ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད
Sanskrit title (Tibetan script, as in the text) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 143 · folio 80a
གཉིས་སུ་མངོན་དུ་གྱུར་པས་སེམས་པ་བརྒྱར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་སངས་རྒྱས་བཅོམ་ལྡན་འདས་ནི་རྒྱུ་ལྔས་སྲོག་གཅོད་པ་སྤོང་བ་དང་ལྡན་པ་ཡིན་ཏེ། རྒྱུ་ལྔ་ནི་ལས་ཀྱི་ལམ་དངོས་ཡོངས་སུ་དག་པ་དང་། ཉེར་བསྡོགས་ཡོངས་སུ་
དག་པ་དང་། རྣམ་པར་རྟོག་པས་མ་སྨས་པ་དང་། དྲན་པས་ཡོངས་སུ་ཟིན་པ་ཉིད་དང་། མྱ་ངན་ལས་འདས་པར་བསྔོས་པ་ཉིད་དེ། དེ་ལ་དམིགས་པའི་སེམས་པ་ཡང་ལྔ་འབྱུང་ངོ་། །ལས་ཀྱི་ལམ་བཅུ་ཆར་ལ་དམིགས་པ་དེ་དང་འདྲ་སྟེ། སེམས་པ་ལྔ་ཕྲག་བཅུ་ནི་སེམས་པ་ལྔ་བཅུ་ཡིན་
ནོ། །ཡང་ཇི་ལྟར་བཅོམ་ལྡན་འདས་དེ་དགེ་བའི་ལས་ཀྱི་ལམ་མ་འདྲེས་པ་བཅུ་ལས་ངེས་པར་སྐྱེས་པ་ལྟར་བདག་ཀྱང་དེ་དང་འདྲ་བར་ཤོག་ཤིག་སྙམ་དུ་དེ་དག་ལན་གཉིས་སུ་མངོན་དུ་གྱུར་པས་སེམས་པ་བརྒྱར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་རེ་རེ་ཡང་བསོད་ནམས་བརྒྱ་ལས་སྐྱེས་སོ་
ཞེས་བྱ་བ་འདི་འགྲུབ་པོ། །བསྙེན་བཀུར་བྱས་སོ་ཞེས་བྱ་བ་ནི་བསྙེན་བཀུར་བྱས་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །གང་ལ་བཅོམ་ལྡན་འདས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྫ་མཁན་སྣང་བྱེད་ཅེས་བྱ་བར་གྱུར་པས་དང་པོར་སྨོན་ལམ་བཏབ་པའོ། །དེའི་ཚེ་འདིའི་ཚུལ་ཁྲིམས་དང་བཟོད་པའི་ཕ་རོལ་
ཏུ་ཕྱིན་པ་དག་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བྱ་བ་ནི་རེ་ཞིག་སེམས་མ་འཁྲུགས་པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་སོ། །ལུས་དང་ངག་གིས་ཉེས་པར་སྤྱོད་པ་མི་བྱེད་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་སོ། །ལྷ་ཡུལ་ས་ན་མེད་ཅེས་བྱ་བ་རྒྱས་པར་འབྱུང་བ་
ལ། ལྷ་ཡུལ་ས་ཞེས་བྱ་བ་ནི་བསྟན་པའི་ཚིག་གི་ཚུལ་དུ་བཤད་པ་ཡིན་ནོ། །འཇིག་རྟེན་འདི་ནའང་ཡོད་པ་མ་ཡིན་ལ། །རྣམ་ཐོས་བུ་ཡི་གནས་ནའང་ཡོད་མ་ཡིན། །ལྷ་ཡི་ཕོ་བྲང་གནས་མཆོག་ན་ཡང་ཡོད་མ་ཡིན། །ཞེས་བྱ་བ་ནི་དེ་གསལ་བར་བྱ་བའི་ཕྱིར་བསྟན་པའི་ཚིག་དག་ཡིན་ཏེ། འཇིག་
རྟེན་འདི་ན་ཞེས་བྱ་བ་ནི་མིའི་འཇིག་རྟེན་ནའོ། །རྣམ་ཐོས་བུའི་གནས་ན་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞིའི་གནས་ནའོ། །ལྷའི་ཕོ་བྲང་ཞེས་བྱ་བ་ནི་ལྷའི་གནས་ཏེ། སུམ་ཅུ་རྩ་གསུམ་པའི་གནས་ན་ཞེས་བྱ་བའི་ཐ་ཚིག་གོ། །གནས་མཆོག་དག་ན་ཞེས་བྱ་བ་ནི་འཐབ་བྲལ་ལ་སོགས་པའི་གནས་དག་
Vol. 143 · folio 80b
ནའོ། །འཇིག་རྟེན་གྱི་ཁམས་གཞན་དག་ན་ཡང་ཁྱོད་འདྲ་བ། མེད་པར་ཤེས་པར་བྱ་བའི་ཕྱིར། །ཕྱོགས་དང་ཕྱོགས་མཚམས་དག་ནའང་མེད། །ཅེས་བྱ་བ་སྨོས་སོ། །འོན་ཏེ་ཡིད་མི་ཆེས་ན་འགའ་ཞིག་གིས་རི་རྣམས་དང་ནགས་དག་ཏུ་བཅས་པའི་རི་དང་ནགས་སུ་བཅས་པའི་ས་སྟེངས་རྒྱས་པ་
སེམས་ཅན་མང་པོ་གནས་པ་འདི་ཀུན་དུ་ཡུལ་གཅིག །བདག་ཉིད་ཚོལ་ཅིག་ཅེས་བྱ་བར་བསམ་པ་ཡིན་ནོ། །བསྐལ་པ་དགུ་ཡང་བསྡུམས་སོ་ཞེས་བྱ་བ་ནི་བརྩོན་འགྲུས་བརྩམས་པ་དེས་བསྐལ་པ་དགུ་བཅུ་རྩ་གཅིག་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །
དེ་ཉིད་ཀྱི་ཕྱིར་བསྐལ་པ་དགུ་བཅུ་རྩ་གཅིག་ལུས་པའི་ཚེ་འཕངས་སོ་ཞེས་བཤད་དོ། །བྱང་ཆུབ་པའི་སྔོན་རོལ་གྱི་དེ་མ་ཐག་ཅེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་མཚན་ཉིད་ཀྱི་བྱང་ཆུབ་ཀྱི་སྔོན་རོལ་གྱི་དེ་མ་ཐག་གོ། །དེ་ཅིའི་ཕྱིར་ཞེ་ན། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་བྱང་ཆུབ་
འཐོབ་ཀྱི། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་རྫོགས་པས་ནི་མ་ཡིན་ནོ། །ཅི་རིགས་པར་ཞེས་བྱ་བ་ནི་ལ་ལ་ནི་བསོད་ནམས་ཀྱང་ཡིན། བྱ་བ་ཡང་ཡིན། གཞི་ཡང་ཡིན། ལ་ལ་ནི་བསོད་ནམས་ཁོ་ན་ཡིན་པས་སོ། །ཇི་ལྟ་ཞེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྲོག་གཅོད་
པ་ལ་སོགས་པ་ལས་ཀྱི་ལམ་བདུན་པོ་དེ་དག་ནི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་། སེམས་པའི་ལམ་ཡིན་པའི་ཕྱིར་ལས་ཀྱང་ཡིན། ལམ་ཡང་ཡིན་ལ། བརྣབ་སེམས་ལ་སོགས་པ་གསུམ་ནི་སེམས་པ་ཞེས་བྱ་བའི་ལས་ཀྱི་ལམ་ཁོ་ན་ཡིན་པས་ལས་ཀྱི་ལམ་མོ། །ལུས་དང་ངག་
གི་ལས་ནི་རྣམ་པ་གསུམ་ཆར་ཡིན་ནོ་ཞེས་བྱ་བ་ནི་རེ་ཞིག་རྣམ་པར་སྨིན་པ་ཡིད་དུ་འོང་བའི་ཕྱིར་བསོད་ནམས་ཀྱང་ཡིན་ལ། ལས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་བྱ་བ་ཡང་ཡིན་ནོ། །དེ་དག་ཀུན་ནས་སློང་བར་བྱེད་པའི་སེམས་པ་ནི་དེ་དག་ལ་བརྟེན་ནས་འཇུག་པའི་ཕྱིར་གཞི་ཡང་ཡིན་ནོ། །དེ་ཀུན་ནས་སློང་
བར་བྱེད་པའི་སེམས་པ་ནི་ལུས་དང་ངག་གི་ལས་ཀུན་ནས་སློང་བར་བྱེད་པ་ཡིན་ཏེ། རྣམ་པར་སྨིན་པ་ཡིད་དུ་འོང་བའི་ཕྱིར་བསོད་ནམས་ཀྱང་ཡིན་ལ། ཡིད་ཀྱི་ལས་ཡིན་པའི་ཕྱིར་བྱ་བ་ཡང་ཡིན་ནོ། །གཞི་ནི་མ་ཡིན་ཏེ། བྱ་བའི་རྟེན་མ་ཡིན་པའི་ཕྱིར་རོ། །དེ་དང་ལྷན་ཅིག་འབྱུང་བ་ཚོར་
Vol. 143 · folio 81a
བ་ལ་སོགས་པ་ནི་རྣམ་པར་སྨིན་པ་ཡིད་དུ་འོང་བའི་ཕྱིར་བསོད་ནམས་ཁོ་ན་ཡིན་གྱི། བྱ་བ་འམ་གཞི་ནི་མ་ཡིན་ཏེ། དེ་དག་གི་མཚན་ཉིད་མེད་པའི་ཕྱིར་རོ། །ཚུལ་ཁྲིམས་ལས་བྱུང་བ་ཞེས་བྱ་བ་ནི་རྣམ་པ་གསུམ་སྔ་མ་བཞིན་དུ་སྦྱར་བར་བྱའོ། །བྱམས་
པ་ནི་བསོད་ནམས་ཀྱང་ཡིན་ཞེས་བྱ་བ་ཡང་སྔ་མ་བཞིན་དུ་སྦྱར་བར་བྱའོ། །བྱ་བའི་གཞི་ཡང་ཡིན་ཏེ། བྱམས་པའི་སྒོ་ནས་བྱམས་པའི་དབང་གིས་དེ་དང་མཚུངས་པར་ལྡན་པ་སྟེ། བྱམས་པ་དང་མཚུངས་པར་ལྡན་པའི་སེམས་པ་མངོན་པར་འདུ་བྱེད་ཅིང་། སེམས་པར་བྱེད་པའི་ཕྱིར་རོ། །
དེ་དང་ལྷན་ཅིག་འབྱུང་བ་སྟེ། བྱམས་པ་དང་ལྷན་ཅིག་འབྱུང་བའི་སེམས་པ་དང་། ཚུལ་ཁྲིམས་ནི་བསོད་ནམས་ཀྱང་ཡིན་ལ། བྱ་བ་ཡང་ཡིན་ཏེ། སྔ་མ་བཞིན་ནོ། །སེམས་པ་ནི་བསམ་གཏན་གྱི་སྡོམ་པ་འཇུག་པར་བྱའོ་སྙམ་དུ་བརྟེན་ནས་འཇུག་པ་མ་ཡིན་ཏེ། དེའི་ཕྱིར་དེ་བྱ་བའི་གཞི་ནི་མ་
ཡིན་ནོ། །དེ་དང་ལྷན་ཅིག་འབྱུང་བ་ཚོར་བ་ལ་སོགས་པ་གཞན་ནི་བསོད་ནམས་ཁོ་ན་ཡིན་ཏེ། སྔ་མ་བཞིན་ནོ། །དེ་ལྟར་ན་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱང་ཡིན། བྱ་བ་ཡང་ཡིན། གཞི་ཡང་ཡིན་པ་དང་། བསོད་ནམས་ཀྱང་ཡིན། བྱ་བ་ཡང་ཡིན་པ་དང་། བསོད་ནམས་ཡིན་པས་
བསོད་ནམས་བྱ་བའི་གཞིའོ། །ཚུལ་ཁྲིམས་ལ་སོགས་པ་ནི་བསོད་ནམས་ཀྱང་ཡིན། བྱ་བ་ཡང་ཡིན། གཞི་ཡང་ཡིན་པས་བསོད་ནམས་བྱ་བའི་གཞིའོ། །བསྒོམས་པ་ལས་བྱུང་བ་ནི་བསོད་ནམས་ཀྱང་ཡིན། བྱ་བའི་གཞི་ཡང་ཡིན་པ་དང་། བསོད་ནམས་ཀྱང་ཡིན། བྱ་བ་ཡང་ཡིན་པ་
དང་། བསོད་ནམས་ཡིན་པས་བསོད་ནམས་བྱ་བའི་གཞིའོ། །མི་མཐུན་པ་རྣམས་ལ་ཡང་གཅིག་བསྡུས་པར་འདོད་དེ། དཔེར་ན་གང་མི་མངོན་པ་དག་ནི་ཡོན་ཏན་ནོ་ཞེས་བྱ་བ་དེ་ལྟ་བུའོ། །གང་སྦྱིན་པར་བྱ་བ་དེ་ཡང་སྦྱིན་པ་ཡིན་མོད་ཀྱི་ཞེས་བྱ་བ་ནི་སྦྱིན་པར་བྱ་བའི་དངོས་པོ་སྟེ། ལས་སུ་
སྒྲུབ་པ་ཡིན་ནོ། །གང་གིས་སྦྱིན་བྱེད་དེ་སྦྱིན་པ། །ཞེས་བྱ་བ་ནི་འདིར་སྦྱིན་པ་དགེ་བ་ཡིན་པར་འདོད་དེ། སྦྱིན་པར་བྱ་བ་གོས་ལ་སོགས་པ་ནི་ལུང་དུ་མ་བསྟན་པ་ཉིད་ཡིན་ནོ། །འདོད་ཆགས་ལ་སོགས་པས་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཁྲོ་བ་དང་། ཕྲག་དོག་ལ་སོགས་པ་
Vol. 143 · folio 81b
བསྡུའོ། །ཚོགས་གང་གིས་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བའི་ཚོགས་སོ། །ཕུང་པོ་རྣམས་ཞེས་བྱ་བ་ནི་ཕུང་པོ་ལྔའོ། །ཡང་ན་ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱང་གཟུགས་ཀྱི་ཕུང་པོ་ཡིན་པར་བལྟའོ། །བྱུང་བ་ཞེས་བྱ་བ་འདི་ནི་རང་བཞིན་ཡིན་ཞེས་བྱ་བ་ནི་གྱུར་པ་ལ་
སོགས་པ་མ་ཡིན་པའོ། །དཔེར་ན་རྩྭ་ལས་བྱུང་བའི་ཁྱིམ་ཞེས་བྱ་བ་ནི་རྩྭ་ལས་གྱུར་པ་མེད་ཀྱི། དེ་དག་མ་གྱུར་པ་ཁོ་ནས་དེ་བྱས་པ་ཡིན་པས་དེའི་ཕྱིར་རྩྭ་ལས་བྱུང་བ་དེ་ནི་རྩྭའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བར་ཤེས་ཏེ། དེ་གྱུར་པ་ཉིད་ཡིན་པར་ཡོངས་སུ་བརྟགས་ནས་བྱུང་བ་ཞེས་བྱའོ་སྙམ་དུ་
བསམ་པ་ཡིན་ནོ། །ཡང་ན་དེའི་རང་བཞིན་ཡིན་པར་བརྗོད་པར་བྱ་བའི་ཕྱིར་བྱུང་བ་ཞེས་བྱ་བའི་མཚན་ཉིད་འདིས་བྱུང་བ་ཞེས་བརྗོད་དོ། །དེ་བཞིན་དུ་ལོ་མ་ལས་བྱུང་བའི་སྣོད་ཅེས་བྱ་བ་འདི་ཡང་བརྗོད་པར་བྱའོ། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་མ་གཏོགས་ཞེས་བྱ་བ་ནི་དེ་གཉི་གའི་དོན་ཡིན་པའི་ཕྱིར་མ་
གཏོགས་སོ། །དེའི་རྣམ་པར་སྨིན་པའི་ས་ལས་ཡང་དག་པར་འདས་པའི་ཕྱིར་ཞེས་བྱ་བ་འདོད་པའི་ཁམས་ལས་ཤིན་ཏུ་ཡང་དག་པར་འདས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། འདོད་པའི་ཁམས་ནི་སྦྱིན་པའི་རྣམ་པར་སྨིན་པའི་ས་ཡིན་པས་སོ། །ཐོས་པ་ལ་སོགས་པའི་ཡོན་ཏན་
དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་གཏོང་བ་དང་། ཤེས་རབ་དང་། འདོད་ཆེན་ཆུང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་བསྡུའོ། །གུས་ལ་སོགས་པས་སྦྱིན་པར་བྱེད། །ཅེས་བྱ་བ་ནི་འདི་ལ་གུས་པ་ལ་སོགས་པ་ཡོད་པས་ན་གུས་ལ་སོགས་ཏེ། འདི་ནི་བྱ་བའི་
ཁྱད་པར་ཡིན་ནོ། །གོ་རིམས་བཞིན་དུ་ཁྱད་པར་བཞིར་འགྱུར་རོ་ཞེས་བྱ་བ་ནི་གུས་པར་སྦྱིན་པས་ནི་བཀུར་སྟི་རྙེད་པར་འགྱུར་རོ། །རང་གི་ལག་ནས་སྦྱིན་པས་ནི་ལོངས་སྤྱོད་རྒྱ་ཆེན་པོ་ལ་དད་པ་རྙེད་པར་འགྱུར་རོ། །དུས་སུ་བྱིན་པས་ནི་གང་གི་ཚེ་ལོངས་སྤྱོད་ལོངས་སྤྱད་པར་ནུས་པའི་
དུས་ལས་མི་ཡོལ་བར་དུས་སུ་རྙེད་པར་འགྱུར་རོ། །གཞན་ལ་མི་གནོད་པར་བྱིན་པས་ནི་ལོངས་སྤྱོད་བར་ཆད་མེད་པར་རྙེད་པར་འགྱུར་རོ། །འདིའི་དུས་སུ་རེག་ན་བདེ་བའི་ལུས་སུ་འགྱུར་རོ་ཞེས་བྱ་བ་ནི་གྲང་བའི་ཚེ་ནི་དྲོ་བ་ལ། དྲོ་བའི་ཚེ་ནི་གྲང་ཞིང་། ཐལ་མལ་པའི་ཚེ་ནི་ཐ་མལ་པར་འདུག་
Vol. 143 · folio 82a
པའོ། །གྲང་བ་ལ་སོགས་པར་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཡུལ་ངན་དང་། ཆར་འབབ་པ་ལ་སོགས་པ་བསྡུ་སྟེ། དེ་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །འདི་ལྟ་སྟེ་ཕ་མ་ཞེས་བྱ་བ་ནི་ཕན་འདོགས་པའི་ཁྱད་པར་ལས་ཏེ། དེ་གཉིས་ལ་ཕན་པ་
དང་གནོད་པ་བྱས་པས་འབྲས་བུ་ཆེན་པོ་དག་ཏུ་འགྱུར་རོ་ཞེས་བྱ་བའི་དོན་དུ་ཁོང་དུ་ཆུད་པར་བྱའོ། །དོམ་དང་རི་དགས་ལ་སོགས་པའི་སྐྱེས་པའི་རབས་དཔེར་བྱའོ་ཞེས་བྱ་བ་ནི་དོམ་དང་རི་དགས་ཀྱི་ཕུག་ཏུ་བཅུག་ནས་ལུས་ཀྱི་དྲོད་ཀྱིས་བསྲོས་པ་དང་། ཆུས་ཁྱེར་བ་ལས་བསྒྲལ་བ་ལས་
ཕན་འདོགས་འདོགས་པ་དག་ལ་གནོད་པ་བྱས་པས་འཕྲལ་ལ་ལག་པ་ཆད་པ་ལྟ་བུའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སྤྲེའུའི་སྐྱེས་པའི་རབས་ལ་སོགས་པ་དཔེར་བརྗོད་པར་བྱའོ། །ཚུལ་ཁྲིམས་དང་ལྡན་པ་ལ་བྱིན་ན་རྣམ་པར་སྨིན་པ་འབུམ་འགྱུར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་
པའོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པ་ལ་བྱིན་ན་རྣམ་པར་སྨིན་པ་ཚད་མེད་དོ། །དེ་བས་ཀྱང་རྒྱུན་དུ་ཞུགས་པ་ལ་བྱིན་ན་ཆེས་ཚད་མེད་དོ་ཞེས་བྱ་བ་ལ་སོགས་པ་བསྡུའོ། །དེ་མ་གཏོགས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྦྱིན་
པ་བཤད་མ་ཐག་པ་སྟེ། དེ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱིན་པ་ཡིན་ནོ། །ལྷག་མ་ནི་གོ་སླ་བས་རྣམ་པར་མ་ཕྱེའོ་ཞེས་བྱ་བ་ནི་བདག་ལ་བྱིན་པས་སྦྱིན་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །བདག་ལ་བྱིན་པས་སྦྱིན་པ་
ཞེས་བྱ་བ་ནི་འདིས་སྔོན་བདག་ལ་བྱིན་ནོ་སྙམ་ནས་སྦྱིན་པ་སྟེ། གསུམ་པ་ཡིན་ནོ། །བདག་ལ་སྦྱིན་པར་འགྱུར་བས་སྦྱིན་པ་ཞེས་བྱ་བ་ནི་བཞི་པ་ཡིན་ནོ། །སྔོན་བདག་གི་ཕ་དང་མེས་པོ་དག་གིས་སྦྱིན་པ་བྱིན་པས། སྦྱིན་པ་བྱིན་པ་ཞེས་བྱ་བ་ནི་ལྔ་པ་ཡིན་ནོ། །མཐོ་རིས་ཀྱི་དོན་དུ་སྦྱིན་པ་
ནི་དྲུག་པ་ཡིན་ནོ། །གྲགས་པའི་དོན་དུ་སྦྱིན་པ་ཞེས་བྱ་བ་ནི་བདུན་པ་ཡིན་ནོ། །སེམས་ཀྱི་རྒྱན་གྱི་དོན་ཞེས་བྱ་བ་ནས་དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་སྦྱིན་པ་ཞེས་བྱ་བའི་བར་ནི་བརྒྱད་པ་ཡིན་ནོ། །སེམས་ཀྱི་རྒྱན་གྱི་དོན་ནི་རྫུ་འཕྲུལ་གྱི་དོན་ནོ། །སེམས་ཀྱི་ཡོ་བྱད་ཀྱི་དོན་ནི་སེམས་
Vol. 143 · folio 82b
ཀྱི་ཡོ་བྱད་བརྒྱད་དེ། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །རྣལ་འབྱོར་གྱི་ཚོགས་ཀྱི་དོན་ནི་རྣལ་འབྱོར་གྱི་རྒྱུའི་དོན་ནོ། །དོན་གྱི་མཆོག་ཐོབ་པ་ནི་དགྲ་བཅོམ་པ་ཉིད་དམ། མྱ་ངན་ལས་འདས་པ་ཐོབ་པ་སྟེ། དེའི་ཕྱིར་སྦྱིན་པའོ། །བརྒྱད་པ་ནི་ཁྱད་པར་བཞི་ཡིན་ཡང་དེ་
དག་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ཁོ་ན་ཡིན་པའི་ཕྱིར། གཅིག་ཡིན་པས་སློབ་དཔོན་གྱིས་གོ་སླའོ་ཞེས་བཤད་དོ། །ཞིང་གི་ཁྱད་པར་རྣམ་པ་བཞི་ཞེས་བྱ་བ་ནི་འགྲོལ་བ་དང་། སྡུག་བསྔལ་དང་། ཕན་འདོགས་པ་དང་། ཡོན་ཏན་གྱི་ཞིང་ངོ་། །ཕྱོགས་གང་དུ་གཏོགས་
པར་བྱ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་འགྲོ་བའི་ཞིང་ཉིད་དང་། ཡོན་ཏན་གྱི་ཞིང་ཉིད་དུ་ཡང་མི་རུང་བ་དེའི་ཕྱིར་འདྲི་བ་ཡིན་ནོ། །མཐུན་པ་དང་མི་མཐུན་པ་རབ་ཏུ་སྟོན་པར་བྱེད་པ་ནི་ཞེས་བྱ་བ་ནི་ཆོས་དང་ཆོས་མ་ཡིན་པའོ། །རྣམ་པར་སྨིན་པ་ངེས་པར་གནས་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་སྨིན་
པ་འབྱིན་པར་ངེས་པར་གནས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ལ་ལ་ནི་ཞིང་གི་དབང་པོ་ཁོ་ནས་སོ་ཞེས་བྱ་བ་ནི་དཔེར་ན་མི་ཕལ་པ་བསད་པ་བས་ཕ་བསད་པ་ལྟ་བུའོ། །དེ་ཉིད་ལ་གཞིའི་དབང་གིས་ཞེས་བྱ་བ་ནི་ལས་ཀྱི་ལམ་གྱི་དབང་གིས་སོ། །ཇི་ལྟར་ཞེ་ན། སྨྲས་པ་ཕ་དང་མ་ལ་
སྲོག་གཅོད་པས་ལས་ལྕི་བ་ལྟར་མ་བྱིན་པར་བླངས་པ་ལ་སོགས་པས་ནི་དེ་ལྟར་ལྕི་བ་མ་ཡིན་ནོ། །ཕ་དང་མ་དག་གི་ནོར་རྐུ་བའི་ལས་ནི་དེ་དང་འདྲ་བར་ལྕི་བ་མ་ཡིན་ཏེ། དེ་དག་བསད་པ་ནི་མཚམས་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་བརྫུན་
དུ་སྨྲ་བ་དང་། ཕྲ་མ་ལ་སོགས་པ་བསྡུའོ། །དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི་ལ་ལ་ནི་སྦྱོར་བའི་ཁྱད་པར་གྱིས་ལྕི་བར་འགྱུར་ཏེ། རྣམ་པར་སྨིན་པ་ངེས་པར་གནས་པའི་ཕྱིར་རོ། །ལ་ལ་ནི་སེམས་པའི་ཁྱད་པར་གྱིས་སོ། །ལ་ལ་ནི་བསམ་པའི་ཁྱད་པར་གྱིས་
སོ། །བློ་སྔོན་དུ་མ་བཏང་བ་ཡང་མ་ཡིན་ལ། བབ་ཅོལ་དུ་བྱས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ། རྣམ་པ་གཅིག་ཏུ་ན་བློ་སྔོན་དུ་མ་བཏང་བར་བྱས་པ་ནི་འདི་བྱའོ་སྙམ་དུ་ཆེད་དུ་བསམས་ནས་བྱས་པ་མ་ཡིན་པའོ། །དེ་ནི་བསགས་པ་མ་ཡིན་གྱི། ལས་དེ་ནི་ལུང་དུ་མ་བསྟན་པ་ཡིན་
Vol. 143 · folio 83a
ནོ། །བབ་ཅོལ་དུ་བྱས་པ་མ་ཡིན་པ་ཞེས་བྱ་བ་ནི་བློ་སྔོན་དུ་བཏང་ཟིན་ཀྱང་བྱུང་རྒྱལ་དུ་བྱས་པ་མ་ཡིན་པ་སྟེ། གོམས་ཏེ་ཁ་ལང་དུ་རེད་པས་བརྫུན་དུ་སྨྲ་བ་ལ་སོགས་པ་མི་དགེ་བ་གང་ཡིན་པ་དེ་ནི་བྱས་པ་ཡིན་གྱི། བསགས་པ་ནི་མ་ཡིན་ནོ། །གསུམ་གྱི་བར་གྱི་
ཞེས་བྱ་བ་ནི་ལུས་དང་། ངག་དང་། ཡིད་ཀྱིས་ཉེས་པར་སྤྱད་པ་དག་གིས་སོ། །གཉེན་པོ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཕྱིར་འཆགས་པ་ལ་སོགས་པའི་གཉེན་པོ་མེད་པའི་ཕྱིར་རོ། །མི་དགེ་བ་ལ་འཁོར་ཡང་མི་དགེ་བ་ཡིན་ཞེས་བྱ་བ་ནི་གང་ཞིག་བྱས་ནས་ཀྱང་རྗེས་སུ་ཡི་རང་བར་བྱེད་པའོ། །
རྣམ་པར་སྨིན་པ་འབྱིན་པར་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་མི་དགེ་བའི་མཚན་ཉིད་རྒྱས་པར་བསྐྱེད་པའི་ཕྱིར་རོ། །དེ་བཞིན་དུ་དགེ་བ་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི་བསམས་བཞིན་ལས་ཇི་ལྟ་བུ་ཞེ་ན། ཆེད་དུ་བསམས་ནས་བྱས་པ་ཡིན་གྱི། བློ་སྔོན་དུ་མ་བཏང་བར་བྱས་པ་མ་ཡིན་
པ་སྟེ། དཔེར་ན་ལུང་དུ་མ་བསྟན་པའི་སེམས་ཀྱིས་རྡོ་སྦྱིན་ནོ་སྙམ་པ་ལས་གསེར་གྱི་གོང་བུ་བྱིན་པར་གྱུར་པ་ལྟ་བུའོ། །དེ་ནི་བྱས་པ་ཡིན་གྱི། བསགས་པ་ནི་མ་ཡིན་ཏེ། ལས་དེ་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །བབ་ཅོལ་དུ་བྱས་པ་མ་ཡིན་པ་ནི་དཔེར་ན་ཁ་གོམས་པས་བདེན་པ་
སྨྲ་བ་ལྟ་བུ་སྟེ། དེ་ནི་བྱས་པ་ཡིན་གྱི་མི་དགེ་བ་ཡང་མ་ཡིན་ལ། བསགས་པ་ཡང་མ་ཡིན་ནོ། །རྫོགས་པས་ཇི་ལྟ་བུ་ཞེ་ན། ཁ་ཅིག་ནི་ལེགས་པར་སྤྱད་པ་གཅིག་གིས་མཐོ་རིས་སུ་འགྲོ་ལ། ཁ་ཅིག་ནི་གསུམ་གྱི་བར་གྱིས་འགྲོ་བ་དང་། ཁ་ཅིག་ནི་ལས་ཀྱི་ལམ་གཅིག་གིས་
མཐོ་རིས་སུ་འགྲོ་ལ། ཁ་ཅིག་ནི་བཅུའི་བར་གྱིས་འགྲོ་བ་དེ་ལ་གང་ཞིག་གིས་ཇི་ཙམ་གྱིས་དེར་འགྲོ་བར་འགྱུར་བ་རྫོགས་པར་མ་བྱས་ན་ལས་དེ་བྱས་པ་ཡིན་གྱི། བསགས་པ་མ་ཡིན་ནོ། །རྫོགས་ན་ནི་བསགས་པ་ཡིན་ནོ། །དེ་བཞིན་དུ་རྣམ་པར་སྨིན་པ་འབྱིན་པར་བྱེད་པ་ཞེས་བྱ་བའི་བར་
ཅི་རིགས་པར་སྦྱར་བར་བྱའོ། །འདོད་ཆགས་དང་བཅས་པས་མཆོད་རྟེན་ལ་སྦྱིན་པ་བྱིན་པ་ནི་བདག་གི་དོན་དུའོ་ཞེས་བཤད་པ་ཞེས་བྱ་བ་ནི། བདག་གཞན་དོན་ཕྱིར་གཉིས་དོན་ཕྱིར། །ཞེས་བྱ་བ་དེར་རོ། །གཏོང་བའི་རྒྱུ་ལས་བྱུང་བ་ཁོ་ན་བསོད་ནམས་ཡིན་ནོ་ཞེས་བྱ་བར་མི་བཟོད་
Vol. 143 · folio 83b
ནས། སུ་ལའང་ཕན་བཏགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ལེན་པར་བྱེད་པར་ཡོད་ན་ནི་གཏོང་བའི་རྒྱུ་ལས་བྱུང་བའི་བསོད་ནམས་རུང་སྟེ། དེ་ལ་ནི་དགའ་བ་དང་ཕན་བཏགས་པ་ཡིན་པས་བླངས་སོ་ཞེས་བྱ་བར་རུང་ངོ་། །ལེན་མེད་བྱམས་སོགས་བཞིན་ཞེས་བྱ་
བ་ནི་བྱམས་པ་ལ་སོགས་པ་དང་འདྲ་བས་ན་བྱམས་སོགས་བཞིན་ཏེ། ལེན་པར་བྱས་པས་ལེན་པ་མེད་ཀྱང་རུང་ངོ་། །ཕ་རོལ་པོ་ལ་ཕན་བཏགས་པ་མེད་ཀྱང་རུང་། དགེ་བའི་རྩ་བ་ལ་སོགས་པའི་སྟོབས་བསྐྱེད་པས་བསོད་ནམས་སུ་འགྱུར་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་
ལ་སོགས་པ་ཡོན་ཏན་དང་ལྡན་པ་འདས་ཀྱང་དེ་ལ་དད་པས་བྱས་པ་སྟེ། མཆོད་རྟེན་ལ་ཕུལ་བ་བསོད་ནམས་སུ་འགྱུར་རོ། །འོ་ན་ནི་སྦྱིན་པ་དང་མཆོད་པ་བྱ་བ་དོན་མེད་པར་འགྱུར་རོ་ཞེས་བྱ་བ་ནི། གལ་ཏེ་རང་གི་སེམས་ཁོ་ན་ལས་བསོད་ནམས་སུ་འགྱུར་ན། སེམས་འབའ་ཞིག་གི་སྦྱིན་
པ་དང་མཆོད་པ་དག་བྱ་དགོས་ཏེ། དེ་ཁོ་ན་ལས་བསོད་ནམས་འཐོབ་པའི་ཕྱིར་རོ། །མ་ཡིན་ཏེ། ལས་དེ་ཀུན་ནས་སློང་བར་བྱེད་པའི་དད་པ་ནི་ཆེས་མཆོག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་བཅོམ་ལྡན་འདས་ལ་སེམས་ཙམ་གྱིས་སྦྱིན་པ་དང་། མཆོད་
པ་དག་སེམས་པར་བྱེད་པའི་དད་པ་གང་ཡིན་པ་དེ་བས་ནི་སྦྱིན་པ་དང་། མཆོད་པ་དག་དངོས་སུ་བྱེད་པའི་དད་པ་འདི་ཆེས་མཆོག་ཡིན་ཏེ། ལུས་དང་ངག་གི་ལས་དག་ཀྱང་འཇུག་པར་བྱེད་པའི་ཕྱིར་རོ། །སེམས་ཙམ་གྱི་སེམས་པར་བྱེད་པའི་དད་པ་ནི་ལུས་དང་ངག་གི་ལས་དག་འཇུག་པར་མི་བྱེད་དོ། །
ཇི་ལྟར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་ལྟར་དགྲ་བསད་དོ་སྙམ་དུ་བསམ་པའི་བསམ་པ་ཅན་འགའ་ཞིག་དེས་ཀུན་ནས་བསླང་བའི་ལུས་དང་། ངག་གི་ལས་དེ་ཤི་བཞིན་དུ་དགྲའི་འདུ་ཤེས་ཀྱིས་ཏེ། དགྲ་འདི་ད་དུང་མ་ཤིའོ་སྙམ་པའི་འདུ་ཤེས་འདིས་བྱེད་ན། སེམས་པའི་རྒྱུན་ཆགས་
ཕྱིར་བསོད་ནམས་མ་ཡིན་པ་ཆེས་མང་དུ་སྐྱེ་བར་འགྱུར་གྱི། བསམ་པ་ཙམ་བྱ་བས་སྟོང་པ་ནི་མ་ཡིན་པ་དེ་བཞིན་དུ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པས་འདས་ཀྱང་དེ་ལ་དད་པས་ཀུན་ནས་བསླང་བ་སྟེ། སྟོན་པ་ལ་དད་པས་ཀུན་ནས་བསླང་བའི་སྦྱིན་པ་དང་། མཆོད་པ་བྱ་བ་
Vol. 143 · folio 84a
མཇུག་ཏུ་གྱུར་པ་ཇི་ལྟ་བུ་བྱེད་ན་བསོད་ནམས་ཆེས་མང་དུ་འགྱུར་གྱི། དད་པ་ཙམ་བྱ་བས་སྟོང་པས་ནི་མ་ཡིན་ནོ། །འོ་ན་ནི་ཞིང་ངན་པ་ལ་བྱིན་པ་འབྲས་བུ་ཡིད་དུ་མི་འོང་བར་འགྱུར་རོ་ཞེས་བྱ་བ་ནི་གཅེར་བུ་པ་དག་ཆོམ་རྐུན་པ་ལ་སོགས་པ་ལ་བྱིན་ན་འབྲས་བུ་ཡིད་དུ་མི་
འོང་བར་འགྱུར་རོ་ཟེར་བ་ལྟར་ན། ཞིང་བཟང་པོ་ལ་ནི་འབྲས་བུ་ཡིད་དུ་འོང་བར་འགྱུར་ལ། །ཞིང་ངན་པ་ལ་ནི་ཟློག་པ་ཡིན་པས་དེའི་ཕྱིར་སྨྲ་བར་བྱེད་དོ། །རྒྱུ་ལས་འབྲས་བུ་མི་འཁྲུལ་ཕྱིར། །ངན་པའི་ཞིང་ལའང་འབྲས་ཡིད་འོང་། །ཞེས་བྱ་བ་ནི། ཞིང་གི་ཁྱད་པར་ལས་འབྲས་བུ་ཡིད་དུ་འོང་
བར་འགྱུར་རོ་ཞེས་ནི་མི་ཟེར་རོ། །འོ་ན་ཅི་ཞེ་ན། ཁྱད་པར་དུ་འཕགས་པར་འགྱུར་རོ་ཞེས་ཟེར་ཏེ། ཞིང་བཟང་པོ་ལ་སྲོག་གཅོད་པ་ལ་སོགས་པའི་ས་བོན་གྱི་འབྲས་བུ་ནི་ཡིད་དུ་འོང་བར་མི་འགྱུར་རོ། །ཞིང་ངན་པ་ལ་ཡང་ས་བོན་ལས་ཏེ། རྒྱུན་གྱི་ས་བོན་ལས་འབྲས་བུ་རྒྱུན་གྱི་འབྲས་
བུ་མི་འཁྲུལ་པ་མཐོང་སྟེ། རྒྱུན་གྱི་འབྲས་བུ་ཁོ་ན་མངར་བར་མཐོང་གི་ནིམ་པའི་འབྲས་བུ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ནིམ་པའི་ས་བོན་ལས་ནི་ནིམ་པའི་འབྲས་བུ་ཁ་བ་ཁོ་ན་སྐྱེ་སྟེ། རྒྱུན་གྱི་ས་བོན་ནི་དགེ་བའི་དཔེར་བརྗོད་པ་ཡིན་ནོ། །ནིམ་པའི་ས་བོན་ནི་མི་དགེ་བའི་
དཔེར་བརྗོད་པ་ཡིན་ནོ། །འཆལ་བའི་ཚུལ་ཁྲིམས་ནི་མི་དགེའི་གཟུགས་ཞེས་བྱ་བ་ནི། འཆལ་བའི་ཚུལ་ཁྲིམས་ནི་སྲོག་གཅོད་པ་ལ་སོགས་པའི་མཚན་ཉིད་རང་བཞིན་གྱི་ཁ་ན་མ་ཐོ་བའི་གཟུགས་ཡིན་ནོ། །སངས་རྒྱས་ཀྱིས་ནི་བཅས་པ་ཡང་། །ཞེས་
བྱ་བ་ནི། བཅས་པའི་ཁ་ན་མ་ཐོ་བའོ། །བསླབ་པ་མནོས་པས་དེ་དག་སྤྱད་ན་འཆལ་བའི་ཚུལ་ཁྲིམས་སུ་འགྱུར་རོ་ཞེས་བྱ་བ་ནི། དེ་དག་སྤོང་བ་མནོས་པ་བཅོམ་ལྡན་འདས་ཀྱི་བཀའ་ལ་མ་གུས་པའི་ཕྱིར་འཆལ་བའི་ཚུལ་ཁྲིམས་སུ་འགྱུར་ཏེ། ཤུགས་ཀྱིས་ན་
ཚུལ་ཁྲིམས་མ་ནོས་པའི་ནི་འཆལ་བའི་ཚུལ་ཁྲིམས་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །རྣམ་དག་ཡོན་ཏན་བཞི་ལྡན་ནོ། །ཞེས་བྱ་བ་ནི་འདི་ལ་ཡོན་ཏན་བཞི་ཡོད་པས་ན་ཡོན་ཏན་བཞི་ལྡན་ནོ། །འཆལ་བའི་ཚུལ་ཁྲིམས་ཀྱིས་འཕན་མ་བྱུང་བ་ནི་ཇི་སྐད་བཤད་པས་ཞེས་བྱ་བ་ནི། འཆལ་
Vol. 143 · folio 84b
བའི་ཚུལ་ཁྲིམས་མི་དགེའི་གཟུགས། །ཞེས་བྱ་བ་འདི་ལྟ་བུས་སོ། །འཆགས་པ་ལ་སོགས་པ་ཞེས་བྱ་བ་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུ་དེ་དག་ཀུན་དུ་སྤྱོད་པ་དང་ལྡན་པས་ནི་འཕན་འབྱུང་བར་འགྱུར་རོ། །འཆལ་བའི་ཚུལ་ཁྲིམས་ཀྱི་གཉེན་པོ་ལ་བརྟེན་པ་ཞེས་བྱ་བ་བསྟན་པའི་
ཕྱིར། དྲན་པ་ཉེ་བར་གཞག་པ་ལ་བརྟེན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ལས་ཀྱི་ལམ་དངོས་ཀྱི་རྣམ་པར་དག་པ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་དངོས་ཀྱིས་ཉམས་པར་མ་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཉེར་བསྡོགས་དག་གིས་རྣམ་པར་དག་པ་ཞེས་བྱ་བ་ནི་སྲོག་གཅོད་
པ་ལ་སོགས་པའི་སྦྱོར་བ་དག་གི་ས་སུན་མ་ཕྱུང་བ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་རྣམས་ཀྱིས་ཞེས་བྱ་བ་ནི་འདོད་པའི་རྣམ་པར་རྟོག་པ་ལ་སོགས་པས་སོ། །དྲན་པས་ཡོངས་སུ་བཟུང་བ་ཞེས་བྱ་བ་ནི་ལུས་དྲན་པ་ཉེ་བར་གཞག་པ་དག་གིས་བརྟན་པོར་བྱས་པའམ། ཚུལ་
ཁྲིམས་དྲན་པས་ཡོངས་སུ་བཟུང་བའོ། །ལེགས་སུ་སྨོན་པའི་ཚུལ་ཁྲིམས་ཞེས་བྱ་བ་ལ། ལེགས་སུ་སྨོན་པ་ནི་དོན་དུ་གཉེར་བའོ། །སྲིད་པ་དང་། ལོངས་སྤྱོད་དང་། བཀུར་སྟི་ལ་ཆགས་ནས་བསྲུང་བ་གང་ཡིན་པའོ་ཞེས་བྱ་བ་ནི་སྲིད་པ་དང་། ལོངས་སྤྱོད་དང་། བཀུར་
སྟི་ལ་སྲེད་པ་དེས་མནོས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་པའི་ལྟ་བ་ཅན་རྣམས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་རྣམས་ཏེ། གཞན་མུ་སྟེགས་ཅན་རྣམས་ཀྱི་ནི་ཡང་དག་པའི་ལྟ་བ་ཅན་མ་ཡིན་པའི་ཕྱིར་རོ། །བྱང་ཆུབ་ཀྱི་ཡན་ལག་གི་རྗེས་སུ་འཇུག་པ་
མ་ཡིན་ནོ། །མཉམ་པར་གཞག་པའི་དགེ་བ་ནི་ཞེས་བྱ་བ་ལ། མཉམ་པར་གཞག་པ་ཞེས་བྱ་བ་སྨོས་པ་ནི་མཉམ་པར་གཞག་པ་མ་ཡིན་པ་བཟློག་པའི་ཕྱིར་རོ། །དགེ་བ་ཞེས་བྱ་བ་སྨོས་པ་ནི་སྙོམས་པར་འཇུག་པའི་རོ་མྱང་བ་དང་མཚུངས་པར་ལྡན་པའི་བསམ་གཏན་ཉོན་མོངས་
པ་ཅན་བསལ་བའི་ཕྱིར་ཏེ། དེ་ཡང་མཉམ་པར་གཞག་པའི་དགེ་བ་དང་འདྲ་བ་ནི་འབྱུང་ངོ་། །ཏིང་ངེ་འཛིན་གྱི་རང་བཞིན་དང་། དེ་དང་ལྷན་ཅིག་འབྱུང་བ་གང་ཡིན་པའོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་དང་། དེ་དང་ལྷན་ཅིག་འབྱུང་བ་གང་ཡིན་པའོ་ཞེས་བྱ་བའི་ཐ་ཚིག་གོ། །མཉམ་
Vol. 143 · folio 85a
པར་གཞག་པའི་དགེ་བ་དེ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མཉམ་པར་གཞག་པའི་དགེ་བ་དེ་ནི་སེམས་ལ་ཤིན་ཏུ་བསྒོ་བར་བྱེད་ཅིང་། གོམས་པར་བྱེད་དེ། མཉམ་པར་གཞག་པ་མ་ཡིན་པ་ཡང་བསྒོ་བར་བྱེད་མོད་ཀྱི་དེ་ལྟར་ཤིན་ཏུ་ནི་མ་ཡིན་ནོ་ཞེས་སྟོན་པར་
བྱེད་དོ། །ཇི་ལྟ་ཞེ་ན། རྒྱུད་ཡོན་ཏན་རྣམས་ཀྱིས་དེའི་བདག་ཉིད་དུ་བྱེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདི་ལྟར་རྒྱུད་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ཀྱིས་དེའི་བདག་ཉིད་དུ་བྱེད་པས་སོ། །འདིར་དཔེ་མེ་ཏོག་རྣམས་ཀྱིས་ཏིལ་ལ་བསྒོས་པ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་མེ་ཏོག་
རྣམས་ཀྱིས་མེ་ཏོག་གི་དྲིའི་བདག་ཉིད་དུ་བྱེད་པའི་ཕྱིར་ཏིལ་ལ་བསྒོ་བར་བྱེད་པ་དེ་དང་འདྲ་སྟེ་འདི་སྐད་དུ། བསྒོམས་པ་ལས་བྱུང་བ་ནི་བསྒོམ་པའི་བག་ཆགས་དེའི་ངོ་བོ་ཉིད་ཀྱི་བསོད་ནམས་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །ཡང་ཚུལ་ཁྲིམས་དང་བསྒོམ་པས་ཅིར་འགྱུར་ཞེས་བྱ་བའི་
ཚིག་ལྷག་མའི་སྒོ་ནས་དོན་འདྲི་བ་ཡིན་ནོ། །མཐོ་རིས་དོན་དུ་ཚུལ་ཁྲིམས་གཙོ་ཕྱིར་ཞེས་བྱ་བ་ནི་མཐོ་རིས་ཀྱི་དོན་དུ་ཚུལ་ཁྲིམས་གཙོ་བོ་ཡིན་གྱི། གཞན་ནི་མཐོ་རིས་ཀྱི་དོན་དུ་མ་ཡིན་ནོ། །གཞན་ཡང་གང་ཞིག་ཅེ་ན་སྦྱིན་པའོ། །སྦྱིན་པ་ཡང་མཐོ་རིས་ཀྱི་དོན་དུ་འགྱུར་ལ། ཞི་
གནས་དང་། ལྷག་མཐོང་དག་ནི་ཚུལ་ཁྲིམས་ལ་བརྟེན་པའི་ཕྱིར་ཚུལ་ཁྲིམས་ཀྱིས་ཀྱང་འབྲལ་བར་ནི་འགྱུར་མོད་ཀྱི། དངོས་སུ་བྲལ་བ་ཐོབ་པར་བྱེད་པའི་ཕྱིར་རམ། སྤོང་བའི་ལས་ཀྱིས་བསྡུས་པ་ཡིན་པའི་ཕྱིར་འབྲལ་བར་བྱ་བ་ལ་བསྒོམ་པ་ནི་གཙོ་བོ་ཡིན་པའི་ཕྱིར་རོ། །བསོད་
ནམས་བྱ་བའི་གཞིའི་ཞར་ལ། མདོ་ལས་ཞེས་བྱ་བ་ནི་འདི་རྒྱས་པར་འགོད་དེ། མདོ་ལས་གང་ཟག་བཞི་ནི་ཚངས་པའི་བསོད་ནམས་བསྐྱེད་དེ། མ་བྱས་པའི་ས་ཕྱོགས་སུ་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་བྱེད་པ་འདི་ནི་གང་ཟག་ཚངས་པའི་བསོད་ནམས་བསྐྱེད་པ་དང་པོ་
ཡིན་ནོ། །ཕྱོགས་བཞིའི་དགེ་འདུན་ལ་ཀུན་དགའི་ར་བ་འབུལ་ཞིང་། ཀུན་དགའི་ར་བ་དེ་ཉིད་དུ་གཙུག་ལག་ཁང་རྩིག་པར་བྱེད་པ་འདི་ནི། གང་ཟག་ཚངས་པའི་བསོད་ནམས་བསྐྱེད་པ་གཉིས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་ཉན་ཐོས་བྱེ་བ་སྡུམས་བྱེད་པ་འདི་ནི་གང་ཟག་ཚངས་
Vol. 143 · folio 85b
པའི་བསོད་ནམས་བསྐྱེད་པ་གསུམ་པ་ཡིན་ནོ། །བྱམས་པའི་སེམས་ཁོ་ན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། རྒྱ་ཆེན་པོར་གྱུར་པ། མི་གཉིས་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་
སོ། །དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་བཞིན་དུ་བཞི་པ་དང་། བླ་དང་། འོག་དང་། ཐད་ཀར་རྣམ་པ་ཐམས་ཅད་དུ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ། གནས་པ་འདི་ནི་གང་ཟག་ཚངས་པའི་བསོད་ནམས་
བསྐྱེད་པ་བཞི་པ་ཡིན་ནོ་ཞེས་བཤད་དོ། །མཚན་རྣམ་པར་སྨིན་པ་ཅན་གྱི་ལས་ཀྱི་ཚད་ཤེས་པར་བྱ་བའི་ཕྱིར་བཤད་པ་གང་ཡིན་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཉེ་བ་མ་གཏོགས་པ་སེམས་ཅན་ཐམས་ཅད་ཀྱི་ལོངས་སྤྱོད་ཀྱི་འབྲས་བུ་ཅན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བཤད་
པ་གང་ཡིན་པའོ། །ཚངས་པའི་བསོད་ནམས་ཞེས་བྱ་བ་ནི་ཚངས་པ་རྣམས་ཀྱི་ཡིན་པས་ན་ཚངས་པའི་འོ། །འདིར་ནི་ཚངས་པའི་མདུན་ན་འདོན་པ་རྣམས་ཀྱང་ཚངས་པའི་ཞེས་བྱ་བའི་སྒྲར་འདོད་དེ། འདི་ལྟར་ཚངས་པའི་མདུན་ན་འདོན་པ་རྣམས་ཀྱི་ཚེ་བསྐལ་པར་ཐུབ་པའི་ཕྱིར་ཏེ།
ཚངས་པའི་མདུན་ན་འདོན་རྣམས་ཀྱི་ཚེ་ཡང་བསྐལ་པར་ཐུབ་པར་བཤད་ལ། ལས་འདིས་ཀྱང་མཐོ་རིས་དག་ཏུ་བསྐལ་པར་དགའ་བར་འགྱུར་བས་སོ། །སྡེ་པ་གཞན་གྱི་གཞུང་ལས། ཚངས་པའི་བསོད་ནམས་སྐྱེད་པ་ནི། །བསྐལ་པར་མཐོ་རིས་དགའ་བར་གནས། །ཞེས་འབྱུང་
བས་དེ་དང་ཆོས་མཐུན་པའི་ཕྱིར་འདི་ཚངས་པའི་བསོད་ནམས་ཞེས་བྱའོ། །འདོད་པའི་ཁམས་ན་ལས་དགེ་བའི་རྣམ་པར་སྨིན་པ་བསྐལ་པར་ཐུབ་པ་མེད་པ་མ་ཡིན་ནམ་ཞེ་ན། གཅིག་གི་ནི་མེད་པ་བདེན་ན་ཤི་འཕོས་ནས་ཡང་དེ་ཉིད་དུ་སྐྱེ་བའི་ཉིང་མཚམས་སྦྱོར་བའི་ཕྱིར་གང་
དག་གི་མཐོ་རིས་ཀྱི་འབྲས་བུ་རིམ་གྱིས་བསྐལ་པའི་ཚད་ཙམ་དུ་ཐུབ་པ་མངོན་པར་འགྲུབ་པར་འགྱུར་བའི་སེམས་པ། རྟེན་གཅིག་པ་དག་ནི་མང་པོ་ཞིག་འབྱུང་ངོ་། །ཁ་ཅིག་ན་རེ་ཚངས་པའི་བསོད་ནམས་ནི་བསོད་ནམས་ཆེན་པོ་ཡིན་ནོ་ཞེས་ཟེར་རོ། །མདོ་སོགས་ཞེས་བྱ་བ་ལ་
Vol. 143 · folio 86a
སོགས་པ་ཞེས་བྱ་བའི་སྒྲས་ནི་བསྟན་པའི་ཡན་ལག་བཅུ་གཉིས་བསྡུ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་
བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་སྡེ་དང་། གཏན་ལ་བབ་པར་བསྟན་པའི་སྡེ་ཞེས་བྱ་བའི་ཡན་ལག་རྣམས་སོ། །ཉོན་མོངས་པ་ཅན་མ་ཡིན་པས་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་
སེམས་ཀྱིས་ཀུན་ནས་མ་བསླངས་པ་ཞེས་བྱ་བའི་ཐ་ཚིག་གོ། །བསོད་ནམས་ཆེན་པོ་ཉམས་པར་བྱེད་པ་ཞེས་བྱ་བ་ནི་བསོད་ནམས་མ་རུང་བར་བྱེད་པའོ། །བསོད་ནམས་ཀྱི་ཆ་དང་མཐུན་པ་ཞེས་བྱ་བ་ནི་བསོད་ནམས་ཀྱི་ཆ་ཐོབ་པ་ཡིན་པས་ན་བསོད་ནམས་ཀྱི་ཆ་སྟེ། བསོད་ནམས་ཀྱི་
འབྲས་བུ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་མཐུན་པར་ནི་བསོད་ནམས་ཀྱི་ཆ་དང་མཐུན་པའོ། །དེ་ཉིད་ཀྱི་ཕྱིར། རྣམ་པར་སྨིན་པ་ཡིད་དུ་འོང་བ་ཅན་གང་ཡིན་པའོ་ཞེས་བྱ་བ་སྨོས་སོ། །རྣམ་པ་གཅིག་ཏུ་ན་ཆ་ནི་གསུམ་སྟེ། བསོད་ནམས་ཀྱི་ཆ་དང་། བསོད་ནམས་
མ་ཡིན་པའི་ཆ་དང་། མི་གཡོ་བའི་ཆའོ། །དེ་ལས་དེ་དང་མཐུན་པའི་ཆ་ནི་བསོད་ནམས་ཀྱི་ཆ་དང་མཐུན་པའོ། །ཡང་ན་བསོད་ནམས་ལ་བརྟེན་པས་ན་བསོད་ནམས་ཀྱི་ཆའོ། །བསོད་ནམས་ཉིད་བསོད་ནམས་ཀྱི་ཆ་དང་མཐུན་པ་ཡིན་ཏེ། རང་གི་དོན་གྱི་རྐྱེན་གྱི་དབང་དུ་བྱས་པ་ཡིན་
ནོ། །ཐར་པའི་ཆ་དང་མཐུན་པ་ཡང་དེ་དང་འདྲའོ། །ཡང་ན་ཆ་ནི་གཉིས་ཏེ། འཁོར་བའི་ཆ་དང་། ཐར་པའི་ཆའོ། །དེ་ལས་ཐར་པའི་ཆ་དང་མཐུན་པ་གང་ཡིན་པ་དེ་ནི་ཐར་པའི་ཆ་དང་མཐུན་པའོ། །ཡང་ན་ཐར་པའི་ཆ་ནི་ཐར་པ་ཐོབ་པའོ། །དེའི་ཕྱིར་དེ་དང་མཐུན་པ་དེ་ནི་དེའི་
ཐོབ་པ་དང་མཐུན་པ་ཡིན་པས་ཐར་པའི་ཆ་དང་མཐུན་པ་སྟེ། དེའི་མཚན་ཉིད་ནི་འོག་ནས་འཆད་དོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །འོག་ནས་བཤད་པར་བྱའོ་ཞེས་བྱ་བ་ནི། དེ་ལས་དྲོ་བར་གྱུར་པ་སྐྱེ། །ཞེས་བྱ་བ་དེར་རོ། །ལས་ཀྱི་སྐབས་སུ་
Vol. 143 · folio 86b
ལས་ཀྱི་རང་བཞིན་གྱི་མཚན་ཉིད་འཇིག་རྟེན་ན་ཡིག་འབྲུ་ཞེས་བྱ་བ་ལ་སོགས་པ་འདི་བརྗོད་དེ། ཀུན་ནས་སློང་བ་དང་བཅས་པ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བའི་ཚོགས་དང་བཅས་པ་སྟེ། གང་གིས་ལུས་ཀྱི་ལས་སློང་བར་བྱེད་པའོ། །ལུས་ཀྱི་ལས་ཀུན་ནས་སློང་བ་
དང་བཅས་པ་རིགས་པས་རབ་ཏུ་བཅུག་པ་དེ་ནི་ཡིག་འབྲུ་དང་རྒྱ་ཡིན་ནོ།། །།བམ་པོ་སུམ་ཅུ་རྩ་བརྒྱད་པ། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་ཏེ། བསྟན་བཅོས་ལས་ནི་ལུས་ཀྱི་ལས་གང་གིས་ཡིག་འབྲུ་འབྲི་ཞིང་རྒྱ་རྐོ་བར་བྱེད་པ་སྟེ། ཡིག་འབྲུ་དང་རྒྱ་ཡིན་པར་བཞེད་ཀྱི།
འཇིག་རྟེན་ན་ཇི་སྐད་གྲགས་པ་ལྟ་བུ་ནི་མ་ཡིན་ཏེ། འཇིག་རྟེན་ན་ནི་ཡིག་འབྲུ་ནི་གླེགས་བམ་ལ་སོགས་པ་ན་ཡོད་པའི་ཡི་གེའི་མཚན་མ་ཡིན་ནོ། །རྒྱ་ནི་ཡི་གེ་དང་ཡི་གེ་མ་ཡིན་པའི་མཚན་མ་ཡིན་ནོ་ཞེས་བྱ་བར་འདོད་དོ། །བགྲང་བ་དང་སྙན་དངགས་ནི་ངག་གི་ལས་རིགས་པས་རབ་ཏུ་བཅུག་པ་
ཀུན་ནས་སློང་བ་དང་བཅས་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཕུང་པོ་ལྔའི་རང་བཞིན་ནོ་ཞེས་བྱ་བ་ནི་ཡིག་འབྲུ་དང་རྒྱ་དག་གི་གཟུགས་ཀྱི་ཕུང་པོ་ནི་ལུས་ཀྱི་ལས་སོ། །བགྲང་བ་དང་སྙན་དངགས་དག་གིས་གཟུགས་ཀྱི་ཕུང་པོ་ནི་ངག་གི་ལས་སོ། །གཉིས་ཀ་ལ་ཡང་ཀུན་ནས་སློང་བར་གྱུར་པ་ཚོར་བ་ལ་
སོགས་པ་ཕུང་པོ་བཞི་ཡོད་པས་དེ་དག་ནི་ཕུང་པོ་ལྔའི་རང་བཞིན་ནོ། །ཡིད་ཀྱི་ཆོས་རྣམས་སྡོམ་པར་བྱེད་པ་གང་ཡིན་པའོ་ཞེས་བྱ་བ་ནི་གཅིག་གཉིས། གསུམ་ཞེས་བྱ་བ་ལ་སོགས་པའི་གྲངས་སོ། །ཆོས་མངོན་པ་པ་རྣམས་ན་རེ་ཡང་ན་གང་ལ་ཡིད་ཀྱིས་བགྲང་བར་བྱེད་པ་ཡིན་ནོ་ཞེས་ཟེར་རོ། །
གྲངས་འདི་ཡང་འཁོར་དང་བཅས་པས་གཟུང་བའི་ཕྱིར་ཕུང་པོ་བཞིའི་རང་བཞིན་ནོ། །ཡིག་འབྲུ་ལ་སོགས་པའི་མཚན་ཉིད་བསྟན་པའི་ཞར་ལ་ཁ་ན་མ་ཐོ་བ་དང་བཅས་པ་ལ་སོགས་པའི་ཆོས་རྣམས་ཀྱི་མཚན་ཉིད་བསྟན་པ་ཡང་ཉེ་བར་འགོད་པར་བྱེད་དོ། །འབྲེལ་པ་གཞན་ཡང་རྣམ་གྲངས་
འདི་དག་ནི་ཆོས་ཀྱི་ཕུང་པོའི་རྣམ་པར་བཤད་པ་ལས་བསྟན་ལ། འདི་ཡང་དེ་མདོར་བསྡུས་པ་ཡིན་པས་རྣམ་གྲངས་འདི་དག་ཉེ་བར་འགོད་དོ་ཞེས་བྱ་བ་ཡིན་ནོ། །ཉོན་མོངས་པའི་མཚན་ཉིད་ཀྱི་ཁ་ན་མ་ཐོ་བ་དང་ལྷན་ཅིག་འཇུག་པས་ན་ཁ་ན་མ་ཐོ་བ་དང་བཅས་པའོ། །ཉོན་མོངས་པས་བཀབ་
Vol. 143 · folio 87a
པའི་ཕྱིར་བསྒྲིབས་པ་སྟེ། ཉོན་མོངས་པ་རྣམས་ཀྱང་མཚུངས་པར་ལྡན་པའི་ཉོན་མོངས་པ་གཞན་གྱིས་བསྒྲིབས་པ་ཡིན་ནོ། །གནག་པའི་ཕྱིར་རམ། འཕགས་པ་རྣམས་ཀྱིས་བོར་བའི་ཕྱིར་ངན་པ་སྟེ། གནག་པ་ནི་ཉོན་མོངས་པ་དང་ལྡན་པའི་སྒོ་ནས་ཁོང་
དུ་ཆུད་པར་བྱའོ། །དྲི་མེད་དགེ་ཞེས་བྱ་བ་ནི་དགེ་བ་ཟག་པ་མེད་པ་དེ་དག་ནི་དག་པའི་རབ་ཀྱི་མཐར་ཕྱིན་པའི་ཕྱིར་གྱ་ནོམ་པ་ཡིན་ནོ། །ངན་པ་དང་གྱ་ནོམ་པ་དག་ལས་གཞན་པ་ནི་བར་མ་ཞེས་བྱ་བར་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་ཉོན་མོངས་པ་དག་ཁོ་ན་ངན་པ་ཡིན་ལ། དགེ་བ་དྲི་མ་མེད་པ་
དག་ཁོ་ན་ངེས་པར་གྱ་ནོམ་པ་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་བའི་ཕྱིར་རོ། །དེ་ལས་གཞན་པ་དག་ནི་ངན་པ་ཡང་མ་ཡིན་ལ། གྱ་ནོམ་པ་ཡང་མ་ཡིན་པས་བར་མ་ཡིན་པར་གྲུབ་པོ། །འདུས་བྱས་དགེ་བསྟན་བྱ་ཞེས་བྱ་བ་ནི་ཟག་པ་དང་བཅས་པའང་རུང་ཟག་པ་མེད་པ་ཡང་རུང་
སྟེ། ཁྱད་པར་མེད་པར་བསྟེན་པར་བྱ་ཞིང་རྒྱུད་ལ་བསྐྱེད་པའི་སྒོ་ནས་གུས་པར་བྱ་བ་ཡིན་ནོ། །ལྷག་མ་ནི་བསྟེན་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ལྷག་མ་གང་ཞེ་ན། འདུས་མ་བྱས་དང་། མི་དགེ་བ་དང་། ཉོན་མོངས་པ་ཅན་གང་དག་ཡིན་པ་སྟེ། བསྒྲིབས་ལ་ལུང་དུ་མ་
བསྟན་པ་ཞེས་བྱ་བའི་ཐ་ཚིག་གོ། །གོམས་པར་བྱར་མི་རུང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཡང་དང་ཡང་དུ་བྱར་མི་རུང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ་བསྐྱེད་དུ་མི་རུང་བའི་ཕྱིར་རོ་ཞེས་ཟེར་རོ། །འབྲས་བུ་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། འདུས་བྱས་ལ་ནི་རྒྱུ་
འབྲས་དག །འདུས་མ་བྱས་ལ་དེ་དག་མེད། །ཅེས་འབྱུང་བས་སོ། །བླ་མ་དང་བཅས་པ་ཞེས་བྱ་བ་ནི་ཕུལ་དུ་ཕྱིན་པ་དང་བཅས་པ་སྟེ། མི་དགེ་བ་རྣམས་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཀྱིས་བླ་མ་དང་བཅས་པ་ཡིན་ཏེ། བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ལ་
རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་མེད་པའི་ཕྱིར་རོ། །བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ནི་འདུས་བྱས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཀྱིས་བླ་མ་དང་བཅས་པ་ཡིན་ཏེ། དེ་དག་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱང་དགེ་བ་ཟག་པ་དང་བཅས་པ་
Vol. 143 · folio 87b
རྣམས་ཀྱིས་བླ་མ་དང་བཅས་པ་ཡིན་ཏེ། དགེ་བ་ཟག་པ་དང་བཅས་པའི་འབྲས་བུ་ནི་ཡིད་དུ་འོང་བ་ཡིན་པའི་ཕྱིར་རོ། །དེ་རྣམས་ཀྱང་ཟག་པ་མེད་པ་རྣམས་ཀྱིས་བླ་མ་དང་བཅས་པ་ཡིན་ཏེ། ཉོན་མོངས་པ་མེད་པའི་ཕྱིར་རོ། །ཟག་པ་མེད་པའི་འདུས་བྱས་རྣམས་ཀྱང་
འདུས་མ་བྱས་རྣམས་ཀྱིས་བླ་མ་དང་བཅས་པ་ཡིན་ཏེ། འདུས་མ་བྱས་རྣམས་ནི་རྟག་པའི་ཕྱིར་རོ། །འདུས་མ་བྱས་ནམ་མཁའ་དང་། སོ་སོར་བརྟགས་པ་ཡིན་པས་འགོག་པ་དག་ཀྱང་སོ་སོར་བརྟགས་པས་འགོག་པས་བླ་མ་དང་བཅས་པ་ཡིན་ཏེ། སོ་སོར་བརྟགས་པས་
འགོག་པ་ནི་དགེ་བ་རྟག་པ་ཡིན་པའི་ཕྱིར་རོ། །ཐར་པ་བླ་ན་མེད་པ་ཡིན། །མྱ་ངན་ལས་འདས་པ་ལས་ལྷག་པར་ཁྱད་པར་དུ་འཕགས་པ་ནི་མེད་དེ། འདི་ལྟར་དགེ་སློང་དག་ཆོས་འདུས་བྱས་སམ་འདུས་མ་བྱས་ཇི་སྙེད་པ་དེ་དག་གི་ནང་ན་མཆོག་ནི་འདོད་ཆགས་དང་བྲལ་བ་ཡིན་
པར་བརྗོད་དོ་ཞེས་བརྗོད་དོ། །སོ་སོར་བརྟགས་པས་འགོག་པ་ནི་རྟག་པའི་ཕྱིར་དང་། དགེ་བའི་ཕྱིར་འདུས་བྱས་ཐམས་ཅད་དང་། འདུས་མ་བྱས་ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དག་པས་ཀྱང་ཆེས་མཆོག་ཡིན་ནོ། །ཆོས་མངོན་པའི་མཛོད་ཀྱི་
འགྲེལ་བཤད་དོན་གསལ་བ་ཞེས་བྱ་བ་སློབ་དཔོན་རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་གྱིས་མཛད་པ་ལས། ལས་བསྟན་པ་ཞེས་བྱ་བ་སྟེ་མཛོད་ཀྱི་གནས་བཞི་པ་རྫོགས་སོ།། །།ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་བཤད་པ་ཞེས་བྱ་བ་ནི་བཞི་པའི་
དང་པོར་བཤད་པ་ཡིན་ཏེ། དེའི་ཕྱིར་འབྲེལ་པ་འདིས་ན་ཕྲ་རྒྱས་ཉེ་བར་འགོད་དོ་ཞེས་འབྲེལ་པ་སྟོན་པར་བྱེད་དོ། །ཇི་སྐད་དུ་བཤད་པའི་མཚན་ཉིད་ཀྱི་ལས་རབ་ཏུ་དབྱེ་བ་དེ་དག་ཀྱང་ཕྲ་རྒྱས་ཀྱི་དབང་གིས་བསགས་པར་འགྱུར་ཞིང་རྣམ་པར་སྨིན་པར་ངེས་པར་གནས་ཏེ། རྣམ་
པར་སྨིན་པ་འབྱིན་པར་ངེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྲ་རྒྱས་མེད་པར་ཏེ། ཕྲ་རྒྱས་དག་མེད་པར་ནི་ལས་དགེ་བའམ་མི་དགེ་བ་དག་སྲིད་པ་སྟེ། སྐྱེ་བ་མངོན་པར་འགྲུབ་ཅིང་བསྐྱེད་པར་མི་ནུས་ཏེ། དགྲ་བཅོམ་པ་ལ་ཡང་སྲིད་པའི་ལས་མ་ངེས་པ་དག་ནི་མེད་པ་
Vol. 143 · folio 88a
མ་ཡིན་མོད་ཀྱི། ཕྲ་རྒྱས་མེད་པའི་ཕྱིར་ཡང་སྲིད་པ་མངོན་པར་འགྲུབ་པར་མི་ནུས་སོ། །དེ་ཉིད་ཀྱི་ཕྱིར་དེ་དག་མ་ངེས་པ་ཉིད་དུ་འགྲུབ་བོ། །ནི་ཞེས་བྱ་བ་འདི་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་དུ་སྟོན་པ་ཡིན་ཏེ། གང་གི་ཕྱིར་ཕྲ་རྒྱས་དག་མེད་པར་སྲིད་
པ་མངོན་པར་འགྲུབ་པར་མི་ནུས་པ་དེའི་ཕྱིར། ཕྲ་རྒྱས་ཀྱི་དབང་གིས་བསགས་པར་འགྱུར་རོ་ཞེས་བྱ་བར་བསམས་པ་ཡིན་ནོ། །གཞན་དག་ནི་ཚིག་འདི་གཉིས་ལ་འདི་སྐད་དུ་འཆད་དེ། ལས་དེ་དག་ཀྱང་ཕྲ་རྒྱས་ཀྱི་དབང་གིས་བསགས་པར་འགྱུར་ཞེས་བྱ་བ་ནི་ལས་མ་བྱས་པ་
གང་དག་ཡིན་པ་དེ་དག་ཕྲ་རྒྱས་ཀྱི་དབང་གིས་ཡང་སྲིད་པ་མངོན་པར་འགྲུབ་པར་སོགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། དགྲ་བཅོམ་པ་དག་ནི་ཡང་སྲིད་པ་མངོན་པར་འགྲུབ་པར་བྱ་བའི་ཕྱིར་ལས་རྣམས་སོགས་པར་མི་བྱེད་དོ། །ཕྲ་རྒྱས་མེད་པར་ནི་སྲིད་པ་མངོན་པར་འགྲུབ་པར་
མི་ནུས་ཞེས་བྱ་བ་ནི་བྱས་པ་གང་དག་ཡིན་པ་དེ་དག་ཀྱང་ཕྲ་རྒྱས་རྣམས་མེད་པར་སྲིད་པ་མངོན་པར་འགྲུབ་པར་མི་ནུས་ཏེ། དགྲ་བཅོམ་པ་དག་ལ་སོ་སོའི་སྐྱེ་བོའི་གནས་སྐབས་ན་བྱས་པ་ཡང་སྲིད་པ་པའི་ལས་དགེ་བའམ། མི་དགེ་བ་མ་ངེས་པ་དག་ནི་མེད་པ་མ་ཡིན་མོད་ཀྱི། ཕྲ་རྒྱས་མེད་པའི་
ཕྱིར་དེ་དག་གིས་སྲིད་པ་མངོན་པར་འགྲུབ་པར་མི་ནུས་སོ། །དེ་ལྟ་བས་ན་དེ་ལྟར་དོན་ཐ་དད་པར་བརྗོད་པས་ནི་ཞེས་བྱ་བ་ནི་བསྡུ་བའི་དོན་ཡིན་ནོ་ཞེའོ། །སྲིད་པའི་རྩ་བ་ཕྲ་རྒྱས་ཞེས་བྱ་བ་ནི་ཡང་སྲིད་པའམ། ལས་ཀྱི་སྲིད་པའི་རྩ་བ་ནི་ཕྲ་རྒྱས་རྣམས་ཡིན་ཏེ། དེ་སོགས་པ་དང་། ཀུན་ནས་
སློང་བའི་རྒྱུ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །རྩ་བ་བརྟེན་པར་བྱེད་དོ་ཞེས་བྱ་བ་ལ་རྩ་བ་ནི་འདིར་ཐོབ་པ་ཡིན་ཏེ། དེ་རྒྱུན་མི་འཆད་པའི་དོན་གྱིས་བརྟན་པོར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུད་གནས་པར་བྱེད་དོ་ཞེས་བྱ་བ་ནི་ཉོན་མོངས་པའི་རྒྱུན་བརྒྱུད་པས་གནས་པར་བྱེད་དོ་ཞེས་
བྱ་བའི་དོན་ཏོ། །ཞིང་དུ་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ནི་ལས་བདག་ཉིད་སྐྱེ་བ་དང་མཐུན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་མཐུན་པ་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ནི་རང་གི་རྒྱུ་མཐུན་པ་ཉེ་བའི་ཉོན་མོངས་པ་སྐྱེད་པར་བྱེད་པ་སྟེ། དཔེར་ན་འདོད་ཆགས་ཀྱིས་ནི་ངོ་ཚ་མེད་པ་དང་། རྒོད་པ་
Vol. 143 · folio 88b
དང་། སེར་སྣ་དག་སྐྱེད་པར་བྱེད་ལ། ཞེ་སྡང་གིས་ནི་ཁྲོ་བ་དང་། ཕྲག་དོག་སྐྱེད་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ལས་ཀྱི་སྲིད་པ་མངོན་པར་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ནི་ལས་ཉིད་སྲིད་པ་ཡིན་པས་ལས་ཀྱི་སྲིད་པའོ། །དེ་ཡང་སྲིད་པ་མངོན་པར་འགྲུབ་པར་བྱ་བའི་ཕྱིར་སྐྱེད་པར་
བྱེད་དོ་ཞེས་བྱ་བའི་དོན་ཏེ། འདི་ནི་སྲིད་པའི་རྩ་བ་ཕྲ་རྒྱས་ཞེས་བྱ་བ་འདིས་དོན་བསྟན་པ་ཡིན་ནོ། །རང་གི་ཚོགས་ཡོངས་སུ་འཛིན་པར་བྱེད་དོ་ཞེས་བྱ་བ་ལ། རང་གི་ཚོགས་ནི་ཉོན་མོངས་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །དེ་ཡོངས་སུ་འཛིན་པ་སྟེ། དེ་མ་འོངས་པའི་རྒྱུའི་
ངོ་བོར་གནས་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དམིགས་པ་ལ་ཀུན་དུ་རྨོངས་པར་བྱེད་དོ་ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་མི་འཛིན་པའི་ཕྱིར་རམ། བློ་ཉམས་པར་བྱེད་པའི་ཕྱིར་ཀུན་དུ་རྨོངས་པར་བྱེད་པ་ཡིན་ནོ། །རྣམ་པར་ཤེས་པའི་རྒྱུན་འཁྲིད་པར་བྱེད་དོ་ཞེས་བྱ་བ་ནི་རྣམ་པར་
ཤེས་པའི་རྒྱུན་དམིགས་པའམ། ཡང་སྲིད་པར་འཁྲིད་པར་བྱེད་པ་སྟེ། གལ་ཏེ་སྲིད་པའི་རྩ་བ་ཕྲ་རྒྱས་ཞེས་བྱ་བ་ཡང་སྲིད་པ་ཡིན་པར་བཟུང་ན་ནི་འདི་དེའི་དཔེར་བརྗོད་པ་ཡིན་ནོ། །དགེ་བའི་ཕྱོགས་ལས་གཡོ་བར་བྱེད་དོ་ཞེས་བྱ་བ་ནི་དགེ་བའི་ཕྱོགས་ལས་ཡོངས་སུ་ཉམས་པར་བྱེད་
པའོ། །འཆིང་བའི་དོན་དུ་ཁྱབ་པར་བྱེད་དོ་ཞེས་བྱ་བ་ནི་འཆིང་བའི་ཆེད་དུ་ཁྱབ་པར་བྱེད་ཅིང་མཆེད་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་ཞེ་ན། ཁམས་ལས་མི་འདའ་བའི་ཚུལ་གྱིས་ཞེས་བྱ་བ་སྨོས་ཏེ། ཁམས་ལས་མི་འདའ་བའི་རྣམ་པས་ཞེས་བྱ་བའི་དོན་ཏོ། །དེ་ནི་འདི་སྐད་
ཉོན་མོངས་པ་གང་ཞིག་ཁམས་གང་དུ་གཏོགས་པ་དེས་ནི་ཁམས་དེ་ལས་མི་འདའ་བར་བྱེད་དོ་ཞེས་བཤད་པ་ཡིན་ནོ། །འདོད་ཆགས་ཀྱི་དབང་གིས་གཞན་དག་ཅེས་བྱ་བ་ནི་དམིགས་པ་གང་ལ་འདོད་ཆགས་ཡོད་པ་དེ་ལ་ནི་ཁོང་ཁྲོ་བ་ལ་སོགས་པ་གཞན་དག་ཀྱང་རྒྱས་པར་འགྱུར་ཏེ། དེ་ཉིད་ཀྱི་
ཕྱིར་འདོད་ཆགས་ཀྱི་ཕྲ་རྒྱས་མེད་པས་ཟག་པ་མེད་པ་དང་། སྐལ་བ་མི་མཉམ་པའི་ཁམས་དག་ལ་ཉོན་མོངས་པ་རྒྱས་པར་མི་འགྱུར་རོ། །དེ་ནི་འོག་ནས་བཤད་པར་བྱའོ་ཞེས་བྱ་བ་ནི་དངོས་པོ་གང་ཞིག་བདག་ཏུ་ལྟ་བ་དང་སྲེད་པ་དག་གིས་བདག་གིར་བྱས་པ་ལ་
Vol. 143 · folio 89a
ནི་ཕྲ་རྒྱས་གཞན་དག་ཀྱང་རྒྱས་པར་འགྱུར་ཏེ། རས་ཡུག་གཤེར་བ་ལ་རྡུལ་དག་འཆགས་པར་ནུས་པ་ལྟ་བུའོ་ཞེས་དེ་སྐད་དུ་བསྟན་པར་བྱའོ། །འོན་ཏེ་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཡིན་པས་ཞེས་བྱ་བ་ལ་བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་ནི་ཕྲ་
རྒྱས་ཀུན་ནས་དཀྲིས་པ་ཡིན་ནོ། །གནས་མའི་བུའི་སྡེ་པ་རྣམས་ཀྱི་ལྟར་ན་ནི་ཕྲ་རྒྱས་ཐོབ་པ་ཡིན་ནོ། །མདོ་སྡེ་པའི་ལུགས་ཀྱིས་ནི་ས་བོན་ཡིན་ནོ། །ཕྱིས་ངེས་པར་འབྱུང་བ་ཞེས་བྱ་བ་ནི་མཇུག་ཏུ་ངེས་པར་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །མཐུས་ཡང་དག་པར་ཤིན་ཏུ་ཀུན་
ནས་འཇོམས་པ་ནི་མཚན་གྱིས་ཡང་དག་པར་ལེགས་པར་འཇོམས་ཞེས་བྱ་བའི་དོན་ཏོ། །འདིར་དཔེར་བརྗོད་པ་ནི། ཕྲ་རྒྱས་དང་བཅས་པར་སྤོང་བར་བྱེད་དོ་ཞེས་བྱ་བ་འདི་ཡིན་ནོ། །འདི་ལ་འགལ་བ་ནི་འདི་ཡིན་ཏེ། བཅས་པ་དང་ལྡན་པའི་ཚིག་བསྡུ་བ་ལ་ནི་གཞན་ཉིད་དུ་མཐོང་
སྟེ། དཔེར་ན་ལྷ་སྦྱིན་བུ་དང་བཅས་པ་ཞེས་བྱ་བ་ལྟ་བུའོ། །དེ་ལྟ་ཡིན་ན་ནི་མདོ་དང་འགལ་ལོ། །ཆོས་མངོན་པ་དང་འགལ་ལོ་ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ནི་དབང་པོ་གསུམ་དང་མཚུངས་པར་ལྡན་པ་ཡིན་ནོ། །གསུམ་གང་ཞེ་ན། བདེ་བ་དང་། ཡིད་བདེ་བ་
དང་། བཏང་སྙོམས་ཀྱི་དབང་པོ་དག་དང་མཚུངས་པར་ལྡན་ནོ་ཞེས་འབྱུང་བ་འདི་ལ་ལྡན་པ་མ་ཡིན་པ་ཐོབ་པའི་མཚན་ཉིད། དབང་པོ་གསུམ་པོ་དེ་དག་དང་མཚུངས་པར་ལྡན་པར་ཐལ་བར་འགྱུར་བས་བསྟན་བཅོས་དང་འགལ་བ་ཡིན་ནོ། །ཕྲ་རྒྱས་དང་བཅས་པ་ནི་རྗེས་སུ་འབྲེལ་པ་
དང་བཅས་པ་ཞེས་བྱ་བའི་དོན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་ཀྱི་རྗེས་སུ་འབྲེལ་པ་ནི་ཕྲ་རྒྱས་ཀྱི་སྒྲར་གསུངས་ཏེ། རྗེས་སུ་འབྲེལ་པ་ཡང་ཉོན་མོངས་པ་གཞན་སྐྱེ་བ་དང་མཐུན་པར་གནས་པ་ཡིན་ནོ། །ཡང་ན་ཕྲ་རྒྱས་རང་རྗེས་སུ་འཇུག་པ་ཡིན་ཏེ། ཕྲ་རྒྱས་
དང་བཅས་པར་སྤོང་བར་བྱེད་པ་ནི་ཉོན་མོངས་པ་དེ་ཡང་རྗེས་སུ་མི་འཇུག་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཡང་ན་མདོ་ལས་ཕྲ་རྒྱས་ཞེས་བྱ་བའི་སྒྲ་འབྱུང་བ་ནི་ཐོབ་པ་ལ་ཉེ་བར་བཏགས་པ་ཡིན་ཏེ་ཞེས་བྱ་བ་ནི་ཉེ་བར་བཏགས་པ་ལ་ཡོད་པ་ནི་ཉེ་བར་བཏགས་པ་པའོ། །གང་ལ་ཉེ་བར་
Vol. 143 · folio 89b
བཏགས་པ་ཡིན་ཞེ་ན། དེའི་ཕྱིར་ཐོབ་པ་ལ་ཞེས་བྱ་བ་སྨོས་སོ། །ཕྲ་རྒྱས་ཞེས་བྱ་བའི་སྒྲ་དངོས་སུ་ནི་ཀུན་ནས་དཀྲིས་པ་ལ་འཇུག་གོ། །ཉེ་བར་གདགས་པས་ནི་ཐོབ་པ་ལ་འཇུག་སྟེ། དེ་ནི་ཕྲ་རྒྱས་ཀྱི་རྒྱུར་གྱུར་པའི་ཕྱིར་རོ། དཔེར་ན་སྡུག་བསྔལ་གྱི་ཚོར་བའི་རྒྱུ་ཡིན་པའི་ཕྱིར་མེ་
སྡུག་བསྔལ་ཞེས་བྱ་བ་དེ་དང་འདྲའོ། །ཆོས་མངོན་པ་ལས་ཕྲ་རྒྱས་ཞེས་བྱ་བའི་སྒྲ་འབྱུང་བ་ནི་ཉོན་མོངས་པ་ཁོ་ན་མཚན་ཉིད་པ་ཡིན་ཏེ་ཞེས་བྱ་བ་ནི་མཚན་ཉིད་ལ་ཡོད་པའམ། མཚན་ཉིད་ཀྱིས་རྩེན་པ་ནི་མཚན་ཉིད་པའོ། །མཚན་ཉིད་པ་གང་ལ་ཡིན་ཞེ་ན། དེའི་ཕྱིར། ཉོན་
མོངས་པ་ཁོ་ན་ལ་ཞེས་བྱ་བ་སྨོས་སོ། །དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་བས་དེ་ལྟ་བས་ན་ཕྲ་རྒྱས་རྣམས་ནི་མཚུངས་པར་ལྡན་པ་ཁོ་ན་ཡིན་ནོ། །དོན་འདི་ལ་ནི། སེམས་ནི་ཉོན་མོངས་མེད་ཕྱིར་དང་། །སྒྲིབ་ཕྱིར་དགེ་དང་འགལ་ཕྱིར་དང་། །དགེ་བའང་
དམིགས་པའི་ཕྱིར་ན་འདིར། །ཕྲ་རྒྱས་ལྡན་པ་མ་ཡིན་མིན། །ཞེས་བྱ་བའི་ཚིགས་སུ་བཅད་པ་དཔེར་རྗོད་པར་བྱེད་དེ། སེམས་ནི་ཉོན་མོངས་བྱེད་ཕྱིར་ཞེས་བྱ་བ་འདིའི་འགྲེལ་པ་ནི། གང་གི་ཕྱིར་ཕྲ་རྒྱས་རྣམས་ཀྱིས་སེམས་ཉོན་མོངས་པ་ཅན་དུ་འགྱུར་ཞེས་བྱ་བ་འདི་ཡིན་ཏེ། ལྡན་པ་
མ་ཡིན་པ་རྣམས་ཀྱིས་ནི་སེམས་ནི་ཉོན་མོངས་པ་ཅན་དུ་འགྱུར་མི་སྲིད་དོ། །སྒྲིབ་ཕྱིར་ཞེས་བྱ་བའི་ཚིག་འདིའི་འགྲེལ་པ་ནི། སྔོན་མེད་པའི་དགེ་བ་མི་སྐྱེ་བ་ཞེས་བྱ་བ་ཡིན་ཏེ། ཕྲ་རྒྱས་དང་བཅས་པའི་སེམས་ལ་ནི་སྔོན་མེད་པའི་དགེ་བ་མི་སྐྱེའོ། །དགེ་དང་འགལ་ཕྱིར་ཞེས་བྱ་བའི་ཚིག་
འདིའི་འགྲེལ་པ་ནི། སྐྱེས་པ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་ཞེས་བྱ་བ་ཡིན་ནོ། །ཕྲ་རྒྱས་རྣམས་ནི་དགེ་བ་དག་དང་འགལ་ཏེ། གང་གི་ཕྱིར་དགེ་བ་སྐྱེས་པ་ལས་ཡོངས་སུ་ཉམས་པར་འགྱུར་བ་དེའི་ཕྱིར་ཕྲ་རྒྱས་རྣམས་ནི་དགེ་བ་དག་དང་འགལ་ལོ། །དེའི་ཕྱིར་ལྡན་པ་མ་ཡིན་པ་མ་
ཡིན་ནོ་ཞེས་བྱ་བ་ནི་གང་གི་ཕྱིར་སེམས་ལ་དེ་དག་མེད་པར་ནི་ཇི་སྐད་བཤད་པའི་ཉོན་མོངས་པ་ཅན་ལ་སོགས་པ་མི་སྲིད་ལ། མཚུངས་པར་ལྡན་པ་དག་གིས་ནི་དེ་ཐམས་ཅད་རུང་བར་འགྱུར་བས་སོ། །འོན་ཏེ་ལྡན་པ་མ་ཡིན་པ་རྣམས་ཀྱིས་ཀྱང་དེ་ལྟར་འགྱུར་ན་ནི་ཞེས་བྱ་བ་ནི་ལྡན་པ་མ་ཡིན་པ་རྣམས་
Vol. 143 · folio 90a
ཀྱིས་ཀྱང་སེམས་ཉོན་མོངས་པ་ཅན་དུ་འགྱུར་བ་དང་སྔོན་མེད་པའི་དགེ་བ་མི་སྐྱེ་བ་དང་། སྐྱེས་པ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་ནའོ། །གལ་ཏེ་དེ་ལྟ་ན་ནི་ལྡན་པ་མ་ཡིན་པ་དེ་དག་རྟག་ཏུ་ཉེ་བའི་ཕྱིར་དགེ་བ་རྣམས་ཀྱང་དམིགས་པར་མི་འགྱུར་བ་ཞིག་སྟེ། འདི་
ལྟར་ལྡན་པ་མ་ཡིན་པ་དེ་དག་ནི་ཉོན་མོངས་པ་ཅན་གྱི་གནས་སྐབས་དང་། གཞན་གྱི་གནས་སྐབས་ན་ཡང་ཡོད་དོ། །དགེ་བ་ནི་དམིགས་ཀྱང་དམིགས་ཏེ། དེ་བས་ན། དགེ་བའང་དམིགས་པའི་ཕྱིར་ན་འདིར། །ཕྲ་རྒྱས་ལྡན་པ་མ་ཡིན་མིན། །ཞེས་བྱ་བ་ནི་གནས་པ་ཡིན་ནོ། །སློབ་
དཔོན་གྱིས་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས། སེམས་ནི་ཉོན་མོངས་བྱེད་ཕྱིར་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་པ་གང་ཡིན་པ་འདི་གཏན་ཚིགས་སུ་མི་རུང་སྟེ་ཞེས་བྱ་བ་སྨྲས་སོ། །གང་ཞིག་ཕྲ་རྒྱས་ལྡན་པ་མ་ཡིན་པར་འདོད་པ་ཞེས་བྱ་བ་ནི་གནས་མའི་བུའི་སྡེ་པའོ། །འདི་ཐམས་ཅད་ཅེས་བྱ་
བ་ནི་སེམས་ཉོན་མོངས་པ་ཅན་ལ་སོགས་པའོ། །ཉོན་མོངས་པས་བྱས་པ་ཁོ་ནར་འདོད་དོ་ཞེས་བྱ་བ་ནི་ཀུན་ནས་དཀྲིས་པས་བྱས་པ་ཁོ་ནར་ཞེས་བྱ་བའི་ཐ་ཚིག་སྟེ། ཀུན་ནས་དཀྲིས་པ་ནི་རྟག་ཏུ་ཉེ་བ་མ་ཡིན་པས་དགེ་བ་དམིགས་པ་འགྲུབ་པོ། །འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ནི་
ཞེས་བྱ་བའི་ཕྱོགས་ཡོངས་སུ་བཟུང་ན་ཕྲ་རྒྱས་དང་བཅས་པར་སྤོང་བར་བྱེད་དོ་ཞེས་བྱ་བའི་མདོ་དང་ནི་འགལ་བ་མེད་མོད་ཀྱི། འོན་ཀྱང་ཕྲ་རྒྱས་ལྡན་པ་མ་ཡིན་པ་ཡིན་ནོ་ཞེས་བྱ་བར་འགྱུར་བས་དེའི་ཕྱིར་ཕྲ་རྒྱས་ནི་མཚུངས་པར་ལྡན་པ་ཡང་མ་ཡིན་ལ། ལྡན་པ་མ་ཡིན་པ་ཡང་མ་
ཡིན་ནོ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཞེ་ན། དེ་རྫས་གཞན་མ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ནུས་པའི་ངོ་བོའི་ས་བོན་ནི་འདོད་ཆགས་ལ་སོགས་པ་ལས་དོན་གཞན་མ་ཡིན་པའི་ཕྱིར་རོ། །ལུས་དེ་རྟེན་གྱི་ཉོན་མོངས་པ་ལས་སྐྱེས་པ་ཉོན་མོངས་པ་སྔར་བྱུང་བས་བསྐྱེད་པ་ཉོན་མོངས་
པ་བསྐྱེད་པའི་མཐུ་ཡིན་ཏེ། ཉོན་མོངས་པ་སྐྱེད་པར་བྱེད་པའི་མཐུ་ཡིན་ནོ། །དཔེར་ན་ཉམས་སུ་མྱོང་བའི་ཤེས་པ་ལས་སྐྱེས་པ་དྲན་པ་སྐྱེས་པའི་མཐུ་རྫས་གཞན་དུ་གྱུར་པ་མ་ཡིན་པ་དེ་དང་འདྲའོ། །ལ་ལ་དྲན་པ་སྐྱེད་པའི་རྒྱུ་ལྡན་པ་མ་ཡིན་པ་རྫས་གཞན་ཞིག་ཡིན་པར་འདོད་པར་
Vol. 143 · folio 90b
དོགས་ནས། ཡང་དཔེར་ན་མྱུ་གུ་ལ་སོགས་པའི་ཞེས་བྱ་བ་རྒྱས་པ་དཔེ་གཞན་ཉེ་བར་འགོད་དེ། དཔེར་ན་མྱུ་གུ་ལ་སོགས་པའི་སཱ་ལུའི་འབྲས་བུ་སྔར་བྱུང་བ་ལས་སྐྱེས་པ་སཱ་ལུའི་འབྲས་བུ་གཞན་སྐྱེད་པར་བྱེད་པའི་མཐུ་རྫས་གཞན་དུ་གྱུར་པ་མ་ཡིན་པ་དེ་དང་འདྲའོ། །གང་ཞིག་
ཅེས་བྱ་བ་ནི་གནས་མའི་བུའི་སྡེ་པའོ། །གལ་ཏེ་ཉོན་མོངས་པའི་ཕྲ་རྒྱས་ཞེས་བྱ་བར་འདོད་ན་འོ་ན་མདོ་ལས་ཉོན་མོངས་པ་ཉིད་ཕྲ་རྒྱས་སུ་གང་གསུངས་པ་དེ་ཇི་ལྟ་བུ་སྟེ། དྲུག་ཚན་དྲུག་པའི་མདོ་ལས། གང་ཟག་འདིའི་འདོད་ཆགས་དེ་བདེ་བའི་ཚོར་བ་ལ་རྒྱས་པར་འགྱུར་རོ་ཞེས་
གསུངས་སོ། །འདོད་ཆགས་ཁོ་ན་ཕྲ་རྒྱས་ཡིན་ཏེ། བདེ་བའི་ཚོར་བའི་གནས་སྐབས་ན་འདོད་ཆགས་ཀུན་དུ་འབྱུང་བ་ལ་དེ་སྐད་དུ་གསུངས་ཀྱི། དེའི་ས་བོན་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འགྱུར་རོ་ཞེས་གསུངས་པའི་ཕྱིར་དེ་ཁོ་ན་ན་ནི་ཕྲ་རྒྱས་མ་ཡིན་ནོ་ཞེས་བྱ་བ་ནི་འགྱུར་
རོ་ཞེས་འབྱུང་བས་དེ་ནི་འདོད་ཆགས་ཀྱི་ཕྲ་རྒྱས་ཁོ་ན་ཡིན་གྱི། འདོད་ཆགས་ནི་མ་ཡིན་ནོ། །གནས་སྐབས་དེ་ན་འདོད་ཆགས་དེའི་ཕྲ་རྒྱས་སྐྱེ་བར་འགྱུར་བས་ས་བོན་སྐྱེ་བར་འགྱུར་བ་ཡིན་གྱི། སྐྱེས་པ་ནི་མ་ཡིན་པས་དེར་ནི་ས་བོན་འབྱུང་བར་འགྱུར་བའི་གནས་སྐབས་བརྗོད་པ་
ཡིན་ནོ་སྙམ་དུ་བསམ་པའོ། །འོ་ན་ནམ་འགྱུར་ཞེ་ན་ཞེས་བྱ་བ་ནི་ནམ་ཞིག་ཕྲ་རྒྱས་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །གང་གི་ཚེ་ཉལ་བ་ན་འགྱུར་རོ་ཞེས་བྱ་བ་ནི་གང་གི་ཚེ་ཞིག་པ་ན་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ན་འདི་ནི་རྒྱུ་ལ་ཉེ་བར་བཏགས་པ་ཡིན་ཞེས་བྱ་བ་ནི་རྒྱུ་འདོད་ཆགས་ལ་ཕྲ་རྒྱས་ཉེ་བར་
བཏགས་པ་ཡིན་ནོ། །འདོད་ཆགས་ནི་འདོད་ཆགས་ཀྱི་ཕྲ་རྒྱས་ཀྱི་རྒྱུ་ཡིན་ཏེ། འདི་ལྟར་འདོད་ཆགས་སྐྱེད་པའི་ནུས་པ་འདོད་ཆགས་ལས་སྐྱེས་པ་ལ་འདོད་ཆགས་ཀྱི་ཕྲ་རྒྱས་ཞེས་བཤད་དོ། །དེ་ནི་འདི་སྐད་དུ་ཕྲ་རྒྱས་ཞེས་བྱ་བའི་སྒྲ་ཁ་ཅིག་ཏུ་ནི་ས་བོན་ལ་བྱ་ལ། ཁ་ཅིག་ཏུ་ནི་ཀུན་ནས་དཀྲིས་
པ་ལ་བྱའོ་ཞེས་བཤད་པ་ཡིན་ནོ། །དེ་དག་ནི་ཕལ་ཆེར་སྙོམས་པར་འཇུག་པ་ལ་འདོད་ཆགས་པ་ཡིན་ལ་ཞེས་བྱ་བ་ནི་དེ་དག་ཕལ་ཆེར་རོ་མྱང་བ་དང་མཚུངས་པར་ལྡན་པའི་བསམ་གཏན་ལ་འདོད་ཆགས་པ་ཡིན་ནོ། །གཞལ་མེད་ཁང་ལ་སོགས་པ་ལ་འདོད་ཆགས་པ་ཡང་ཡོད་པས་དེའི་ཕྱིར་ཕལ་
Vol. 143 · folio 91a
ཆེར་ཞེས་བྱ་བ་སྨོས་སོ། །དེ་ཡང་ཁ་ནང་དུ་བལྟས་པ་ཡིན་ཏེ། མཉམ་པར་གཞག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡིན་ན་ཐར་པའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ། བཅོམ་ལྡན་འདས་ཀྱིས་དེ་ལ་འདུན་པ་བཟློག་པའི་ཕྱིར་འདོད་པའི་འདོད་ཆགས་དང་།
སྲིད་པའི་འདོད་ཆགས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་བསྟན་ཏོ། །དེ་ནི་སྲིད་པ་ལ་འདོད་ཆགས་པ་ཡིན་གྱི། དེ་ཐར་པ་ལ་ནི་མ་ཡིན་ཏེ། ཐར་པ་ལ་ནི་དགེ་བའི་ཆོས་ལ་འདུན་པ་ཡིན་ནོ། །ལུས་ཁོ་ན་སྲིད་པ་ཡིན་ཞེས་བྱ་བ་ནི་སློབ་དཔོན་གྱི་གཞུང་ལུགས་ཡིན་ནོ་སྙོམས་པར་འཇུག་པ་རྟེན་
དང་བཅས་པ་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་ལུས་དང་བཅས་པའོ། །རོ་མྱོང་བར་བྱེད་པ་ནི་འདོད་པའི་འདོད་ཆགས་དང་བྲལ་བའི་ཕྱིར་ལུས་ཁོ་ན་རོ་མྱོང་བར་བྱེད་པ་ཡིན་གྱི། འདོད་པའི་ཡོན་ཏན་དག་ནི་མ་ཡིན་ནོ། །དེའི་ཕྱིར་འདོད་ཆགས་དེ་ནི་སྲིད་པའི་འདོད་ཆགས་ཞེས་བཤད་ཀྱི་འདོད་
པའི་འདོད་ཆགས་ཞེས་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཆོས་མངོན་པ་ལས་ཞེས་བྱ་བ་ནི་མདོ་ལས་ནི་མ་ཡིན་ནོ་སྙམ་དུ་བསམ་པ་ཡིན་ནོ། །ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་བདུན་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་ནི་འབྲས་བུར་གྱུར་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དམིགས་
པར་བྱེད་པ་ཡིན་པས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །དེ་བཞིན་དུ་མཐར་འཛིན་པར་ལྟ་བ་ཡང་ཕུང་པོ་དེ་དག་ཉིད་ལ་རྟག་པ་དང་ཆད་པའི་མཐར་འཛིན་པའི་ཕྱིར་ལ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡང་ཕུང་པོ་དེ་དག་ཉིད་ལ་འདག་པ་དང་གྲོལ་
བ་དང་ངེས་པར་འབྱུང་བར་དམིགས་པར་བྱེད་པ་ཡིན་པས་ན་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་མ་ཡིན་ཏེ། དེ་བཞིན་དུ་འགོག་པ་མཐོང་བས་སྤང་བར་བྱ་བ་ལ་ཡང་སྦྱར་བར་བྱའོ། །ལམ་མཐོང་བས་སྤང་བར་བྱ་བ་ནི་བརྒྱད་དེ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་
འཛིན་པས་བསྣན་ཏེ། ལམ་གྱིས་འདག་པར་འགྱུར་བ་དེ་བོར་ནས་གཞན་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་འདག་འདག་པར་ཡིད་ཆེས་པས་ལོག་པར་ཞུགས་པའི་ཕྱིར་ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ཉོན་མོངས་པ་གང་ཞིག་བདེན་པ་གང་ལ་སྐུར་པ་འདེབས་པར་
Vol. 143 · folio 91b
ཞུགས་པ་དེ་ནི་དེ་མཐོང་ན་སྤོང་བར་འགྱུར་ཏེ། ཐག་པར་མཐོང་བས་སྦྲུལ་དུ་འཁྲུལ་པ་བཞིན་ནོ། །བདེན་པ་རྣམས་མཐོང་བ་ཙམ་གྱིས་སྤོང་བའི་ཕྱིར་རོ་ཞེས་བྱ་བ་ནི་གོམས་པས་སྤོང་བ་མ་ཡིན་པའི་ཕྱིར་རོ་སྙམ་དུ་བསམ་པ་ཡིན་ནོ། །བདེན་པ་མཐོང་བ་ཕྱིས་ལམ་གོམས་
པར་བྱས་པས་སྤོང་བའི་ཕྱིར་ཅི་ཞེ་ན། དེ་དག་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །དེ་ལྟར་ན་སྒོམ་པ་ནི་གོམས་པ་ཡིན་ཏེ། ཡང་དང་ཡང་དུ་སྐྱེད་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ནི་ཇི་ལྟ་བུ་ཡིན་ཞེས་བྱ་བ་ནི་འདོད་ཆགས་ལ་
སོགས་པ་ཉོན་མོངས་པ་བཞི་ལ་རྟག་པ་ཡིན་ཏེ། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དེ་དག་ནི་བཤད་མ་ཐག་པ་ཡིན་ལ། དེ་དག་ཀྱང་འདི་དག་ནི་མཐོང་བས་སྤང་བར་བྱའོ། །འདི་དག་ནི་བསྒོམ་པས་སྤང་བར་བྱའོ་ཞེས་བྱ་བར་ཡོངས་སུ་གཅད་པར་
དཀའ་བས་སོ། །འཇིག་ཚོགས་ལ་སོགས་པ་ལ་སེམས་པར་བྱེད་པས་ནི་མ་ཡིན་ཏེ། གང་དག་སྡུག་བསྔལ་གྱི་བདེན་པ་ལ་ལོག་པར་ཞུགས་པ་དེ་དག་ནི་སྡུག་བསྔལ་གྱི་བདེན་པ་མཐོང་བས་སྤང་བར་བྱ་བ་ཡིན་ལ། དེ་བཞིན་དུ་གང་དག་ལམ་ལ་ལོག་པར་ཞུགས་པ་དེ་དག་ནི་ལམ་མཐོང་
བས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་བར་དུ་དེ་ལྟ་བུར་ཡོངས་སུ་བཅད་སླ་བའི་ཕྱིར་རོ། །དེ་ལ་གང་དག་ཅེས་བྱ་བ་ནི་འདོད་ཆགས་ལ་སོགས་པའོ། །གང་ཞིག་མཐོང་བ་ནི་བདེན་པ་གང་ཞིག་མཐོང་བ་སྟེ། འདི་དག་ལ་གང་ཞིག་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཡོད་པས་དེ་དག་ནི་གང་ཞིག་
མཐོང་བས་སྤང་བར་བྱ་བའི་དམིགས་པ་ཅན་ཡིན་ནོ། །དེ་དག་ནི་དེ་མཐོང་བས་སྤང་བར་བྱ་བའི་ཡིན་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་དེ་དག་གོ། །དེ་མཐོང་བ་ནི་བདེན་པ་དེ་མཐོང་བའོ། །དེ་མཐོང་བས་སྤང་བར་བྱ་བ་ནི་དེ་མཐོང་བས་སྤང་བར་བྱ་བ་ཡིན་ཏེ། འདི་སྐད་དུ་འདོད་ཆགས་ལ་
སོགས་པ་གང་དག་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་ལམ་མཐོང་བས་སྤང་བར་བྱ་བའི་བར་གྱི་ཉོན་མོངས་པ་ལ་དམིགས་པར་བྱེད་པ་དེ་དག་ནི་དེ་མཐོང་བས་སྤང་བར་བྱ་བ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །མ་རིག་པའི་ཕྲ་རྒྱས་ནི་འཕགས་པའི་བདེན་པ་བཞི་ཆར་ལ་ཡང་དམིགས་པ་ཅན་ཡང་
Vol. 143 · folio 92a
ཡིན་པས་གང་ཞིག་གི་དམིགས་པ་ཅན་དང་། གང་ཞིག་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཅན་ཞེས་བརྗོད་དགོས་སོ་ཞེ་ན། གཅིག་བསྡུས་པའི་ཚུལ་གྱིས་འགྲུབ་པའི་ཕྱིར་བརྗོད་པར་བྱ་མི་དགོས་ཏེ། འདི་དག་ལ་བདེན་པ་གང་ཞིག་དང་གང་ཞིག་མཐོང་བས་
སྤང་བར་བྱ་བའི་ཉོན་མོངས་པ་ལ་དམིགས་པ་ཡོད་པས་འདི་དག་ནི་གང་ཞིག་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཅན་ཏེ། དེ་དག་ནི་དེ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །མ་རིག་པའི་ཕྲ་རྒྱས་ཀུན་དུ་འགྲོ་བ་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ཡང་རིས་ལྔ་ཆར་ལ་དམིགས་པ་ཡིན་
པའི་ཕྱིར་སྡུག་བསྔལ་དང་འགོག་པ་ལ་སོགས་པའི་བདེན་པ་མཐོང་བས་སྤང་བར་བྱ་བ་ལ་སོགས་པ་ལ་ཡང་དམིགས་པ་མ་ཡིན་ནམ། དེའི་ཕྱིར་འདི་སྡུག་བསྔལ་དང་འགོག་པ་ལ་སོགས་པའི་བདེན་པ་མཐོང་བས་སྤང་བར་བྱ་བ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། དེ་ནི་ཉེས་པ་མེད་དེ།
རིས་ལྔ་ཆར་ལ་དམིགས་པ་ཡིན་མོད་ཀྱི། རིས་དེ་རྣམས་ལ་ཀུན་འབྱུང་བའི་ངོ་བོའི་རྣམ་པར་དམིགས་པར་བྱེད་པས། དེས་ན་དེ་ལྟར་དམིགས་པའི་ཕྱིར་དེ་ནི་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །དེ་བཞིན་དུ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ལ་ཡང་སྦྱར་བར་བྱའོ། །དེ་
ལྟ་ཡིན་ན་གང་དག །གང་དག་གང་ཞིག་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཅན་ཞེས་བྱ་བ་ནི་མཐོང་བས་སྤང་བར་བྱ་བ་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་གྱི། འདོད་ཆགས་ལ་སོགས་པ་འབའ་ཞིག་ཏུ་མ་ཟད་དོ་ཞེས་འཆད་པར་བྱེད་པ་དེ་དག་གི་རྣམ་པར་བཤད་པ་ལ་ཡང་བརྒལ་བའི་
ལན་ནི་དེ་གཉིས་ཁོ་ན་བརྗོད་དགོས་སོ། །དེ་ལྟར་ན་ཆོས་མངོན་པ་དག་ནི་ཕྲ་རྒྱས་དྲུག་པོ་དེ་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། རྣམ་པ་དང་བྱེ་བྲག་དང་ཁམས་ཀྱི་དབྱེ་བས་ཞེས་བྱ་བ་ནི་ཕྲ་རྒྱས་བཅུ་ལ། རྣམ་པའི་དབྱེ་བ་ནི། བདག་དང་བདག་གི་རྟག་ཆད་དང་། །མེ་དང་དམན་ལ་མཆོག་
ལྟ་དང་། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །བྱེ་བྲག་གི་དབྱེ་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་རིས་ནས་བསྒོམ་པས་སྤང་བར་བྱ་བའི་བར་ཡིན་ནོ། །ཁམས་ཀྱི་དབྱེ་བ་ནི་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་དང་། གཟུགས་མེད་པ་ན་སྤྱོད་པའོ། །དེ་ལ་འདོད་ཆགས་ཀྱི་
Vol. 143 · folio 92b
ཕྲ་རྒྱས་ནི་བྱེ་བྲག་དང་། ཁམས་ཀྱི་དབྱེ་བ་དག་གིས་རྣམ་པ་བཅོ་ལྔ་ཡིན་ནོ། །དེ་ལ་ཕན་ཚུན་རྣམ་པ་ཐ་དད་པ་ནི་མེད་དོ། །འདོད་ཆགས་ནི་ཐམས་ཅད་ཆགས་པའི་རྣམ་པ་ཡིན་པས་སོ། །དེ་ལྟ་བས་ན་རྣམ་པའི་དབྱེ་བས་ནི་རྣམ་པར་མི་གཞོག་གོ། །ཁོང་ཁྲོ་བའི་ཕྲ་རྒྱས་ནི་བྱེ་བྲག་
གི་དབྱེ་བས་རྣམ་པ་ལྔ་ཡིན་ནོ། །ཕན་ཚུན་རྣམ་པ་ཐ་དད་པ་ནི་མེད་དེ། ཐམས་ཅད་ཁོང་ཁྲོ་བའི་རྣམ་པ་ཡིན་པའི་ཕྱིར་རོ། །ཁམས་ཀྱི་དབྱེ་བ་ཡང་མེད་དེ། གཟུགས་དང་གཟུགས་མེད་པའི་ཁམས་དག་ན་དེ་མེད་པའི་ཕྱིར་རོ། །ང་རྒྱལ་གྱི་ཕྲ་རྒྱས་ནི་བྱེ་བྲག་དང་ཁམས་ཀྱི་དབྱེ་བ་དག་
གིས་རྣམ་པ་བཅོ་ལྔ་ཡིན་ནོ། །རྣམ་པའི་དབྱེ་བ་ནི་མེད་དེ། ཐམས་ཅད་ཁེངས་པའི་རྣམ་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་མ་རིག་པའི་ཕྲ་རྒྱས་དག་ཀྱང་དེ་དག་ཁོ་ནས་རྣམ་པ་བཅོ་ལྔ་ཡིན་ནོ། །རྣམ་པའི་དབྱེ་བ་ནི་མེད་དེ། ཐམས་ཅད་མི་གསལ་བའི་རྣམ་པ་ཡིན་པའི་ཕྱིར་རོ། །དེ་
དག་ཉིད་ཀྱི་ཐེ་ཚོམ་རྣམ་པ་བཅུ་གཉིས་ཡིན་ནོ། །རྣམ་པའི་དབྱེ་བ་ནི་མེད་དེ། ཐམས་ཅད་ཐེ་ཚོམ་ཟ་བའི་རྣམ་པ་ཡིན་པའི་ཕྱིར་རོ། །ལྟ་བའི་ཕྲ་རྒྱས་ནི་རྣམ་པ་དང་། བྱེ་བྲག་དང་། ཁམས་ཀྱི་དབྱེ་བས་རྣམ་པ་སུམ་ཅུ་རྩ་དྲུག་ཡིན་ནོ། །སྲིད་རྩེ་ལས་སྐྱེས་བཟོད་པ་ཡིས། །གཞོམ་
བྱ་ཞེས་བྱ་བ་ལ། བཟོད་པ་ཡིས་གཞོམ་བྱ་ཞེས་བྱ་བ་སྨོས་པ་ནི་བསྒོམ་པས་སྤང་བར་བྱ་བ་བཟློག་པའི་ཕྱིར་རོ། །སྲིད་རྩེ་ལས་སྐྱེས་ཞེས་སྨོས་པ་ནི་སྲིད་རྩེའི་ཉོན་མོངས་པས་མཐོང་བས་སྤང་བར་བྱ་བའི་ནི་མཐོང་བའི་ལམ་འབའ་ཞིག་ཀྱང་གཞན་གྱི་ས་པ་ལས་ཁྱད་པར་བྱ་བའི་ཕྱིར་ཏེ།
འཇིག་རྟེན་པའི་བསྒོམ་པའི་ལམ་སྲིད་པའི་རྩེ་མོའི་གཉེན་པོར་གྱུར་པ་ནི་མེད་དོ། །ས་ལྷག་མ་དག་ན་ཞེས་བྱ་བ་ནི་འདོད་པའི་ཁམས་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་ས་དག་ནའོ། །ཅི་རིགས་པར་ཞེས་བྱ་བ་ནི་འདོད་པའི་ཁམས་ན་ནི་ཆོས་ཤེས་པའི་བཟོད་པས་སྤང་བར་བྱ་
བ་ཡིན་ལ། དེ་ཡན་ཆད་ས་ལྷག་མ་དག་ན་ནི་རྗེས་སུ་ཤེས་པའི་བཟོད་པས་སྤང་བར་བྱ་བ་ཡིན་ཏེ། དེ་དག་འཕགས་པ་རྣམས་ཀྱི་ནི་མཐོང་བས་སྤང་བར་བྱ་བ་ཡིན་ལ། དེ་དག་ཉིད་སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ། །བསྒོམ་པའི་ལམ་ནི་འཇིག་རྟེན་
Vol. 143 · folio 93a
པ་དང་། འཇིག་རྟེན་ལས་འདས་པ་དང་རྣམ་པ་གཉིས་ཏེ། འདི་ལྟར་བསྟན་བཅོས་ལས། བཅོམ་ལྡན་འདས་ཀྱི་ཉན་ཐོས་ནི་མཐོང་བའི་ལམ་གྱིས་སྤོང་ལ། སོ་སོའི་སྐྱེ་བོ་ནི་བསྒོམ་པའི་ལམ་གྱིས་སྤོང་ངོ་ཞེས་གསུངས་སོ། །བཟོད་པས་གཞོམ་མིན་
བསྒོམ་ཁོ་ནས། །ཞེས་བྱ་བ་ལ། བཟོད་པས་གཞོམ་མིན་ཞེས་བྱ་བ་སྨོས་པ་ནི་བསྒོམ་པས་སྤང་བར་བྱ་བ་ཉེ་བར་གཟུང་བའི་ཕྱིར་ཏེ། འདོད་པའི་ཁམས་ནས་སྲིད་པའི་རྩེ་མོའི་བར་གྱི་ས་ཐམས་ཅད་ན་ཅི་རིགས་པར་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པའི་ཕྲ་
རྒྱས་གང་དག་བཟོད་པས་གཞོམ་པར་བྱ་བ་མ་ཡིན་གྱི། ཤེས་པས་གཞོམ་པར་བྱ་བ་ཡོད་པ་དེ་དག་ནི་འཕགས་པ་དང་། སོ་སོའི་སྐྱེ་བོ་གཉི་གའི་ཡང་རྟག་ཏུ་བསྒོམ་པའི་ལམ་འཇིག་རྟེན་པ་འམ་འཇིག་རྟེན་ལས་འདས་པས་བསྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །སྲིད་པའི་རྩེ་མོའི་ནི་འཇིག་
རྟེན་ལས་འདས་པ་ཁོ་ནས་ཡིན་ཏེ། འཇིག་རྟེན་པའི་ལམ་ས་གོང་མ་མེད་པའི་ཕྱིར་རོ། །ཕྱི་རོལ་པ་རྣམས་ཀྱི་མཐོང་བས་སྤང་བར་བྱ་བ་རྣམས་མི་སྤོང་བ་ཁོ་ན་སྟེ་ཞེས་བྱ་བ་ནི་དེ་དག་གི་བསྒོམ་པས་སྤང་བར་བྱ་བ་ཁོ་ན་རྣམ་པར་གནོན་པར་བྱེད་ཀྱི། མཐོང་བས་སྤང་བར་བྱ་བ་རྣམས་ནི་ས་ཐམས་
ཅད་ན་འཇིག་རྟེན་ལས་འདས་པའི་ལམ་གྱིས་གཞོམ་པར་བྱ་བ་ཁོ་ན་ཡིན་ནོ། །འདི་ལྟར་ལས་རྣམ་པར་འབྱེད་པ་ཆེན་པོའི་མདོ་ལས། འདོད་ཆགས་དང་བྲལ་བ་རྣམས་ལ་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་ཀུན་དུ་འབྱུང་བར་གསུངས་ཏེ། ཀུན་དགའ་བོ་འདི་ན་ལ་ལ་སྲོག་གཅོད་པ་སྤོང་
བ་ནས་ལོག་པར་ལྟ་བ་སྤོང་བའི་བར་དུ་ཡིན་ལ། འདི་ལ་ཡང་མི་དགའ་ཞིང་སོ་སོར་མི་དགའ་ལ། ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ཕྱི་རོལ་གྱི་མུ་སྟེགས་པ་དགེ་སྦྱོང་ངམ་བྲམ་ཟེ་ཡང་རུང་། རྫུ་འཕྲུལ་དང་ལྡན་
པ། ལྷའི་མིག་དང་ལྡན་པ། གཞན་གྱི་སེམས་ཤེས་པ་གང་ཞིག་གིས་མཐོང་ན་དེ་འདི་སྙམ་དུ་ལུས་ཀྱིས་ལེགས་པར་སྤྱད་པ་ཡང་མེད་ལ། ལུས་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་ཡང་མེད་དོ། །ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་ཡང་མེད་ལ། ངག་དང་ཡིད་ཀྱིས་ལེགས་
Vol. 143 · folio 93b
པར་སྤྱད་པའི་འབྲས་བུ་རྣམ་པར་སྨིན་པ་ཡང་མེད་དོ་སྙམ་སེམས་སོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ལོག་པར་ལྟ་བ་འདི་ནི་འདོད་པའི་ཁམས་ལ་དམིགས་པ་ཅན་ཡིན་ཏེ། ལས་དེ་འདོད་པ་ན་སྤྱོད་པ་ཡིན་པའི་ཕྱིར་དང་། དམྱལ་བ་ཡང་དེ་ཁོ་ན་ན་སྲིད་པའི་ཕྱིར་རོ། །སྔོན་གྱི་མཐའ་ལ་རྟོག་
པ་རྣམས་ལས་རྟག་པར་སྨྲ་བ་རྣམས་ཞེས་བྱ་བ་ནི་ཚངས་པའི་དྲ་བའི་མདོ་ལས་འདོད་ཆགས་དང་བྲལ་བ་རྣམས་ལ་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་ཀུན་དུ་འབྱུང་བར་གསུངས་པ་ཡིན་ཏེ། གང་དག་ཚེ་སྔ་མ་མཐོང་བའི་རྗེས་སུ་འབྲངས་ཏེ་དེ་ལྟ་བུའི་ལྟ་བ་སྐྱེས་པ་དེ་དག་ནི་སྔོན་གྱི་མཐའ་
ལ་རྟོག་པ་ཡིན་ནོ། །དེ་ལས་རྟག་པར་སྨྲ་བ་མང་པོ་ཞིག་གསུངས་པ་དེ་དག་གི་ནང་ནས་དཔེར་བརྗོད་པ་གཅིག་ཅིག་བསྟན་པར་བྱ་སྟེ། འདི་ན་དགེ་སྦྱོང་ངམ་བྲམ་ཟེ་ལ་ལ་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ཀུན་དུ་སྦྱངས་པའི་རྒྱུ་
དང་། སྤོང་བའི་རྒྱུ་དང་། བསྒོམ་པའི་རྒྱུ་དང་། ལན་མང་དུ་བྱས་པའི་རྒྱུ་དང་། ལེགས་པར་ཡིད་ལ་བྱས་པའི་རྒྱུས་སེམས་མཉམ་པར་གཞག་པ་ཇི་ལྟ་བུས་འཇིག་པ་དང་འཆགས་པའི་བསྐལ་པ་ཉི་ཤུ་ཡང་དག་པར་རྗེས་སུ་དྲན་པར་འགྱུར་བ་དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་ཞི་བ་ལ་རེག་པར་
འགྱུར་ཞིང་། དེ་འདི་སྙམ་དུ་བདག་དང་འཇིག་རྟེན་འདི་ནི་རྟག་པ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ་ཞེས་འབྱུང་ངོ་། །དེ་ལྟར་སྔོན་གྱི་མཐའ་ལ་རྟོག་པ་རྟག་པར་ལྟ་བ་དེ་དག་ནི་རྟག་པར་སྨྲ་བ་དེས་བདག་དང་འཇིག་རྟེན་ལ་དམིགས་པ་ན་འདོད་པའི་ཁམས་ལ་དམིགས་པར་བྱེད་པ་ཡིན་ཏེ།
དེ་ལྟར་ན་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་དག་ཀུན་དུ་འབྱུང་བ་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཚངས་པའི་དྲ་བའི་མདོ་དེ་ཉིད་ལས་སྔོན་གྱི་མཐའ་ལ་རྟོག་པ་རྣམས་ལས་ལ་ལ་རྟག་པར་སྨྲ་བ་འདོད་ཆགས་དང་བྲལ་བ་རྣམས་ལ་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་ཀུན་དུ་
འབྱུང་བ་གསུངས་པ་ཡིན་ནོ། །ཇི་ལྟ་ཞེ་ན། དགེ་སློང་དག་འཇིག་རྟེན་འཇིག་ཅིང་འཇིག་རྟེན་ཞིག་ན་སེམས་ཅན་ཕལ་ཆེར་འོད་གསལ་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཞིང་དེར་གཟུགས་བཟང་བ་ཡིད་ལས་བྱུང་བ་དབང་པོ་མ་ཚང་བ་མེད་ཅིང་དམན་པ་མ་ཡིན་པ། ཡན་ལག་དང་ཉིང་ལག་
Vol. 143 · folio 94a
ཐམས་ཅད་དང་ལྡན་པ། ཁ་དོག་བཟང་པོ་ལ་གནས་པ། རང་གི་འོད་དང་ལྡན་པ། ནམ་མཁའ་ལ་འགྲོ་བ། དགའ་བ་ཟ་ཞིང་ཟས་སུ་དགའ་བ་ཟ་བ། ཚེ་རིང་བ། དུས་རིང་པོར་གནས་པར་འགྱུར་བ། གང་ཡིན་པའི་དུས་དེ་ལྟ་བུ་ཡང་ཡོད་དོ། །དགེ་
སློང་དག་འཇིག་རྟེན་འཆགས་ཤིང་འཇིག་རྟེན་འཆགས་ན་ནམ་མཁའ་ལ་ཚངས་པའི་གཞལ་མེད་ཁང་སྟོང་པ་མངོན་པར་འགྲུབ་པར་འགྱུར་ལ། དེ་ནས་སེམས་ཅན་གང་ཡང་རུང་བ་ཞིག་ཚེ་ཟད་ཅིང་བསོད་ནམས་ཟད་ལ་ལས་ཟད་པས་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་
ཚངས་པའི་གཞལ་མེད་ཁང་སྟོང་པར་སྐྱེ་བར་འགྱུར་ཞིང་། དེ་དེ་ན་གཅིག་པུ་ཟླ་མེད་ཅིང་གཡོག་མེད་པར་ཚེ་རིང་པོ་དུས་རིང་པོར་གནས་སོ། །དེ་ནས་སེམས་ཅན་དེ་དུས་རིང་མོ་ཞིག་འདས་པ་དང་མི་དགའ་བར་གྱུར་ནས་སེམས་ཅན་གཞན་དག་ཀྱང་འདིར་བདག་དང་སྐལ་བ་མཉམ་
པར་སྐྱེས་ཀྱང་ཅི་མ་རུང་སྙམ་དུ་སྲེད་པ་སྐྱེས་སོ། །སེམས་ཅན་དེ་ཡང་སེམས་ལ་དེ་ལྟར་སྨོན་ལ། སེམས་ཅན་གཞན་དག་ཀྱང་ཚེ་ཟད་ཅིང་བསོད་ནམས་ཟད་ལ་ལས་ཟད་པས་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་སེམས་ཅན་དེ་དང་སྐལ་བ་མཉམ་པར་སྐྱེས་སོ། །དེ་ནས་
སེམས་ཅན་དེ་འདི་སྙམ་དུ་བདག་གཅིག་པུ་ཟླ་མེད་ཅིང་། གཡོག་མེད་པར་ཚེ་རིང་པོ་ཞེས་བྱ་བ་ནས་སེམས་ཅན་གཞན་དག་ཀྱང་འདིར་བདག་དང་སྐལ་བ་མཉམ་པར་སྐྱེས་ཀྱང་ཅི་མ་རུང་སྙམ་དུ་སྲེད་པ་སྐྱེས་ལ་ཞེས་བྱ་བའི་བར་དུ་སྟེ། སེམས་ལ་ཡང་དེ་ལྟར་སྨོན་ལ། སེམས་
ཅན་འདི་དག་ཀྱང་འདིར་བདག་དང་སྐལ་བ་མཉམ་པར་སྐྱེས་པས་སེམས་ཅན་འདི་དག་ནི་བདག་གིས་སྤྲུལ་ཏེ། བདག་ནི་སེམས་ཅན་འདི་དག་གི་དབང་ཕྱུག་དང་། བྱེད་པ་པོ་དང་། སྤྲུལ་པ་པོ་དང་། འབྱིན་པ་པོ་དང་། འབྱིན་བྱེད་དང་། དངོས་པོ་རྣམས་ཀྱི་ཕར་གྱུར་པ་
ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ། །སེམས་ཅན་དེ་དག་ཀྱང་འདི་སྙམ་དུ་བདག་ཅག་གིས་སེམས་ཅན་འདི་གཅིག་པུ་ཟླ་མེད་ཅིང་གཡོག་མེད་པར་ཚེ་རིང་པོ་དུས་རིང་པོར་གནས་པ་མཐོང་སྟེ། སེམས་ཅན་དེ་དུས་རིང་མོ་ཞིག་འདས་པ་དང་། མི་དགའ་བར་གྱུར་ནས་སེམས་ཅན་
Vol. 143 · folio 94b
གཞན་དག་ཀྱང་འདིར་བདག་དང་སྐལ་བ་མཉམ་པར་སྐྱེས་ཀྱང་ཅི་མ་རུང་སྙམ་དུ་སྲེད་པ་སྐྱེས་སོ། །སེམས་ཅན་འདིའི་སེམས་ལ་ཡང་དེ་ལྟར་སྨོན་ལ། བདག་ཅག་ཀྱང་འདིར་སེམས་ཅན་འདི་དང་སྐལ་བ་མཉམ་པར་སྐྱེས་པས་བདག་ཅག་ནི་སེམས་ཅན་འདིས་སྤྲུལ་པ་སྟེ།
སེམས་ཅན་འདི་ནི་བདག་ཅག་གི་དབང་ཕྱུག་ནས་དངོས་པོ་རྣམས་ཀྱི་ཕར་གྱུར་པའི་བར་ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ། །དེ་ནས་དེ་དག་གི་ནང་ནས་སེམས་ཅན་གང་ཡང་རུང་བ་ཞིག་ཚེ་ཟད་ཅིང་བསོད་ནམས་ཟད་ལ་ལས་ཟད་པས་གནས་དེ་ནས་ཤི་འཕོས་ཏེ། དེ་ལྟ་བུར་མི་
རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཏེ། དེ་རིམ་གྱིས་ནར་སོན་ཏེ། དབང་པོ་རྣམས་ཡོངས་སུ་སྨིན་ནས་སྐྲ་དང་ཁ་སྤུ་དག་བྲེགས་ཏེ། གོས་ཁ་དོག་བསྒྱུར་བ་གྱོན་ནས་དད་པས་ཡང་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ཞིང་། དེ་དགོན་པ་ན་འདུག་ཀྱང་རུང་ཤིང་
དྲུང་ན་འདུག་ཀྱང་རུང་ཞེས་བྱ་བ་ནས་རྒྱས་པར་སེམས་མཉམ་པར་གཞག་པ་ཇི་ལྟ་བུས་སྔོན་གྱི་ལུས་རྗེས་སུ་དྲན་པར་འགྱུར་བ་དེ་ལྟ་བུའི་སེམས་ཀྱི་ཏིང་ངེ་འཛིན་ཞི་བ་ལ་རེག་པར་འགྱུར་ཞེས་བྱ་བའི་བར་དུ་སྟེ། དེ་འདི་སྙམ་དུ་གང་གིས་བདག་ཅག་སྤྲུལ་པའི་ཚངས་པ་གང་ཡིན་པ་འདི་ནི་
རྟག་པ་བརྟན་པ་ཐེར་ཟུག་པ་མི་འགྱུར་བའི་ཆོས་ཅན་ཡིན་ནོ། །བདག་ཅག་གང་དག་ཚངས་པ་དེས་སྤྲུལ་པ་དེ་དག་ནི་མི་རྟག་མི་བརྟན་པ་ཐེར་ཟུག་མ་ཡིན་པར་འགྱུར་བའི་ཆོས་ཅན་ཡིན་ནོ་སྙམ་དུ་སེམས་པར་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་དུས་ཀྱང་ཡོད་དོ་ཞེས་གསུངས་སོ། །དེ་ལྟར་ན་
མཐར་འཛིན་པར་ལྟ་བ་དེས་འདོད་པའི་ཁམས་ལ་ཡང་དམིགས་པ་ཡིན་ཏེ། དེའི་ཕྱིར་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་དག་ཀུན་དུ་འབྱུང་བར་གསུངས་པ་ཡིན་ནོ། །དེ་བཞིན་དུ་ཚངས་པའི་དྲ་བའི་མདོ་དེ་ཉིད་ལས། རྒྱུ་མེད་པ་ལས་ཀུན་དུ་འབྱུང་བར་སྨྲ་བ་སྟེ། སྔོན་གྱི་མཐའ་ལ་རྟོག་
པ་རྣམས་ལས་ཞེས་བྱ་བ་སྐབས་དང་སྦྱར་རོ། །འདོད་ཆགས་དང་བྲལ་བ་རྣམས་ལ་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་ཀུན་དུ་འབྱུང་བར་གསུངས་ཏེ། ཇི་ལྟ་ཞེ་ན། གཟུགས་ཀྱི་ཁམས་ན་འདུ་ཤེས་མེད་པ་ཞེས་བྱ་བའི་ལྷ་དག་ཡོད་དེ། སེམས་ཅན་དེ་དག་འདུ་ཤེས་བསྐྱེད་པས་གནས་
Vol. 143 · folio 95a
དེ་ནས་ཤི་བར་འགྱུར་རོ། །དེ་ནས་སེམས་ཅན་གང་ཡང་རུང་བ་ཞིག་གནས་དེ་ནས་ཤི་འཕོས་ནས་འདི་ལྟ་བུར་མི་རྣམས་དང་སྐལ་བ་མཉམ་པར་འོང་བར་འགྱུར་ཞེས་བྱ་བ་ནས་སྔོན་གྱི་ལུས་རྗེས་སུ་དྲན་པར་འགྱུར་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །འདི་སྙམ་དུ་
བདག་དང་འཇིག་རྟེན་འདི་ནི་རྒྱུ་མེད་པ་ལས་ཀུན་དུ་འབྱུང་བ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ་ཞེས་གསུངས་སོ། །དེ་བས་ན་བདག་དང་འཇིག་རྟེན་ནི་རྒྱུ་མེད་པ་ལས་ཀུན་དུ་འབྱུང་བ་ཡིན་ནོ་ཞེས་བྱ་བ་འདིས་ནི་འདི་སྙམ་དུ་བདག་སྔོན་མ་བྱུང་བ་ལས་ད་བདག་བྱུང་བ་ལས་ན་བདག་དང་འཇིག་
རྟེན་ནི་རྒྱུ་མེད་པ་ལས་བྱུང་བ་ཡིན་ནོ་སྙམ་དུ་སེམས་པ་ཡིན་ནོ། །དེ་ལྟར་ན་བདག་དང་འཇིག་རྟེན་ལ་དམིགས་པ་ན་ལོག་པར་ལྟ་བ་དེས་འདོད་པའི་ཁམས་ལ་ཡང་དམིགས་པ་ཡིན་པས་དེ་རྣམས་ལ་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་དག་ཀུན་དུ་འབྱུང་བར་གསུངས་པ་ཡིན་ནོ། །
ཡང་ཇི་ལྟར་ན་དེ་རྣམས་བདག་དང་འཇིག་རྟེན་རྒྱུ་མེད་པ་ལས་ཀུན་དུ་འབྱུང་བ་ཡིན་ནོ་སྙམ་དུ་སེམས་པ་དེ་ལོག་པར་ལྟ་བ་ཡིན་ཞེ་ན། བདག་དང་འཇིག་རྟེན་གྱི་རྒྱུ་སྔོན་བྱས་པ་དགེ་བ་ཟག་པ་དང་བཅས་པའམ། མི་དགེ་བ་མ་ཡིན་ནོ་སྙམ་དུ་དེ་ལྟར་ཡིད་ཀྱིས་སྐུར་པ་འདེབས་པར་བྱེད་པའི་
ཕྱིར་རོ། །འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་དེ་རྣམས་ལ་གཟུགས་ན་སྤྱོད་པའི་ལྟ་བ་དེ་དག་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གི་སྐབས་ལས་བསམས་ནས་གཟུགས་ན་སྤྱོད་པའི་ཉོན་མོངས་པ་རྣམས་འདོད་པའི་ཁམས་ལ་མི་དམིགས་པ་ནི་མ་ཡིན་ཏེ། འདོད་
ཆགས་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །ཁ་ཅིག་ནི་དེ་དག་འདོད་པ་ན་སྤྱོད་པའི་ལྟ་བ་མ་ཡིན་གྱི། དེ་དག་ནི་ལོག་པའི་ཤེས་པ་ཡིན་ནོ་ཞེས་ལན་འདེབས་པར་བྱེད་ད། དེ་དག་ནི་ལྟ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་དག་གི་ལྟར་ནི་རིགས་པ་མ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་ན་རེ་ཡོངས་
སུ་ཉམས་པའི་ཕྱིར་ཏེ། ལྷ་སྦྱིན་བཞིན་ནོ་ཞེས་ཟེར་རོ། །དཔེར་ན་ལྷ་སྦྱིན་གྱིས་དགེ་སློང་གི་དགེ་འདུན་འཁོར་དུ་བྱ་བའི་ཕྱིར་བཅོམ་ལྡན་འདས་ཐུགས་ལས་ཆུང་ངུར་བཞུགས་པར་གསོལ་ནས་སྡིག་པའི་བསམ་པ་སྐྱེད་པས་རྫུ་འཕྲུལ་ལས་ཡོངས་སུ་ཉམས་པ་ལྟ་བུ་སྟེ་མདོ་ལས་
Vol. 143 · folio 95b
འབྱུང་བའི་ཕྱིར་རོ། །མདོ་ལས་ནི་འདི་སྐད་དུ་དེ་ནས་ལྷ་སྦྱིན་རྙེད་པ་དང་བཀུར་སྟིས་ཟིལ་གྱིས་ནོན་ཏེ། ཀྱེ་མ་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་བདག་ལ་བྱིན་ཀྱང་ཅི་མ་རུང་། དགེ་སློང་གི་དགེ་འདུན་ནི་བདག་གི་འཁོར་དུ་བྱས་ལ། བཅོམ་ལྡན་འདས་ནི་མཐོང་བའི་ཆོས་
ལ་བདེ་བར་གནས་པ་དང་ལྡན་ཞིང་ཐུགས་ལས་ཆུང་ངུར་གནས་པར་གསོལ་ལོ་སྙམ་པ་དེ་ལྟ་བུའི་སྡིག་པའི་བསམ་པའི་རྣམ་པ་དེ་སྐྱེས་སོ། །ལྷ་སྦྱིན་གྱིས་སེམས་དེ་སྐྱེས་མ་ཐག་རྫུ་འཕྲུལ་དེ་ལས་ཡོངས་སུ་ཉམས་སོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་བཞིན་དུ་དེ་དག་ཀྱང་ལྟ་བ་
བསྐྱེད་པ་དང་དུས་མཉམ་དུ་ཡོངས་སུ་ཉམས་པ་ཡིན་ནོ་ཞེའོ། །དེ་དག་ལ་བདག་ཏུ་འཛིན་པ་ནི་དེ་དག་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེས་བྱ་བ་ནི་རྟག་པ་དང་། རིལ་པོར་འདུ་ཤེས་པ་སྔོན་དུ་འགྲོ་བ་ཅན་ནོ། །འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལོག་པར་ཞུགས་པའི་ལྟ་བ་ཐམས་
ཅད་ལོག་པར་ལྟ་བ་ཡིན་ཏེ། ལོག་པར་རྟོག་པའི་ཕྱིར་རོ། །གཞན་དག་ནི་སྒྲོ་འདོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཇི་ལྟར་ཆད་པར་ལྟ་བ་སྒྲོ་འདོགས་པར་བྱེད་པ་ཡིན་ཞེ་ན། བསྟན་པ་འདི་ནི་མིང་བརྩན་པར་བྱས་པ་ཡིན་ནོ། །འཕགས་པ་རྣམས་ཀྱིས་སྤང་བའི་ཕྱིར་རོ་ཞེས་བྱ་བ་ནི་
བོར་བའི་ཕྱིར་རོ། །སོགས་པའི་སྒྲ་མི་མངོན་པར་བྱས་སོ་ཞེས་བྱ་བ་ནི་ལྟ་བ་ལ་སོགས་པ་ཉེ་བར་ལེན་པའི་ཕུང་པོ་རྣམས་ལ་མཆོག་དང་། གཙོ་བོར་འཛིན་པ་ནི་ལྟ་བ་མཆོག་ཏུ་འཛིན་པ་ཞེས་བྱའོ། །སློབ་དཔོན་འདུས་བཟང་ན་རེ་མཆོག་ཏུ་ཞེས་བྱ་བའི་སྒྲ་སྦྱར་བས་ཀྱང་ཁྱད་པར་གྱི་དོན་འདིར་
འགྱུར་རོ་ཞེས་ཟེར་རོ། །རྒྱུ་མ་ཡིན་ལ་རྒྱུར་ལྟ་བའི་ཕྱིར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཞེས་བྱའོ། །ལམ་མ་ཡིན་པ་ལ་ལམ་དུ་ལྟ་བའི་ཕྱིར་ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་སངས་རྒྱས་
པ་རྣམས་ཀྱི་ལྟར་ན་ཡང་ཐར་པ་ཐོབ་པར་བྱེད་པ་ཡིན་མོད་ཀྱི། དེ་དེ་ཙམ་དུ་ནི་མ་ཟད་པས་དེའི་ཕྱིར་དེ་ལས་གཞན་པ་དག་གི་ལྟ་བ་ཡིན་ནོ། །འདིར་ཡང་སོགས་པའི་སྒྲ་མི་མངོན་པར་བྱས་སོ་ཞེས་གྲག་གོ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་སོགས་པ་མཆོག་ཏུ་འཛིན་པ་ནི་
Vol. 143 · folio 96a
ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་དང་བརྟུལ་ཞུགས་ནི་གཟུགས་ཀྱི་ཕུང་པོས་བསྡུས་པ་ཡིན་ནོ། །དེའི་ཕྱིར་ཕུང་པོ་གཞན་བསྡུ་བའི་དོན་དུ་སོགས་པ་ཞེས་བྱ་བའི་སྒྲ་སྨོས་དགོས་སོ། །ཅིའི་ཕྱིར་ཀུན་
འབྱུང་མཐོང་བས་སྤང་བར་བྱ་བ་མ་ཡིན་ཞེ་ན་ཞེས་བྱ་བ་ནི་རྒྱུ་ལ་ལོག་པར་ཞུགས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་བྱས་པའི་རྒྱུར་མངོན་པར་ཞེན་པ་ཡང་ཞེས་བྱ་བ་ནི་བདག་རྟག་པ་བྱེད་པ་པོ། །གཅིག་པུས་བྱས་པ་ཡང་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱིས་སྤོང་བར་
འགྱུར་རོ་ཞེས་བྱ་བ་ནི་སྡུག་བསྔལ་མཐོང་བ་ཁོ་ནས་སྤོང་བར་འགྱུར་རོ། །འོ་ན་གང་མེ་དང་ཆུར་འཇུག་པ་ལ་སོགས་པས་མཐོ་རིས་སུ་སྐྱེ་བའམ། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་འདག་པར་ལྟ་བ་ཇི་ལྟ་བུ་ཡིན་ཞེས་བྱ་བ་ནི་རྒྱུར་མངོན་པར་ཞེན་པ་འདི་ནི་དེས་བྱས་པ་མ་ཡིན་ན། ཇི་ལྟར་
སྡུག་བསྔལ་མཐོང་བས་སྤང་བར་འགྱུར། དེ་ལྟ་བས་ན་འདི་ནི་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་པར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བས། དེ་ཡང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྡུག་བསྔལ་ལ་ལོག་
པར་ཞུགས་པའི་ཕྱིར་རོ་ཞེས་ཟེར་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཏེ། ཇི་ལྟར་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ཞེ་ན་དེས་མཐོ་རིས་སུ་འགྲོ་བའམ་འདག་པར་ལྟ་བའི་ཕྱིར་རོ། །སློབ་དཔོན་གྱིས་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཟག་པ་དང་བཅས་པའི་དངོས་པོ་
ཐམས་ཅད་སྡུག་བསྔལ་ཡིན་པས། ཟག་པ་དང་བཅས་པ་སྡུག་བསྔལ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་ལྟ་བའི་ངོ་བོ་ཉིད་དམ། ལྟ་བའི་ངོ་བོ་ཉིད་མ་ཡིན་ཡང་། ཐམས་ཅད་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་པའི་ཕྱིར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བར་ཐལ་བར་འགྱུར་རོ། །
དེ་ལྟ་ཡིན་ན་ནི་ཀུན་འབྱུང་བ་ལ་སོགས་པ་མཐོང་བས་སྤང་བར་བྱ་བ་ཅུང་ཟད་ཀྱང་མེད་པར་འགྱུར་རོ། །གཞན་འདི་ཡང་བརྗོད་དགོས་ཏེ། ཡང་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་ལམ་མཐོང་བས་སྤང་བར་བྱ་བ་གཞན་ཇི་ལྟ་བུ་ཞིག་ཡོད་པས་དེ་བརྗོད་དགོས་ཏེ། གང་
Vol. 143 · folio 96b
ཞིག་བ་ལང་གི་ཚུལ་ཁྲིམས་ལ་སོགས་པས་འདག་པ་ནས་བདེ་བ་དང་། སྡུག་བསྔལ་ལས་རྣམ་པར་འདས་པ་ཡང་རྗེས་སུ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ལྟ་བ་དེའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་འདི་ཡང་རྒྱུ་མ་ཡིན་པ་ལ་རྒྱུར་ཡིད་ཆེས་པ་ཡིན་པས་སྡུག་
བསྔལ་མཐོང་བས་སྤང་བར་བྱ་བའོ་ཞེས་འདོན་པས་སོ།། །།བམ་པོ་སུམ་ཅུ་རྩ་དགུ་པ། བྱེ་བྲག་ཏུ་སྨྲ་བས་ལམ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པ་གང་ཡིན་པའོ་ཞེས་བྱ་བ་སྨྲས་ཏེ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཞིག་ལམ་
མཐོང་བས་སྤང་བར་བྱ་བ་ལོག་པར་ལྟ་བ་ལ་སོགས་པ་བརྒྱད་ལ་དམིགས་པར་བྱེད་པ་འདི་ནི་ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །སློབ་དཔོན་གྱིས་དེ་ཡང་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ལམ་མཐོང་བས་སྤང་བར་བྱ་བ་ལོག་པར་ལྟ་བ་ལ་སོགས་
པ་ཕྲ་རྒྱས་བརྒྱད་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་དམིགས་པ་ཡིན་ཞིང་། དེ་དག་ཀྱང་ཟག་པ་དང་བཅས་པ་ཡིན་པའི་ཕྱིར། སྡུག་བསྔལ་གྱི་བདེན་པས་བསྡུས་པ་ཡིན་ལ། དེ་ཡང་དེ་ལ་ལོག་པར་རྟོག་པ་ཡིན་པས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཁོ་
ནར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཡང་གང་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་ཟག་གང་ཞིག་ལ་ལམ་མེད་དོ་སྙམ་དུ་ལམ་ལ་དམིགས་པ་ལ་ལོག་པར་ལྟ་བ་འམ། ཐེ་ཚོམ་ཡོད་པའི་གང་ཟག་དེ་ཐར་པའི་ལམ་མེད་དོ་ཞེས་ལྟ་བ་འམ། ཐེ་ཚོམ་ཟ་བ་ན་སྟེ། ཅི་ལམ་
འདི་ཡོད་དམ་མེད་སྙམ་དུ་ཐེ་ཚོམ་ཟ་བ་ན་ཇི་ལྟར་ལོག་པར་ལྟ་བ་དེས་ལོག་པར་ལྟ་བ་འདིས་སམ། ཐེ་ཚོམ་འདིས་འདག་གོ་སྙམ་དུ་ཡིད་ཆེས་པར་འགྱུར་ཞིང་རྟོག་པར་འགྱུར་ཏེ། ལོག་པར་ལྟ་བ་དང་། ཐེ་ཚོམ་ཁོ་ནས་དེ་ལ་འདག་པར་ཡིད་ཆེས་པ་མེད་དོ། །འོན་ཏེ་ཐར་པའི་
ལམ་གཞན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། འོན་ཏེ་གྲངས་ཅན་ལ་སོགས་པས་བརྟགས་པའི་ཐར་པའི་ལམ་གཞན་མཆོག་ཏུ་བཟུང་ཞིང་བླངས་ནས། འདི་ནི་ཐར་པའི་ལམ་ཡིན་གྱི། སངས་རྒྱས་པའི་ནི་མེད་དོ་ཞེས་སྨྲའོ་ཞེ་ན། དེ་ཡང་གྲངས་ཅན་པས་བརྟགས་པ་དེ་ཁོ་ནས་དག་
Vol. 143 · folio 97a
པར་ཡིད་ཆེས་ཀྱི། ལོག་པར་ལྟ་བ་དེས་ན་མ་ཡིན་པའི་ཕྱིར། དེའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དེ་ཡང་ལམ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པར་མི་འགྲུབ་བོ། །འོ་ན་ཅི་ཞེ་ན། གྲངས་ཅན་པ་ལ་སོགས་པས་ཀུན་བརྟགས་
པའི་ལམ་ཁོ་ན་ལ་དམིགས་པ་ཡིན་ནོ། །ཉེས་པ་གཞན་འདི་ཡང་ཡོད་པས། ཡང་གང་ཞིག་ཅེས་བྱ་བ་རྒྱས་པར་སྨོས་ཏེ། ལོག་པར་ལྟ་བ་གང་ཞིག་ཀུན་འབྱུང་བ་དང་། འགོག་པ་མཐོང་བས་སྤང་བར་བྱ་བ་ལ་དམིགས་པའི་ལོག་པར་ལྟ་བས་དག་པར་ཡིད་ཆེས་པར་འགྱུར་
བ་དེ་ཡང་། ཅིའི་ཕྱིར་དེ་དག་མཐོང་བས་སྤང་བར་བྱ་བ་མ་ཡིན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དེ་ཅིའི་ཕྱིར་ཀུན་འབྱུང་བ་དང་། འགོག་པ་མཐོང་བས་སྤང་བར་བྱ་བ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་དོན་འདི་ནི་བརྟག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི། གང་གི་
ཕྱིར་དེ་ལྟར་ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་པར་ཡང་མི་སྲིད་ལ། ལམ་མཐོང་བས་སྤང་བར་བྱ་བ་ཡིན་དུ་ཡང་ཧ་ཅང་ཐལ་བ་ལ་སོགས་པའི་ཉེས་པ་ཡོད་པ་དེའི་ཕྱིར། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་
པ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་པ་དང་། ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་འདི་ནི་བརྟག་པར་བྱ་བ་ཡིན་ནོ། །སློབ་དཔོན་གྱིས་ཐེ་ཚོམ་བསྐུར་བ་འདི་བྱས་ཀྱིས། རང་གི་གཞུང་ལུགས་ནི་མ་བསྟན་ཏོ། །གཞན་དག་ན་རེ་རྣལ་འབྱོར་སྤྱོད་
པའི་གཞུང་ལུགས་ལ་ལྟོས་ནས་དེ་ལྟར་བྱས་སོ་ཞེས་ཟེར་རོ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱང་ཉོན་མོངས་པ་བརྒྱ་ཉི་ཤུ་རྩ་བརྒྱད་དུ་བརྗོད་དེ། ཇི་ལྟར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་འདི་དག་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་
དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་ཞེས་བྱ་བ་བཅུ་ཡིན་པ་དེ་བཞིན་དུ་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་བཅུ་དང་། འགོག་པ་མཐོང་བས་
Vol. 143 · folio 97b
སྤང་བར་བྱ་བ་བཅུ་དང་། ལམ་མཐོང་བས་སྤང་བར་བྱ་བ་བཅུ་སྟེ། འདོད་པ་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བ་བཞི་བཅུ་ཡིན་ནོ། །བསྒོམ་པས་སྤང་བར་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་བརྟགས་པ་མ་ཡིན་པ་དང་། ཆད་པར་ལྟ་བ་ལྷན་ཅིག་སྐྱེས་པ་དང་། འདོད་ཆགས་
དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་ཞེས་བྱ་བ་དྲུག་སྟེ། འདོད་པ་ན་སྤྱོད་པའི་ཕྲ་རྒྱས་བཞི་བཅུ་རྩ་དྲུག་ཏུ་འགྱུར་རོ། །གཟུགས་ན་སྤྱོད་པ་བཞི་བཅུ་རྩ་གཅིག་སྟེ། ཁོང་ཁྲོ་བ་མ་གཏོགས་པ་དེ་དག་ཉིད་ཡིན་ནོ། །གཟུགས་ན་སྤྱོད་པ་དག་ཇི་ལྟ་བར་གཟུགས་
མེད་པ་ན་སྤྱོད་པ་རྣམས་ཀྱང་དེ་དང་འདྲའོ། །དེ་ལ་ཁ་ཅིག་ལན་འདེབས་པར་བྱེད་པ་ནི་ཟག་པ་དང་བཅས་པ་ལ་དམིགས་པ་ཐམས་ཅད་སྡུག་བསྔལ་ལ་ལོག་པར་ཞུགས་པའི་ཕྱིར། ཧ་ཅང་ཐལ་བར་འགྱུར་རོ་ཞེས་བཤད་པ་གང་ཡིན་པ་འདི་ལ་སྨྲ་བར་བྱ་སྟེ། སྡུག་བསྔལ་
ལ་སོགས་པའི་སྒོ་ནས་ལོག་པར་ཞུགས་པའི་ཕྱིར། ཧ་ཅང་ཐལ་བར་མི་འགྱུར་རོ། །ཟག་པ་དང་བཅས་པ་ལ་དམིགས་པ་རྣམས་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་མོད་ཀྱི། འོན་ཀྱང་ཁ་ཅིག་ནི་སྡུག་བསྔལ་གྱི་སྒོ་ནས་ལོག་པར་ཞུགས་པ་ཡིན་ལ། ཁ་ཅིག་ནི་ཀུན་
འབྱུང་བའི་སྒོ་ནས་ལོག་པར་ཞུགས་པ་ཡིན་ནོ། །ཁ་ཅིག་ནི་འགོག་པའི་སྒོ་ནས་ལོག་པར་ཞུགས་པས་ལོག་པར་ཞུགས་པ་ཡིན་ལ། ཁ་ཅིག་ནི་ལམ་གྱི་སྒོ་ནས་ལོག་པར་ཞུགས་པ་ལ་ལོག་པར་ཞུགས་པ་ཡིན་ནོ། །དེ་ལ་གང་དག་སྡུག་བསྔལ་གྱི་སྒོ་ནས་སྡུག་བསྔལ་ལ་
ལོག་པར་ཞུགས་པ་དེ་དག་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཡང་རྟག་པ་དང་བདག་ཏུ་འཛིན་པས་སྡུག་བསྔལ་གྱི་སྒོ་ནས་སྡུག་བསྔལ་ལ་ལོག་པར་ཞུགས་པ་ཡིན་ཏེ། དེ་ལྟ་བས་ན་སྡུག་བསྔལ་མཐོང་བས་
སྤང་བར་བྱ་བ་ཡིན་ནོ། །ལམ་ལ་ལོག་པར་ཞུགས་པ་གང་ཞིག་གིས་འདི་ལྟ་སྟེ། གྲངས་ཅན་པ་དང་། གཅེར་བུ་པ་ལ་སོགས་པས་རང་གི་ཀུན་བརྟགས་པའི་ལམ་བཟུང་ནས། སངས་རྒྱས་པ་རྣམས་ལ་ཐར་པའི་ལམ་མེད་དོ་ཞེས་ལོག་པར་ལྟ་བ་སྐྱེད་པར་བྱེད་པའི་ལོག་པར་ལྟ་
Vol. 143 · folio 98a
བ་དེ་ལ་ཡང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་མཆོག་ཏུ་ལྟ་བར་བྱེད་དེ། དེ་དག་གི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་འདི་ནི། ལམ་ལ་ལོག་པར་ཞུགས་པ་ལ་ལོག་པར་ཞུགས་པ་ཡིན་པའི་ཕྱིར་ལམ་
མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་གང་ཞིག་ཀུན་འབྱུང་བའི་སྒོ་ནས་ལོག་པར་འཇུག་པར་འགྱུར་བ་ཡང་མེད་ལ། གང་ཞིག་འགོག་པའི་སྒོ་ནས་ལོག་པར་ཞུགས་པ་ལ་ལོག་པར་ཞུགས་པ་ཡང་མེད་དེ། དེ་ལྟ་བས་ན་
ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་སྡུག་བསྔལ་དང་། ལམ་མཐོང་བས་སྤང་བར་བྱ་བ་དག་ཁོ་ན་ཡིན་ནོ། །ཡང་ཇི་ལྟར་ཀུན་འབྱུང་བ་དང་། འགོག་པའི་སྒོ་ནས་ལོག་པར་མི་འཇུག་ཅེ་ན། འདི་ལ་སློབ་དཔོན་འདུས་བཟང་ན་རེ། ཚུལ་ཁྲིམས་དང་བརྟུལ་ཞུགས་
མཆོག་ཏུ་འཛིན་པ་ནི་ཀུན་འབྱུང་བ་དང་འགོག་པ་མཐོང་བས་སྤང་བར་བྱ་བ་མ་ཡིན་ཏེ། དེའི་ལུས་སུ་མི་འཐད་པའི་ཕྱིར་རོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལུས་ནི་རྒྱུ་མ་ཡིན་པ་ལ་རྒྱུར་མངོན་པར་ཞེན་པ་དང་། ལམ་མ་ཡིན་པ་ལ་ལམ་དུ་མངོན་པར་ཞེན་པ་ཡིན་
ན། ཀུན་འབྱུང་བ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ལ་འདག་པར་མངོན་པར་ཞེན་པས་ནི་འདི་རྒྱུ་མེད་པ་ལས་སྐྱེ་བར་ལྟ་བར་འགྱུར་ཏེ། གང་ལ་རྒྱུའི་བློ་མེད་པའི་ཕྱིར་རོ། །སྡུག་བསྔལ་དང་། ཀུན་འབྱུང་བ་དག་ནི་རྗེས་སུ་ཐ་དད་པ་མ་ཡིན་པའི་ཕྱིར། དེས་དབང་ཕྱུག་ལ་སོགས་
པའི་ཕུང་པོ་ཡང་སྤང་བར་འགྱུར་རོ། །འགོག་པ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ལ་འདག་པར་ཡིད་ཆེས་པས་ན་འགོག་པའི་ཐབས་ལ་རྟོག་པ་མི་སྲིད་པ་ཁོ་ན་ཡིན་ནོ། །ཇི་ལྟ་ཞེ་ན། འགོག་པ་མེད་དོ་སྙམ་དུ་ལྟ་བའི་རྗེས་ལ། དེའི་ཐབས་ལ་རྟོག་པ་ནི་དན་མེད་པར་འགྱུར་
རོ། །དེ་ལྟར་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལུས་སུ་མི་འཐད་དོ། །དེ་ལྟ་ན་ལམ་མེད་དོ་སྙམ་དུ་ལྟ་བའི་རྗེས་ལ་ལམ་དུ་ཡོངས་སུ་རྟོག་པ་མི་འཐད་པའི་ཕྱིར། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལམ་མཐོང་བས་སྤང་བར་བྱ་བ་ཡང་མི་འགྱུར་རོ། །གང་ལ་
Vol. 143 · folio 98b
ལམ་ལ་དམིགས་པ་ལོག་པར་ལྟ་བ་འམ། ཐེ་ཚོམ་ཐར་པའི་ལམ་མེད་དོ་སྙམ་པའི་ལྟ་བ་འམ། ཐེ་ཚོམ་ཟ་བ་ཡོད་པ་དེ་ཇི་ལྟར་དེས་འདག་པར་ཡིད་ཆེས་པར་འགྱུར་ཞེ་ན། འཕགས་པའི་ལམ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ལ་འདག་པར་མངོན་པར་ཞེན་པ་ནི་འཐད་པ་ཁོ་
ན་སྟེ། དེ་ལ་རིགས་པར་འཛིན་པའི་ཕྱིར་རོ། །དེས་ནི་གང་གིས་ན་དེ་ཡང་དག་པའི་ལམ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ལ་རིགས་པའི་བློ་སྐྱེ་བར་འགྱུར་བ་ཐར་པའི་ལམ་གཞན་ཞིག་སྙིང་ལ་གཞག་པ་ཡིན་ཏེ། ཐར་པའི་ལམ་གཞན་མེད་དོ་ཞེས་བྱ་བ་གང་ཡིན་པ་དང་།
ཐར་པའི་ལམ་གཞན་ཡོད་དམ། འོན་ཏེ་མེད་སྙམ་དུ་ཐེ་ཚོམ་ཟ་བ་གང་ཡིན་པ་འདི་ནི་རིགས་པ་ཡིན་ནོ་སྙམ་དུ་སེམས་པས་སོ། །རིགས་པའི་སྒོ་ནས་ནི་འདག་པའི་ཐབས་ལེན་པར་འཐད་དོ། །དེས་ཐར་པའི་ལམ་གཞན་ལ་དམིགས་པ་སྙིང་ལ་གཞག་པ་གང་ཡིན་པ་འདི་ཉིད་ཚུལ་
ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལམ་མཐོང་བས་སྤང་བར་བྱ་བ་དེའི་ཡུལ་ཡིན་ཏེ། རང་གི་རིས་ཙམ་ལ་དམིགས་པའི་ཕྱིར་རོ། །འོན་ཏེ་དེ་དང་མཚུངས་པར་རྟག་ཏུ་རུང་བའི་ཕྱིར་འགོག་པ་མཐོང་བས་སྤང་བར་བྱ་བར་ཡང་ཐལ་བར་འགྱུར་ཏེ། དེ་ནི་གང་གིས་ན་དེ་ཡང་
དག་པའི་ཐར་པ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་ལ་རིགས་པར་འཛིན་པར་འགྱུར་བ་ཐར་པའི་གནས་གཞན་ཞིག་སྙིང་ལ་གཞག་པ་ཡིན་ནོ། །དེའི་ཕྱིར་དེ་ནི་འདྲའོ་ཞེ་ན། དེ་ནི་མ་ཡིན་ཏེ། རྟག་པ་དང་ཞི་བར་འཛིན་པར་མཚུངས་ན་དེ་ལ་སྐུར་པ་འདེབས་པ་ལ་འདག་པར་
མངོན་པར་ཞེན་པ་མི་འཐད་པའི་ཕྱིར་རོ། །རྫས་དང་རྫས་མ་ཡིན་པར་རྟོག་པ་ཐ་དད་པ་ཡོད་ན་འགའ་ཞིག་ཐར་པའི་ཐབས་ཚོལ་བར་བྱེད་ལ། དེ་ལ་ནི་གདོན་མི་ཟ་བར་ཐར་པ་ཡོད་དོ་སྙམ་པའི་ངེས་པ་ཡོད་དོ། གང་གདོན་མི་ཟ་བར་ཐར་པ་ཡོད་དོ་སྙམ་པའི་ངེས་པ་ཡོད་པ་དེ་ནི་དེ་ལ་རྟག་པ་
དང་ཞི་བར་ཡང་འཛིན་ཏོ། །དེ་ལྟ་མ་ཡིན་ན་དེ་དོན་དུ་གཉེར་བ་མི་འཐད་པའི་ཕྱིར་རོ། །དེ་ལ་དཔེར་ན་ཆོས་འདི་པ་རྣམས་ལ་མྱ་ངན་ལས་འདས་པ་རྫས་དང་རྫས་མ་ཡིན་པར་རྟོག་པ་ཐ་དད་ཀྱང་རྟག་པ་དང་། ཞི་བར་འཛིན་པར་མཚུངས་པའི་ཕྱིར་དེ་ལ་སྐུར་པ་འདེབས་པའི་ལྟ་བ་ནི་སྐྱོན་
Vol. 143 · folio 99a
ཁོ་ན་ཡིན་པ་ལྟར། གང་གིས་ཐར་པའི་གནས་ཅུང་ཟད་ཅིག་སེམས་ལ་བཞག་པ་དེ་ཡང་རྟག་པ་དང་ཞི་བར་འཛིན་པར་མཚུངས་པའི་ཕྱིར་ཐར་པ་ལ་སྐུར་པ་འདེབས་པ་ལ་རིགས་པར་འཛིན་པ་མི་འཐད་དོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་སོགས་པ་
ནི་འཕགས་པའི་ལམ་ལས་ངོ་བོ་ཉིད་དང་། རྣམ་པའི་སྒོ་ནས་ཐ་དད་པ་ཡིན་གྱི། རྟག་པ་དང་ཞི་བར་འཛིན་པ་ལ་ནི་ཐ་དད་པ་མེད་པས་མཚུངས་པར་རྟག་ཏུ་རུང་བ་མེད་དོ། །དེའི་ཕྱིར་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ལམ་མཐོང་བས་སྤང་བར་བྱ་བ་ཁོ་ན་ཡིན་
པ་སྲིད་ཀྱི། འགོག་པ་མཐོང་བས་སྤང་བར་བྱ་བ་ནི་མ་ཡིན་ནོ་ཞེས་ཟེར་རོ། །འདིར་ཆོས་མངོན་པ་པ་རྣམས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམ་པ་གཉིས་སུ་འདོད་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཇི་ལྟ་བུ་ཞིག་ནི་སྡུག་བསྔལ་མཐོང་
བས་སྤང་བར་བྱ་བར་རྣམ་པར་འཇོག །ཇི་ལྟ་བུ་ཞིག་ལམ་མཐོང་བས་སྤང་བར་བྱ་བར་རྣམ་པར་འཇོག་སྟེ། གང་ཞིག་བ་ལང་གི་ཚུལ་ཁྲིམས་ལ་སོགས་པས་འདག་པར་ཡིད་ཆེས་པ་དེ་དག་ཀྱང་ལམ་མ་ཡིན་པ་ལ་ལམ་དུ་ནི་ལྟའོ་ཞེ་ན། ཚུལ་ཁྲིམས་དང་བརྟུལ་ཞུགས་
མཆོག་ཏུ་འཛིན་པ་གང་ཞིག་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་སོགས་པ་སྡུག་བསྔལ་དམིགས་པ་དེ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཡིན་ལ། གང་ཞིག་ལམ་ལ་ལོག་པར་ཞུགས་པ་ལ་དམིགས་པ་དེ་ནི་ལམ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ཚུལ་ཁྲིམས་
དང་བརྟུལ་ཞུགས་ལ་སོགས་པ་ལ་དམིགས་པ་གང་ཡིན་པ་དེ་ནི་ལམ་ལ་ལོག་པར་ཞུགས་པ་མ་ཡིན་ཞིང་། ལམ་ལ་ལོག་པར་ཞུགས་པ་ལ་དམིགས་པ་ཇི་ལྟ་བ་དེ་ལྟར་གནོད་པར་བྱེད་པ་ཡང་མ་ཡིན་ཏེ། འདི་ལྟར་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་སོགས་པ་ལ་དམིགས་པ་ནི་རགས་
པ་དང་། རིང་དུ་སོང་བ་མ་ཡིན་པ་དང་། བསམ་པ་བརྟན་པོ་མ་ཡིན་པ་དང་། འབད་པ་ཆུང་ངུས་གཞོམ་པར་བྱ་བ་ཡིན་ལ། ལམ་ལ་ལོག་པར་ཞུགས་པ་ལ་དམིགས་པ་ནི་དེ་ལས་བཟློག་པ་མ་ཡིན་པས་སོ། །ལྟ་བ་གསུམ་ལས་ཕྱིན་ཅི་ལོག་བཞི་ཚན་ཞེས་བྱ་བ་ནི་ཕྱིན་ཅི་ལོག་
Vol. 143 · folio 99b
དག་ནི་ལྟ་བ་གསུམ་གྱི་ངོ་བོ་ཉིད་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །འཇིག་ཚོགས་ལ་ལྟ་བ་ལས་ནི་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་གོ་ཞེས་བྱ་བ་ནི་བདག་གིར་ལྟ་བ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་དག་ན་རེ་ཐམས་ཅད་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་བདག་ཏུ་ལྟ་
བ་དང་། བདག་གིར་ལྟ་བ་ཐམས་ཅད་བདག་ཏུ་ཕྱིན་ཅི་ལོག་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བྱེ་བྲག་ཏུ་སྨྲ་བས་ཇི་ལྟར་ན་བདག་གིར་ལྟ་བ་ཕྱིན་ཅི་ལོག་ཡིན་ཞེས་བྱ་བ་སྨོས་ཏེ། བདག་གིར་ལྟ་བ་ལ་ཕྱིན་ཅི་ལོག་ཅེས་མི་བྱའོ། །ཕ་རོལ་པོས་ཇི་ལྟར་ན་ཕྱིན་ཅི་ལོག་མ་ཡིན་ཞེས་
བྱ་བ་སྨྲས་པ་དང་། བྱེ་བྲག་ཏུ་སྨྲ་བས་ཕྱིན་ཅི་ལོག་གི་མདོ་ལས་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། མདོ་ལས་བདག་མེད་པ་ལ་བདག་གོ་སྙམ་དུ་ཕྱིན་ཅི་ལོག་པ་ཞེས་འབྱུང་གི །བདག་གི་སྙམ་དུ་ཞེས་བྱ་བར་མི་འབྱུང་བའི་ཕྱིར་རོ། །མདོ་ལས་དེ་སྐད་དུ་བསྟན་པ་ནི་ཡོད་མོད་ཀྱི།
དེ་ཡང་བདག་ཏུ་ལྟ་བ་ལས་དོན་གཞན་དུ་འགྱུར་བ་ནི་མ་ཡིན་ནོ། །ཇི་ལྟ་ཞེ་ན། དེ་ལས་ནི་བདག་ཁོ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དབང་བྱེད་པར་ལྟ་བ་ནི་བདག་གིར་ལྟ་བར་འགྱུར་བར་བཤད་དེ། བདག་ལ་ལྟ་བ་འབའ་ཞིག་ཏུ་མ་ཟད་ཀྱི། བདག་གིར་ཡང་ལྟའོ་ཞེས་བྱ་བའི་ཐ་ཚིག་
གོ། །བདག་ཏུ་ལྟ་བ་འདི་ཉིད་སྒོ་གཉིས་ཅན་ཡིན་ནོ་ཞེས་བྱ་བ་ནི་བདག་དང་བདག་གི་སྒོ་ཅན་ཏེ། རྫས་སུ་ནི་གཅིག་ཡིན་ནོ། །ངར་འཛིན་པ་དང་། ང་ཡིར་འཛིན་པའི་སྒོ་གཉིས་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཏེ་བདག་ཅེས་བྱ་བ་དང་པོར་བསྟན་པ་འདི་ལས་
བདག་གི་ཞེས་བྱ་བ་དྲུག་པར་བསྟན་པ་ལྟ་བ་གཞན་ཞིག་ཡིན་ན་ནི་བདག་གི་ཞེས་བྱ་བ་དང་། བདག་གི་ཕྱིར་ཞེས་བྱ་བ་འདི་ཡང་འགྱུར་རོ། །ལྟ་བ་ཐ་དད་པ་ཞེས་བྱ་བ་སྐབས་དང་སྦྱར་ཏེ། བདག་གི་ཞེས་བྱ་བ་ནི་གསུམ་པར་བསྟན་པའི་ཕྱིར་ལ། བདག་གི་ཕྱིར་ཞེས་བྱ་བ་ནི་བཞི་པར་
བསྟན་པའི་ཕྱིར་རོ། །དེ་ཡང་འདོད་པ་མ་ཡིན་ཏེ། དེ་ལྟ་བས་ན་ཐམས་ཅད་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །ཅིའི་ཕྱིར་ཉོན་མོངས་པ་གཞན་དག་ཕྱིན་ཅི་ལོག་མ་ཡིན་ཞེ་ན་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དག་
Vol. 143 · folio 100a
ལས་གཞན་ཆད་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པར་ལྟ་བ་དང་། འདོད་ཆགས་ལ་སོགས་པའོ། །རྒྱུ་གསུམ་གྱིས་ཞེས་བྱ་བ་ནི་ཕྱིན་ཅི་ལོག་པ་དང་། ངེས་པར་རྟོག་པ་དང་། སྒྲོ་འདོགས་
པ་དག་གིས་ཕྱིན་ཅི་ལོག་རྣམས་རྣམ་པར་གཞག་སྟེ། གང་ལ་རྒྱུ་འདི་དག་རིལ་གྱིས་ཡོད་པ་དེ་དག་ནི་ཕྱིན་ཅི་ལོག་ཏུ་རྣམ་པར་གཞག་གོ། །གང་ལ་རིལ་གྱིས་མེད་པ་དེ་དག་ནི་ཕྱིན་ཅི་ལོག་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་ཙམ་ཞིག་གིས་འདག་པར་དམིགས་པའི་ཕྱིར་རོ་
ཞེས་བྱ་བ་ནི་གང་གི་ཕྱིར་ཚུལ་ཁྲིམས་དང་བརྟུལ་ཞུགས་ཙམ་གྱིས་འདག་གོ་སྙམ་དུ་དམིགས་པ་ལ་ངེས་པར་རྟོག་པར་བྱེད་དོ། །འདི་ལྟར་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་གཅིག་ཏུ་ཕྱིན་ཅི་ལོག་པ་མ་ཡིན་ཏེ། ཚུལ་ཁྲིམས་དང་བརྟུལ་ཞུགས་འདག་པའི་རྒྱུར་མི་
འགྱུར་བ་ནི་མ་ཡིན་གྱི། འབའ་ཞིག་གིས་མི་འགྱུར་བར་ཟད་དོ། །འདིའི་སྒྲོ་འདོགས་པའི་རྣམ་པ་ཉིད་ཇི་ལྟ་བུ་ཞེ་ན། དེ་ཙམ་གྱིས་འདག་པའི་རྒྱུའི་དངོས་པོར་སྒྲོ་འདོགས་པའི་ཕྱིར་རོ། །གལ་ཏེ་ངེས་པར་རྟོག་པར་མི་བྱེད་པ་ཕྱིན་ཅི་ལོག་མ་ཡིན་ན་འོ་ན་མདོ་ལས་གསུངས་པ་
གང་ཡིན་པ་དེ་ཇི་ལྟ་བུ་སྟེ། འདུ་ཤེས་ཀྱང་ངེས་པར་རྟོག་པར་བྱེད་པ་མ་ཡིན་ལ། སེམས་ཀྱང་ངེས་པར་རྟོག་པར་བྱེད་པ་ནི་མ་ཡིན་ནོ། །ཕྱིན་ཅི་ལོག་བཅུ་གཉིས་ཡིན་ནོ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་བཞི་པོ་རེ་རེ་ལ་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་དག་ཡོད་པས་སོ། །ཇི་ལྟ་ཞེ་ན།
མི་རྟག་པ་ལ་རྟག་གོ་སྙམ་དུ་ཞེས་བྱ་བ་ནས་རྒྱས་པར་དེ་བཞིན་དུ་བདག་མེད་ལ་བདག་གོ་སྙམ་པའི་བར་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་ལ་བདེའོ་སྙམ་དུ་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་གསུམ་དང་། མི་གཙང་བ་ལ་གཙང་ངོ་སྙམ་དུ་དེ་ཉིད་གསུམ་ནས་བདག་མེད་པ་ལ་
བདག་གོ་སྙམ་དུ་དེ་ཉིད་གསུམ་གྱི་བར་ཡིན་ནོ། །དེ་ལ་བརྒྱད་ནི་མཐོང་བས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་མི་རྟག་པ་ལ་རྟག་གོ་སྙམ་དུ་འདུ་ཤེས་དང་སེམས་དང་ལྟ་བ་ཕྱིན་ཅི་ལོག་གསུམ་དང་། བདག་མེད་པ་ལ་བདག་གོ་སྙམ་པ་ཡང་གསུམ་དང་། སྡུག་བསྔལ་ལ་བདེའོ་སྙམ་དུ་ལྟ་བ་
Vol. 143 · folio 100b
ཕྱིན་ཅི་ལོག་དང་། མི་གཙང་བ་ལ་གཙང་ངོ་སྙམ་དུ་ལྟ་བ་ཕྱིན་ཅི་ལོག་གོ། །བཞི་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ། །གང་དག་ཅེ་ན། གང་དག་སྡུག་བསྔལ་དང་མི་གཙང་བ་ལ་འདུ་ཤེས་དང་ཕྱིན་ཅི་ལོག་པ་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་ལ་བདེའོ་སྙམ་དུ་
འདུ་ཤེས་དང་སེམས་ཕྱིན་ཅི་ལོག་གཉིས་དང་། མི་གཙང་བ་ལ་གཙང་ངོ་སྙམ་དུ་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་ཀྱང་གཉིས་ཏེ་བཞིའོ། །འཕགས་པ་འདོད་ཆགས་དང་མ་བྲལ་བ་ལ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་ལའོ། །དེ་དག་ནི་ཕྱིན་ཅི་ལོག་དག་ཏུ་
ཡང་ཅིའི་ཕྱིར་མི་འདོད་ཅེས་བྱ་བ་ནི་སེམས་ཅན་གྱི་འདུ་ཤེས་ཀུན་དུ་འབྱུང་བའི་ཕྱིར་དང་། སེམས་ཅན་ནོ་སྙམ་པའི་སེམས་ཀུན་དུ་འབྱུང་བའི་ཕྱིར་དེ་དག་གི་འདུ་ཤེས་སུ་ཡང་ཅིའི་ཕྱིར་མི་འདོད། སེམས་ཅན་ལ་དམིགས་པའི་འདུ་ཤེས་དང་། སེམས་ཕྱིན་ཅི་ལོག་དག་ཀྱང་ཡོད་པར་ཅིའི་ཕྱིར་མི་
འདོད་དེ། བདག་ཏུ་ཕྱིན་ཅི་ལོག་པ་དག་ཀྱང་ཅི་སྟེ་ཡོད་པར་འདོད་པར་མི་བྱེད་སྙམ་དུ་བསམས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བུད་མེད་དང་བདག་ལ་སེམས་ཅན་དུ་འདུ་ཤེས་པ་མེད་པར་ནི་འདོད་པའི་འདོད་ཆགས་སྐྱེ་བར་རིགས་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དེ་ལྟ་བས་ན་བདག་མེད་པ་
ལ་བདག་གོ་སྙམ་དུ་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་འདི་དག་ཀྱང་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བར་གྱུར་ཏོ། །རྒྱས་པར་ཞེས་འབྱུང་བའི་ཕྱིར་འདི་ལྟར་སྦྱར་བར་བྱ་སྟེ། སྡུག་བསྔལ་ལ་བདེའོ་སྙམ་པ་དང་། མི་གཙང་བ་ལ་གཙང་ངོ་སྙམ་པ་ནས་བདག་མེད་པ་ལ་བདག་གོ་སྙམ་དུ་འདུ་ཤེས་
ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་དེ་སྤོང་བར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བས་ན་ལྟ་བས་ཀུན་ནས་བསླང་བ་ཁོ་ན་སྟེ། ལྟ་བ་དང་མཚུངས་པར་ལྡན་པའི་འདུ་ཤེས་དང་སེམས་ཁོ་ན་ཕྱིན་ཅི་ལོག་ཡིན་གྱི་གཞན་ནི་མ་ཡིན་ཏེ། ལྟ་བ་དང་མཚུངས་པར་མི་ལྡན་པ་
དག་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་དུ་འདུ་ཤེས་དང་སེམས་འཁྲུལ་པ་འདི་ཡང་ཡོད་མོད་ཀྱི། འདི་ལྟར་དེ་ནི་ལྟ་བས་ཀུན་ནས་བསླང་བ་མ་ཡིན་པས་ཕྱིན་ཅི་ལོག་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་དུས་སུ་འཁྲུལ་པ་ཙམ་ཡིན་པའི་ཕྱིར་ཞེས་བྱ་བ་
Vol. 143 · folio 101a
སྨོས་ཏེ། བུད་མེད་མཐོང་བའི་ཚེ་འཁྲུལ་པ་ཙམ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན་འཕགས་པ་རྣམས་ཀྱིས་ནི་དེའི་དུས་སུ་དེ་ལྟར་མཐོང་བའི་འཁྲུལ་པ་ཁོ་ནས་ལོག་པའི་ཤེས་པ་ཡིན་ཏེ། མགལ་མེའི་འཁོར་ལོ་དང་། རི་མོའི་གནོད་སྦྱིན་ལ་
འཁྲུལ་པ་བཞིན་ནོ། །དཔེར་ན་མགལ་མེའི་འཁོར་ལོ་མྱུར་དུ་བསྐོར་ན་དེའི་དུས་ཙམ་དུ་འཁོར་ལོའོ་སྙམ་དུ་འཁྲུལ་པ་སྐྱེའི་ཕྱིས་ནི་མ་ཡིན་པ་དང་། རི་མོར་བྲིས་པའི་གནོད་སྦྱིན་མཐོང་ནས་དེའི་དུས་སུ་གནོད་སྦྱིན་ནོ་སྙམ་དུ་འཁྲུལ་པ་སྐྱེའི་ཕྱིས་ནི་མ་ཡིན་པ་དེ་དང་འདྲའོ། །འཕགས་པ་
ནི་འདི་ལ་ངེས་པར་རྟོག་པ་ཡིན་པའི་ཕྱིར་བདེ་བ་འམ་གཙང་བར་འཁྲུལ་པའམ། སེམས་ཅན་དུ་འཁྲུལ་པའང་རུང་། ཡུད་ཙམ་པར་ཟད་ཀྱི། འདི་ཕྱིན་ཅི་ལོག་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ལ་དྲན་པ་ཉམས་པ་
ཅུང་ཟད་འབྱུང་མོད་ཀྱི། འོན་ཀྱང་མྱུར་བ་ཁོ་ནས་མི་སྣང་བ་དང་། ཡོངས་སུ་ཟད་པ་དང་། ཡོངས་སུ་གཏུགས་པར་འགྱུར་རོ་ཞེས་གསུངས་པས་སོ། །གལ་ཏེ་འདུ་ཤེས་དང་སེམས་འཁྲུལ་པ་དེ་ཕྱིན་ཅི་ལོག་མ་ཡིན་ན་ཕྱོགས་གསུམ་པ་འཛིན་པ་གཞན་ཁ་ཅིག་གིས། འོ་ན་གནས་
བརྟན་ཀུན་དགའ་བོས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འཕགས་པ་ངག་གི་དབང་ཕྱུག་གིས་གནས་བརྟན་ཀུན་དགའ་བོ་ལ། འདོད་པའི་ཆགས་པས་ཟིལ་ནོན་ཕྱིར། །བདག་གི་སེམས་ནི་གདུང་བར་འགྱུར། །གཽ་ཏམ་ཁྱོད་ཀྱི་ཐུགས་བརྩེའི་ཕྱིར། །ཞི་བ་མཆོག་ནི་བཤད་དུ་
གསོལ། །ཞེས་སྨྲས་པ་དང་། འཕགས་པ་ཀུན་དགའ་བོ་ཡི་ཕྱིར། །འདུ་ཤེས་ཕྱིན་ཅི་ལོག་པ་ཡིས། །ཁྱོད་ཀྱི་སེམས་ནི་ཡོངས་སུ་གདུངས། །དེ་ཕྱིར་འདོད་ཆགས་ལྡན་པ་ཡི། །རྒྱུ་མཚན་སྡུག་པ་སྤང་བར་གྱིས། །ཞེས་སྨྲས་ཏེ། དེ་ནི་རྒྱུན་དུ་ཞུགས་པ་ཡིན་ལ་ཚིགས་སུ་བཅད་
པ་འདིས་ནི་དེ་ལ་ཡང་ཕྱིན་ཅི་ལོག་ཡོད་པ་ཉིད་དུ་ཡོངས་སུ་བསྟན་པས་སོ། །དེ་ལྟ་བས་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཕྱིར་སྡེ་པ་གཞན་གྱི་གཞུང་ལུགས་ཀྱང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལུང་དང་འགལ་བར་བྱས་ལ། བྱེ་བྲག་ཏུ་སྨྲ་བའི་གཞུང་ལུགས་ཀྱང་སྡེ་པ་གཞན་
Vol. 143 · folio 101b
དག་གི་ལུང་དང་འགལ་བར་བྱས་པ། དེའི་ཕྱིར་སློབ་པས་འདུ་ཤེས་དང་སེམས་ཕྱིན་ཅི་ལོག་བརྒྱད་པོ་ཐམས་ཅད་མ་སྤངས་པ་ཁོ་ནའོ་ཞེས་ཟེར་རོ། །མདོ་དང་འགལ་བ་ཡང་སྤོང་བར་བྱེད་དོ། །མདོ་གང་ཞིག་ཅེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ཁུངས་སུ་ཁྱེར་ཏེ། འོང་བ་འདི་ལྟར་
འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ཞེས་བྱ་བ་རྒྱས་པར་དེ་སྤོང་བར་བྱེད་དོ་ཞེས་བྱ་བའི་བར་གང་ཡིན་པ་འདི་ལྟ་སྟེ། དེ་དག་ཀྱང་འཕགས་པའི་བདེན་པ་རྣམས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདུ་ཤེས་དང་སེམས་ཕྱིན་ཅི་ལོག་བརྒྱད་པོ་དེ་དག་ཀྱང་སྡུག་བསྔལ་ལ་སོགས་པ་འཕགས་
པའི་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པས་སྤོང་བར་འགྱུར་གྱི། ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་དེ་མེད་པར་ནི་མ་ཡིན་ནོ་ཞེས་ཐབས་ཡང་དག་པར་བསྟན་པའི་ཕྱིར་ཏེ། ཐབས་ལེགས་པར་བརྗོད་པའི་ཕྱིར་མདོ་སྡེ་དང་འགལ་བ་མེད་དོ་ཞེས་ཟེར་རོ། །འདི་ནི་སྡུག་
བསྔལ་འཕགས་པའི་བདེན་པའོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་ཡང་མཐོང་བའི་ལམ་ཁོ་ནའི་དབང་དུ་མཛད་པ་ནི་མ་ཡིན་ནོ། །
འོ་ན་ཅི་ཞེ་ན། བསྒོམ་པའི་ལམ་གྱི་དབང་དུ་མཛད་པ་ཡང་ཡིན་ཏེ། བསྒོམ་པའི་ལམ་ཟག་པ་མེད་པའི་འཕགས་པའི་བདེན་པ་ལ་དམིགས་པའི་ཁོ་ནས་སོ། །འཇུག་པའི་བྱེ་བྲག་ལས་ནི་ཞེས་བྱ་བ་ནི་རྣམ་པའི་བྱེ་བྲག་ལས་ཞེས་བྱ་བའི་ཐ་ཚིག་གོ། །ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་
པར་ཞེས་བྱ་བ་ལ། ཁྱད་པར་ནི་ཏིང་ངེ་འཛིན་དེ་ལ་བརྟེན་པའི་ཆོས་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དག་གོ། །དེ་ཐོབ་པར་བྱ་བ་ནི་མངོན་སུམ་དུ་བྱ་བའོ། །ཁྱད་པར་ཐོབ་པར་བྱ་བ་དེ་མ་ཐོབ་ཅིང་མངོན་དུ་མ་བྱས་པར་བདག་གིས་ཁྱད་པར་ཐོབ་པར་བྱ་བ་དེ་ཐོབ་པོ་སྙམ་
པ་ནི་མངོན་པའི་ང་རྒྱལ་ཡིན་ནོ། །ཡོན་ཏན་མ་ཡིན་པ་དང་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་པ་ཞེས་བྱ་བ་ནི་ཡོན་ཏན་དང་མི་ལྡན་པ་ལ་བདག་ཡོན་ཏན་དང་ལྡན་ནོ་སྙམ་པའི་ང་རྒྱལ་ལོག་པའི་ཡུལ་ཅན་ནི་ལོག་པའི་ང་རྒྱལ་ལོ། །ལོག་པའི་ང་རྒྱལ་དང་མངོན་པའི་ང་རྒྱལ་
Vol. 143 · folio 102a
དག་ལ་ཁྱད་པར་ཅི་ཡོད་ཅེ་ན། མངོན་པའི་ང་རྒྱལ་ནི་ཁྱད་པར་ཐོབ་པར་བྱ་བ་དང་འདྲ་བའི་ཡོན་ཏན་ཐོབ་པའི་བསམ་པ་ཡིན་པས་གཞི་དང་བཅས་པ་ཡིན་ནོ། །ལོག་པའི་ང་རྒྱལ་ནི་ཡོན་ཏན་མེད་པ་ལས་བདག་ནི་ཡོན་ཏན་དང་ལྡན་པ་ཡིན་ནོ་སྙམ་པ་ཡིན་
པས་གཞི་མེད་པ་ཡིན་ནོ། །ང་རྒྱལ་གྱི་རྣམ་པ་ཞེས་བྱ་བ་ནི་ང་རྒྱལ་གྱི་རྣམ་པ་སྟེ། བདག་དང་འདྲའོ་སྙམ་པ་དང་། བདག་དམན་ནོ་སྙམ་པ་ཞེས་བྱ་བ་ལ་ཡང་ང་རྒྱལ་གྱི་རྣམ་པ་ཞེས་བརྗོད་པར་བྱའོ། །ལྟ་བ་ལ་བརྟེན་པའི་ང་རྒྱལ་གསུམ་སྟེ་ཞེས་བྱ་བ་ནི། སོ་སོའི་སྐྱེ་བོའི་དབང་
དུ་བྱས་ནས་ལྟ་བ་ལ་བརྟེན་པ་ཞེས་བརྗོད་དེ། སྔར་ནི་ངའོ་སྙམ་དུ་བདག་ཏུ་ལྟ་བ་འབྱུང་ལ། ཕྱིས་ནི་མཇུག་ཐོགས་སུ་ང་རྒྱལ། །ལྷག་པའི་ང་རྒྱལ་དང་། ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་འདི་དག་འབྱུང་ངོ་། །འདི་དག་ཀྱང་གོ་རིམས་བཞིན་ཡིན་ཏེ། ཇི་ལྟ་ཞེ་ན། བདག་
མཆོག་ཡིན་ནོ་སྙམ་པའི་ང་རྒྱལ་གྱི་རྣམ་པ་ནི་ལྟ་བ་ལ་བརྟེན་པའི་ལྷག་པའི་ང་རྒྱལ་ཡིན་ནོ། །བདག་དང་འདྲའོ་སྙམ་པ་ང་རྒྱལ་གྱི་རྣམ་པ་ནི་ལྟ་བ་ལ་བརྟེན་པའི་ང་རྒྱལ་ཡིན་ནོ། །བདག་དམན་ནོ་སྙམ་པའི་ང་རྒྱལ་གྱི་རྣམ་པ་ནི་འཇིག་ཚོགས་ལ་ལྟ་བ་ལ་བརྟེན་པའི་ཅུང་ཟད་སྙམ་པའི་ང་རྒྱལ་ཡིན་
ནོ། །གཉིས་པའི་ནི་འདི་ལས་བཟློག་སྟེ། གོ་རིམས་བཞིན་དུ་སྦྱར་ཏེ། བདག་པས་མཆོག་ཡོད་དོ། །བདག་དང་མཉམ་པ་ཡོད་དོ། །བདག་པས་དམན་པ་ཡོད་དོ་ཞེས་བྱ་བ་ནི་ལྟ་བ་ལ་བརྟེན་པའི་ཅུང་ཟད་སྙམ་པའི་ང་རྒྱལ་དང་། ང་རྒྱལ་དང་། ལྷག་པའི་ང་རྒྱལ་རྣམས་སོ། །གསུམ་
པ་ནི་བདག་པས་མཆོག་མེད་དོ། །བདག་དང་མཉམ་པ་མེད་དོ། །བདག་པས་དམན་པ་མེད་དོ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་ལྟ་བ་ལ་བརྟེན་པའི་ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་རྣམས་ཡིན་ནོ། །རབ་ཏུ་བྱེད་པ་ལས་བསྟན་པ་ཡོངས་སུ་བཟུང་སྟེ་ཞེས་བྱ་བ་ནི་
རབ་ཏུ་བྱེད་པའི་རྐང་པ་ལས་བསྟན་པ་ཡིན་ནོ། །དེ་ཡང་གང་ཞིག་ཅེ་ན། སྔར་བཤད་པ་སྟེ་ཆུང་ངུ་བས་བདག་ཁྱད་པར་དུ་འཕགས་པ་འམ། མཉམ་པ་དང་མཉམ་མོ་སྙམ་པ་ལ་སོགས་པ་བསྟན་པ་ཡིན་ནོ། །བདག་མཆོག་ཡིན་ནོ་སྙམ་པའི་ང་རྒྱལ་གྱི་རྣམ་པ་ནི་དམན་པ་ལས་ལྟོས་ན་ང་
Vol. 143 · folio 102b
རྒྱལ་ཡང་ཡིན་ཏེ། ང་རྒྱལ་གྱི་མཚན་ཉིད་ནི་ཆུང་ངུ་བས་བདག་ཁྱད་པར་དུ་འཕགས་པའམ་མཉམ་པ་དང་ཞེས་བསྟན་པའི་ཕྱིར་རོ། །འདི་མཉམ་པ་ལ་ལྟོས་ན་ནི་ལྷག་པའི་ང་རྒྱལ་ཡང་ཡིན་ཏེ། ལྷག་པའི་ང་རྒྱལ་གྱི་མཚན་ཉིད་ནི་མཉམ་པ་བས་བདག་ཁྱད་པར་དུ་འཕགས་སོ་སྙམ་པ་ཞེས་
བསྟན་པའི་ཕྱིར་རོ། །འདི་ཁྱད་པར་དུ་འཕགས་པ་ལ་ལྟོས་ན་ནི་ང་རྒྱལ་ལས་ཀྱང་ང་རྒྱལ་ཡང་ཡིན་ཏེ། ང་རྒྱལ་ལས་ཀྱང་ང་རྒྱལ་གྱི་མཚན་ཉིད་ནི་ཁྱད་པར་དུ་འཕགས་པ་བས་ཀྱང་བདག་ཁྱད་པར་དུ་འཕགས་སོ་སྙམ་པ་ཞེས་བསྟན་པའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་སྨོས་པ་ནི་ངའོ་
སྙམ་པའི་ང་རྒྱལ་ཡང་བསྒོམ་པས་སྤང་བར་བྱ་བ་ཡིན་གྱི། ལྷག་མ་དག་མ་ཡིན་པ་འབའ་ཞིག་ཏུ་ནི་མ་ཟད་དོ་ཞེས་བྱ་བ་དང་། ལྷག་མ་དག་ཀྱང་མཐོང་བས་སྤང་བར་བྱ་བ་མ་ཡིན་གྱི། ངའོ་སྙམ་པའི་ང་རྒྱལ་ཡིན་པ་འབའ་ཞིག་ཏུ་ནི་མ་ཟད་དོ་ཞེས་རབ་ཏུ་བསྟན་པའི་ཕྱིར་རོ། །གསོད་སོགས་
ཀུན་ནས་དཀྲིས་པའོ། །ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་ལ་སོགས་པ་བསྡུའོ། །དེ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ཏེ། བསྒོམ་པས་སྤང་བར་བྱ་བའི་ཆོས་ལ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་
འདིའི་དམིགས་པ་ནི་བསྒོམ་པས་སྤང་བར་བྱ་བའི་ཆོས་རྣམས་ཁོ་ན་ཡིན་པས་སོ། །འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ནི་བསྒོམ་པས་སྤང་བར་བྱ་བའི་ཆོས་ལ་དམིགས་པར་ནི་བྱེད་མོད་ཀྱི། བསྒོམ་པས་སྤང་བར་བྱ་བ་འབའ་ཞིག་ལ་ནི་མ་ཡིན་པས་དེའི་ཕྱིར་དེ་དག་ནི་བསྒོམ་པས་
སྤང་བར་བྱ་བ་མ་ཡིན་ནོ། །དེ་ལ་དོན་དུ་གཉེར་བ་ཞེས་བྱ་བ་ནི་ཁམས་གསུམ་པའི་མི་རྟག་པ་ཉིད་ལ་དོན་དུ་གཉེར་བའོ། །ཅི་དེ་ལ་ཡང་དོན་དུ་གཉེར་བ་ཡོད་དམ་ཞེ་ན། སྨྲས་པ་ཡོད་དེ། མདོ་ལས་ཇི་སྐད་དུ། བདག་ཇི་སྲིད་གསོན་ཞིང་འདུག་ལ་སྡོད་ཅིང་འཚོ་བ་དེ་སྲིད་དུ་ནད་དང་བཅས་
པ། འབྲས་དང་བཅས་པ། ཟུག་རྔུ་དང་བཅས་པ། རིམས་ནད་དང་བཅས་པ། ཡོངས་སུ་གདུང་བ་དང་བཅས་པ་སྟེ། འདི་ལྟར་བདག་འདི་ཆད་པར་གྱུར་ཅིང་ཞིག་པར་གྱུར་ལ་འབྱུང་བར་མི་འགྱུར་ན་དེ་ཙམ་གྱིས་བདག་ཉིད་འདི་ཡང་དག་པར་ཀུན་ནས་འཆད་པ་ཡིན་ནོ་སྙམ་དུ་སེམས་
Vol. 143 · folio 103a
སོ་ཞེས་འབྱུང་བ་ལྟ་བུའོ། །སྐྱེ་བའི་སྲེད་པའི་ཕྱོགས་གཟུང་ངོ་ཞེས་བྱ་བ་ནི་བདག་ནི་གླང་པོ་ཆེའི་རྒྱལ་པོ་ས་སྲུང་གི་བུར་གྱུར་ཀྱང་ཅི་མ་རུང་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྐྱེ་བའི་སྲེད་པ་ཀུན་དུ་མི་འབྱུང་བའོ། །ཕྱོགས་སྨོས་པས་ནི་དབང་པོར་གྱུར་ཅིག་སྙམ་པ་དེ་ལྟ་
བུ་ལ་སོགས་པ་དེ་ལྟ་བུ་ནི་ཀུན་དུ་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ལུས་ངན་པོར་གྱུར་ཅིག །བུད་མེད་དུ་གྱུར་ཅིག་སྙམ་པ་དེ་ལྟ་བུ་ལ་སོགས་པ་བསྡུའོ། །བསྒོམ་པས་སྤང་བར་བྱ་བ་ནི་ང་རྒྱལ་གྱི་རྣམ་པ་རྣམས་ཀྱང་ཡོད་དོ་ཞེས་བཤད་ལ་ཞེས་བྱ་
བ་ནི། མཐོང་དང་བསྒོམ་པས་ཟད་བྱ་བ། །ཞེས་འབྱུང་བའི་ཕྱིར་རོ། །འཕགས་པ་ལ། རྣམ་སོགས་ངའོ་སྙམ་མི་འབྱུང་། །ཞེས་བྱ་བ་ནི་གང་དུ། མཐོང་དང་བསྒོམ་པས་ཟད་བྱ་བ། །བསྒོམ་པས་སྤང་བར་བྱ་བ་ནི། །གསོད་སོགས་ཀུན་ནས་དཀྲིས་པའོ། །དེ་བཞིན་འཇིག་
སྲེད་ཅེས་བྱ་བའི་གཞུང་འདིས་བསྒོམ་པས་སྤང་བར་བྱ་བའི་ཚད་ཡོངས་སུ་བཅད་པ་ཡིན་ནོ། ད་ནི་འཕགས་པ་ལ་རྣམ་པ་ལ་སོགས་པ་དེ་དག་ཀུན་དུ་མི་འབྱུང་བར་བསྟན་པའི་ཕྱིར། འཕགས་པ་ལ། རྣམ་སོགས་ངའོ་སྙམ་མི་འབྱུང་། །ཞེས་བྱ་བ་སྨོས་སོ། །སོགས་པ་སྨོས་
པས་ནི་འཇིག་པའི་སྲེད་པའི་བར་བཟུང་ངོ་ཞེས་བྱ་བ་ནི་གསོད་པ་ལ་སོགས་པའི་ཀུན་ནས་དཀྲིས་པ་དང་། འཇིག་པའི་སྲེད་པ་དང་། སྐྱེ་བའི་སྲེད་པའི་ཕྱོགས་བསྡུའོ་ཞེས་བྱ་བའི་ཐ་ཚིག་གོ། །མི་འབྱུང་བ་ནི་ཀུན་དུ་མི་འབྱུང་བའོ། །ལྟ་བས་རྒྱས་པར་འགྱུར་ཕྱིར་རོ་ཞེས་བྱ་བ་
ནི་དེ་དག་ནི་དེ་སྔོན་དུ་འགྲོ་བ་ཉིད་ཀྱིས་རྒྱས་པར་བྱས་པའི་ཕྱིར་རོ། །རྐེད་པ་བཅག་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་རྒྱས་པར་བྱེད་པ་མེད་པས་རྐེད་པ་བཅག་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །གསོད་པ་ལ་སོགས་པ་ཀུན་ནས་དཀྲིས་པ་ནི་ལོག་པར་ལྟ་བས་རྒྱས་པར་འགྱུར་ཏེ།
དེ་ལ་གོམས་པས་ལས་དང་འབྲས་བུ་ལ་སྐུར་པ་འདེབས་པར་བྱེད་པའི་ཕྱིར་རོ། །འགྱོད་པ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ཏེ། བསྒོམ་པས་སྤང་བར་བྱ་བའི་ཆོས་ལ་དམིགས་པ་ཡིན་པའི་ཕྱིར་རོ། །ཀུན་དུ་འགྲོ་བ་དག་ཅེས་བྱ་བ་ནི་ཐམས་ཅད་དུ་འགྲོ་བས་ཀུན་དུ་འགྲོ་བ་སྟེ། རིགས་
Vol. 143 · folio 103b
ལྔ་ཆར་ལ་ཡང་དམིགས་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ་འདི་དག་གི་མཐུས་རིས་གཞན་པའི་ཉོན་མོངས་པ་དག་ཀྱང་སྐྱེའོ་ཞེས་འཆད་པར་འགྱུར་བས་རིས་ལྔ་ཆར་གྱི་རྒྱུའི་དངོས་པོར་གནས་པ་ཡིན་ནོ་ཞེས་ཟེར་རོ། །ཕྲ་རྒྱས་བཅུ་གཅིག་པོ་ཞེས་བྱ་བ་རྒྱས་པར་
འབྱུང་བ་ལ། ལྟ་བ་བདུན་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྔ་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ལྟ་བ་གཉིས་པོ་ལོག་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་བདུན་ནོ། །ཐེ་ཚོམ་གཉིས་ནི་སྡུག་བསྔལ་དང་། ཀུན་འབྱུང་མཐོང་བས་
སྤང་བར་བྱ་བ་དག་གོ། །མ་རིག་པ་གཉིས་ནི་སྡུག་བསྔལ་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་དག་ཁོ་ན་སྟེ། ཕྱོགས་གཅིག་གི་སྒོ་ནས་ཡིན་གྱི། མཐའ་དག་གི་སྒོ་ནས་ནི་མ་ཡིན་ནོ། །མ་རིག་པ་གང་དག་ཀུན་དུ་འགྲོ་བ་དེ་དག་དང་མཚུངས་པར་ལྡན་པ་དང་། མ་འདྲེས་པ་དེ་དག་
ཁོ་ན་ཀུན་དུ་འགྲོ་བ་ཡིན་གྱི། འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པ་ནི་མ་ཡིན་ནོ། །དེ་ལྟར་ན་ཕྲ་རྒྱས་བཅུ་གཅིག་ནི་ཀུན་དུ་འགྲོ་བ་ཡིན་ཏེ། ཕྲ་རྒྱས་དགུ་ནི་མཐའ་དག་གི་སྒོ་ནས་ཡིན་ལ། གཉིས་ནི་ཕྱོགས་གཅིག་གི་སྒོ་ནས་ཡིན་པས་སོ། །མ་འདྲེས་པ་ཞེས་བྱ་བའི་དོན་ཅི་
ཞེ་ན། འདི་སྐད་དུ་འཆད་དེ། འགྲོགས་པ་ནི་འདྲེས་པ་ཞེས་བྱའོ། །འདྲེས་པ་མེད་པས་ན་མ་འདྲེས་ཏེ། ལོགས་ཤིག་ཏུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་དུ་བཅོམ་ལྡན་འདས་མ་འདྲེས་ལ། དགེ་སློང་གི་དགེ་འདུན་མ་འདྲེས་ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱང་ལོགས་
ཤིག་ལ། དགེ་སློང་གི་དགེ་འདུན་ཡང་ལོགས་ཤིག་གོ་སྙམ་དུ་དགོངས་པ་ཡིན་ནོ། །འདྲེས་པ་མེད་པར་སྤྱོད་པས་ན་མ་འདྲེས་པ་སྟེ། ཕྲ་རྒྱས་གཞན་དང་ལྷན་ཅིག་མི་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །རང་གི་ཁམས་མཐའ་དག་ལ་དམིགས་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་འདི་དག་རང་གི་
ཁམས་མཐའ་དག་ལ་དམིགས་པར་བྱེད་པ་དེའི་ཕྱིར་ཀུན་དུ་འགྲོ་བ་ཞེས་བྱའོ། །སུ་ཞིག་འདོད་པའི་ཁམས་མཐའ་དག་གིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སུ་ཞིག་འདོད་པའི་ཁམས་མཐའ་དག་གིས་འདག་པར་ཡིད་ཆེས་པར་འགྱུར་བ་འམ། འདོད་པའི་ཁམས་མཐའ་དག་རྒྱུ་མ་ཡིན་པ་ལ་
Vol. 143 · folio 104a
རྒྱུར་ཡིད་ཆེས་པར་འགྱུར་ཞེས་བྱ་བར་སྐབས་དང་སྦྱར་ཏེ། དེ་ལྟ་བས་ན་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི་ཀུན་དུ་འགྲོ་བ་མ་ཡིན་ནོ་སྙམ་བསམ་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལན་ནི་རང་གི་ཁམས་བྱེ་བྲག་དུ་མས་ཐ་དད་པས་མ་ལུས་
པ་མཐའ་དག་ཅིག་ཅར་དུ་དམིགས་སོ་ཞེས་ནི་མི་ཟེར་རོ། །འོན་ཀྱང་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་བསྒོམ་པས་སྤང་བར་བྱ་བ་ཞེས་བྱ་བའི་བར་རྣམ་པ་ལྔ་པོ་ཐམས་ཅད་ཀྱང་ཅིག་ཅར་དུ་དམིགས་ཏེ། ཀུན་དུ་འགྲོ་བ་ཉིད་ཡིན་ལ། ཀུན་ཞེས་བྱ་བའི་སྒྲ་ནི་རྣམ་པ་ཡིན་པར་ལྟའོ་
ཞེས་བྱ་བ་འདི་ཡིན་ནོ། །གང་ལ་བདག་ཏུ་ལྟ་བ་ཡོད་པ་ཞེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་དག་ལའོ། །དེ་ལ་བདག་ལ་སྲེད་པ་ཡོད་དེ། དེ་དག་ནི་བདག་ཏུ་མངོན་པར་ཞེན་པའི་གཞི་ཡིན་པའི་ཕྱིར་རོ། །གང་ལ་མཆོག་དང་དག་པར་ལྟ་བ་ཡོད་པ་སྟེ། ཉེ་བར་ལེན་པའི་
ཕུང་པོ་ལྔའི་མཚན་ཉིད་ཀྱི་དངོས་པོ་གང་ལའོ། །མཆོག་ཏུ་ལྟ་བ་ནི་ལྟ་བ་མཆོག་ཏུ་འཛིན་པའོ། །དག་པར་ལྟ་བ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །དེ་ལ་དོན་དུ་གཉེར་བ་ནི་སྲེད་པའི་མཚན་ཉིད་དོ། །ཁ་ཅིག་དེ་ལ་དེའི་དོན་དུ་གཉེར་བ་ཡོད་ཅེས་བྱ་བ་འདོན་
ཏེ། དངོས་པོ་དེ་ལ་གང་ཟག་དེའི་དོན་དུ་གཉེར་བ་ཡོད་པ་ནི་དེ་ལ་དེའི་དོན་དུ་གཉེར་བ་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །དེས་ཀྱང་ང་རྒྱལ་དུ་འགྱུར་ཞེས་བྱ་བ་ནི་དེའི་སྒོ་ནས་ཁེངས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་སྲེད་པ་དང་། ང་རྒྱལ་དག་ཀུན་དུ་འགྲོ་བ་
ཉིད་ཡིན་ནའོ། །སྲེད་པ་དང་ང་རྒྱལ་གྱི་མཚན་ཉིད་འདི་གཉི་ག་མཐོང་བས་སྤང་བར་བྱ་བ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་དང་། བསྒོམ་པས་སྤང་བར་བྱ་བ་ལ་དམིགས་པའི་ཕྱིར་ཅི་ཞིག་གིས་སྤང་བར་བྱ་བ་ཡིན། གང་གིས་སྤང་བར་བྱ་བ་ནི་ཅི་ཞིག་གིས་སྤང་བར་བྱ་སྟེ། ཅི་མཐོང་
བས་སྤང་བར་བྱ་བ་ཡིན་ནམ། འོན་ཏེ་བསྒོམ་པས་སྤང་བར་བྱ་བ་ཡིན་ཞེས་བྱ་བའོ། །གང་དག་གང་ཞིག་མཐོང་བས་སྤང་བར་བྱ་བའི་དམིགས་པ་ཅན་དེ་དག་ནི་དེ་མཐོང་བས་སྤང་བར་བྱ་བ་ཡིན་ལ་ཞེས་བྱ་བ་ངེས་པ་འདི་ཡིན་ལ་བཞག་ནས་འདྲི་བར་བྱེད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་
Vol. 143 · folio 104b
འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཁོ་ན་བཞིན་དུ་འདི་གཉི་ག་མཐོང་བས་སྤང་བར་བྱ་བ་ཉིད་དུ་འགྱུར་བས་འདིར་དྲི་ཅི་དགོས་ཏེ། འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་དམིགས་པ་ཅན་མ་ཡིན་པ་ཡང་མ་ཡིན་ལ། དེ་དག་མཐོང་
བས་སྤང་བར་བྱ་བ་མ་ཡིན་པ་ཡང་མ་ཡིན་ནོ། །འདི་ལ་སློབ་དཔོན་གྱིས་ལན་དུ། འདྲེས་པ་ལ་དམིགས་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་སྲེད་པ་དང་ང་རྒྱལ་དག་མཐོང་བས་སྤང་བར་བྱ་བ་ལ་དམིགས་པ་ཅན་ཁོ་ན་ཞིག་ཡིན་པར་
གྱུར་ན་ནི་དེ་དག་མཐོང་བས་སྤང་བར་བྱ་བ་ཡིན་པར་འགྱུར་ན་དེ་ལྟ་ནི་མ་ཡིན་ནོ། །དེ་བས་ན་འདྲེན་མ་ལ་དམིགས་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ཏེ། ལྷག་མ་བསྒོམ་པས་སྤང་བྱ་ཡིན། །ཞེས་བྱ་བར་མཚན་ཉིད་ངེས་པའི་ཕྱིར་རོ། །ཡང་ཞེས་བྱ་བ་ནི་ཡང་སློབ་དཔོན་
འདི་ཉིད་ཀྱིས་བཟློག་སྟེ་བཤད་པ་ཡིན་ནོ། །མཐོང་བས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་ཅི་ཞེ་ན། དེ་གཉི་ག་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ལྟ་བའི་སྟོབས་བསྐྱེད་པས་བཅུག་པ་ཅན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ལྟ་བའི་སྟོབས་བསྐྱེད་པ་ནི་མཐུའོ། །དེ་
ལ་ལྟ་བའི་སྟོབས་བསྐྱེད་པས་བཅུག་པའི་ངང་ཚུལ་ཅན་ཡོད་པས་ན་དེ་གཉིས་ནི་ལྟ་བའི་སྟོབས་བསྐྱེད་པས་བཅུག་པ་ཅན་ནོ། །དེའི་ངོ་བོ་ཉིད་དེ། དེའི་ཕྱིར་དེ་གཉིས་ནི་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ད་ནི་བྱེ་བྲག་ཏུ་སྨྲ་བ་ཉོན་མོངས་པ་འདི་གཉིས་རང་གི་མཚན་ཉིད་པ་ཡིན་
གྱི། སྤྱི་པ་ཡིན་པ་ནི་མ་ཡིན་ཏེ་ཞེས་རང་གི་ཕྱོགས་འཇོག་པར་བྱེད་དོ། །གང་ལ་བདག་ཏུ་ལྟ་བ་ཡོད་པ་དེ་ལ་སྲེད་པ་དང་ང་རྒྱལ་དག་ཡོད་མོད་ཀྱི། རང་གི་མཚན་ཉིད་པའི་ཉོན་མོངས་པ་ཡིན་པའི་ཕྱིར་ཐམས་ཅད་ལ་ཅིག་ཅར་ཡོད་པ་ནི་མ་ཡིན་ཏེ། དེ་དག་ནི་ཕྱོགས་གཅིག་པ་
ལ་དམིགས་པ་ཅན་ཡིན་ནོ། །དེ་ལྟ་བས་ན་ཀུན་དུ་འགྲོ་བ་དག་མ་ཡིན་ནོ། །དེས་ན་གང་དག་མཐོང་བས་སྤང་བར་བྱ་བ་ལ་དམིགས་པ་དེ་དག་ནི་མཐོང་བས་སྤང་བར་བྱ་བ་ཡིན་ལ། ལྷག་མ་དག་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །རེས་འགའ་ནི་སྐལ་བ་མི་
Vol. 143 · folio 105a
མཉམ་པའི་ཁམས་གཅིག་ལ་དམིགས་སོ། །རེས་འགའ་ནི་གཉི་ག་ལ་དམིགས་ཞེས་བྱའི། རེས་འགའ་ནི་ཁམས་གསུམ་ལ་དམིགས་སོ་ཞེས་དེ་སྐད་དུ་ནི་མ་བཤད་དེ། འདོད་པའི་ཁམས་ན་གནས་པ་རེས་འགའ་ནི་སྐལ་བ་མི་མཉམ་པ་
གཟུགས་ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་གཅིག་ན་དམིགས་སོ། །རེས་འགའ་ནི་གཟུགས་དང་གཟུགས་མེད་པའི་ཁམས་གཉིས་ལ་དམིགས་སོ། །བདག་དང་བདག་གིར་མི་འཛིན་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ཚངས་པ་དེ་ལ་བདག་ཉིད་དམ་བདག་གི་ཉིད་དུ་མི་
འཛིན་པ་དེའི་ཕྱིར། ཚངས་པ་ལ་སེམས་ཅན་དུ་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་མ་ཡིན་ནོ། །གང་གི་ཕྱིར་མཐར་འཛིན་པར་ལྟ་བ་ཡང་དེས་ཀུན་ནས་བསླང་བ་དེའི་ཕྱིར་ཚངས་པ་དེ་ལ་རྟག་པར་ལྟ་བ་ཡང་མཐར་འཛིན་པར་ལྟ་བ་མ་ཡིན་ནོ། །འོ་ན་འདིའི་ལྟ་བ་གང་ཞིག་ཡིན་ཞེས་བྱ་བ་ནི་
ཚངས་པ་ལ་སེམས་ཅན་དུ་ལྟ་བ་དང་། བདག་ཏུ་ལྟ་བའོ། །འདི་ནི་ལྟ་བ་མ་ཡིན་གྱི་འདི་ནི་ལོག་པའི་ཤེས་པ་ཡིན་ནོ་ཞེས་བྱ་བ་ནི་འདི་ནི་ལོག་པར་དམིགས་པའི་ཕྱིར་ལོག་པའི་ཤེས་པ་ཡིན་ནོ། །ལོག་པར་དམིགས་པའི་ཤེས་རབ་ཐམས་ཅད་ལྟ་བ་ཡིན་པར་ནི་མི་འདོད་དེ། རང་གི་ལུས་
ཁོ་ན་ལ་བདག་གོ་སྙམ་དུ་ཕྱིན་ཅི་ལོག་གི་ཤེས་རབ་ནི་འཇིག་ཚོགས་ལ་ལྟ་བ་ཡིན་ལ། དེས་ཀུན་ནས་བསླང་བའི་རྟག་པར་ལྟ་བ་ནི་མཐར་འཛིན་པར་ལྟ་བ་ཡིན་པར་འདོད་ཀྱི། གཞན་དག་ནི་མ་ཡིན་ནོ། །གང་ཞིག་ངའོ་སྙམ་དུ་ངར་འཛིན་པའི་རྟེན་དུ་གྱུར་པའི་དེ་ཁོ་ན་འཇིག་ཚོགས་ལ་ལྟ་བ་ཡིན་ན།
ཚངས་པ་ཆེན་པོ་ལ་སེམས་ཅན་དུ་ལྟ་བ་ནི་ངའོ་སྙམ་དུ་ངར་འཛིན་པའི་རྟེན་དུ་ཡང་མི་འགྱུར་ཏེ། དེའི་ཕྱིར། བདག་དང་བདག་གིར་མི་འཛིན་པའི་ཕྱིར་ཞེས་བཤད་དོ། །དེ་དག་དང་ནི་ལྷན་ཅིག་གང་། །འབྱུང་དེའང་ཀུན་འགྲོ་ཐོབ་མ་གཏོགས། །ཞེས་བྱ་བ་ནི་ཚོར་བ་ལ་སོགས་པའོ། །ཐོབ་
པ་རྣམས་ནི་འབྲས་བུ་མི་གཅིག་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་ཐོབ་པ་རྣམས་དང་། ཐོབ་པ་དེ་དང་ལྡན་པ་ནི་འབྲས་བུ་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པ་གཅིག་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེའི་ཕྱིར་ཀུན་དུ་འགྲོ་བའི་ཆོས་ཀྱི་ཐོབ་པ་དག་ནི་ཀུན་དུ་འགྲོ་བ་མ་ཡིན་པར་རྣམ་པར་གཞག་གོ། །
Vol. 143 · folio 105b
དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་ལྷན་ཅིག་འབྱུང་བ་དག་ཀྱང་ཀུན་དུ་འགྲོ་བ་ཡིན་པར་རྣམ་པར་གཞག་པ་དེའི་ཕྱིར་མུ་བཞིར་བྱའོ། །མུ་དང་པོ་ནི་མ་འོངས་པའི་ཕྲ་རྒྱས་ཀུན་དུ་འགྲོ་བ་རྣམས་སོ་ཞེས་བྱ་བ་ནི་འདི་དག་ནི་ཀུན་དུ་འགྲོ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཀུན་དུ་འགྲོ་བའི་རྒྱུས་ཀུན་དུ་
འགྲོ་བ་ནི་མ་ཡིན་ཏེ། མ་འོངས་པའི་གནས་སྐབས་སུ་ཀུན་དུ་འགྲོ་བའི་རྒྱུ་རྣམ་པར་མི་གཞག་པའི་ཕྱིར་རོ། །གཉིས་པ་ནི་འདས་པ་དང་ད་ལྟར་བྱུང་བའི་ལྷན་ཅིག་འབྱུང་བ་རྣམས་སོ་ཞེས་བྱ་བ་ནི་ཀུན་དུ་འགྲོ་བ་དང་ལྷན་ཅིག་འབྱུང་བ་དག་འདས་པ་དང་ད་ལྟར་བྱུང་བ་ཡིན་པའི་ཕྱིར་ཀུན་དུ་འགྲོ་
བའི་རྒྱུ་ཡིན་ནོ། །ཀུན་དུ་འགྲོ་བའི་ཕྲ་རྒྱས་ནི་མ་ཡིན་ཏེ། ཕྲ་རྒྱས་ཀྱི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །གསུམ་པ་དང་། བཞི་པ་དག་ནི་སྦྱར་བར་བྱ་སྟེ། གསུམ་པ་ནི་འདས་པ་དང་ད་ལྟར་བྱུང་བའི་ཕྲ་རྒྱས་ཀུན་དུ་འགྲོ་བ་རྣམས་སོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པ་སྟེ། དེ་དག་དང་
ལྷན་ཅིག་འབྱུང་བ་མ་འོངས་པ་རྣམས་དང་ཐོབ་པ་ལ་སོགས་པའོ། །དྲུག་ནི་ཟག་མེད་སྤྱོད་ཡུལ་ཅན། །ཞེས་བྱ་བ་ནི་དྲུག་ཁོ་ན་ཞེས་ངེས་པར་གཟུང་བ་ཡིན་ཏེ། འདི་ལྟར། འདོད་ཆགས་མིན་ཏེ་སྤང་བྱའི་ཕྱིར། །གནོད་མི་བྱེད་ཕྱིར་ཞེ་སྡང་མིན། །ཞེས་བྱ་བ་ལ་སོགས་པ་འབྱུང་བའི་
ཕྱིར་འདོད་ཆགས་ལ་སོགས་པ་ནི་ཟག་པ་མེད་པ་ལ་དམིགས་པ་མི་རུང་བས་སོ། །དེ་དག་དང་མཚུངས་པར་ལྡན་པའི་མ་རིག་པ་ཞེས་བྱ་བ་ནི་ལོག་པར་ལྟ་བ་དང་། ཐེ་ཚོམ་དག་དང་མཚུངས་པར་ལྡན་པ་གང་ཡིན་པ་དང་། མ་འདྲེས་པའི་མ་རིག་པ་གང་ཡིན་པ་དེ་ནི་མ་རིག་པའི་ཕྲ་རྒྱས་
ཏེ་གཅིག་གོ། །འགོག་པ་མཐོང་བས་སྤང་བར་བྱ་བ་ཟག་པ་མེད་པ་ལ་དམིགས་པ་གསུམ་དང་། དེ་བཞིན་དུ་ལམ་མཐོང་བས་སྤང་བར་བྱ་བ་ཡང་གསུམ་པོ་དེ་དག་ཉིད་དེ་དྲུག་པ་དང་ས་ན་ཡོད་དོ། །དེའི་སྤྱོད་ཡུལ་ཅན་གྱི་ཡུལ་ཡིན་ནོ་ཞེས་བྱ་བ་ནི་འདི་རྣམས་ལ་སྤྱོད་ཡུལ་འགོག་པ་དང་ལམ་
དེ་དག་ཡོད་པས་དེའི་སྤྱོད་ཡུལ་ཅན་དག་སྟེ། དེ་རྣམས་ལ་གོ་རིམས་བཞིན་དུ་གསུམ་གྱི་སྤྱོད་ཡུལ་ཏེ། དམིགས་པ་ནི་རང་གི་ས་པའི་འགོག་པ་སྟེ། བདག་ཉིད་ཀྱི་སའི་འགོག་པ་ཡིན་ནོ། །ལམ་ལ་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ས་དྲུག་པ་དང་། རྗེས་སུ་ཤེས་
Vol. 143 · folio 106a
པའི་ཕྱོགས་དང་མཐུན་པ་ས་དགུ་པ་ནི་ལམ་སྤྱོད་ཡུལ་ཅན་གྱི་ཕྲ་རྒྱས་གཞན་གསུམ་གྱི་དམིགས་པ་ཡིན་ནོ། །ཇི་ལྟ་ཞེ་ན། འགོག་པ་ལ་དམིགས་པའི་ཕྲ་རྒྱས་དེ་དག་ནི་འདོད་པ་ན་སྤྱོད་པ་ནས་སྲིད་པའི་རྩེ་མོའི་བར་ས་དགུ་པ་ཡིན་ལ། དེ་རྣམས་ལ་འདོད་པ་ན་
སྤྱོད་པ་རྣམས་ཀྱི་དམིགས་པ་ནི། འདོད་པ་ན་སྤྱོད་པའི་ཆོས་ཀྱི་འགོག་པ་ཁོ་ན་ཡིན་ཞིང་། བསམ་གཏན་དང་པོའི་ས་པ་རྣམས་ཀྱི་དམིགས་པ་ཡང་བསམ་གཏན་དང་པོའི་ས་པའི་ཆོས་ཀྱི་འགོག་པ་ཁོ་ན་ཡིན་པ་དེ་བཞིན་དུ་སྲིད་པའི་རྩེ་མོ་པ་རྣམས་ཀྱི་དམིགས་པ་ཡང་སྲིད་པའི་རྩེ་
མོ་པའི་ཆོས་ཀྱི་འགོག་པ་ཁོ་ནའི་བར་དུ་ཡིན་ནོ། །ལམ་ནི་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་གྱི་ས་པ་དང་། བསམ་གཏན་དང་པོ་ནས་བསམ་གཏན་བཞི་པའི་ས་པའི་བར་དུ་ས་དྲུག་པ་དེ་ཐམས་ཅད་ནི་འདོད་པ་ན་སྤྱོད་པའི་ཕྲ་རྒྱས་
གསུམ་པོ་དེ་དག་གི་དམིགས་པ་ཁོ་ན་ཡིན་ནོ། །རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པ་མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་བཞི་དང་། ནམ་མཁའ་དང་། རྣམ་ཤེས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པ་སྟེ། ས་དགུ་པོ་དེ་
ཐམས་ཅད་ནི་བསམ་གཏན་དང་པོའི་ས་པའི་ཕྲ་རྒྱས་རྣམས་ཀྱི་དམིགས་པ་ཁོ་ན་ཡིན་པ་ནས་དེ་བཞིན་དུ་སྲིད་པའི་རྩེ་མོའི་ས་པ་རྣམས་ཀྱི་དམིགས་པའི་བར་ཡིན་ནོ། །ཡང་ཅིའི་ཕྱིར་དེ་དག་གི་སྤྱོད་ཡུལ་ཅན་རྣམས་ཀྱི་དམིགས་པ་འགོག་པ་ནི་རང་གི་ས་པ་ཁོ་ན་ཡིན་ལ། ལམ་
ནི་ས་དྲུག་པ་འམ་ས་དགུ་པ་ཡང་དེ་རྣམས་ཀྱི་དམིགས་པ་ཡིན་ཞེ་ན། འདི་ལ་གཏན་ཚིགས་བསྟན་པའི་ཕྱིར། །ལམ་ནི་ཕན་ཚུན་རྒྱུ་ཡིན་པས། །ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཕན་ཚུན་གྱི་རྒྱུ་ཡིན་ཞེ་ན། ཆོས་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ས་དྲུག་པ་ནི་ཆོས་ཤེས་པའི་
ཕྱོགས་དང་མཐུན་པ་གཞན་དང་། འོག་མ་པ་འམ། གོང་མ་པ་འམ། མཉམ་པ་འམ། ཁྱད་པར་ཅན་གྱི་ལམ་རྗེས་སུ་ཤེས་པའི་ཕྱོགས་ཀྱི་ཡང་རྒྱུར་འགྱུར་ལ་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ས་དགུ་པ་དེ་ཡང་དེའི་རྒྱུ་ཁོ་ན་ཡིན་པར་སྦྱར་བར་བྱ་སྟེ། འདི་རྒྱས་པར་ནི་
Vol. 143 · folio 106b
ས་དགུའི་ལམ་ནི་ཕན་ཚུན་དུ། མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཞེས་བྱ་བ་དེར་བཤད་ཟིན་ཏོ། །དེ་ལྟར་ན་ལམ་ལ་དམིགས་པ་འདོད་པ་ན་སྤྱོད་པ་རྣམས་ཀྱི་དམིགས་པ་ནི་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་མི་ལྕོགས་པ་མེད་པའི་ས་པ་ནས་བསམ་གཏན་བཞི་པའི་ས་
པའི་བར་ཡིན་ལ། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་མི་ལྕོགས་པ་མེད་པའི་ས་པ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའི་བར་ཡང་ལམ་ལ་དམིགས་པ་བསམ་གཏན་དང་པོའི་ས་པ་དེ་རྣམས་ཀྱི་དམིགས་པ་ཉིད་ཡིན་པ་ནས་དེ་བཞིན་དུ་སྲིད་པའི་རྩེ་མོའི་ས་པ་རྣམས་
ཀྱི་བར་གྱི་དམིགས་པ་ཡིན་ནོ།། །།བམ་པོ་བཞི་བཅུ་པ། གལ་ཏེ་ཆོས་ཤེས་པའི་ཕྱོགས་དང་མཐུན་པ་ཐམས་ཅད་ཀྱང་ཕན་ཚུན་གྱི་རྒྱུ་ཅན་ཡིན་པས་ལམ་ལ་དམིགས་པ་འདོད་པ་ན་སྤྱོད་པ་ལོག་པའི་ལྟ་བ་ལ་སོགས་པས་གཟུགས་དང་གཟུགས་མེད་པའི་གཉེན་པོ་
འགོག་པ་དང་ལམ་ཞེས་བྱ་བ་ལ། ཆོས་ཤེས་པ་ལ་ཡང་དམིགས་པར་བྱེད་ན་གོ་ཅིའི་ཕྱིར་ལོག་པར་ལྟ་བ་ལ་སོགས་པ་དེ་དག་ཉིད་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ལ་ཡང་དམིགས་པར་མི་བྱེད་དེ། ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དག་ནི་ཕན་ཚུན་གྱི་རྒྱུ་ཅན་ཡིན་པའི་ཕྱིར་རོ་ཞེ་ན།
གལ་ཏེ་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དག་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། རྗེས་སུ་ཤེས་པ་ནི་འདོད་པའི་ཁམས་ཀྱི་གཉེན་པོ་མ་ཡིན་པས་དེ་རྣམས་དེ་ལ་དམིགས་པར་མི་བྱེད་དོ། །ཆོས་ཤེས་པ་ནི་འདོད་པའི་ཁམས་ཀྱི་གཉེན་པོ་ཡིན་པས་གཟུགས་དང་གཟུགས་མེད་པའི་གཉེན་པོ་
ཡིན་ཡང་དམིགས་པར་བྱེད་དོ། །འོ་ན་ནི་ཆོས་ཤེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གྲུབ་པའི་མཐའ་ལས། བསྒོམ་པའི་ལམ་ལ་འགོག་པ་དང་། །ལམ་ལ་ཆོས་ཤེས་གང་ཡིན་ཏེ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །ཆོས་ཤེས་པ་ནི་གཟུགས་དང་
གཟུགས་མེད་པའི་གཉེན་པོ་ཡིན་ནོ། །དེའི་ངོ་བོ་ཉིད་དེ། དེའི་ཕྱིར་གཟུགས་དང་གཟུགས་མེད་པའི་ས་པའི་ལོག་པར་ལྟ་བ་ལ་སོགས་པ་ས་དགུ་པའི་དམིགས་པ་ཡིན་པར་འགྱུར་རོ། །དེ་མཐའ་དག་ཀྱང་གཉེན་པོ་མ་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཆོས་ཤེས་པ་དེ་མཐའ་དག་ནི་
Vol. 143 · folio 107a
གཟུགས་དང་གཟུགས་མེད་པའི་ཁམས་དག་གི་གཉེན་པོ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཅུང་ཟད་ཅིག་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྡུག་བསྔལ་དང་ཀུན་འབྱུང་ལ་སོགས་པ་ཆོས་ཤེས་པའི་བསྒོམ་པའི་ལམ་གྱིས་བསྡུས་པ་དག་དེ་དག་གི་གཉེན་པོ་མ་ཡིན་པའི་ཕྱིར་
ཏེ། གཟུགས་དང་གཟུགས་མེད་པའི་ཁམས་དག་གི་གཉེན་པོ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་ཆོས་ཤེས་པ་དེ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ལོག་པར་ལྟ་བ་ལ་སོགས་པའི་དམིགས་པ་མ་ཡིན་ནོ། །གཞན་ཡང་མཐའ་དག་གི་ཡང་མ་ཡིན་ཏེ་ཞེས་བྱ་བ་རྒྱས་
པར་སྨོས་ཏེ། ཆོས་ཤེས་པ་དེ་ནི་གཟུགས་དང་གཟུགས་མེད་པའི་ཁམས་མཐའ་དག་གི་གཉེན་པོ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསྒོམ་པའི་ལམ་ལ་འགོག་པ་དང་། །ལམ་ལ་ཆོས་ཤེས་གང་ཡིན་དེ། །ཞེས་འབྱུང་བས་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་གཉེན་པོ་མ་ཡིན་པའི་ཕྱིར་
རོ། །འདིར་དང་པོ་མེད་པའི་ཕྱིར་དང་། དང་པོ་རྣམས་ཀྱི་མ་ཡིན་པའི་ཕྱིར་དམིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་སྡུད་པར་བྱེད་པ་ཡིན་ཏེ། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་ཆོས་ཤེས་པ་རྣམས་ནི་དང་པོ་སྡུག་བསྔལ་དང་། ཀུན་འབྱུང་བ་
ལ་ཆོས་ཤེས་པ་དག་གཟུགས་དང་གཟུགས་མེད་པ་ཇི་སྐད་བཤད་པའི་གཉེན་པོ་དེ་ཉིད་དུ་མེད་པའི་ཕྱིར་དང་། ཆོས་ཤེས་པ་དེ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་དང་པོ་མཐོང་བས་སྤང་བར་བྱ་བ་དག་གི་གཉེན་པོ་ཉིད་མ་ཡིན་པའི་ཕྱིར་
ཆོས་ཤེས་པ་ནི་དེའི་ས་པ་སྟེ། གཟུགས་དང་གཟུགས་མེད་པའི་ས་པའི་ལོག་པར་ལྟ་བ་ལ་སོགས་པའི་དམིགས་པ་མ་ཡིན་ནོ། །དེ་ལྟར་ན་ཟག་པ་མེད་པ་ལ་དམིགས་པ་ཁམས་གསུམ་པ། བཅོ་བརྒྱད་མ་གཏོགས་པ་ཕྲ་རྒྱས་ལྷག་མ་བརྒྱད་ཅུ་ནི་ཟག་པ་དང་བཅས་པ་ལ་དམིགས་པ་
ཡིན་ནོ་ཞེས་བྱ་བར་གཞག་པ་ཡིན་ནོ། །སྤང་བར་བྱ་བ་མ་ཡིན་པར་འགྱུར་ཏེ་ཞེས་བྱ་བ་ནི་ཐོབ་པ་བཅད་པས་སྤང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་དགེ་བའི་ཆོས་ལ་འདུན་པ་མངོན་པར་དད་པའི་ངོ་བོ་ནི་ཡང་དག་པའི་ལྟ་བ་ཡིན་པས། ཐོབ་པ་བཅད་པས་སྤང་བར་བྱ་བ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words