ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད
Sanskrit title (Tibetan script, as in the text) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 143 · folio 134a
ཡིན་པའི་ཕྱིར་བསྡུས་པ་ཁོ་ན་ཡིན་ནོ་ཞེས་བརྗོད་པར་ནུས་སོ། །མཐར་འཛིན་པར་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བས་རབ་ཏུ་བཅུག་ཅེས་བྱ་བ་ནི་བདག་ལ་རྟག་པ་དང་ཆད་པའི་མཐར་འཛིན་པའི་ཕྱིར་རོ། །ལྟ་བ་མཆོག་ཏུ་འཛིན་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་
འཛིན་པས་རབ་ཏུ་བཅུག་ཅེས་བྱ་བ་ནི་གང་གིས་འདག་པར་ཡིད་ཆེས་པ་དེ་ལ་མཆོག་ཏུ་འཛིན་པའི་ཕྱིར་རོ། །ལོག་པར་ལྟ་བ་ནི་ཐེ་ཚོམ་གྱིས་རབ་ཏུ་བཅུག་སྟེ་ཞེས་བྱ་བ་ནི་ཐེ་ཚོམ་ཟ་བ་ལོག་པར་ལྟ་བ་ནི་མཉན་པ་དང་བསམས་པའི་སྒོ་ནས་ལོག་པར་ངེས་པ་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་རྩ་བ་བསྡུས་
པས་གྲུབ་པའི་ཕྱིར་མཐར་འཛིན་པ་ལ་སོགས་པ་ཡང་བཤད་པའི་ངོ་བོ་ཡིན་པར་རིག་པར་བྱའོ། །གཞན་དག་ན་རེ་ཞེས་བྱ་བ་ནི་སློབ་དཔོན་འདི་ཉིད་དོ། །ལམ་ནོར་བ་ཞེས་བྱ་བ་ནི་ཇི་ལྟ་ཞེ་ན། ལམ་གཞན་ལ་བརྟེན་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །ཀུན་དུ་སྦྱོར་བ་ཐ་མའི་ཆ་དང་མཐུན་
པ་ཞེས་སྨོས་པའི་ཕྱིར་ཤུགས་ཀྱིས་ན་གཞན་གྱི་ཆ་དང་མཐུན་པ་ཡང་ཡོད་དོ་ཞེས་བཤད་པ་ཡིན་པས་དེའི་ཕྱིར། གོང་མའི་ཆ་དང་མཐུན་ལྔ་ཉིད། །ཅེས་བྱ་བ་འདི་སྨོས་ཏེ། ཀུན་དུ་སྦྱོར་བའི་སྤྲོས་པ་ཡིན་ནོ། །དེ་དག་ཀུན་དུ་སྦྱོར་སོགས་ཀྱི། །དབྱེ་བས་རྣམ་པ་ལྔར་བཤད་དོ། །ཞེས་བྱ་
བའི་འབྲེལ་པ་འདིས་ན་ཀུན་དུ་སྦྱོར་བ་བསྟན་པའི་འོག་ཏུ་འཆིང་བ་བསྟན་པའི་སྐབས་ལ་བབས་ཏེ། འཆིང་བ་འདོད་ཆགས་ཐམས་ཅད་ཅེས་བྱ་བ་ནི་རྣམ་པ་དང་ཁམས་ཀྱི་སྒོ་ནས་ཐམས་ཅད་དོ། །ཞེ་སྡང་ཅི་ཞེ་ན་ཐམས་ཅད་དེ་རྣམ་པ་ཁོ་ནའི་སྒོ་ནས་སོ། །གཏི་མུག་ནི་རྣམ་པ་དང་ཁམས་ཀྱི་སྒོ་ནས་
ཐམས་ཅད་དོ། །དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་ཞེས་བྱ་བ་ནི་ཅི་རིགས་པར་རང་དང་གཞན་གྱི་རྒྱུད་ལ་ཡོད་པའི་བདེ་བའི་ཚོར་བ་ལ་ནི་འདོད་ཆགས་རྒྱས་པར་འགྱུར་རོ། །དམིགས་པ་དང་མཚུངས་པར་ལྡན་པ་ཉིད་ཀྱི་སྒོ་ནས་སྡུག་བསྔལ་གྱི་ཚོར་བ་ལ་ནི་ཞེ་སྡང་རྒྱས་པར་འགྱུར་རོ། །
དེ་བདག་ཉིད་ཀྱི་སྒོ་ནས་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་ནི་གཏི་མུག་རྒྱས་པར་འགྱུར་རོ། །འདོད་ཆགས་དང་ཞེ་སྡང་དག་ཀྱང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་དེ་ཁོ་ན་བཞིན་རྒྱས་པར་འགྱུར་བ་མ་ཡིན་ནམ། ཅིའི་ཕྱིར་གཏི་མུག་ཁོ་ན་བརྗོད་ཅེ་ན། དེའི་
Vol. 143 · folio 134b
ཕྱིར་འདོད་ཆགས་དང་ཞེ་སྡང་དག་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདོད་ཆགས་དང་ཞེ་སྡང་དག་ཀྱང་དེ་ལ་རྒྱས་པར་ནི་འགྱུར་མོད་ཀྱི་གཏི་མུག་ཇི་ལྟ་བ་དེ་ལྟར་ནི་མ་ཡིན་ནོ། །གཏི་མུག་ནི་མི་གསལ་བས་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་མི་གསལ་བ་དང་རྗེས་སུ་
མཐུན་པའི་ཕྱིར་ཤིན་ཏུ་རྒྱས་པར་འགྱུར་རོ། །ཡང་ན་རང་གི་རྒྱུད་ལ་ཡོད་པའི་དམིགས་པའི་སྒོ་ནས་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་རང་གི་རྒྱུད་ལ་ཡོད་པའི་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བའི་མཐུས་དེ་ལྟར་ངེས་པ་ཡིན་ཏེ། མཚུངས་པར་ལྡན་པའི་སྒོ་ནས་རང་གི་རྒྱུད་ལ་ཡོད་པའི་ཚོར་བ་བདེ་བ་
ལ་ནི་འདོད་ཆགས་རྒྱས་པར་འགྱུར་ལ། སྡུག་བསྔལ་ལ་ནི་ཞེ་སྡང་ངོ་། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ལ་ནི་གཏི་མུག་གོ།། །།བམ་པོ་བཞི་བཅུ་རྩ་གསུམ་པ། གཞན་དག་ན་རེ་འདོད་ཆགས་དང་ཞེ་སྡང་དག་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་བདེ་བ་
ལ་འདོད་ཆགས་རྒྱས་པར་འགྱུར་བ་ལྟར་ཞེ་སྡང་ནི་དེ་ལྟ་མ་ཡིན་ནོ། །ཡང་ཅི་བདེ་བ་ལ་ཡང་ཞེ་སྡང་རྒྱས་པར་འགྱུར་རམ་ཞེ་ན། དགྲ་བོའི་བདེ་བ་ལ་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་རོ། །ཇི་ལྟར་སྡུག་བསྔལ་ལ་ཞེ་སྡང་རྒྱས་པར་འགྱུར་བ་ལྟར་འདོད་ཆགས་ནི་དེ་ལྟ་མ་ཡིན་ནོ། །
ཡང་ཅི་སྡུག་བསྔལ་ལ་ཡང་འདོད་ཆགས་རྒྱས་པར་འགྱུར་རམ་ཞེ་ན། དགྲ་བོའི་སྡུག་བསྔལ་ལ་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་རོ། །ཡང་ན་རང་གི་རྒྱུད་ལ་ཡོད་པའི་དམིགས་པའི་སྒོ་ནས་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་གཅིག་ཏུ་ན་རང་གི་རྒྱུད་ལ་ཡོད་པའི་བདེ་བ་ལ་
དམིགས་པའམ། མཚུངས་པར་ལྡན་པའི་སྒོ་ནས་འདོད་ཆགས་རྒྱས་པར་འགྱུར་གྱི་གཞན་གྱི་རྒྱུད་ལ་ཡོད་པའི་དགྲ་བོའི་བདེ་བ་ལ་ནི་མ་ཡིན་ནོ། །དེ་བཞིན་དུ་རང་གི་རྒྱུད་ལ་ཡོད་པའི་སྡུག་བསྔལ་ལ་དམིགས་པའམ། མཚུངས་པར་ལྡན་པའི་སྒོ་ནས་ཁོང་ཁྲོ་བ་རྒྱས་པར་འགྱུར་གྱི།
གཞན་གྱི་རྒྱུད་ལ་ཡོད་པ་དགྲ་བོའི་སྡུག་བསྔལ་ལ་ནི་མ་ཡིན་ནོ། །དེ་ལྟར་ན་རང་གི་རྒྱུད་ལ་ཡོད་པའི་དམིགས་པའི་སྒོ་ནས་ངེས་པ་ཡིན་ཏེ། ཚོར་བ་བདེ་བ་ལ་ནི་དམིགས་པ་དང་མཚུངས་པར་ལྡན་པ་དག་གི་སྒོ་ནས་འདོད་ཆགས་རྒྱས་པར་འགྱུར་ལ། སྡུག་བསྔལ་ལ་ནི་ཞེ་སྡང་
Vol. 143 · folio 135a
རྒྱས་པར་འགྱུར་རོ། །སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་ཉོན་མོངས་པ་ཅན་དུ་བྱེད་པའི་ཕྱིར་རོ། །ཉོན་མོངས་ལས་གཞན་ཉོན་མོངས་ཅན། །སེམས་བྱུང་ཞེས་བྱ་བ་ནི་ཉོན་མོངས་པ་དག་ལས་གཞན་པ་ཞེས་བྱ་བའི་ཐ་ཚིག་
གོ། །ཉེ་བའི་ཉོན་མོངས་པ་ཁོ་ན་ཡིན་ཞེས་བྱ་བ་ནི་འདི་དག་ལ་ཉོན་མོངས་པ་དང་ཉེ་བའི་ངོ་བོའམ། ཉོན་མོངས་པ་ཉེ་བར་འདུག་པ་ཡོད་པས་ཉེ་བའི་ཉོན་མོངས་པ་སྟེ། དེ་དག་ཀྱང་སེམས་ལས་བྱུང་བ་ཁོ་ན་ཡིན་གྱི་སེམས་དང་མི་ལྡན་པ་ནི་མ་ཡིན་ནོ། །དེ་དག་ཀྱང་གཞི་ཕྲན་
ཚེགས་ལས་འབྱུང་བ་གང་དག་ཡིན་པའོ་ཞེས་བྱ་བ་ནི་གསུང་རབ་ཀྱི་ཆ་གཞི་ཕྲན་ཚེགས་ལས་འབྱུང་བ་གང་དག་ཡིན་པ་ཡིན་གྱིས། སེམས་པ་ལ་སོགས་པ་ཁོ་ན་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ཏེ། འདི་ལྟ་སྟེ་མི་དགའ་བ་དང་། གླལ་བྱེད་པ་དང་། སེམས་ཞུམ་པ་ཉིད་དང་།
རྨྱ་བ་དང་། ཟས་ཀྱི་དྲོད་མི་ཟིན་པ་ཉིད་དང་། ཐ་དད་པ་ཉིད་ཀྱི་འདུ་ཤེས་དང་། ཡིད་ལ་མི་བྱེད་པ་དང་། ལུས་ཀྱི་གནས་ངན་ལེན་དང་། རུ་གདུག་དང་། འཕྱ་སྨོད་དང་། གནམ་པ་ཉིད་དང་། མི་གནམ་པ་ཉིད་དང་། རང་བཞིན་དུ་མི་འདུག་པ་ཉིད་དང་། འདོད་པའི་རྣམ་པར་
རྟོག་པ་དང་། འཚེ་བའི་རྣམ་པར་རྟོག་པ་དང་། ཉེ་བའི་རྣམ་པར་རྟོག་པ་དང་། ཡུལ་གྱི་རྣམ་པར་རྟོག་པ་དང་། མི་འཆི་བའི་རྣམ་པར་རྟོག་པ་དང་། བརྙས་པ་དང་ལྡན་པའི་རྣམ་པར་རྟོག་པ་དང་། རིགས་སྙེམས་པ་དང་ལྡན་པའི་རྣམ་པར་རྟོག་པ་དང་། མྱ་ངན་དང་། སྡུག་
བསྔལ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཞེས་བྱ་བ་དག་ཡིན་ནོ། །དེ་ལ་ངོ་ཚ་མེད་པ་དང་ཁྲེལ་མེད་པ་དག་ནི་བཤད་ཟིན་ཏོ་ཞེས་བྱ་བ་ནི། མ་གུས་ངོ་ཚ་མེད་ཁྲེལ་མེད། །ཁ་ན་མ་ཐོ་འཇིགས་མི་ལྟ། །ཞེས་བྱ་བ་ཡིན་ནོ། །ཆོས་དང་ཟང་ཟིང་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་
སེར་སྣ་ནི་ཆོས་དང་ཟང་ཟིང་དང་མཁས་པ་རབ་ཏུ་སྦྱིན་པ་དང་། འགལ་བ་ཅན་སེམས་ཀྱི་ཀུན་དུ་འཛིན་པ་སྟེ། བདག་ལས་གཞན་དུ་མ་འགྲོ་ཤིག་སྙམ་པའི་རྣམ་པ་ནི་སེར་སྣ་ཡིན་ནོ། །སེར་སྣ་ཉིད་སེར་སྣ་ཡིན་པའམ། སེར་སྣ་ཅན་གྱི་ངོ་བོ་ནི་སེར་སྣའོ། །འགྱོད་པ་དང་རྨུགས་པ་ནི་
Vol. 143 · folio 135b
བཤད་ཟིན་ཏེ་ཞེས་བྱ་བ་ནི་ངན་པ་བྱས་པའི་དངོས་པོ་ནི་འགྱོད་པའོ། །འདིར་ནི་འགྱོད་པ་དེ་ལ་དམིགས་པའི་ཆོས་ཡིན་ཞེས་པ་དང་། རྨུགས་པ་ནི་ལུས་དང་སེམས་ལས་སུ་མི་རུང་བ་ཉིད་དོ་ཞེས་བྱ་བ་ཡིན་ནོ། །གཉིད་ནི་སེམས་མངོན་པར་སྡུད་པའོ་ཞེས་བྱ་བ་དེ་ཙམ་ཞིག་བརྗོད་ན་
ནི་སྙོམས་པར་འཇུག་པ་ལ་ཡང་ཐལ་བར་འགྱུར་བས་དེའི་ཕྱིར་ལུས་ཡང་དག་པར་འཛིན་མི་ནུས་པ་ཞེས་བྱ་བས་ཁྱད་པར་དུ་བྱེད་དེ། དེ་ནི་ཉོན་མོངས་པ་ཅན་ཁོ་ན་ཡིན་ནོ། །དེ་དང་འགྱོད་པ་ནི་ཉོན་མོངས་པ་ཅན་ཁོ་ན་ཀུན་ནས་དཀྲིས་པ་ཡིན་ནོ་ཞེས་བྱ་བ་ནི་གཉིད་ནི་ཉོན་མོངས་པ་ཅན་གང་
ཡིན་པ་དེ་ཀུན་ནས་དཀྲིས་པ་ཡིན་གྱི། དགེ་བའམ་ལུང་དུ་མ་བསྟན་པ་གང་ཡིན་པ་དེ་ནི་ཀུན་ནས་དཀྲིས་པ་མ་ཡིན་ཏེ། གཉིད་ནི་རྣམ་པ་གསུམ་དུ་འདོད་དོ། །འགྱོད་པ་ཡང་ཉོན་མོངས་པ་ཅན་གང་ཡིན་པ་དེ་ཀུན་ནས་དཀྲིས་པ་ཡིན་གྱི་དགེ་བ་ནི་མ་ཡིན་ཏེ། དེ་ནི་དགེ་བ་དང་མི་དགེ་བ་
ཡིན་པར་འདོད་དོ། །ཁྲོ་བ་ནི་གནོད་སེམས་དང་རྣམ་པར་འཚེ་བ་མ་གཏོགས་པ་སེམས་ཅན་དང་སེམས་ཅན་མ་ཡིན་པ་ལ་ཀུན་ནས་མནར་སེམས་པ་གང་ཡིན་པའོ་ཞེས་བྱ་བ་ནི་གནོད་སེམས་ནི་ཀུན་ནས་མནར་སེམས་ཀྱི་ཁྱད་པར་སེམས་ཅན་ལ་ཞེ་སྡང་བ་ཡིན་ཏེ། སེམས་ཅན་འདི་རྣམས་
བསད་དམ་བཅིངས་སམ་བརླག་གམ་འདིས་ཕོངས་པར་གྱུར་ཀྱང་ཅི་མ་རུང་སྙམ་པའི་རྣམ་པར་ཞུགས་པ་ནི་གནོད་སེམས་ཡིན་ནོ། །རྣམ་པར་འཚེ་བ་ནི་སེམས་ཅན་ལ་སྙོགས་པ་དང་། རྡེག་པ་དང་། སྐྲག་པར་བྱེད་པ་དང་། བསྡིགས་པ་ལ་སོགས་པའི་ལས་ལ་ཞུགས་པ་ཡིན་ནོ། །
ཁྲོ་བ་ནི་དེ་གཉིས་ལས་གཞན་པ་སེམས་ཅན་དང་སེམས་ཅན་མ་ཡིན་པ་དག་ལ་ཀུན་ནས་མནར་སེམས་པ་ཡིན་ཏེ། འདི་ལྟ་སྟེ། དགེ་སློང་བསླབ་པ་འདོད་པའི་སེམས་འཁྲུགས་པའམ་ཚེར་མ་ལ་སོགས་པ་ལ་འཁྲུགས་པ་ལྟ་བུའོ། །གོ་རིམས་བཞིན་དུ་ཤེས་པ་དང་མི་ཤེས་པ་རྣམས་
ཀྱི་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི། །གཞན་དག་ན་རེ་རྒྱལ་པོ་ལ་སོགས་པས་ཤེས་པས་གང་ཟག་འཆབ་པ་དང་ལྡན་པ་རྣམས་ཀྱི་འཆབ་པ་ནི་སྲིད་པའི་རྒྱུ་མཐུན་པ་ཡིན་ཏེ། བདག་ལ་རྙེད་པ་དང་། བཀུར་སྟི་མེད་པར་གྱུར་ན་མི་རུང་ངོ་སྙམ་པའི་ཕྱིར་རོ། །མི་ཤེས་པ་རྣམས་
Vol. 143 · folio 136a
ཀྱི་ནི་མི་རིག་པའི་རྒྱུ་མཐུན་པ་ཡིན་ཏེ། ལས་བདག་གིར་བྱ་བ་ཉིད་དུ་མ་དད་པ་ནི་ཁ་ན་མ་ཐོ་བ་དེ་འཆབ་ཅིང་གཙང་མར་བྱ་བའི་ཕྱིར་གཞན་ལ་འཆགས་པར་མི་བྱེད་དོ། །དེ་ལྟ་བས་ན་འཆབ་པ་ནི་གཉི་གའི་རྒྱུ་མཐུན་པ་ཡིན་ནོ་ཞེས་ཟེར་རོ། །ཇི་ལྟར་ན་ཁྲེལ་མེད་པ་མ་
རིག་པའི་རྒྱུ་མཐུན་པ་ཡིན་ཞེ་ན། འདི་ལྟར་ཁྲེལ་མེད། ཁ་ན་མ་ཐོ་འཇིགས་མི་ལྟ། །ཞེས་འབྱུང་བའི་ཕྱིར་རོ། །ཐེ་ཚོམ་ལས་འགྱོད་ཅེས་བྱ་བ་ནི་ཉོན་མོངས་པ་ཅན་གང་ཡིན་པ་དེ་ཁོ་ན་སྟེ། ཀུན་ནས་དཀྲིས་པའི་སྐབས་ཡིན་པའི་ཕྱིར་རོ། །གཞན་ཡང་ཉོན་མོངས་དྲི་མ་དྲུག །ཅེས་བྱ་
བ་ནི། དཔེར་ན་ལུས་ལ་དྲི་མ་དག་འབྱུང་བ་དེ་བཞིན་དུ་ཉོན་མོངས་པ་དག་ལས་ཀྱང་སྒྱུ་ལ་སོགས་པའི་དྲི་མ་ལྟ་བུ་འདི་རྣམས་འབྱུང་ངོ་། །གཏམ་རླུང་བསྐུར་བ་ནི་གཞན་དུ་སྒྱུར་བའོ། །རྒྱགས་པ་ནི་སྔར་བཤད་ཟིན་ཏེ། རྒྱགས་པ་ནི། རང་གི་ཆོས་ལ་ཆགས་པ་ཡི། །སེམས་ནི་ཡོངས་
སུ་གཏུགས་པའོ། །ཞེས་བྱ་བ་ཡིན་ནོ། །གང་ཞིག་གང་མཐོང་བས་སྤང་བར་བྱ་བ་དང་མཚུངས་པར་ལྡན་པ་ཞེས་བྱ་བ་ནི་བདེན་པ་གང་ཞིག་མཐོང་བ་ནི་གང་མཐོང་བའོ། །དེ་མཐོང་བས་སྤང་བར་བྱ་བ་ནི་གང་མཐོང་བས་སྤང་བར་བྱ་བའོ། །དེ་དང་མཚུངས་པར་ལྡན་པ་ནི་གང་མཐོང་བས་
སྤང་བར་བྱ་བ་དང་། མཚུངས་པར་ལྡན་པ་སྟེ། དེ་ནི་དེ་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །གང་དག་ཅིག་ཡིན་ཞེ་ན། ངོ་ཚ་མེད་པ་ལ་སོགས་པའོ། །དེ་ལས་གཞན་ནི་བསྒོམ་སྤང་བྱ། །དེ་ལས་གཞན་པ་ཞེས་བྱ་བ་ནི་ངོ་ཚ་མེད་པ་ལ་སོགས་པ་ལས་གཞན་པ་ཕྲག་དོག་ལ་སོགས་པ་ནི་
བསྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་གྱི། མཐོང་བས་སྤང་བར་བྱ་བ་ནི་མ་ཡིན་ནོ། །ཉེ་བའི་ཉོན་མོངས་པ་ལྔ་པོ་དག་ནི་རང་དབང་ཡིན་ཏེ། འདོད་ཆགས་ལ་སོགས་པ་གཞན་གྱི་དབང་དུ་གྱུར་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྨུགས་པ་དང་རྒོད་པ་དང་གཉིད་རྣམས་ནི་མི་དགེ་བ་
དང་ལུང་དུ་མ་བསྟན་པ་དག་ཡིན་ནོ་ཞེས་བྱ་བ་ནི་ཀུན་ནས་དཀྲིས་པའི་སྐབས་ཡིན་པའི་ཕྱིར་གྲུབ་པས་དགེ་བ་ཡང་ཡིན་ནོ་ཞེས་མི་བརྗོད་དོ། །དེ་ཡན་ཆད་ནི་ལུང་དུ་མ་བསྟན་ཞེས་བྱ་བ་ལ་ཅི་རིགས་པར་ཞེས་བྱ་བ་ནི། འདོད་པའི་ཁམས་ཀྱི་གོང་ན་ཇི་སྙེད་སྲེད་པ་སྟེ། དེ་དག་ཀྱང་གཡོ་
Vol. 143 · folio 136b
དང་སྒྱུ་ལ་སོགས་པ་ཡིན་ནོ། །བདག་ཉིད་ལོག་པར་ཀུན་དུ་སྟོན་པས་ཞེས་བྱ་བ་ནི་ཚངས་པ་ཆེན་པོ་དེས་བདག་ཉིད་ལོག་པར་ཀུན་དུ་སྟོན་པས་ཚེ་དང་ལྡན་པ་རྟ་ཐུལ་ལ་འདྲིད་པར་ཞུགས་ཏེ། ཚངས་པ་ཆེན་པོ་འབྱུང་བ་ཆེན་པོ་འདི་དག་མ་ལུས་པར་གང་དུའང་འགག་པར་འགྱུར་ཞེས་
དྲིས་པ་དང་མ་ཤེས་ནས་གཏམ་རླུང་བསྐུར་ཏེ། བདག་ནི་ཚངས་པའོ། །ཚངས་པ་ཆེན་པོའོ། །དབང་ཕྱུག་གོ། །བྱེད་པ་པོའོ། །སྤྲུལ་པ་པོའོ། །འབྱིན་པ་པོའོ། །འབྱིན་བྱེད་དོ། །དངོས་པོ་རྣམས་ཀྱི་ཕར་གྱུར་པ་ཡིན་ནོ་ཞེས་སྒྱུས་འདྲིད་པར་བརྩམས་སོ། །དེའི་འོག་ཏུ་ཚངས་པ་
ཆེན་པོ་དེས་ཚེ་དང་ལྡན་པ་རྟ་ཐུལ་གྱི་ལག་ནས་བཟུང་སྟེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀྱང་འདི་སྐད་ཅེས། དེ་བཞིན་གཤེགས་པ་བཞུགས་བཞིན་དུ་བདག་ལ་འདྲི་བར་སེམས་སམ་ཞེས་སྨྲས་སོ། །དེ་ལྟ་བས་ན་དེའི་འདི་ནི་སྒྱུ་ཡིན་པར་སྣང་སྟེ། རང་གི་
འཁོར་གྱིས་བརྙས་པའི་ངོ་ཚ་བས་བདག་ཉིད་ཀྱིས་མི་ཤེས་པ་སྦེད་པ་ན་དེས་དེ་སྐད་དུ་སྨྲས་པ་ཡིན་ནོ། །གཡོ་ནི་བཤད་ཟིན་མོད་ཀྱི་ཞེས་བྱ་བ་ནི་གཡོ་ནི། དེ་ལས་འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་མེད། །ཅེས་བྱ་བ་དེར་ནི་བཤད་མོད་ཀྱི་ཞར་ལ་འོངས་པས་ཡང་
སྨོས་སོ། །ལྔ་བོར་ཏེ་ཞེས་བྱ་བ་ནི་གཡོ་དང་སྒྱུ་དང་རྨུགས་པ་དང་རྒོད་པ་དང་རྒྱགས་པ་རྣམས་སོ། །དེ་དག་ནི་ཐམས་ཅད་ཡིད་ཀྱི་ས་པ་དག་ཡིན་ནོ་ཞེས་བྱ་བ་ནི་གཉིད་དང་ང་རྒྱལ་དག་གོ། །ཉེ་བའི་ཉོན་མོངས་རང་དབང་ཡང་། །ཞེས་བྱ་བ་ནི་ཕྲག་དོག་དང་སེར་སྣ་ལ་སོགས་པའོ། །ཉོན་
མོངས་པའི་ས་མང་པོ་དག་གི་ནང་དུ་བཤད་པ་གང་དག་ཡིན་པའོ་ཞེས་པ་ནི་མ་དད་པ་དང་ལེ་ལོ་དང་བག་མེད་པ་དག་ཁོ་ན་ཡིན་ནོ། །གཞན་དག་ནི་མ་ཡིན་ཏེ། རྨུགས་པ་དང་རྒོད་པ་དག་ནི་འདི་ཉིད་དུ་སྔར་སྨོས་ཟིན་པའི་ཕྱིར་རོ། །གཏི་མུག་ནི་ཉོན་མོངས་པ་ཞེས་སྨོས་པས་བསྡུས་པའི་
ཕྱིར་རོ། །བདེ་བ་དག་དང་ཞེས་བྱ་བ་ནི་བདེ་བའི་ཚོར་བའི་ངོ་བོ་ཉིད་ཀྱི་དབང་པོ་དག་དང་ཞེས་བྱ་བའི་ཐ་ཚིག་གོ། །དགའ་བ་དང་སྐྱོ་བའི་རྣམ་པར་འཇུག་པའི་ཕྱིར་ཞེས་བྱ་བ་ནི་འདོད་ཆགས་ནི་དགའ་བའི་རྣམ་པར་འཇུག་པ་ཡིན་ལ། ཞེ་སྡང་ནི་སྐྱོ་བའི་རྣམ་པར་འཇུག་པ་ཡིན་པའི་ཕྱིར་ཏེ་
Vol. 143 · folio 137a
གོ་རིམས་བཞིན་ནོ། །རྣམ་པར་ཤེས་པ་དྲུག་གི་ས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལྔ་པའི་ས་པ་ཡིན་པའི་ཕྱིར་འདོད་ཆགས་ནི་བདེ་བའི་དབང་པོ་དང་མཚུངས་པར་ལྡན་ནོ། །ཞེ་སྡང་ནི་སྡུག་བསྔལ་གྱི་དབང་པོ་དང་མཚུངས་པར་ལྡན་ནོ། །ཡིད་
ཀྱི་རྣམ་པར་ཤེས་པའི་ས་པ་ཡིན་པའི་ཕྱིར་འདོད་ཆགས་ནི་ཡིད་བདེ་བའི་དབང་པོ་དང་མཚུངས་པར་ལྡན་ནོ། །ཞེ་སྡང་ནི་ཡིད་མི་བདེ་བའི་དབང་པོ་དང་མཚུངས་པར་ལྡན་ནོ། །བསོད་ནམས་ཀྱི་ལས་ཅན་རྣམས་དང་སྡིག་པའི་ལས་ཅན་རྣམས་ཀྱི་དང་གོ་རིམས་བཞིན་ནོ་ཞེས་བྱ་བ་ནི་བསོད་ནམས་
ཀྱི་ལས་ཅན་རྣམས་ཀྱི་ལོག་པར་ལྟ་བ་ནི་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པ་ཡིན་ཏེ། བསོད་ནམས་བྱེད་པའི་འབད་པ་དོན་མེད་པར་མཐོང་བའི་ཕྱིར་རོ། །སྡིག་པའི་ལས་ཅན་རྣམས་ཀྱི་ལོག་པར་ལྟ་བ་ནི་ཡིད་བདེ་བ་དང་མཚུངས་པར་ལྡན་པ་ཡིན་ཏེ། རང་གིས་བྱས་པའི་སྡིག་པ་འབྲས་བུ་མེད་
པར་མཐོང་བའི་ཕྱིར་རོ། །ལྟ་བ་བཞི་དང་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའོ། །ཇི་ལྟར་ཆད་པར་ལྟ་བ་ཡིད་བདེ་བ་དང་མཚུངས་པར་ལྡན་པ་ཡིན་ཞེ་ན། དེ་མངོན་
པར་འདོད་པའི་ཕྱིར་རོ། །བཏང་སྙོམས་ཀུན་དུ་གནས་སོ་ཞེས་བྱ་བ་ནི་འཇིག་པའི་གནས་སྐབས་ན་གཞན་པའི་ཕྱིར་རོ། །ས་གང་ན་དབང་པོ་ཇི་སྙེད་ཅིག་ཡོད་པ་ཞེས་བྱ་བ་ནི། སྐྱེ་བའི་བསམ་གཏན་དག་ན་ནི། །ཡིད་བདེ་བདེ་དང་བཏང་སྙོམས་དང་། །བཏང་སྙོམས་ཡིད་བདེ་བདེ་བ་དང་། །
བཏང་སྙོམས་བཏང་སྙོམས་ཚོར་བ་ཡོད། །ཅེས་བྱ་བ་ལྟ་བུ་ཁོང་དུ་ཆུད་པར་བྱའོ། །ས་གོང་མ་དེ་ན་ཡང་མིག་དང་རྣ་བ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ས་པ་རྣམ་པར་ཤེས་པའི་ཚོགས་བཞི་པོ་རྣམས་ནི། བསམ་གཏན་དང་པོ་ཁོ་ན་ན་ཡོད་དེ་བསམ་གཏན་དང་པོ་ན་ནི་བདེ་བའི་དབང་པོ་རྣམ་པར་ཤེས་པའི་
ཚོགས་གསུམ་པ་དང་། ཡིད་བདེ་བའི་དབང་པོ་ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་པ་དང་། བཏང་སྙོམས་ཀྱི་དབང་པོ་རྣམ་པར་ཤེས་པའི་ཚོགས་བཞི་པ་ཡོད་དོ། །དེ་ཡན་ཆད་ཀྱི་ས་པ་ཁོ་ན་ན་ཡོད་དེ། བསམ་གཏན་གཉིས་པ་ན་ནི་ཡིད་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་དག་ཡོད་དོ། །
Vol. 143 · folio 137b
གསུམ་པ་ན་ནི་བདེ་བ་དང་བཏང་སྙོམས་ཀྱི་དབང་པོ་དག་ཡོད་དོ། །བསམ་གཏན་བཞི་པ་དང་གཟུགས་མེད་པ་དག་ན་ནི་བཏང་སྙོམས་ཀྱི་དབང་པོ་ཁོ་ན་ཡོད་དོ། །དེ་ལ་ཕྲ་རྒྱས་ཐམས་ཅད་ཀྱང་ཇི་ལྟར་འོས་འོས་སུ་ཚོར་བའི་དབང་པོ་དང་མཚུངས་པར་ལྡན་པ་ཡིན་ཏེ། དེ་ནི་ཞི་གནས་ཀྱིས་རྒྱུད་
བརླན་པའི་ཕྱིར་དགའ་བ་དང་སྐྱོ་བ་རྣམ་པར་གཞག་པ་ནི་མེད་དོ། །འགྱོད་པ་ལ་སོགས་པ་འདི་དག་ནི་སྐྱོ་བའི་རྣམ་པར་འཇུག་པའི་ཕྱིར། ཡིད་བདེ་བ་དང་མཚུངས་པར་མི་ལྡན་ལ། ཡིད་ཀྱི་ས་པ་ཡིན་པའི་ཕྱིར་སྡུག་བསྔལ་གྱི་དབང་པོ་དང་ཡང་མཚུངས་པར་མི་ལྡན་ནོ། །ཆགས་པའི་
རྒྱུད་ལས་བྱུང་བས་ཞེས་བྱ་བ་ནི་ཆགས་པའི་རྒྱུ་ཅན་ཉིད་ཀྱིས་ཏེ། ཆགས་པས་ཀུན་ནས་བསླང་བ་ཉིད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་དང་རྒྱགས་པ་ཞེས་བྱ་བ་ནི་བདེ་བ་དང་། ཡིད་བདེ་བ་དག་དང་ངོ་། །བསམ་གཏན་གསུམ་པ་ན་ནི་བདེ་བ་དང་མཚུངས་པར་ལྡན་ནོ་ཞེས་བྱ་བ་ནི་རྒྱགས་
པ་ནི་ཡིད་ཀྱི་ས་པ་ཡིན་པའི་ཕྱིར་རོ། །མ་རིག་པ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་མ་རིག་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གང་ལ་ཡང་མཚུངས་པར་ལྡན་པ་དགག་པ་མེད་པ་ལྟར་བཏང་སྙོམས་ཀྱང་དེ་དང་འདྲའོ། །ངོ་ཚ་མེད་པ་དང་ཁྲེལ་མེད་པ་དག་ནི་མི་དགེ་བའི་ས་མང་པོ་པ་ཡིན་
པའི་ཕྱིར་ཏེ། མི་དགེ་ལ་ནི་ཁྲེལ་མེད་དང་། །ངོ་ཚ་མེད་པའོ་ཞེས་འབྱུང་བས་སོ། །རྨུགས་པ་དང་རྒོད་པ་ནི་ཉོན་མོངས་པའི་ས་མང་པོ་པ་ཡིན་པའི་ཕྱིར། རྣམ་པར་ཤེས་པའི་ཚོགས་དྲུག་ལ་ནི་མི་དགེ་བ་དང་ཉོན་མོངས་པ་ཅན་དག་སྲིད་པས་དེའི་ཕྱིར་དེ་དག་ནི་དབང་པོ་ལྔ་ཆར་དང་ཡང་
མཚུངས་པར་ལྡན་པ་སྲིད་དོ། །ཅི་རྨུགས་པ་དང་རྒོད་པ་དང་ཐེ་ཚོམ་ཁམས་གསུམ་པ་དག་གཟུང་ངམ་ཞེས་བྱ་བ་ནི་འདི་རྣམས་ནི་ཁམས་གསུམ་པ་ཡིན་པའི་ཕྱིར་དེ་དག་ཁོ་ན་བཀར་ཏེ་འདྲི་བར་བྱེད་དོ། །མི་དགེ་བའི་ཕུང་པོ་འདི་ནི་མ་འདྲེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དགེ་
སློང་དག་སྒྲིབ་པ་ལྔ་ནི་མི་དགེ་བའི་ཕུང་པོ་ཡིན་ནོ་ཞེས་སྨྲ་བ་དེ་དག་ནི་ཡང་དག་པར་སྨྲ་བ་སྨྲ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དགེ་སློང་དག་འདི་ནི་མི་དགེ་བའི་ཕུང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལྟ་སྟེ་སྒྲིབ་པ་ལྔའོ་ཞེས་བྱ་བ་རྒྱས་པར་གཅིག་ཏུ་མི་དགེ་བར་
Vol. 143 · folio 138a
གསུངས་པའི་ཕྱིར་རོ། །འདོད་ན་སྒྲིབ་རྣམས་ཡོད་ཀྱི་ཁམས་གཞན་ན་མེད་དོ་ཞེས་བྱ་བ་ནི་འགྲེལ་པ་དང་མདོའི་ཚིག་གཅིག་པ་ཉིད་དུ་སྦྱོར་བ་ཡིན་ནོ། །སྒྲིབ་རྣམས་ཞེས་བྱ་བ་ནི་བསམ་གཏན་དང་སྙོམས་པར་འཇུག་པ་དག་གི་སྒྲིབ་པ་རྣམས་ཞེས་བྱ་བའི་ཐ་ཚིག་གོ། །
མི་མཐུན་དང་། ཟས་དང་བྱ་བ་གཅིག་པའི་ཕྱིར་ཞེས་བྱ་བ་ནི་མི་མཐུན་པ་དང་། ཟས་དང་བྱ་བ་གཅིག་པ་ཅན་ཉིད་ཀྱི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། ངོ་བོའི་རྐྱེན་མེད་ཀྱང་ངོ་བོ་གཙོར་བསྟན་པ་ཡིན་ནོ། །ཡང་ན་མི་མཐུན་པ་དང་ཟས་དང་བྱ་བ་གཅིག་པས་ན་མི་མཐུན་པ་དང་། ཟས་དང་
བྱ་བ་གཅིག་པའི་ཕྱིར་ཞེས་བྱ་བའོ། །མི་མཐུན་པ་དང་གཉེན་པོ་དང་། །ཞེས་བྱ་བ་ནི། འདིར་ཚིག་ལེའུར་བྱས་པ་དང་མཐུན་པར་མི་མཐུན་པ་ནི་གཉེན་པོ་ཡིན་པར་འདོད་དེ། ཉོན་མོངས་པ་དང་འགལ་བའི་ཕྱོགས་ནི་མི་མཐུན་པའི་ཕྱིར་རོ། །ཆོས་མངོན་པ་ལས་ནི་ནག་པོའི་ཕྱོགས་ནི་མི་
མཐུན་པ་ཡིན་ལ་དཀར་པོའི་ཕྱོགས་ནི་གཉེན་པོ་ཡིན་ནོ་ཞེས་བྱ་བར་གྲགས་སོ། །ཁ་ཟས་ཀྱི་དྲོད་མི་ཟིན་པ་ཞེས་བྱ་བ་ནི་མ་འོས་པར་མང་དུ་ཟོས་པའི་ལུས་ཤིག་ཤིག་པོར་འགྱུར་བ་གང་ཡིན་པའོ། །ཟས་མ་ཡིན་པ་ཞེས་བྱ་བ་ནི་གཉེན་པོའོ། རྨུགས་པ་དང་གཉིད་ཀྱིས་ནི་ཤེས་རབ་ཀྱི་
ཕུང་པོ་ལ་ཇི་ཞེ་ན། གནོད་པར་བྱེད་དོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །རྟོག་པ་འདི་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གོ་རིམས་གང་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་ཞེས་ཕུང་པོ་རྣམས་རྣམ་པར་འཇོག་པའི་གོ་རིམས་དེ་ཉིད་ཀྱིས་
དེ་དག་གི་མི་མཐུན་པར་གྱུར་པའི་སྒྲིབ་པ་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྒོད་པ་དང་འགྱོད་པ་དང་། རྨུགས་པ་དང་གཉིད་དང་། ཐེ་ཚོམ་ཞེས་འདོན་པར་འགྱུར་ཏེ། ཤེས་རབ་ཀྱི་ཕུང་པོ་བས་ཏིང་ངེ་འཛིན་གྱི་ཕུང་པོ་གོང་ནས་འབྱུང་བའི་ཕྱིར་རྒོད་པ་དང་འགྱོད་པའི་སྒྲིབ་པ་
ལྔར་སྨོས་པར་འགྱུར་བ་ཞིག་ན་དེ་ལྟ་ཡང་ཡིན་ཏེ། དེའི་ཕྱིར་འདི་ནི་གཏན་ཚིགས་སུ་མི་རུང་ངོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ལ་ནི་གཏན་ཚིགས་གང་ཡིན་སྙམ་ནས་སྨྲས་པ་དེའི་ཕྱིར་གྲངས་བཞིན་དུ་རྨུགས་པ་དང་གཉིད་དང་རྒོད་པ་དང་འགྱོད་པའི་སྒྲིབ་པ་འདི་གཉིས་ཀྱིས་ཏིང་ངེ་
Vol. 143 · folio 138b
འཛིན་དང་། ཤེས་རབ་ཀྱི་ཕུང་པོ་ལ་གནོད་པར་བྱེད་པ་ཡིན་ནོ། །ཇི་ལྟར་ཞེ་ན་སྨྲས་པ་ཏིང་ངེ་འཛིན་ལ་བརྩོན་པ་ནི་རྨུགས་པ་དང་གཉིད་ཀྱིས་འཇིགས་ཏེ་ངོ་བོ་འདྲ་བ་ལྟ་བུ་ཡིན་པའི་ཕྱིར་རོ། །ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་བརྩོན་པ་ཡང་དེ་དང་འདྲའོ། །ཐེ་ཚོམ་ནི་དེ་ལ་ལངས་ན་ཡང་ཆོས་ལ་
ངེས་པར་རྟོག་པའི་ཚེ་བར་ཆད་བྱེད་དོ། །གཞན་དག་ནི་ཚིག་འདི་སྐད་དུ་རྨུགས་པ་དང་། གཉིད་དང་རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་ཞེས་བྱ་བར་འདོན་ཅིང་འདི་སྐད་དུ་ཡང་འཆད་དེ། རྨུགས་པ་དང་གཉིད་ནི་ཞི་གནས་ཀྱི་བར་དུ་གཅོད་པར་བྱེད་པ་ཡིན་ལ། རྒོད་པ་དང་འགྱོད་པ་
ནི་ལྷག་མཐོང་གི་བར་དུ་གཅོད་པར་བྱེད་པ་ཡིན། ཐེ་ཚོམ་ནི་ལངས་པ་ལ་ཆོས་ངེས་པར་རྟོག་པའི་ཚེ་བར་ཆད་བྱེད་པ་ཡིན་པས་རྒོད་པ་དང་འགྱོད་པས་འཇིགས་སོ་ཞེས་བྱའོ་ཞེའོ། །གཞན་དག་ནི་གཞན་དུ་བརྗོད་དོ་ཞེས་བྱ་བ་ནི་སྔོན་གྱི་སློབ་དཔོན་དག་གོ། །རྒྱུ་བར་གྱུར་པས་ཞེས་བྱ་བ་ནི་
བསོད་སྙོམས་ཀྱི་ཕྱིར་འབྱམས་པས་སོ། །མཚན་མར་གཟུང་བའི་ཕྱིར་ཞེས་བྱ་བ་ནི། བུད་མེད་ཀྱི་གཟུགས་ཞེས་བྱ་བའམ། བུད་མེད་ཀྱི་སྒྲ་ཞེས་བྱ་བར་གཟུང་བའི་ཕྱིར་རོ། །གནས་པར་གྱུར་པ་ནང་དུ་ཡང་དག་འཇོག་པ་འགྲེང་བའམ། འདུག་པའམ། འཆག་པའམ་དེ་སྔོན་
དུ་འགྲོ་བས་ཏེ། ཡུལ་སྡུག་པ་དང་མི་སྡུག་པ་ལ་མཚན་མར་འཛིན་པ་སྔོན་དུ་འགྲོ་བའམ། ཡུལ་སྡུག་པ་དང་མི་སྡུག་པ་སྔོན་དུ་འགྲོ་བ་དག་གོ། །གོ་རིམས་བཞིན་དུ་རྨུགས་པ་དང་གཉིད་དང་། རྒོད་པ་དང་འགྱོད་པ་དང་། ཐེ་ཚོམ་ནི་ཞི་གནས་དང་ལྷག་མཐོང་དག་ལ་བར་ཆད་བྱེད་ལ་
ཞེས་བྱ་བ་ནི། རྨུགས་པ་དང་གཉིད་ནི་ཞི་གནས་ཀྱི་བར་ཆད་བྱེད་དེ། རྨུགས་པ་དང་གཉིད་དག་ཉེ་བའི་ངོ་བོ་ཉིད་དུ་གནས་པའི་ཕྱིར་རོ། །རྒོད་པ་དང་འགྱོད་པ་དང་ཐེ་ཚོམ་དག་ནི་ལྷག་མཐོང་གི་བར་ཆད་བྱེད་དོ། །རྒོད་པ་དང་། འགྱོད་པ་ཟླས་དབྱེ་བ་གཅིག་པ་ལྟ་བུའི་ངོ་བོར་བྱས་པ་ཐེ་ཚོམ་དང་།
ལྷན་ཅིག་ཡང་ཟླས་དབྱེ་བ་བྱས་ཏེ། རྒོད་པ་དང་འགྱོད་པ་དང་ཐེ་ཚོམ་ནི་རྒོད་པ་དང་འགྱོད་པ་དག་དང་ཐེ་ཚོམ་དག་ཅེས་བྱ་བ་ཡིན་ནོ། །སྐལ་བ་མི་མཉམ་པའི་ཁམས་ཀུན་དུ་འགྲོ་བ་ལོག་པར་ལྟ་བ་ལ་སོགས་པ་སྡུག་བསྔལ་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཉིད་ཀྱིས་ཐ་དད་པ་
Vol. 143 · folio 139a
གཉིས་སུ་གྱུར་པ་རྣམས་གང་གི་ཚེ་གཟུགས་དང་གཟུགས་མེད་པའི་ཁམས་ལ་དམིགས་པའི་གནས་སྐབས་ན་སྡུག་བསྔལ་དང་ཀུན་འབྱུང་བ་ལ་རྗེས་སུ་ཤེས་པ་དང་མཐུན་པའི་ལམ་གྱིས་དམིགས་པ་ཡོངས་སུ་ཤེས་པ་དེའི་ཚེ་ནི་སྔར་སྡུག་བསྔལ་ལ་ཆོས་ཤེས་པ་དང་། ཀུན་
འབྱུང་བ་ལ་ཆོས་ཤེས་པས་ཅི་རིགས་པར་སྤངས་ཟིན་པ་ཉིད་ཀྱི་ཕྱིར་སྤང་བར་མི་འགྱུར་ཏེ། དེ་དག་ནི་འདོད་པ་ན་སྤྱོད་པ་ཡིན་པའི་ཕྱིར་ཆོས་ཤེས་པས་གཞོམ་པར་བྱ་བ་ཡིན་པས་སོ། །འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ཟག་པ་དང་བཅས་པ་ལ་དམིགས་པ་ལྟ་བ་མཆོག་ཏུ་འཛིན་པ་ལ་
སོགས་པ་ཡང་གང་གི་ཚེ་དམིགས་པ་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པའི་ངོ་བོ་ཉིད་སྡུག་བསྔལ་ལ་ཆོས་ཤེས་པའི་ཕྱོགས་དང་མཐུན་པའམ། རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པས་ཁམས་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་དེའི་ཚེ་ན་དེ་དག་སྤོང་བར་མི་འགྱུར་ཏེ། འགོག་པ་དང་ལམ་མཐོང་
བས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཇི་ལྟར་དེ་དག་སྤང་ཞེ་ན་ཞེས་བྱ་བ་ནི་དམིགས་པ་ཡོངས་སུ་ཤེས་པས་ནི་དེ་དག་སྤོང་བར་མི་རུང་ངོ་སྙམ་དུ་བསམས་པ་ཡིན་ནོ། །རང་གི་ས་པ་ལ་དམིགས་པ་རྣམས་ཞེས་བྱ་བ་ཁྱད་པར་སྨོས་པ་ནི་སྐལ་བ་མི་མཉམ་པའི་ཁམས་སུ་ཀུན་དུ་འགྲོ་བ་བསལ་བའི་ཕྱིར་
རོ། །དེ་ལ་དམིགས་པ་ཡང་དག་པར་ཟད་པས་ཞེས་བྱ་བ་ནི་འདི་དག་ལ་དམིགས་པ་སྐལ་བ་མི་མཉམ་པའི་ཁམས་སུ་ཀུན་དུ་འགྲོ་བ་དེ་དག་ཡོད་པས་ན་དེ་ལ་དམིགས་པ་སྟེ། སྐལ་བ་མི་མཉམ་པའི་ཁམས་སུ་འགྲོ་བ་རྣམས་སོ། །དེ་དག་ཟད་ཅིང་སྤངས་པས་སྐལ་བ་མི་མཉམ་པའི་ཁམས་སུ་
འགྲོ་བ་དེ་དག་ཀུན་དུ་སྤངས་པར་འགྱུར་རོ། །དམིགས་པ་སྤངས་པས་ཞེས་བྱ་བ་ནི་ལྟ་བ་མཆོག་ཏུ་འཛིན་པ་ལ་སོགས་པའི་དམིགས་པ་འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ལོག་པར་ལྟ་བ་ལ་སོགས་པ་སྤངས་པས་ལྟ་བ་མཆོག་ཏུ་འཛིན་པ་ལ་སོགས་པ་ཟག་པ་དང་བཅས་པ་ལ་དམིགས་
པ་དེ་དག་སྤང་བར་འགྱུར་རོ། །གཉེན་པོ་སྐྱེས་པས་ཟད་པར་འགྱུར། །ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བ་རྣམས་ནི་གཉེན་པོ་སྐྱེས་པ་ཁོ་ནས་ཟད་པར་འགྱུར་གྱི་དམིགས་པ་ཡོངས་སུ་ཤེས་པས་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །འོག་ནས་བཤད་པར་བྱའོ་ཞེས་བྱ་བ་ནི། ས་དང་ས་ན་
Vol. 143 · folio 139b
ཉེས་རྣམས་དགུ། །དེ་བཞིན་དུ་ནི་ཡོན་ཏན་རྣམས། །ཞེས་བྱ་བ་འདི་ནས་འཆད་པར་འགྱུར་རོ། །སྤོང་བ་གཉེན་པོ་ནི་བར་ཆད་མེད་པའི་ལམ་མོ་ཞེས་བྱ་བ་ནི་མི་མཐུན་པའི་དགྲ་བོའི་ཕྱོགས་ནི་གཉེན་པོ་ཡིན་པས་སྤོང་བ་གཉེན་པོའོ། །རྣམ་པར་གྲོལ་བའི་ལམ་ཡང་གཉེན་པོ་ཡིན་མོད་ཀྱི་སྤོང་བའི་
ཆེད་དུ་ནི་མ་ཡིན་པས་དེའི་ཕྱིར་དེ་སྐད་དུ་ཁྱད་པར་སྨོས་སོ། །ཡང་ན་འདིས་སྤོང་བར་བྱེད་པས་སྤང་བ་ཡིན་ལ། འདི་ནི་སྤོང་བ་ཡང་ཡིན་གཉེན་པོ་ཡང་ཡིན་པས་སྤོང་བ་གཉེན་པོ་སྟེ། འདི་ལྟ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །གཞི་གཉེན་པོ་ནི་དེ་ཡན་ཆད་ཀྱི་ལམ་གང་ཡིན་
པ་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་དེ་ཡན་ཆད་ཀྱི་ལམ་གང་ཡིན་པ་དེ། དེ་ནི་དེའི་ཐོབ་པ་ཀུན་དུ་འཛིན་པའི་ཕྱིར་སྤངས་པའི་གཞི་གཉེན་པོ་ཡིན་ཏེ། འདིས་ཀུན་དུ་འཛིན་པས་ན་གཞིའོ། །དེ་ཉིད་གཉེན་པོ་ཡིན་པས་ན་གཞི་གཉེན་པོ་སྟེ་འདི་ལྟ་སྟེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་
པའི་གོང་མ་སྡུག་བསྔལ་ལ་ཆོས་ཤེས་པའོ། །དེའི་ཕྱིར་རྒྱུ་གང་གིས་དེ་སྤངས་པའི་ཐོབ་པ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ལམ་གང་གིས་དེའི་ཐོབ་པ་ཀུན་དུ་འཛིན་པར་བྱེད་པ་ཡིན་ནོ། །ཁྱད་པར་གྱི་ལམ་དང་བར་ཆད་མེད་པའི་ལམ་གྱིས་ཀྱང་དེའི་ཐོབ་པ་རྒྱུན་མི་འཆད་པའི་ཕྱིར་བར་ཆད་མེད་
པའི་ལམ་གྱིས་སྤང་བའི་ཐོབ་པ་དེའི་ཀུན་དུ་འཛིན་པས་དེ་ཡང་གཞི་གཉེན་པོ་ཡིན་ནོ། །ཐག་བསྲིང་བའི་ངོ་བོའི་གཉེན་པོ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཉོན་མོངས་པའི་ཐོབ་པ་སྲིང་བར་བྱེད་པ་ནི་ཐག་བསྲིང་བའི་ངོ་བོའོ། །དེ་ཉིད་གཉེན་པོ་ཡིན་པས་ན་ཐག་བསྲིང་བའི་ངོ་བོའི་གཉེན་པོའོ། །
ཡང་ན་ཐག་བསྲིང་བའི་ངོ་བོ་ནི་ཐག་བསྲིང་བར་འགྱུར་བའོ། །དེའི་གཉེན་པོ་ནི་ཐག་བསྲིང་བའི་ངོ་བོ་གཉེན་པོའོ། །རྣམ་པར་གྲོལ་བ་ཡན་ཆད་ཀྱི་ལམ་གང་ཡིན་པ་སྟེ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་ལམ་སྡུག་བསྔལ་ལ་ཆོས་ཤེས་པ་གང་ཡིན་པ་དེ་ཡན་ཆད་ཀྱི་ལམ་སྡུག་བསྔལ་ལ་རྗེས་སུ་
ཤེས་པའི་བཟོད་པ་ལ་སོགས་པ་གང་ཡིན་པ་དེ་ནི་ཐག་བསྲིང་བའི་ངོ་བོ་གཉེན་པོ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །གཞན་དག་ན་རེ་རྣམ་པར་གྲོལ་བའི་ལམ་ཡང་ཡིན་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་ལམ་དང་པོ་དེ་ཡང་ཐག་བསྲིང་བའི་ངོ་བོ་གཉེན་པོ་ཞེས་བྱ་སྟེ། དེས་ཀྱང་ཉོན་མོངས་
Vol. 143 · folio 140a
པའི་ཐོབ་པ་དེ་ཐག་སྲིང་བར་བྱེད་དོ་ཞེས་ཟེར་རོ། །དེ་ལྟ་ན་རྣམ་པར་གྲོལ་བའི་ལམ་ནི་གཞི་གཉེན་པོ་དང་ཐག་བསྲིང་བའི་ངོ་བོ་གཉེན་པོ་ཞེས་བྱ་བ་མིང་གཉིས་ཐོབ་བོ་ཞེས་བཤད་པ་ཡིན་ནོ། །ཁམས་དེ་ལ་སྐྱོན་དུ་མཐོང་ནས་རྣམ་པར་སུན་འབྱིན་པར་བྱེད་པའོ་ཞེས་བྱ་བ་
ནི་གང་གིས་ཁམས་དེ་མི་རྟག་པ་ལ་སོགས་པའི་རྣམ་པར་སུན་འབྱིན་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་ན་སྤོང་བའི་གཉེན་པོ་ལ་སོགས་པ་སྡུག་བསྔལ་ཀུན་འབྱུང་ལ་དམིགས་པ་གང་ཡིན་པ་དེ་ཡང་རྣམ་པར་སུན་འབྱིན་པ་གཉེན་པོ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཡང་འདི་དག་
གི་གོ་རིམས་འདི་ནི་ཆོས་ལེགས་པར་འགྱུར་རོ་ཞེས་ཟེར་བ་ནི་སློབ་དཔོན་ཡིན་ཏེ། ཐེམ་སྐས་ཀྱི་ཚུལ་ལ་བརྟེན་པའི་ཕྱིར་དང་མཚན་ཉིད་མ་འཆོལ་བའི་ཕྱིར་གོ་རིམས་ཆེས་ལེགས་པ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །སྡུག་བསྔལ་དང་ཀུན་འབྱུང་ལ་དམིགས་པ་སྦྱོར་བའི་ལམ་མོ་
ཞེས་བྱ་བ་ནི་དྲོ་བར་གྱུར་པ་ལ་སོགས་པའི་ལམ་ཁོ་ན་ཡིན་པར་གཟུང་གི་བར་ཆད་མེད་པའི་ལམ་ལ་སོགས་པ་ནི་མ་ཡིན་ཏེ། དེ་ནི་སྤོང་བ་གཉེན་པོའི་ཆེད་དུ་རྣམ་པར་གཞག་པའི་ཕྱིར་རོ། །བར་ཆད་མེད་པའི་ལམ་ཐམས་ཅད་དོ་ཞེས་བྱ་བ་ནི་དུས་ཕྱིས་འབྱུང་བ་གང་ཡིན་པ་གཞན་ཡང་ཡིན་
ནོ། །རྣམ་པར་གྲོལ་བའི་ལམ་མོ་ཞེས་བྱ་བ་ནི་ཐམས་ཅད་དོ་ཞེས་བྱ་བ་ཉིད་དུ་ཡང་སྐབས་དང་སྦྱར་རོ། །ཁྱད་པར་གྱི་ལམ་ནི་འདིར་འདི་གསུམ་ལས་མ་གཏོགས་པ་གང་ཡིན་པ་དེ་ཡིན་པར་ཡོངས་སུ་གཟུང་ངོ་། །མཚུངས་པར་ལྡན་པ་ལས་ནི་ཉོན་མོངས་པ་རྣམ་པར་དབྱེ་བར་མི་
ནུས་སོ་ཞེས་བྱ་བ་ནི་རང་གི་ཚོགས་ལས་དགའ་བར་མི་ནུས་པའི་ཕྱིར་རོ། །རེ་ཞིག་མ་འོངས་པ་ནི་རྣམ་པར་ཕྱེ་ཟིན་པ་ཡང་དངོས་པོ་དེ་ལ་དམིགས་ནས་མི་སྐྱེའོ་ཞེས་བྱ་བ་ནི་གཏན་ཚིགས་དེས་ན་དམིགས་པ་ལས་རྣམ་པར་དབྱེ་བར་ཡང་ནུས་གྲང་ན། དངོས་པོ་གང་ཞིག་ལ་དམིགས་
ནས་སྐྱེས་པའི་འདས་པ་གོ་ཇི་ལྟར་ནུས་ཏེ། དམིགས་པར་བྱས་པའི་དངོས་པོ་དམིགས་པ་མ་ཡིན་པར་བྱས་པར་ནི་མི་ནུས་སོ། །དེ་ཡང་མ་ངེས་ཏེ་ཞེས་བྱ་བ་ནི་དམིགས་པ་ཡོངས་སུ་ཤེས་པ་དང་། དེ་ལ་དམིགས་པ་ཡང་དག་པར། །ཟད་དང་དམིགས་པ་སྤངས་པས་སོ། །
Vol. 143 · folio 140b
གཉེན་པོ་སྐྱེས་པས་ཟད་པར་འགྱུར། །ཞེས་རྣམ་པ་བཞིས་ཉོན་མོངས་པ་ཟད་པར་འདོད་དེ། དེའི་ཕྱིར་དམིགས་པ་ཡོངས་སུ་ཤེས་པས་ཞེས་བྱ་བ་ནི་མ་ངེས་པ་ཡིན་ནོ། །དེ་ལྟ་བས་ན་འདི་བརྗོད་པར་བྱ་དགོས་སོ་ཞེས་བྱ་བ་ནི་འདི་ལ་ལན་གདབ་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་
ལ་སློབ་དཔོན་འདུས་བཟང་ལན་འདེབས་པ་ནི་ཉོན་མོངས་པ་རྣམས་ནི་དམིགས་པ་ལས་སྤང་བར་བྱ་བ་ཡིན་ཏེ། དམིགས་པ་ཡོངས་སུ་ཤེས་པའི་སྟོབས་ཀྱིས་ཉོན་མོངས་པ་རྣམས་སྤང་བར་འགྱུར་བས་སོ། །ཕྲ་རྒྱས་ཀྱི་དམིགས་པ་ནི་རྣམ་པ་གཉིས་ཏེ། ལྡན་པར་འགྱུར་བའི་དངོས་པོ་དང་
ལྡན་པར་མི་འགྱུར་བའི་དངོས་པོའོ། །དེ་ལ་གང་ཟག་གི་རྒྱུད་ལ་ལྡན་པར་འགྱུར་བའི་དངོས་པོའི་ཡུལ་ཅན་རྣམས་དང་། དེའི་ཡུལ་ཅན་མ་ཡིན་པའི་ཕྲ་རྒྱས་དེ་དག་གི་སྟོབས་ཀྱིས་བསྐྱེད་པ་རྣམས་ཀྱི་ཐོབ་པ་ཉོན་མོངས་པ་མ་འོངས་པ་དང་འདས་པའི་རྒྱུ་དང་འབྲས་བུར་གྱུར་པ་ནི་གང་ཟག་
གི་རྒྱུད་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ལ་ཡང་རྒྱུན་མི་འཆད་པར་རབ་ཏུ་འབྱུང་ལ། ལྡན་པར་མི་འགྱུར་བའི་དངོས་པོའི་ཡུལ་ཅན་རྣམས་དང་། དེའི་ཡུལ་ཅན་མ་ཡིན་པ་དེའི་ཡུལ་ཅན་གྱི་ཉོན་མོངས་པ་དག་གི་རྗེས་ལ་ཀུན་དུ་འབྱུང་བའི་ཉོན་མོངས་པ་རྣམས་ཀྱི་ཐོབ་པ་ཡང་དེ་དང་
འདྲ་བར་རིག་པར་བྱའོ། །དེ་ནི་མ་འོངས་པ་རྣམས་སྐྱེ་བའི་རྐྱེན་དུ་འགྱུར་བའི་ཕྱིར་རྒྱུར་གྱུར་པ་ཡང་ཡིན་ལ་འདས་པ་རྣམས་ཀྱི་རྒྱུ་མཐུན་པར་འགྱུར་བའི་ཕྱིར་འབྲས་བུར་གྱུར་པ་ཡང་ཡིན་ནོ། །ཉོན་མོངས་པ་རྣམས་ནི་དེས་ཀུན་དུ་གཟུང་བའི་ཕྱིར་དེ་ཡང་སྤོང་བ་གཉེན་པོ་རྒྱུ་མཐུན་པ་ཐོབ་པ་
དང་། ཕྲད་པར་འགལ་ལོ། །དེའི་ཕྱིར་དམིགས་པ་གང་ཞིག་གིས་སྐྱེས་པའི་ཉོན་མོངས་པ་རྣམས་ནི་གཞན་ལ་དམིགས་པའི་ཉོན་མོངས་པ་དག་ཀྱང་རབ་ཏུ་འབྱུང་བར་བྱེད་ལ་དེ་ལ་དམིགས་པ་སྤོང་བ་གཉེན་པོའི་རྒྱུ་མཐུན་པ་སྐྱེས་ན་ཉོན་མོངས་པ་དེ་དག་དེ་ལ་དམིགས་པ་ཡིན་ཡང་རྒྱུ་དང་འབྲས་
བུ་དང་བྲལ་ན་དེ་དག་གི་ཐོབ་པ་བཅོམ་པ་ལ་སྤངས་པ་ཞེས་བྱའོ། །དེ་བས་ན་གང་གི་ཕྱིར་ཉོན་མོངས་པའི་ཡུལ་འགའ་ཞིག་གི་དངོས་པོ་ཇི་ལྟ་བ་བཞིན་ཡོངས་སུ་མ་ཤེས་ན་རྒྱུད་ལ་དེའི་ཡུལ་ཅན་གྱི་ཉོན་མོངས་པའི་སྟོབས་ཀྱིས་དེའི་ཡུལ་ཅན་མ་ཡིན་པའི་ཉོན་མོངས་པ་རྣམས་ཀྱི་ཐོབ་པ་
Vol. 143 · folio 141a
མ་འོངས་པ་དང་། འདས་པའི་རྒྱུ་དང་འབྲས་བུར་གྱུར་པ་དངོས་པོ་ཇི་ལྟ་བ་བཞིན་མ་ཡིན་པར་རབ་ཏུ་འབྱུང་བ་དེའི་ཕྱིར་དམིགས་པ་ལས་ཉོན་མོངས་པ་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བར་འདོད་དོ་ཞེས་ཟེར་རོ། །དེ་ལ་དམིགས་པ་སྤངས་པ་ལ་སོགས་པས་ཀྱང་ཉོན་མོངས་པ་སྤང་བར་
འགྱུར་རོ་ཞེས་བྱ་བར་འདོད་པ་མ་ཡིན་ནམ་ཅི་སྟེ་དམིགས་པ་ཡོངས་སུ་ཤེས་པའི་སྟོབས་ཀྱིས་ཉོན་མོངས་པ་རྣམས་སྤང་བར་འགྱུར་ཞེས་བྱ་བ་འདི་སྨྲས་ཤེ་ན། བསམ་པ་ནི་དེ་དག་ཀྱང་སྡུག་བསྔལ་ལ་སོགས་པ་ཡོངས་སུ་ཤེས་པའི་སྟོབས་ཁོ་ནས་སྤང་བར་འགྱུར་ཏེ། དེ་ཡོད་པའི་ངོ་བོ་དང་ལྡན་
པས་དེ་ཡོད་པའི་ངོ་བོ་དང་ལྡན་པའི་ཕྱིར་རོ། །གང་དག་གཉེན་པོ་སྐྱེས་པས་སྤོང་བར་བརྗོད་པ་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་དེ་དག་ཀྱང་དམིགས་པ་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་ཡོངས་སུ་ཤེས་པ་ཁོ་ནས་སྤང་བར་འགྱུར་རོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེ་ལ་དམིགས་
པས་སྤངས་པ་ལ་སོགས་པས་ཀྱང་ཉོན་མོངས་པ་རྣམས་སྤང་བར་འགྱུར་རོ་ཞེས་བྱ་བ་གང་ཡིན་པ་དེ་ནི་རྣམ་པར་གཞག་པ་ཙམ་དུ་ཟད་དོ་ཞེས་བྱ་བ་ཡིན་པར་མངོན་ནོ། །རང་གི་རྒྱུད་ལ་ཡོད་པ་ནི་ཐོབ་པ་ཆད་པས་སོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རང་གི་རྒྱུད་ཀྱི་ཉོན་མོངས་པ་ནི་ཐོབ་པ་དང་བྲལ་བས་
སྤངས་པར་བརྗོད་པར་བྱའོ། །གཞན་གྱི་རྒྱུད་ཀྱི་ཉོན་མོངས་པ་ནི་ཐོབ་པ་ཆད་པས་མ་ཡིན་ཏེ། རང་གི་རྒྱུད་ལ་དེའི་ཐོབ་པ་མེད་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། དེ་ལ་དམིགས་པའི་ཉོན་མོངས་པ་རང་གི་རྒྱུད་ལ་ཡོད་པ་སྤངས་པས་ཏེ་གཞན་གྱི་རྒྱུད་ཀྱི་ཉོན་མོངས་པ་ལ་དམིགས་པ་དང་རང་གི་རྒྱུད་ལ་
ཡོད་པའི་ཐོབ་པ་ཆད་པས་སོ་ཞེས་བྱ་བའི་དོན་ཏོ། །གཟུགས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཐམས་ཅད་དང་ཉོན་མོངས་པ་ཅན་མ་ཡིན་པ་ཞེས་བྱ་བ་དགེ་བ་ཟག་པ་དང་བཅས་པ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་གཟུགས་ཅན་མ་ཡིན་པ་ཡང་དེ་ཁོ་ན་བཞིན་དུ་དེ་དག་ལ་
དམིགས་པའི་ཉོན་མོངས་པ་དག་རང་གི་རྒྱུད་ལ་ཡོད་པ་སྤངས་པས་སྤངས་པར་བརྗོད་པར་བྱའོ། །འབྱུང་དང་ཚུལ་ཁྲིམས་ཕྱོགས་དང་ནི། །དུས་གཉིས་རིང་བ་ཉིད་ལྟ་བུའོ། །ཞེས་བྱ་བ་ལ་ལྟ་བུའོ་ཞེས་བྱ་བ་ནི་དཔེར་བརྗོད་པ་སྟེ། དཔེར་ན་ཞེས་བྱ་བའི་དོན་དུ་བལྟ་བར་བྱའོ། །མཚན་ཉིད་
Vol. 143 · folio 141b
ཀྱིས་ནི་མཚན་ཉིད་ཀྱིས་རིང་བ་ཉིད་དེ། དཔེར་ན་འབྱུང་བ་རྣམས་ལྟ་བུ་སྟེ། ཆུའི་ཁམས་ཀྱང་སའི་ཁམས་ལས་མཚན་ཉིད་ཐ་དད་ལ་སའི་ཁམས་ཀྱང་དེ་ལས་མཚན་ཉིད་ཐ་དད་པ་ནི་རིང་བ་ཡིན་ནོ། །མི་མཐུན་པ་ཉིད་ཀྱིས་ནི་གཉེན་པོས་རིང་བ་ཉིད་དེ། དཔེར་ན་འཆལ་བའི་ཚུལ་ཁྲིམས་ལས་
ཚུལ་ཁྲིམས་ལྟ་བུའོ། །ཡུལ་རྣམ་པར་འཆད་པས་ནི་ཡུལ་གྱིས་རིང་བ་ཉིད་དེ། དཔེར་ན་ཤར་གྱི་རྒྱ་མཚོ་ལས་ནུབ་ཀྱི་རྒྱ་མཚོ་ལྟ་བུའོ་དུས་ཀྱི་ནི་དུས་ཀྱིས་རིང་བ་ཉིད་དེ། དཔེར་ན་འདས་པ་དང་མ་འོངས་པའི་དུས་གཉིས་ལྟ་བུའོ། །འདས་པ་དང་མ་འོངས་པ་དེ་ནི་རིང་བ་ཞེས་བཤད་དེ། གང་
ནས་བཤད་ཅེ་ན། ཆོས་མངོན་པ་ལས་ཏེ། འདི་སྐད་དུ་ཆོས་རིང་བ་དག་གང་ཞེ་ན། འདས་པ་དང་མ་འོངས་པའི་ཆོས་རྣམས་སོ། །ཆོས་ཉེ་བ་དག་གང་ཞེ་ན། ད་ལྟར་བྱུང་བའི་ཆོས་རྣམས་དང་། འདུས་མ་བྱས་སོ་ཞེས་འབྱུང་ངོ་། །དེ་ནི་དུས་ཐ་དད་པ་ཉིད་ཀྱིས་རིང་བ་ཡིན་གྱི་ཞེས་བྱ་བ་ནི་འདས་
མ་ཐག་པ་དང་སྐྱེ་བར་འགྱུར་བ་ཞེས་བྱ་བ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་མ་འོངས་པ་གང་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡུན་རིང་མོ་ཞིག་ནི་བྱུང་བ་དང་འབྱུང་བ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཡུན་རིང་མོ་ཞིག་ན་བྱུང་བར་གྱུར་པ་ཉིད་ཀྱིས་འདས་པ་ཡང་མ་ཡིན་ལ། འབྱུང་བ་ཉིད་ཀྱིས་མ་
འོངས་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ལྟར་ཡང་དེ་བཞིན་དུ་རིང་བར་འགྱུར་རོ་ཞེས་བྱ་བ་ནི་དུས་ཐ་དད་པ་ཉིད་ཀྱིས་ན་ད་ལྟར་བྱུང་བའི་དུས་ཉིད་ཀྱིས་ད་ལྟར་ཡང་རིང་བར་འགྱུར་ཏེ། དཔེར་ན་འདས་པ་དང་མ་འོངས་པའི་དུས་ཉིད་ཀྱིས་འདས་པ་དང་མ་འོངས་པ་ལྟ་བུའོ། །འོ་ན་ནི་བྱེད་
པས་རིང་བ་ཡིན་ནོ་ཞེས་བྱ་བ་ནི་བྱེད་པ་ཞིག་པ་ནི་འདས་པ་ཡིན་ལ། བྱེད་པ་མ་ཐོབ་པ་ནི་མ་འོངས་པ་ཡིན་པས་འདས་པ་དང་མ་འོངས་པ་དེ་རིང་བ་ཞེས་བྱའོ། །འདུས་མ་བྱས་ཇི་ལྟར་ཉེ་བ་ཉིད་དུ་འགྲུབ་ཅེས་བྱ་བ་ནི་དེ་ལ་བྱེད་པ་མེད་པའི་ཕྱིར་ཉེ་བ་ཉིད་དུ་མི་འགྱུར་བ་ཞིག་ན་བསྟན་བཅོས་ལས་ཆོས་ཉེ་
བ་དག་གང་ཞེ་ན། ད་ལྟར་བྱུང་བའི་ཆོས་རྣམས་དང་། འདུས་མ་བྱས་སོ་ཞེས་འབྱུང་བའི་ཕྱིར་དེར་ཡང་འདོད་དོ། །དེ་ཐམས་ཅད་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ནི་འདུས་མ་བྱས་སོ་སོར་བརྟགས་པས་འགོག་པ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དེའི་ཐོབ་པ་ཡུལ་ཐམས་ཅད་དུ་སྐྱེ་
Vol. 143 · folio 142a
བའི་ཕྱིར་རོ། །འདས་པ་དང་མ་འོངས་པ་དག་ལ་ཡང་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་དགེ་བ་ལ་སོགས་པ་འདས་པ་དང་མ་འོངས་པའི་ཐོབ་པ་ཡུལ་ཐམས་ཅད་དུ་འབྱུང་བས་འདས་པ་དང་མ་འོངས་པ་ཉེ་བ་ཉིད་དུ་ཐལ་བར་འགྱུར་རོ། །ནམ་མཁའ་ཡང་ཇི་ལྟར་ཉེ་བ་ཡིན་ཞེས་བྱ་
བ་ནི་ནམ་མཁའ་ཡང་ཇི་ལྟར་ཉེ་བ་ཡིན་ཏེ། དེ་ལ་ནི་ཐོབ་པ་མེད་དོ། །འདས་པ་དང་མ་འོངས་པའི་ཕན་ཚུན་རིང་བ་ཡིན་ཞེས་བྱ་བ་ནི་མ་འོངས་པ་ཡང་འདས་པ་ལས་རིང་ལ་འདས་པ་ཡང་མ་འོངས་པ་ལས་རིང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འདུས་མ་བྱས་ཀྱང་ཆོད་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་
ད་ལྟར་གྱི་འདས་པ་དང་མ་འོངས་པ་ལྟར་གང་གིས་ཀྱང་བར་དུ་ཆོད་པ་མེད་དེ་དེ་ལྟར་ན་ཉེ་བ་ཉིད་ཡིན་ནོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་རྟོག་པ་དེ་ལ་ཡང་འདས་པ་དང་མ་འོངས་པ་གང་ཡིན་པ་དེ་ད་ལྟར་དང་ཉེ་བའི་ཕྱིར་རིང་བ་དང་ཉེ་བ་ཞེས་བྱ་བ་རྒྱས་པར་གཉི་གར་འགྱུར་ཏེ། འདས་པ་དེ་ད་ལྟར་གྱིས་
བར་དུ་ཆོད་པའི་ཕྱིར་མ་འོངས་པ་ལས་རིང་བ་ཡང་ཡིན་ལ། ད་ལྟར་དང་བར་དུ་མ་ཆོད་པའི་ཕྱིར་ཉེ་བ་ཡང་ཡིན་ཞེས་བྱ་བར་ཡང་འགྱུར་ཏེ། མ་འོངས་པ་ཡང་དེ་བཞིན་དུ་སྦྱོར་བར་བྱའོ། །འདི་སྐད་དུ་རིགས་པར་འགྱུར་རོ་ཞེས་བྱ་བ་ནི་སློབ་དཔོན་རང་གི་གཞུང་ལུགས་ཡིན་ཏེ། མ་འོངས་པ་ནི་
ཆོས་ཀྱི་རང་གི་མཚན་ཉིད་ལས་རིང་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མ་ཐོབ་པའི་ཕྱིར་ཏེ། འདི་ལྟར་མ་འོངས་པས་ནི་རང་གི་མཚན་ཉིད་མ་ཐོབ་པོ། །ཡང་ན་འདི་ལྟར་དེ་ནི་རང་གི་མཚན་ཉིད་མ་ཐོབ་ཅིང་ཉེ་བར་མི་གནས་པ་ཡིན་ནོ། །འདས་པ་ནི་ཅི་ཞེ་ན་ཞིག་པའི་ཕྱིར་ཆོས་ཀྱི་རང་གི་མཚན་
ཉིད་ལས་རིང་བ་ཡིན་ཏེ། འདི་ལྟར་ཆོས་ཀྱི་རང་གི་མཚན་ཉིད་དེ་འདས་པས་ཞིག་པའམ། འདས་པ་དེ་ཆོས་ཀྱི་རང་གི་མཚན་ཉིད་ལས་ཞིག་པས་སོ། །གཉེན་པོ་སྐྱེས་པས་ཟད་པར་འགྱུར། །ཞེས་བཤད་པས་དེའི་ཕྱིར་ཅི་ལམ་ཁྱད་པར་དུ་འགྲོ་བའི་ཕྱིར་ཞེས་བྱ་བ་འདྲི་བར་བྱེད་དེ། སྤངས་
པས་ཡང་ཁྱད་པར་དུ་འགྱུར་རམ་ཞེས་བྱ་བ་ནི་སྤངས་པ་ཁྱད་པར་དུ་འགྱུར་རམ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ནི་གཉེན་པོ་རྣམ་པར་གྲོལ་བའི་ལམ་ཡིན་པར་བསམས་སོ་ཞེས་བྱ་བ་ནི་དེ་ནི་བྲལ་བའི་ཐོབ་པ་དང་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །བར་ཆད་མེད་པའི་ལམ་ལ་ནི་རེ་ཞིག་བྲལ་
Vol. 143 · folio 142b
བའི་ཐོབ་པ་མེད་དོ། །སྐྱེ་བ་ལ་མངོན་དུ་ཕྱོགས་པ་ཡིན་པའི་ཕྱིར་རོ། །རྣམ་པར་གྲོལ་བའི་ལམ་ཡང་བར་ཆད་མེད་པའི་ལམ་གཉེན་པོ་དངོས་དང་ལྷན་ཅིག་འབྲས་བུ་གཅིག་པའི་ཕྱིར་གཉེན་པོ་ཡིན་ནོ་ཞེས་བྱ་བར་རྣམ་པར་གཞག་པར་མི་ནུས་ཏེ། འདི་ལྟར་བྲལ་བའི་ཐོབ་པ་འདྲེན་པར་བྱེད་པ་
དང་། རྟེན་དུ་གྱུར་པའི་ཕྱིར་གཉི་གས་དེ་འཐོབ་པོ་ཞེས་བཤད་དོ། །འབྲས་བུ་དག་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞིའོ་ཞེས་བྱ་བ་ལ་འབྲས་བུ་བཞི་ཞེས་སྨོས་པ་ནི་འབྲས་བུ་བརྒྱད་ཅུ་རྩ་དགུ་ཡིན་པར་གོ་བར་འགྱུར་བ་བསྩལ་བའི་ཕྱིར་རམ། སྐྱེས་བུ་བྱེད་པའི་འབྲས་བུ་ལ་སོགས་པ་ལྔ་ཡིན་
པར་གོ་བར་འགྱུར་བ་བསལ་བའི་ཕྱིར་རོ། །འབྲས་བུ་ཐོབ་པ་ཡང་རྣམ་པར་གྲོལ་བའི་ལམ་ལ་རྣམ་པར་གཞག་པ་ཁོ་ནར་གཟུང་བར་བྱ་སྟེ། བྲལ་བའི་རྙེད་པ་ཡོད་པ་ཉིད་དང་ལྡན་པའི་ཕྱིར་རོ། །དབང་པོ་རྣམ་པར་འཕེལ་བ་ནི་དབང་པོ་འཕོ་བའོ་ཞེས་བྱ་བ་ནི་དབང་པོ་ལྷག་པ་ཡིན་པར་གོ་བར་
འགྱུར་བ་བསལ་བའི་ཕྱིར་དོན་འདི་རབ་ཏུ་བསྟན་པ་ཡིན་ཏེ། སློབ་དཔོན་འདུས་བཟང་ན་རེ་དབང་པོ་རྣམ་པར་འཕེལ་བ་ཞེས་བྱ་བ་ནི་འབྲས་བུ་ཐོབ་པ་ཞེས་སྨོས་པ་ཁོ་ནས་གྲུབ་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ལ་སྨྲ་བར་བྱ་སྟེ། འབྲས་བུ་ཐོབ་པ་ཁོ་ན་དབང་པོ་རྣམ་པར་འཕེལ་བ་ཡིན་པ་བདེན་མོད་
ཀྱི་གང་ལ་བྲལ་བ་རྙེད་པར་འགྱུར་བའི་འབྲས་བུ་ཐོབ་པ་ཁྱད་པར་ཅན་ནི་རབ་ཏུ་བསྟན་དགོས་སོ། །དེ་ལྟ་མ་ཡིན་ན་གཉེན་པོ་སྐྱེས་པ་སྨོས་པ་ཁོ་ནས་དེ་གྲུབ་པའི་ཕྱིར་འབྲས་བུ་ཐོབ་པ་ཡང་སྨོས་པར་བྱ་མི་དགོས་པར་འགྱུར་ཏེ་ཟུག་ཟུག་ཏུ་བརྒལ་མི་དགོས་སོ། །ཁ་ཅིག་གི་ནི་དུས་གཉིས་ཀྱི་བར་དུ་འཐོབ་པར་
བལྟ་བར་བྱའོ་ཞེས་བྱ་བ་ནི་ཉོན་མོངས་པ་ཁ་ཅིག་གི་བྲལ་བ་ནི་དུས་དྲུག་ཏུ་འཐོབ་པོ། །བར་དུ་ཞེས་བྱ་བའི་སྒྲས་ནི་ཁ་ཅིག་གི་ནི་དུས་ལྔར་རོ། །ཁ་ཅིག་གི་ནི་བཞིར་རོ། །ཁ་ཅིག་གི་ནི་གསུམ་དུའོ། །ཁ་ཅིག་གི་ནི་གཉིས་སུའོ་ཞེས་བསྟན་པ་ཡིན་ནོ། །ཡང་ཐོབ་པའི་བྲལ་བའི་དབང་དུ་བྱས་པ་
ཡིན་པའི་ཕྱིར། ཁ་ཅིག་གི་ནི་དུས་གཅིག་ཏུ་འཐོབ་པོ་ཞེས་ནི་མ་བཤད་དེ་དབང་པོ་རྣོན་པོས་སྲིད་པའི་རྩེ་མོའི་རྣམ་པ་དགུ་པའི་བྲལ་བ་དུས་གཅིག་ཁོ་ནར་འཐོབ་པ་སྲིད་མོད་ཀྱི་དེ་ནི་ཡང་འཐོབ་པ་མ་ཡིན་པས་མི་བརྗོད་དོ། །དེ་ལ་རེ་ཞིག་དབང་པོ་རྟུལ་པོས་བྲལ་བ་དུས་དྲུག་ཏུ་འཐོབ་སྟེ།
Vol. 143 · folio 143a
སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་མཐོང་བས་སྤང་བར་བྱ་བ་ཁམས་གསུམ་པ་རྣམས་དང་། ལམ་མཐོང་བས་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་རྣམས་ཀྱི་བྲལ་བ་ནི་གཉེན་པོ་སྐྱེས་པའི་དུས་དང་རྒྱུན་དུ་ཞུགས་པའི་འབྲས་བུའི་དུས་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དུས་དང་།
ཕྱིར་མི་འོང་བའི་འབྲས་བུའི་དུས་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུའི་དུས་དང་། དབང་པོ་འཕོ་བའི་དུས་ཞེས་བྱ་བ་དུས་དྲུག་ཏུ་འཐོབ་པོ། །སྲིད་པའི་ཕྱིར་དེ་སྐད་དུ་བཤད་པར་ཟད་ཀྱི་དབང་པོ་རྟུལ་པོ་གདོན་མི་ཟ་བར་དབང་པོ་དག་འཕོ་བ་མ་ཡིན་ནོ། །དབང་པོ་རྟུལ་པོ་དེ་ཉིད་ཀྱིས་ལམ་མཐོང་
བས་སྤང་བར་བྱ་བ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་བྲལ་བ་གཉེན་པོ་སྐྱེས་པའི་དུས་ཞེས་བྱ་བའམ་འབྲས་བུ་ཐོབ་པའི་དུས་ཞེས་བྱ་བར་གཟུང་ཡང་རུང་སྟེ། ལམ་ལ་རྗེས་སུ་ཤེས་པའི་དུས་ན་དང་པོ་ཉིད་དུ་འཐོབ་པ་དང་། ཡང་ལན་ཅིག་ཕྱིར་འོང་བའི་དུས་ནས་དབང་པོ་འཕོ་བའི་
དུས་ཞེས་བྱ་བའི་བར་ཏེ་དུས་ལྔར་འཐོབ་པོ། །དེ་ཉིད་ཀྱིས་བསྒོམ་པས་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་ཆེན་པོ་ནས་འབྲིང་པོའི་འབྲིང་པོའི་བར་རྣམ་པ་ལྔའི་བྲལ་བ་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་མ་གཏོགས་པ་དུས་ལྔ་པོ་དེ་དག་ཉིད་དུ་འཐོབ་པོ། །དེ་ཉིད་ཀྱི་རྣམ་པ་དྲུག་པ་འབྲིང་པོའི་ཆུང་
ངུའི་བྲལ་བ་ནི་གཉིས་པོ་སྐྱེས་པ་དང་འབྲས་བུ་ཐོབ་པའི་དུས་དག་གཅིག་པའི་ཕྱིར་དེའི་གང་ཡང་རུང་བ་ཞིག་དང་ཕྱིར་མི་འོང་བའི་འབྲས་བུའི་དུས་ནས་དབང་པོ་འཕོ་བའི་དུས་ཞེས་བྱ་བའི་བར་དུས་བཞིར་འཐོབ་པོ། །དེ་ཉིད་ཀྱི་རྣམ་པ་བདུན་པ་དང་བརྒྱད་པ་ཆུང་ངུའི་ཆེན་པོ་དང་ཆུང་ངུའི་འབྲིང་པོ་
ཐོབ་པ་ནི་གཉེན་པོ་སྐྱེས་པའི་དུས་དང་ཕྱིར་མི་འོང་བའི་འབྲས་བུའི་དུས་ནས་དབང་པོ་འཕོ་བའི་དུས་ཀྱི་བར་དུས་བཞི་ཁོ་ནར་འཐོབ་པོ། །དེ་ཉིད་ཀྱིས་རྣམ་པ་ཐ་མའི་ཆུང་ངུའི་ཆུང་ངུ་བྲལ་བ་ནི་གཉེན་པོ་སྐྱེས་པའི་དུས་ཞེས་བྱ་བར་ཡང་རུང་། འབྲས་བུ་ཐོབ་པའི་དུས་ཞེས་བྱ་བར་ཡང་རུང་སྟེ།
གང་ཡང་རུང་བ་ཞིག་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཐོབ་པའི་དུས་དང་དབང་པོ་འཕོ་བའི་དུས་ཞེས་བྱ་བ་དུས་གསུམ་དུ་འཐོབ་པོ། །དེ་བཞིན་དུ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཐོབ་པར་བྱེད་པ་དེས་གཟུགས་དང་གཟུགས་མེད་པའི་ཉོན་མོངས་པ་བསྒོམ་པས་སྤང་བར་བྱ་བ་ཆེན་པོའི་ཆེན་པོ་
Vol. 143 · folio 143b
ནས་ཆུང་ངུའི་ཆུང་ངུའི་བར་རྣམ་པ་དགུ་སྤངས་པ་གང་དག་ཡིན་པ་དེ་དག་ལས་སྲིད་པའི་རྩེ་མོ་པའི་རྣམ་པ་ཐ་མ་ཆུང་ངུའི་ཆུང་ངུ་མ་གཏོགས་པ་ཐམས་ཅད་ཀྱི་བྲལ་བ་ཡང་གཉེན་པོ་སྐྱེས་པའི་དུས་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུའི་དུས་དང་དབང་པོ་འཕོ་བའི་དུས་ཞེས་བྱ་བ་དུས་གསུམ་ཁོ་
ནར་འཐོབ་བོ། །གཟུགས་མེད་པ་ན་སྤྱོད་པའི་རྣམ་པ་ཆུང་ངུའི་ཆུང་ངུ་གང་ཡིན་པ་དེའི་བྲལ་བ་ནི་གཉེན་པོ་སྐྱེས་པ་དང་བྲལ་བ་ཉིད་ཀྱི་འབྲས་བུ་ཐོབ་པ་དུས་གཅིག་པའི་ཕྱིར་གཉེན་པོ་སྐྱེས་པའི་དུས་ཞེས་བྱ་བར་ཡང་རུང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཐོབ་པའི་དུས་ཞེས་བྱ་བར་ཡང་རུང་སྟེ། གང་
ཡང་རུང་བ་ཞིག་དང་དབང་པོ་འཕོ་བ་ཞེས་བྱ་བ་དུས་གཉིས་སུ་འཐོབ་སྟེ་རེ་ཞིག་དེ་ལྟ་བུ་ནི་དབང་པོ་རྟུལ་པོས་འཐོབ་པ་བཤད་པ་ཡིན་ནོ། །དབང་པོ་རྣོན་པོས་ནི་དབང་པོ་འཕོ་བའི་དུས་གཅིག་ཏུ་བོར་ནས་ཉོན་མོངས་པ་ཁ་ཅིག་གི་ནི་དུས་ལྔར་འཐོབ་པས་ན་དུས་གཉིས་ཀྱི་བར་དུ་འཐོབ་པོ་ཞེས་བྱ་བར་
བརྗོད་པར་བྱ་སྟེ། དེ་ལ་ནི་ཐམས་ཅད་དུ་དབང་པོ་འཕོ་བ་མེད་དོ། །དེས་ནི་ཉོན་མོངས་པ་རྣམས་ཀྱི་བྲལ་བ་དུས་གཅིག་ཏུ་འཐོབ་པ་ཡོད་དེ། བསྒོམ་པས་སྤང་བར་བྱ་བ་སྲིད་པའི་རྩེ་མོ་པའི་རྣམ་པ་ཆུང་ངུའི་ཆུང་ངུ་བྲལ་བ་ལྟ་བུ་ཡིན་ན་དེ་ནི་ཡང་འཐོབ་པར་མི་འགྱུར་བས་མི་བརྗོད་དོ་ཞེས་བྱ་བར་
ལྟའོ། །འབྲས་བུ་ལ་རྒྱུ་བཏགས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྤངས་པའོ། །རྒྱུ་ནི་ཡོངས་སུ་ཤེས་པ་སྟེ། །ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ནོ། །འབྲས་བུ་སྤངས་པ་དེ་ལ་ཡོངས་སུ་ཤེས་པའོ་ཞེས་རྒྱུ་ཉེ་བར་བཏགས་པ་ཡིན་ཏེ། དཔེར་ན་རེག་པའི་སྐྱེ་མཆེད་དྲུག་པོ་སྔོན་མངོན་པར་འདུས་
བྱས་ཤིང་ཆེད་དུ་བསྩགས་པ་འདི་དག་ནི་སྔོན་གྱི་ལས་ཡིན་པར་རིག་པར་བྱའོ་ཞེས་འབྱུང་བ་ལྟ་བུའོ། །ཡང་གང་ནས་སྤང་བ་ལ་ཡོངས་སུ་ཤེས་པའི་སྒྲར་བསྟན་ཞེ་ན་མདོ་ལས་ཏེ། འདི་སྐད་དུ་དགེ་སློང་དག་ཡོངས་སུ་ཤེས་པར་བྱ་བའི་ཆོས་རྣམས་དང་། ཡོངས་སུ་ཤེས་པ་དག་དང་།
ཡོངས་སུ་ཤེས་པ་དང་ལྡན་པའི་གང་ཟག་ཀྱང་བཤད་པར་བྱ་སྟེ། ཡོངས་སུ་ཤེས་པར་བྱ་བའི་ཆོས་རྣམས་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཡོངས་སུ་ཤེས་པ་གང་ཞེ་ན། འདི་ལ་འདུན་པའི་འདོད་ཆགས་སྤངས་པ་དང་། འདུན་པའི་འདོད་ཆགས་ལས་ཡང་དག་པར་
Vol. 143 · folio 144a
འདས་པ་སྟེ། འདི་ནི་ཡོངས་སུ་ཤེས་པ་ཞེས་བྱ་བའོ་ཞེས་བྱ་བ་རྒྱས་པར་གསུངས་སོ། །འདོད་པ་ན་དང་པོའི་རྣམ་གཉིས་ཟད་ལ་གཅིག་ཅེས་བྱ་བ་ནི་ཡོངས་སུ་ཤེས་པར་རྣམ་པར་གཞག་པའི་གཏན་ཚིགས་བྲལ་བའི་ཐོབ་པ་ཟད་མེད་དང་། སྲིད་རྩེ་ཉམས་པར་བྱས་པ་དང་། །
རྒྱུ་གཉིས་ཀུན་དུ་བཅོམ་པའི་ཕྱིར། །ཡོངས་ཤེས་ཞེས་བྱ་བ་འདི་ནས་འཆད་པར་འགྱུར་རོ། །ཐ་མའི་ཆ་དང་མཐུན་པ་སྤངས་པ་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་ཟག་པ་སྤངས་པ་ཞེས་བྱ་བའི་ཐ་ཚིག་སྟེ་འདི་ཉིད་དེའི་མིང་ཡིན་ནོ། །གཟུགས་ཀྱི་ཟག་པ་སྤངས་པ་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ཀྱི་ཟག་པ་སྤངས་པ་ཞེས་བྱ་
བའི་དོན་ཏེ། དེའི་མིང་ནས་གཟུགས་ཀྱི་ཁམས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་ཞེས་བྱའོ། །ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཟུགས་ན་སྤྱོད་པ་གཞན་དག་ཀྱང་ཡོད་མོད་ཀྱི་འདིའི་ཡོངས་སུ་ཤེས་པ་རྣམ་པར་གཞག་པ་ནི་དེ་ན་འདོད་ཆགས་གཙོ་བོ་ཡིན་
པའི་ཕྱིར་གོང་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བའི་ནི་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་ཞེས་བཤད་དོ། །ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པའོ་ཞེས་བྱ་བ་འདི་ནི་ཟག་པ་ཐམས་ཅད་སྤངས་པའི་མིང་ཡིན་ནོ། །ཡོངས་སུ་ཤེས་པ་ནི་ཐ་དད་
པར་བསྟན་ལ་ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བ་གཟུགས་ན་སྤྱོད་པ་རྣམས་སྤངས་པ་ནི་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་ཡིན་ནོ། །གཟུགས་མེད་པ་རྣམས་ཀྱིས་ནི་ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །
མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་ཅིའི་ཕྱིར་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བ་རྣམས་ཀྱི་ཡོངས་སུ་ཤེས་པ་སོ་སོར་མི་བསྟན་ཏེ། དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པ་ཡང་ཡོངས་
སུ་ཤེས་པ་གསུམ་ཡིན་ཏེ་ཞེས་འབྱུང་བའི་ཕྱིར་རོ། །བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱི་གཉེན་པོ་མི་འདྲ་བའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ས་དང་ས་ན་གཟུགས་ན་སྤྱོད་པའི་བསྒོམ་པས་སྤང་བར་བྱ་བ་རྣམ་པ་དགུའི་གཉེན་པོ་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་ཟག་པ་མེད་པ་མི་
Vol. 143 · folio 144b
ལྕོགས་པ་མེད་པ་ལ་སོགས་པའི་ས་དང་། ཟག་པ་དང་བཅས་པ་བསམ་གཏན་གཉིས་པའི་ཉེར་བསྡོགས་ཀྱིས་བསྡུས་པ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱིས་བསྡུས་པའི་བར་རྣམ་པ་དགུ་ཡོད་ལ་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་གཉེན་པོ་བར་ཆད་མེད་པའི་ལམ་དང་། རྣམ་
པར་གྲོལ་བའི་ལམ་ནི་ཅི་རིགས་པར་ཟག་པ་མེད་པའི་ས་འོག་མ་པའམ། ཅི་རིགས་པར་ཟག་པ་དང་བཅས་པ་གོང་མའི་ཉེར་བསྡོགས་ཀྱིས་བསྡུས་པ་དག་ཡོད་དེ། གཞན་ཁོ་ན་ཡིན་པས་གཉེན་པོ་མི་འདྲ་བའི་ཕྱིར་འདི་དག་གིས་ཡོངས་སུ་ཤེས་པ་ཐ་དད་པར་བསྟན་ཏོ། །མཐོང་བས་སྤང་བར་བྱ་བ་
རྣམས་ཀྱི་གཉེན་པོ་འདྲ་སྟེ། རྗེས་སུ་ཤེས་པའི་བཟོད་པ་ལ་སོགས་པ་གཟུགས་ན་སྤྱོད་པ་རྣམས་ཀྱི་གཉེན་པོ་དེ་དག་ཉིད་གཟུགས་མེད་པ་རྣམས་ཀྱི་ཡང་ཡིན་པས་ཡོངས་སུ་ཤེས་པ་ཐ་དད་དུ་རྣམ་པར་མི་གཞག་གོ། །ཐ་མའི་ཆ་དང་མཐུན་པ་སྤངས་པ་ལ་སོགས་པ་ཡོངས་སུ་ཤེས་པ་སྟེ་ཞེས་
བྱ་བ་ནི་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་དང་། གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་དང་། ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པའོ། །འདི་དག་ནི་བསྒོམ་པའི་ལམ་གྱི་འབྲས་བུ་ཡིན་པའི་ཕྱིར་ཤེས་པའི་འབྲས་བུ་
ཡིན་ཏེ། བསྒོམ་པའི་ལམ་ལ་བཟོད་པ་དག་ནི་མེད་དོ། །ཇི་ལྟར་ཡོངས་སུ་ཤེས་པ་བཟོད་པའི་འབྲས་བུ་ཡིན་ཞེས་བྱ་བ་ནི་ཡོངས་སུ་ཤེས་པ་དང་ཤེས་པ་ཞེས་བྱ་བ་ནི་དོན་གཅིག་སྟེ། ཤེས་པ་དང་ཡོངས་སུ་ཤེས་པ་ནི་ཟག་པ་མེད་པའི་ཡེ་ཤེས་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ།། །།
བམ་པོ་བཞི་བཅུ་རྩ་བཞི་པ། དྲི་མེད་བཟོད་རྣམས་ཤེས་པ་མིན། །ཞེས་འབྱུང་བས་བཟོད་པ་ནི་ཤེས་པའི་ངོ་བོ་ཉིད་ཡིན་པར་ཡང་མི་རུང་ན། དེ་ཇི་ལྟར་ཡོངས་སུ་ཤེས་པ་བཟོད་པའི་འབྲས་བུ་ཡིན་ཏེ། འབྲས་བུ་ལ་རྒྱུ་བཏགས་པ་བྱས་ན་ཡང་མི་རུང་ངོ་སྙམ་དུ་བསམས་པ་ཡིན་ནོ། །འདིར་
བཟོད་པ་རྣམས་ནི་ཤེས་པའི་འཁོར་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདི་དག་ལ་འཁོར་ཤེས་པ་ཡོད་པས་ན་ཤེས་པའི་འཁོར་ཅན་ཏེ། བཟོད་པ་རྣམས་སོ། །དེའི་ཕྱིར་ཤེས་པའི་འབྲས་བུ་ཡང་བཟོད་པ་རྣམས་ཀྱི་འབྲས་བུ་ཞེས་བྱའོ། །རྒྱལ་པོའི་འཁོར་ལ་རྒྱལ་པོ་ཉེ་བར་
Vol. 143 · folio 145a
བཏགས་པ་བཞིན་ཏེ། དཔེར་ན་རྒྱལ་པོའི་འཁོར་ལ་རྒྱལ་པོ་ཉེ་བར་བཏགས་པའི་ཕྱིར་འཁོར་གྱིས་བྱས་པ་ལ་ཡང་རྒྱལ་པོས་བྱས་པ་ཞེས་བྱ་བ་དང་འདྲའོ། །ཤེས་པ་དང་འབྲས་བུ་གཅིག་པའི་ཕྱིར་རོ་ཞེས་བྱ་བ་ནི་བཟོད་པ་དག་ནི་ཤེས་པ་དང་ལྷན་ཅིག་འབྲས་བུ་
གཅིག་པ་ཡིན་ཏེ། བཟོད་པ་དག་གི་འབྲས་བུ་གང་ཡིན་པ་དེ་ཉིད་ཤེས་པ་རྣམས་ཀྱི་ཡིན་པས་བཟོད་པའི་འབྲས་བུ་ཡང་ཡོངས་སུ་ཤེས་པར་རུང་ངོ་། །མི་ལྕོགས་མེད་འབྲས་ཐམས་ཅད་དོ། །ཞེས་བྱ་བ་ནི་འདི་ལྟར་མི་ལྕོགས་པའི་ས་པའི་ལམ་གྱིས་ཁམས་གསུམ་པའི་མཐོང་བ་དང་།
བསྒོམ་པས་སྤང་བར་བྱ་བའི་ཟག་པ་རྣམས་སྤོང་བ་སྲིད་དེ། ཟག་མེད་མི་ལྕོགས་མེད་པ་ཡིས། །ཐམས་ཅད་ལས་ནི་འདོད་ཆགས་བྲལ། །ཞེས་འབྱུང་བའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པ་ན་ཉོན་མོངས་པ་སྤངས་པའི་རང་བཞིན་གང་དག་ཡིན་པའོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་
བ་རྣམས་ན་རེ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་མཐོང་བས་སྤོང་བར་བྱ་བ་རྣམས་སྤངས་པ་ཇི་སྐད་བཤད་པའི་ཡོངས་སུ་ཤེས་པ་གསུམ་དང་བསྒོམ་པས་སྤང་བར་བྱ་བ་གཟུགས་ན་སྤྱོད་པ་རྣམས་སྤངས་པ་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་དང་། གཟུགས་མེད་
པ་ན་སྤྱོད་པ་རྣམས་སྤངས་པ་ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པ་ཞེས་བྱ་བ་ལྔ་སྟེ། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བ་སྲིད་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་སྤངས་
པ་ནི་བསམ་གཏན་གྱི་དངོས་གཞིའི་འབྲས་བུ་མ་ཡིན་ཏེ། བསམ་གཏན་གྱི་དངོས་གཞི་རྣམས་ནི་འདོད་པའི་ཁམས་ཀྱི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་འདོད་ཆགས་དང་བྲལ་བ་རྣམས་ལ་བྲལ་བའི་ཐོབ་པ་ཟག་པ་མེད་པ་ཡོད་དུ་ཟིན་ཀྱང་ཐ་མའི་ཆ་དང་མཐུན་པ་སྤངས་པའི་
ཡོངས་སུ་ཤེས་པ་བཞིན་དུ་འདོད་པ་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བ་སྤངས་པ་ནི་བསམ་གཏན་གྱི་དངོས་གཞིའི་འབྲས་བུ་མ་ཡིན་ནོ་ཞེས་ཟེར་རོ། །བཙུན་པ་དབྱངས་སྒྲོགས་ཀྱི་ལུགས་ཀྱིས་ནི་བརྒྱད་དེ་ཞེས་བྱ་བ་ནི་བཙུན་པ་དབྱངས་སྒྲོགས་དེ་ནི་འདོད་པའི་འདོད་ཆགས་དང་བྲལ་བའི་གང་
Vol. 143 · folio 145b
ཟག་གི་ཡང་འདོད་པ་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པ་ཡོངས་སུ་ཤེས་པ་གསུམ་གྱི་ངོ་བོ་ཉིད་འཕགས་པའི་ལམ་གྱི་འབྲས་བུ་ཡིན་པར་འདོད་དོ། །ཅིའི་ཕྱིར་ཞེ་ན། བྲལ་བའི་ཐོབ་པ་ཟག་པ་མེད་པ་རྙེད་པའི་ཕྱིར་ཏེ། བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ངེས་པ་ལ་འཇུག་པ་ན་
ཡང་མཐོང་བས་སྤང་བར་བྱ་བའི་ཟག་པ་སྔོན་འཇིག་རྟེན་པའི་ལམ་གྱིས་སྤངས་པ་རྣམས་ཀྱིས་བྲལ་བའི་ཐོབ་པ་ཟག་པ་མེད་པ་ཡང་འཐོབ་ལ་དེ་ལ་ནི་མཐོང་བའི་ལམ་གྱི་ནུས་པ་ཡོད་པས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བ་སྤངས་པ་བཞིན་དུ། འདོད་པ་ན་སྤྱོད་པའི་
མཐོང་བས་སྤང་བར་བྱ་བ་སྔོན་སྤངས་པའི་ཡོངས་སུ་ཤེས་པ་ཡང་དངོས་གཞི་བསམ་གཏན་གྱི་འབྲས་བུའོ་ཞེས་བྱ་བར་རྣམ་པར་གཞག་གོ། །དེ་ལྟ་བས་ན་འདོད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བ་སྤངས་པའི་ཡོངས་སུ་ཤེས་པ་གསུམ་པོ་འདི་དག་དང་སྔར་བཤད་པ་གཟུག་དང་གཟུགས་མེད་
པའི་ཡོངས་སུ་ཤེས་པ་དང་བཅས་པ་ཡོངས་སུ་ཤེས་པ་བརྒྱད་བསམ་གཏན་གྱི་འབྲས་བུ་ཡིན་ནོ་ཞེས་བྱ་བ་ནི་བཙུན་པ་དབྱངས་སྒྲོགས་ཀྱི་གཞུང་ལུགས་ཡིན་ནོ། །ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་ནི་མི་ལྕོགས་པ་མེད་པའི་འབྲས་བུ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་འདོད་པ་ལས་འདོད་
ཆགས་དང་མ་བྲལ་བ་ནི་མི་ལྕོགས་པ་མེད་པ་ཁོ་ནས་ཐ་མའི་ཆ་དང་མཐུན་པ་སྤོང་བར་བྱེད་ཀྱི་དངོས་གཞིས་ནི་མ་ཡིན་ཏེ། དེ་མ་ཐོབ་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་ཡང་གང་གི་ཚེ་བསམ་གཏན་ལ་བརྟེན་ནས་ངེས་པ་ལ་འཇུག་པ་དེས་ཀྱང་སོ་སོའི་སྐྱེ་བོའི་གནས་སྐབས་ན་
འཇིག་རྟེན་པའི་ལམ་གྱིས་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་སྤངས་པས་དེ་བསམ་གཏན་གྱི་དངོས་གཞིའི་འབྲས་བུ་མ་ཡིན་ནོ། །སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་ལ་དེའི་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པར་ཡང་རྣམ་པར་
གཞག་མོད་ཀྱི་དེའི་འབྲས་བུ་ཞེས་བྱ་བར་རྣམ་པར་གཞག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གནས་སྐབས་དེ་ན་ཐ་མའི་ཆ་དང་མཐུན་པ་སྤངས་པ་འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་བྲལ་བའི་ཐོབ་པ་ཟག་པ་མེད་པ་ཡང་འཐོབ་པས་དེ་སྤངས་པའི་ཡོངས་སུ་ཤེས་པར་རྣམ་པར་གཞག་སྟེ།
Vol. 143 · folio 146a
དེའི་ཚེ་ནི་མཐོང་བས་སྤང་བར་བྱ་བ་སྔ་མ་སྤངས་པས་སྔར་མཐོང་བའི་ལམ་གྱིས་སྤང་བར་བྱ་བ་སྤངས་པ་གང་ཡིན་པ་དང་། སྔར་སྤངས་པ་ཐ་མའི་ཆ་དང་མཐུན་པ་སྤངས་པ་བསྡོམས་ནས་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་གཅིག་ཏུ་རྣམ་པར་གཞག་
སྟེ། ཁམས་ལས་འདོད་ཆགས་བྲལ་བ་དང་། །འབྲས་བུ་ཐོབ་ཕྱིར་དེ་དག་བསྡོམས། །ཞེས་ཐམས་ཅད་བསྡོམས་པའི་གཏན་ཚིགས་ཡོད་པའི་ཕྱིར་རོ། །དེ་ལྟ་བས་ན་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་དེ་ནི་མི་ལྕོགས་པ་མེད་པའི་འབྲས་བུ་ཁོ་ནར་རྣམ་པར་གཞག་གི །
དངོས་གཞིའི་འབྲས་བུ་ནི་མ་ཡིན་ཏེ། འདི་ལ་ནི་བྱེ་བྲག་ཏུ་སྨྲ་བ་དང་། བཙུན་པ་དབྱངས་སྒྲོགས་ཀྱི་གཞུང་ལུགས་མཐུན་ནོ། །བསམ་གཏན་ཁྱད་པར་ཅན་ཡང་བསམ་གཏན་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་ནི་བསམ་གཏན་ཁྱད་པར་ཅན་གྱི་ཟག་པ་མེད་པས་ཀྱང་ཉོན་མོངས་པ་སྤོང་བར་
འགྱུར་ཏེ། དེ་ལྟ་བས་ན་མི་ལྕོགས་པ་མེད་པ་དང་། དངོས་གཞིའི་བསམ་གཏན་རྣམས་ཁོ་ནའི་འབྲས་བུ་ཁོ་ན་བཤད་ཀྱི། བསམ་གཏན་ཁྱད་པར་ཅན་གྱིས་ནི་མ་ཡིན་ནོ། །དེའི་ཕྱིར་བསམ་གཏན་ཁྱད་པར་ཅན་ཡང་བསམ་གཏན་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་སྨོས་ཏེ། བསམ་
གཏན་ཁྱད་པར་ཅན་ནི་བསམ་གཏན་དང་པོ་ཁོ་ན་རྟོག་པ་དང་བྲལ་བས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་རོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ཀྱི་ཞེས་བྱ་བ་ནི་དེ་ནི་འཇིག་རྟེན་ཡིན་ཡང་འཕགས་པ་ཁོ་ན་ལ་འབྲས་བུ་ཡོངས་སུ་ཤེས་པར་རྣམ་པར་གཞག་སྟེ། བྲལ་བའི་ཐོབ་
པ་ཟག་པ་མེད་པ་སྲིད་པའི་ཕྱིར་རོ། །གཟུགས་མེད་དངོས་གཞི་གསུམ་གྱི་ཡང་། །ཞེས་བྱ་བ་ནི་ཟག་པ་མེད་པའིའོ། །འཇིག་རྟེན་པའི་ལམ་གྱི་འབྲས་བུ་ནི་གཉིས་ཏེ་ཞེས་བྱ་བ་ནི་འཕགས་པ་འཇིག་རྟེན་པའི་ལམ་གྱིས་འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བར་བྱེད་པ་ནའོ། །
རྗེས་སུ་ཤེས་པའི་འབྲས་བུ་ཡང་ཡོངས་སུ་ཤེས་པ་གཉིས་ཏེ་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་བསྡུས་པའི་སྟེ། ཐ་མ་གཟུགས་ཀྱི་འདོད་ཆགས་ཟད་པ་དང་། ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པ་དག་གོ། །ཆོས་ཤེས་པ་ནི་གསུམ་ཡིན་ནོ་ཞེས་བྱ་བ་ནི་
Vol. 143 · folio 146b
བསྒོམ་པའི་ལམ་གྱིས་བསྡུས་པའི་སྟེ། བསྒོམ་པའི་ལམ་ལ་འགོག་པའམ། །ལམ་ལ་ཆོས་ཤེས་གང་ཡིན་ཏེ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །ཞེས་འབྱུང་བས་སོ། །དེའི་འབྲས་བུ་ནི་ཐ་མ་གསུམ་པོ་ཐ་མའི་ཆ་དང་མཐུན་པ་སྤངས་པ་དང་གཟུགས་ཀྱི་འདོད་ཆགས་ཟད་པ་དང་ཀུན་དུ་
སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཁམས་གསུམ་པའི་བསྒོམ་པས་སྤང་བར་བྱ་བའི་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ཕྱོགས་མཐུན་གྱི་དྲུག་དང་ལྔ། །ཞེས་བྱ་བ་ནི་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དག་གི་ཕྱོགས་
དང་མཐུན་པའི་ནི་ཅི་རིགས་པར་དྲུག་དང་ལྔ་ཡིན་ནོ། །ཕྱོགས་དང་མཐུན་པ་ཞེས་སྨོས་པ་ནི་བཟོད་པ་དང་ཤེས་པ་དག་བསྡུ་བ་ཡིན་ནོ། །ཆོས་ཀྱི་བཟོད་པ་དང་ཤེས་པ་རྣམས་ཀྱི་འབྲས་བུ་གང་དག་ཡིན་པ་ཁོ་ནའོ་ཞེས་བྱ་བ་ནི་ཆོས་ཀྱི་བཟོད་པ་རྣམས་དང་ཆོས་ཤེས་པ་རྣམས་ཀྱི་ཞེས་བྱ་བར་ཚིག་
བསྡུ་སྟེ། ཆོས་ཤེས་པའི་བཟོད་པ་རྣམས་ཀྱི་འབྲས་བུ་ནི་མ་ཡིན། འདོད་པ་ན་སྤྱོད་པ་མཐོང་བས་སྤང་བར་བྱ་བ་སྤངས་པའི་ངོ་བོ་ཉིད་ཀྱིས་ཡོངས་སུ་ཤེས་པ་ཇི་སྐད་བཤད་པ་གསུམ་ཡིན་ནོ། །ཆོས་ཤེས་པ་རྣམས་ཀྱི་ཡང་བསྒོམ་པའི་ལམ་ལ་སྡུག་བསྔལ་དང་ཀུན་འབྱུང་བ་ཤེས་པས་
བསྡུས་པ་རྣམས་ཀྱི་ནི་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་གཅིག་གོ། །འགོག་པ་དང་ལམ་ཤེས་པས་བསྡུས་པ་རྣམས་ཀྱི་ནི་ཐ་མའི་ཆ་དང་མཐུན་པར་སྤངས་པ་དང་གཟུགས་ཀྱི་འདོད་ཆགས་ཟད་པ་དང་། ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་
ཤེས་པ་གསུམ་ཆར་ཡང་ཡིན་ནོ། །རྗེས་ཀྱི་བཟོད་པ་དང་ཤེས་པ་རྣམས་ཀྱི་འབྲས་བུ་གང་དག་ཡིན་པ་ཁོ་ནའོ་ཞེས་བྱ་བ་ནི་རྗེས་ཀྱི་བཟོད་པ་རྣམས་དང་རྗེས་ཀྱི་ཤེས་པ་རྣམས་ཀྱི་སྟེ། དེ་དག་ཀྱང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བ་སྤངས་པའི་ངོ་བོ་ཉིད་ཀྱིས་ཡོངས་སུ་
ཤེས་པ་ཇི་སྐད་བཤད་པ་གསུམ་དང་། ཡོངས་སུ་ཤེས་པ་ཐ་མ་གཉིས་སོ། །ཅིའི་ཕྱིར་སྤངས་པ་རེ་རེ་ཡོངས་སུ་ཤེས་པར་རྣམ་པར་མི་གཞག་ཅེས་བྱ་བ་ནི་ཅིའི་ཕྱིར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་སྤངས་པ་དང་། ཀུན་དུ་འབྱུང་བ་མཐོང་བས་སྤང་བར་བྱ་བ་སྤངས་པ་ནས་རྒྱས་པར་སྲིད་པའི་
Vol. 143 · folio 147a
རྩེ་མོའི་རྣམ་པ་ཆུང་ངུའི་ཆུང་ངུ་སྤངས་པ་ཞེས་བྱ་བའི་བར་དུ་མི་གཟུང་། བྲལ་བའི་ཐོབ་པ་ཟག་མེད་དང་། །ཞེས་བྱ་བ་ནི་བྲལ་བའི་ཐོབ་པ་ཟག་པ་མེད་པ་རྙེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །སྲིད་རྩེ་ཉམས་པར་བྱས་པ་དང་། །ཞེས་བྱ་བ་ནི་སྲིད་པའི་རྩེ་མོའི་ཕྱོགས་སྤངས་
པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །རྒྱུ་གཉིས་ཀུན་དུ་བཅོམ་པའི་ཕྱིར། །ཞེས་བྱ་བ་ནི་སྡུག་བསྔལ་དང་ཀུན་འབྱུང་མཐོང་བས་སྤང་པར་བྱ་བའི་ཀུན་དུ་འགྲོ་བ་གཉིས་སྤངས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྤངས་པའི་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་རྒྱུ་དེ་དག་གིས་ཁྱད་པར་དུ་འཕགས་པ་ནི་
སྤངས་པ་ཡིན་ཏེ། དེའི་ཕྱིར་ཡོངས་སུ་ཤེས་པ་ཞེས་བྱ་བར་རྣམ་པར་གཞག་གོ། །ཆོས་དང་རྗེས་སུ་ཤེས་པ་གཞན་དག་ལ་ཞེས་བྱ་བ་ནི་ཆོས་ཤེས་པ་དང་རྗེས་སུ་ཤེས་པ་ཀུན་འབྱུང་ལ་ཆོས་ཤེས་པ་ནས་བཟུང་སྟེ་ཟད་པ་ཤེས་པ་ཞེས་བྱ་བའི་བར་དེ་དག་ལའོ། །ཤེས་པའི་འབྲས་བུ་སྤངས་
པ་ནི་ཞེས་བྱ་བ་ནི་བསྒོམ་པའི་ལམ་ལ་སྟེ། དེ་ནི་བཟོད་པའི་འབྲས་བུ་མ་ཡིན་པས་སོ། །ཁམས་ལས་འདས་པ་ལས་ཀྱང་ཞེས་བྱ་བ་ནི་ཁམས་ལས་འདས་པ་ལས་ཀྱང་ཞེས་བྱ་བ་སྟེ། འདིར་ཀྱང་ཞེས་བྱ་བའི་སྒྲ་མི་མངོན་པར་བྱས་པ་ཡིན་པས་སོ། །དེའི་ཕྱིར་འདི་སྐད་དུ་བཞི་པ་ཞེས་
འབྲེལ་པར་བྱེད་དོ། །གང་གི་ཚེ་ཁམས་ལས་ཡང་དག་པར་འདའ་བ་ནའོ་ཞེས་བྱ་བ་ནི་འདོད་པའི་ཁམས་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདའ་བ་སྟེ། དེའི་ཚེ་ཡོངས་སུ་ཤེས་པའི་མིང་འཐོབ་བོ་ཞེས་བྱ་བའི་ཚིག་ལྷག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཁམས་
མཐའ་དག་ལས་འདོད་ཆགས་དང་བྲལ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཁམས་རིལ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་ཡིན་གྱི་ཉམས་པར་བྱས་པ་ཙམ་གྱི་ཕྱིར་ནི་མ་ཡིན་ཏེ། དེའི་ཚེ་ནི་ཤིན་ཏུ་སྤངས་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གཉིས་ཀུན་དུ་སྦྱོར་བ་དང་བྲལ་བ་ཞེས་བྱ་བ་
ནི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་ཉོན་མོངས་པའི་སྐད་ཅིག་ཀུན་དུ་སྦྱོར་བ་ནི་གཉིས་ཀུན་དུ་སྦྱོར་བའོ། །དེ་དང་བྲལ་བ་ནི་གཉིས་ཀུན་དུ་སྦྱོར་བ་དང་བྲལ་བ་སྟེ། ཆོས་མངོན་པ་པ་རྣམས་ཀྱིས་རྒྱུ་ལྔ་པ་དེ་སྨྲས་ཏེ། རྒྱུ་འདིས་ན་སྤངས་པ་ལ་ཡོངས་སུ་ཤེས་པ་ཞེས་བྱའོ། །རྣམ་པ་
Vol. 143 · folio 147b
གང་ཞིག་སྤངས་ལ་ཞེས་བྱ་བ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ནས་ལམ་མཐོང་བས་སྤང་བར་བྱ་བའི་བར་དང་བསྒོམ་པས་སྤང་བར་བྱ་བའོ། །གལ་ཏེ་སྤངས་པའི་རྣམ་པ་དེ་ལ་དམིགས་པའི་ཉོན་མོངས་པ་མཐོང་བས་སྤང་བར་བྱ་བའམ་བསྒོམ་པས་སྤང་བར་བྱ་བ་གཞན་དང་བྲལ་བར་གྱུར་
ནའོ་ཞེས་བྱ་བ་ཡིན་ཏེ། དེ་གཞན་དག་ན་རེ་འདི་ཡང་སྤངས་པ་ལ་ཡོངས་སུ་ཤེས་པ་ཞེས་བྱ་བའི་རྒྱུ་ལྔ་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་གཞན་མ་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གཉིས་ཀུན་དུ་སྦྱོར་བ་དང་བྲལ་བ་དེ་ནི་རྒྱུ་གཉི་ག་ཡང་དག་པར་བཅོམ་པ་སྟེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་
བ་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ཀུན་དུ་འགྲོ་བའི་རྒྱུ་ཡང་དག་པར་བཅོམ་པ་དང་། ཁམས་ལས་ཡང་དག་པར་འདས་པ་ལས་གཞན་མ་ཡིན་ནོ། །འདི་ལྟར་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དག་སྤངས་ཀྱང་ཇི་སྲིད་དུ་དེ་ལ་དམིགས་པ་ཀུན་དུ་འབྱུང་བ་མཐོང་བས་སྤང་བར་བྱ་
བའི་ཀུན་དུ་འགྲོ་བའི་རྒྱུ་སྤངས་པར་མ་གྱུར་པ་དེ་སྲིད་དུ་རྒྱུ་གཉི་ག་ཡང་དག་པར་བཅོམ་པ་མེད་ལ་བསྒོམ་པས་སྤང་བར་བྱ་བ་དག་ཀྱང་རྣམ་པ་བརྒྱད་ཀྱི་བར་སྤངས་ཀྱང་ཇི་སྲིད་དུ་རྣམ་པ་དགུ་པ་མ་སྤངས་པ། དེ་སྲིད་དུ་ཁམས་ལས་ཡང་དག་པར་འདའ་བ་མེད་པས་མི་བརྗོད་དོ། །གཅིག་མིན་
ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་རེ་ཞིག་སོ་སོའི་སྐྱེ་བོ་ནི་མི་ལྡན་པ་ཁོ་ན་སྟེ། བྲལ་བའི་ཐོབ་པ་ཟག་པ་མེད་པ་མེད་པའི་ཕྱིར་རོ། །འཕགས་པ་མཐོང་བའི་ལམ་ལ་གནས་པ་ཡང་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ལ་གནས་པའི་བར་དུ་ཞེས་བྱ་བ་ནི་བར་དུ་ཞེས་བྱ་བའི་སྒྲས་ནི་སྡུག་བསྔལ་ལ་ཆོས་
ཤེས་པ་དང་རྗེས་སུ་ཤེས་པའི་བཟོད་པ་དང་། ཀུན་འབྱུང་བ་ལ་ཆོས་པའི་བཟོད་པ་ལ་གནས་པ་ཡང་མི་ལྡན་པ་ཁོ་ན་སྟེ། རྒྱུ་གཉི་ག་མ་སྤངས་པའི་ཕྱིར་རོ། །ཀུན་འབྱུང་ལ་ཆོས་ཤེས་པ་ནི་གཅིག་དང་ལྡན་ལ་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ལ་གནས་པ་ཡང་གཅིག་ཁོ་ན་དང་ལྡན་ནོ་
ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པ་ནི་གཉིས་དང་ལྡན་ཏེ། དེའི་ཚེ་སྔར་བཤད་པའི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དང་ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་སྤངས་པའི་ཡོངས་སུ་ཤེས་པ་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་དང་ཀུན་
Vol. 143 · folio 148a
འབྱུང་བ་མཐོང་བས་སྤང་བར་བྱ་བ་སྤངས་པའི་ཡོངས་སུ་ཤེས་པ་དང་ལྡན་ལ། འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ལ་གནས་པ་ཡང་གཉིས་ཁོ་ན་དང་ལྡན་ནོ། །འགོག་པ་ལ་ཆོས་ཤེས་པ་ནི་གསུམ་དང་ལྡན་ནོ་ཞེས་བྱ་བ་ལ་སོགས་པ་ནི་སྦྱར་བར་བྱ་སྟེ། མཐོང་བའི་ལམ་
ལ་གནས་པ་ལྔའི་བར་དང་ལྡན་གྱི་དྲུག་དང་ནི་མ་ཡིན་ཏེ། སྐད་ཅིག་མ་བཅུ་དྲུག་པ་ནི་བསྒོམ་པའི་ལམ་གྱིས་བསྡུས་པའི་ཕྱིར་རོ། །ལམ་ལ་རྗེས་སུ་ཤེས་པ་ལ་གནས་པ་ཡོངས་སུ་ཤེས་པ་དྲུག་དང་ལྡན་ནོ་ཞེས་བྱ་བ་ནི་སྔར་བཤད་པ་རྣམས་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ལམ་
མཐོང་བས་སྤང་བར་བྱ་བ་སྤངས་པའི་ཡོངས་སུ་ཤེས་པ་དང་ལྡན་ནོ། །འབྲས་བུ་བཞི་རྣམས་གཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །འབྲས་ལ་སྔོན་ལམ་བཏང་བ་དང་། །གཞན་ཐོབ་པ་དང་ཟད་བསྡོམས་དང་། །ཤེས་པ་བརྒྱད་མཚན་ཐོབ་པ་དང་། །རྣམ་པ་བཅུ་དྲུག་ཐོབ་པའོ། །
ཞེས་འཆད་པར་འགྱུར་བ་མ་ཡིན་ནམ་ཞེ་ན། སྤངས་པ་སྡོམ་པ་ཡིན་མོད་ཀྱི། ཡོངས་སུ་ཤེས་པ་སྡོམ་པ་ནི་མ་ཡིན་པས་འགལ་བ་མེད་དོ། །ཇི་སྲིད་དུ་འདོད་པ་ལ་འདོད་ཆགས་དང་བྲལ་བ་མ་ཐོབ་པ་ཞེས་བྱ་བ་ལ། ཇི་སྲིད་དུ་ཞེས་བྱ་བའི་སྒྲས་ནི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་
པའི་རྣམ་པ་དང་པོ་སྤངས་པ་ནས་རྣམ་པ་བརྒྱད་སྤངས་པའི་བར་ལ་གནས་པ་ཡང་དྲུག་ཁོ་ན་དང་ལྡན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལས་ཡོངས་སུ་ཉམས་པ་ཞེས་བྱ་བ་ནི་འདོད་པ་ལས་འདོད་ཆགས་དང་བྲལ་བ་ནི་ཡོངས་སུ་ཉམས་པས་བསྡོམས་པ་དེ་དང་འདྲ་བས་སོ། །སྔོན་ནམ་ཕྱིས་འདོད་
པ་ལ་འདོད་ཆགས་དང་བྲལ་བ་ཐོབ་པ་ཞེས་བྱ་བ་ནི་མངོན་པར་རྟོགས་པའི་སྔོན་རོལ་ལམ་འོག་ཏུའམ་ཇི་ལྟ་ཞེ་ན་འཇིག་རྟེན་པའི་ལམ་གྱིས་འདོད་པ་ལ་འདོད་ཆགས་དང་བྲལ་བར་བྱས་ནས་ངེས་པ་ལ་ཞུགས་པ་ནི་ལམ་ལ་རྗེས་སུ་ཤེས་པའི་ཚེ་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་
གཅིག་དང་ལྡན་ཏེ། འདི་ལྟར་འཕགས་པ་དེ་ནི་སེམས་ཀྱི་སྐད་ཅིག་བཅུ་དྲུག་ལ་ཐོབ་ན་ཕྱིར་མི་འོང་བ་ཡིན་གྱི་རྒྱུན་དུ་ཞུགས་པའམ་ཕྱིར་འོང་བ་ནི་མ་ཡིན་ནོ། །ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པས་ཕྱིར་མི་འོང་བ་ཡིན་ནོ་ཞེས་ཀྱང་འབྱུང་སྟེ། དེ་ལྟ་བས་ན་མཐོང་བས་སྤང་བར་བྱ་བ་སྤངས་པ་
Vol. 143 · folio 148b
རྣམས་དང་། ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པ་བསྡོམས་པའི་ཕྱིར་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་གཅིག་ཁོ་ན་དང་ལྡན་ལ། མངོན་པར་རྟོགས་པའི་འོག་ཏུ་རིམ་གྱིས་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཐོབ་པ་ཡང་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་
ཤེས་པ་གཅིག་ཁོ་ན་དང་ལྡན་ནོ། །དགྲ་བཅོམ་པ་ཉིད་ཐོབ་པ་ནི་གཅིག་ཁོ་ན་དང་ལྡན་ཏེ། དེའི་ཚེ་ཡོངས་སུ་ཤེས་པ་བསྡོམས་པའི་ཕྱིར་རོ། །གཟུགས་ན་སྤྱོད་པའི་ཀུན་ནས་དཀྲིས་པས་ཡོངས་སུ་ཉམས་ན་ཡང་ཞེས་བྱ་བའི་ཁྱད་པར་སྨོས་པ་ནི་འདོད་པ་ན་སྤྱོད་པས་ཡོངས་སུ་ཉམས་པ་
ཡོངས་སུ་ཤེས་པ་དྲུག་དང་ལྡན་པ་སྤངས་པའི་ཕྱིར་དང་གཟུགས་མེད་པ་ན་སྤྱོད་པས་ཡོངས་སུ་ཉམས་པ་ཡོངས་སུ་ཤེས་པ་གཉིས་དང་ལྡན་པ་སྤངས་པའི་ཕྱིར་རོ། །གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཐོབ་པ་ནི་ཡོངས་སུ་ཤེས་པ་གཉིས་དང་ལྡན་ནོ་ཞེས་བྱ་བ་ནི་ཕྱིར་མི་འོང་བ་གཟུགས་ཀྱི་
འདོད་ཆགས་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཁམས་ལས་འདོད་ཆགས་དང་བྲལ་བ་ཡིན་ན་ཅིའི་ཕྱིར་མི་སྡོམ་ཞེ་ན། འབྲས་བུ་ཐོབ་པ་མེད་པའི་ཕྱིར་ཏེ། ཁམས་ལས་འདོད་ཆགས་དང་བྲལ་བ་དང་འབྲས་བུ་ཐོབ་པ་རྒྱུ་མཐའ་དག་གིས་ཡོངས་སུ་ཤེས་པ་སྡོམ་པར་འདོད་ཀྱི་གཅིག་
ཁོ་ནས་ནི་མ་ཡིན་ནོ། །གཟུགས་མེད་པ་ན་སྤྱོད་པའི་ཀུན་ནས་དཀྲིས་པས་ཡོངས་སུ་ཉམས་པ་ཡང་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་ཐོབ་པས་བསྡོམས་པ་ཐ་མའི་ཆ་དང་མཐུན་པ་སྤངས་པ་དང་། གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་སུ་ཤེས་པ་དག་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་
པས་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་ན་ཕྱིར་འཐོབ་པའི་ཕྱིར་རོ། །གཟུགས་ན་སྤྱོད་པས་ཡོངས་སུ་ཉམས་པ་ནི་གཅིག་དང་ལྡན་པར་འགྱུར་ལ། འདོད་པ་ན་སྤྱོད་པས་ཡོངས་སུ་ཉམས་ན་ནི་དྲུག་དང་ལྡན་པར་འགྱུར་བས་དེའི་ཕྱིར་གཟུགས་མེད་པ་ན་སྤྱོད་པའི་ཀུན་ནས་དཀྲིས་པ་
ཞེས་སྨོས་སོ། །ཕྱིར་མི་འོང་བ་དང་དགྲ་བཅོམ་པ་དག་གི་ཞེས་བྱ་བ་ནི་གཟུགས་ཀྱི་འདོད་ཆགས་དང་མ་བྲལ་བའི་ཕྱིར་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་དག་གི་ཞེས་བྱ་བར་བརྗོད་པར་འདོད་པ་ཡིན་ཏེ། གཟུགས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་བ་ནི་ཡོངས་སུ་ཤེས་པ་གཉིས་དང་
Vol. 143 · folio 149a
ལྡན་པར་འབྱུང་བའི་ཕྱིར་རོ། །མང་དུ་ནི་མ་ཡིན་ཞེས་བྱ་བ་ནི་རིམ་གྱིས་རྒྱུན་དུ་ཞུགས་པ་བཞིན་དུ་ཆེས་མང་བ་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །སྡོམ་ཞེས་བྱ་བ་ནི་དོན་ཅི་ཞེ་ན། གཅིག་ཏུ་རྣམ་པར་འཇོག་པ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་གཉིས་ཀྱིས་ཞེས་
བྱ་བ་ནི་རྣམ་པར་བཤད་པ་ཡིན་ནོ། །དེ་གཉིས་ཡང་ཞེས་བྱ་བ་ནི་ཁམས་ལས་འདོད་ཆགས་དང་བྲལ་བ་དང་འབྲས་བུ་ཐོབ་པའོ། །གནས་སྐབས་དེ་གཉིས་ན་ཞེས་བྱ་བ་ནི་གཟུགས་ཀྱི་འདོད་ཆགས་དང་མ་བྲལ་བའི་ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དག་ཉིད་ཀྱི་གནས་སྐབས་དག་ནའོ། །
ཡོངས་སུ་ཤེས་པ་གཅིག་ཅེས་བྱའོ་ཞེས་བྱ་བ་ནི་གཟུགས་ཀྱི་འདོད་ཆགས་དང་མ་བྲལ་བའི་ཕྱིར་མི་འོང་བ་ནི་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་གཅིག་ཡིན་ལ། དགྲ་བཅོམ་པའི་ཡང་ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་སུ་གཏུགས་པའི་ཡོངས་སུ་ཤེས་པ་གཅིག་ཡིན་ནོ། །
ལ་ལ་གཅིག་གཉིས་ལྔ་དང་དྲུག །ཅེས་བྱ་བ་རྒྱས་པར་འབྱུང་བ་ནི་ལ་ལས་གཅིག་འདོར། ལ་ལས་གཉིས། ལ་ལས་ལྔ། ལ་ལས་ནི་དྲུག་འདོར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འཐོབ་པ་ཡང་ལ་ལས་ནི་གཅིག །ལ་ལས་ནི་གཉིས། ལ་ལས་ནི་དྲུག་གོ། །ལ་ལས་ལྔ་འཐོབ་པོ་
ཞེས་བྱ་བ་འདི་མེད་དོ། །དེའི་ཕྱིར་ལྔ་མིན་ནོ་ཞེས་བྱ་བ་སྨོས་ཏེ། མདོའི་དོན་གྱི་ཚུལ་ནི་འགས་ཀྱང་མི་འཐོབ་པ་ཁོ་ནའོ་ཞེས་བྱ་བ་ཡིན་ནོ། །འགྲེལ་པ་བཤད་པར་བྱ་སྟེ། སེམས་གང་ཡང་རུང་བ་ཞིག་གིས་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་ན་ཀུན་དུ་སྦྱོར་བ་ཐམས་ཅད་ཡོངས་
སུ་གཏུགས་པའི་ཤེས་པ་གཅིག་འདོར་ཏེ། དགྲ་བཅོམ་པ་ཉིད་ཀྱི་གནས་སྐབས་ན་བསྡོམས་པས། དེ་གཅིག་པུ་ཁོ་ན་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ཀྱི་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་བ་འདོད་པ་ལ་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པའི་ཡང་ཐ་མའི་
ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་གཅིག་ཁོ་ན་གཏོང་ངོ་། །ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་དང་། གཟུགས་ཀྱི་འདོད་ཆགས་སྤངས་པའི་ཡོངས་སུ་ཤེས་པ་གཏོང་ངོ་། །དེ་སུ་ཞིག་ཡིན་ཞེ་ན། ཕྱིར་མི་འོང་བ་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ཞིག་
Vol. 143 · folio 149b
འདོད་པ་ལ་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་ན་ཞེས་བྱ་བ་སྨོས་སོ། །འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་ལམ་ལ་རྗེས་སུ་ཤེས་པ་ལ་གནས་པ་ནི་ལྔ་གཏོང་ཞེས་བྱ་བ་ནི་མངོན་པར་རྟོགས་པའི་སེམས་ཀྱི་སྐད་ཅིག་བཅུ་དྲུག་པ་ལ་གནས་ཏེ། དེ་ནི་ཐ་མའི་ཆ་དང་མཐུན་པ་སྤངས་པའི་
ཡོངས་སུ་ཤེས་པ་ཐོབ་ན་འཇིག་རྟེན་པའི་ལམ་གྱིས་ཐོབ་པ་དེའི་བྲལ་བ་ཟག་པ་མེད་པ་ཐོབ་པ་ཡོངས་སུ་ཤེས་པ་སྔ་མ་སྐད་ཅིག་མ་བཅོ་ལྔ་ཐོབ་པ་ལྔ་གཏོང་ངོ་། །དྲུག་པ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ལམ་མཐོང་བས་སྤང་བར་བྱ་བ་སྤངས་པའི་ཡོངས་སུ་ཤེས་པ་ནི་མི་གཏོང་མོད་ཀྱི།
འོན་ཀྱང་ཁམས་ལས་འདོད་ཆགས་དང་བྲལ་བ་དང་འབྲས་བུ་ཐོབ་པའི་སྒོ་ནས་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པའི་ནང་དུ་བསྡོམས་པའི་ཕྱིར་མེད་པའི་ངོ་བོ་ཉིད་དང་འདྲ་བས་དེ་ཉེ་བར་མི་འགོད་དོ། །མཐར་གྱིས་པ་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་མ་ཡིན་པ་གང་ཡིན་པ་
ནི་འདོད་པ་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་རྒྱུས་དྲུག་གཏོང་སྟེ། ཁམས་གསུམ་པའི་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་པའི་ཡོངས་སུ་ཤེས་པ་གང་དག་ཡིན་པའོ། །དེ་བཞིན་དུ་ཐོབ་པ་ཡང་ཞེས་བྱ་བ་ནི་ལྔ་ཞེས་བྱ་བ་མ་གཏོགས་པ་ལ་ལས་ནི་གཅིག་འཐོབ་པ་ནས་དྲུག་གི་བར་
དུ་འཐོབ་པ་ཡིན་ནོ། །གང་ལ་ལ་ཞིག་གིས་སྔོན་མེད་པ་ཐོབ་པའོ་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་གནས་པ་གང་ཞིག་གིས་ཡོངས་སུ་ཤེས་པ་དགུ་ལས་སྔོན་མ་ཐོབ་པ་ཞིག་དང་པོར་ཐོབ་པ་དེས་ནི་གཅིག་འཐོབ་བོ། །བསྒོམ་པའི་ལམ་ཡང་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བས་མཐོང་
བའི་ལམ་གྱི་ཐ་མར་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་གཅིག་འཐོབ་བོ། །མཐར་གྱིས་པས་ཀྱང་འདོད་པ་ལས་འདོད་ཆགས་དང་བྲལ་བའི་ལམ་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་གཅིག་ཁོ་ན་འཐོབ་བོ། །དགྲ་བཅོམ་པས་ཀྱང་ཐ་མ་གཅིག་ཐོབ་བོ། །གཟུགས་མེད་
པའི་ཁམས་ལས་ཀྱང་འདོད་ཆགས་དང་བྲལ་བ་འགའ་ཞིག་ལས་ཡོངས་སུ་ཉམས་པའོ་ཞེས་བྱ་བ་ནི་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་མ་ཡིན་ཞེས་བྱ་བར་སྟོན་ཏེ། དེས་ནི་ཐ་མའི་ཆ་དང་མཐུན་པ་སྤངས་པའི་ཡོངས་སུ་ཤེས་པ་དང་། གཟུགས་ཀྱི་འདོད་ཆགས་ཟད་
Vol. 143 · folio 150a
པའི་ཡོངས་སུ་ཤེས་པ་འཐོབ་པོ། །ཁ་ཅིག་གིས་ནི་དྲུག་སྟེ། གང་ཞིག་ཕྱིར་མི་འོང་བའི་འབྲས་བུ་ལས་ཡོངས་སུ་ཉམས་ཞེས་བྱ་བ་ནི་མཐར་གྱིས་རྒྱུན་དུ་ཞུགས་པའོ། །འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་ལ་ནི་ཡོངས་སུ་ཉམས་པ་མེད་དེ། དེའི་འདོད་ཆགས་དང་བྲལ་
བ་ནི་ལམ་གཉིས་ཐོབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ལྔ་འཐོབ་པ་ནི་འགའ་ཡང་མེད་པ་ཉིད་དེ། གལ་ཏེ་འདོད་ཆགས་དང་བྲལ་བ་སྔོན་དུ་འགྲོ་བ་ཞིག་ཡོངས་སུ་ཉམས་པར་གྱུར་ན། དེ་ཁོ་ནས་ཅིག་ཅར་ཡོངས་སུ་ཤེས་པ་ལྔ་འཐོབ་པར་འགྱུར་རོ། །ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་དོན་
གསལ་བ་ཞེས་བྱ་བ་སློབ་དཔོན་རྒྱལ་པོའི་སྲས་གྲགས་པའི་བཤེས་གཉེན་གྱིས་མཛད་པ་ལས་ཕྲ་རྒྱས་བསྟན་པ་ཞེས་བྱ་བ་མཛོད་ཀྱི་གནས་ལྔ་པའོ།། །།མཛོད་ཀྱི་གནས་ལྔ་པ་དང་དྲུག་པ་དག་གི་འབྲེལ་པ་ཉེ་བར་བསྟན་པའི་ཕྱིར། ཇི་སྐད་དུ་སྤངས་པ་ནི་ཞེས་བྱ་བ་ལ་སོགས་པ་
འདི་ཉེ་བར་འགོད་དེ། ཇི་སྐད་དུ་སྤངས་པ་ནི་ཡོངས་སུ་ཤེས་པའི་མིང་འཐོབ་བོ་ཞེས་བཤད་པ་ཞེས་བྱ་བ་ནི་འབྲས་བུ་ལ་རྒྱུ་ཉེ་བར་བཏགས་པའི་ཕྱིར་ཞེས་འབྱུང་བའི་ཕྱིར་རོ། །སྤངས་པ་དེ་ཡང་བཤད་དོ་ཞེས་བྱ་བ་ནི་བསྟན་པའོ། །ཇི་སྐད་དུ་ཞེ་ན། བདེན་པ་མཐོང་དང་བསྒོམས་པ་ལས། །
ཞེས་བྱ་བ་སྨོས་སོ། །ཟླས་དབྱེ་བ་གཅིག་དང་ལྡན་པའི་ངོ་བོར་བསྟན་པ་ཡིན་ཏེ། བདེན་པ་རྣམས་མཐོང་བའི་ཕྱིར་དང་། བསྒོམ་པའི་ཕྱིར་ན་བདེན་པ་མཐོང་བ་དང་བསྒོམས་པ་ལས་ཏེ་རྒྱུ་དེ་ལས་སོ། །དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །འདོད་ན་སྡུག་
བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །ཅེས་བྱ་བ་དང་། བཞི་ནི་བསྒོམ་པས་སྤང་བྱ་ཡིན། །ཞེས་བྱ་བ་ལ་སོགས་པས་ཉོན་མོངས་པ་རྣམས་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་ཡིན་ནོ་ཞེས་རྒྱས་པར་བཤད་པ་བདེན་པ་མཐོང་བ་ནི་མཐོང་བའི་
ལམ་གྱིས་ཡིན་ལ། བདེན་པ་བསྒོམ་པ་ནི་བསྒོམ་པའི་ལམ་གྱིས་ཡིན་པས་དེའི་ཕྱིར་ད་ནི་མཐོང་བ་དང་བསྒོམ་པའི་ལམ་དེ་དག་ཅི་ཟག་པ་མེད་པའམ་ཞེས་བྱ་བ་ལ་སོགས་པ་འདི་བརྗོད་དོ། དེ་ལམ་བསྟན་པ་ཉེ་བར་དགོད་པ་ལ་ཞེས་བྱ་བར་སྦྱར་རོ། །ཁམས་གསུམ་པའི་གཉེན་པོ་ཡིན་
Vol. 143 · folio 150b
པའི་ཕྱིར་ཞེས་བྱ་བ་ནི་མཐོང་བའི་ལམ་འཇིག་རྟེན་པ་ཉིད་ཅིག་ཡིན་ན་སྲིད་པའི་རྩེ་མོའི་གཉེན་པོར་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །གཞན་ཡང་མཐོང་བས་སྤང་བར་བྱ་བ་རྣམ་པ་དགུ་ཅིག་ཅར་དུ་སྤོང་བའི་ཕྱིར་བསྒོམ་པའི་ལམ་བཞིན་དུ་འཇིག་རྟེན་པ་ནི་མ་ཡིན་ནོ། །འཇིག་རྟེན་པ་ལ་ནི་ཁམས་
གསུམ་པ་སྤོང་བ་དང་རྣམ་པ་དགུ་ཅིག་ཅར་དུ་སྤོང་བ་དེ་འདྲ་བའི་མཐུ་མེད་དོ། །གལ་ཏེ་འཇིག་རྟེན་ལས་འདས་པ་རྣམ་པ་དགུ་ཅིག་ཅར་དུ་སྤོང་བའི་མཐུ་ཞིག་ཡོད་ན་བསྒོམ་པས་སྤང་བར་བྱ་བ་རྣམས་ཀྱང་འཇིག་རྟེན་ལས་འདས་པས་ཅིག་ཅར་སྤོང་བར་ཐལ་བར་འགྱུར་རོ་ཞེ་ན། འཇིག་རྟེན་ལས་
འདས་པ་ཁོ་ནས་ཅིག་ཅར་སྤོང་ངོ་ཞེས་བྱ་བར་ངེས་པར་གཟུང་གི །འཇིག་རྟེན་ལས་འདས་པས་ཅིག་ཅར་དུ་སྤོང་བ་ཁོ་ན་ཡིན་ནོ་ཞེས་བྱ་བར་ནི་མ་ཡིན་པས་དེར་ཐལ་བར་ནི་མི་འགྱུར་རོ། །བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ནི་གཞི་དང་བཅས་པ་ཡིན་པའི་ཕྱིར་བསྟན་པ་ཡིན་ཏེ། དེའི་ཕྱིར་དེ་
དག་ནི་འཇིག་རྟེན་ལས་འདས་པས་ཀྱང་ཅིག་ཅར་དུ་མི་སྤོང་ངོ་། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ཇི་ལྟར་མངོན་པར་རྟོགས་པ་བཞིན་བསྟན་པར་བཞེད་པ་མ་ཡིན་པ་ཞིག་ཏུ་གྱུར་ན། འཇིག་རྟེན་ན་རྒྱུ་རྣམས་སྔ་བར་མཐོང་བའི་ཕྱིར་རྒྱུ་ནི་སྔར་བསྟན་ཏེ། ཀུན་འབྱུང་བའི་བདེན་པ་སྔར་བསྟན་པར་འགྱུར་
རོ། །དཔེར་ན་དྲན་པ་ཉེ་བར་གཞག་པ་དང་། བསམ་གཏན་ལ་སོགས་པ་ལྟ་བུའོ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྐྱེ་བ་དང་མཐུན་པར་བསྟན་པ་ལྟ་བུ་སྟེ། ལུས་དྲན་པ་ཉེ་བར་གཞག་པ་ནི་ཇི་ལྟར་རགས་པ་བཞིན་དམིགས་པའི་སྒོ་ནས་ཏེ། རྒྱུ་བ་ཕྲ་བ་དང་རགས་པའི་སྒོ་
ནས་སམ། སྔ་མ་དང་ཕྱི་མ་རྒྱུ་དང་འབྲས་བུར་གྱུར་པའི་སྒོ་ནས་སྔར་སྐྱེས་ལ་དེའི་འོག་ཏུ་ཚོར་བ་དྲན་པ་ཉེ་བར་གཞག་པའོ། །དེའི་འོག་ཏུ་སེམས་དྲན་པ་ཉེ་བར་གཞག་པའོ། །དེའི་འོག་ཏུ་ཆོས་དྲན་པ་ཉེ་བར་གཞག་པའོ། །དེ་ལྟར་ན་འདི་དག་ནི་སྐྱེ་བ་དང་མཐུན་པར་བསྟན་པ་ཡིན་ཏེ། བསམ་
གཏན་ལ་སོགས་པ་ཡང་དེ་དང་འདྲའོ། །སྩོགས་པ་ཞེས་བྱ་བའི་སྒྲས་ནི་རྣམ་པར་ཐར་པ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་ལ་སོགས་པ་ཡང་སྐྱེ་བ་དང་མཐུན་པར་བསྟན་པ་ཡིན་ནོ། །ཁ་ཅིག་ནི་རབ་ཏུ་བརྟགས་པ་དང་མཐུན་པར་བསྟན་ཞེས་བྱ་བ་ནི་རབ་ཏུ་
Vol. 143 · folio 151a
བརྟགས་པ་དང་མཐུན་པར་ཏེ། རྟོགས་སླ་བར་བསྟན་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་ཡང་དག་པར་སྤོང་བ་རྣམས་ལྟ་བུ་སྟེ་ཞེས་བྱ་བ་ནི་དཀར་པོ་དང་ནག་པོའི་ཕྱོགས་དག་ལ་སོ་སོར་སྐྱེས་པ་དང་མ་སྐྱེས་པའི་བྱེ་བྲག་གི་སྒོ་ནས་བསྟན་པ་ལྟ་བུ་སྟེ། སྐྱེས་པ་ནི་འདུལ་
བའི་སྐྱེ་བོས་སྐྱེས་པ་རྟོགས་པར་སླའི་མ་སྐྱེས་པ་ནི་མ་ཡིན་པའམ། ནག་པོའི་ཕྱོགས་རྟོགས་པར་སླ་བས་སོ། །ཇི་ལྟ་ཞེ་ན། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤངས་པའི་ཕྱིར་འདུན་པ་བསྐྱེད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་རབ་ཏུ་འཇོག་གོ། །
མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ་ཞེས་བྱ་བ་སྔ་མ་བཞིན་ནོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ་ཞེས་བྱ་བ་སྔ་མ་བཞིན་ནོ། །སྐྱེས་པ་རྣམས་གནས་པར་བྱ་བ་དང་། མི་བརྗེད་པར་བྱ་བ་དང་གོམས་པར་བྱ་བའི་ཕྱིར་འདུན་པ་བསྐྱེད་དོ་ཞེས་
བྱ་བ་སྔ་མ་བཞིན་ནོ། །གང་སྔར་ནི་སྐྱེས་པ་རྣམས་སྤང་བར་བྱ་བའི་ཕྱིར་འདུན་པ་བསྐྱེད་ལ། ཕྱིས་ནི་མ་སྐྱེས་པ་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་འདུན་པ་བསྐྱེད་པའི་ངེས་པ་འདི་ནི་མེད་དོ། །འོ་ན་ཅི་ཞེ་ན། སྔར་ཡང་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར། འདུན་པ་བསྐྱེད་ལ་ཕྱིས་ཀྱང་སྐྱེས་པ་
རྣམས་སྤང་བའི་ཕྱིར་འདུན་པ་བསྐྱེད་དེ། དཔེར་བརྗོད་པ་ནི་འདི་ཡིན་ནོ། །དགེ་བའི་ཕྱོགས་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །བདེན་པ་རྣམས་ནི་མངོན་པར་རྟོགས་པ་དང་མཐུན་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་གཞན་དུ་ན་རྒྱུ་དང་འབྲས་བུ་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་
སྔར་དང་ཕྱིས་བསྟན་པ་དག་ཕྱིས་དང་སྔར་བསྟན་པར་ཐལ་བར་འགྱུར་རོ་ཞེས་སྟོན་པར་བྱེད་དོ། །གང་ལ་ཆགས་པ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པ་ལའོ། །གང་གིས་གནོད་པ་བྱེད་པ་ཞེས་བྱ་བ་ནི་དེ་ཉིད་ཀྱིས་སོ། །གང་ལས་ཐར་པ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་བདེན་པ་དེ་ཁོ་ན་ལས་ཏེ།
དེ་ཉིད་ལ་དང་པོར་ཏེ་སྦྱོར་བའི་གནས་སྐབས་སུའོ། །གང་དུ་ཞེ་ན། རྣམ་པར་དཔྱོད་པའི་གནས་སྐབས་ན་ཞེས་བྱ་བ་སྨོས་སོ། །ཡོངས་སུ་རྟོགས་པའི་གནས་སྐབས་ན་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་ན་ཞེས་བྱ་བའི་ཐ་ཚིག་གོ། །ནད་མཐོང་ནས་ཞེས་བྱ་བ་ལ་སོགས་
Vol. 143 · folio 151b
པ་འབྱུང་བ་ལ་ནད་ནི་སྡུག་བསྔལ་གྱི་བདེན་པའི་དཔེ་ཡིན་ནོ། །དེའི་གཞི་ནི་ཀུན་འབྱུང་གི་བདེན་པ་ཡིན་ནོ། །དེ་ཟད་པ་ནི་འགོག་པའི་བདེན་པ་ཡིན་ནོ། །དེའི་སྨན་ནི་ལམ་གྱི་བདེན་པའི་དཔེ་ཡིན་ནོ། །བདེན་པ་རྣམས་ཀྱི་དཔེ་འདི་ནི་མདོ་ལས་ཀྱང་བསྟན་ཏོ་ཞེས་བྱ་བ་ནི་ནད་ལ་སོགས་པའི་
མདོ་ལས་སོ། །ཇི་སྐད་དུ་ཞེ་ན། ཡན་ལག་བཞི་དང་ལྡན་པའི་སྨན་པ་ཟུག་རྔུ་འབྱིན་པ་ནི་རྒྱལ་པོའི་འོས་ཡིན་ཞིང་རྒྱལ་པོའི་སྤུ་ལ་འབབ་པ་ཡིན་ལ་རྒྱལ་པོའི་ཡན་ལག་ཉིད་ཀྱི་གྲངས་སུ་ཡང་འགྲོའོ། །བཞི་པོ་གང་དག་ཅེ་ན། ནད་ལ་མཁས་པ་ཡིན། ནད་ཀྱི་གཞི་ལ་མཁས་པ་ཡིན། ནད་སྤོང་བ་ལ་
མཁས་པ་ཡིན་ནད་སྤངས་ནས་ཕྱིར་མི་སྐྱེ་བ་ལ་མཁས་པ་ཡིན་ནོ། །དེ་བཞིན་དུ་ཡན་ལག་བཞི་དང་ལྡན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྨན་པ་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཞེས་བྱ་བའོ། །བཞི་པོ་གང་དག་ཅེ་ན། དགེ་སློང་དག་འདི་ན་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ནི་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་
འཕགས་པའི་བདེན་པའོ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏོ་ཞེས་འབྱུང་བ་ཡིན་ནོ། །སྔར་འཕངས་པའི་ཕྱིར་ཞེས་བྱ་བ་ནི་སྔོན་གྱི་ཤུགས་ཀྱིས་སོ། །དཀྱུས་བསྟན་པའི་རྟ་ཐགས་ཐོགས་མེད་པར་རྒྱུག་པ་བཞིན་ནོ་ཞེས་བྱ་བ་ནི། རྟ་ཇི་ལྟར་དཀྱུས་ཀྱིས་བསྟན་པ་ལ་འགྱུར་བ་
མེད་པར་རྒྱུག་པ་དེ་དང་འདྲའོ། །ཁ་ཅིག་ནི་ཐགས་ཐོགས་མེད་པར་དཀྱུས་སྙོལ་བ་བཞིན་ནོ་ཞེས་འདོན་ཏོ། །རྫས་སུ་ཡང་བྱེ་བྲག་ཡོད་དེ་ཞེས་བྱ་བ་ལ་ཡང་ཞེས་བྱ་བའི་སྒྲས་ནི་མིང་གི་སྒོ་ནས་ཀྱང་ཞེས་བསྟན་པ་ཡིན་ནོ། །ཕྱིན་ཅི་མ་ལོག་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་དེ་ནི་འཕགས་པ་
རྣམས་དང་། གཞན་དག་ལ་ཡང་ཕྱིན་ཅི་མ་ལོག་པ་སྟེ། སྡུག་བསྔལ་ལ་སོགས་པ་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ། །འཕགས་པ་རྣམས་ཀྱིས་ནི་བདེན་པ་འདི་དག་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་གཟིགས་ཏེ། སྡུག་བསྔལ་གྱི་བདེན་པ་ལ་ཡང་སྡུག་བསྔལ་དང་། མི་རྟག་པ་དང་། སྟོང་
Vol. 143 · folio 152a
པ་དང་། བདག་མེད་པར་གཟིགས་ལ། དེ་བཞིན་དུ་ལམ་གྱི་བདེན་པ་ལ་ཡང་ལམ་དང་རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པའི་བར་དུ་གཟིགས་ཀྱི་འཕགས་པ་མ་ཡིན་པ་གཞན་དག་གིས་ནི་དེ་ལྟར་མཐོང་བ་མ་ཡིན་པས་དེའི་ཕྱིར་འདི་དག་ནི་འཕགས་པ་
རྣམས་ཀྱི་བདེན་པ་ཞེས་བྱའི། འཕགས་པ་མ་ཡིན་པ་རྣམས་ཀྱི་བདེན་པ་ཞེས་བྱ་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཕྱིན་ཅི་ལོག་ཏུ་མཐོང་བའི་ཕྱིར་རོ། །དེ་དག་གིས་ནི་སྡུག་བསྔལ་གྱི་བདེན་པ་ལ་ནི་བདེའོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་མཐོང་ལ། ཀུན་འབྱུང་བ་ལ་ནི་ཀུན་འབྱུང་བ་མ་
ཡིན་པའོ་ཞེས་བྱ་བ་ལ་སོགས་པར་མཐོང་ངོ་། །འགོག་པ་ལ་ནི་འགོག་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་རོ། །ལམ་ལ་ནི་ལམ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་མཐོང་ངོ་། །དེ་ནི་གཞན་གྱི་སྡུག་བསྔལ་རིག །ཅེས་བྱ་བ་ནི་འདི་ལྟ་སྟེ། འགོག་པའི་བདེན་པ་ནི་ཡང་སྲིད་པ་མེད་
པའི་ཕྱིར། གཡང་ས་བཞིན་དུ་བྱིས་པ་རྣམས་འཇིགས་པར་བྱེད་པ་ཡིན་པས་སོ། །འཕགས་པས་སྡུག་བསྔལ་རིག་ཅེས་བྱ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །གཉིས་ནི་འཕགས་པ་རྣམས་ཀྱི་བདེན་པ་ཡིན་ལ་ཞེས་བྱ་བ་སྡུག་བསྔལ་དང་། ཀུན་འབྱུང་བའི་བདེན་པ་དག་སྟེ། ཕྱིན་ཅི་
མ་ལོག་པར་གཟིགས་པའི་ཕྱིར་རོ། །གཉིས་ནི་འཕགས་པ་ཡང་ཡིན་ཏེ། དགེ་བའི་ཕྱིར་དང་ཟག་པ་མེད་པའི་ཕྱིར་རོ། །འཕགས་པ་རྣམས་ཀྱི་བདེན་པ་ཡང་ཡིན་ཏེ། ཕྱིན་ཅི་མ་ལོག་པར་གཟིགས་པའི་ཕྱིར་རོ། །དེ་ལྟར་ན་གཅིག་ལུས་པར་བསྟན་པའི་ཕྱིར། འཕགས་པའི་བདེན་པ་
དག་ཅེས་བྱ་བར་འགྱུར་རོ། །གང་གི་ཚེ་ཚོར་བའི་ཕྱོགས་གཅིག་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ཞེས་བྱ་བ་ནི་ཚོར་བའི་ཕུང་པོའི་ཕྱོགས་གཅིག་པོ་སྡུག་བསྔལ་དང་། ཡིད་མི་བདེ་བའི་ངོ་བོ་ཉིད་དོ། །ཅི་རིགས་མ་ལུས་སྡུག་བསྔལ་ལོ། །ཞེས་བྱ་བ་ལ། ཅི་རིགས་པའི་དོན་ནི་ཡིད་དུ་འོང་
བ་རྣམས་ནི་འགྱུར་བའི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ཡིན་ནོ། །ཡིད་དུ་མི་འོང་བ་རྣམས་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སོ། །དེ་དག་ལས་གཞན་པ་རྣམས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནས་སོ་
Vol. 143 · folio 152b
ཞེས་བྱ་བ་ཡིན་ནོ། །ཡིད་དུ་འཐད་པས་ན་ཡིད་དུ་འོང་བ་རྣམས་སོ། །དེ་དག་ལས་གཞན་པ་རྣམས་ཞེས་བྱ་བ་ནི་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་དག་ལས་གཞན་པ་རྣམས་སོ། །ཚོར་བ་གསུམ་དང་གོ་རིམས་བཞིན་ཏེ་ཞེས་བྱ་བ་ནི་ཚོར་བ་བདེ་བ་ནི་ཡིད་དུ་འོང་བ་དག་ཡིན་ནོ། །སྡུག་
བསྔལ་བ་ནི་ཡིད་དུ་མི་འོང་བ་དག་ཡིན་ནོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ནི་ཡིད་དུ་འོང་བ་ཡང་མ་ཡིན། ཡིད་དུ་མི་འོང་བ་དག་ཀྱང་མ་ཡིན་པ་དག་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་དབང་གིས་ཞེས་བྱ་བ་ནི་ཚོར་བའི་དབང་གིས་ཏེ་གཟུགས་དང་སྒྲ་ལ་སོགས་པའི་
ཚོར་བའི་རང་བཞིན་མ་ཡིན་པ་རྣམས་ཀྱང་དེ་དང་མཐུན་པའི་ཕྱིར། ཡིད་དུ་འོང་བ་ལ་སོགས་པའི་མིང་འཐོབ་བོ། །འགྱུར་བས་སྡུག་བསྔལ་བ་ཉིད་ཅེས་བྱ་བ་ནི་མི་རྟག་པ་ཉིད་ཀྱིས་འགྱུར་བས་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། ཀྱི་ཧུད་ཤིང་རྟ་སྣ་ཚོགས་ཚལ། །ཀྱི་ཧུད་མཚེའུ་དང་དལ་
གྱིས་འབབ། །ཀྱི་ཧུད་སྡུག་པ་རྣམ་ཤེས་ལྷ། །སྨྲེ་སྔགས་འདོན་བཞིན་ས་ལ་ལྷུང་། །ཞེས་འབྱུང་བ་ལྟ་བུའོ། །སྡུག་བསྔལ་གྱི་ངོ་བོ་ཁོ་ནས་ཞེས་བྱ་བ་ནི་གནོད་པའི་ངོ་བོ་ཉིད་ཁོ་ནས་ཞེས་བྱ་བའི་ཐ་ཚིག་གོ། །སྡུག་བསྔལ་གྱི་ཚོར་བ་ནི་སྐྱེ་བ་ན་ཡང་སྡུག་བསྔལ་ལ་གནས་པ་ན་
ཡང་སྡུག་བསྔལ་ལོ་ཞེས་བྱ་བ་ཤུགས་ཀྱིས་ན་འདི་འགྱུར་བའི་བདེ་བར་འགྱུར་བ་མ་ཡིན་ནམ། དེ་ལྟ་ཡིན་ན་ནི་མཚན་ཉིད་འཆོལ་བར་འགྱུར་རོ་ཞེ་ན། འདི་ནི་འདིའི་མཚན་ཉིད་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སུན་དབྱུང་བའི་ཕྱིར་ཉེ་བར་བསྟན་པར་ཟད་དོ། །ཡང་ན་དེ་ལྟ་ཡིན་དུ་ཟད་དེ་དེ་ནི་ངོ་བོ་
གང་གིས་རྣམ་པར་སུན་འབྱིན་པ་དེ་ཉིད་ལ་ལྟོས་ནས་སྡུག་བསྔལ་ཁོ་ན་ཡིན་ཏེ། དཔེར་ན་བདེ་བའི་ཚོར་བ་སྐྱེ་བ་དང་། གནས་པ་ན་བདེ་བའི་ཕྱིར་བདེ་བ་ཡིན་དུ་ཟིན་ཀྱང་རྣམ་པར་སུན་དབྱུང་བར་བྱ་བ་ཉིད་དུ་བཞེད་པའི་ཕྱིར། འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ཡིན་ནོ་ཞེས་དེ་ལྟར་
རྣམ་པར་སུན་འབྱིན་པར་བྱེད་པ་དང་འདྲའོ། །འདུ་བྱེད་ཁོ་ནས་སྡུག་བསྔལ་བ་ཉིད་ཅེས་བྱ་བ་ནི་འདུ་བྱེད་ཁོ་ནས་ཏེ། སྐྱེ་བ་ཁོ་ནས་ཞེས་བྱ་བའི་ཐ་ཚིག་གོ། །གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་ངེས་པར་མི་གནས་པ་དེ་ནི་སྡུག་བསྔལ་བ་སྟེ། གང་ཞིག་སྐྱེས་ཤིང་
Vol. 143 · folio 153a
འཇིག་པ་དེ་སྡུག་བསྔལ་བའོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་རྐྱེན་གྱིས་མངོན་པར་འདུ་བྱེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་རྐྱེན་གྱིས་མངོན་པར་འདུ་བྱེད་པ་དེའི་ཕྱིར་སྡུག་བསྔལ་བ་ཞེས་བྱའོ། །དེ་མྱོང་བར་འགྱུར་བའི་འདུ་བྱེད་རྣམས་ཀྱང་ཚོར་བ་དང་འདྲ་བར་
བརྗོད་དོ་ཞེས་བྱ་བ་ནི་བདེ་བའི་ཚོར་བ་མྱོང་བར་འགྱུར་བའི་འདུ་བྱེད་རྣམས་ནི་འགྱུར་བས་སྡུག་བསྔལ་བ་ཉིད་དེ། བདེ་བའི་ཚོར་བ་མྱོང་བར་འགྱུར་བའི་འདུ་བྱེད་རྣམས་ནི་སྐྱེ་བ་ན་ཡང་བདེ། གནས་པ་ན་ཡང་བདེ་ལ། འགྱུར་བ་ན་སྡུག་བསྔལ་ལོ་ཞེས་བྱ་བ་དང་། སྡུག་བསྔལ་གྱི་ཚོར་བ་མྱོང་
བར་འགྱུར་བའི་འདུ་བྱེད་རྣམས་ནི་སྡུག་བསྔལ་གྱི་རང་གི་ངོ་བོ་ཁོ་ནས་སྡུག་བསྔལ་བ་ཉིད་དེ། སྡུག་བསྔལ་གྱི་ཚོར་བ་མྱོང་བར་འགྱུར་བའི་འདུ་བྱེད་རྣམས་ནི་སྐྱེ་བ་ཡང་སྡུག་བསྔལ་ལ། གནས་པ་ཡང་སྡུག་བསྔལ་ལོ་ཞེས་བྱ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་
ཚོར་བ་མྱོང་བར་འགྱུར་བའི་འདུ་བྱེད་རྣམས་ནི་རྐྱེན་གྱིས་མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་ཁོ་ནས་སྡུག་བསྔལ་བ་ཉིད་དེ་ཞེས་བྱ་བ་ཡིན་ནོ། །སྡུག་བསྔལ་ཉིད་སྡུག་བསྔལ་ཉིད་ཡིན་པས་ཞེས་བྱ་བ་ལ་ཡིན་པའི་བར་ཞེས་འབྱུང་བའི་ཕྱིར་འགྱུར་བ་ཉིད་སྡུག་བསྔལ་བ་ཉིད་ཡིན་པས་འགྱུར་བའི་
སྡུག་བསྔལ་ཉིད་ཡིན་ལ། འདུ་བྱེད་ཉིད་སྡུག་བསྔལ་ཉིད་ཡིན་པས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དོ་ཞེས་བརྗོད་པར་བྱའོ། །རྣམ་གྲངས་འདི་ནི་ཚིག་རྣམ་པར་སྦྱར་བ་ཁོ་ནས་ཁྱད་པར་དུ་གྱུར་པར་ཟད་ཀྱི་དོན་གྱིས་ནི་མ་ཡིན་པས་འདིར་དོན་ནི་དེ་ཁོ་ན་གཟུང་བར་བྱའོ། །ཐུན་མོང་མ་ཡིན་པའི་
ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འདུ་བྱེད་ཡིད་དུ་འོང་བ་རྣམས་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དང་ཐུན་མོང་མ་ཡིན་ཏེ། དེའི་ཕྱིར་དེ་དག་ནི་ཐུན་མོང་མ་ཡིན་པས་འགྱུར་བའི་སྡུག་བསྔལ་ཉིད་དུ་བཤད་དོ། །ཡིད་དུ་མི་འོང་བ་རྣམས་ནི་འགྱུར་བའི་སྡུག་བསྔལ་ཉིད་དང་ཐུན་མོང་མ་ཡིན་ཏེ།
དེའི་ཕྱིར་དེ་དག་ནི་ཐུན་མོང་མ་ཡིན་པས་སྡུག་བསྔལ་གྱི་སྡུག་བསྔལ་ཉིད་དུ་བཤད་དོ་ཞེས་བྱ་བ་ཡིན་ནོ། །ཡིད་དུ་འོང་བ་ལ་སོགས་པ་འདུ་བྱེད་ཐམས་ཅད་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ཉིད་དེ། དེ་ནི་ཁྱབ་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཐམས་ཅད་ཀྱང་དེ་ལྟར་སྡུག་བསྔལ་བ་
Vol. 143 · folio 153b
ཡིན་ན། ཅིའི་ཕྱིར་ཀུན་གྱིས་མི་མཐོང་ཞེ་ན། དེའི་ཕྱིར་སྨྲས་པ། དེ་དག་ཀྱང་འཕགས་པ་རྣམས་ཁོ་ནས་གཟིགས་ཀྱི་གཞན་དག་གིས་ནི་མ་ཡིན་ནོ། །ཇི་ལྟ་ཞེ་ན། འདིར་སྨྲས་པ་ཞེས་པ་འདི་ཐམས་ཅད་ཉེ་བར་འགོད་པར་བྱེད་དོ། །དེ་ལྟ་ན་འོ་ན་ནི་ཞེས་བྱ་བ་ནི་གལ་ཏེ་འདུ་བྱེད་ཀྱི་སྡུག་བསྔལ་
ཉིད་ཀྱིས་འདུ་བྱེད་ཐམས་ཅད་ཀྱང་སྡུག་བསྔལ་བ་ཡིན་ན་ནི། ལམ་ཡང་འདུས་བྱས་ཡིན་པའི་ཕྱིར་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དུ་ཐལ་བར་འགྱུར་ཏེ། རྐྱེན་གྱིས་བསྐྱེད་པ་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །སྡུག་བསྔལ་ཞེས་བྱ་བའི་མཚན་ཉིད་ནི་མི་མཐུན་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་
གཞན་ཁོ་ན་ཞིག་ཅི་སྟེ་བརྗོད། སྔར་རྐྱེན་གྱིས་མངོན་པར་འདུས་བྱས་པའི་ཕྱིར་འདུ་བྱེད་ཐམས་ཅད་མི་རྟག་པ་ཡིན་ལ། གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་བཤད་པས་ལམ་ཡང་རྐྱེན་གྱིས་མངོན་པར་འདུས་བྱས་པའི་ཕྱིར། མི་རྟག་པ་ཡིན་ཏེ། དེ་ལྟ་བས་ན་སྡུག་
བསྔལ་བ་ཡིན་ནོ་ཞེས་བྱ་བར་ཐལ་བར་འགྱུར་རོ། །གལ་ཏེ་སྡུག་བསྔལ་གྱི་མཚན་ཉིད་མི་མཐུན་པ་ཁོ་ན་ཡིན་པར་འདོད་ན་ནི་སྔར་བཤད་པ་དེ་མཚན་ཉིད་མ་ཡིན་པར་འགྱུར་རོ། །ཇི་སྟེ་དེ་སྡུག་བསྔལ་གྱི་མཚན་ཉིད་ཡིན་ན་ནི། འདི་མཚན་ཉིད་མ་ཡིན་ནོ་ཞེ་ན་དེ་ནི་ཉེས་པ་མེད་དོ། །ཇི་ལྟ་ཞེ་ན་
འདིར་དགོངས་པའི་དོན་ནི་མི་རྟག་པ་གང་ཞིག་འཕགས་པ་རྣམས་དང་མི་མཐུན་པ་དེ་སྡུག་བསྔལ་བ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །འཕགས་པ་རྣམས་དང་མི་མཐུན་པ་ཡང་གང་ཞིག་ཡིན་ཞེ་ན། ཟག་པ་དང་བཅས་པའི་དངོས་པོ་གང་ཡིན་པའོ། །ཡང་ཅིའི་ཕྱིར་ཟག་པ་མེད་པའི་ལམ་ཡང་དེ་ཁོ་ན་དང་འདྲ་
བར་མི་རྟག་པ་ཡིན་བཞིན་དུ་ཡང་འཕགས་པ་རྣམས་དང་མི་མཐུན་པ་མ་ཡིན་ཞེ་ན། དེའི་ཕྱིར་དེ་སྐྱེ་བ་ནི་སྡུག་བསྔལ་ཐམས་ཅད་ཟད་པ་འདྲེན་པའི་ཕྱིར་འཕགས་པ་རྣམས་དང་མི་མཐུན་པ་མེད་དོ་ཞེས་བྱ་བ་སྨོས་སོ། །འཇིག་རྟེན་ན་ཁྱད་པར་མེད་པར་བརྗོད་ཀྱང་ཁྱད་པར་རྟོག་པ་མཐོང་སྟེ། དཔེར་ན་
འགྲོ་བས་ན་བ་ལང་ངོ་ཞེས་བྱ་བར་འགྲོ་བས་ན་མ་ཧེ་ཡང་བ་ལང་དུ་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དོན་དེ་ལྟར་ངེས་པ་ཡིན་དང་ཅིའི་ཕྱིར་བ་ལང་ཡིན་ཞེ་ན། གང་གི་ཕྱིར་འགྲོ་བས་སོ་ཞེས་བྱ་བ་དེ་བཞིན་དུ་འདིར་ཡང་ཟག་པ་དང་བཅས་པའི་དངོས་པོ་གང་ཡིན་པ་དེ་ནི་འཕགས་པ་རྣམས་དང་མི་མཐུན་པ་
Vol. 143 · folio 154a
ཡིན་ནོ། །ཅིའི་ཕྱིར་ཞེ་ན། མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །སྡུག་བསྔལ་དུ་མཐོང་བས་གང་ཡིན་པ་དེ་ཁོ་ན་ཞེས་བྱ་བ་ནི་ཟག་པ་དང་བཅས་པའི་དངོས་པོ་དེའི་འགོག་པ་ལ་དེ་ལྟར་ལྟའི་ལམ་གྱི་ལ་ནི་མ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །མོན་སྲན་སྡེའུ་ལ་སོགས་
པ་ཡོད་བཞིན་དུ་མོན་སྲན་གྲེའུའི་ཕུང་པོ་ཞེས་སྟོན་པ་བཞིན་ཞེས་བྱ་བ་ནི་འཇིག་རྟེན་ན་མོན་སྲན་གྲེའུའི་ཕུང་པོའི་ནང་ན་མོན་སྲན་སྡེའུ་དང་། སྲན་ཆུང་དང་། སྲན་མ་ལ་སོགས་པ་ཡོད་བཞིན་དུ་ཡང་ཉུང་བའི་ཕྱིར་མོན་སྲན་སྡེའུ་ལ་སོགས་པ་ལ་མོན་སྲན་གྲེའུའི་ཕུང་པོ་ཞེས་ཐ་སྙད་འདོགས་པ་སྣང་བ་དེ་
དང་འདྲའོ། །ཆུས་གདབ་པའི་བདེ་བ་ཆུང་ངུས་ཞེས་བྱ་བ་ནི། དེ་ནི་བདེ་བ་ཡང་ཡིན་ལ་ཆུང་ངུ་ཡང་ཡིན་པས་བདེ་བ་ཆུང་ངུའོ། །ཆུས་གདབ་པའི་བདེ་བ་ཆུང་ངུ་ནི་ཆུས་གདབ་པའི་བདེ་བ་ཆུང་ངུ་སྟེ་དེས་སོ། །ཡང་སྨྲས་པ་ཞེས་བྱ་བ་ནི་བཙུན་པ་གཞོན་ནུ་ལེན་གྱིས་ཏེ། སྡུག་བསྔལ་བདུན་ཅུ་པ་ལས་སོ། །
སྡུག་བསྔལ་གྱི་ནི་རྒྱུ་ཕྱིར་དང་། །ཞེས་བྱ་བ་ནི་བདེ་བ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ཏེ། སྡུག་བསྔལ་མྱོང་བར་འགྱུར་བའི་ལས་དང་མཚུངས་པར་ལྡན་པའི་ཕྱིར་རོ། །སྡུག་བསྔལ་མང་པོས་སྐྱེད་ཕྱིར་དང་། །ཞེས་བྱ་བ་ནི་འདི་ལྟར་བདེ་བ་ནི་གཞན་ལ་བརྟེན་པ་དང་། ཞིང་ལ་སོགས་པས་བྱས་པའི་སྡུག་བསྔལ་
ཤིན་ཏུ་མང་པོས་བསྐྱེད་དེ་འབྱུང་བར་བྱེད་པ་ཡིན་པས་སོ། །སྡུག་བསྔལ་ཡོད་ན་བདེ་འདོད་ཕྱིར། །ཞེས་བྱ་བ་ནི་འདི་ལྟར་བཀྲེས་པ་དང་སྐོམ་པ་ལ་སོགས་པས་བྱས་པའི་སྡུག་བསྔལ་ཡོད་ན་ཟས་དང་སྐོམ་ལ་སོགས་པས་བྱས་པའི་བདེ་བ་འདོད་ཀྱི་གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་རྒྱུ་དེ་དག་གིས་ན།
བདེ་བ་སྡུག་བསྔལ་ཞེས་རྟོགས་སོ། །ཞེས་བྱའོ་སྲིད་པ་ཐམས་ཅད་ནི་བདེ་བ་དང་བཅས་ཏེ་ཞེས་བྱ་བ་ལ་ནི་ཞེས་བྱ་བའི་སྒྲ་ཕྱོགས་སྔ་མ་བཟློག་པའི་ཕྱིར་རོ། །འདུ་བྱེད་ཀྱི་སྡུག་བསྔལ་དུ་རོ་གཅིག་པས་ཞེས་བྱ་བ་ནི་འདུ་བྱེད་ཀྱི་སྡུག་བསྔལ་དུ་རྣམ་པ་གཅིག་པས་སོ། །ད་ནི་ཇི་ལྟར་བདེ་བའི་རང་བཞིན་གྱི་ཞེས་བྱ་བ་ནི་
ཇི་ལྟར་སྡུག་བསྔལ་གྱི་རང་བཞིན་མ་ཡིན་པའི་ཚོར་བ་རྣམས་ལ་སྡུག་བསྔལ་ཞེས་བྱ་བ་ཡིན་ནོ། །མི་རྟག་པའི་མཚན་ཉིད་ཀྱིས་མི་མཐུན་པའི་ཕྱིར་རོ་ཞེས་བྱ་བ་ནི་མི་རྟག་པའི་ཕྱིར་མི་མཐུན་ལ་མི་མཐུན་པའི་ཕྱིར་སྡུག་བསྔལ་དུ་ལྟའོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་གཟུགས་དང་འདུ་ཤེས་ལ་སོགས་པ་ཡང་
Vol. 143 · folio 154b
ཞེས་བྱ་བ་ནི། དཔེར་ན་གཟུགས་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་དག་ལ་ཡང་སྡུག་བསྔལ་ཉིད་དུ་ལྟ་མོད་ཀྱི་དེ་དག་ཇི་ལྟར་སྡུག་བསྔལ་གྱི་ཚོར་བ་བཞིན་དུ་སྡུག་བསྔལ་བ་ནི་མ་ཡིན་པ་བཞིན་ཏེ། དེ་ནི་གནོད་པར་བྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ལ། དེ་དག་གི་མཚན་ཉིད་ནི་དེ་མ་ཡིན་པའི་ཕྱིར་རོ། །
གང་ཞིག་ཅེས་བྱ་བ་ནི་བཙུན་པ་གཞོན་ནུ་ལེན་ཏོ། །བཙུན་པ་གཞོན་ནུ་ལེན་དེའི་དེ་ནི་ཀུན་འབྱུང་གི་རྣམ་པ་ཡིན་གྱི། སྡུག་བསྔལ་གྱི་རྣམ་པ་ནི་མ་ཡིན་ཏེ། སྡུག་བསྔལ་ལ་རྒྱུར་ལྟ་བའི་ཕྱིར་རོ། །གཞན་ཡང་གཟུགས་དང་གཟུགས་མེད་པར་སྐྱེས་པའི་འཕགས་པ་རྣམས་ལ་ཡང་སྡུག་བསྔལ་གྱི་འདུ་
ཤེས་འཇུག་པར་འགྱུར་ཏེ། འཇུག་པར་མི་འགྱུར་བ་ཞིག་ན་ཞེས་བྱ་བའི་ཐ་ཚིག་གོ། །ཕྱིར་མི་འོང་བ་དེ་དག་གི་སྡུག་བསྔལ་གྱི་ཚོར་བའི་རྒྱུ་སྟེ། ཚོར་བ་སྡུག་བསྔལ་བའི་རྒྱུ་ནི་མ་ཡིན་ནོ། །གང་དག་ཅིག་ཅེ་ན། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཕུང་པོ་རྣམས་སོ། །ཅིའི་ཕྱིར་རྒྱུ་མ་ཡིན་ཞེ་ན།
ཡང་སྡུག་བསྔལ་བའི་གནས་སུ་མི་འོང་བའི་ཕྱིར་རོ། །འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱང་ཅིའི་ཕྱིར་གསུངས་པར་གྱུར་ཅེས་བྱ་བ་ནི་གལ་ཏེ་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་བདེ་བ་ཡང་སྡུག་བསྔལ་ཉིད་དུ་ལྟ་ན་གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་འདུ་བྱེད་ཀྱི་སྡུག་བསྔལ་དུ་བཤད་པ་གང་ཡིན་པ་དེ་ཅི་
དགོས་ཏེ། སྡུག་བསྔལ་གྱི་རྒྱུ་ཡིན་པ་ཁོ་ནས་དགོས་པ་དེ་གྲུབ་པའི་ཕྱིར་རོ། །སྡུག་བསྔལ་གྱི་རྒྱུ་ཡིན་པར་སྨྲ་བས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གལ་ཏེ་གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་པས་མི་རྟག་པའི་ཕྱིར་སྡུག་བསྔལ་ཉིད་དུ་ལྟའི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་ནི་མ་ཡིན་ནོ། །
འོ་ན་མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་དག་ལ་ཁྱད་པར་ཅི་ཞིག་ཡོད། སློབ་དཔོན་གྱིས། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པས་རྒྱས་པར་སྨོས་སོ། །ཇི་ལྟར་ན་མི་མཐུན་པའི་ཕྱིར་སྡུག་བསྔལ་ཡིན་པ་དེ་བཞིན་དུ་བསྟན་པའི་ཕྱིར་མི་རྟག་པར་མཐོང་ན་མི་མཐུན་
པར་འགྱུར་བས་མི་རྟག་པའི་རྣམ་པས་སྡུག་བསྔལ་གྱི་རྣམ་པ་འདྲེན་པར་བྱེད་དོ་ཞེས་བྱ་བ་སྨོས་སོ། །དེ་ནི་འདི་སྐད་དུ་གང་མི་རྟག་པ་དེ་ནི་སྡུག་བསྔལ་བ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་ནི་རྣམ་པ་གཅིག་པའི་ཕྱིར་དེ་སྐད་བཤད་པ་ནི་མ་ཡིན་གྱི། འོན་ཀྱང་བདེ་བ་དེ་མི་རྟག་པར་མཐོང་ན་ནི་མི་
Vol. 143 · folio 155a
མཐུན་པར་འགྱུར་ལ། མི་མཐུན་པའི་ཕྱིར་སྡུག་བསྔལ་ཉིད་དུ་ལྟའོ་ཞེས་བཤད་པ་ཡིན་ནོ། །ཁ་ཅིག་ན་རེ་ཞེས་བྱ་བ་ནི་བཙུན་པ་དཔལ་ལེན་ལ་སོགས་པའོ། །དེ་ནི་འདི་ལྟར་སྡུག་བསྔལ་ལོ་ཞེས་བྱ་བ་ནི་འདིར་སྡུག་བསྔལ་གྱི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །
བདེ་བའི་ཚོར་བ་ནི་སྡུག་བསྔལ་དུ་བལྟ་བར་བྱའོ་ཞེས་བྱ་བ་ནི་མདོའི་ཚིག་གཞན་ཡིན་ནོ། །གྲང་བ་དང་དྲོ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲ་ནི་སྐྱུར་བ་དང་མངར་བ་ལ་སོགས་པ་བསྡུའོ།། །།བམ་པོ་བཞི་བཅུ་རྩ་ལྔ་པ། ཧ་ཅང་སྤྱད་པ་ནི་ཧ་ཅང་ཡོངས་སུ་སྤྱད་པའོ། །
དུས་མ་ཡིན་པར་སྤྱད་པ་ནི་དཔེར་ན་དགུན་གྲང་བ་སྤྱད་པ་དང་སོ་ག་དྲོ་བ་སྤྱད་པ་ལྟ་བུའོ། །མཉམ་པས་ཞེས་བྱ་བ་ནི་བདེ་བའི་རྒྱུས་སོ། །སྤྱོད་ལམ་གྱི་བྱེ་བྲག་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི་བདེ་བའི་རྒྱུ་ཉལ་བ་ལ་སོགས་པར་འདོད་པ་གང་དག་ཡིན་པ་དེ་དག་ཁོ་ན་ཞེས་བྱ་བ་ནས་
གསལ་བར་འགྱུར་བར་ཟད་དེ་ཞེས་བྱ་བའི་བར་ཐམས་ཅད་བརྗོད་པར་བྱའོ། །སྡུག་བསྔལ་གྱི་གཉེན་པོ་ལ་བདེ་བའི་བློ་སྐྱེ་བའི་ཡང་ཕྱིར་ཅི་ཞེ་ན། བདེ་བའི་ཚོར་བ་མེད་དོ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །སྡུག་བསྔལ་གྱི་བྱེ་བྲག་ལ་ཅི་ཞེ་ན། བདེ་བའི་བློ་སྐྱེ་བའི་ཕྱིར་དེ་བཞིན་དུ་བདེ་བའི་ཚོར་བ་མེད་
དོ་ཞེས་བྱ་བར་སྦྱར་རོ། །སྡུག་བསྔལ་གྱི་གཉེན་པོ་ལ་བདེ་བའི་བློ་སྐྱེ་བ་བསྟན་པའི་ཕྱིར། ཇི་སྐད་དུ་བཀྲེས་པ་དང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས་སོ། །སྡུག་བསྔལ་གྱི་བྱེ་བྲག་ལ་བདེ་བའི་བློ་སྐྱེས་པ་བསྟན་པའི་ཕྱིར་བྱིས་པ་རྣམས་ནི་སྡུག་བསྔལ་གྱི་བྱེ་བྲག་ལ་ཡང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་
སྨོས་སོ། །ཕྲག་པ་ནས་ཕྲག་པར་ཁུར་སྦེད་པ་ཁུར་ཙ་བ་རྣམས་ཁུར་གྱིས་ནོན་ཏེ། སྡུག་བསྔལ་བ་ཁོ་ནར་གནས་བཞིན་དུ་བདེའོ་སྙམ་དུ་བློ་སྐྱེད་པར་བྱེད་དོ། །འདི་ཉིད་རིགས་པ་ཡིན་ནོ་ཞེས་ཟེར་བ་ནི་སློབ་དཔོན་ནོ། །འཕགས་པ་རྣམས་མི་བཞེད་པ་ཡིན་ཏེ་ཞེས་བྱ་བ་ནི་འདོད་པའི་བདེ་བའོ། །མི་
འདོད་པ་ནི་གཞན་དུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བག་མེད་པའི་གནས་ཉིད་ལ་སོགས་པའི་རྣམ་པ་གཞན་གྱིས་སོ། །དོན་དེ་བསྟན་པར་བྱ་བའི་ཕྱིར་ཚོར་བ་གང་ཞིག་ཅེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས་ཏེ། བག་མེད་པའི་གནས་ཞེས་བྱ་བ་ནི་བདེ་བ་ལས་ཉམས་པའི་རྒྱུ་ཡིན་པའི་ཕྱིར་རོ། །མངོན་
Vol. 143 · folio 155b
པར་འདུ་བྱ་བ་ཆེན་པོས་བསྒྲུབ་པར་བྱ་བ་དང་། རྣམ་པར་འགྱུར་བ་ཅན་ནི་མཇུག་ཐོགས་སུ་སྡུག་བསྔལ་སྐྱེ་བ་ཅན་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་སྐྱེ་བ་ཅན་ཞེས་བྱ་བའི་དོན་ནམ། ཡང་ན་ངོ་བོ་ཉམས་པར་གྱུར་པ་ཞེས་བྱ་བ་ཡིན་ནོ། །མི་རྟག་པར་ཞེས་བྱ་བ་ནི་རྣམ་པར་འཇིག་པར་
ཞེས་བྱ་བའི་ཐ་ཚིག་གོ། །རང་གི་མཚན་ཉིད་ཀྱི་རྣམ་པས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཕན་འདོགས་པར་བྱེད་པའི་རང་གི་མཚན་ཉིད་ཀྱི་རྣམ་པ་སྟེ། བདེ་བའི་ཚོར་བ་ནི་འཕགས་པ་རྣམས་ལ་ཡང་ཕན་འདོགས་པར་བྱེད་པས་མི་སླུ་བ་ཡིན་ནོ། །གལ་ཏེ་བདེ་བའི་ཚོར་བ་འདི་རང་གི་མཚན་ཉིད་ཀྱིས་ཏེ། ཕན་
འདོགས་པར་བྱེད་པའི་བདག་ཉིད་ཀྱིས་མི་འདོད་པ་ཞིག་ཡིན་པར་གྱུར་ན་ནི་བདེ་བའི་ཚོར་བ་དེ་ལ་སུ་ཡང་འདོད་ཆགས་སྐྱེ་བར་མི་འགྱུར་བ་ཞིག་སྟེ། སྡུག་བསྔལ་གྱི་ཚོར་བ་བཞིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གང་གི་ཕྱིར་འདོད་ཆགས་དང་འབྲལ་བའི་ཆེད་དུ་ཞེས་བྱ་བ་ནི་རྒྱུ་གང་གི་ཕྱིར་འདོད་ཆགས་
དང་འབྲལ་བར་བྱ་བའི་ཆེད་དུ་རྣམ་པ་གཞན་གྱིས་ཀྱང་སྐྱོན་ཅན་དུ་ལྟ་བར་འགྱུར་ཏེ། གཞན་དུ་ན་ཚེགས་མེད་པ་ཁོ་ནར་འདོད་ཆགས་མེད་པ་འགྲུབ་པས་འདོད་ཆགས་དང་བྲལ་བར་བྱ་བའི་ཆེད་དུ་འབད་པ་དོན་མེད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་
ལོ་ཞེས་ཀྱང་གསུངས་ན་ཞེས་བྱ་བའི་མདོའི་ཚིག་འདི་ནི་གནས་བརྟན་ཀུན་དགའ་བོས་བཟླས་པ་ཡིན་ནོ། །དེས་ཀྱང་འདི་སྐད་དུ་ཞུས་པར་འགྱུར་ལ་ཞེས་བྱ་བ་ནི་གནས་བརྟན་ཀུན་དགའ་བོས་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱ་བའི་ཚིག་འདི་རིགས་པ་མ་ཡིན་པའི་ངོ་བོར་མཐོང་ན་ནི་
དེ་ཁོ་ན་ཞུས་པར་འགྱུར་ཏེ། གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱ་བ་འགལ་བའི་ཕྱིར་རོ། །གལ་ཏེ་ཚོར་བ་གསུམ་ཞེས་བྱ་བ་འདི་རིགས་པ་མ་ཡིན་པའི་ངོ་བོར་མཐོང་ན་ནི་བཅོམ་ལྡན་འདས་ཀྱིས་ཅི་ལས་དགོངས་ནས་ཚོར་བ་གསུམ་ཞེས་བཀའ་སྩལ་ཞེས་ཞུས་པར་འགྱུར་ཏེ་དེ་འགལ་
བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ་ཚོར་བ་གསུམ་ཞེས་བྱ་བ་འདི་ནི་ངས་དགོངས་ནས་བཤད་པ་ཡིན་ནོ་ཞེས་ལུང་བསྟན་པར་འགྱུར་གྱི། འདི་སྐད་དུ་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱ་བ་ནི་ངས་འདུ་བྱེད་མི་རྟག་པ་ཉིད་དང་། འདུ་བྱེད་རྣམ་པར་འགྱུར་བ་ཉིད་ལས་
Vol. 143 · folio 156a
དགོངས་ནས་གསུངས་སོ་ཞེས་ལུང་བསྟན་པར་ཡང་མི་འགྱུར་བ་ཞིག་ན་ཡང་ཚོར་བ་གསུམ་སྨོས་པའི་ཕྱིར་དེ་སྐད་ཀྱང་བཀའ་མ་སྩལ་ཏེ། དེ་ལྟ་བས་ན་ཚོར་བ་གསུམ་ནི་རང་གི་ངོ་བོས་ཡོད་ལ། གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱ་བ་འདི་ནི་ངས་དགོངས་ནས་བཤད་
པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་གང་ཅི་ཚོར་ཡང་རུང་དེ་ནི་འདིར་སྡུག་བསྔལ་ལོ་ཞེས་བྱ་བའི་ཚིག་འདི་ནི་བཅོམ་ལྡན་འདས་ཀྱིས་དགོངས་པ་ཅན་དུ་སྟོན་པར་མཛད་པ་ཡིན་ཏེ། འདུ་བྱེད་འགྱུར་བ་ཉིད་ལས་དགོངས་པའི་ཕྱིར་རོ། །རྣམ་པར་འགྱུར་བ་དང་། མི་རྟག་པའི་ཆོས་ཅན་ཡིན་པའི་ཕྱིར་ཞེས་
བྱ་བ་ནི་རྣམ་པར་འགྱུར་བའི་ཆོས་ཅན་ཡིན་པའི་ཕྱིར་དང་། མི་རྟག་པའི་ཆོས་ཅན་ཡིན་པའི་ཕྱིར་ཏེ། རྣམ་པར་འགྱུར་བ་ནི་གཞན་དུ་འགྱུར་བ་ཉིད་དོ། །འདོད་པའི་ཡོན་ཏན་ཞེས་བྱ་བ་འདི་ནི་གཟུགས་དང་སྒྲ་དང་། དྲི་དང་རོ་དང་རེག་བྱ་ཡིད་དུ་འོང་བ་རྣམས་ཀྱི་མིང་ཡིན་ནོ། །སྐྱེ་བ་ཡང་སྐྱེ་བ་ཡིད་དུ་འོང་བའི་
མིང་ཡིན་ཏེ། སྐྱེ་བ་ཡང་དེ་འདྲ་བར་བདེ་བ་ནི་ཆུང་ལ་སྡུག་བསྔལ་ནི་མང་བ་ཡིན་ན་གཅིག་ཏུ་བདེ་བར་ལྟ་བ་ནི་ཕྱིན་ཅི་ལོག་པ་ཡིན་ནོ། །གལ་ཏེ་འཇིག་རྟེན་དང་མཐུན་པར་གསུངས་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་ཇི་སྟེ་འཇིག་རྟེན་གྱི་ཚོར་བ་རྟོགས་པ་དང་མཐུན་པར་ཚོར་བ་གསུམ་མོ་ཞེས་གསུངས་སོ་ཞེ་ན།
དེ་ནི་མ་ཡིན་ཏེ། ཚོར་བ་ཐམས་ཅད་སྡུག་བསྔལ་བ་ཉིད་ནི་དགོངས་ནས་གསུངས་སོ་ཞེས་བཀའ་སྩལ་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་གང་ཅི་ཚོར་ཡང་རུང་སྟེ་འདི་ནི་སྡུག་བསྔལ་ལོ་ཞེས་བྱ་བ་ནི། ངས་འདུ་བྱེད་མི་རྟག་པ་ཉིད་དང་། འདུ་བྱེད་རྣམ་པར་འགྱུར་བ་ཉིད་ལས་དགོངས་
ནས་གསུངས་སོ་ཞེས་དགོངས་ཏེ། བཤད་པ་ཡིན་པར་བཀའ་སྩལ་པའི་ཕྱིར་རོ། །དེའི་ཕྱིར་འཇིག་རྟེན་དང་མཐུན་པར་ཚོར་བ་གསུམ་ཞེས་གསུངས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རང་གི་མཚན་ཉིད་ཀྱི་སྒོ་ནས་ངེས་པར་འཛིན་པར་མཛད་དོ་ཞེས་བྱ་བར་བསམས་པ་ཡིན་ནོ། །ཡང་དག་པ་ཇི་ལྟ་
བ་བཞིན་ཞེས་གསུངས་པའི་ཡང་ཕྱིར་འཇིག་རྟེན་དང་མཐུན་པར་ཚོར་བ་གསུམ་མོ་ཞེས་གསུངས་པ་ནི་མ་ཡིན་ནོ། །ཇི་ལྟ་ཞེ་ན། བདེ་བའི་དབང་པོ་གང་ཡིན་པ་དང་། ཡིད་བདེ་བའི་དབང་པོ་གང་ཡིན་པ་འདི་ནི་བདེ་བའི་ཚོར་བ་ཡིན་པར་བལྟ་བར་བྱའོ་ཞེས་རྒྱས་པར་གསུངས་ནས་ཞེས་བྱ་བ་སྨོས་ཏེ། སྡུག་
Vol. 143 · folio 156b
བསྔལ་གྱི་དབང་པོ་གང་ཡིན་པ་འདི་ནི་བདེ་བའི་ཚོར་བ་ཡིན་པར་བལྟ་བར་བྱའོ། །ཡིད་མི་བདེ་བའི་དབང་པོ་གང་ཡིན་པ་འདི་ནི་སྡུག་བསྔལ་གྱི་ཚོར་བ་ཡིན་ནོ། །བཏང་སྙོམས་ཀྱི་དབང་པོ་གང་ཡིན་པ་འདི་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་
པ་རྒྱས་པར་གསུངས་ནས་སོ། །འདིར་ཚོར་བ་གསུམ་ཡོད་པའི་ཁུངས་ནི་གང་གིས་དབང་པོ་ལྔ་པོ་འདི་དག་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ཞིང་ཞེས་བྱ་བ་འདི་ཡིན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་སྒྲོ་འདོགས་པ་མེད་པ་དང་། སྐུར་པ་འདེབས་
པ་མེད་པའི་ཕྱིར་རོ། །འཇིག་རྟེན་ཡང་ཇི་ལྟར་ན་སྡུག་བསྔལ་གྱི་ཚོར་བ་ལ་བདེ་བ་དང་སྡུག་བསྔལ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་རྣམ་པ་གསུམ་དུ་རྟོགས་པར་འགྱུར་ཏེ། སྡུག་བསྔལ་གྱི་ངོ་བོ་ཉིད་ཀྱིས་སྡུག་བསྔལ་དུ་རྟོགས་པ་ཁོ་ནར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཆུང་ངུ་
དང་འབྲིང་དང་ཆེན་པོ་དག་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྟེ་སྡུག་བསྔལ་ཆུང་ངུ་ལ་ནི་བདེ་བའི་བློ་འབྱུང་ལ། ཆེན་པོ་ལ་ནི་སྡུག་བསྔལ་གྱི་བློ་འབྱུང་། འབྲིང་ལ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་བློ་འབྱུང་ངོ་ཞེ་ན། འདི་ལ་བདེ་བ་ལ་ཡང་རྣམ་པ་གསུམ་ཡོད་པས་ཞེས་བྱ་བ་
རྒྱས་པར་སྨོས་ཏེ། ཆུང་ངུ་དང་འབྲིང་དང་ཆེན་པོ་ཐ་དད་པས་སོ། །སྡུག་བསྔལ་ཆུང་ངུ་ལ་སོགས་པ་ལ་ཞེས་བྱ་བ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་དག་ལའོ། །བདེ་བ་ཆེན་པོ་ལ་སོགས་པའི་བློ་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་དང་འབྲིང་དང་ཆུང་ངུའི་བློ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་
ཞེ་ན་སྡུག་བསྔལ་ཆུང་ངུ་ལ་ནི་བདེ་བ་ཆེན་པོའི་བློ་སྐྱེ་བར་འགྱུར་ལ། འབྲིང་ལ་ནི་བདེ་བ་འབྲིང་གི་བློ་སྐྱེ་བར་འགྱུར་ཞིང་། ཆེན་པོ་ལ་ནི་བདེ་བ་ཆུང་ངུའི་བློ་སྐྱེ་བར་འགྱུར་རོ། །སྡུག་བསྔལ་ཆེན་པོ་ལ་བདེ་བ་ཆུང་ངུའི་བློ་སྐྱེ་བར་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་དེ་ལ་བདེ་བ་ཆུང་ངུའི་བློ་སྐྱེ་
བར་གྱུར་ན་སྡུག་བསྔལ་དེ་ཆེན་པོ་ཉིད་དུ་ཡང་མི་འགྱུར་རོ། །གལ་ཏེ་སྡུག་བསྔལ་ཆུང་ངུ་ལ་བདེ་བ་ཆེན་པོའི་བློ་སྐྱེ་བར་གྱུར་ན་ཡང་སྡུག་བསྔལ་དེ་ཇི་ལྟར་ཆུང་ངུ་ཉིད་ཡིན་ཏེ། དེ་ལྟར་གསལ་བར་ཉམས་སུ་མྱོང་བ་ལ་ནི་ཆུང་ངུ་ཉིད་དུ་རིགས་པ་མ་ཡིན་ནོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་
Vol. 143 · folio 157a
པའི་མཇུག་ཐོགས་སུ་བདེ་བ་ཉམས་སུ་མྱོང་བ་མཐོང་བས། གང་གི་ཚེ་དྲི་དང་རོ་དང་རེག་བྱའི་ཁྱད་པར་ལས་སྐྱེས་པའི་ཞེས་བྱ་བ་སྨོས་ཏེ། ཁྱེད་ཀྱི་ལྟར་ན་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ནི་འབྲིང་ཡིན་གྱི་ཆུང་ངུའི་རྣམ་པ་མ་ཡིན་པས་དེའི་ཕྱིར་དེའི་ཚེ་གང་ལ་འདི་བདེ་བའི་བློར་
འགྱུར་བ་སྡུག་བསྔལ་ཆུང་ངུར་གྱུར་པ་ཡང་གང་ཞིག་ཡིན་པ་བརྗོད་དགོས་སོ། །དེ་ལྟ་བས་ན་བདེ་བ་ནི་ཡུལ་གྱི་སྟོབས་ཁོ་ནས་སྐྱེའི་མཚུངས་པ་དེ་མ་ཐག་པའི་རྐྱེན་སྡུག་བསྔལ་ཆུང་ངུའི་སྟོབས་སམ་མཚུངས་པ་དེ་མ་ཐག་པའི་རྐྱེན་སྡུག་བསྔལ་ཆེན་པོའི་སྟོབས་ཀྱིས་ནི་མ་ཡིན་ནོ། །གཞན་ཡང་གལ་ཏེ་
སྡུག་བསྔལ་ཆུང་ངུ་ལ་བདེ་བའི་བློ་སྐྱེ་བར་སེམས་ན། སྡུག་བསྔལ་ཆུང་ངུ་དེ་མ་སྐྱེས་པ་དང་འགགས་ན་སྟེ། མ་སྐྱེས་པ་དང་འགགས་པར་གྱུར་ན། སྡུག་བསྔལ་མ་ལུས་པ་དང་བྲལ་བའི་ཕྱིར་བདེ་བའི་བློ་ཤིན་ཏུ་ཆེས་སྐྱེ་བར་ཡང་འགྱུར་རོ། །འདི་ལྟར་སྡུག་བསྔལ་མ་ལུས་པ་དང་བྲལ་བ། སྡུག་བསྔལ་
ལྷག་མ་དང་བཅས་པར་བྲལ་ན་ཡང་བདེ་བའི་བློ་སྐྱེ་བར་འདོད་ན་མ་ལུས་པར་བྲལ་ན་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་བསམས་པ་ཡིན་ནོ། །འདོད་པའི་བདེ་བ་མངོན་སུམ་དུ་གྱུར་པ་ཡང་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི་དྲི་དང་རོ་དང་རེག་བྱའི་ཁྱད་པར་ལས་སྐྱེས་པའི་བདེ་བ་བཤད་པ་ལྟར་འདོད་པའི་བདེ་
བ་མངོན་སུམ་དུ་གྱུར་པ་ཡང་དེ་བཞིན་དུ་བརྗོད་པར་བྱ་སྟེ། ཇི་ལྟ་ཞེ་ན། འདོད་ཆགས་ཀྱི་སྡུག་བསྔལ་ཆུང་ངུ་ལ་འདོད་པའི་བདེ་བའི་བློ་སྐྱེ་བར་འགྱུར་ན། འདོད་ཆགས་ཀྱི་སྡུག་བསྔལ་ཆུང་ངུ་དེ་མ་སྐྱེས་པ་དང་འགགས་ན་འདོད་པའི་བདེ་བ་སྐྱེ་བའི་བློ་ཤིན་ཏུ་ཆེས་སྐྱེ་བར་ཡང་འགྱུར་བ་ཞིག་ན་དེ་ལྟ་བུ་
ཡང་མ་མཐོང་ངོ་། །ཚོར་བ་ཆུང་ངུ་ལ་ནི་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ནི་ཚོར་བ་ཆུང་ངུ་ལ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ལ་ཞེས་བྱ་བའི་ཐ་ཚིག་གོ། །ཉམས་སུ་མྱོང་བ་ཤས་ཆེན་པོར་འཛིན་ཞེས་བྱ་བ་ནི་མངོན་པར་འཛིན་པའོ། །འབྲིང་ལ་ནི་མི་གསལ་བར་འཛིན་ཞེས་བྱ་བ་ནི་སྡུག་བསྔལ་འབྲིང་
ལ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བར་འཛིན་ཞེས་བྱ་བ་གང་ཡིན་པ་འདི་ཡང་ཇི་ལྟར་རུང་ཞེས་བྱ་བའི་ཐ་ཚིག་སྟེ། སྡུག་བསྔལ་ཆུང་ངུ་ལ་དེ་ཡང་མི་གསལ་བར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །བསམ་གཏན་གསུམ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་མདོ་ལས་
Vol. 143 · folio 157b
དེ་ན་བདེ་བའི་ཚོར་བ་ཡོད་དོ་ཞེས་གསུངས་པའི་ཕྱིར། བསམ་གཏན་གསུམ་པོ་དང་པོ་དང་གཉིས་པ་དང་གསུམ་པ་ན་བདེ་བ་ཡོད་དོ་ཞེས་འབྱུང་བས་སྡུག་བསྔལ་ཆུང་ངུར་ཡང་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཁྱེད་སྡུག་བསྔལ་ཆུང་ངུ་ལ་བདེ་བའི་བློ་སྐྱེ་བར་འདོད་པའི་ཕྱིར་རོ། །མདོ་ལས། གོང་ན་སྟེ་
བསམ་གཏན་བཞི་པ་དང་གཟུགས་མེད་པ་དག་ན་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ཡོད་དོ་ཞེས་འབྱུང་བས་སྡུག་བསྔལ་འབྲིང་དུའང་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དེ་བཞིན་དུ་སྡུག་བསྔལ་འབྲིང་ལ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་བློ་སྐྱེ་བར་ཡང་འདོད་པའི་ཕྱིར་རོ། །དེའི་
ཕྱིར་སྡུག་བསྔལ་ཆུང་ངུ་ལ་སོགས་པ་ལ་བདེ་བ་ལ་སོགས་པའི་ཚོར་བ་རྣམ་པར་གཞག་ཏུ་མི་རུང་སྟེ། བསམ་གཏན་འོག་མ་དག་ན་ནི་སྡུག་བསྔལ་ཆུང་ངུ་ཡོད་ལ། གོང་ན་ནི་འབྲིང་ཡོད་དོ་ཞེས་བྱ་བར་ཇི་ལྟར་རུང་བར་འགྱུར། མིང་ཆེན་གལ་ཏེ་གཟུགས་ཞེས་བྱ་བ་ནི་མིང་ཆེན་གལ་ཏེ་གཟུགས་གཅིག་ཏུ་
སྡུག་བསྔལ་བ་ཞིག་ཡིན་པར་གྱུར་ན་ནི་བདེ་བ་ཡང་མེད། བདེ་བ་དང་རྗེས་སུ་འབྲེལ་པ་ཡང་མེད། ཡིད་བདེ་བ་ཡང་མེད། ཡིད་བདེ་བ་དང་རྗེས་སུ་འབྲེལ་པ་ཡང་མེད་ལ། བདེ་བའི་ཚོར་བ་ཡང་གཟུགས་ལ་ཀུན་དུ་འདོད་ཆགས་པའི་རྒྱུར་ཡང་མི་འགྱུར་བ་ཞིག་ན། གང་གི་ཕྱིར་གཟུགས་བདེ་བ་
ཡང་ཡོད། བདེ་བ་དང་རྗེས་སུ་འབྲེལ་པ་ཡང་ཡོད་ཅེས་བྱ་བ་སྔ་མ་བཞིན་ཏེ། དེའི་ཕྱིར་གཟུགས་ཀྱང་འདི་ལྟ་སྟེ། ཀུན་དུ་འདོད་ཆགས་པའི་རྒྱུར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །བདེ་བའི་རྒྱུ་རྣམ་པར་མི་གནས་པའི་ཕྱིར་རོ་ཞེས་བྱ་བ་འདི་ལ་བརྗོད་པར་བྱ་སྟེ། གལ་ཏེ་བདེ་བའི་རྒྱུ་རྣམ་པར་མི་
གནས་པའི་ཕྱིར་བདེ་བ་མེད་ན་སྡུག་བསྔལ་གྱི་ཡང་རྣམ་པར་མི་གནས་པའི་ཕྱིར་སྡུག་བསྔལ་ཡང་མེད་པ་ཡིན་ནོ། །གཞན་ཡང་བདེ་བའི་རྒྱུ་ནི་རྣམ་པར་གནས་པ་ཁོ་ན་ཡིན་ནོ། །ཇི་ལྟ་ཞེ་ན། རྟེན་གྱི་ཁྱད་པར་ལ་ལྟོས་པའི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གལ་ཏེ་ཡུལ་འབའ་ཞིག་རྒྱུ་ཡིན་ན་ནི་རྒྱུ་རྣམ་
པར་མི་གནས་པ་ཁོ་ནར་ཡང་འགྱུར་བ་ཞིག་ན་ཡང་། ཡུལ་འབའ་ཞིག་ནི་རྒྱུ་མ་ཡིན་གྱི་འདི་ལྟར་རྒྱུ་ནི་རྟེན་གྱི་ཁྱད་པར་ལ་ལྟོས་པ་ཡིན་ནོ། །མེ་དེ་ཉིད་ཅེས་བྱ་བ་ལ་དོན་གྱི་ལུགས་ཏེ། དཔེར་ན་མེ་དེ་ཉིད་མངོན་པར་འདོད་པའི་འབྲས་ཆན་ཚོས་པའི་རྒྱུ་ཡིན་པའི་ཕྱིར་བཙོ་བར་བྱ་བའི་འབྱུང་བའི་
Vol. 143 · folio 158a
ཁྱད་པར་འབྲས་ཀྱི་ཚོགས་ཤས་ཀྱིས་ཚོས་པ་ལ་ནི་ཞིམ་པར་ཚོས་པའི་རྒྱུ་ཡང་ཡིན་ཞིང་། དེ་ཉིད་དེ་ཚིག་པའི་རྒྱུ་ཡིན་པའི་ཕྱིར་མི་ཞིམ་པར་ཚོས་པའི་རྒྱུ་ཡང་ཡིན་ལ། བཙོ་བར་བྱ་བའི་འབྱུང་བའི་གནས་སྐབས་གང་དང་ཕྲད་ནས་ཞིམ་པར་ཚོས་པའི་རྒྱུ་ཡིན་པར་གྱུར་པ་དེ་དང་ཕྲད་ནས་
ཕྱིས་རྒྱུ་མ་ཡིན་པ་ནི་མ་ཡིན་ཏེ། ཞིམ་པར་ཚོས་པ་དེ་ལྟ་བུའི་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་དངོས་ཀྱི་དོན་སྔར་བཤད་པ་དེའི་དཔེ་ཡིན་ནོ། །བསམ་གཏན་དག་ན་ཡང་བདེ་བའི་རྒྱུ་ཇི་ལྟར་མི་གནས་པ་ཡིན་ཞེས་བྱ་བ་ནི་བསམ་གཏན་དང་པོ་ནས་གསུམ་པའི་བར་དེ་ཉིད་ནི་དུས་རིང་མོ་ཞིག་ཏུ་
ཡང་སྙོམས་པར་ཞུགས་པ་རྣམས་ཀྱི་སྡུག་བསྔལ་གྱི་རྒྱུར་མི་འགྱུར་བས་སོ། །བསམ་གཏན་ལས་སྐྱེས་པའི་བདེ་བ་ལ་ཡང་གང་གི་གཉེན་པོ་ཡིན་ཞེས་བྱ་བ་ནི། བསམ་གཏན་དག་ན་སྡུག་བསྔལ་མེད་པས་སོ། །སྩོགས་པ་ཞེས་བྱ་བའི་སྒྲས་ནི་གལ་ཏེ་སྡུག་བསྔལ་གྱི་གཉེན་པོ་ལ་བདེ་བའི་བློ་
སྐྱེ་བར་འགྱུར་ན། མིང་ཆེན་གལ་ཏེ་གཟུགས་གཅིག་ཏུ་སྡུག་བསྔལ་བ་ཞིག་ཡིན་པར་གྱུར་ན་ནི། བདེ་བ་ཡང་མེད་བདེ་བ་དང་རྗེས་སུ་འབྲེལ་པ་ཡང་མེད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གསུངས་པར་ཡང་མི་འགྱུར་རོ་ཞེས་བྱ་བ་འདི་ཡང་བརྗོད་པར་བྱ་བ་ཡིན་ནོ། །ཇི་སྲིད་དུ་ལུས་ཀྱི་གནས་
སྐབས་དེ་ལྟ་བུ་དེ་ཞེས་བྱ་བ་ནི་བདེ་བ་སྐྱེ་བ་དང་མཐུན་པའོ། །བདེ་བ་ཁོ་ན་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་དེ་ནི་བདེ་བའི་ཚོར་བ་ཁོ་ན་སྐྱེ་བར་འགྱུར་བ་ཡིན་གྱི། དེ་སྡུག་བསྔལ་གྱི་ཚོར་བ་ལ་བདེ་བ་ཉིད་དུ་བཏགས་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། ཇི་སྲིད་དུ་ལུས་ཀྱི་གནས་སྐབས་དེ་ལྟ་བུ་དེ་མེད་པར་
མ་གྱུར་གྱི་བར་དུ་གནས་སྐབས་གཞན་ལས་སྐྱེས་པའི་བདེ་བ་ཁོ་ན་སྐྱེ་བར་མི་འགྱུར་ན་ནི། དེ་ལྟ་མ་ཡིན་ན་ཕྱིས་བདེ་བའི་བློ་ཇེ་མང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་དང་པོ་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཇི་སྟེ། གལ་ཏེ་དང་པོ་ནས་དེའི་རྩོམ་པ་ཞིག་མེད་ན་ཟས་དང་སྐོམ་ལ་སོགས་པའི་མཇུག་ཏུ་
སྡུག་བསྔལ་གྱི་རྒྱུར་ག་ལ་འགྱུར་ཞེ་ན། འདི་ལ་ལུས་ཡོངས་སུ་འགྱུར་བའི་ཁྱད་པར་ལས་ཏེ་ཞེས་སྨོས་ཏེ། སྐོམ་པ་ལ་སོགས་པ་ལ་ཆང་བསྟེན་པས་གང་གིས་ན་བདེ་བ་སྐྱེ་བའི་གནས་སྐབས་ན་སྡུག་བསྔལ་མི་སྐྱེའི་མཇུག་ཏུ་ནི་སྐྱེ་བར་འགྱུར་བ་དེ་ལྟ་བུའི་ལུས་ཡོངས་སུ་འགྱུར་བའི་ཁྱད་པར་ཕྱིས་སྐྱེ་བ་
Vol. 143 · folio 158b
འབྱུང་བར་འགྱུར་རོ། །ཅི་དང་འདྲ་ཞེ་ན། །ཆང་ལ་སོགས་པ་མངར་བ་མཇུག་ཏུ་སྐྱུར་པོར་འགྱུར་བ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་ཆང་དང་འོ་མ་ལ་སོགས་པ་སྔར་མངར་བའི་གནས་སྐབས་ཡིན་པ་ལས་མཇུག་ཏུ་མངར་བ་མེད་པ་སྐྱུར་པོ་སྟེ། སྐྱུར་བ་ཉིད་འབྱུང་བར་འགྱུར་བ་གང་ཡིན་པ་དེ་འདྲ་བའི་
ཡོངས་སུ་འགྱུར་བའི་ཁྱད་པར་ཕྱིས་སྐྱེ་བར་འགྱུར་བ་ལྟ་བུའོ། །ཡང་ན་དཔེར་ན་ཆང་ལ་སོགས་པ་ཡོངས་སུ་འགྱུར་བའི་ཁྱད་པར་ལས་དང་པོར་མངར་བ་ཁོ་ནར་འགྱུར་བའམ། སྐྱུར་བ་དེ་ལས་དེ་བཅོས་པའི་ཕན་པ་ལས་སྨན་བྱས་པའི་འགྱུར་བའི་ཁྱད་པར་ལས་མངར་པོར་འགྱུར་ཞིང་ཡོངས་སུ་འགྱུར་བའི་
ཁྱད་པར་ཁོ་ན་ལས། ཡང་ཕྱིས་སྐྱུར་བ་ཉིད་དུ་འགྱུར་བ་ལྟ་བུ་སྟེ། འདིར་མངར་བ་ནི་བདེ་བའི་དཔེར་བརྗོད་པ་ཡིན་ནོ། །སྐྱུར་བ་ནི་སྡུག་བསྔལ་གྱི་དཔེར་བརྗོད་པ་ཡིན་ནོ། །ཀུན་འབྱུང་གི་བདེན་པ་གང་ཡིན་པ་དེ་ཉིད་སྡུག་བསྔལ་གྱི་བདེན་པ་ཡིན་ནོ་ཞེས་བྱ་བ་དེ་ཞེས་བྱ་བ་ནི་རྒྱུར་གྱུར་པ་རྣམས་ནི་ཀུན་འབྱུང་
གི་བདེན་པ་ཡིན་ཏེ་ཞེས་འབྱུང་བའི་ཕྱིར་དང་། མཛོད་ཀྱི་གནས་དང་པོ་ནས། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ཞེས་འབྱུང་བའི་ཕྱིར་རོ། །མདོ་ལས་ནི་སྲེད་པ་ཁོ་ན་ཡིན་པར་བཤད་དོ་ཞེས་བྱ་བ་ནི་ཀུན་འབྱུང་གི་བདེན་པ་གང་ཞེ་ན། གང་འདི་དགའ་བའི་འདོད་ཆགས་དང་ལྷན་ཅིག་
པའི་སྲེད་པ་སྟེ། དེ་དང་དེ་ལ་མངོན་པར་དགའ་བ་ཅན་ཡིན་ནོ་ཞེས་འབྱུང་ངོ་། །བྱེ་བྲག་ཏུ་སྨྲ་བས་དེ་ནི་གཙོ་བོ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གཞན་ལས་གཞན་ཡང་ཡིན་པར་གསུངས་པའི་ཕྱིར་ཞེས་བྱ་བ་ནི་མདོ་གཞན་ལས་ལས་དང་མ་རིག་པ་ལ་སོགས་པ་གཞན་ཡང་ཡིན་པར་གསུངས་པའི་ཕྱིར་
གཞན་དག་ཀྱང་ཀུན་འབྱུང་བ་ཡིན་ནོ། །ཕྱི་མའི་ཚེ་ལ་ཞེས་བྱ་བ་ནི་ཚེ་ཕྱི་མ་ལ་སྟེ། འཇིག་རྟེན་ཕ་རོལ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་མདོ་གཞན་ལས་དགེ་སློང་དག་ས་བོན་གྱི་རྣམ་པ་ལྔ་མ་གྲུགས། མ་སྨས། མ་རུལ་ལ། རླུང་དང་ཉི་མས་མ་ཉམས་ཤིང་གྲུང་པོར་གནས་ལ། སའི་ཁམས་དང་
ཆུའི་ཁམས་ཀྱང་ཡོད་ན་དེ་ལྟ་ན་ས་བོན་དེ་དག་འཕེལ་ཞིང་རྒྱས་པ་དང་མཆེད་པར་འགྱུར་རོ། །དགེ་སློང་དག་དེ་ལྟར་ན་ཅི་ནས་ཀྱང་དོན་འདི་ཁོང་དུ་ཆུད་པར་བྱ་བའི་ཕྱིར་དཔེ་འདི་བསྟན་པ་ཡིན་ཏེ་ཞེས་གསུངས་སོ། །དཔེ་འདི་ཉེ་བར་བཀོད་ནས་ཡང་དགེ་སློང་དག་ས་བོན་གྱི་རྣམ་པ་ལྔ་ཞེས་བྱ་བ་འདི་ནི་ཉེ་
Vol. 143 · folio 159a
བར་ལེན་པ་དང་བཅས་པའི་རྣམ་པར་ཤེས་པའི་ཚིག་བླ་དགས་ཡིན་ནོ། །སའི་ཁམས་ཞེས་བྱ་བ་འདི་ནི་རྣམ་པར་ཤེས་པ་གནས་པ་བཞིའི་ཚིག་བླ་དགས་ཡིན་ནོ་ཞེས་གསུངས་ཏེ་ས་བོན་གྱི་རྒྱུ་ཡིན་ནོ། །རྒྱུ་གང་ཡིན་པ་དེ་ནི་ཀུན་འབྱུང་བ་ཡིན་ནོ། །རྣམ་པར་ཤེས་པ་
གནས་པ་ཡང་རྟེན་གྱི་རྒྱུ་ཡིན་ནོ། །དེ་ལྟ་བས་ན་ཞེས་བྱ་བ་ནི་གང་གི་ཕྱིར་ལས་ལ་སོགས་པ་ཡང་རྒྱུ་ཡིན་པ་ཉིད་དུ་གསུངས་པས་ཀུན་འབྱུང་བའི་བདེན་པ་ཉིད་དུ་གྲུབ་པའི་ཕྱིར་མདོ་ལས་བསྟན་པ་ནི་དགོངས་པ་ཅན་ཡིན་ནོ། །དགོངས་པ་ལས་བྱུང་བའམ། དགོངས་པས་རྩེན་པ་ནི་དགོངས་པ་
ཅན་ཏེ། སྲེད་པ་ལྷག་པའི་གང་ཟག་གི་དབང་དུ་མཛད་ནས་བསྟན་ཏོ་སྙམ་དུ་བསམས་པ་ཡིན་ནོ། །ཆོས་མངོན་པ་ལས་བསྟན་པ་ནི་མཚན་ཉིད་པ་ཡིན་ནོ་ཞེས་བྱ་བ་ནི་མཚན་ཉིད་ལས་བྱུང་བ་ནི་མཚན་ཉིད་པ་སྟེ། ཟག་པ་དང་བཅས་པའི་ཕུང་པོ་ལྔ་ཆར་ཀུན་འབྱུང་བའི་བདེན་པ་ཉིད་ཀྱི་མཚན་
ཉིད་དང་ལྡན་པའི་ཕྱིར་ཆོས་མངོན་པ་ལས་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ཀུན་འབྱུང་བའོ་ཞེས་བསྟན་པ་ནི་མཚན་ཉིད་པ་ཡིན་ནོ་ཞེས་པས་སོ། །བྱེ་བྲག་ཏུ་སྨྲ་བ་དེ་ཉིད་ཀྱིས་སྲེད་པ་ལ་སོགས་པ་ཀུན་འབྱུང་བ་ཉིད་ཡིན་པ་དགོངས་པ་ཅན་ཡིན་པར་བརྗོད་པར་འདོད་ནས་སོ། །གཞན་
ཡང་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། མངོན་པར་འགྲུབ་པའི་རྒྱུ་བཀའ་སྩལ་པ་ན་ནི་མདོ་ལས་ཀུན་འབྱུང་གི་བདེན་པ་སྲེད་པ་ཁོ་ན་ཡིན་པར་གསུངས་ལ་སྐྱེ་བ་དང་མངོན་པར་འགྲུབ་པའི་རྒྱུ་རྒྱུ་དང་བཅས་པར་བཀའ་སྩལ་པ་ན་ནི་ལས་དང་སྲེད་པ་དང་མ་རིག་པའི་བར་ཡིན་པར་གསུངས་ཏེ་སྐྱེ་བའི་རྒྱུ་ནི་ལས་
ཡིན་ནོ། །མངོན་པར་འགྲུབ་པའི་རྒྱུ་ནི་སྲིད་པ་དག་ལ་སྲེད་པ་ཡིན་ནོ། །དེ་དག་གི་རྒྱུ་ལས་དང་སྲེད་པ་ཁོ་ན་ཡིན་པར་གསུངས་ལ་སྐྱེ་བ་དང་སྲེད་པ་དེ་གཉིས་ཀྱི་རྒྱུ་ནི་མ་རིག་པ་ཡིན་ནོ། །སྨྲས་པ། ཚིགས་སུ་བཅད་པ་ལས་སྐྱེས་པའི་རྒྱུ་ནི་ལས་ཡིན་ལ། མངོན་པར་འགྲུབ་པའི་རྒྱུ་ནི་སྲེད་
པ་ཡིན་པར་འབྱུང་ངོ་ཞེས་བྱ་བ་ཇི་ལྟར་ཤེས་ཤེ་ན། མདོ་ལས། ལས་ནི་སྐྱེ་བའི་རྒྱུ་ཡིན་ལ་སྲེད་པ་ནི་མངོན་པར་འགྲུབ་པའི་རྒྱུ་ཡིན་ཞེས་འབྱུང་བའི་ཕྱིར་ཏེ། མདོ་གཞན་ལས་འབྱུང་བའི་ཕྱིར་རོ། །ཡང་ན་མདོ་ལས་རྒྱུ་དང་བཅས་རྐྱེན་དང་བཅས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཡང་ན་ཚིགས་སུ་
Vol. 143 · folio 159b
བཅད་པ་ལས། ལས་དང་སྲེད་པ་དང་མ་རིག་པ་དག་ཚེ་ཕྱི་མ་ལ་མིག་ལ་སོགས་པའི་འདུ་བྱེད་རྣམས་ཀྱི་རྒྱུ་ཡིན་པར་བསྟན་པ་འདི་ནི་མདོ་འདི་ལས་འབྱུང་བའི་རིམ་པར་ཏེ་རྒྱུ་བརྒྱུད་པའི་རིམ་པ་དང་མཐུན་པར་བསྟན་པ་ཡིན་ནོ། །དེ་ནི་འདི་སྐད་དུ་ཚིགས་སུ་བཅད་པ་ལས་བྱུང་བ་འདི་ནི་ལས་ནི་སྐྱེ་བའི་རྒྱུ་
ཡིན་ལ་ཞེས་འབྱུང་བའི་མདོ་འདི་དང་། རྒྱུ་དང་བཅས། རྐྱེན་དང་བཅས། གཞི་དང་བཅས་པའི་རིམ་པ་འབྱུང་བའི་མདོ་དང་སྦྱར་ན་འདི་ལྟ་བུ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །ཇི་ལྟ་ཞེ་ན། དགེ་སློང་དག་མིག་ནི་རྒྱུ་དང་བཅས། རྐྱེན་དང་བཅས། གཞི་དང་བཅས་པ་ཡིན་ནོ། །དགེ་སློང་དག་
མིག་གི་རྒྱུ་ནི་གང་ཡིན། རྐྱེན་ནི་གང་ཡིན། གཞི་ནི་གང་ཡིན་ཞེ་ན། དགེ་སློང་དག་མིག་གི་རྒྱུ་ནི་ལས་ཡིན་ནོ། །རྐྱེན་ནི་ལས་ཡིན་ནོ། །གཞི་ནི་ལས་ཡིན་ནོ། །དགེ་སློང་དག་ལས་ཀྱང་རྒྱུ་དང་བཅས། རྐྱེན་དང་བཅས། གཞི་དང་བཅས་པ་ཡིན་ནོ། །དགེ་སློང་དག་ལས་ཀྱི་རྒྱུ་ནི་གང་
ཡིན། རྐྱེན་ནི་གང་ཡིན། གཞི་ནི་གང་ཡིན་ཞེ་ན། དགེ་སློང་དག་ལས་ཀྱི་རྒྱུ་ནི་སྲེད་པ་ཡིན་ནོ། །རྐྱེན་ནི་སྲེད་པ་ཡིན་ནོ། །གཞི་ནི་སྲིད་པ་ཡིན་ནོ། །དགེ་སློང་དག་སྲེད་པ་ཡང་རྒྱུ་དང་བཅས། རྐྱེན་དང་བཅས། གཞི་དང་བཅས་པ་ཡིན་ནོ། །དགེ་སློང་དག་སྲེད་པའི་རྒྱུ་ནི་གང་ཡིན། རྐྱེན་ནི་
གང་ཡིན། གཞི་ནི་གང་ཡིན་ཞེ་ན། དགེ་སློང་དག་སྲེད་པའི་རྒྱུ་ནི་མ་རིག་པ་ཡིན་ནོ། །རྐྱེན་ནི་མ་རིག་པ་ཡིན་ནོ། །གཞི་ནི་མ་རིག་པ་ཡིན་ནོ། །དགེ་སློང་དག་མ་རིག་པ་ཡང་རྒྱུ་དང་བཅས། རྐྱེན་དང་བཅས། གཞི་དང་བཅས་པ་ཡིན་ནོ། །དགེ་སློང་དག་མ་རིག་པའི་རྒྱུ་ནི་གང་ཡིན། རྐྱེན་ནི་
གང་ཡིན། གཞི་ནི་གང་ཡིན་ཞེ་ན། དགེ་སློང་དག་མ་རིག་པའི་རྒྱུ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །རྐྱེན་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །གཞི་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ་ཞེས་འབྱུང་ངོ་། །ས་བོན་དང་ཞིང་གི་དངོས་པོར་སྟོན་པར་མཛད་པས་
རྣམ་པར་ཤེས་པ་ལ་སོགས་པ་ཡང་ཀུན་འབྱུང་གི་བདེན་པར་གསུངས་ཀྱི་སྲེད་པ་ལ་སོགས་པ་འབའ་ཞིག་ཏུ་ནི་མ་ཟད་པས་མདོ་ལས་བསྟན་པ་ནི་དགོངས་པ་ཅན་ཡིན་ཏེ། དེ་ལྟར་ན་སྡུག་བསྔལ་ཐམས་ཅད་ཀྱང་ཀུན་འབྱུང་བའི་དངོས་པོ་མཚན་ཉིད་པ་ཡིན་པར་བསྒྲུབས་པ་ཡིན་ནོ། །སྐྱེ་
Vol. 143 · folio 160a
གནས་ལ་སོགས་པའི་རྣམ་པའི་བྱེ་བྲག་གིས་ཞེས་བྱ་བ་ལ་སོགས་པ་ལ་ཞེས་བྱ་བའི་སྒྲས་ནི། རིགས་དང་ཕོ་དང་མོ་ལ་སོགས་པའི་རྣམ་པའི་བྱེ་བྲག་ཅེས་བྱ་བ་བསྡུའོ། །བྱེ་བྲག་མེད་པར་ཞེས་བྱ་བ་ནི། ཁམས་དང་འགྲོ་བ་དང་སྐྱེ་གནས་ལ་སོགས་པའོ། །དེ་ཉིད་ཀྱི་རྒྱུ་ནི་གོ་
རིམས་བཞིན་དུ་ཞེས་བྱ་བ་ནི་སྐྱེ་བའི་རྒྱུ་ནི་ལས་ཡིན་ནོ། །མངོན་པར་འགྲུབ་པའི་རྒྱུ་ནི་སྲེད་པ་ཡིན་ནོ། །དཔེར་ན་ས་བོན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་སཱ་ལུའི་ས་བོན་ནི་སཱ་ལུའི་མྱུ་གུ་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཆུ་ནི་བྱེ་བྲག་མེད་པར་ཇི་ལྟར་སཱ་ལུའི་མྱུ་གུ་སྐྱེ་བའི་རྒྱུ་ཡིན་པ་དེ་བཞིན་དུ་
ནས་ཀྱི་ཡང་ཡིན་པས་དེའི་ཕྱིར་དེ་ནི་མྱུ་གུ་ཐམས་ཅད་སྐྱེ་བ་ཙམ་གྱི་རྒྱུ་ཡིན་པ་ལྟ་བུའོ། །སྲེད་པ་མེད་ན་སྐྱེ་བ་མེད་པའི་ཕྱིར་ཞེས་བྱ་བ་འདི་ལ་སྒྲུབ་པ་ནི་སྐྱེ་བའི་རྒྱུ་ནི་སྲིད་པ་ཡིན་ཏེ། དེ་ཡོད་དམ་མེད་ན་དེ་ཡོད་པ་དང་མེད་པའི་ཕྱིར་དཔེར་ན་མྱུ་གུའི་ས་བོན་ལྟ་བུའོ། །རྒྱུད་གཞོལ་བའི་ཡང་ཕྱིར་ཏེ་ཞེས་བྱ་བ་འདིའི་
དོན་རྣམ་པར་དགྲོལ་བའི་ཕྱིར་གང་ལ་སྲེད་པ་དང་བཅས་པ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གཟུགས་ལ་སོགས་པའི་ཡུལ་གང་ལ་སེམས་ཀྱི་རྒྱུད་སྲེད་པ་དང་བཅས་པ་དེར་སེམས་ཀྱི་རྒྱུད་ཡང་དང་ཡང་དུ་གཞོལ་བར་མཐོང་བས། དེ་ལྟ་བས་ན་ཡང་སྲིད་པ་ལ་ཡང་སེམས་ཀྱི་རྒྱུད་སྲེད་པ་དང་བཅས་པ་དེ་དང་
འདྲའོ། །ཅིའི་ཕྱིར་ཞེ་ན། དེ་ལ་གཞོལ་བས་ཏེ། གང་ལ་གཞོལ་བ་དེ་ལ་ནི་འཇུག་པར་ཤེས་སོ། །འདི་ལ་གྲུབ་པ་ནི་ཡང་སྲེད་པ་ལ་སེམས་ཀྱི་རྒྱུད་སྲེད་པ་དང་བཅས་པ་འཇུག་པར་འགྱུར་ཏེ། གཞོལ་བའི་ཕྱིར་གཟུགས་ལ་སོགས་པའི་ཡུལ་ལ་གཞོལ་བ་བཞིན་ནོ། །འདག་པའི་ཆལ་སྲན་ཆུང་གི་
ཕྱེ་མའི་ལྡེ་གུ་སྐམས་པས་ལུས་བཟུང་བ་བཞིན་དུ་ཞེས་བྱ་བ་ལ། འདག་པའི་ཆལ་སྲན་ཆུང་གི་ཕྱེ་ནི་ཁྲུས་ཀྱི་ཆལ་སྲན་ཆུང་གི་ཕྱེའོ། །དེའི་ལྡེ་གུ་ནི་འདི་ལ་འདག་པའི་ཆལ་སྲན་ཆུང་གི་ཕྱེ་མའི་ལྡེ་གུ་སྐམ་པོ་ཡོད་པས་ན་འདག་པའི་ཆལ་སྲན་ཆུང་གི་ཕྱེ་མའི་ལྡེ་གུ་སྐམས་པས་ལུས་བཟུང་བའོ། །དེ་དང་
འདྲ་བར་ཏེ། དཔེར་ན་འདག་པའི་ཆལ་སྲན་ཆུང་གི་ཕྱེ་མའི་ལྡེ་གུ་སྐམས་པས་ལུས་བཟུང་བ་དེ་བཞིན་དུ་སྲེད་པས་ལུས་བཟུང་ངོ་ཞེས་བསྟན་པ་ཡིན་ནོ། །འདི་ནི་རིགས་པ་ཡིན་ནོ་ཞེས་བྱ་བ་ནི་མངོན་པར་འགྲུབ་པའི་རྒྱུ་སྲེད་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་ལའོ། །བདེན་པ་གཉིས་ཞེས་ཀྱང་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words