ཅན་བྱེད་པའི་ཕྱིར་ཏེ། མཚམས་མེད་གླིང་གསུམ་དག་ན་ཡོད། །ཅེས་འབྱུང་བས་སོ། །སྐྱེ་བ་ནི་དེ་ཁོ་ན་དང་འདྲ་བར་
སྐྱེས་ནས་མྱོང་བར་འགྱུར་བ་ཡིན་པས་སོ། །གང་ཟག་ནི་སྐྱེས་པ་དང་བུད་མེད་དག་ཡིན་གྱི། ཟ་མ་དང་། མ་ནིང་དག་ནི་མ་ཡིན་ཏེ། དེ་ལྟར་ན་རྒྱུ་ལྔས་བསྟན་པར་སླ་ཞིང་གདགས་པར་སླ་བ་དག་ཡིན་གྱི། ངན་སོང་ལ་སོགས་པར་ངེས་པར་འགྱུར་བའི་ལས་དེ་དག་ནི་རྒྱུ་ལྔས་བསྟན་པར་སླ་
ཞིང་། གདགས་པར་སླ་བ་མ་ཡིན་པས་དེ་དག་མ་བཤད་དོ་ཞེས་ཟེར་ནའོ། །ཕྱི་མ་ཕྱི་མ་འདྲེན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ཉོན་མོངས་པའི་སྒྲིབ་པས་ནི་ལས་ཀྱི་སྒྲིབ་པ་འདྲེན་པར་བྱེད་ལ། ལས་ཀྱི་སྒྲིབ་པས་ཀྱང་ངན་སོང་དུ་རྣམ་པར་སྨིན་པ་མི་འདོད་པ་འདྲེན་པར་བྱེད་པས་ཉོན་མོངས་
པའི་སྒྲིབ་པ་ནི་ཐམས་ཅད་པས་སྡིག་ཅན་ནོ། །ལས་ཀྱི་སྒྲིབ་པ་ནི་དེ་བས་ཡང་ངོ་། །དེ་བས་ནི་རྣམ་པར་སྨིན་པའི་སྒྲིབ་པ་སྟེ། རྣམ་པར་སྨིན་པའི་སྒྲིབ་པ་ནི་མཐོང་བའི་ཆོས་ཁོ་ན་ལ་བྱ་བ་བྱེད་ཀྱི། གཉིས་པ་ལ་ནི་མ་ཡིན་ནོ། །ཕ་གསོད་པ་ལ་སོགས་པའི་ཆོས་གང་དང་ལྡན་པའི་ཕྱིར་དེ་བར་
Vol. 143 · folio 75a
ཆད་མེད་པ་ཡིན་པ་དེ་བརྗོད་པར་བྱ་བ་ལ། མཚམས་མེད་པ་ཉིད་དོ་ཞེས་ངོ་བོའི་རྐྱེན་ཡིན་ཏེ། དགེ་སྦྱོང་ཉིད་བཞིན་ནོ། །དཔེར་ན་ཟག་པ་མེད་པའི་ལམ་གང་དང་ལྡན་པས་དགེ་སྦྱོང་ཡིན་པ་དེ་བརྗོད་པར་བྱ་བ་ལ། དགེ་སྦྱོང་ཉིད་ནི་དྲི་མེད་ལམ། །ཞེས་ངོ་བོའི་རྐྱེན་ཡིན་པ་དེ་དང་
འདྲའོ། །བྱང་གི་སྒྲ་མི་སྙན་ན་མེད། །ཅེས་བྱ་བ་ནི་རང་བཞིན་གྱི་ཚུལ་ཁྲིམས་དང་ལྡན་པའི་ཕྱིར་དང་། དེ་ན་བསྟན་པ་མེད་པའི་ཕྱིར་རོ། །སྡོམ་པ་མེད་པའི་གཏན་ཚིགས་གང་ཡིན་པ་དེ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་སྡིག་པ་དག་ལ་ཡང་བསམ་པ་མི་བརྟན་པའི་ཕྱིར་དང་། གང་ལ་སྡོམ་པ་ཡོད་པ་དེ་
ལ་སྡོམ་པ་མ་ཡིན་པ་ཡང་ཡོད་དེ། གཉེན་པོར་གྱུར་པའི་ཕྱིར་རོ། །དེ་ལྟ་བས་ན་ཟ་མ་ལ་སོགས་པ་ལ་སྡོམ་པ་མ་ཡིན་པ་མེད་དོ་ཞེས་བཤད་པ་གང་ཡིན་པའོ། །གང་དག་མེད་པར་བྱས་པས་ཞེས་བྱ་བ་ནི་དེ་དག་ཀྱང་ཕ་མ་ལ་ངོ་ཚ་དང་། ཁྲེལ་གང་ཞིག་མེད་པར་བྱས་ཤིང་ཉམས་པར་བྱས་པས་ཟ་
མ་ལ་སོགས་པ་མཚམས་མེད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་བ་ཤས་ཆེན་པོར་མི་འགྱུར་ཏེ། དེའི་ཕྱིར་དེ་དག་གིས་མཚམས་མེད་པ་ཡིན་པར་མི་འདོད་དོ། །གལ་ཏེ་ལུས་མ་ཚང་བའི་རྒྱུ་ཡིན་པའི་ཕྱིར་ཕན་པ་ཆུང་བ་ཉིད་ཡིན་ཏེ། དེའི་ཕྱིར་དེ་དག་གི་མཚམས་མེད་པ་ཡིན་པར་མི་འདོད་
ན། སྐྱེས་པ་དང་བུད་མེད་ལོང་བ་ལ་སོགས་པ་ཡང་། མ་ལ་སོགས་པ་བསད་པས་མཚམས་མེད་པར་མི་འགྱུར་རོ་ཞེ་ན་མ་ཡིན་ཏེ། རྟོགས་པའི་ཆོས་དང་འགལ་བའི་ལུས་མ་ཚང་བ་བརྗོད་པར་འདོད་པའི་ཕྱིར་རོ། །མ་ཚང་བ་རྟོགས་པའི་ཆོས་དང་འགལ་བ་གང་ཡིན་པ་དེའི་དབང་དུ་བྱས་པ་
ཡིན་ཏེ། དེས་ནི་དེ་ཁོ་ནས་བྱམས་པ་ཆུང་བ་ཉིད་ཀྱང་ཡིན་གྱི། ལོང་བ་ལ་སོགས་པའི་མ་ཚང་བ་ལ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡི་དགས་དང་། དུད་འགྲོ་རྣམས་ལ་ཡང་མི་འདོད་དེ། ཕན་པ་དང་ངོ་ཚ་ཆུང་བ་ཉིད་ཀྱི་ཕྱིར་རོ། །རྟ་ཅང་ཤེས་བཞིན་ནོ་ཞེས་བྱ་བ་ནི་ཡི་དགས་དང་། དུད་འགྲོ་
རྣམས་ཀྱང་བློ་གསལ་བ་རྣམས་ཀྱིས་མཚམས་མེད་པར་འགྱུར་རོ་ཞེས་བྱ་བར་སྐབས་དང་སྦྱར་ཏེ། རྟ་ཅང་ཤེས་ཞེས་བྱ་བ་ནི་དཔེར་ན་རྟ་ཅང་ཤེས་ཤིག་མ་ལ་མི་རྒལ་བ་ལས་གདོང་གོས་ཀྱིས་གཡོགས་ཏེ། མ་ལ་རྒལ་དུ་བཅུག་པ་དང་། དེས་ཕྱིས་ཤེས་ནས་རང་གི་ཕོ་མཚན་བཅད་དོ་ཞེས་གྲག་སྟེ། དེ་
Vol. 143 · folio 75b
ལྟར་ན་རྟ་ཅང་ཤེས་དེ་བློ་གསལ་བ་ཡིན་ཏེ། དེ་ལ་མཚམས་མེད་པར་འགྱུར་རོ་སྙམ་དུ་བསམ་པ་ཡིན་ནོ། །མིའི་ཡང་ཕ་མ་མི་མ་ཡིན་པ་བསད་ན་མཚམས་མེད་པར་མི་འགྱུར་རོ་ཞེས་བྱ་བ་ནི་མཚམས་མེད་པར་མི་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་ཞེ་ན། ཕན་པ་དང་ངོ་ཚ་ཆུང་བ་
ཁོ་ནའི་ཕྱིར་ཏེ། མི་མ་ཡིན་པས་ཀྱང་མི་དང་འཚམ་པའི་ཕམ་པར་བྱ་བར་མི་ནུས་ལ། མི་དེ་ཡང་ཕ་མ་མི་མ་ཡིན་པ་དག་ལ་ངོ་ཚ་དང་། ཁྲེལ་ཤས་ཆེན་པོ་ཡང་དག་པར་མི་གནས་ཏེ། འགྲོ་བ་མི་མཐུན་པ་ཉིད་ཀྱི་བྱམས་པ་ཆུང་བའི་ཕྱིར་རོ། །བཞི་ནི་ལུས་ཀྱི་ལས་ཡིན་ལ་ཞེས་བྱ་བ་ནི་མ་གསོད་པ་ལ་
སོགས་པའོ། །གཅིག་ངག་གི་ལས་ཡིན་ཏེ་ཞེས་བྱ་བ་ནི་དགེ་འདུན་གྱི་དབྱེན་ནོ། །གསུམ་ནི་སྲོག་གཅོད་པ་ཡིན་ནོ་ཞེས་བྱ་བ་ནི་མ་བསད་པ་ལ་སོགས་པའོ། །གཅིག་ནི་བརྫུན་དུ་སྨྲ་བ་ཡིན་ཞེས་བྱ་བ་ནི་དགེ་འདུན་གྱི་དབྱེན་ནོ། །གཅིག་ནི་སྲོག་གཅོད་པའི་སྦྱོར་བ་སྟེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་
པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའོ། །ཅིའི་ཕྱིར་སྲོག་གཅོད་པ་མ་ཡིན་ཞེ་ན། དེ་བཞིན་གཤེགས་པ་རྣམས་ནི་ཉེ་བར་མི་བརྫི་བའི་ཆོས་ཅན་ཡིན་ནོ་ཞེས་བྱ་བ་ནི་གྲངས་སུ་མེད་པའི་ཆོས་ཅན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་ལ་འབྲས་བུ་བཏགས་པའམ་ཞེས་བྱ་བ་ནི་དགེ་འདུན་གྱི་དབྱེན་སེམས་
དང་ལྡན་པ་མ་ཡིན་པའི་མཚན་ཉིད་ཀྱི་རྒྱུ་ནི་བརྫུན་དུ་སྨྲ་བ་ཡིན་ནོ། །རྒྱུ་དེ་ལ་འབྲས་བུ་ཉེ་བར་བཏགས་པ་སྟེ། དགེ་འདུན་གྱི་དབྱེན་ཞེས་བྱ་བར་འབྲས་བུ་སེམས་དང་ལྡན་པ་མ་ཡིན་པའི་ཆོས་ཉེ་བར་འདོགས་པ་ཡིན་ནོ། །འདིས་འབྱེད་པར་བྱེད་པས་ན་ཞེས་བྱ་བ་ནི་བྱེད་པར་སྒྲུབ་པ་ཡོངས་སུ་བཟུང་ནས་
བརྫུན་དུ་སྨྲ་བ་ལ་དགེ་འདུན་གྱི་དབྱེན་ཞེས་བརྗོད་དེ། བརྫུན་དུ་སྨྲ་བས་ནི་དགེ་འདུན་འབྱེད་པར་འགྱུར་རོ། །དགེ་འདུན་གྱི་དབྱེན་ནི་དགེ་འདུན་བྱེ་བ་ཡིན་ནོ་ཞེས་ངོ་བོ་བསྒྲུབ་པར་ཡོངས་སུ་བཟུང་བ་ནི་མ་ཡིན་ནོ། །དགེ་འདུན་དབྱེན་ནི་མི་འཕྲོད་པའོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་དངོས་ཀྱི་ཚུལ་དུ་རྫས་
སུ་ཡོད་པ་ཡིན་ནོ། །དེའི་ཕྱིར། རང་བཞིན་ལྡན་པ་མ་ཡིན་ཆོས། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །ཞེས་བྱ་བ་སྨོས་སོ། །དེ་ཇི་ལྟར་མཚམས་མེད་པར་འགྱུར་ཞེས་བྱ་བ་ནི་དེ་ལྟ་བུའི་མཚན་ཉིད་ཅན་དེ་ནི་མཚམས་མེད་པར་མི་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །ལྡན་པ་མ་ཡིན་པའི་ཆོས་དེ་
Vol. 143 · folio 76a
དང་འབྱེད་པ་པོར་ཡང་མི་ལྡན་པ་ཁོ་ན་ཡིན་ཏེ། དེས་ན་འདི་མཚམས་མེད་པ་མ་ཡིན་ནོ་སྙམ་དུ་བསམ་པ་ཡིན་ནོ། །དགེ་འདུན་གྱི་དབྱེན་དང་ལྷན་ཅིག་སྐྱེས་པ་ནི་ལྡན་པ་མ་ཡིན་པའི་ཆོས་དང་ལྷན་ཅིག་སྐྱེས་པ་སྟེ། ངག་གི་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་
ཡིན་པའི་ངོ་བོ་ཉིད་དག་གོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སློང་གིས་འབྱེད་ཀྱི་ཞེས་བྱ་བ་ནི་སངས་རྒྱས་ནི་དགེ་སློང་ཡིན་པའི་ཕྱིར་ལ། འབྱེད་པ་པོ་ཡང་དེ་ལ་སྡོམ་པ་ཡིན་པའི་ཕྱིར་རོ། །དེ་ཡང་ལྟ་བ་སྤྱད་པ་ཁོ་ནས་འབྱེད་ཀྱི་ཞེས་བྱ་བ་ནི། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྔ་ལ་སྤྱད་
ཅིང་ཞུགས་པས་ན་ལྟ་བ་སྤྱད་པའོ། །ཡང་ན་འདི་ལ་ལྟ་བ་སྤྱད་པ་ཡོད་པས་ན་ལྟ་བ་སྤྱད་པ་སྟེ་དེས་ནི་བརྟག་ཅིང་སེལ་ནུས་པའི་ཕྱིར་སྟོན་པའི་ཁྱད་པར་དང་། ལམ་གྱི་ཁྱད་པར་གཞན་བཟུང་བར་ནུས་ཀྱི། སྲེད་པ་སྤྱད་པས་ནི་མ་ཡིན་ནོ། །བཟོད་པར་དཀའ་བའི་ཕྱིར་ཞེས་བྱ་བ་ནི་ཟིལ་
གྱིས་མནན་པར་དཀའ་བའི་ཕྱིར་རོ། །ཆོས་མངོན་སུམ་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་ལུང་དང་། རྟོགས་པའི་ཆོས་དག་མངོན་སུམ་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བཟོད་པ་ཐོབ་པ་རྣམས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཟོད་པ་ཐོབ་པ་རྣམས་
ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། བདེན་པ་མཐོང་བ་དང་འདྲ་བའི་ཕྱིར་རོ། །དེ་ནི་མི་གནས་སོ་ཞེས་བྱ་བ་ནི་དེའི་མཚན་མོ་རངས་པར་མི་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱེ་བ་ཡིན་ཏེ་ཞེས་བྱ་བ་ནི་ཇི་ལྟར་ཕྱེ་བ་ཡིན་ཞེ་ན། ལམ་འཇུག་པའི་གགས་སུ་གྱུར་པའི་ཕྱིར་ཞེས་བྱ་བ་སྨོས་
ཏེ། ལམ་འཇུག་པའི་གགས་བྱས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྲིད་དུ་དགེ་འདུན་འདུམ་པར་མ་གྱུར་པ་དེ་སྲིད་དུ་ལམ་འཇུག་པ་འགགས་པ་ཡིན་ཏེ། འགའི་རྒྱུད་ལ་ཡང་འཕགས་པའི་ལམ་མངོན་དུ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་འདུན་གྱི་དབྱེན་ནི་འཁོར་
ལོའི་དབྱེན་གྱི་རྒྱུ་མཚན་དུ་གྱུར་པའི་ཕྱིར་འཁོར་ལོའི་དབྱེན་ཞེས་ཀྱང་བྱའོ། །གདོན་མི་ཟ་བར་དགེ་འདུན་ཕྱོགས་གཉིས་སུ་གནས་པར་འགྱུར་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཕྱོགས་དང་། འབྱེད་པ་པོའི་ཕྱོགས་ལ་གནས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་འདུན་ནི་དགེ་སློང་
Vol. 143 · folio 76b
བཞི་ཡིན་ལ། དགེ་འདུན་གཉིས་པ་ལ་ཡང་ཡོད་པར་འགྱུར་བས་དེ་ལྟར་ན་དབྱེ་བར་བྱ་བའི་དགེ་སློང་བརྒྱ་དང་། དགུ་པ་འབྱེད་པ་པོ་ཡོད་པར་འགྱུར་རོ། །དགེ་འདུན་གྱི་དབྱེན་གཞན་ཞེས་བྱ་བ་ནི་འཁོར་ལོའི་དབྱེན་ལས་གཞན་པ་ནི་འདིར་མཚམས་མེད་པ་མ་ཡིན་ནོ་སྙམ་དུ་བསམ་པ་ཡིན་ཏེ།
འདི་ལྟར་དེ་ནི་ལས་ཀྱི་དབྱེན་ལས་འགྱུར་རོ། །མི་མཐུན་པས་ཞེས་བྱ་བ་ནི་བློ་གྲོས་ཐ་དད་པས་སོ། །ལས་དག་ཅེས་བྱ་བ་ནི་དགེ་འདུན་གྱི་ལས་གསོ་སྦྱོང་ལ་སོགས་པའོ། །དེ་ནི་བརྒྱད་དག་ཡན་ཆད་ཀྱིས། །ཞེས་བྱ་བ་ནི་འདི་ལ་ཡང་དགེ་འདུན་གཉིས་ཡོད་པར་འགྱུར་ཏེ། འབྱེད་པ་པོ་
སྟོན་པར་མངོན་པའི་ང་རྒྱལ་བྱེད་པ་ནི་མེད་པས་དགེ་སློང་བརྒྱད་ཁོ་ན་ཡོད་པར་འགྱུར་གྱི། དགུ་ལ་སོགས་པ་ནི་མ་ཡིན་ནོ། །ཤ་གཅིག་པ་ཡིན་ནོ་ཞེས་བྱ་བ་ནི་མི་མཐུན་པ་མེད་དེ། བློ་གྲོས་གཅིག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གནས་སྐབས་སྔ་མར་ནི་དགའ་བ་དང་རབ་ཏུ་དགའ་བ་སྐྱེས་པ་
ཡིན་ལ། ཕྱི་མར་ནི་མི་རྟག་པ་ཡིད་ལ་བྱེད་པས་སེམས་ལ་སྐྱོ་བ་ཀུན་དུ་སྐྱེས་པ་ཡིན་ནོ། །སྐྱོན་མ་བྱུང་བའི་སྔོན་རོལ་དུ་ཞེས་བྱ་བ་ལ། སྐྱོན་ནི་ཉེས་པ་སྟེ། ལྟ་བའི་སྐྱོན་ནམ། ཚུལ་ཁྲིམས་ཀྱི་སྐྱོན་ནོ། །དེ་ལ་ལྟ་བའི་སྐྱོན་ནི་ཇི་སྐད་དུ། བདག་གིས་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་
འཚལ་བ་ལྟར་ན། བཅོམ་ལྡན་འདས་ཀྱིས་འདོད་པ་གང་དག་བར་དུ་བཅོད་པར་བགྱིད་པར་བཀའ་སྩལ་པ་དེ་དག་ནི་བསྟེན་ན་བར་དུ་གཅོད་པར་བགྱིད་པར་མི་འགྱུར་ལགས་སོ་ཞེས་བྱ་བ་དང་། དེ་བཞིན་དུ་སེམས་དེ་ཉིད་ཀུན་དུ་རྒྱུག་ཅིང་འཁོར་བར་འགྱུར་ལགས་སོ་ཞེས་བྱ་བ་ལ་སོགས་པ་
བཤད་པ་ལྟ་བུའོ། །ཚུལ་ཁྲིམས་ཀྱི་སྐྱོན་ནི་འཆལ་པའི་ཚུལ་ཁྲིམས་སོ། །དེས་ཕྱིར་བསྡུམ་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ཉན་ཐོས་ཟུང་དེས་ཕྱིར་བསྡུམ་དགོས་པས་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་ཐམས་ཅད་ལ་ཉན་ཐོས་ཟུང་གདོན་མི་ཟ་བར་ཡོད་དེ། གཅིག་ནི་
ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་གོ། །གཉིས་པ་ནི་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་མཆོག་གོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདིའི་ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་ནི་འཕགས་པ་ཤཱ་རིའི་བུའོ། །རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་མཆོག་ནི་འཕགས་པ་མཽད་གལ་གྱི་བུའོ། །འགྲན་ཟླ་མེད་
Vol. 143 · folio 77a
པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ན། འབྱེད་པ་པོ་དེའི་འགྲན་ཟླར་གྱུར་པ་མེད་དོ།། །།བམ་པོ་སུམ་ཅུ་རྩ་བདུན་པ། མཚམས་མ་བཅད་པ་དག་ཏུ་ཡང་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་མཚམས་དེ་
མཚམས་གཅིག་གི་ནང་དུ་ལས་ཐ་དད་པར་བྱེད་པས་ནི་དགེ་འདུན་དེ་རྣམ་པ་གཉིས་སུ་འགྱུར་རོ། །རང་བཞིན་གྱི་མཚམས་གྲོང་དང་གྲོང་ཁྱེར་ཡོད་པ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི། བཅད་པའི་མཚམས་ཡོད་ན་རང་བཞིན་གྱི་མཚམས་དེར་རྣམ་པར་གཞག་པས་དེ་ཡང་བཅད་པར་རྣམ་པར་གཞག་
པ་ཁོ་ན་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །ལས་ལ་རག་ལུས་པའི་ཕྱིར་ཞེས་བྱ་བ་ནི་གང་གིས་སློབ་མ་དགེ་འདུན་འབྱེ་བར་འགྱུར་བའི་ལས་བྱས་པ་དེ་ཁོ་ནའི་དེ་འབྱེ་བར་འགྱུར་གྱི། གཞན་གྱི་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཀྱང་བྱང་ཆུབ་སེམས་དཔའི་གནས་སྐབས་ན་དྲང་སྲོང་
མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་གི་འཁོར་གྱི་དབྱེན་བྱས་པར་གྱུར་ཏེ། དེས་ན་འདིའི་དགེ་འདུན་ལྷས་བྱིན་གྱིས་ཕྱེའོ་ཞེས་གྲག་གོ། །གཞན་ནི་མ་ཡིན་ཞེ་ན་ཞེས་བྱ་བ་ནི་བུད་མེད་ཕལ་པ་བསད་པ་ལ་སོགས་པའོ། །ཕན་འདོགས་པ་དང་ཡོན་ཏན་ཞིང་། །སྤངས་དང་མེད་པར་
བྱས་ཕྱིར་རོ། །ཞེས་བྱ་བ་ནི་པ་བསད་པ་ལ་སོགས་པ་ནི་ཕན་འདོགས་པའི་ཞིང་ངམ། ཡོན་ཏན་གྱི་ཞིང་སྤངས་ཤིང་ཡོངས་སུ་བོར་བའི་ཕྱིར་ཡང་མཚམས་མེད་པ་ཡིན་ལ། དེ་མེད་པར་བྱས་ཤིང་ཉམས་པར་བྱས་པའི་ཕྱིར་ཡང་མཚམས་མེད་པ་ཡིན་ནོ། །དེ་བཞིན་གཤེགས་པའི་སྐུ་
ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། དགེ་འདུན་གྱི་དབྱེན་བྱེད་པ་གང་ཡིན་པ་དེ་ཡང་དེ་ཉམས་པར་བྱས་པ་ཡིན་ནོ། །འདི་སྐད་དུ་ཕན་འདོགས་པའི་ཞིང་ཡིན་པའི་ཕྱིར་དང་། ཡོན་ཏན་གྱི་ཞིང་ཡིན་པའི་ཕྱིར་དེ་སྤངས་པ་དང་། མེད་པར་བྱས་པས་མ་གསོད་པ་ལ་སོགས་པ་ཁོ་ན་མཚམས་
མེད་པ་ཡིན་གྱི། གཞན་གྱི་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཡོན་ཏན་གྱི་ཞིང་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཡོན་ཏན་རྣམས་ཀྱི་རྟེན་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ཡོན་ཏན་རྣམས་ཀྱི་ཞིང་ཡིན་པ་ནི་ཡོན་ཏན་གྱི་ཞིང་སྟེ། ཡོན་ཏན་དང་ལྡན་པས་བསོད་ནམས་ཀྱི་ཞིང་ཡིན་
Vol. 143 · folio 77b
ནོ། །དཔེར་ན་ཞིང་ལ་ས་བོན་བཏབ་ན་འབྲས་བུ་མང་པོར་འགྱུར་བ་དེ་བཞིན་དུ་བསོད་ནམས་ཀྱི་ཞིང་ལ་ས་བོན་བཏབ་ན་འབྲས་བུ་མང་པོར་འགྱུར་རོ། །གལ་ཏེ་ཕ་འམ་མ་མཚན་གྱུར་ན་ཞེས་བྱ་བ་ནི་མཚན་གྱུར་པས་དེ་མ་ཉིད་ཡིན་པ་དང་། དེ་ཕ་ཉིད་ཡིན་པར་ཡང་མི་འདོད་པས་
མ་བསད་པ་མེད་པའི་ཕྱིར་རམ། ཕ་བསད་པ་མེད་པའི་ཕྱིར་མཚམས་མེད་པར་མི་འགྱུར་རོ་སྙམ་ནས་དེ་མེད་པར་དོགས་པས་འདྲི་བ་ཡིན་ནོ། །གང་གི་ཟླ་མཚན་ལས་བྱུང་བ། །ཞེས་བྱ་བ་ནི་འདི་ལ་གང་གི་ཟླ་མཚན་ལས་བྱུང་བ་ཡོད་པས་ན་གང་གི་ཟླ་མཚན་ལས་བྱུང་བའོ། །བྱ་བ་
ཐམས་ཅད་ཞུ་བར་བྱ་བ་ཡིན། །ཞེས་བྱ་བ་ནི་མ་ལ་ཞུ་དགོས་པའི་བྱ་བ་ཐམས་ཅད་དྲི་བར་བྱ་བ་ཡིན་ནོ་སྙམ་དུ་བསམ་པ་ཡིན་ཏེ། མ་དང་འདྲ་བའི་ཕྱིར་རོ། །ནུ་ཞོ་ལྡུད་པ་ནི་པང་ན་འཚོ་བར་བྱེད་པའོ། །གསོ་བར་བྱེད་པ་ནི་ནུ་ཞོ་ལྡུད་པར་བྱེད་པའོ། །སྐྱེད་པར་བྱེད་པ་ནི་ཟས་རགས་པ་
ལ་སོགས་པ་སྙོད་པར་བྱེད་པའོ། །གཞན་དག་ན་རེ་ནུ་ཞོ་ལྡུད་པ་ནི་ནུ་ཞོ་སྣུན་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །གསོ་བར་བྱེད་པ་ནི་ཟས་རགས་པ་གོམས་པར་བྱེད་པའོ། །སྐྱེད་པར་བྱེད་པ་ནི་ཁྲུས་དང་། ལུས་མཉེ་བ་དང་། ཡ་ང་བ་ཡོངས་སུ་སྤོང་བར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །མ་
ཁྲིའུའི་འོག་ན་འདུག་པ་ཞེས་བྱ་བ་ནི་བུས་ཁྲིའུའི་སྟེང་ན་གོས་ཡོད་པ་དང་སྦྱར་ན་འདི་ན་མི་ཞིག་ཉལ་ལོ་སྙམ་དུ་བསམས་ནས་དེར་མཚོན་གྱིས་བཏབ་པ་དང་། མཚོན་བཏབ་པ་དེས་མ་ཁྲིའུའི་འོག་ན་འདུག་པ་བསད་དོ་ཞེས་བྱ་བ་དང་། ཁྲུས་པ་བཙོ་བླག་མཁན་གྱི་བུས་སྦྲང་བུ་བསད་དོ་སྙམ་པའི་སྦྱོར་
བས་ཕ་བསད་པ་ཞེས་བྱ་བ་བརྗོད་པར་བྱའོ། །རྣམ་པར་རིག་བྱེད་མ་ཡིན་པ་གཉིས་ཡིན་ལ་ཞེས་བྱ་བ་ནི་མཚམས་མེད་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་། སྲོག་གཅོད་པ་འབའ་ཞིག་གི་རྣམ་པར་རིག་བྱེད་མ་ཡིན་པའོ། །རྣམ་པར་རིག་བྱེད་ནི་མཚམས་མེད་པ་ཁོ་ན་ཡིན་ཏེ། དེ་ནི་དེས་བསྡུས་
པ་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་མཚམས་མེད་པ་ནི་གཅིག་ཁོ་ནར་འགྱུར་ཏེ་ཞེས་བྱ་བ་ནི་དགྲ་བཅོམ་པ་བསད་པ་ཞེས་བྱ་བའོ། །སོང་ལ་སྐྲ་ཅན་ལ་ཁྱོད་ཀྱིས་ནི་མཚམས་མེད་པ་གཉིས་བྱས་ཏེ། ཕ་བསད་པ་གང་ཡིན་པ་དང་། གང་ཡང་དགྲ་བཅོམ་པ་གསོད་པའོ་
Vol. 143 · folio 78a
ཞེས་སྨྲོས་ཤིག་ཅེས་བྱ་བ་ནི་གྲོང་ཁྱེར་རོ་རུ་ཀ་ཞེས་བྱ་བ་ན་རྒྱལ་པོ་ཨུ་ཏྲ་ཡ་ན་ཞེས་བྱ་བས་བུ་སྐྲ་ཅན་ཞེས་བྱ་བ་དབང་བསྐུར་ནས་རབ་ཏུ་བྱུང་ངོ་། །རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏེ། དེ་རོ་རུ་ཀ་དང་ཉེ་བ་ཞིག་ཏུ་འོངས་པ་དང་། ཡང་རྒྱལ་སྲིད་འདོད་དོ་
སྙམ་ནས་བློན་པོས་སྦྲན་པ་དང་། རྒྱལ་པོ་སྐྲ་ཅན་དེས་རང་གི་ཕ་དེ་བསད་དོ། །དེས་བསད་པར་བྱ་བའི་གནས་སྐབས་ན་གཤེད་མའི་མི་དེ་ལ་སོང་ལ། སྐྲ་ཅན་ལ་སྨྲོས་ཤིག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྒྱས་པར་སྨྲས་སོ། །རྒྱུ་གཉིས་ཀྱིས་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་དེས་སོང་
ལ། སྐྲ་ཅན་ལ་ཁྱོད་ཀྱིས་ནི་མཚམས་མེད་པའི་རྒྱུ་གཉིས་ཀྱིས་མཚམས་མེད་པ་བྱས་སོ་ཞེས་སྨྲོས་ཤིག་ཅེས་བརྗོད་པར་བྱ་བ་ཡིན་ནོ། །སྒོ་གཉིས་ནས་སྤྱོད་པ་ཡིན་ནོ་ཞེས་བྱ་བ་ནི་མཚམས་མེད་པ་སྒོ་གཉིས་དང་ལྡན་པའི་ཕྱིར་གཉིས་ཉིད་དུ་ཉེ་བར་བཏགས་སོ་སྙམ་དུ་བསམ་པ་ཡིན་ཏེ།
མཚམས་མེད་པ་དེ་ནི་རྒྱུ་གཉིས་དང་ལྡན་པའི་ཕྱིར་ཤིན་ཏུ་ལྕི་བ་ཡིན་ནོ། །རྟེན་དེ་དང་ཤིན་ཏུ་འགལ་བའི་ཕྱིར་རོ་ཞེས་བྱ་བ་ནི་འཕགས་པའི་ལམ་སྐྱེས་པའི་རྟེན་ནི་ལས་ཀྱི་ལམ་དེ་དག་དང་ཤིན་ཏུ་འགལ་བའི་ཕྱིར་རོ། །འདིར་གཙེན་མའི་རྟོགས་པ་བརྗོད་པ་དཔེར་བརྗོད་དེ། ཤཱཀྱའི་མི་གཙེན་
མ་ཞེས་བྱ་བ་ཞིག་འཕགས་སྐྱེས་པོས་སྐྲག་ནས་གངས་ཁྲོད་ཀྱི་ནགས་ཚལ་གྱི་ཕྱོགས་ཤིག་ན་འཁྲས་ཤིང་འཚོ་བ་རྔོན་གྱིས་ཚོལ་ཚོལ་བ་ལས། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ནང་དུ་ཟླ་བ་གསུམ་ལོན་ནས་དེ་ནས་བབས་ཏེ། གཙེན་མ་འཁོར་དང་བཅས་པ་ཁོ་ན་ལ་ཆོས་
བསྟན་པ་དང་། དེ་དང་དེའི་བུ་རྣམས་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ་ཞེས་གྲག་སྟེ། དེ་དག་ནི་འབྲས་བུ་ཐོབ་པའི་སྔོན་རོལ་དུ་རི་དགས་དག་གི་གདོས་དང་། རྒྱ་ལ་སོགས་པ་བཤམས་ལ། དེ་དག་གི་སྦྱོར་བས་ཀྱང་རི་དྭགས་དག་གསད་པར་བྱས་མོད་ཀྱི། འབྲས་
བུ་ཐོབ་པས་མི་དགེ་བའི་ལས་ཀྱི་ལམ་དེ་དག་གིས་མ་རིག་གོ། །ལྔ་པ་དང་། གསུམ་པ་དང་། དང་པོ་རྣམས་ཆེས་ལྕི་བ་ཡིན་ཞེས་བྱ་བ་ལ། མཚམས་མེད་པ་འདོན་པའི་གོ་རིམས་ནི་མ་གསོད་པ་དང་། ཕ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་།
Vol. 143 · folio 78b
དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལ་ལྔ་པ་ངན་སེམས་ཀྱིས་ཁྲག་འབྱིན་པ་དེ་ནི་དགེ་འདུན་དབྱེན་བྱེད་པ་ལས་གཞན་པ་ལྷག་མ་བཞིའི་ནང་ནས་ཆེས་ལྕི་བ་ཡིན་ནོ། །གསུམ་པ་དགྲ་བཅོམ་པ་གསོད་པ་དེ་ནི་མ་དང་ཕ་གསོད་པ་
དག་པས་ཆེས་ལྕི་བ་ཡིན་ནོ། །དང་པོ་མ་གསོད་པ་ནི་ཕ་གསོད་པ་བས་ཆེས་ལྕི་བ་ཡིན་ཏེ། དེའི་ཕྱིར་ཕ་གསོད་པ་ནི་ཐམས་ཅད་ཀྱི་ནང་ན་ཡང་བ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །ངེས་པར་མཛད་ནས་ཞེས་བྱ་བ་ནི་དེ་ཁོ་ན་ངེས་པར་བཟུང་ནས་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་སྨིན་པ་རྒྱ་ཆེ་
བའི་དབང་དུ་མཛད་ནས་ནི་དགེ་འདུན་གྱི་དབྱེན་བྱེད་པ་ཁ་ན་མ་ཐོ་བ་ཆེ་བར་གསུངས་ཏེ། རྣམ་པར་སྨིན་པ་བར་གྱི་བསྐལ་པར་འབྱིན་པའི་ཕྱིར་རོ། །སྐྱེ་བོ་ཕལ་པོ་ཆེ་འཆི་བའི་དབང་དུ་མཛད་ནས་ནི་ཡིད་ཀྱི་ཉེས་པ་སྟེ། དན་ད་ཀའི་དགོན་པ་ལ་སོགས་པ་སྟོངས་པའི་རྒྱུ་ཡིན་པའི་
ཕྱིར་རོ། །གཞན་ལུས་ཀྱི་ལས་སམ་ངག་གི་ལས་ཀྱིས་ནི་སྐྱེ་བོ་ཕལ་པོ་ཆེ་དེ་སྙེད་འཆི་མི་སྲིད་དོ། །དགེ་བའི་རྩ་བ་ཀུན་དུ་གཅོད་པའི་དབང་དུ་མཛད་ནས་ནི་ལོག་པར་ལྟ་བ་ཁ་ན་མ་ཐོ་བ་ཆེན་པོར་གསུངས་ཏེ། གཞན་མི་དགེ་བའི་རྩ་བ་ནི་ཀུན་དུ་འབྱུང་བ་ཙམ་དང་འགལ་བའི་ཕྱིར་དགེ་
བའི་རྩ་བ་རྣམས་ཀུན་དུ་གཅོད་པ་མ་ཡིན་ནོ། །བར་ཆད་མེད་པ་ཁོ་ནར་ནི་མ་ཡིན་ནོ་ཞེས་བྱ་བ་ལ། གཞན་དག་གི་བསམ་པ་ནི་དེ་དག་ནི་གདོན་མི་ཟ་བར་དམྱལ་བར་སྐྱེ་བས་དེ་དང་འདྲ་བའི་ཕྱིར་དེ་དང་ཆ་འདྲ་བ་དག་ཅེས་བྱ་བའོ། །དེར་བར་ཆད་མེད་པར་སྐྱེ་བས་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་
ན་མཚམས་མེད་པ་དག་ཁོ་ན་ཡིན་པར་འགྱུར་རོ་སྙམ་པ་ཡིན་ནོ། །ཕྱོགས་སྔ་མ་དག་གི་ལན་ནི་དེ་དག་བར་ཆད་མེད་པར་འབྱུང་བ་ཉིད་ཅན་ཡིན་ཡང་མཚམས་མེད་པ་ཁོ་ན་ནི་མ་ཡིན་ཏེ། དུས་དང་རྣམ་པར་སྨིན་པ་མི་འདྲ་བ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །མ་དགྲ་བཅོམ་མ་སུན་བྱས་དང་། །ཞེས་བྱ་བ་
ནི་མ་བསད་པའི་མཚམས་མེད་པ་དང་ཆ་འདྲ་བ་ཡིན་ནོ། །ངེས་པར་གཏོགས་པའི་བྱང་ཆུབ་སེམས་དཔའ་བསད་པ་ནི་ཕ་བསད་པའི་མཚམས་མེད་པ་དང་ཆ་འདྲ་བ་ཡིན་ནོ། །སློབ་པ་བསད་པ་ནི་དགྲ་བཅོམ་པ་བསད་པའི་མཚམས་མེད་པ་དང་ཆ་འདྲ་བ་ཡིན་ནོ། །དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་པ་ནི་དགེ་
Vol. 143 · folio 79a
འདུན་གྱི་དབྱེན་བྱེད་པའི་མཚམས་མེད་པ་དང་ཆ་འདྲ་བ་ཡིན་ནོ། །མཆོད་རྟེན་འཇིག་པ་ནི་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའི་མཚམས་མེད་པ་དང་ཆ་འདྲ་བ་ཡིན་ནོ། །སློབ་དཔོན་དབྱིག་བཤེས་ན་རེ་དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་པ་ནི་ནར་
མར་འདུ་བ་འཕྲོག་པ་ཡིན་ནོ་ཞེས་ཟེར་རོ། །འདི་སྐད་དུ། དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་འཕྲོག་པའོ་ཞེས་བརྗོད་དེ། གང་ཞིག་གིས་དགེ་འདུན་འཚོ་བར་བྱེད་པ་ཞལ་དུ་གསོལ་བ་གང་ཡིན་པ་དེ་འཕྲོག་པ་ཡིན་ནོ། །དེའི་རྣམ་པར་སྨིན་པའི་ས་ལས་འདས་པའི་ཕྱིར་ཞེས་བྱ་བ་ནི། བཟོད་ཐོབ་
ངན་སོང་མི་འགྲོའོ། །ཞེས་འབྱུང་བས་ངན་སོང་གི་ས་ལས་འདའ་བའི་ཕྱིར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་དེའི་རྣམ་པར་སྨིན་པའི་ས་ལས་འདའ་བའི་ཕྱིར་འདོད་པ་ན་སྤྱོད་པའི་ལས་རྣམས་བགེགས་བྱ་བའི་ཕྱིར་ཉེ་བར་གནས་ཏེ། དཔེར་ན་མི་ཞིག་ཡུལ་འདོར་བར་བྱེད་པ་ལ་བུ་ལོན་པ་དག་ལྡང་བ་
བཞིན་ནོ་ཞེས་བྱ་བ་དེ་ཁོ་ན་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ། །རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེ་བ་ཞེས་བྱ་བ་ནི་རིགས་ཆེན་པོ་དང་ལྡན་པར་སྐྱེ་བ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱལ་རིགས་ཤིང་སཱ་ལྟ་ཆེན་པོ་ལ་བུར་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ནས། ཁྱིམ་བདག་གི་རིགས་སཱ་ལ་ཆེན་པོ་ལྟ་བུར་
སྐྱེ་བ་ཡིན་ནོ་ཞེས་བྱ་བའི་བར་ནི་ཁྱིམ་བདག་གི་རིགས་ཆེན་པོར་སྐྱེ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བརྙས་གནོད་ནི་བརྙས་པའི་གནས་སྐབས་སྔོན་དུ་བཏང་བའི་རྣམ་པར་ཐོ་འཚམས་པའོ། །ལུས་དང་ངག་གི་འཇུག་པས་གཞན་ལ་སྡུག་བསྔལ་དང་ཡིད་མི་བདེ་བ་དག་འབྱུང་བ་དེ་ལ་
ལྟོས་ནས་དེ་སྡོམ་པ་ནི་བརྣགས་པ་ཞེས་བྱའོ། །བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ཞེས་བྱ་བ་ནི་དགུ་བཅུ་རྩ་གཅིག་ཏུ་ཚང་བའི་བསྐལ་པ་ནི་དགུ་བཅུ་རྩ་གཅིག་གོ། །དེའི་བར་དུ་སྟེ། གྲོང་དཔོན་དགེ་སྦྱོང་གཅེར་བུ་པ་རལ་གྲི་ཐོགས་པ་ཞིག་གིས། བཅོམ་ལྡན་འདས་ལ་ཀྱེ་དགེ་སློང་གཽ་
ཏམ་གང་ཁྱོད་ལོ་ཉེས་པ་འདི་ལྟ་བུའི་ནང་ན་དགེ་སློང་གི་དགེ་འདུན་འདི་སྙེད་ཅིག་དང་ཐབས་ཅིག་སེར་བ་བཞིན་དུ་མ་རུངས་པར་བྱེད་ཅིང་སློང་མོ་ལ་རྒྱུ་བ་ཇི་སྟེ་ཁྱིམ་རྣམས་ཕུང་བར་བྱ་བའི་ཕྱིར་ཞུགས་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་གྲོང་དཔོན་ངས་འདི་ནས་བཟུང་སྟེ།
Vol. 143 · folio 79b
བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ཞེས་བྱ་བ་རྒྱས་པར་བཀའ་སྩལ་ཏོ། །སྐྱོན་བཞི་པོ་འདི་དག་ནི་ཟློག་པར་བྱེད་ལ་ཞེས་བྱ་བ་ནི་ངན་འགྲོའི་སྐྱོན་དང་། རིགས་དམའ་བ་ཉིད་ཀྱི་སྐྱོན་དང་། དབང་པོ་མ་ཚང་བ་ཉིད་ཀྱི་སྐྱོན་དང་། བུད་མེད་ཀྱི་དངོས་པོའི་སྐྱོན་ནོ། །ཡོན་ཏན་གཉིས་ནི་
འཐོབ་པོ་ཞེས་བྱ་བ་ནི་ཚེ་རབས་དྲན་པ་ཉིད་ཀྱི་ཡོན་ཏན་དང་། ཕྱིར་མི་ལྡོག་པ་ཉིད་ཀྱི་ཡོན་ཏན་ནོ། །བྱང་ཆུབ་སེམས་དཔའ་ཉེ་བ་མ་གཏོགས་པ་ཞེས་བྱ་བ་ནི་མཚན་གྱི་རྣམ་པར་སྨིན་པ་ཅན་གྱི་ལས་བྱེད་པ་གང་ཡིན་པའོ། །སྟོང་གསུམ་འཆག་པ་ཞེས་བྱ་བ་ནི་སེམས་ཅན་གྱི་ལས་ཀྱི་
དབང་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འབྱུང་བ་དེའི་ཚད་གང་ཡིན་པ་སྟེ། ཚད་དེ་ལྟར་བཅས་པ་དེ་དག་བརྒྱས་སྐྱེས་བུ་ཆེན་པོའི་མཚན་གཅིག་འགྲུབ་པ་ནས་སུམ་ཅུ་རྩ་གཉིས་པའི་བར་དུ་ཡང་དེ་དང་འདྲའོ། །ཁ་ཅིག་ན་རེ་སངས་རྒྱས་རྣམས་ཀྱི་སྐུ་རྣམ་པ་གཉིས་ཏེ། སྐྱེ་བའི་སྐུ་དང་།
ཆོས་ཀྱི་སྐུའོ། །དེ་ལ་སྐྱེ་བའི་སྐུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་མཚན་ཉིད་དོ། །ཆོས་ཀྱི་སྐུ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། །དེ་ལ་སངས་རྒྱས་ལ་དམིགས་པའི་ཡིད་ལ་བྱེད་པ་མངོན་སུམ་དུ་གྱུར་པ་ལས་སེམས་པ་ལྔ་བཅུ་འབྱུང་ལ། བདག་ཀྱང་འདི་
འདྲ་བར་གྱུར་ཅིག་སྙམ་པའི་ལས་ཀྱང་གཞན་ལྔ་བཅུ་འབྱུང་སྟེ། དེ་ལྟར་ན་བསོད་ནམས་བརྒྱ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་འདོད་པའི་ཁམས་གནས་ཉི་ཤུ་དང་། གཟུགས་ཀྱི་ཁམས་བཅུ་དྲུག་དང་། གཟུགས་མེད་པ་བཞི་དང་། གྲང་བའི་དམྱལ་བ་བརྒྱད་དེ། དེ་
ལྟར་ན་ཁམས་གསུམ་པ་ནི་ཁྱད་པར་བཞི་བཅུ་རྩ་བརྒྱད་ཡིན་ལ། དེ་ལ་དམིགས་པའི་བྱང་ཆུབ་སེམས་དཔའ་ལ་སྙིང་རྗེའི་སེམས་སྐྱེ་སྟེ། དེའི་ཕྱིར་དེ་དང་མཚུངས་པར་ལྡན་པའི་སེམས་པ་བཞི་བཅུ་རྩ་བརྒྱད་འབྱུང་ངོ་། །དེའི་རྗེས་ལ་ཇི་ལྟར་འདིས་ཁམས་གསུམ་པ་འདི་ལས་སེམས་ཅན་དག་
བཀྲོལ་བ་ལྟ་སྙམ་པ་དེ་ལྟ་བུའི་སེམས་པ་སངས་རྒྱས་ལ་དམིགས་པའི་སེམས་པ་འབྱུང་ངོ་། །དེའི་རྗེས་ལ་བདག་ཀྱང་དེ་དང་འདྲ་བར་འགྲོལ་བར་བྱེད་པར་གྱུར་ཅིག་སྙམ་པ་བདག་ལ་དམིགས་པའི་སེམས་པ་གཉིས་པ་འབྱུང་བས་སེམས་པ་ལྔ་བཅུ་འབྱུང་ངོ་། །ཡང་དེ་དག་ལན་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words