ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད

Sanskrit title (Tibetan script, as in the text) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 143 · folio 160b

གསུངས་ཞེས་བྱ་བ་འདི་ནི་བདེན་པ་བཞིའི་ཞར་ལ་སྨོས་པ་ཡིན་ནོ། །བུམ་ཆུ་བཞིན་ཞེས་བྱ་བ་ནི་འཇིག་པ་གཉིས་ཉེ་བར་བསྟན་པའི་ཕྱིར་དཔེ་གཉིས་ཉེ་བར་བཀོད་པ་ཡིན་ཏེ། འཇོམས་པས་འཇིག་པ་ནི་བུམ་པ་ལ་སོགས་པའོ། །བློས་འཇིག་པ་ནི་ཆུ་ལ་སོགས་པ་སྟེ། ཆུ་ལ་སོགས་པ་ལ་ནི་བཅོམ་པས་

རོ་ལ་སོགས་པ་བསལ་བར་མི་འཐད་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཀུན་རྫོབ་ནི་རྣམ་པ་གཉིས་ཏེ། ཀུན་རྫོབ་གཞན་ལ་བརྟེན་པ་དང་། རྫས་གཞན་ལ་བརྟེན་པའོ། །དེ་ལ་ཀུན་རྫོབ་གཞན་ལ་བརྟེན་པ་གང་ཡིན་པ་དེ་ལ་ནི་འཇིག་པ་ཡང་སྲིད་ལ་གཞན་སེལ་བ་ཡང་སྲིད་དོ། །རྫས་གཞན་ལ་བརྟེན་

པ་གང་ཡིན་པ་དེ་ལ་ནི་གཞན་སེལ་བ་ཁོ་ན་སྲིད་ཀྱི་འཇིག་པ་མ་ཡིན་ཏེ། རྡུལ་ཕྲ་རབ་རྫས་བརྒྱད་ལ་ཆ་ཤས་སུ་དབྲལ་བར་ནི་མི་ནུས་སོ། །ཀུན་རྫོབ་ཏུ་ཡོད་དེ་ཞེས་བྱ་བ་ནི་ཐ་སྙད་དུ་ཡོད་པའོ། །དོན་དམ་ཡོད་ཅེས་བྱ་བ་ནི་དོན་དམ་པར་ཡོད་པ་སྟེ། རང་གི་མཚན་ཉིད་དུ་ཡོད་པ་ཞེས་བྱ་བའི་ཐ་ཚིག་གོ། །

ཚོར་བ་ཡོད་པ་ལ་སོགས་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ་ཞེས་བྱ་བ་ནི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་ལ་སོགས་པ་ཡང་རྫས་སུ་ཡོད་པ་ཁོ་ནར་ལྟའོ། །ཇི་ལྟ་ཞེ་ན། ཚོར་བ་ལ་སོགས་པའི་ཆོས་རྣམས་ནི་བློས་བསལ་ན་ཚོར་བའི་ངོ་བོ་ཉིད་ཀྱི་བློ་འབྱུང་བས་ཚོར་བ་ནི་རྫས་སུ་ཡོད་པ་ཡིན་ཏེ།

འདུ་ཤེས་དང་སེམས་པ་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །བུམ་པ་དང་ཆུ་ཡོད་དོ་ཞེས་བརྗོད་པ་ན་བདེན་པ་ཁོ་ནར་སྨྲས་པ་ཡིན་གྱི་བརྫུན་པ་ནི་མ་ཡིན་པས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་སྨོས་པའི་དགོངས་པ་སྟོན་པར་བྱེད་དེ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་

གཉིས་ལ་བརྟེན་ནས་ཏེ། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། དམ་པའི་དོན་གྱི་བདེན་པའོ། །ཞེས་བཤད་དོ། །དེ་བཞིན་དུ་དོན་དམ་པའི་བདེན་པ་ཞེས་བྱ་བ་ནི་ཡེ་ཤེས་དམ་པའི་དོན་ཡིན་པས་དོན་དམ་པའོ། །དེ་ནི་དོན་དམ་པ་ཡང་ཡིན་ལ་དེ་ནི་བདེན་པ་ཡང་ཡིན་པས་དོན་དམ་པའི་བདེན་

པའོ། །ཇི་ལྟར་གཞན་འཇིག་རྟེན་པས་འཛིན་པ་དེ་ལྟར་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། ཀུན་རྫོབ་ཀྱི་ཐ་སྙད་དམ་ཤེས་པ་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པས་འཛིན་པས་ན་ཀུན་རྫོབ་ཀྱི་བདེན་པའོ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱི་ལྟར་ན་ཡོད་པ་ནི་རྣམ་པ་གསུམ་སྟེ།

Vol. 143 · folio 161a

ཀུན་རྫོབ་ཏུ་ཡོད་པ་དང་། དོན་དམ་པར་ཡོད་པ་དང་། རྫས་སུ་ཡོད་པའོ། །དེ་ལ་རྫས་སུ་སྟེ། རང་གི་མཚན་ཉིད་དུ་ཡོད་པ་ནི་རྫས་སུ་ཡོད་པ་ཞེས་བྱ་བའོ། །ཚུལ་གནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ཚུལ་ནི་ཚུལ་ཁྲིམས་ཏེ། དེ་ནི་འདུ་འཛི་མེད་པའི་རྒྱུ་དང་། རྣམ་

པར་མི་གཡེང་བའི་རྒྱུ་དང་། ཆོ་ག་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ། །བདེན་པ་མཐོང་བ་དང་མཐུན་པའི་ཞེས་བྱ་བ་ནི་ཐོས་པ་གང་ཞིག་བདེན་པ་མཐོང་བ་ལ་ཕན་འདོགས་པའི་ཐོས་པ་དེ་འཛིན་ཞིང་འདོན་པར་བྱེད་དོ། །དོན་ཉན་པར་བྱེད་དོ་ཞེས་བྱ་བ་ནི་དེའི་དོན་མཉན་པའི་སྒོ་ནས་རྣམ་པར་ཤེས་པར་བྱེད་

དོ། །བསམས་པ་ལས་བྱུང་བ་ཇི་ལྟར་གཉི་ག་ལ་དམིགས་པ་ཡིན་པ་བསྟན་པའི་ཕྱིར་སྨྲས་པ། རེས་འགའ་ནི་ཡི་གེས་དོན་འདྲེན་པར་བྱེད་དེ། མིང་འདིའི་དོན་ནི་འདི་ཡིན་ནོ་ཞེས་ཡི་གེས་བསྒྲུབ་པའི་མིང་གིས་དོན་འདྲེན་པར་བྱེད་དོ། །རེས་འགའ་ནི་བརྗོད་པར་བྱ་བའི་དོན་འདིའི་ཡི་གེ་ནི་འདིའོ་ཞེས་

དོན་གྱིས་ཡི་གེ་འདྲེན་པར་བྱེད་དེ། མིང་ནི་འདིའི་ཞེས་བྱ་བའི་ཐ་ཚིག་གོ། །ཡི་གེ་ཞེས་བྱ་བའི་སྒྲ་འདི་ནི་མིང་ཡིན་པར་རབ་ཏུ་སྦྱར་བ་ཡིན་ཏེ། མདོ་ལས་ཀྱང་། དོན་བཟང་པོ། ཡི་གེ་བཟང་པོ་ཞེས་འབྱུང་བས་སོ། །སློབ་དཔོན་གྱིས་རྟོག་པ་འདི་ལ་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། བསམས་པ་

ལས་བྱུང་བའི་ཤེས་རབ་འགྲུབ་པར་མི་འགྱུར་གྱི་ཞེས་བྱ་བ་ནི་མཚན་ཉིད་ཐོས་པ་དང་བསྒོམས་པ་ལས་བྱུང་བའི་མཚན་ཉིད་དང་འཆོལ་བར་བཤད་ཀྱི། མ་འཆོལ་བར་ནི་མ་ཡིན་པས་འགྲུབ་པར་མི་འགྱུར་རོ། །རིགས་པས་ངེས་པར་བརྟགས་པ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ནི་རིགས་པས་ངེས་པར་བརྟགས་

ཤིང་ངེས་པར་དཔྱད་པ་དེ་ལས་སྐྱེས་པ་ཡིན་ནོ། །འདུ་འཛི་དང་མི་དགེ་བའི་རྣམ་པར་རྟོག་པ་ཐག་བསྲིངས་པའི་ཕྱིར་ཞེས་བྱ་བ་ལ་འདུ་འཛི་ཐག་བསྲིངས་པ་ནི་གང་གཅིག་ཏུ་གནས་པ་ཉིད་དེ། དེ་ལྟ་བས་ན་ལུས་ཀྱིས་བསྲིངས་པ་ཡིན་ནོ། །མི་དགེ་བའི་རྣམ་པར་རྟོག་པ་ཐག་བསྲིངས་པ་ནི་གང་ཉོན་

མོངས་པ་ཅན་གྱི་རྣམ་པར་རྟོག་པ་སྤངས་པས་ཏེ། དེ་ལྟ་བས་ན་སེམས་ཀྱིས་བསྲིངས་པ་ཡིན་ནོ། །གྱ་ནོམ་པ་མ་ཡིན་པ་དང་། མང་པོ་མ་ཡིན་པ་རྙེད་པས་ཡིད་མི་བདེ་བ་ནི་ཞེས་བྱ་བ་ནི་སློབ་དཔོན་གྱི་གཞུང་ལུགས་ཡིན་ཏེ། ཡིད་མི་བདེ་བ་ནི་ཡིད་མི་བདེ་བ་ཉིད་དོ། །དེས་མ་མགུ་ཞིང་མ་རངས་པ་ཞེས་

Vol. 143 · folio 161b

བྱ་བའི་ཐ་ཚིག་སྟེ། གྱ་ནོམ་པ་མ་ཡིན་པའམ་མང་པོ་མ་ཡིན་པའི་ཕྱིར་རྙེད་པ་དེས་ཡིད་མི་བདེ་བ་ནི་ཆོག་མི་ཤེས་པ་ཡིན་ནོ། །གྱ་ནོམ་པའང་རུང་། མང་པོ་འང་རུང་བ་རྙེད་པ་ལས་འདོད་པ་ནི་འདོད་ཆེན་ཅན་ཡིན་ནོ། །འདོད་པ་ན་སྤྱོད་པ་དག་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་ཆགས་པ་ནི་མི་དགེ་བའི་རང་

བཞིན་ཡིན་པའི་ཕྱིར་རོ། །སྤོང་བ་དང་བསྒོམ་པ་ལ་དགའ་བ་ཉིད་ནི་འགོག་པ་དང་། ལམ་ལ་དགའ་བ་ཉིད་དོ། །དེ་ནི་ཆོག་ཤེས་པའི་ངོ་བོ་ཉིད་མ་ཡིན་པས། ཇི་ལྟར་ན་འཕགས་པའི་རིགས་བཞི་པ་འདི་ཡང་མ་ཆགས་པའི་རང་བཞིན་ཡིན་ཞེ་ན། དེའི་ཕྱིར་སྲིད་པ་དང་། འདོད་པའི་འདོད་

ཆགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་དང་། འདོད་པའི་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་ཏེ། རྒྱབ་ཀྱིས་ཕྱོགས་པ་ནི་མ་ཆགས་པ་ཡིན་ནོ། །རང་གི་ཚུལ་དང་། ལས་ཀྱི་མཐའ་ཡོངས་སུ་སྤངས་པ་ཞེས་བྱ་བ་ནི་རང་གི་ཚུལ་

ཡོངས་སུ་སྤངས་པ་དང་། རང་གི་ལས་ཀྱི་མཐའ་ཡོངས་སུ་སྤངས་པ་སྟེ། དེ་ལ་ཚུལ་ནི་གང་གིས་འཚོ་བར་བྱེད་པའི་འཚོ་བ་འམ། ཟས་དང་སྐོམ་ལ་སོགས་པའོ། །ལས་ཀྱི་མཐའ་ནི་ཞིང་དང་བཟོ་ལ་སོགས་པའོ། །འབྱུང་བ་དང་འཇིག་པ་དེ་ལྟ་བུའི་ཕྱིར་ཞེས་བྱ་བ་ལ་དེ་ལྟ་བུ་ཞེས་བྱ་བའི་སྒྲ་

ནི་འབྱུང་བ་དང་འཇིག་པའི་རྣམ་པར་སྟོན་པར་བྱེད་པ་ཡིན་ཏེ། དེ་ལ་འབྱུང་བའི་རྣམ་པ་ལ་སྲེད་པ་ནི་ཀྱེ་མ་བདག་དབང་པོར་གྱུར་ཀྱང་ཅི་མ་རུང་། འཁོར་ལོས་སྒྱུར་བར་གྱུར་ཀྱང་ཅི་མ་རུང་སྙམ་པ་དེ་ལྟ་བུ་ལ་སོགས་པ་ཡིན་ནོ། །འཇིག་པ་ལ་སྲེད་པ་ནི་རྣམ་པར་འཇིག་པ་ལ་སྲེད་པ་སྟེ། ཀྱེ་མ་བདག་ཤི་

ཡང་ཅི་མ་རུང་། མེད་ཀྱང་ཅི་མ་རུང་། མ་བྱུང་ཡང་ཅི་མ་རུང་སྙམ་པ་ལ་སོགས་པ་ཡིན་ནོ། །འཇུག་པ་ནི་གང་ནས་འཇུག་པའི་མཐའ་ཡིན་ནོ། །འདོད་ཆགས་ཉེ་བ་དང་། ཤིན་ཏུ་སྤྱད་པ་ཞེས་བྱ་བ་ནི་གང་གི་འདོད་ཆགས་གཞི་ཆུང་ངུས་མྱུར་དུ་སྐྱེ་བ་དེ་ནི་འདོད་ཆགས་ཉེ་བར་སྤྱད་པ་ཡིན་ནོ། །གང་གི་

འདོད་ཆགས་ཆེ་བ་དེ་ནི་འདོད་ཆགས་ཤིན་ཏུ་སྤྱད་པ་ཡིན་ནོ། །སྣ་ཚོགས་ལ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་རླུང་ལ་ཁ་དོག་དང་དབྱིབས་སྣ་ཚོགས་མེད་པའི་ཕྱིར་རོ། །ཁ་ཕྱིར་མ་བལྟས་པའི་ཕྱིར་ཏེ། ཁ་ནང་དུ་བལྟས་པའི་ཕྱིར་འདི་ནི་རྣམ་པར་རྟོག་པ་གཅོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་སྐབས་དང་

Vol. 143 · folio 162a

སྦྱར་རོ། །དེའི་ཡུལ་ལ་ཉེ་བར་རྟོག་པའི་ཕྱིར་རོ་ཞེས་བྱ་བ་ནི་མིག་གི་ཡུལ་ལ་ཉེ་བར་རྟོག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་བསྔོས་པ་ལ་སོགས་པ་དམིགས་པ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བ་སྨོས་པ་ནི་རྣམ་པར་རྣགས་པ་ལ་སོགས་པ་བསྡུའོ། །རྣམ་པར་འབུས་

གཞིགས་པ་ཞེས་བྱ་བ་ནི་འབུ་ཞུགས་པ་གང་ཡིན་པའོ། །ཆགས་པའི་གཞི་རྣམ་པ་བཞི་པོ་འདི་ཐམས་ཅད་མེད་དོ་ཞེས་བྱ་བ་ནི་ཁ་དོག་དང་། དབྱིབས་དང་། རེག་པ་དང་། བསྙེན་བཀུར་གྱི་བདག་ཉིད་དོ། །མོས་པ་དང་། ཉི་ཚེ་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མོས་པ་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་དང་། ཉི་

ཚེ་ཡིད་ལ་བྱེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་གཙོར་མོས་པ་ཡིད་ལ་བྱེད་པ་ཡང་ཡིན་ལ། འདི་ནི་ཉི་ཚེ་བ་ཡང་ཡིན་ཏེ། ཁྱབ་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མི་སྡུག་པ་ནི་ཕུང་པོ་ལྔ་ཆར་ལ་དམིགས་པའམ། ས་ཐམས་ཅད་ལ་དམིགས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཕུང་པོའི་ཕྱོགས་

གཅིག་ལ་དམིགས་པ་ཡིན་ཏེ། དེའི་ཕྱིར་མི་སྡུག་པས་ཉོན་མོངས་པ་སྤོང་བ་ནི་མ་ཡིན་གྱི་རྣམ་པར་གནོན་པའི་སྤོང་བ་ནི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་གི་ལུས་ཀྱི་ཡན་ལག་ལ་སེམས་གཏོད་པར་བྱེད་ཅེས་བྱ་བ་ནི་འདོད་ཆགས་དང་བཅས་པའི་རྒྱུ་ཡོངས་སུ་སྤོང་བའི་ཕྱིར་རེ་ཞིག་སྦྱོར་བའི་གནས་

སྐབས་ཉིད་ན་བུད་མེད་ཀྱི་ཡན་ལག་ནི་མ་ཡིན་ནོ། །རུས་པ་རྣམ་པར་སྦྱོང་བར་བྱེད་པ་ན་ཞེས་བྱ་བ་ནི་རུས་པ་ལས་ཤ་བསལ་ནས་ཐམས་ཅད་རུས་པའི་ཀེང་རུས་སུ་ལྟ་བ་ན་སྟེ། ཇི་སྐད་དུ། དགེ་སློང་སློབ་པ་གཞོན་པའི་རབས། །སེམས་མ་བྱུང་བ་གང་ཞིག་ནི། །གལ་ཏེ་འདོད་ཆགས་འཇོམས་འདོད་ན།

དེས་ནི་དུར་ཁྲོད་འགྲོ་བར་གྱིས། །དེ་ནས་རྣམ་པར་བསྔོས་ལ་ལྟོས། །དེ་ནས་རྣམ་པར་རྣགས་ལ་ལྟོས། །དེ་ནས་རྣམ་པར་བམ་རུས་པའི། །རུས་གོང་ལ་སོགས་བལྟ་བར་གྱིས། །ཞེས་གསུངས་པ་ལྟ་བུའོ། །འདི་ལ་མི་སྡུག་པ་ལ་གནས་པའི་རྣལ་འབྱོར་སྤྱོད་པ་ནི་མདོར་བསྡུ་ན་རྣམ་པ་གསུམ་སྟེ།

ལས་དང་པོ་པ་དང་། ཡོངས་སུ་སྦྱང་བ་བྱས་པ་དང་། ཡིད་ལ་བྱེད་པ་རྫོགས་པའོ། །དེ་ལ་སེམས་སྡུད་པའི་རྣལ་འབྱོར་སྤྱོད་པའི་ལས་དང་པོ་པ་ནི་རྐང་པའི་མཐེ་བོ་གཅིག་ཅིག་ལ་སེམས་གཏད་ནས་རྐང་པའི་མཐེ་བོ་མྱུགས་པར་ལྟ་བ་ནས་དེ་བཞིན་དུ་བདག་གི་ལུས་ཐམས་ཅད་ཀྱི་བར་དུ་རུས་པའི་

Vol. 143 · folio 162b

ཀེང་རུས་སུ་མོས་པར་བྱེད་པ་ཡིན་ནོ། །ཡོངས་སུ་སྦྱང་བ་བྱས་པ་ནི་དེ་བཞིན་དུ་ཐོད་པ་ཕྱེད་ཀྱི་བར་དུ་མོས་པར་བྱེད་པ་ཡིན་ནོ། །ཡིད་ལ་བྱེད་པ་རྫོགས་པ་ནི་སྨིན་མ་གཉིས་ཀྱི་བར་དུ་སེམས་འཛིན་པར་བྱེད་པའི་བར་ཡིན་ནོ། །རྒྱས་པར་ནི། རུས་པ་རྒྱ་མཚོའི་བར་དུ་ནི། །སྤྲོ་ཞིང་སྡུད་པ་ལས་དང་པོ། །ཞེས་བྱ་

བ་ལ་སོགས་པ་རྣམ་པ་གསུམ་འབྱུང་བ་ཡིན་ནོ། །དེ་ལྟར་བྱས་ན་མུ་བཞི་པའི་འདྲི་བ་འབྱུང་བས་ཡིད་ལ་བྱེད་པ་སྦྱང་བ་བྱས་པ་དང་། སྦྱང་བ་མ་བྱས་པ་དག་དང་ཞེས་བྱ་བ་རྒྱས་པར་སྨོས་སོ། །མུ་དང་པོ་ནི་ཡིད་ལ་བྱེད་པ་སྦྱང་བ་བྱས་པའི་མི་སྡུག་པ་རང་གི་ལུས་ལ་དམིགས་པ་ཡིན་ཏེ། ལུས་ཆུང་བའི་

ཕྱིར་དམིགས་པ་ཡང་ཆུང་བས་ཆུང་བ་ཡིན་གྱི་ཡིད་ལ་བྱེད་པ་སྦྱང་བ་བྱས་པའི་ཕྱིར་དབང་ཆུང་བས་ནི་མ་ཡིན་ཏེ། ཡིད་ལ་བྱེད་པ་རྫོགས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། མུ་གཉིས་པ་ནི་ཡིད་ལ་བྱེད་པ་སྦྱང་བ་མ་བྱས་པའི་མི་སྡུག་པ་རྒྱ་མཚོའི་མཐས་ཀླས་པ་ལ་དམིགས་པ་ཡིན་ཏེ། དབང་ཆུང་

བས་ཆུང་བ་ཡིན་གྱི་དམིགས་པ་ཆུང་བས་ནི་མ་ཡིན་ནོ། །ཉེར་བསྡོགས་དང་། བསམ་གཏན་ཁྱད་པར་ཅན་དང་བཅས་པ་དང་ཞེས་བྱ་བ་ནི་བསམ་གཏན་བཞི་ཉེར་བསྡོགས་དང་བསམ་གཏན་ཁྱད་པར་ཅན་དང་བཅས་པ་དང་། འདོད་པའི་ཁམས་ན་ཡོད་དེ། དེ་ལྟར་ན་བསམ་གཏན་གྱི་ཉེར་བསྡོགས་བཞི་ཡོད་

པས་ས་བཅུ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དོན་ལ་དམིགས་པ་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ལ་དམིགས་པའི་ཕྱིར་དོན་ལ་དམིགས་པ་ཡིན་གྱི། མིང་ལ་དམིགས་པ་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །མིང་ཉིད་ཀྱི་མི་སྡུག་པའི་རྣམ་པ་ཞེས་བྱ་བ་གྲུབ་པོ་ཞེས་བྱ་བ་ནི་རྣམ་པའི་དོན་ནི་བཤད་མི་དགོས་སོ་

སྙམ་དུ་བསམས་པ་ཡིན་ནོ། །དུས་གང་ཡིན་པ་དེའི་དུས་ལ་དམིགས་སོ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་བཞིན་དུ་འདས་པའི་དམིགས་པ་ཡང་འདས་པ་ཡིན་པ་ནས་ད་ལྟར་བྱུང་བའི་དམིགས་པ་ཡང་ད་ལྟར་བྱུང་བའི་བར་དུ་ཡིན་ནོ། །རང་གི་དམིགས་པ་ངེས་པའི་ཕྱིར་དང་། མོས་པ་ཡིད་ལ་བྱེད་པ་ཡིན་

པའི་ཕྱིར་མདོར་ནི་མ་བྱས་སོ། །འདྲིས་པ་དང་མ་འདྲིས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཐོག་མ་མེད་པ་ཅན་གྱིས་འཁོར་བ་ན་འདྲིས་པའི་ཕྱིར་འདོད་ཆགས་དང་བྲལ་བས་ཐོབ་པ་ཡིན་ནོ། །མ་འདྲིས་པའི་ཕྱིར་སྦྱོར་བ་ལས་བྱུང་བ་ཡིན་ནོ། །ཤེས་རབ་ཀྱི་རང་བཞིན་ཡིན་པ་ལས་དེའི་སྟོབས་བསྐྱེད་པས་འཇུག་པའི་

Vol. 143 · folio 163a

ཕྱིར་ཏེ། དེ་དག་ལས་དྲན་པ་དེ་སྟོབས་བསྐྱེད་པས་འཇུག་པ་ཡོད་པའོ། །ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དྲན་པའི་སྟོབས་བསྐྱེད་པས་འཇུག་པའི་ཕྱིར་ལུས་ལ་སོགས་པའི་ཤེས་རབ་ལ་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བ་དེ་བཞིན་དུ་དྲན་པའི་སྟོབས་བསྐྱེད་པས་

འཇུག་པའི་ཕྱིར་དབུགས་རྔུབ་པ་དང་དབུགས་འབྱུང་བའི་ཤེས་རབ་ལ་དབུགས་རྔུབ་པ་དང་དབུགས་འབྱུང་བའི་དྲན་པ་ཞེས་བྱའོ། །ས་ལྔ་པོ་ཞེས་བྱ་བ་ནི་བསམ་གཏན་བཞི་པའི་ཉེར་བསྡོགས་མ་གཏོགས་པའི་ཉེར་བསྡོགས་གསུམ་དང་། བསམ་གཏན་ཁྱད་པར་ཅན་དང་། འདོད་པའི་ཁམས་ན་སྤྱོད་པས་

ས་ལྔ་ན་ཡོད་དོ། །ཅིའི་ཕྱིར་ཞེ་ན། བཏང་སྙོམས་དང་མཚུངས་པར་ལྡན་པའི་ཕྱིར་ཏེ། འདི་ལྟར་བསམ་གཏན་དང་པོ་ལ་སོགས་པའི་ཉེར་བསྡོགས་ན་བཏང་སྙོམས་ཀྱི་ཚོར་བ་ཡོད་པས་སོ། །བསམ་གཏན་བཞི་པའི་ཉེར་བསྡོགས་ན་ཡང་བཏང་སྙོམས་ཡོད་མོད་ཀྱི་དེ་ནི་དབུགས་རྔུབ་པ་དང་དབུགས་འབྱུང་བ་དག་

གིས་མ་ཡིན་ནོ། །ཡང་ཅིའི་ཕྱིར་བཏང་སྙོམས་ཀྱི་དབང་པོ་དང་མཚུངས་པར་ལྡན་པ་ཁོ་ནར་ངེས་པར་བཟུང་ཞེ་ན། དེའི་ཕྱིར་རྣམ་པར་རྟོག་པ་དང་མཐུན་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །དེའི་གཉེན་པོ་སྟེ། རྣམ་པར་རྟོག་པའི་གཉེན་པོ་དབུགས་རྔུབ་པ་དང་དབུགས་འབྱུང་བ་དྲན་པ་ནི་བདེ་བ་དང་སྡུག་

བསྔལ་དེ་དག་དང་མཚུངས་པར་མི་ལྡན་ནོ། །བདེ་བ་དང་ཡིད་བདེ་བ་དག་ཀྱང་གཏོད་པ་ལ་བར་ཆད་བྱེད་པའི་ཕྱིར་ཏེ། གཏོད་པར་བྱེད་པའི་དགྲར་གྱུར་ལ། དབུགས་རྔུབ་པ་དང་དབུགས་འབྱུང་བ་དེ་ཡང་གཏད་པས་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དེ་དག་དང་མཚུངས་པར་མི་ལྡན་ནོ། །རྣམ་པར་རྟོག་པ་

དང་མཐུན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཞེས་གྲག་གོ་ཞེས་བྱ་བ་ལ་གྲག་ཅེས་བྱ་བའི་སྒྲ་ནི་གཞན་གྱི་གཞུང་ལུགས་སྟོན་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་ཕྱོགས་གཞན་གང་དག་བསམ་གཏན་དངོས་གཞི་དེ་དག་ན་ཞེས་བྱ་བ་འདི་རྒྱས་པར་འགོད་དོ། །ཡན་ཆད་ཅེས་བྱ་བ་ནི་བསམ་གཏན་བཞི་པ་

ནས་བཟུང་སྟེའོ། །འདོད་པའི་ཁམས་ཀྱི་རྟེན་ཅན་ཡིན་ཞེས་བྱ་བ་ནི་དེ་ན་རྣམ་པར་རྟོག་པ་མང་བའི་ཕྱིར་རོ། །སྦྱོར་བ་ལས་བྱུང་བ་ནི་མ་འདྲིས་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བས་ཐོབ་པ་ནི་འདྲིས་པའི་ཕྱིར་རོ། །ཆོས་འདི་པ་རྣམས་ཞེས་བྱ་བ་ནི་འདི་དག་ལ་སངས་རྒྱས་ཀྱི་ཆོས་འདི་ཡོད་པས་ན་

Vol. 143 · folio 163b

ཆོས་འདི་པ་རྣམས་ཏེ། སངས་རྒྱས་པ་འདི་དག་ཁོ་ནའི་ཡིན་གྱི་ཞེས་བྱ་བའི་ཐ་ཚིག་གོ། །ལུང་མེད་པའི་ཕྱིར་ཞེས་བྱ་བ་ནི་ཕྱི་རོལ་པ་རྣམས་ལ་སྲོག་འཛིན་པའི་ལུང་ཡོད་ཀྱི་དབུགས་རྔུབ་པ་དང་དབུགས་འབྱུང་བ་དྲན་པའི་ལུང་ནི་མེད་དོ། །བདག་ཉིད་ཀྱིས་ཆོས་ཟབ་མོ་མངོན་པར་མི་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་

ལུང་མེད་པར་རོ། །འདི་ལྟར་ཕྱི་རོལ་པ་རྣམས་ལ་ནི་བདག་ཉིད་ཀྱིས་ཆོས་ཟབ་མོ་མངོན་པར་རྟོགས་པ་མེད་དེ། འདིའི་ཟག་པ་ཉིད་ནི་རྒྱུ་དྲུག་དང་ལྡན་པའི་ཕྱིར་རོ། །ལུས་དང་སེམས་རྣལ་དུ་གཞག་སྟེ་ཞེས་བྱ་བ་ནི་མ་ཆགས་པར་བྱས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །མཐོ་གང་དང་འདོམ་གང་གི་བར་དུ་ཞེས་བྱ་བ་ནི་སྲོག་

ཆགས་སྟོབས་དང་ལྡན་པ་དང་། ཉམ་ཆུང་བ་དང་འབྲེལ་བའི་ཕྱིར་རོ། །རླུང་གི་དཀྱིལ་འཁོར་ཞེས་བྱ་བ་ནི་འོག་ཏུ་འགྲོ་བའོ། །རྣམ་པར་འཐོར་བྱེད་ཀྱི་རླུང་ཞེས་བྱ་བ་ནི་གྱེན་དུའོ། །རླུང་གི་དཀྱིལ་འཁོར་དང་རྣམ་པར་འཐོར་བྱེད་ཀྱི་རླུང་གི་བར་དུའོ་ཞེས་བྱ་བ་འདི་ནི་དེ་ཁོ་ན་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་རིགས་པ་མ་ཡིན་གྱི།

རྟོག་པ་འདི་ནི་མོས་པ་ཡིད་ལ་བྱེད་པ་ལ་རུང་བར་འགྱུར་རོ། །ཅི་འདི་དག་ཕན་འདོགས་པར་བྱེད་པ་ཞིག་གམ་ཞེས་བྱ་བ་ནས་དྲོ་བ་དག་ཅིག་ཅེས་བྱ་བའི་བར་འདི་ནི་འཇོག་པ་ཁོ་ན་ཡིན་པར་བལྟ་བར་བྱ་སྟེ། ལུས་ཀྱི་ཕྱོགས་ལ་ཕན་འདོགས་པ་ལ་སོགས་པའི་ཁྱད་དུ་འཇོག་པའི་སྒོ་ནས་སོ། །དེ་དག་ལ་བརྟེན་པ་

སེམས་དང་སེམས་ལས་བྱུང་བ་རྣམས་ཞེས་བྱ་བ་ནི་དེ་དག་ལ་རག་ལས་ཏེ། འབྱུང་བ་རྣམས་ཞེས་བྱ་བའི་ཐ་ཚིག་གོ། །གོང་ནས་གོང་དུ་དགེ་བའི་རྩ་བ་རྣམས་ལ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་དང་དྲོ་བར་གྱུར་པ་ལ་སོགས་པའོ། །མཐོང་བའི་ལམ་ལ་སོགས་པ་ལ། །ཞེས་བྱ་བ་ལ། སོགས་པ་ཞེས་བྱ་

བའི་སྒྲས་ནི་བསྒོམ་པའི་ལམ་བསྡུའོ། །རྣམ་པར་དག་པ་ནི་ཟད་པ་ཤེས་པ་ལ་སོགས་པའོ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་མི་སྐྱེ་བ་ཤེས་པ་དང་མི་སློབ་པའི་ཡང་དག་པའི་ལྟ་བ་བསྡུ་བའོ། །དབུགས་རྔུབ་དབུགས་འབྱུང་གང་ལས་ལུས། །ཞེས་བྱ་བ་ནི་དབུགས་རྔུབ་པ་དང་དབུགས་འབྱུང་བ་

དྲན་པ་དང་འབྲེལ་པས་དབུགས་རྔུབ་པ་དང་དབུགས་འབྱུང་བའི་ས་ཐམས་ཅད་སྟོན་པར་བྱེད་དོ། །ལུས་ས་གང་ཡིན་པ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་ནས་བསམ་གཏན་གསུམ་པའི་ས་པའི་བར་ཏེ། འདི་དག་ནི་དེའི་ས་པ་ཡིན་གྱི་གཞན་གྱི་ས་པ་ནི་མ་ཡིན་ནོ། །ལུས་དང་སེམས་ཁྱད་པར་ཅན་ལ་བརྟེན་ནས་ཞེས་བྱ་བ་ནི་

Vol. 143 · folio 164a

དབུགས་རྔུབ་པ་དང་། དབུགས་འབྱུང་བ་དག་ནི་ལུས་ཁྱད་པར་ཅན་ལ་བརྟེན་པ་དང་། སེམས་ཁྱད་པར་ཅན་ལ་བརྟེན་ནས་འཇུག་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཟུགས་མེད་པ་དང་ནུར་ནུར་པོར་གྱུར་པ་ལ་སོགས་པ་རྣམས་ལ་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གཟུགས་མེད་པར་གྱུར་པ་རྣམས་

ལ་ནི་ལུས་མེད་པའི་ཕྱིར་མེད་དོ། །ནུར་ནུར་པོ་ལ་སོགས་པར་གྱུར་པ་སྟེ། ནུར་ནུར་པོ་དང་། མེར་མེར་པོ་དང་། ནར་ནར་པོ་ལ་སོགས་པར་གྱུར་པ་རྣམས་ལ་ཡང་ལུས་ཁྱད་པར་ཅན་མེད་པའི་ཕྱིར་མེད་དོ། སྦུབས་ཅན་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སེམས་མེད་པ་རྣམས་ལ་ཡང་སེམས་མེད་པའི་ཕྱིར་

མེད་དོ། །བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་རྣམས་ལ་ཡང་དབུགས་རྔུབ་པ་དང་དབུགས་འབྱུང་བའི་ས་པའི་སེམས་མེད་པའི་ཕྱིར་མེད་དོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་ལུས་ཀྱང་སྦུབས་ཡོད་པ་ཡིན་ལ་ཞེས་བྱ་བ་རྒྱས་པར་སྨོས་སོ། །དབང་པོ་དང་ཐ་དད་པའི་ཕྱིར་རོ་ཞེས་བྱ་བ་ནི་དབང་པོ་དང་ཐ་དད་

པར་འཇུག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ལུས་རྒྱས་པས་འགྲིབ་པར་འགྱུར་བའི་ཕྱིར་རྒྱས་པ་ལས་བྱུང་བ་མ་ཡིན་ནོ། །དབུགས་རྔུབ་པ་དང་དབུགས་འབྱུང་བ་རྣམས་ཆད་ནས་ཡང་ཉིང་མཚམས་སྦྱོར་བའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་མ་ཡིན་ནོ། །རྣམ་པར་སྨིན་པའི་གཟུགས་ལ་ནི་དེ་ལྟ་བུ་མེད་དོ་

ཞེས་བྱ་བ་ནི་རྣམ་པར་སྨིན་པའི་བདག་ཉིད་ཀྱི་གཟུགས་མིག་ལ་སོགས་པ་ལ་ནི་ཡང་ཉིང་མཚམས་སྦྱོར་བ་འདི་མེད་ཀྱི། སེམས་དང་སེམས་ལས་བྱུང་བ་ནི་ཡང་ཉིང་མཚམས་སྦྱོར་བ་མི་ཟློགས་སོ། །འོག་མ་པ་སྤྱོད་ལམ་པ་དང་སྤྲུལ་པའི་སེམས་ཀྱིས་མི་རྟོགས་སོ་ཞེས་བྱ་བ་ནི་བསམ་གཏན་བཞི་པར་སྐྱེས་པའི་བར་ཡང་

ས་འོག་མ་པའི་སྤྱོད་ལམ་དང་སྤྲུལ་པའི་སེམས་མངོན་དུ་བྱེད་དེ། དེའི་ཕྱིར་དོགས་ནས་ས་འོག་མ་པ་དེ་དག་གིས་མི་རྟོགས་སོ་ཞེས་བརྗོད་དོ། །ལྷག་མཐོང་བསྒྲུབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཤེས་རབ་བསྒྲུབ་པར་བྱ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། ཉོན་མོངས་པ་རྣམས་ནི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཡིན་ནོ་ཞེས་

འབྱུང་བའི་ཕྱིར་ཏིང་ངེ་འཛིན་གྲུབ་ཏུ་ཟིན་ཀྱང་ཤེས་རབ་མེད་པར་ཉོན་མོངས་པ་རྣམས་སྤོང་བར་མི་འགྱུར་རོ། །ཡང་དྲན་པ་ཉེ་བར་གཞག་པ་བསྒོམས་པས་ལྷག་མཐོང་འགྲུབ་པར་འགྱུར་རོ་ཞེས་བྱ་བ་འདི་ག་ལས་ཤེ་ན། མདོ་ལས་ཏེ། དགེ་སློང་དག་བགྲོད་པ་གཅིག་པའི་ལམ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་དྲན་

Vol. 143 · folio 164b

པ་ཉེ་བར་གཞག་པ་རྣམས་སོ། །དགེ་བའི་ཕུང་པོ་མ་འདྲེས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞིའོ་ཞེས་འབྱུང་བའི་ཕྱིར་རོ། །ལུས་ཚོར་ཞེས་བྱ་བ་ལ། ཚོར་ཞེས་བྱ་བ་འདི་ནི་ཚོར་བའོ། །དེ་དག་གི་རང་གི་མཚན་ཉིད་ནི་རང་གི་ངོ་བོའོ་ཞེས་བྱ་བ་ནི་ལུས་རང་གི་ངོ་བོ་ནི་འབྱུང་བ་དང་འབྱུང་བ་

ལས་གྱུར་པ་ཉིད་དོ། །ཚོར་བ་ནི་མྱོང་བ་ཉིད་དོ། །སེམས་ཀྱི་ནི་དམིགས་པ་ཉིད་དོ། །གསུམ་པོ་དེ་དག་ལས་གཞན་པ་རྣམས་ཀྱི་རང་གི་ངོ་བོ་ནི་བདག་ཉིད་ཇི་ལྟ་བ་བཞིན་ནོ། །ཟག་པ་དང་བཅས་པ་རྣམས་སྡུག་བསྔལ་བ་ཉིད་ཅེས་བྱ་བ་ལ། སྡུག་བསྔལ་གྱི་མཚན་ཉིད་ནི་འཕགས་པ་དང་མི་མཐུན་པའོ་ཞེས་དེ་ནི་

བཤད་ཟིན་ཏོ། །གསུམ་ལས་གཞན་པ་དག་ཅེས་བྱ་བ་འདི་མ་འདྲེས་པར་རྣམ་པར་གཞག་པ་ལས་བསམས་ནས་དེ་སྐད་དུ་བརྗོད་པ་ཡིན་ཏེ། འདྲེས་པར་རྣམ་པར་བཞག་ན་ནི་ལུས་ལ་སོགས་པ་ཡང་གཟུང་ངོ་། །དེ་དག་ཀྱང་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཡིན་པར་ལྟའོ། །རང་བཞིན་གྱི་

དྲན་པ་ཉེ་བར་གཞག་པ་ནི་ཤེས་རབ་པོ་ཞེས་བྱ་བ་ནི་གང་གི་ཕྱིར་འབྲེལ་པ་དང་དམིགས་པ་ལ་ལྟོས་ནས་ཤེས་རབ་ཉིད་ཉེ་བར་གནས་པ་དེའི་ཕྱིར་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །ཐོས་པ་ལ་སོགས་པས་བྱུང་བའོ་ཞེས་བྱ་བའི་ཁྱད་པར་སྨོས་པ་ནི་འདི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་སྦྱོར་བ་ལས་བྱུང་བ་

ཡིན་གྱི་སྐྱེ་བས་འཐོབ་པ་ནི་མ་ཡིན་པས་སོ། །ཅིའི་ཕྱིར་ཤེས་རབ་ཀྱི་རང་བཞིན་ཞེས་བྱ། ཅི་དེ་ལྟ་མ་ཡིན་པའི་དྲན་པ་ཉེ་བར་གཞག་པ་ཡང་ཡོད་དམ་ཞེ་ན། གཞན་ནི་འབྲེལ་དང་དམིགས་པ་ལས། །ཞེས་བྱ་བ་སྨོས་ཏེ། གཞན་དེ་དང་ལྷན་ཅིག་འབྱུང་བ་ནི་ཚོར་བ་ལ་སོགས་པའོ། །འབྲེལ་པས་དྲན་པ་ཉེ་བར་

གཞག་པ་ནི་འབྲེལ་པའི་དྲན་པ་ཉེ་བར་གཞག་པ་ཡིན་ཏེ། རང་བཞིན་གྱི་དྲན་པ་ཉེ་བར་གཞག་པ་དང་འབྲེལ་པའི་ཕྱིར་རོ། །དེ་དག་གི་དམིགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རང་བཞིན་དང་འབྲེལ་པའི་དྲན་པ་ཉེ་བར་གཞག་པའི་དམིགས་པ་ཡིན་པའི་ཕྱིར་དམིགས་པའི་དྲན་པ་ཉེ་བར་གཞག་པའོ། །ཁ་

ཅིག་ནི་དེ་དག་གི་དམིགས་པ་ནི་དམིགས་པའི་དྲན་པ་ཉེ་བར་གཞག་པའོ་ཞེས་འདོན་ཏེ། དམིགས་པར་བྱ་བ་ཡིན་པས་ན་དམིགས་པ་སྟེ། དེ་དག་ཀྱང་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་རྣམས་སོ། །དེ་ལྟ་ཡིན་ན་དམིགས་པའི་དྲན་པ་ཉེ་བར་གཞག་པ་དེ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་

Vol. 143 · folio 165a

ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་ཆོས་ཐམས་ཅད་ཅེས་བྱ་བ་འདི་ནི་དྲན་པ་ཉེ་བར་གཞག་པ་བཞིའི་ཚིག་བླ་དགས་ཡིན་ནོ་ཞེས་གསུངས་སོ། །ཤེས་རབ་དེས་དེ་དང་ལྡན་པ་སྟེ། ཤེས་རབ་དང་ལྡན་པ་རྗེས་སུ་ལྟ་བར་བྱེད་དོ་ཞེས་བྱ་བ་ནི་རྗེས་སུ་ལྟ་བར་བྱེད་པས་ན་རྗེས་སུ་

ལྟ་བར་བྱེད་པའོ། །ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་ན་ནི་འདི་ལྟར་ཚིག་རྣམ་པར་སྦྱར་ཏེ། རྗེས་སུ་ལྟ་བའི་གང་ཟག་ཏུ་བྱེད་པས་ན་རྗེས་སུ་ལྟ་བར་བྱེད་པ་སྟེ་རྗེས་སུ་ལྟ་བར་བྱེད་པ་ནི་རྗེས་སུ་ལྟ་བ་ཡིན་ནོ། །ཤེས་རབ་དེས་དེ་དང་ལྡན་པ་སྟེ། ཤེས་རབ་དང་ལྡན་པ་རྗེས་སུ་ལྟ་བར་བྱེད་དེ། དཔེར་ན་ཤེས་རབ་

དང་ལྡན་པའི་ཕྱིར་གང་ཟག་ཤེས་རབ་ཅན་ཞེས་བྱ་བ་དེ་བཞིན་དུ་རྗེས་སུ་ལྟ་བ་དང་ལྡན་པའི་ཕྱིར་རྗེས་སུ་ལྟ་བ་ཅན་ཡིན་ནོ། །དེ་ལྟར་ཤེས་རབ་ནི་རྗེས་སུ་ལྟ་བ་ཞེས་བྱ་བར་གྲུབ་པོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ནང་གི་ལུས་དང་། སོ་སོའི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་དང་། ལུས་དང་མཐུན་

པར་ལྟ་ཞིང་གནས་སོ་ཞེས་ཀྱང་གསུངས་ཏེ། དེའི་ཕྱིར་ཡང་རྗེས་སུ་ལྟ་བ་ཤེས་རབ་ཡིན་ནོ་ཞེས་བྱ་བ་མང་ངོ་། །ཇི་ལྟ་ཞེ་ན། སྒྲུབ་པར་བྱེད་དེ་འདི་ལ་རྗེས་སུ་ལྟ་བ་སྟེ། ཇི་ལྟ་ཞེ་ན། ལྟ་བ་ཡོད་པས་སོ། །རྗེས་སུ་ལྟ་བ་ནི་ལྟ་བའི་མཚན་ཉིད་དོ། །དེའི་ཕྱིར་རྗེས་སུ་ལྟ་བ་པ་ནི་གང་ཟག་ཡིན་ཏེ་དབྱུག་

པ་ཅན་ཞེས་བྱ་བ་ལྟ་བུའོ། །དེ་བས་ན་ལུས་ལ་རྗེས་སུ་ལྟ་བ་ནི་ལུས་ཀྱི་རྗེས་སུ་ལྟ་བའོ་ཞེས་བདུན་པར་ཚིག་བསྡུ་བ་ཡིན་ནོ། །གལ་ཏེ་འདི་ལ་ལུས་ལ་རྗེས་སུ་ལྟ་བའི་ངང་ཚུལ་ཡོད་པས་ལུས་ལ་རྗེས་སུ་ལྟ་བའོ་ཞེས་བྱ་བར་བརྗོད་ན། དེ་ལྟ་ན་ཡང་ངོ་བོ་འདི་འགྲུབ་པོ་ཞེས་བྱ་བར་ལྟའོ། །དྲན་པ་ཤས་ཆེས་པའི་

ཕྱིར་ཞེས་བྱ་བ་ནི་དྲན་པ་ལྷག་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཤིང་གཤེགས་པ་ཁྱེའུས་འཛིན་པ་ལྟར་ཞེས་བྱ་བ་ནི་དཔེར་ན་ཤིང་འཆེག་པ་ཤིང་མཁན་གྱིས་ཤིང་གཤེགས་པ་ཁྱེའུས་འཛིན་པ་དེ་བཞིན་དུ་ཤེས་རབ་འདི་ཡང་དྲན་པའི་སྟོབས་བསྐྱེད་པས་དམིགས་པ་ལ་འཇུག་གོ། །དྲན་པའི་སྟོབས་

བསྐྱེད་པས་འཇུག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སྟོབས་བསྐྱེད་པ་ནི་སྟོབས་སྤེལ་བ་སྟེ། དྲན་པའི་སྟོབས་བསྐྱེད་པ་ཡིན་ནོ། །འདི་ལ་དྲན་པའི་སྟོབས་བསྐྱེད་པས་འཇུག་པ་ཡོད་པས་ན་དྲན་པའི་སྟོབས་བསྐྱེད་པས་འཇུག་པའི་ཤེས་རབ་སྟེ་དེའི་ངོ་བོ་ཉིད་དོ། །དེའི་ཕྱིར་ཏེ། གལ་ཏེ་དྲན་པས་དམིགས་

Vol. 143 · folio 165b

པ་འཛིན་ན་དེ་ལྟ་ན་ཤེས་རབ་ཀྱིས་རབ་ཏུ་ཤེས་པར་འགྱུར་རོ། །དེ་ལྟར་ན་བྱེ་བྲག་ཏུ་སྨྲ་བའི་དོན་ནི་དྲན་པས་ཉེ་བར་གཞག་པ་ནི་དྲན་པ་ཉེ་བར་གཞག་པའོ་ཞེས་བྱ་བ་ཡིན་ནོ། །འདི་ལྟར་ན་རུང་སྟེ་ཞེས་བརྗོད་པ་ནི་སློབ་དཔོན་ཏེ། འདི་ནི་བྱེད་པར་སྒྲུབ་པ་ཡིན་ནོ། །འདིས་དྲན་པ་ཉེ་བར་གནས་པས་ན་ཞེས་བྱ་བ་འདི་ནི་

དོན་རབ་ཏུ་བསྟན་པ་ཙམ་དུ་ཟད་དོ། །ཚིག་རྣམ་པར་སྦྱར་བ་ནི་འདི་ལྟར་བྱ་སྟེ། འདིས་ཉེ་བར་འཇོག་པས་ན་ཉེ་བར་གཞག་པའོ། །དྲན་པ་ཉེ་བར་འཇོག་པས་ན་དྲན་པ་ཉེ་བར་གཞག་པའོ་ཞེས་བྱའོ། །ཇི་ལྟར་ན་འདིས་དྲན་པ་ཉེ་བར་འཇོག་ཅེ་ན། ཇི་ལྟར་མཐོང་བས་མངོན་པར་བརྗོད་པའི་ཕྱིར་རོ་ཞེས་བྱ་བ་

སྨོས་སོ། །འདི་ལྟར་ཤེས་རབ་ཀྱིས་དོན་ཇི་ལྟར་མཐོང་བ་དེ་ཁོ་ན་བཞིན་དུ་དྲན་པས་མངོན་པར་རྗོད་པར་བྱེད་དེ་འཛིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གང་ལ་ཉེ་བར་འཇོག་ཅེ་ན། ལུས་ནས་ཆོས་རྣམས་ཀྱི་བར་ལ་སྟེ། ལུས་ལ་དྲན་པ་ཉེ་བར་འཇོག་པ་ནི་ལུས་དྲན་པ་ཉེ་བར་གཞག་པ་ཡིན་པ་ནས་དེ་བཞིན་

དུ་ཆོས་རྣམས་ལ་དྲན་པ་ཉེ་བར་འཇོག་པ་ནི་ཆོས་དྲན་པ་ཉེ་བར་གཞག་པའི་བར་དུ་ཡིན་ནོ། །རང་བཞིན་གྱི་དྲན་པ་ཉེ་བར་གཞག་པ་ཇི་ལྟ་བར་འབྲེལ་པའི་དྲན་པ་ཉེ་བར་གཞག་པ་ཡང་དེ་དང་འདྲ་སྟེ། ཇི་ལྟར་ཤེས་རབ་ཀྱིས་ལུས་ལ་སོགས་པ་ལ་དྲན་པ་ཉེ་བར་འཇོག་པ་དེ་བཞིན་དུ་དེ་དང་མཚུངས་པར་ལྡན་

པ་དག་གིས་ཀྱང་ཉེ་བར་འཇོག་པར་བྱེད་དོ། །ད་ནི་མདོ་གཞན་ལས་གསུངས་པའི་དྲན་པ་ཉེ་བར་གཞག་པ་རྣམས་བྱེད་པར་བསྒྲུབ་པ་ཉིད་དུ་མི་འཐད་པར་མཐོང་སྟེ། བྱེད་པ་གཞན་དུ་དོན་བརྗོད་པར་འདོད་ནས་གང་ལས་དགེ་སློང་དག་ཅེས་བྱ་བ་རྒྱ་ཆེར་སྨོས་སོ། །ཇི་ལྟར་ལུས་ཀུན་འབྱུང་བ་དང་ནུབ་པ་དག་བཤད་པ་ལྟར་ཚོར་བ་ལ་སོགས་པ་ལ་ཡང་དེ་

བཞིན་དུ་བརྗོད་པར་བྱའོ། །ཇི་ལྟར་ཞེ་ན། རེག་པ་ཀུན་འབྱུང་བས་ནི་ཚོར་བ་ཀུན་འབྱུང་བ་ཡིན་ལ། རེག་པ་འགགས་པས་ནི་ཚོར་བ་ནུབ་པ་ཡིན་ནོ། །མིང་དང་གཟུགས་ཀུན་འབྱུང་བས་ནི་སེམས་ཀུན་འབྱུང་བ་ཡིན་ལ་མིང་དང་གཟུགས་འགགས་པས་ནི་སེམས་ནུབ་པ་ཡིན་ནོ། །ཡིད་ལ་བྱེད་པ་ཀུན་འབྱུང་བས་ནི་ཆོས་རྣམས་

ཀུན་འབྱུང་བ་ཡིན་ལ། ཡིད་ལ་བྱེད་པ་འགགས་པས་ནི་ཆོས་རྣམས་ནུབ་པ་ཡིན་ནོ་ཞེས་བྱ་བའོ། །མདོ་དེ་ལས་ནི་དམིགས་པ་ལུས་དང་ཚོར་བ་དང་སེམས་དང་། ཆོས་རྣམས་ཁོ་ན་དྲན་པ་ཉེ་བར་གཞག་པར་གསུངས་པ་ཡིན་ཏེ། ལུས་ལ་སོགས་པ་འདི་ལ་དྲན་པ་ཉེ་བར་གནས་པའི་ཕྱིར་རོ། །དེ་ལྟར་

Vol. 143 · folio 166a

ན་བཞིར་བསྒྲུབ་པར་བསྟན་པ་ཡིན་ཏེ། འདི་ལ་དྲན་པ་ཉེ་བར་འཇོག་པས་ན་དྲན་པ་ཉེ་བར་གཞག་པའོ་ལུས་ཉིད་དྲན་པ་ཉེ་བར་གཞག་པ་ཡིན་པ་ནས་ཆོས་རྣམས་ཉིད་དྲན་པ་ཉེ་བར་གཞག་པའི་བར་ཡིན་པས་ན་ཆོས་དྲན་པ་ཉེ་བར་གཞག་པའོ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །

གལ་ཏེ་དེ་ལས་དམིགས་པའི་དྲན་པ་ཉེ་བར་གཞག་པ་ཡིན་པར་བཞེད་པར་མ་གྱུར་ན་ནི་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། དགེ་སློང་དག་ཇི་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ཀུན་དུ་འབྱུང་བ་དང་ནུབ་པ་ཡིན་ཞེ་ན། ཟས་ཀུན་འབྱུང་བས་ནི་ལུས་ཀུན་འབྱུང་བ་ཡིན་ལ་ཟས་འགགས་ན་ནི་ལུས་ནུབ་

པ་ཡིན་ནོ་ཞེས་རྒྱས་པར་གསུངས་པར་ཡང་མི་འགྱུར་ཏེ། ལུས་ལ་སོགས་པ་དྲན་པ་ཉེ་བར་གཞག་པ་ཉིད་ཡིན་ན་ནི་དེ་སྐད་དུ་བརྗོད་པར་རུང་བར་འགྱུར་རོ། །དེ་ལྟ་བས་ན་ལུས་ལ་སོགས་པ་ནི་དམིགས་པའི་དྲན་པ་ཉེ་བར་གཞག་པ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །འདི་དག་གི་མིང་ནི་དམིགས་པ་ཇི་ལྟ་བ་

བཞིན་ནོ་ཞེས་བྱ་བ་ནི་ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་མིང་ནི་དམིགས་པ་ལ་ལྟོས་ནས་ལུས་དྲན་པ་ཉེ་བར་གཞག་པ་ནས་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱ་བའི་བར་དུ་རྣམ་པར་གཞག་གོ། །།བམ་པོ་བཞི་བཅུ་རྩ་དྲུག་པ། རང་དང་གཞན་དང་གཉི་གའི་རྒྱུད་ལ་

དམིགས་པའི་ཕྱིར་ཞེས་བྱ་བ་ནི་ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་འདི་དག་རང་གི་རྒྱུད་ལ་དམིགས་པའི་ཕྱིར་དང་། གཞན་གྱི་རྒྱུད་ལ་དམིགས་པའི་ཕྱིར་དང་། གཉི་གའི་རྒྱུད་ལ་དམིགས་པའི་ཕྱིར་སོ་སོ་རེ་རེ་ཞིང་རྣམ་པ་གསུམ་གསུམ་ཡིན་ནོ་ཞེས་བྱ་བ་ནི། མདོ་ལས་བྱུང་བའི་

ཕྱིར་ཏེ་ཇི་སྐད་དུ་ཞེ་ན། བརྟུན་པ་དང་ཤེས་བཞིན་དང་དྲན་པ་དང་ལྡན་པར་གྱུར་ན་འཇིག་རྟེན་ལ་བརྣབ་སེམས་དང་ཡིད་མི་བདེ་བ་རྣམ་པར་སྤངས་ཏེ། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་དང་། ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་སྔ་མ་བཞིན་ནོ། །

ནང་དང་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་སྔ་མ་བཞིན་ཏེ། དེ་ལྟར་ན་རེ་ཞིག་ལུས་དྲན་པ་ཉེ་བར་གཞག་པ་རྣམ་པ་གསུམ་ཡིན་ནོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ལ་ཡང་ནང་གི་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་སོ་ཞེས་བྱ་བ་རྒྱས་པར་རྣམ་པ་

Vol. 143 · folio 166b

གསུམ་གསུམ་སྦྱར་བར་བྱའོ། །སྔར་རགས་པ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་ལུས་ནི་རྣམ་པར་ཤེས་པ་དྲུག་གིས་རྣམ་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར་གསུམ་པས་དེ་སྔར་མཐོང་ངོ་། །ཚོར་བ་ནི་གཉིས་པས་རྒྱུ་བ་རགས་པའི་ཕྱིར་དེའི་འོག་ཏུ་དེ་མཐོང་ངོ་། །ཆོས་རྣམས་ནི་རྒྱུ་བ་ཕྲ་བའི་ཕྱིར་

རྣམ་པར་ཤེས་པར་དཀའ་བས་ཕྲ་བ་ཡིན་ཏེ། དེའི་ཕྱིར་དེའི་རྣམ་པས་ནི་སེམས་སྔར་མཐོང་ལ་ཐ་མར་ནི་ཆོས་རྣམས་མཐོང་ངོ་། །དེ་ཡང་ཞེས་བྱ་བ་ནི་འདོད་པ་ལ་འདོད་ཆགས་པའོ། །དེ་ཡང་སེམས་ཞེས་བྱ་བ་ནི་ཚོར་བ་མངོན་པར་འདོད་པ་དེའོ། །དེ་ཡང་ཉོན་མོངས་པ་མ་སྤངས་པའི་ཕྱིར་ཞེས་བྱ་བ་

ནི་མ་ཞི་བ་དེ་ཡང་ངོ་། །གོ་རིམས་བཞིན་དུ་བསྟན་ཏེ་ཞེས་བྱ་བ་ནི་ལུས་དྲན་པ་ཉེ་བར་གཞག་པ་ནི་གཙང་བར་ཕྱིན་ཅི་ལོག་པའི་གཉེན་པོར་བསྟན་ཏོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་བདེ་བར་ཕྱིན་ཅི་ལོག་པའི་གཉེན་པོར་ཏེ། གང་ཅི་ཚོར་ཡང་དེ་ནི་འདིར་སྡུག་བསྔལ་བའོ་ཞེས་འབྱུང་བས་སོ། །སེམས་

དྲན་པ་ཉེ་བར་གཞག་པ་ནི་རྟག་པར་ཕྱིན་ཅི་ལོག་པའི་གཉེན་པོར་ཏེ། སེམས་ནི་མྱུར་དུ་འགྱུར་བའི་ཕྱིར་རོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་བདག་ཏུ་ཕྱིན་ཅི་ལོག་པའི་གཉེན་པོར་བསྟན་ཏོ། །ཆོས་རྣམས་ནི་རིལ་པོ་རྣམ་པར་དབྱེ་བའི་སྒོ་ནས་རང་དབང་མེད་པའི་ཕྱིར་ཏེ། ཆོས་རྣམས་ཞེས་བྱའི་

ཚིག་ནི་ཁམས་ཙམ་དུ་ཟད་དེ། བདག་དང་བྲལ་བའོ་ཞེས་བྱ་བ་ཡིན་པས་སོ། །ཡང་ན་དེ་ནི་ཆོས་འདི་དག་ནི་སོ་སོ་ལོགས་ཤིག་ན་གནས་པ་ཡིན་གྱི་འདི་ལ་བདག་ནི་འགའ་ཡང་མེད་དོ་ཞེས་བསྟན་པའི་ཕྱིར་རོ། །བཞི་པ་ནི་གཉི་ག་ཡིན་ཞེས་བྱ་བ་ནི་ཆོས་དྲན་པ་ཉེ་བར་གཞག་པ་ནི་ལུས་དང་ཚོར་བ་

དང་སེམས་ལ་མ་གཏོགས་པའི་ཆོས་ལ་དམིགས་པ་ཉིད་སྲིད་པས་མ་འདྲེས་ཤིང་འདྲེས་པ་མ་ཡིན་པ་ལ་དམིགས་པ་ཡང་སྲིད་ལ་འདྲེས་པ་ལ་དམིགས་པ་ཡང་སྲིད་དོ། །ལུས་ལ་སོགས་པ་གཉིས་སམ་གསུམ་མམ་བཞི་པོ་སྤྱི་ལ་ལྟ་ན་ཞེས་བྱ་བ་ནི་གལ་ཏེ་འདྲེས་པ་ལ་དམིགས་པ་དེ་ལུས་དང་ཚོར་

བ་གཉིས་ལ་ལྟ་ན་ཡང་ཆོས་དྲན་པ་ཉེ་བར་གཞག་པ་ཡིན་ལ། ཅི་སྟེ་ལུས་ནས་སེམས་ཀྱི་བར་ལ་ལྟ་ན་དེ་ཡང་ཁོ་ན་དང་འདྲའོ། །འོན་ཏེ་ལུས་དང་ཚོར་བ་དང་སེམས་པར་ཆོས་རྣམས་སྤྱི་ལ་ལྟ་ན་དེ་ཡང་ཆོས་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །སྤྱི་ལ་དམིགས་པ་ལ་གནས་ཏེ་ཞེས་བྱ་བ་ནི་ལུས་

Vol. 143 · folio 167a

དང་ཚོར་བ་དང་སེམས་དང་ཆོས་རྣམས་སྤྱིར་བསྡུས་ཏེའོ། །དྲོ་བར་གྱུར་པ་ཞེས་བྱ་བ་ནི་དྲོ་བའི་རྣམ་པའི་དགེ་བའི་རྩ་བའོ། །སྔ་ལྟས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དང་པོའི་མཚན་མ་ཡིན་པའི་ཕྱིར་རམ་དང་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྒྱུན་ཆགས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱུན་

འབྲེལ་པ་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །འདི་དག་གི་བྱེ་བྲག་ནི་འོག་ནས་བཤད་པར་བྱའོ་ཞེས་བྱ་བ་ནི་མཛོད་ཀྱི་གནས་བདུན་པ་ནས། རྫས་སུ་རྣམ་པ་བཅུ་དྲུག་གོ་ཞེས་བྱ་བ་འདི་ནས་སོ། །གལ་ཏེ་དེ་ཡང་དེ་དང་འདྲ་ན་གོ་འོ་ན་ཅིའི་ཕྱིར་བསྟན་ཞེ་ན་དེའི་ཕྱིར་ཆེས་མཆོག་ཏུ་གྱུར་པའི་ཕྱིར་མིང་

གཞན་དུ་བཏགས་སོ་ཞེས་བྱ་བ་སྨོས་སོ། །ཡང་ཅིའི་ཕྱིར་རྩེ་མོ་ཞེས་བྱ་ཞེ་ན། དགེ་བའི་རྩ་བ་གཡོ་བའི་རྩེ་མོ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །རྩེ་མོ་ཞེས་བྱ་བའི་སྒྲ་འདི་ནི་རབ་ཀྱི་མཐའ་སྟོན་པ་ཡིན་ཏེ། འདི་ལྟར་འཇིག་རྟེན་ན་ཡང་འདི་དཔལ་གྱི་རྩེ་མོར་ཕྱིན་ཏོ་ཞེས་ཟེར་རོ། །དྲོ་བར་གྱུར་པ་དང་རྩེ་

མོའི་མཚན་ཉིད་ཀྱི་དགེ་བའི་རྩ་བ་གཉིས་ནི་གཡོ་བ་ཡིན་ཏེ། ཡོངས་སུ་ཉམས་པ་སྲིད་པའི་ཕྱིར་རོ། །བཟོད་པ་དང་འཇིག་རྟེན་པའི་ཆོས་ཀྱི་མཆོག་གི་མཚན་ཉིད་གཉིས་ནི་མི་གཡོ་བ་སྟེ། བཟློག་པ་ཡིན་པའི་ཕྱིར་རོ། །དེ་ལ་གཡོ་བ་དག་ལས་ཆུང་ངུ་གང་ཡིན་པ་དེ་ནི་དྲོ་བར་གྱུར་པ་ཡིན་ནོ། །

ཆེན་པོ་གང་ཡིན་པ་དེ་དག་ནི་རྩེ་མོ་ཡིན་ནོ། །མི་གཡོ་བ་དག་ལས་ཀྱང་ཆུང་ངུ་གང་ཡིན་པ་དེ་ནི་བཟོད་པ་ཡིན་ནོ། །ཆེན་པོ་གང་ཡིན་པ་དེ་དག་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་ཡིན་ནོ། །དེ་དག་ལས་ལྟུང་བའམ་འདའ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལ་རྩེ་མོ་དག་ལས་ལྟུང་བ་ནི་ཡོངས་སུ་ཉམས་

པའོ། །འདའ་བ་ནི་བཟོད་པ་མངོན་དུ་འགྱུར་བ་སྟེ། རྩེ་མོ་དག་ནི་གཡོ་བ་ཡིན་པའི་ཕྱིར་རོ། །འཇིག་རྟེན་ན་ཡང་ཤིང་གི་རྩེ་མོ་ནས་ལྟུང་བའམ་འདའ་བ་སྟེ། གོང་དུ་ཕྱིན་པར་འགྱུར་བ་མཐོང་བས་རྩེ་མོ་དང་ཆོས་མཐུན་ནོ། །དང་པོ་ཉིད་དུ་བདེན་པ་རྣམས་ལ་རྣམ་པ་དག་འགོད་པའོ་ཞེས་བྱ་བ་

ནི་ཐོག་མར་བདེན་པ་རྣམས་ལ་མི་རྟག་པ་ལ་སོགས་པའི་རྣམ་པ་དག་གཏོད་པར་བྱེད་པ་སྟེ། དེ་དག་ལ་དམིགས་པ་རྣམས་འཇུག་པར་བྱེད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་གིས་ཀྱང་ཞེས་བྱ་བ་ནི་ཆོས་དྲན་པ་ཉེ་བར་གཞག་པ་མ་ཡིན་པ་དག་གིས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ། །

Vol. 143 · folio 167b

འཕེལ་བར་བྱེད་པ་ནི་གོམས་པར་བྱང་བར་བྱེད་པའོ། །རྣམ་པར་འཕེལ་བར་བྱེད་པ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་རྣམ་པར་འཕེལ་བར་བྱེད་པའི་རྣལ་འབྱོར་པ་ནི་འཕེལ་བས་ཁྱད་པར་ཅན་དུ་གྱུར་པ་རྣམས་མངོན་སུམ་དུ་བྱེད་དོ། །སྔོན་ཐོབ་པ་རྣམས་ཞེས་བྱ་བ་ནི་ཁྱད་པར་ཅན་མ་ཡིན་པ་དག་ནི་

མངོན་སུམ་དུ་མི་བྱེད་དོ། །ཅིའི་ཕྱིར་ཞེ་ན། དགའ་བ་ཆེན་པོ་མེད་པའི་ཕྱིར་ཏེ། དམན་པ་ཉིད་ཀྱིས་དགའ་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བདེན་པ་ལ་ཆེར་བཟོད་པའི་ཕྱིར་རོ་ཞེས་བྱ་བ་ནི་དྲོ་བར་གྱུར་པའི་གནས་སྐབས་ན་ནི་བདེན་པ་ལ་ཆུང་ངུ་བཟོད་ཅིང་འདོད་དོ། །རྩེ་མོའི་གནས་སྐབས་

ན་ནི་འབྲིང་དུའོ། །དེའི་རྗེས་ལ་ནི་བདེན་པ་ལ་ཆེར་བཟོད་པའི་ཕྱིར་བཟོད་པ་སྐྱེའོ། །ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་ཡོངས་སུ་མི་ཉམས་པའི་སྒོ་ནས་ཞེས་བྱ་བ་སྨོས་ཏེ། འདི་ལྟར་བཟོད་པ་ལས་ཡོངས་སུ་ཉམས་པར་མི་འགྱུར་གྱི། རྩེ་མོ་དག་ལས་ནི་ཡོངས་སུ་ཉམས་པ་ཞེས་བྱ་བ་སྲིད་པ་ཡོད་དོ། །

རྣམ་པ་གཉིས་དེ་བཞིན་ཞེས་བྱ་བ་ནི་རྩེ་མོ་རྣམས་ཇི་སྐད་བཤད་པ་ལྟར་བཟོད་པ་ཆུང་ངུ་དང་འབྲིང་དག་ཀྱང་དེ་དང་འདྲའོ། །དེ་ཁོ་ན་བཞིན་དུ་རྣམ་པ་གཏོད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་དྲན་པ་ཉེ་བར་གཞག་པའི་བདེན་པ་རྣམས་ལ་རྣམ་པ་དག་གཏོད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །བཟོད་པ་ནི་

ཐམས་ཅད་ཅེས་བྱ་བ་ནི་བཟོད་པ་ནི་ཆུང་ངུ་དང་འབྲིང་དང་། ཆེན་པོའི་བྱེ་བྲག་གིས་ཐ་དད་པ་ཐམས་ཅད་ཆོས་དྲན་པ་ཉེ་བར་གཞག་པ་ཁོ་ནས་འཕེལ་བར་བྱེད་ཀྱི་ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་གཞན་གྱིས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཆོས་ཀྱི་མཆོག་དང་ཉེ་བའི་ཕྱིར་ཏེ། ཆོས་ཀྱི་མཆོག་ནི་མཐོང་

བའི་ལམ་དང་ཉེ་བས་ཆོས་དྲན་པ་ཉེ་བར་གཞག་པའི་བདག་ཉིད་ཁོ་ན་ཡིན་ནོ། །ཆོས་ཀྱི་མཆོག་དང་ཉེ་བའི་ཕྱིར། །ཞེས་བྱ་བ་ནི་བཟོད་པ་ནི་རྩེ་མོའི་མཇུག་ཐོགས་སུ་སྐྱེ་བའི་ཕྱིར་ཆོས་ཀྱི་མཆོག་འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་བདེན་པ་ལ་དམིགས་པ་རྣམས་དང་ཉེ་བས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་

གྱི་བདེན་པ་ལ་དམིགས་པ་ཉིད་ཡིན་ཏེ། ཆོས་ཀྱི་མཆོག་དང་ཉེ་བའི་ཕྱིར་དེ་དང་འདྲའོ། །ངེས་པ་མ་སྨོས་པའི་ཕྱིར་ཞེས་བྱ་བ་ནི་དྲོ་བར་གྱུར་པ་ལ་སོགས་པའི་དམིགས་པ་ནི་བཟོད་པ་ཆེན་པོ་བཞིན་དུ་སོ་སོར་ངེས་པ་མ་སྨོས་པའི་ཕྱིར་བཟོད་པ་ཆེན་པོ་བཞིན་ངེས་པར་གཟུང་བ་ཁོ་ནས་དྲོ་བར་གྱུར་པ་ལ་སོགས་

Vol. 143 · folio 168a

པ་དེ་དག་ནི་ཁམས་གསུམ་པའི་སྡུག་བསྔལ་ལ་སོགས་པ་ལ་དམིགས་པ་ཉིད་དུ་གྲུབ་པོ། །ཇི་ལྟ་ཞེ་ན། འདི་ལ་ཡུལ་འདོད་པར་གཏོགས་པ་ཁོ་ནའི་སྡུག་བསྔལ་ཡོད་པས་དེ་ནི་འདོད་པར་གཏོགས་པའི་སྡུག་བསྔལ་གྱི་ཡུལ་ཅན་ཡིན་ཏེ། བཟོད་པ་ཆེན་པོ་ཡིན་ནོ། །བཟོད་

པ་ཆེན་པོ་ཁོ་ནའོ་ཞེས་ངེས་པར་གཟུང་བའི་ཕྱིར་དྲོ་བར་གྱུར་པ་ལ་སོགས་པ་གཞན་ནི་ཁམས་གསུམ་པའི་སྡུག་བསྔལ་གྱི་བདེན་པ་ལ་དམིགས་པ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །གང་གི་ཚེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གང་གི་ཚེ་གཟུགས་དང་གཟུགས་མེད་པའི་གཉེན་པོ་ལ་སོགས་པ་ཞེས་བྱ་བ་ལ།

སོགས་པ་ཞེས་བྱ་བའི་སྒྲས་ནི་གཟུགས་དང་གཟུགས་མེད་པའི་འགོག་པ་དང་། ཀུན་འབྱུང་བ་དང་། སྡུག་བསྔལ་རྣམས་དང་འདོད་པ་ན་སྤྱོད་པའི་གཉེན་པོ་ལ་སོགས་པ་བསྡུའོ། །བདེན་པའི་རྣམ་པ་དམིགས་པ་རེ་རེ་ནས་ཕྲི་ནས་ཞེས་བྱ་བ་ནི་བདེན་པའི་རྣམ་པ་རེ་རེ་དང་བདེན་པའི་དམིགས་

པ་རེ་རེ་ནས་ཕྲི་ནས་གཟུགས་དང་གཟུགས་མེད་པའི་རྣམ་པ་འབྲི་བ་ནས་བཟུང་སྟེ། འདོད་པ་ན་སྤྱོད་པའི་སྡུག་བསྔལ་ཁོ་ན་ལ་སྐད་ཅིག་མ་གཉིས་སུ་ཡིད་ལ་བྱེད་པའི་བར་དེ་ཐམས་ཅད་ནི་བཟོད་པ་འབྲིང་ཡིན་ནོ། །ཇི་ལྟ་ཞེ་ན། རེ་ཞིག་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ལ་ལམ་དང་།

རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པ་སྟེ། རྣམ་པ་བཞི་པོ་འདི་དག་གིས་རྣམ་པ་གཏོད་པར་བྱེད་དོ། །དེའི་འོག་ཏུ་གཅིག་བོར་ནས་གསུམ་གྱིས་སོ། །དེའི་འོག་ཏུ་གཉིས་བོར་ནས་གཉིས་ཀྱིས་སོ། །དེའི་འོག་ཏུ་གཅིག་གིས་སོ། །དེ་ནས་ལམ་བོར་ནས་གཟུགས་དང་གཟུགས་

མེད་པའི་འགོག་པ་ལ་རང་གི་རྣམ་པ་བཞིས་རྣམ་པ་གཏོད་པར་བྱེད་དེ། དེའི་འོག་ཏུ་གསུམ་དང་གཉིས་དང་གཅིག་ཁོ་ནས་རྣམ་པ་གཏད་ནས་འགོག་པའི་བདེན་པ་དེ་ཡང་བོར་ཏེ་ཀུན་འབྱུང་བའི་བདེན་པ་ལ་རང་གི་རྣམ་པ་བཞི་དང་གསུམ་དང་གཉིས་དང་གཅིག་གིས་རྣམ་པ་གཏད་ནས་དེ་ཁོ་ན་བཞིན་

དུ་དེ་ཡང་བོར་ཏེ་སྡུག་བསྔལ་གྱི་བདེན་པ་ལ་རང་གི་རྣམ་པ་བཞི་ནས་གཅིག་གི་བར་གྱིས་རྣམ་པ་གཏད་ནས་བདེན་པ་དེ་ཡང་བོར་ཏེ། འདོད་པ་ན་སྤྱོད་པའི་གཉེན་པོ་ལ་རང་གི་རྣམ་པ་བཞི་དང་གསུམ་དང་གཉིས་དང་གཅིག་གིས་རྣམ་པ་གཏོད་པར་བྱེད་དོ། །དེ་ཡང་བོར་ཏེ་འདོད་པ་ན་སྤྱོད་པའི་

Vol. 143 · folio 168b

འགོག་པ་དང་། ཀུན་འབྱུང་བའི་བདེན་པ་དག་ལ་དེ་ཁོ་ན་བཞིན་དུ་རང་གི་རྣམ་པ་འབྲི་བའི་རིམ་པས་རྣམ་པ་གཏོད་པ་དང་དོར་བར་བྱས་ནས་འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་བདེན་པ་ལ་རྣམ་པ་བཞིས་རྣམ་པར་གཏོད་པར་བྱེད་དོ། །དེའི་འོག་ཏུ་གསུམ་གྱིས་སོ། །དེའི་འོག་ཏུ་གཉིས་ཀྱིས་

རྣམ་པ་གཏོད་པར་བྱེད་དོ། དེ་ལྟར་ན་དང་པོ་འབྲི་བ་ནས་བཟུང་སྟེ། སྐད་ཅིག་མ་དེ་ཐམས་ཅད་བཟོད་པ་འབྲིང་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་ལ་དམིགས་པ་ཉིད་སྐད་ཅིག་མ་གསུམ་པ་ལ་ནི་བཟོད་པ་ཆེན་པོ་ཡིན་ནོ། །དེ་ལ་དམིགས་པ་ཉིད་བཞི་པ་ལ་ནི་ཆོས་ཀྱི་མཆོག་ཡིན་ནོ། །བཟོད་པ་

ཆུང་ངུ་ནི་གང་སྔར་རྩེ་མོ་དག་གི་མཇུག་ཐོགས་སུ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱི་བདེན་པ་ནས་ལམ་གྱི་བདེན་པའི་བར་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་ལ་རང་རང་གི་རྣམ་པ་ཐམས་ཅད་ཀྱིས་མི་དབྲི་བར་ཡིད་ལ་བྱེད་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་རེ་ཞིག་ཁ་ཅིག་ནི་

དམིགས་པ་དབྲི་བ་རྣམ་པ་དབྲི་བ་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་དམིགས་པ་རྣམ་པ་རེ་རེ་ནས་ཕྲི་ནས་ཞེས་བྱ་བ་ནི་དེ་ལྟར་བདེན་པའི་རྣམ་པ་རེ་རེ་ནས་ཕྲི་བ་དང་དམིགས་པ་རེ་རེ་ནས་ཕྲི་ནས་ཞེས་བྱ་བ་ནི་གཟུང་བར་མི་བྱའོ། །འོ་ན་ཅི་ཞེ་ན། གཟུགས་དང་གཟུགས་མེད་པའི་

གཉེན་པོ་ལ་སོགས་པ་བདེན་པ་རེ་རེའི་རྣམ་པ་གང་དག་ཡིན་པ་དེ་དག་དམིགས་པ་ཕྲི་ནས་ཞེས་བྱ་བར་བཤད་པར་བྱའོ། །བཟོད་པ་འབྲིང་ནི་སྐད་ཅིག་མ་བརྒྱ་རྩ་བཅུ་དགུ་ཡིན་པར་བརྗོད་ན་དམིགས་པ་འབྲི་བ་རྣམ་པ་འབྲི་བ་སྔོན་དུ་འགྲོ་བ་ཅན་ཡིན་ན་ནི་སེམས་ཀྱི་སྐད་ཅིག་མ་མང་པོར་འཕྲོ་བར་འགྱུར་རོ། །

དེ་ཡང་རིགས་པ་མ་ཡིན་ཏེ། བདེན་པ་དག་ཡོད་བཞིན་དུ་རྣམ་པ་འདོར་བར་ནི་རུང་བ་མ་ཡིན་ནོ། །གང་གི་ཚེ་བདེན་པ་དག་བོར་བར་གྱུར་པ་དེའི་ཚེ་ནི་རྣམ་པ་འདོར་རོ་ཞེས་བྱ་བར་རིགས་སོ། །དེ་ལྟ་ཡིན་ན་སྔར་ནི་བདེན་པའི་དམིགས་པ་འབྲི་བར་བྱེད་ལ་ཕྱིས་ནི་རྣམ་པ་འབྲི་བར་བྱེད་དེ། ཡུལ་གྱི་གཞི་ནི་

བོར་ན་དེ་ལ་དམིགས་པ་འདོར་བར་རིགས་སོ། །སྡུག་བསྔལ་དང་ཀུན་འབྱུང་བ་དང་འགོག་པ་དང་ལམ་དག་ནི་མཉམ་པར་བཞག་པ་དང་མཉམ་པར་མ་བཞག་པ་སྟེ། བརྒྱད་དུ་རྣམ་པར་གཞག་ལ། དེ་དག་གི་རྣམ་པ་སུམ་ཅུ་རྩ་གཉིས་ཡིན་ནོ་ཞེས་ཟེར་རོ། །ད་ནི་རིགས་པ་གཞན་འདི་ཉེ་བར་བསྟན་

Vol. 143 · folio 169a

པར་བྱ་སྟེ། ཇི་ལྟར་བྱས་པས་ཤེ་ན། གང་གི་ཚེ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་རྣམ་པ་བཞིས་ཡིད་ལ་བྱེད་པ་ནས་དེ་བཞིན་དུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་གཉེན་པོ་ལ་རྣམ་པ་བཞིས་ཡིད་ལ་བྱེད་པའི་བར་འདི་ནི་བཟོད་པ་ཆུང་ངུ་ཡིན་ནོ། །གང་གི་ཚེ་གཟུགས་

དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་གཉེན་པོ་བོར་ཏེ། འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་རྣམ་པ་བཞིས་ཡིད་ལ་བྱེད་པ་ནས་དེ་བཞིན་དུ་འདོད་པ་ན་སྤྱོད་པའི་འདུ་བྱེད་རྣམས་ཀྱི་གཉེན་པོའི་བར་ལ་རྣམ་པ་བཞིས་ཡིད་ལ་བྱེད་པ་དེ་ནས་བཟུང་སྟེ། བཟོད་པ་འབྲིང་བརྩམས་པ་ཡིན་ནོ། །དེ་ལ་

གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་གཉེན་པོ་བོར་ནས་སེམས་ཀྱི་སྐད་ཅིག་མ་ཉི་ཤུ་རྩ་བརྒྱད་ཡིན་ནོ། །འདོད་པ་ན་སྤྱོད་པའི་འདུ་བྱེད་ཀྱི་གཉེན་པོ་བོར་ན་ཉི་ཤུ་རྩ་བཞིའོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་འདུ་བྱེད་ཀྱི་འགོག་པ་བོར་ན་ཉི་ཤུའོ། །འདོད་པ་ན་སྤྱོད་པའི་འགོག་

པ་བོར་ན་བཅུ་དྲུག་གོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཀུན་འབྱུང་བ་བོར་ན་བཅུ་གཉིས་སོ། །འདོད་པ་ན་སྤྱོད་པའི་ཀུན་འབྱུང་བ་བོར་ན་བརྒྱད་དོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་བོར་ན་བཞི་སྟེ། འདོད་པ་ན་སྤྱོད་པའི་སྡུག་བསྔལ་རྣམ་པ་བཞིས་ཡིད་ལ་

བྱེད་པས་དེ་དག་ནི་འདིའི་རྣམ་པ་བཞི་ཡིན་ནོ། །རྣལ་འབྱོར་སྤྱོད་པ་དེ་ཡང་རྣམ་པ་གཉིས་ཏེ། ལྟ་བ་སྤྱད་པ་དང་། སྲེད་པ་སྤྱད་པའོ། །ལྟ་བ་སྤྱད་པ་ཡང་རྣམ་པ་གཉིས་ཏེ། བདག་ཏུ་ལྟ་བ་སྤྱད་པ་དང་། བདག་གིར་ལྟ་བ་སྤྱད་པའོ། །དེ་ལ་བདག་ཏུ་ལྟ་བ་སྤྱད་པ་གང་ཡིན་པ་དེ་ནི་བདག་མེད་པའི་རྣམ་

པས་ངེས་པ་ལ་འཇུག་གོ། །བདག་གིར་ལྟ་བ་སྤྱད་པ་གང་ཡིན་པ་དེ་ནི་སྟོང་པའི་རྣམ་པས་སོ། །སྲེད་པ་སྤྱད་པ་ཡང་རྣམ་པ་གཉིས་ཏེ་ངའོ་སྙམ་པའི་ང་རྒྱལ་གྱིས་ཉམས་པ་དང་། ལེ་ལོ་ལྷག་པ་ཅན་ནོ། །དེ་ལ་ངའོ་སྙམ་པའི་ང་རྒྱལ་གྱིས་ཉམས་པ་གང་ཡིན་པ་དེ་ནི་མི་རྟག་པའི་རྣམ་པས་ངེས་པ་ལ་འཇུག་

གོ། །ལེ་ལོ་ལྷག་པ་ཅན་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་རྣམ་པས་སོ། །དེ་ལ་རྣལ་འབྱོར་སྤྱོད་པ་བདག་ཏུ་ལྟ་བ་སྤྱད་པ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་རྣམ་པ་གཅིག་བོར་ནས་རྣམ་པ་གསུམ་གྱིས་ཡིད་ལ་བྱེད་དོ། །དེའི་འོག་ཏུ་སྟོང་པ་དང་བདག་མེད་པའི་རྣམ་པ་གཉིས་ཀྱིས་སོ། །དེའི་འོག་ཏུ་

Vol. 143 · folio 169b

སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་སྡུག་བསྔལ་ལ་ཆོས་ཤེས་པ་དང་འདྲ་བས་བདག་མེད་པའི་རྣམ་པ་གཅིག་པུ་ལ་ལན་གཉིས་སུ་མངོན་སུམ་དུ་བྱེད་དེ། དེ་ལྟར་ན་བཟོད་པ་འབྲིང་དེ་ནི་སེམས་ཀྱི་སྐད་ཅིག་མ་བརྒྱ་རྩ་བཅུ་དགུ་ཡིན་པར་འགྱུར་རོ། །བདག་གིར་མོས་པ་ཡང་དེ་དང་འདྲ་སྟེ། དེ་ནི་སྟོང་

པ་དང་། བདག་མེད་པའི་རྣམ་པ་དག་གིས་རྣམ་པ་གཏད་ནས་སྟོང་པ་ཉིད་ཀྱི་རྣམ་པ་ལན་གཉིས་སུ་མངོན་དུ་བྱེད་དེ། དེ་ལྟར་ན་བཟོད་པ་འབྲིང་དེ་ནི་སྐད་ཅིག་མ་བརྒྱ་རྩ་བཅུ་དགུ་ཡིན་ནོ། །དེ་བཞིན་དུ་སྲེད་པ་སྤྱད་པ་རྣམ་པ་གཉིས་པོ་ངའོ་སྙམ་པའི་ང་རྒྱལ་གྱིས་ཉམས་པ་དང་། ལེ་ལོ་ལྷག་པ་ཅན་ཡང་

བརྗོད་པར་བྱའོ། །བཟོད་པ་ཆེན་པོ་ནི་སྐད་ཅིག་མ་གཅིག་ཁོ་ན་ཡིན་ཏེ། དེ་ནི་གང་ཟག་གིས་ཇི་ལྟར་སྤྱད་པ་བཞིན་དུ་མི་རྟག་པའི་རྣམ་པའམ། སྡུག་བསྔལ་གྱི་རྣམ་པའམ། སྟོང་པའི་རྣམ་པའམ། བདག་མེད་པའི་རྣམ་པ་དང་མཚུངས་པར་ལྡན་པ་ཡིན་ནོ། །ཡང་ཅིའི་ཕྱིར་བདེན་པའི་

རྣམ་པ་དམིགས་པ་རེ་རེ་ནས་འབྲི་བར་བྱེད་ཅེ་ན། ཁམས་གསུམ་པ་ལ་སུན་འབྱིན་པར་བྱེད་པ་དེས་དང་པོར་ནི་གཉེན་པོ་མཐའ་དག་ལ་དམིགས་སོ། །ཕྱིས་ནི་འདོད་པའི་ཁམས་དང་པོར་སྤང་བར་བྱ་བ་དང་། ཡོངས་སུ་ཤེས་པར་བྱ་བ་ཡིན་པའི་ཕྱིར་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ཁོ་ན་ལ་

དམིགས་པ་ཡིན་ནོ། །དེའི་རྩལ་གྱིས་ལམ་འདྲེན་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྔོན་ཟག་པ་མེད་པའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་མེད་པར་ཆོས་ཀྱི་མཆོག་གི་རྩལ་གྱིས་ལམ་གྱི་བདེན་པ་འདྲེན་པར་བྱེད་པའི་ཕྱིར་ཆོས་ཀྱི་མཆོག་རྣམས་ནི་འཇིག་རྟེན་པ་ཀུན་གྱི་ནང་ན་མཆོག་ཉིད་ཡིན་པར་ཤེས་

སོ། །ཐམས་ཅད་ཕུང་པོ་ལྔ། འཁོར་དང་བཅས་ཏེ་སྨོས་པའི་ཕྱིར་རོ་ཞེས་བྱ་བ་ནི་དྲོ་བར་གྱུར་པ་ལ་སོགས་པ་མཉམ་པར་གཞག་པའི་ས་པ་ཡིན་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པའི་མཚན་ཉིད་ཀྱི་གཟུགས་ཀྱི་ཕུང་པོ་ཡོད་པས་འཁོར་དང་བཅས་ཏེ་སྨོས་པའི་ཕྱིར་དྲོ་བར་གྱུར་པ་ལ་སོགས་པ་

ནི་ཕུང་པོ་ལྔ་ཡིན་ཏེ། འཁོར་དང་བཅས་པ་ཡིན་པར་གཟུང་ངོ་། །འཕགས་པ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འཕགས་པ་ལ་ཐོབ་པ་མངོན་སུམ་དུ་གྱུར་པས་འབྲས་བུ་ཐོབ་པ་ན། དྲོ་བར་གྱུར་པ་ལ་སོགས་པ་སྦྱོར་བར་གྱུར་པ་རྣམས་མངོན་སུམ་དུ་འགྱུར་དུ་འོང་བས་ཐོབ་པ་རྣམས་ནི་དྲོ་བར་

Vol. 143 · folio 170a

གྱུར་པ་ལ་སོགས་པས་མ་བསྡུས་ཏེ། སྦྱོར་བའི་འབྲས་བུ་ཐོབ་ཟིན་པའི་འཕགས་པ་མངོན་དུ་བྱེད་པར་ནི་རིགས་པ་མ་ཡིན་ནོ། །བདེན་པ་གསུམ་ལ་དམིགས་པའི་དྲོ་བར་གྱུར་པ་རྣམ་པ་གཏོད་པ་ལ་ཞེས་བྱ་བ་ནི་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། ལམ་ལ་དམིགས་

པའི་དྲོ་བར་གྱུར་པ་རྣམ་པ་གཏོད་པ་ལ། ཆོས་དྲན་པ་ཉེ་བར་གཞག་པ་ད་ལྟར་བྱུང་བ་ཡིན་ཏེ། དང་པོ་འབད་པས་བསྐྱེད་པར་བྱ་བའི་རྣམ་པ་གཏོད་པ་ལ་ནི་སྤྱི་ལ་དམིགས་པ་ཉིད་ཀྱིས་ཆོས་དྲན་པ་ཉེ་བར་གཞག་པ་ཁོ་ནས་གཏོད་པར་ནུས་པའི་ཕྱིར་རོ། །སོ་སོར་ངེས་པ་ལ་དམིགས་པའི་ཕྱིར་ལུས་

དྲན་པ་ཉེ་བར་གཞག་པ་ལ་སོགས་པས་ནི་མི་ནུས་སོ། །མ་འོངས་པ་ནི་བཞི་ཆར་འཐོབ་པོ་ཞེས་བྱ་བ་ནི་གང་གི་ཕྱིར་དྲན་པ་ཉེ་བར་གཞག་པས་ནི་ལུས་དང་ཚོར་བ་ལ་སོགས་པ་སྡུག་བསྔལ་གྱི་བདེན་པ་ལ་སོགས་པས་བསྡུས་པ་ཡང་བསྡུས་ལ། ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡང་སྔར་ཐོབ་

པ་ཡིན་པ་དེའི་ཕྱིར་བཞི་ཆར་ཡང་འཐོབ་སྟེ། ཐོབ་པ་སྐྱེ་བའི་ཕྱིར་རོ། །འགོག་པའི་བདེན་པ་ལ་དམིགས་པ་ལ་ནི་དེ་ཁོ་ན་གཉི་ག་ཡིན་ནོ་ཞེས་བྱ་བ་ནི་འགོག་པའི་བདེན་པ་ལ་དམིགས་པའི་དྲོ་བར་འགྱུར་བ་རྣམ་པ་གཏོད་པ་ལ་ནི་ཆོས་དྲན་པ་ཉེ་བར་གཞག་པ་ད་ལྟར་བྱུང་བ་ཡིན་ཞིང་དེ་ཁོ་ན་མ་

འོངས་པ་འཐོབ་ཀྱི། ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ནི་མ་ཡིན་ཏེ། འགོག་པའི་བདེན་པ་ལ་ལུས་ལ་སོགས་པ་མེད་པའི་ཕྱིར་རོ། །རྣམ་པ་དག་ནི་ཐམས་ཅད་དུ་འདྲ་བ་ཡིན་ནོ་ཞེས་བྱ་བ་ནི་བདེན་པ་གསུམ་ལ་དམིགས་པ་དང་། འགོག་པ་ལ་དམིགས་པའི་དྲོ་བར་གྱུར་པའི་རྣམ་པ་གཏོད་

པ་ལ་ཡང་རྣམ་པ་དག་ནི་འདྲ་བ་ཁོ་ན་འཐོབ་སྟེ། སྡུག་བསྔལ་གྱི་བདེན་པ་ལ་དམིགས་པ་ལ་ཡང་སྡུག་བསྔལ་གྱི་བདེན་པའི་རྣམ་པ་བཞི་ཁོ་ན་འཐོབ་ཀྱི་ཀུན་འབྱུང་བའི་བདེན་པ་ལ་སོགས་པའི་རྣམ་པ་ནི་མ་ཡིན་ནོ། །ཀུན་འབྱུང་བའི་བདེན་པ་ལ་དམིགས་པ་ལ་ཡང་ཀུན་འབྱུང་བའི་བདེན་པའི་

རྣམ་པ་བཞི་ཁོ་ན་འཐོབ་ཀྱི་གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བདེན་པ་གསུམ་ལ་དམིགས་པ་རྣམ་པར་འཕེལ་བ་ལ་ནི་ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བཞི་ལས་གང་ཡང་རུང་བ་ཞིག་ད་ལྟར་བྱུང་བ་ཡིན་ནོ། །འགོག་པ་ལ་དམིགས་པ་དེ་ཁོ་ན་ལ་ནི་ཐ་མ་ད་

Vol. 143 · folio 170b

ལྟར་བྱུང་བ་ཡིན་ནོ། །གཉི་ག་ལ་ཡང་མ་འོངས་པ་ནི་བཞི་ཆར་རོ། །རྣམ་པ་ནི་བཅུ་དྲུག་པོ་ཐམས་ཅད་ཀྱང་འཐོབ་བོ། །ཅིའི་ཕྱིར་ཞེ་ན། རིགས་རྣམས་ཐོབ་ཟིན་པའི་ཕྱིར་ཏེ། ཅི་རིགས་པར་བདེན་པ་བཞི་ལ་དམིགས་པ་ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་རིགས་རྣམས་ཐོབ་ཟིན་པའི་

ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རྩེ་མོ་བདེན་པ་བཞི་ལ་དམིགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། རྩེ་མོ་རྣམ་པ་གཏོད་པར་བྱེད་པ་ལ་ནི་ཐམས་ཅད་ལ་ཡང་ཆོས་དྲན་པ་ཉེ་བར་གཞག་པ་ཁོ་ན་ད་ལྟར་བྱུང་བ་ཡིན་ཏེ། ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པས་ནི་རྣམ་པ་གཏོད་པ་མི་

ནུས་པའི་ཕྱིར་རོ། །འགོག་པ་ལ་དམིགས་པ་འཕེལ་བ་ཡང་ཐ་མ་ཆོས་དྲན་པ་ཉེ་བར་གཞག་པ་ད་ལྟར་བྱུང་བ་ཡིན་ཏེ། གཞན་དག་ནི་མ་ཡིན་པའི་ཕྱིར་རོ། །བདེན་པ་གསུམ་ལ་དམིགས་པ་རྣམ་པར་འཕེལ་བ་ལ་ནི་བཞི་ལས་གང་ཡང་རུང་བ་ཞིག་ད་ལྟར་བྱུང་བ་ཡིན་ནོ། །ཐམས་ཅད་དུ་ཡང་

མ་འོངས་པ་ནི་བཞི་ཆར་རོ། །དེ་དག་གི་རིགས་ཐོབ་ཟིན་པའི་ཕྱིར་རྣམ་པ་ཡང་ཐམས་ཅད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །བཟོད་པ་རྣམས་ནི་ཐམས་ཅད་དུ་ཐ་མ་ཡིན་ལ་ཞེས་བྱ་བ་ནི་རྣམ་པ་གཏོད་པ་དང་རྣམ་པར་འཕེལ་བ་ཡང་ཐ་མ་ཆོས་དྲན་པ་ཉེ་བར་གཞག་པ་ད་ལྟར་བྱུང་བ་ཡིན་ཏེ།

འདི་ལྟར་བཟོད་པ་ནི་ཐམས་ཅད་ཆོས་ཀྱིས་འཕེལ་བར་བྱེད་ཅེས་བཤད་དོ། །ཆོས་ཀྱི་མཆོག་དག་ནི་ཐ་མ་ཡིན་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་དག་མངོན་སུམ་དུ་བྱེད་པ་ལ་ནི་ཐ་མ་ཆོས་དྲན་པ་ཉེ་བར་གཞག་པ་ད་ལྟར་བྱུང་བ་ཡིན་ནོ། །མ་འོངས་པ་ནི་མི་སྐྱེ་བའི་ཆོས་ཅན་ཁོ་ན་བཞི་ཆར་འཐོབ་པོ། །

རྣམ་པ་བཞི་ཁོ་ན་སྟེ་ཞེས་བྱ་བ་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའི་བདག་ཉིད་ཀྱི་རྣམ་པ་དག་གོ། །གཞན་མེད་པའི་ཕྱིར་ཞེས་བྱ་བ་ནི་འདི་ལྟར་ཆོས་ཀྱི་མཆོག་ལ་ཀུན་འབྱུང་བ་ལ་སོགས་པའི་རྣམ་པ་གཞན་ནི་མེད་དེ། སྡུག་བསྔལ་ཙམ་ལ་

དམིགས་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཆོས་ཀྱི་མཆོག་གི་ངོ་བོ་ཉིད་མ་ཡིན་པ་ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་མངོན་དུ་མ་གྱུར་ཀྱང་ཆོས་ཀྱི་མཆོག་ཀུན་དུ་འབྱུང་བའི་གནས་སྐབས་ན། ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་མ་འོངས་པ་ཐོབ་པ་དེ་བཞིན་དུ་ཆོས་ཀྱི་མཆོག་གི་

Vol. 143 · folio 171a

ངོ་བོ་ཉིད་མ་ཡིན་པ་ཀུན་འབྱུང་བ་ལ་སོགས་པའི་རྣམ་པ་ཀུན་དུ་མི་འབྱུང་ཡང་ཀུན་འབྱུང་བ་ལ་སོགས་པའི་རྣམ་པ་མ་འོངས་པ་ཐོབ་པར་གོ་ཅི་སྟེ་མི་འདོད་ཅེ་ན། དེའི་ཕྱིར་མཐོང་བའི་ལམ་དང་འདྲ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་གྱི་རྣམ་པ་བཞི་ཁོ་ན་འཐོབ་བོ། །ཅིའི་

ཕྱིར་ཞེ་ན། མཐོང་བའི་ལམ་དང་འདྲ་བའི་ཕྱིར་ཏེ། མཐོང་བའི་ལམ་ལ་ནི་བདེན་པ་གང་ཞིག་མཐོང་བར་འགྱུར་བ་དེའི་རྣམ་པ་དག་ཁོ་ན་འཐོབ་ལ། ཆོས་ཀྱི་མཆོག་རྣམས་ཀྱང་མཐོང་བའི་ལམ་དང་འདྲ་བས་སོ། །ཡང་ཉེ་བའི་ཕྱིར་འདི་དག་མཐོང་བའི་ལམ་དང་འདྲ་བ་ཅི་ཞིག་ཡོད་ཅེ་ན། དེ་

ཁོ་ན་བཞིན་དུ་དང་པོར་འདོད་པ་ན་སྤྱོད་པའི་སྡུག་བསྔལ་ལ་དམིགས་པ་ཉིད་ཡིན་ནོ། །ཡང་ན་ས་མཚུངས་པ་ཉིད་ཡིན་ཏེ། འདི་ལྟར་མཐོང་བའི་ལམ་གྱི་དབང་དུ་བྱས་ནས། དེ་ནི་ཆོས་མཆོག་དང་ས་གཅིག་ཅེས་འཆད་པར་འགྱུར་རོ། །ཡང་ན་ཆོས་ཀྱི་མཆོག་རྣམས་ནི་སོ་སོའི་སྐྱེ་བོ་ཉིད་

འཇོམས་པར་བྱེད་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་བར་ཆད་མེད་པའི་ལམ་ལྟ་བུར་གྱུར་པ་ཡིན་ནོ། །དེ་ལྟར་ན་འདི་དག་ནི་མཐོང་བའི་ལམ་དང་འདྲ་བ་ཡིན་ཏེ། བར་ཆད་མེད་པའི་ལམ་རྣམས་ནི་རྣམ་པར་གྲོལ་བའི་ལམ་དག་དང་འདྲ་བས་སོ། །ངེས་པར་འབྱེད་པས་ན་ཞེས་བྱ་བ་རྒྱས་

པར་འབྱུང་བ་ལ། ཇི་ལྟར་ངེས་པར་འབྱེད་པ་ཡིན་ཞེ་ན། སྨྲས་པ། དེས་ཐེ་ཚོམ་སྤང་བའི་ཕྱིར་ཏེ། བདེན་པ་རྣམས་ལ་འདི་ནི་སྡུག་བསྔལ་ལོ་ཞེས་བྱ་བ་ནས་འདི་ནི་ལམ་མོ་ཞེས་བྱ་བའི་བར་དུ་གཏན་ལ་ཕབ་ནས་རྣམ་པར་འབྱེད་པའི་ཕྱིར་ངེས་པར་འབྱེད་པ་སྟེ། འཕགས་པའི་ལམ་ཡིན་ནོ། །དེའི་

ཆ་ནི་མཐོང་བའི་ལམ་གྱི་ཕྱོགས་གཅིག་ཡིན་ཏེ། དེ་འདྲེན་པར་བྱེད་པ་ཉིད་ཀྱིས་ཏེ། སྐྱེད་པར་བྱེད་པ་ཉིད་ཀྱིས་ཕན་འདོགས་པའི་ཕྱིར་རོ། །དེས་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཞེས་བྱ་བ་ཡིན་ནོ། །མི་ལྕོགས་མེད་པ་དང་། ཁྱད་པར་བསམ་གཏན་ས་པའོ། །ཞེས་བྱ་བ་ནི་འདི་ལ་མི་

ལྕོགས་པ་མེད་པ་དང་ཁྱད་པར་ཅན་དང་བསམ་གཏན་གྱི་ས་དག་ཡོད་པས་ན། མི་ལྕོགས་པ་མེད་པ་དང་། ཁྱད་པར་བསམ་གཏན་ས་པའོ། །གོང་ན་ནི་མེད་དོ་ཞེས་བྱ་བ་ནི་མཐོང་བའི་ལམ་གྱི་འཁོར་ཡིན་པའི་ཕྱིར་གཟུགས་མེད་པ་དག་ན་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མེད་དེ།

Vol. 143 · folio 171b

མཐོང་བའི་ལམ་གྱི་སྦྱོར་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་མེད་པ་ནི་འདོད་པའི་ཁམས་ལ་དམིགས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། དེ་མེད་པ་ཞེས་བྱ་བ་ནི་མཐོང་བའི་ལམ་དེ་མེད་པའོ། །གང་ཞེ་ན། གོང་ན་ཞེས་བྱ་བར་སྦྱར་ཏེ། གཟུགས་མེད་པ་ན་ཞེས་བྱ་བའི་ཐ་ཚིག་གོ། །

ཅིའི་ཕྱིར་ཞེ་ན། འདོད་པའི་ཁམས་ལ་དམིགས་པ་ཡིན་པའི་ཕྱིར་ཏེ། འདི་ལྟར་གཟུགས་མེད་པ་དག་ནི་འདོད་པའི་ཁམས་ལ་མི་དམིགས་པ་ཡིན་ནོ། །སྨྲས་པ། མཐོང་བའི་ལམ་འདོད་པའི་ཁམས་ལ་དམིགས་པ་ཅིར་དགོས་ཤེ་ན། དེའི་ཕྱིར། དེ་ཡང་སྔར་ཡོངས་སུ་ཤེས་པར་བྱ་ཞིང་སྤང་བར་བྱ་བ་ཡིན་

པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདོད་པའི་ཁམས་དེའི་སྡུག་བསྔལ་གྱི་ངོ་བོ་ནི་སྔར་ཡོངས་སུ་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ། །ཀུན་འབྱུང་བའི་ངོ་བོ་ནི་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །འདི་ལ་གཏན་ཚིགས་ནི་ཚིག་འདི་ལྟར་རྣལ་འབྱོར་པ་དེ་ནི་འདོད་པ་ན་སྤྱོད་པའི་སྡུག་བསྔལ་གྱིས་རྣམ་པར་

གནོད་པར་བྱས་པས་དེས་ན་དེ་དང་པོར་དེ་ལས་ཐར་པ་ཚོལ་བར་བྱེད་དོ། །དེ་དག་གི་རྣམ་པར་སྨིན་པ་ནི་གཟུགས་ཀྱི་ཁམས་ཀྱི་ཕུང་པོ་ལྔ་ཡིན་ནོ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དེ་དག་ནི་གཟུགས་ན་སྤྱོད་པ་ཡིན་པའི་ཕྱིར་གལ་ཏེ་རྣལ་འབྱོར་པ་དེ་གཟུགས་ཀྱི་ཁམས་སུ་སྐྱེ་ན། དེའི་རྣམ་

པར་སྨིན་པ་དེར་ཕུང་པོ་ལྔ་མངོན་པར་འགྲུབ་པར་འགྱུར་རོ། །དེ་དག་ཀྱང་ཡིད་དུ་འོང་བ་མྱོང་བར་འགྱུར་བ་སྐྱེད་པའི་ཕྱིར་ཡོངས་སུ་རྫོགས་པར་བྱེད་པ་དག་ཁོ་ན་ཡིན་གྱི་རིས་མཐུན་པ་འཕེལ་བར་བྱེད་པ་དག་ནི་མ་ཡིན་ཏེ། སྲིད་པའི་གཉེན་པོ་ཡིན་པའི་ཕྱིར་ཏེ། མི་རྟག་པ་ལ་སོགས་པའི་རྣམ་

པས་སུན་འབྱིན་པས་སོ། །གཉིས་ནི་ཞེས་བྱ་བས་ནི་དྲོ་བར་གྱུར་པ་དང་། རྩེ་མོའི་ངོ་བོ་ཉིད་དག་གོ། །འདོད་རྟེན་ཞེས་བྱ་བ་ནི་འདི་ལྟར་འདི་ཁོ་ནར་བདེན་པ་མངོན་པར་རྟོགས་ཀྱི་ཁམས་གཞན་དུ་ནི་མ་ཡིན་པ་དང་། གོང་ན་མཐོང་ལམ་མེད། །མི་སྐྱོ་ལུང་ལས་འདི་རྩོམ་ཞིང་། །དེར་མཐར་ཕྱིན་

ཅེས་འབྱུང་ཕྱིར་རོ། །ཞེས་བྱ་བའི་ཕྱིར་རོ། །གླིང་གསུམ་དུ་ཞེས་བྱ་བ་ནི་བྱང་གི་སྒྲ་མི་སྙན་མ་གཏོགས་པར་ཞེས་བྱ་བར་རྣམ་པར་བཤད་པར་བྱ་སྟེ། བྱང་གི་སྒྲ་མི་སྙན་པ་རྣམས་ནི་དབང་པོ་རྟུལ་བའི་ཕྱིར་རོ། །ལྷ་དག་གི་ནང་དུ་མངོན་སུམ་དུ་བྱེད་དོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་གང་དག་

Vol. 143 · folio 172a

གི་ནང་དུའོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པ་ནི་ལྷ་དག་གི་ནང་དུ་སྐྱེད་པར་ཡང་བྱེད་དོ་ཞེས་བྱ་བ་ནི་དེ་དག་ཁོ་ནའི་ནང་དུ་སྟེ། གཞན་དུ་ནི་མ་ཡིན་ནོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་གསུམ་ནི་ཆོས་ཀྱི་མཆོག་དག་མ་གཏོགས་པའོ། །ཚེ་འདི་ཉིད་ལ་སྐྱེས་པ་

དང་བུད་མེད་ཀྱི་དབང་པོ་གྱུར་ན། སྐྱེས་པ་དང་བུད་མེད་རྣམས་ཀྱིས་གཉི་གའི་རྟེན་ཅན་ཏེ། སྐྱེས་པ་དང་བུད་མེད་ཀྱི་རྟེན་ཅན་དག་འཐོབ་པོ། །བུད་མེད་རྣམས་ཀྱིས་འདི་དག་བསྐྱེད་ནས་ཚེ་གཞན་དུ་བུད་མེད་ཀྱི་ལུས་སུ་སྐྱེས་ན་བུད་མེད་ཀྱི་རྟེན་ཅན་དག་མངོན་དུ་བྱེད་དོ། །ཚེ་གཞན་དུ་སྐྱེས་པར་སྐྱེས་ན་ནི་

སྐྱེས་པའི་རྟེན་ཅན་དག་མངོན་དུ་བྱེད་དེ། དེ་དག་ཐོབ་པའི་བུད་མེད་རྣམས་ཚེ་གཞན་དུ་མོའི་ལུས་སུ་མི་སྐྱེ་བ་ནི་མ་ཡིན་ནོ། །སྐྱེས་པ་རྣམས་ཀྱང་དེ་བཞིན་དུ་ཚེ་གཞན་དུ་མོའི་ལུས་སུ་གྱུར་ན་ནི་མོའི་རྟེན་ཅན་དག་མངོན་དུ་བྱེད་ལ། ཕོའི་ལུས་སུ་གྱུར་ན་ནི་ཕོའི་རྟེན་ཅན་དག་མངོན་དུ་བྱེད་དོ། །ཆོས་ཀྱི་མཆོག་

རྣམས་ཀྱི་དབང་དུ་བྱས་ནས། ཆོས་མཆོག་བུད་མེད་ཀྱིས། གཉི་གའི་རྟེན་ཅན་ཐོབ་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། བུད་མེད་ཁོ་ནས་ཆོས་ཀྱི་མཆོག་གཉི་གའི་རྟེན་ཅན་ཐོབ་ཀྱི། སྐྱེས་པས་ནི་མ་ཡིན་ནོ། །འདི་ལྟར་དེ་དག་ཐོབ་ནས་བུད་མེད་ཀྱི་རྟེན་ཅན་དེའི་ཚེ་ན་ཡོད་པ་དེ་དག་དང་ལྡན་པ་ཡིན་

གྱི། ཚེ་གཞན་དུ་བརྗེས་ན་ནི་འདོད་པའི་ཁམས་སུ་སྐྱེས་པའི་ལུས་སུ་སྐྱེས་ན་ཡང་སྐྱེས་པ་དེ་སྐྱེས་པའི་རྟེན་ཅན་དག་དང་ལྡན་ནོ། །སྐྱེས་པས་ནི་སྐྱེས་པའི་རྟེན་ཅན་འབའ་ཞིག་ཐོབ་བོ། །ཅིའི་ཕྱིར་ཞེ་ན། བུད་མེད་ཉིད་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ།

ཚེ་དེ་ཉིད་ལ་ཚེ་རབས་གཞན་དུ་ཡང་བུད་མེད་ཉིད་དུ་འགྱུར་བ་མེད་པ་ཞེས་བྱ་བ་དེའི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་འཐོབ་པོ། །གང་ཞིག་ཆོས་ཀྱི་མཆོག་དག་སྐྱེད་པར་བྱེད་པ་དེས་ན་གདོན་མི་ཟ་བར་མཇུག་ཐོགས་སུ་མཐོང་བའི་ལམ་སྐྱེད་པར་བྱེད་ལ། བདེན་པ་མཐོང་བ་ཡང་བུད་མེད་ཉིད་དུ་

སྐྱེ་བ་མེད་དོ་ཞེས་བྱ་བ་ནི་གྲུབ་མཐའ་ཡིན་ནོ། །ས་བོར་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་འཕགས་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བསམ་གཏན་དང་པོའི་ས་པ་ནས་བསམ་གཏན་བཞི་པའི་ས་པའི་བར་ས་གང་དག་ཐོབ་པར་གྱུར་པའི་བསམ་གཏན་དང་པོ་ནས་བསམ་གཏན་བཞི་

Vol. 143 · folio 172b

པའི་བར་གྱིས་དེ་དག་འདོར་བ་ན་བདག་ཉིད་ཇི་ལྟ་བ་བཞིན་བསམ་གཏན་དང་པོའི་ས་པ་ནས་བསམ་གཏན་བཞི་པའི་ས་པའི་བར་དེ་དག་ཀྱང་སྟོང་གི་གཞན་དུ་ནི་མ་ཡིན་ཏེ། སོ་སོའི་སྐྱེ་བོ་ལྟར་འཆི་བའམ་ཉམས་པས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ས་འདོར་བ་ནི་ས་འཕོས་པའི་ཕྱིར་རོ་ཞེས་བྱ་

བ་ནི་འདོད་ཆགས་དང་བྲལ་བའི་སྒོ་ནས་ནི་མ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །སོ་སོའི་སྐྱེ་བོ་ནི་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ནི་ས་འཕོ་ཡང་རུང་མི་འཕོ་ཡང་རུང་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་རིས་མཐུན་པ་བཏང་བ་ཁོ་ནས་གཏོང་ངོ་། །འདི་ལྟར་སོ་སོའི་སྐྱེ་བོ་ནི་ས་གང་བའི་ངེས་པར་འབྱེད་པའི་

ཆ་དང་མཐུན་པ་དག་ཐོབ་པ་དེའི་གོང་དུ་སྐྱེ་བ་ནི་དེ་དག་གི་ས་འཕོ་བ་ན་འཆི་བས་འདོར་རོ། །འདོད་ཆགས་དང་མ་བྲལ་བ་ནི་ས་འཕོ་བ་མེད་པར་འཆི་བར་གཏོང་སྟེ་འདོད་པའི་ཁམས་ཉིད་དུ་སྐྱེའོ། །འཕགས་པའི་གང་ཟག་ནི་དེ་ལྟ་མ་ཡིན་ཏེ། དེའི་དགེ་བའི་རྩ་བའི་རྒྱུད་ནི་མཐོང་བའི་ལམ་གྱིས་ཉེ་

བར་སྤེལ་བའི་ཕྱིར་རོ། །སོ་སོའི་སྐྱེ་བོ་ཁོ་ན་དེ་ལྟར་གཏོང་ངོ་ཞེས་བྱ་བར་ཇི་ལྟར་ཤེས་ཤེ་ན། བསྟན་བཅོས་ལས་སྒོ་ང་དང་། ནུར་ནུར་པོ་ལ་སོགས་པར་གྱུར་པའི་སོ་སོའི་སྐྱེ་བོ་ནི་ལུས་དང་ལྡན་གྱི་ལུས་ཀྱི་ལས་དང་ནི་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །སློབ་དཔོན་དབྱིག་བཤེས་ན་རེ་ནི་སོ་སོའི་སྐྱེ་བོ་

ནི་ས་འཕོ་བ་ཡང་རུང་མི་འཕོ་བ་ཡང་རུང་སྟེ་རིས་མཐུན་པ་ཁོ་ནས་གཏོང་ངོ་ཞེས་བྱ་བ་འདིར་ས་སྨོས་པར་བསམ་གཏན་མཐའ་དག་གཟུང་སྟེ། དེ་ལ་གང་གི་ཚེ་སོ་སོའི་སྐྱེ་བོ་ཚངས་རིས་པ་དག་ནས་ཤི་འཕོས་ཏེ། ཚངས་པའི་མདུན་ན་འདོན་དག་གི་ནང་དུ་སྐྱེ་བ་དེའི་ཚེ་རིས་མཐུན་པ་བཏང་བས་གཏོང་ངོ་། །

གང་གི་ཚེ་བསམ་གཏན་དང་པོ་ནས་ཤི་འཕོས་ནས་བསམ་གཏན་གཉིས་པར་སྐྱེས་པ་དེའི་ཚེ་ནི་ས་བོར་བ་དང་རིས་མཐུན་པ་བཏང་བ་དག་གིས་གཏོང་ངོ་ཞེས་ཟེར་རོ། །དེ་ནི་ཚངས་པའི་འཇིག་རྟེན་དུ་སྐྱེས་པའི་སོ་སོའི་སྐྱེ་བོ་རྣམས་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མེད་པའི་ཕྱིར་རིགས་པ་མ་ཡིན་ཏེ། ངེས་

པར་འབྱེད་པའི་ཆ་དང་མཐུན་པ་དག་ནི་འདོད་པའི་ཁམས་སུ་སྐྱེད་པར་བྱེད་ལ། འདོད་པའི་ཁམས་ནས་འཆི་འཕོ་བ་ཉིད་ཀྱིས་དེ་དག་གི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གཏོང་བས་སོ། །འདི་ནི་སློབ་དཔོན་འདུས་བཟང་གིས་ཀྱང་བསྟན་ཏེ། སོ་སོའི་སྐྱེ་བོ་ཡང་ས་གང་བའི་ངེས་པར་འབྱེད་པའི་ཆ་དང་

Vol. 143 · folio 173a

མཐུན་པ་ཐོབ་པ་དེ་ནས་གོང་དུ་སྐྱེ་བའི་ཚེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་འདོར་བ་མ་ཡིན་ནམ་ཞེ་ན། དེ་ནི་མེད་དེ། རིས་མཐུན་པ་བཏང་བ་ཁོ་ནས་བོར་བའི་ཕྱིར་རོ། །འཆི་བའི་སྲིད་པ་ལ་གནས་པས་དེ་དག་འདོར་བས་སྲིད་པ་བར་མ་ལ་གནས་པས་བོར་ཟིན་ཏེ། དེའི་གོང་དུ་

སྐྱེ་བ་ན་འདོར་བར་གྱུར་པ་གང་ཡིན་པ་དེ་ནི་མེད་པས་འཆི་བ་ཁོ་ནས་ཞེས་བཤད་དོ་ཞེས་བྱ་བ་ཡིན་ནོ། །སོ་སོར་ཐར་པའི་སྡོམ་པ་བཞིན་དུ་ཞེས་བྱ་བ་ནི་དཔེར་ན་སོ་སོར་ཐར་པའི་སྡོམ་པ་བཏང་བ་ཕྱིས་ལེན་པ་ན་སྔོན་གྱི་མ་ཡིན་པ་ཐོབ་པ་དང་འདྲའོ། །ཅིའི་ཕྱིར་ཞེ་ན། མ་འདྲིས་པ་དང་འབད་དེ་བསྒྲུབ་པར་བྱ་བ་ཡིན་

པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། མ་འདྲིས་པའི་ཕྱིར་དང་། འབད་དེ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །གོང་གི་ཕྱིར་ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་འདྲིས་པ་མ་ཡིན་པའི་ཕྱིར་འདོད་ཆགས་དང་བྲལ་བས་འཐོབ་པ་མ་ཡིན་ནོ། །གང་གི་ཕྱིར་འབད་པས་བསྒྲུབ་པར་བྱ་བ་ཡིན་པ་དེའི་ཕྱིར་སྔུན་

བཏང་བ་དག་མི་འཐོབ་པོ། །མཚམས་སྟོན་པར་བྱེད་པ་ཞིག་ཡོད་ན་ནི་ཞེས་བྱ་བ་ལ། མཚམས་ནི་བར་མཚམས་སོ། །སྟོན་པར་བྱེད་པ་ནི་སྟོན་པ་པོ་སྟེ། སྨོན་ནས་ཤེས་པ་འཐོབ་པའོ། །དེ་ཡོད་ན་ཐོབ་སྟེ་ཉམས་པའི་གོང་མ་སྐྱེད་པར་བྱེད་དེ་མ་བསྐྱེད་པ་གང་ཡིན་པ་སྐྱེད་པར་བྱེད་དོ་ཞེས་བྱ་བའི་

དོན་ཏོ། །མཚམས་སྟོན་པར་བྱེད་པ་མེད་ན་ནི་བཞི་ཁོ་ནས་སྐྱེད་པར་བྱེད་དེ་དྲོ་བར་གྱུར་པ་ནས་བརྩམས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་ཉམས་པ་དང་ཡོངས་སུ་ཉམས་པ་འདི་དག་གི་ཞེས་བྱ་བ་ནི། འཕགས་པས་དེ་དག་ས་བོར་ནས། །གཏོང་ངོ་ཞེས་འབྱུང་བས་རྣམ་པར་ཉམས་པ་ཡང་བཤད་

ལ། དང་པོ་གཉིས་ཡོངས་ཉམས་པས་ཀྱང་། །ཞེས་འབྱུང་བས་ཡོངས་སུ་ཉམས་པ་ཡང་བཤད་དེ། དེའི་ཕྱིར་འདི་དག་གི་ཞེས་བྱ་བ་སྟོན་ཏོ། །ཉམས་པ་གཉིས་ཞེས་བྱ་བ་ནི་རྣམ་པར་ཉམས་པ་དང་ཡོངས་སུ་ཉམས་པ་དག་གི་སྤྱིའི་ངོ་བོ་ཡོངས་སུ་བཟུང་བས་གཉི་ག་སྨོས་པ་ཡིན་ནོ། །ཡོངས་སུ་

ཉམས་པ་ནི་ཉེས་པས་བྱས་པ་ཡིན་གྱི་ཞེས་བྱ་བ་ནི་ཉོན་མོངས་པས་བྱས་པ་ཡིན་གྱི་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་ཉམས་པ་ནི་གདོན་མི་ཟ་བ་མ་ཡིན་ནོ་ཞེས་བྱ་བ་དེ་ནི་ཉེས་པས་བྱས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཡོན་ཏན་གྱིས་བྱས་པ་ཡང་ཡིན་ནོ། །དེ་ལ་ཡོན་ཏན་གྱིས་བྱས་པ་ནི་འདི་ལྟ་སྟེ་མཐོང་བའི་

Vol. 143 · folio 173b

ལམ་སྐྱེས་ན་སོ་སོའི་སྐྱེ་བོ་ཉིད་རྣམ་པར་ཉམས་པ་ལྟ་བུའོ། །ཉེས་པས་བྱས་པ་ནི་འདི་ལྟ་སྟེ། ལོག་པར་ལྟ་བས་དགེ་བའི་རྩ་བ་རྣམ་པར་ཉམས་པ་ལྟ་བུའོ། །ཡང་ན་ཉིང་མཚམས་སྦྱོར་བའི་སེམས་ཀྱིས་ཆོས་ཁ་ཅིག་རྣམ་པར་ཉམས་པ་ལྟ་བུའོ། །དེ་ལྟ་ན་ཡོངས་སུ་ཉམས་པ་གང་ཡིན་པ་དེ་ནི་

རྣམ་པར་ཉམས་པ་ཡང་ཡིན་ནོ། །རྣམ་པར་ཉམས་པ་གང་ཡིན་པ་དེ་ནི་གདོན་མི་ཟ་བར་ཡོངས་སུ་ཉམས་པ་མ་ཡིན་ཏེ། ཡོངས་སུ་ཉམས་པ་ནི་ཡོན་ཏན་གྱི་ཁྱད་པར་དག་ཁོ་ན་ལས་ཡོངས་སུ་ཉམས་པས་སོ། །མི་སྐྱེ་བའི་ཆོས་ཉིད་འཐོབ་སྟེ་ཞེས་བྱ་བ་ནི་འགྲོ་བ་ལ་སོགས་པ་དེ་དག་གི་སོ་སོར་

བརྟགས་པ་མ་ཡིན་པས་འགོག་པ་འཐོབ་སྟེ་ཞེས་བྱ་བའི་དོན་ཏོ། །དེ་དག་ཅི་རིགས་པར་ཏེ་ཞེས་བྱ་བ་ནི་མི་སྐྱེ་བའི་ཆོས་ཉིད་དེ་དེ་དག་ནི་ཇི་ལྟར་འོས་འོས་སུ་བཟོད་པ་ཆུང་ངུ་དང་ཆེན་པོའི་ཚེ་འཐོབ་པོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་བྱས་པས་ཤེ་ན། བཟོད་པ་ཆུང་ངུའི་ཚེ་ནི་ངན་སོང་གི་འགྲོ་བ་

རྣམས་ཀྱི་མི་སྐྱེ་བའི་ཆོས་ཉིད་འཐོབ་པོ། །ཆེན་པོའི་ཚེ་ནི་སྒོ་ང་ལས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་དག་གིའོ། །ཆུང་ངུའི་ཚེ་ནི་འདུ་ཤེས་མེད་པའི་སེམས་ཅན་དང་། བྱང་གི་སྒྲ་མི་སྙན་དང་། ཚངས་པ་ཆེན་པོར་སྐྱེ་བ་རྣམས་ཀྱིའོ། །ཆེན་པོའི་ཚེ་ནི་ཟ་མ་དང་མ་ནིང་དང་མཚན་གཉིས་

པའི་ལུས་རྣམས་ཀྱིའོ། །ཆེན་པོ་ཉིད་ཀྱི་ཚེ་ནི་སྲིད་པ་བརྒྱད་པ་ལ་སོགས་པ་སྟེ། སྲིད་པ་བརྒྱད་པ་ལ་སོགས་པ་དང་། དགུ་པ་ལ་སོགས་པ་དང་། མཐོང་བས་སྤང་བར་བྱ་བའི་མི་སྐྱེ་བའི་ཆོས་ཉིད་འཐོབ་པོ། །རིགས་དེ་ཉིད་ཅེས་བྱ་བ་ནི་སློབ་དཔོན་གྱི་གཞུང་ལུགས་ཡིན་ཏེ། བཟོད་པས་

ཡོངས་སུ་བསྒོས་པའི་ཉན་ཐོས་ཀྱི་རིགས་ཏེ། དེ་ནི་བཟོད་པས་ཡོངས་སུ་བསྒོས་པ་ཉིད་ཀྱིས་བཟློག་ཏུ་མི་རུང་བའི་ཕྱིར་རོ་སྙམ་དུ་བསམས་པའོ། །གཞན་གསུམ་ཡང་ཞེས་བྱ་བ་ནི་རང་སངས་རྒྱས་སུ་ནི་ཉན་ཐོས་ཀྱི་རིགས་ལས་བཟོད་པ་ཡང་བཟློག་ནས་འགྱུར་ཏེ། དེ་དག་ནི་གཞན་གྱི་དོན་དུ་

ངན་སོང་དུ་མི་འགྲོ་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཏིང་ངེ་འཛིན་མི་གཡོ་བ་དང་། གསལ་བའི་ཕྱིར་ཞེས་བྱ་བ་ནི་སྐྱོན་བརྒྱད་ལས་གྲོལ་བའི་ཕྱིར་ཏིང་ངེ་འཛིན་མི་གཡོ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རམ་དབང་པོ་རྣོན་པོའི་ཕྱིར་གསལ་ཞིང་སྦྱངས་པ་ཡིན་ནོ། །གང་དག་གི་ལྟར་ན་

Vol. 143 · folio 174a

བསེ་རུ་ལྟ་བུ་ལས་གཞན་པའི་རང་སངས་རྒྱས་ཡོད་པར་འདོད་པ་ཞེས་བྱ་བ་ནི་ཆོས་མངོན་པ་པ་གང་དག་གི་གཞུང་ལུགས་ཀྱིས་བསེ་རུ་ལྟ་བུ་ལས་གཞན་པའི་རང་སངས་རྒྱས་ཀྱང་ཡོད་པར་འདོད་པ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཙམ་བསྐྱེད་པ་ཚོགས་ཤིང་སྤྱོད་པའི་

རང་སངས་རྒྱས་སོ་སྙམ་དུ་བསམས་པ་ཡིན་ནོ། །དེ་དག་གི་ལྟར་ན་དེའི་རིགས་དྲོ་བར་གྱུར་པ་དང་། རྩེ་མོ་རྣམས་ནི་ཟློག་པར་དགག་པ་མེད་དེ། བསེ་རུ་ལྟ་བུ་ཁོ་ན་དམིགས་ཀྱིས་བཀར་བའི་ཕྱིར་རོ། །མྱུར་བ་སྲིད་པ་གསུམ་གྱིས་ཐར། །ཞེས་བྱ་བ་ནི་གང་ཞིག་ཐར་པ་མྱུར་བར་ཐོབ་པ་དེ་ཚེ་གཅིག་ལ་ནི་ཐར་

པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེད་པར་བྱེད་དོ། །གཉིས་པ་ལ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་སོ། །གསུམ་པ་ལ་ནི་འཕགས་པའི་ལམ་མོ། །གང་ཞིག་ཚེ་སྔ་མ་ལ་ཐར་པའི་ཆ་དང་མཐུན་པའི་ཚོགས་བསགས་པ་དེ་ནི་ཚེ་གཅིག་ཁོ་ན་ལ་ཡང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་

རྣམས་དང་། འཕགས་པའི་ལམ་སྐྱེད་པར་བྱེད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ས་བོན་འདེབས་པ་དང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ནི་ས་བོན་འདེབས་པ་ལྟ་བུའི་ཐར་པའི་ཆ་དང་མཐུན་པ་སྐྱེ་བ་ཡིན་ནོ། །འབྲུ་སྐྱེ་བ་ལྟ་བུ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྐྱེ་བ་ཡིན་ནོ། །འབྲས་

བུ་ཆགས་པ་ལྟ་བུ་ནི་འཕགས་པའི་ལམ་ཡིན་ནོ། །ཆོས་ཉིད་འདི་ལ་ཞེས་བྱ་བ་ནི་གསུང་རབ་ཀྱི་ཆོས་ཉིད་ལའོ། །འཇུག་པ་དང་ཡོངས་སུ་སྨིན་པ་དང་རྣམ་པར་གྲོལ་བར་འགྱུར་ཞེས་བྱ་བ་ནི་དོན་གྱི་དངོས་ཡིན་ཏེ། འཇུག་པ་ནི་ཐར་པའི་ཆ་དང་མཐུན་པས་སོ། །ཡོངས་སུ་སྨིན་པ་ནི་ངེས་པར་འབྱེད་པའི་

ཆ་དང་མཐུན་པ་རྣམས་ཀྱིས་སོ། །རྣམ་པར་གྲོལ་བ་ནི་འཕགས་པའི་ལམ་གྱིས་སོ། །དེའི་སྨོན་ལམ་གྱིས་ཡོངས་སུ་བཟུང་བའི་ཕྱིར་ཞེས་བྱ་བ་ནི་ཡིད་ཀྱི་སྨོན་ལམ་གྱིས་ཡོངས་སུ་བཟུང་བའི་ཕྱིར་ཏེ། སྨོན་ལམ་ནི་སེམས་པའི་ཁྱད་པར་ཡིན་ནོ། །ཟས་འགའ་ཙམ་བྱིན་ནས་ཞེས་བྱ་བ་ནི་ལུས་ཀྱི་ལས་ཡིན་ནོ། །

བསླབ་པ་འགའ་ཙམ་ཡང་མནོས་ནས་ཞེས་བྱ་བ་ནི་ངག་གི་ལས་ཡིན་ཏེ། དེ་དག་ཀྱང་ཡིད་ཀྱི་ལས་ཀྱི་ཀུན་ནས་བསླང་བས་ལས་གསུམ་གྱི་རང་བཞིན་ཡིན་ནོ། །འདི་ནི་ཆུང་ངུ་ཟིན་ཀྱང་ཐར་པ་འདོད་པའི་སྟོབས་སྐྱེད་པ་ལས་ཐར་པའི་ཆ་དང་མཐུན་པའི་འཕེན་པར་འགྱུར་རོ། །ཐར་པའི་ཆ་ནི་ཐར་པའི་ཆ་སྟེ་

Vol. 143 · folio 174b

ཐར་པ་འཐོབ་པ་ཡིན་ནོ། །དེ་ལ་ཕན་པ་ནི་ཐར་པའི་ཆ་དང་མཐུན་པ་ཞེས་བྱའོ། །གཞན་ནས་ནི་མ་ཡིན་ཏེ། ཅི་རིགས་པར་ཤེས་རབ་དང་། སྐྱོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རེ་ཞིག་སྒྲ་མི་སྙན་དག་ན་ནི་གཉི་ག་མེད་དོ། །ངན་སོང་དག་ན་ནི་སྐྱོ་བ་ཡོད་ལ་ཤེས་རབ་མེད་དོ། །ལྷ་དག་གི་ནང་ན་ནི་སྐྱོ་བ་

མེད་ལ་ཤེས་རབ་ཡོད་དེ། དེའི་ཕྱིར་མི་རྣམས་ཀྱི་ནང་ཁོ་ན་དང་གླིང་གསུམ་ནས་འཕེན་གྱི་གཞན་ནས་ནི་མ་ཡིན་ནོ། །མངོན་པར་རྟོགས་པའི་རིམ་པར་བཤད་པར་བརྩམས་པ་ཞེས་བྱ་བ་ནི། ཚུལ་གནས་ཐོས་དང་བསམ་ལྡན་པ། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་བྱ་བ་ནས་བརྩམས་ཏེ། ངེས་པར་

འབྱེད་པའི་ཆ་དང་མཐུན་པའི་གོ་རིམས་དང་། དེའི་ཞར་ལ་ཐར་པའི་ཆ་དང་མཐུན་པ་ཉེ་བར་བཀོད་པ་ཡིན་ནོ། །ཆོས་ཀྱི་བཟོད་པ་ཟག་པ་མེད། །ཅེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཀྱིས་ཀྱང་ཆོས་ལ་བཟོད་པས་དེའི་ཕྱིར་རྒྱུ་མཐུན་པས་ཁྱད་པར་དུ་བྱ་སྟེ། གང་གི་རྒྱུ་མཐུན་པ་ཆོས་

ཤེས་པ་ཡིན་པ་དེ་ནི་ཆོས་ཤེས་པའི་བཟོད་པ་ཡིན་ནོ། །ཆོས་ཤེས་པའི་ཕྱིར་བཟོད་པ་ནི་ཆོས་ཤེས་པའི་བཟོད་པ་སྟེ། མེ་ཏོག་དང་འབྲས་བུའི་ཤིང་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་མེ་ཏོག་གི་ཆེད་ཀྱི་ཤིང་ལ་མེ་ཏོག་གི་ཤིང་ཞེས་བྱ་བ་དང་། འབྲས་བུའི་ཆེད་ཀྱི་ཤིང་ལ་འབྲས་བུའི་ཤིང་ཞེས་བྱ་བ་

དང་འདྲའོ། །ཚིག་ལེའུར་བྱས་པ་ལས་ཆོས་ཀྱི་བཟོད་པ་ཞེས་སྨོས་པ་ནི་ཕྱོགས་གཅིག་སྨོས་པའི་ཕྱིར་ཏེ། དཔེར་ན་ལྷས་བྱིན་ལ་ལྷས་བྱིན་ཞེས་བྱ་བ་དང་འདྲའོ། །ཡང་དག་པ་ཉིད་ནི་མདོ་ལས་མྱ་ངན་ལས་འདས་པ་ཡིན་པར་བཤད་དོ་ཞེས་བྱ་བ་ནི་ཡང་དག་པ་ཉིད་གང་ཞེ་ན། གང་ཞིག་འདོད་

ཆགས་ཡོངས་སུ་གཏུགས་ཏེ། སྤངས་པ་དེ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་ངེས་པ་ནི་ངེས་པ་སྟེ་ཞེས་བྱ་བ་ནི་ཡང་དག་པ་ཉིད་དེར་ངེས་ཤིང་གཅིག་ཏུ་གྱུར་པ་ནི་ངེས་པ་ཞེས་བྱའོ། །དེར་འཇུག་པ་ནི་མངོན་པར་འགྲོ་བ་སྟེ་ཞེས་བྱ་བ་ནི་གཅིག་ཏུ་གྱུར་པ་དེར་འཇུག་པ་ནི་ཕྱིན་པ་སྟེ། དེ་ལྟར་

ན་ཕྱིན་ཅི་མ་ལོག་པར་འཇུག་པའི་ཕྱིར་ངེས་པར་འཇུག་པ་ཞེས་བྱའོ། །དེ་སྐྱེས་ན་ཞེས་བྱ་བ་ནི་ཆོས་ཤེས་པ་ལ་བཟོད་པའོ། །མར་མེ་དང་སྐྱེ་བ་བཞིན་ནོ་ཞེས་བྱ་བ་ནི་མར་མེ་བཞིན་དང་། སྐྱེ་བ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་མར་མེ་མ་འོངས་པ་མུན་པ་བསལ་བར་ནུས་པ་དང་། སྐྱེ་བ་

Vol. 143 · folio 175a

མ་འོངས་པ་བསྐྱེད་པར་བྱ་བ་སྐྱེད་པར་ནུས་པ་དེ་བཞིན་དུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་མ་འོངས་པས་ཀྱང་སོ་སོའི་སྐྱེ་བོ་ཉིད་བཟློག་པར་ནུས་པར་ཁས་ལེན་གྱི་བྱེད་པ་གཞན་ཉོན་མོངས་པ་སྤོང་བ་ནི་མ་ཡིན་ནོ། །གཞན་དག་ན་རེ་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ཀྱིས་བཟློག་གོ་

ཞེས་ཟེར་རོ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་ཉིད་ཟློག་པར་བྱེད་དོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །མ་ཡིན་ཏེ་དེའི་ཆོས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ཀྱིས་དེ་ཟློག་པར་བྱེད་དོ་ཞེས་བྱ་བ་དེ་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་དེ་དག་སོ་སོའི་སྐྱེ་བོའི་ཆོས་ཡིན་ནོ་སོ་སོའི་སྐྱེ་བོའི་

ཆོས་ཀྱིས་སོ་སོའི་སྐྱེ་བོ་ཆོས་ཇི་ལྟར་བཟློག་པར་འགྱུར། དེ་དང་འགལ་བའི་ཕྱིར་ཉེས་པ་མེད་དོ་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་རྣམས་ནི་སོ་སོའི་སྐྱེ་བ་ཉིད་དང་འགལ་བའི་ཕྱིར་དེ་ནི་ཉེས་པ་མེད་དོ། །དཔེར་ན་ཅི་དང་འདྲ་ཞེ་ན། དགྲ་བོའི་ཕྲག་པ་ལ་ཞོན་ནས་དེ་ལ་འཚོག་པ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ།

དཔེར་ན་འགའ་ཞིག་གིས་དགྲ་བོའི་ཕྲག་པ་ལ་ཞོན་ལ་དགྲ་བོ་ཉིད་ལ་འཚོག་པར་བྱེད་པ་དེ་བཞིན་དུ་ཆོས་ཀྱི་མཆོག་རྣམས་ཀྱིས་ཀྱང་དགྲ་བོ་སོ་སོའི་སྐྱེ་བོ་ཉིད་ཀྱི་ཕྲག་པ་ལ་ཞོན་ཏེ། སོ་སོའི་སྐྱེ་བོ་ཉིད་དེ་ཁོ་ན་ལ་འཇོམས་པར་བྱེད་དོ་ཞེས་གྲག་གོ། །གཞན་དག་ན་རེ་གཉི་གས་ཟློག་སྟེ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་

ཉིད་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་དང་། བཟོད་པས་ཀྱང་ཟློག་གོ་ཞེའོ། །ཇི་ལྟ་ཞེ་ན། བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་དང་ཆོས་མཐུན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ནི་བར་ཆད་མེད་པའི་ལམ་དང་ཆོས་མཐུན་པ་ཡིན་ནོ། །བཟོད་པ་ནི་

རྣམ་པར་གྲོལ་བའི་ལམ་དང་ཆོས་མཐུན་པ་ཡིན་ཏེ། དཔེར་ན་བར་ཆད་མེད་པའི་ལམ་གྱིས་ཉོན་མོངས་པ་སྤོང་བར་བྱེད་ལ་རྣམ་པར་གྲོལ་བའི་ལམ་གྱིས་སྤངས་པ་དེ་བཞིན་དུ་འཇིག་རྟེན་པའི་ཆོས་ཀྱི་མཆོག་རྣམས་ཀྱིས་སོ་སོའི་སྐྱེ་བོ་ཉིད་རྣམ་པར་ཉམས་པར་བྱེད་ལ་བཟོད་པས་རྣམ་པར་ཉམས་པ་

ཡིན་ནོ། །དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱའོ་ཞེས་བྱ་བ་ནི་བསྟན་བཅོས་ལས་མིང་དེས་ཐ་སྙད་འདོགས་སོ་ཞེས་བྱ་བར་སྟོན་ཏེ། ཐམས་ཅད་དུ་ཡང་ཟག་པ་མེད་པའི་སྐབས་ཡིན་ཞེས་བྱ་བ་ནི་དེའི་ཕྱིར། དེ་ནས་ནི་དེ་ཉིད་ལ་ཆོས་ཤེས་ཞེས་བྱ་བ་ཟག་པ་མེད་པར་ཞེས་བྱ་བར་མངོན་ནོ། །

Vol. 143 · folio 175b

སྤྱི་ལ་དམིགས་པ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་ལ་དམིགས་པའི་ཕྱིར་རོ། །དང་པོ་ཉིད་དུ་ཆོས་ཀྱི་དེ་ཁོ་ན་ཉིད་ཤེས་པའི་ཕྱིར་ཞེས་བྱ་བ་ནི་དང་པོ་སྡུག་བསྔལ་ལ་སོགས་པའི་ཆོས་ཀྱི་དེ་ཁོ་ན་ཉིད་ཤེས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེའི་རྒྱུ་ལས་བྱུང་བའི་ཕྱིར་

ཞེས་བྱ་བ་ནི་དེའི་རྒྱུ་ཅན་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་ལྟར་ཆོས་ཤེས་པས་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་སྡུག་བསྔལ་ལ་སོགས་པའི་རྣམ་པར་རྟོགས་ཤིང་ཡོངས་སུ་ཤེས་པ་ཁོ་ན་བཞིན་དུ་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་ལ་སོགས་

པ་ཡང་རྟོགས་པའི་ཕྱིར་རྗེས་སུ་ཤེས་པ་ཡིན་ནོ། །དེ་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་དེ་བཞིན་དུ་མཇུག་ཐོགས་སུ་སྐྱེ་བའི་རིམ་གྱིས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཀུན་འབྱུང་ལྷག་མ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་ཞེས་བྱ་བ་རྒྱས་པར་སྦྱར་བར་བྱའོ། །སྡེ་པ་གཞན་ཞེས་བྱ་བ་ནི་

འཕགས་པ་ཆོས་སྲུང་བའི་སྡེ་པ་ལ་སོགས་པའོ། །བྱེ་བྲག་མེད་པར་ནི་མངོན་པར་རྟོགས་པ་ཞེས་བྱའོ་ཞེས་བྱ་བ་ནི། དེ་ལྟར་བདེན་པ་མངོན་རྟོགས་འདི། །སེམས་བཅུ་དྲུག་གོ་ཞེས་བྱ་བ་མཐོང་བའི་མངོན་པར་རྟོགས་པ་དང་། དམིགས་པའི་མངོན་པར་རྟོགས་པ་དང་། བྱ་བའི་མངོན་པར་རྟོགས་

པ་ཡིན་ཏེ། དེ་ལྟར་ན་སེམས་བཅུ་དྲུག་ཅེས་བྱ་བ་ནི་བྱེ་བྲག་མེད་པ་ཡིན་ནོ། །མཐོང་བའི་མངོན་པར་རྟོགས་པ་ཞེས་བྱ་བ་ནི་མཐོང་བ་ཉིད་མངོན་པར་རྟོགས་པ་ཡིན་ཏེ་དམིགས་པའི་མངོན་པར་རྟོགས་པ་དང་། བྱ་བའི་མངོན་པར་རྟོགས་པ་ཡང་དེ་དང་འདྲའོ། །མཐོང་བའི་མངོན་པར་རྟོགས་པ་ནི་ཟག་

པ་མེད་པའི་ཤེས་རབ་ཀྱིས་ཞེས་བྱ་བ་ནི། དགེ་སློང་དག་ཟག་པ་མེད་པའི་ཤེས་རབ་ཀྱིས་མཐོང་བ་གང་ཡིན་པ་དེ་ནི་མཐོང་བའོ་ཞེས་འབྱུང་བས་ཤེས་རབ་ཉིད་མཐོང་བ་ཡིན་ནོ་ཞེས་བྱ་བར་རྣམ་པར་གཞག་གོ། །དམིགས་པ་ཞེས་བྱ་བ་སྨོས་པ་ནི་དེ་དང་མཚུངས་པར་ལྡན་པ་ཚོར་བ་ལ་སོགས་པས་ཀྱང་

མངོན་པར་རྟོགས་པ་ཡིན་ནོ། །ཀྱང་ཞེས་བྱ་བའི་སྒྲས་ནི་ཤེས་རབ་ཀྱིས་ཀྱང་ཡིན་ཏེ། འདི་ལྟར་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་བདེན་པ་དག་ལ་དམིགས་པར་བྱེད་དོ། །བྱ་བ་ནི་བདེན་པ་གང་ཞིག་ལ་བྱ་བ་གང་ཡིན་པ་སྟེ། འདི་ལྟ་སྟེ་སྡུག་བསྔལ་ལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་

Vol. 143 · folio 176a

བ་ལ་སྤང་བ་དང་། འགོག་པ་ལ་མངོན་སུམ་དུ་བྱ་བ་དང་། ལམ་ལ་བསྒོམ་པའོ། །དེ་དང་ལྡན་པ་མ་ཡིན་པ་ཚུལ་ཁྲིམས་དང་། སྐྱེ་བ་ལ་སོགས་པས་ཀྱང་མངོན་པར་རྟོགས་པའོ་ཞེས་བྱ་བ་ལ། ཀྱང་ཞེས་བྱ་བའི་སྒྲས་ནི་ཤེས་རབ་དང་མཚུངས་པར་ལྡན་པ་དག་གིས་ཀྱང་

ཡིན་ཏེ། བྱ་བ་བཞི་པོ་ནི་ཤེས་རབ་དང་མཚུངས་པར་ལྡན་པ་དང་། ལྡན་པ་མ་ཡིན་པ་རྣམས་ཀྱིས་བྱེད་པས་སོ། །སྐྱེ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་མཚན་ཉིད་གཞན་དང་ཐོབ་པ་རྣམས་ཀྱང་བསྡུའོ། །སྡུག་བསྔལ་མཐོང་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཤེས་རབ་

ཀྱིས་སྡུག་བསྔལ་མཐོང་ན་མངོན་པར་རྟོགས་པ་པོའམ། སྡུག་བསྔལ་དེའི་མངོན་པར་རྟོགས་པ་ནི་ཇི་སྐད་བཤད་པ་གསུམ་མོ། །ཀུན་འབྱུང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ནི་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་རྣམས་ཀྱི་ནི་བྱ་བའི་མངོན་པར་རྟོགས་པ་ཡིན་ཏེ། སྤོང་བ་དང་

མངོན་སུམ་དུ་བྱེད་པ་དང་། བསྒོམ་པའི་ཕྱིར་རོ། །གོ་རིམས་བཞིན་དུ་ཀུན་འབྱུང་བ་ནི་སྤོང་བ་སྟེ། ཉོན་མོངས་པའི་ཐོབ་པ་ཆད་པའི་ཕྱིར་རོ། །འགོག་པ་ནི་མངོན་སུམ་དུ་བྱེད་དེ། ཐོབ་པ་སྐྱེད་པའི་ཕྱིར་རོ། །ལམ་ནི་བསྒོམ་སྟེ། མངོན་སུམ་དུ་བྱེད་པའི་ཕྱིར་རོ། །རྣམ་པ་ཐ་དད་པའི་

ཕྱིར་ཞེས་བྱ་བ་ནི་སྡུག་བསྔལ་ལ་སོགས་པ་འདི་དག་གི་རྣམ་པ་ནི་རེ་རེ་ཞིང་ཐ་དད་པའི་ཕྱིར་ཏེ། དེ་དག་གི་རྣམ་པའི་ཐ་དད་པས་ཀུན་འབྱུང་བ་ལ་སོགས་པ་སྡུག་བསྔལ་གྱི་རྣམ་པར་མཐོང་བ་ནི་རུང་བ་མ་ཡིན་ནོ། །འོན་ཏེ་སྡེ་པ་གཞན་དག་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་སྟོང་པ་ཉིད་དང་བདག་

མེད་པ་དག་ཉིད་ཡིན་ཞེས་ཏེ། བདེན་པ་ཐམས་ཅད་བདག་མེད་པའི་རྣམ་པར་མཐོང་ངོ་ཞེས་ཟེར་ན་ནི་འོ་ན་ནི་བདེན་པ་རྣམས། སྡུག་བསྔལ་བ་དང་ཀུན་འབྱུང་བ་དང་། འགོག་པ་དང་ལམ་ཞེས་བྱ་བ་ལྟ་བུར་སྡུག་བསྔལ་ལ་སོགས་པར་མཐོང་བར་མི་འགྱུར་རོ། །དེ་ལྟ་ཡིན་ན་ནི་ཐམས་ཅད་བདག་

མེད་པའི་རྣམ་པར་མཐོང་ངོ་ཞེས་སྨྲ་བ་མདོ་དང་འགལ་ཏེ། འདི་ལྟར་མདོ་ལས་ནི་འདི་སྐད་དུ། འཕགས་པ་ཉན་ཐོས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འོན་ཏེ་མདོ་དང་འགལ་བ་མེད་དེ། འདི་ལྟར་འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་པའམ་ཞེས་བྱ་བ་ལ་སོགས་

Vol. 143 · folio 176b

པ་འབྱུང་བ་ནི་མངོན་པར་རྟོགས་པའི་གནས་སྐབས་ཀྱི་སྔོན་རོལ་སྦྱོར་བའི་གནས་སྐབས་ན་ཡིན་ནོ། །དེའི་ཕྱིར་ཐམས་ཅད་བདག་མེད་པའི་རྣམ་པར་མཐོང་བའི་ཕྱིར་མངོན་པར་རྟོགས་པ་ནི་གཅིག་ཁོ་ན་ཡིན་ནོ་སྙམ་དུ་སེམས་ན། ཟག་པ་མེད་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པའི་

ཆོས་རྣམས་རྣམ་པར་འབྱེད་པ་གང་ཡིན་པ་ཞེས་འབྱུང་བའི་ཕྱིར་དེ་ཡང་རུང་བ་མ་ཡིན་ཏེ། སྦྱོར་བའི་གནས་སྐབས་ན་ནི་ཟག་པ་མེད་པའི་ཡིད་ལ་བྱེད་པ་མི་སྲིད་དོ། །གལ་ཏེ་འཕགས་པ་ཉན་ཐོས་སྡུག་བསྔལ་ལ་སྡུག་བསྔལ་དུ་ཡིད་ལ་བྱེད་པ་འམ་ཞེས་བྱ་བ་རྒྱས་པར་འབྱུང་བ་གང་ཡིན་པ་དེ་ལྟ་བུ་

ནི་བསྒོམ་པའི་ལམ་ལ་ཡིན་ནོ་ཞེ་ན་མ་ཡིན་ཏེ། ཇི་ལྟར་མཐོང་བ་བཞིན་བསྒོམ་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ནི་དེ་ལྟ་མ་ཡིན་ཏེ། ཇི་ལྟར་བདེན་པ་རྣམས་སྔར་མཐོང་བ་ཁོ་ན་བཞིན་དུ་ཕྱིས་དེ་དག་བསྒོམ་སྟེ། བསྒོམ་པའི་ལམ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་མ་རྣམས་ལ་དབང་ཐོབ་པའི་

ཕྱིར་ཞེས་བྱ་བ་ལ། དབང་ཐོབ་པ་ནི་སྦྱོར་བ་མེད་པར་ཀུན་འབྱུང་བ་ལ་སོགས་པར་མཐོང་བ་མངོན་སུམ་དུ་འགྱུར་བའི་མཐུ་འཐོབ་པ་སྟེ་དེའི་ཕྱིར་རོ། །བར་སྐབས་སུ་ལྡང་བ་ཡོད་དམ་མེད་ཅེས་དཔྱད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་ལྷག་མ་རྣམས་ལ་དབང་ཐོབ་པའི་ཕྱིར་བར་སྐབས་སུ་ལྡང་བར་འགྱུར་བས་

ཉེས་པར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །གཉི་ག་ལྟར་རྣམ་པར་དཔྱད་ན་ཡང་མདོ་སྡེ་མང་པོ་དང་འགལ་ཏེ། དེ་དག་དང་ཇི་ལྟར་འགལ་བ་དེ་ལྟ་བུ་ནི་ལུང་ལས་མཉན་པར་བྱའོ། །གཅིག་མཐོང་ན་ལྷག་མ་རྣམས་བྱ་བའི་མངོན་པར་རྟོགས་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་གང་གི་ཕྱིར་

འདི་སྐད་དུ་སྡུག་བསྔལ་མཐོང་ན་དེའི་མངོན་པར་རྟོགས་པ་ནི་གསུམ་མོ། །ཀུན་འབྱུང་བ་ལ་སོགས་པ་ནི་བྱ་བའི་མངོན་པར་རྟོགས་པ་ཡིན་ཏེ། སྤོང་བ་དང་མངོན་སུམ་དུ་བྱེད་པ་དང་བསྒོམ་པའི་ཕྱིར་རོ་ཞེས་འབྱུང་བ་དེ་ཡོད་པའི་ཕྱིར་ཁོ་བོ་ཅག་ཀྱང་དེ་ལྟར་ཁས་ལེན་པས་ཉེས་པ་མེད་དོ། །སྨྲས་

པ། གལ་ཏེ་ཁས་ལེན་པས་དེ་ལྟར་མངོན་པར་རྟོགས་པ་ཡིན་ན་མདོ་ལས་བདེན་པ་རྣམས་རིམ་གྱིས་མངོན་པར་རྟོགས་པར་འབྱུང་བ་དང་འགལ་ལོ་ཞེ་ན། དེའི་ཕྱིར་མདོ་ལས་མཐོང་བའི་མངོན་པར་རྟོགས་པའི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་སོ། །དཔེ་དང་བཅས་པའི་མདོ་གསུམ་ཁུངས་སུ་ཡོད་

Vol. 143 · folio 177a

དོ་ཞེས་བྱ་བ་ནི་ཡང་དག་པར་ལྡན་པའི་མདོ་ལས་འབྱུང་བ་ཡིན་ནོ། །ཇི་སྐད་དུ་ཞེ་ན། མགོན་མེད་ཟས་སྦྱིན་གྱིས་གསོལ་བ། བཙུན་པ་ཅི་ལགས། འཕགས་པའི་བདེན་པ་བཞི་པོ་མཐར་གྱིས་མངོན་པར་རྟོགས་སམ། འོན་ཏེ་མངོན་པར་རྟོགས་པ་གཅིག་ལགས། ཁྱིམ་བདག་

འཕགས་པའི་བདེན་པ་བཞི་ནི་མཐར་གྱིས་མངོན་པར་རྟོགས་ཀྱི་མངོན་པར་རྟོགས་པ་གཅིག་པ་ནི་མེད་དོ། །ཁྱིམ་པ་དག་གང་ཞིག་འདི་སྐད་དུ་བདག་གིས་སྡུག་བསྔལ་འཕགས་པའི་བདེན་པ་མངོན་པར་མ་རྟོགས་པར་ཀུན་འབྱུང་བ་འཕགས་པའི་བདེན་པ་མངོན་པར་རྟོགས་པར་བྱའོ་ཞེས་བྱ་བ་ནས། རྒྱས་

པར་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་མ་རྟོགས་པར་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་མངོན་པར་རྟོགས་པར་བྱའོ་ཞེས་བྱ་བའི་བར་དུ་སྨྲ་ན། དེ་སྐད་དུ་ནི་མ་སྨྲ་ཤིག་ཅེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ་

མངོན་པར་མ་རྟོགས་པར་ཀུན་འབྱུང་བ་འཕགས་པའི་བདེན་པ་མངོན་པར་རྟོགས་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མེད་ཅིང་གོ་སྐབས་མེད་དོ་ཞེས་བྱ་བ་ནས་འདི་ནི་གནས་མེད་ཅིང་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །འདི་ནི་གནས་ཡོད་དོ་ཞེས་བྱ་བའི་བར་ཡང་སྔ་མ་བཞིན་ནོ། །ཁྱིམ་བདག་དཔེར་

ན་གང་ཞིག་འདི་སྐད་དུ་བདག་གིས་ཁང་པ་བརྩེགས་མ་འམ། ཁང་པ་བརྩེགས་མ་ཆེན་པོའི་རྨང་ལ་རྐང་པ་མ་བཞག་པར་རྩིག་པ་ལ་གཞག་པར་བྱའོ། །རྩིག་པ་ལ་མ་བཞག་པར་ཕྱམ་སོ་ལ་གཞག་པར་བྱའོ། །ཕྱམ་སོ་ལ་མ་བཞག་པར་གཡོགས་མ་ལ་གཞག་པར་བྱའོ་ཞེས་སྨྲ་ན་དེ་སྐད་

དུ་མ་སྨྲ་ཤིག་ཅེས་བརྗོད་པར་བྱའོ།། །།བམ་པོ་བཞི་བཅུ་རྩ་བདུན་པ། དེ་ཅིའི་ཕྱིར་ཞེ་ན། ཁང་པ་བརྩེགས་མ་འམ་ཞེས་བྱ་བ་ནས་གནས་མེད་ཅིང་གོ་སྐབས་མེད་དོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །རྨང་ལ་རྐང་པ་བཞག་ནས་རྩིག་པ་ལ་རྐང་པ་གཞག་གོ་ཞེས་བྱ་བ་ནས་ཕྱམ་སོ་ལ་

རྐང་པ་བཞག་ནས་གཡོགས་མ་ལ་གཞག་གོ་ཞེས་བྱ་བ་གང་ཡིན་པ་དེ་ནི་གནས་ཡོད་དོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །ཁྱིམ་བདག་དེ་བཞིན་དུ་སྡུག་བསྔལ་གྱི་བདེན་པ་མ་མཐོང་བར་ཀུན་འབྱུང་བའི་བདེན་པ་མཐོང་བར་འགྱུར་བ་གང་ཡིན་པ་དེ་ནི་གནས་མེད་ཅིང་ཞེས་བྱ་བ་རྒྱས་པར་འབྱུང་བའི་བར་

Vol. 143 · folio 177b

སྔ་མ་བཞིན་ནོ། །དེ་ནས་དགེ་སློང་གཅིག་ཅིག་གིས་གསོལ་པ། བཙུན་པ་ཅི་ལགས། འཕགས་པའི་བདེན་པ་བཞི་པོ་མཐར་གྱིས་མངོན་པར་རྟོགས་སམ། འོན་ཏེ་མངོན་པར་རྟོགས་པ་གཅིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་བདེན་པ་བཞི་ནི་ཞེས་བྱ་

བ་ལ་སོགས་པ་སྔ་མ་བཞིན་ནོ། །དགེ་སློང་དཔེར་ན་གང་ཞིག་འདི་སྐད་དུ་བདག་གིས་བང་རིམ་བཞི་ཡོད་པའི་ཐེམ་སྐས་ཐ་མ་ལ་མ་གཟེགས་པར་གཉིས་པ་ལ་འཛེག་པར་བྱའོ། །གཉིས་པ་ལ་མ་གཟེགས་པར་གསུམ་པ་ལ། གསུམ་པ་ལ་མ་གཟེགས་པར་བཞི་པ་ལ་འཛེག་པར་བྱའོ་ཞེས་

སྨྲ་ན་དེ་སྐད་དུ་མ་སྨྲ་ཤིག་ཅེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བང་རིམ་བཞི་པའི་ཐེམ་སྐས་ལ་བང་རིམ་ཐ་མ་ལ་མ་གཟེགས་པར་བང་རིམ་གཉིས་པ་ལ་འཛེག་པ་ནས། དེ་བཞིན་དུ་གསུམ་པ་ལ་མ་གཟེགས་པར་བཞི་པ་ལ་འཛེག་པའི་བར་འདི་ནི་གནས་མེད་ཅིང་གོ་སྐབས་མེད་དོ། །དེ་བཞིན་དུ་

འདི་ལ་ཡང་སྡུག་བསྔལ་གྱི་བདེན་པ་མ་མཐོང་བར་ཀུན་འབྱུང་བའི་བདེན་པ་མཐོང་བར་འགྱུར་བ་གང་ཡིན་པ་འདི་ནི་གནས་མེད་དོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་བཞིན་དུ་འཕགས་པ་ཀུན་དགའ་བོས་གསོལ་པ། བཙུན་པ་ཅི་ལགས། འཕགས་པའི་བདེན་པ་བཞི་པོ་མཐར་གྱིས་མངོན་

པར་རྟོགས་སམ། འོན་ཏེ་མངོན་པར་རྟོགས་པ་གཅིག་པ་ལགས་ཞེས་བྱ་བ་ལ་སོགས་པ་མདོ་སྔ་མ་བཞིན་ནོ། །ཀུན་དགའ་བོ་དཔེར་ན་གང་ཞིག་འདི་སྐད་དུ་བདག་གིས་གདང་བུ་བཞི་པའི་སྐས་ལ། གདང་བུ་ཐ་མ་ལ་རྐང་པས་མ་གཟེགས་པར་གདང་བུ་གཉིས་པ་ལ་འཛེག་གོ་ཞེས་བྱ་བ་

ནས་དེ་བཞིན་དུ་གདང་བུ་བཞི་པ་ལ་རྐང་པས་མ་གཟེགས་པར་ཁང་བཟངས་ཀྱི་ཐོག་ཏུ་འཛེག་གོ་ཞེས་སྨྲ་ན་དེ་སྐད་དུ་མ་སྨྲ་ཞིག་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྔ་མ་བཞིན་ནོ། །ཀུན་དགའ་བོ་གང་ཞིག་འདི་སྐད་དུ་བདག་གིས་སྡུག་བསྔལ་འཕགས་པའི་བདེན་པ་མངོན་

པར་མ་རྟོགས་པར་ཀུན་འབྱུང་བའི་བདེན་པ་མངོན་པར་རྟོགས་པར་བྱའོ་ཞེས་བྱ་བ་ནས་རྒྱས་པར་འདི་ནི་གནས་མེད་དེ་ཞེས་བྱ་བའི་བར་སྔ་མ་བཞིན་ཏེ། མདོ་གསུམ་ནི་འདི་དག་ཡིན་ནོ། །གང་ཞིག་སྡུག་བསྔལ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཅི་སྟེ་མདོ་ལས། གང་ཞིག་སྡུག་བསྔལ་ལ་

Vol. 143 · folio 178a

ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དེ་ནི་སངས་རྒྱས་ལ་ཡང་ཞེས་གསུངས་པས་མངོན་པར་རྟོགས་པ་གཅིག་གོ་ཞེས་བྱ་བར་འདོད་ནའོ། །ཇི་ལྟ་ཞེ་ན། སངས་རྒྱས་ནི་མི་སློབ་པའི་ཆོས་རྣམས་ཡིན་ལ། མི་སློབ་པའི་ཆོས་དེ་དག་ཀྱང་ལམ་ཡིན་ནོ། །དེ་ལྟ་བས་ན་སྡུག་བསྔལ་མངོན་

པར་རྟོགས་པའི་ཕྱིར་དེས་ལམ་ཡང་མངོན་པར་རྟོགས་པ་ཡིན་ཏེ། །འདི་ལྟར་སྡུག་བསྔལ་བཞིན་དུ་སངས་རྒྱས་ལ་ཡང་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པས་སོ། །ནེམ་ནུར་དང་། ཐེ་ཚོམ་ཞེས་བྱ་བ་ནི་དོན་ཐ་དད་པ་མ་ཡིན་ནོ། །ཡང་ན་ནེམ་ནུར་ནི་ངེས་པར་མི་འདོད་པ་ཡིན་ནོ། །ཐེ་ཚོམ་ནི་ཇི་སྐད་བཤད་

པའི་མཚན་ཉིད་ཀྱི་ཡིད་གཉིས་ཡིན་ནོ། །མ་ཡིན་ཏེ། ཀུན་དུ་མི་འབྱུང་བ་དང་། གདོན་མི་ཟ་བར་སྤོང་བ་ལས་དགོངས་ཏེ། གསུངས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཀུན་དུ་མི་འབྱུང་བ་དང་། གདོན་མི་ཟ་བར་སྤོང་བ་ལས་དགོངས་ཏེ། གསུངས་པའི་ཕྱིར་མདོ་ལས་མངོན་པར་རྟོགས་པ་གཅིག་པའོ་

ཞེས་འབྱུང་ངོ་ཞེས་ཟེར་བ་དེ་ནི་དེ་ལྟ་མ་ཡིན་ཏེ། སྡུག་བསྔལ་མངོན་པར་རྟོགས་ན་ཡང་སངས་རྒྱས་ཀྱི་ཡུལ་ལ་ཐེ་ཚོམ་ཟ་བ་ཀུན་དུ་མི་འབྱུང་བ་དང་གདོན་མི་ཟ་བར་སྤོང་བར་འགྱུར་རོ། །དེའི་ཕྱིར་གང་ཞིག་སྡུག་བསྔལ་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མེད་པ་དེ་ནི་སངས་རྒྱས་ལ་ཡང་ཞེས་གསུངས་པར་

དགོངས་པ་ཡིན་ནོ། །དེ་དག་ནི་ས་དྲུག་པའོ་ཞེས་སྔར་བཤད་ཟིན་ཏོ་ཞེས་བྱ་བ་ནི། མི་ལྕོགས་པ་མེད་པ་དང་ཁྱད་པར་བསམ་གཏན་ས་པའོ་ཞེས་འབྱུང་བའི་ཕྱིར་རོ། །བར་ཆད་བྱ་བར་མི་ནུས་པའི་ཕྱིར་ཞེས་བྱ་བ་ལ་བར་ཆད་བྱ་བར་ནུས་པ་ནི་བར་ཆད་དོ། །བར་ཆད་མེད་པས་ན་བར་ཆད་མེད་

པའོ། །དེ་དག་གིས་ཉོན་མོངས་པའི་ཐོབ་པ་རྣམ་པར་གཅོད་དེ་དེ་དག་གི་གནས་སྐབས་དེ་ནི་རིང་བ་ཡིན་པར་འདོད་དོ། །བར་ཆད་མེད་པའི་མམ་ཞེས་བྱ་བ་ལ། བར་ཆད་མེད་པ་ནི་བར་ཆད་མེད་པའི་ངོ་བོ་འམ་བར་ཆད་མེད་པའི་ལམ་མོ། །དེའི་ལམ་ནི་བར་ཆད་མེད་པའི་ལམ་མོ། །རྣམ་པར་

གྲོལ་བའི་ལམ་ཞེས་བྱ་བ་ནི་རྣམ་པར་གྲོལ་བའི་ལམ་ནི་རྣམ་པར་གྲོལ་བའི་ལམ་སྟེ། ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་གནས་སྐབས་ཀྱི་ལམ་མོ་ཞེས་བྱ་བའི་ཐ་ཚིག་གོ། །གཉིས་ཀྱིས་རྐུན་པོ་འབྱིན་པ་དང་། སྒོ་གཅོད་པ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་གཉིས་ལས་གཅིག་གིས་ནི་རྐུན་པོ་

Vol. 143 · folio 178b

ཕྱིར་འབྱིན་པར་བྱེད་ལ། གཉིས་པས་ནི་དེ་ནང་དུ་མི་ཤོར་བར་བྱ་བའི་ཕྱིར་སྒོ་གཅོད་པ་དེ་བཞིན་དུ། བར་ཆད་མེད་པའི་ལམ་གྱིས་ནི་ཉོན་མོངས་པའི་ཆོམ་རྐུན་དེའི་ཐོབ་པ་གཅོད་པའི་སྒོ་ནས་འབྱིན་པར་བྱེད་ལ། རྣམ་པར་གྲོལ་བའི་ལམ་གྱིས་ནི་བྲལ་བའི་ཐོབ་པ་ང་ལྟར་དུ་བྱེད་པའི་སྒོ་ནས་སྒོ་

གཅོད་པར་བྱེད་དོ། །གལ་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་བར་ཆད་མེད་པའི་ལམ་གཉིས་པ་སྡུག་བསྔལ་བ་ལ་རྗེས་སུ་ཤེས་པའི་བཟོད་པ་ཁོ་ན་བྲལ་བའི་ཐོབ་པ་ལྷན་ཅིག་སྤྱིའི་སྡུག་བསྔལ་ལ་ཆོས་ཤེས་པ་ནི་མི་སྐྱེ་བ་ཁོ་ན་སྟེ། འདིས་བྱ་དགོས་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་

པའི་བཟོད་པ་ཁོ་ནས་བྱེད་པར་འགྱུར་ན་ཞེས་བསམས་པ་ཡིན་ནོ། །དམིགས་པ་དེ་ཁོ་ན་ལ་ཐེ་ཚོམ་སྤངས་པའི་ཤེས་པ་ཞེས་བྱ་བ་ནི་དམིགས་པ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་དེ་ཁོ་ན་ལ་ཐེ་ཚོམ་སྤངས་པའི་ཤེས་པ་སྐྱེ་བར་མི་འགྱུར་རོ། །སྡུག་བསྔལ་དེ་ལ་ཆོས་ཤེས་པའི་བཟོད་པ་ནི་ཐེ་ཚོམ་དང་

བཅས་པ་ཁོ་ནར་འཇུག་སྟེ། ཐེ་ཚོམ་མ་སྤངས་པའི་ཕྱིར་རོ། །སྡུག་བསྔལ་དེ་ལ་རྗེས་སུ་ཤེས་པའི་བཟོད་པ་ཐེ་ཚོམ་སྤངས་པ་ཡིན་ནོ་ཞེས་བྱ་བར་རྣམ་པར་གཞག་པར་ཡང་མི་ནུས་ཏེ་དེའི་ཡུལ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་བཟོད་པ་རྣམས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་གལ་ཏེ་བཟོད་པ་རྣམས་

ཀྱིས་ཉོན་མོངས་པ་སྤོང་བའི་ཕྱིར་བསྟན་བཅོས་ལ་ཀུན་དུ་སྦྱོར་བའི་རིས་དགུ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པས་སྤང་བར་བྱ་བའི་ཀུན་དུ་སྦྱོར་བའི་རིས་དང་། ཀུན་འབྱུང་བ་ལ་ཆོས་ཤེས་པས་སྤང་བར་བྱ་བ་དང་། འགོག་པ་ལ་ཆོས་ཤེས་པས་སྤང་བར་བྱ་བ་དང་། ལམ་ལ་ཆོས་ཤེས་པས་སྤང་བར་བྱ་བ་དང་

སྡུག་བསྔལ་ལ་རྗེས་སུ་ཤེས་པས་སྤང་བར་བྱ་བ་དང་། ཀུན་འབྱུང་བ་ལ་རྗེས་སུ་ཤེས་པས་སྤང་བར་བྱ་བ་དང་། འགོག་པ་ལ་རྗེས་སུ་ཤེས་པས་སྤང་བར་བྱ་བ་དང་། ལམ་ལ་རྗེས་སུ་ཤེས་པས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཀུན་དུ་སྦྱོར་བའི་རིས་སོ་ཞེས་འབྱུང་བ་དང་། མདོ་ལས།

དགེ་སློང་དག་དེ་ལྟ་ན་ཉོན་མོངས་པ་རྣམས་ནི་ཤེས་པས་གཞོམ་པར་བྱ་བ་ཡིན་ནོ། །སེམས་ནི་གློག་ལྟ་བུའོ་ཞེས་འབྱུང་བ་གང་ཡིན་པ་དེ་དང་ཡང་འགལ་ཏེ། དེ་ལས་ནི་བཟོད་པས་སྤང་བར་བྱ་བའི་ཀུན་དུ་སྦྱོར་བའི་རིས་མ་བཤད་དོ་ཞེ་ན་མ་ཡིན་ཏེ། བཟོད་པ་རྣམས་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ།

Vol. 143 · folio 179a

དེ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཟོད་པ་རྣམས་ནི་ཤེས་པའི་འཁོར་ཡིན་པའི་ཕྱིར་ཏེ། བཟོད་པ་རྣམས་ནི་ཤེས་པའི་འཁོར་ཡིན་ནོ། །དེའི་ཕྱིར་བཟོད་པས་སྤང་བར་བྱ་བའི་ཀུན་དུ་སྦྱོར་བའི་རིས་ལ་ཤེས་པས་སྤང་བར་བྱ་བ་ཞེས་བརྗོད་དེ། རྒྱལ་པོས་བྱས་སོ་ཞེས་ཐ་སྙད་

འདོགས་པ་བཞིན་ནོ་དཔེར་ན་རྒྱལ་པོའི་འཁོར་གྱིས་བྱས་པའི་དོན་འགའ་ཞིག་ལ་རྒྱས་པོས་བྱས་སོ་ཞེས་ཐ་སྙད་འདོགས་པ་དེ་དང་འདྲའོ། །བསྒོམ་པས་སྤང་བར་བྱ་བའི་ཀུན་དུ་སྦྱོར་བའི་རིས་ནི་ཤེས་པས་སྤང་བར་བྱ་བ་ཁོ་ན་ཡིན་ཏེ། དེ་ལ་ནི་བར་ཆད་མེད་པའི་ལམ་ཡང་ཤེས་པའི་ངོ་བོ་ཉིད་ཡིན་པས་སོ། །

ཉོན་མོངས་པ་སྤང་བར་བྱ་བ་ལ་ནི་བར་ཆད་མེད་པའི་ལམ་ཁོ་ན་ཁྱད་པར་དུ་གཏོགས་པ་ཡིན་ནོ། །བདེན་པ་མ་མཐོང་བ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ཤེས་པའི་ཚེ་ཇི་ལྟར་བདེན་པ་མ་མཐོང་བ་མཐོང་བ་ཡིན་ཞེ་ན། དེ་ཡང་བདེན་པ་གཞན་མ་མཐོང་བའི་ཚེ་ན་ཡོད་པས་མཐོང་བའི་ལམ་གྱི་བར་ན་ཡོད་པའི་

ཤེས་པ་མཐོང་བའི་ལམ་ཡིན་ཏེ། བརྒྱུད་པ་ལ་བསམས་ནས་དེས་ཀྱང་མཐོང་བ་མཐོང་བ་ཡིན་ནོ། །ཡང་ན་མ་མཐོང་བས་མ་མཐོང་བ་མཐོང་བའི་ཕྱིར་སྐད་ཅིག་མ་བཅོ་ལྔ་ནི་མཐོང་བའི་ལམ་ཡིན་ཏེ། ཇི་སྲིད་དུ་གང་ཟག་འདིའི་མ་མཐོང་བ་མཐོང་བ་འཇུག་པ་དེ་སྲིད་དུ་འདིའི་སྐད་ཅིག་མ་

རྣམས་མཐོང་བའི་ལམ་ཡིན་ནོ། །འདིས་སྡུག་བསྔལ་མཐོང་ཡང་འདི་ལ་ཀུན་འབྱུང་བ་ལ་མ་མཐོང་བ་མཐོང་བ་འཇུག་པ་ཁོ་ནའོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྐད་ཅིག་མ་བཅུ་དྲུག་པ་ནི་བསྒོམ་པའི་ལམ་ཁོ་ན་ཡིན་ནོ་ཞེས་བྱ་བར་ཚིག་ཁོང་ནས་དྲང་ངོ་། །དེས་ཀྱང་མ་མཐོང་བ་མཐོང་བ་

མ་ཡིན་ནམ་ཞེས་བྱ་བ་ནི་ཅི་ཞིག་མ་མཐོང་ཞེ་ན། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ཞེས་བྱ་བ་སྨོས་ཏེ། ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ནི་བདག་ཉིད་མ་གཏོགས་པ་ལྷག་མ་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་ལམ་ལ་དམིགས་པར་བྱེད་དེ། རང་ལ་བདག་ཉིད་བྱེད་པ་ནི་འགལ་བའི་

ཕྱིར་རོ། །དེའི་ཕྱིར་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་མ་མཐོང་བ་མཐོང་ཞེས་བྱའོ། །བདེན་པའི་ཕྱིར་བསམ་གྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བདེན་པ་ལ་མཐོང་ངམ་མ་མཐོང་ཞེས་བསམ་གྱི་སྐད་ཅིག་མ་མཐོང་ངམ་འོན་ཏེ་མ་མཐོང་ཞེས་བྱ་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྐད་

Vol. 143 · folio 179b

ཅིག་མ་བཅོ་ལྔ་པས་རྗེས་སུ་ཤེས་པའི་ཕྱོགས་དང་མཐུན་པའི་མཚན་ཉིད་ཀྱིས་བདེན་པ་མཐོང་བ་གང་ཡིན་པ་དེ་ཁོ་ན་བཅུ་དྲུག་པས་ཀྱང་མཐོང་བས་བདེན་པ་སྔོན་མ་མཐོང་བ་མཐོང་བ་མེད་པའི་ཕྱིར་སྐད་ཅིག་མ་བཅུ་དྲུག་པ་མཐོང་བའི་ལམ་ཞེས་བྱ་བ་རྣམ་པར་མི་གཞག་གོ། །ལམ་ལ་རྗེས་སུ་ཤེས་

པའི་བཟོད་པའི་མཚན་ཉིད་ཀྱི་སྐད་ཅིག་མ་གཅིག་མ་མཐོང་བས་ནི་ལམ་གྱི་བདེན་པ་སྟེ་མ་མཐོང་བ་མ་ཡིན་ནོ། །འཇིག་རྟེན་པའི་དཔེ་བསྟན་པར་སྨྲས་པ། དཔེར་ན་ཉག་མ་གཅིག་མ་བརྔས་པས་ཏེ། ཟོར་བས་འབྲུའི་ཉག་མ་གཅིག་མ་བརྔས་ཤིང་མ་བཅད་པ་ཞིང་མ་བརྔས་པ་མ་ཡིན་པ་བཞིན་ནོ། །

འོ་ན་ཅི་ཞེ་ན། བརྔས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་བག་མེད་པར་གྱུར་པས་ཞིང་ལ་ཉག་མ་གཅིག་ཅིག་མ་བརྔས་ཀྱང་འདི་སྐད་དུ་བདག་ཅག་གིས་ཞིང་བརྔས་སོ་ཞེས་ཟེར་བ་ལྟ་བུའོ། །འབྲས་བུ་ཡིན་པའི་ཕྱིར་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། འབྲས་བུ་ཡིན་པའི་ཕྱིར་

ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་ཀྱིས་སྐད་ཅིག་མ་བཅུ་དྲུག་པ་བསྒོམ་པའི་ལམ་ཁོ་ན་ཡིན་པར་སྒྲུབ་པར་བྱེད་དོ། །སྐད་ཅིག་མ་བཅུ་དྲུག་པ་ནི་བསྒོམ་པའི་ལམ་ཡིན་ཏེ། འདུས་བྱས་ཀྱི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཡིན་པའི་ཕྱིར་ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། དགྲ་བཅོམ་

པ་ཉིད་ཀྱི་འབྲས་བུའི་བར་ལྟ་བུའོ། །དེ་བཞིན་དུ་ཤེས་པ་བརྒྱད་དང་རྣམ་པ་བཅུ་དྲུག་ཐོབ་པའི་ཕྱིར་དང་། ཞུགས་པའི་ལམ་རྣམ་པར་ཉམས་པའི་ཕྱིར་དང་། རྒྱུན་ཆགས་པ་ཡིན་པའི་ཕྱིར་བསྒོམ་པའི་ལམ་ཁོ་ན་ཡིན་ཏེ། འབྲས་བུ་གཞན་བཞིན་ནོ། །སྐད་ཅིག་མ་བཅུ་དྲུག་པ་ལ་ནི་སྡུག་བསྔལ་

ལ་ཆོས་ཤེས་པ་ནས་ལམ་ལ་རྗེས་སུ་ཤེས་པའི་བར་ཤེས་པ་བརྒྱད་ཀྱང་འཐོབ་ལ། མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་ཀྱང་འཐོབ་བོ། །མཐོང་བའི་ལམ་ལ་ནི་དེ་ཁོ་ན་བཞིན་དུ་ཤེས་པ་བརྒྱད་དང་། རྣམ་པ་བཅུ་དྲུག་འཐོབ་པ་མེད་དེ། མཐོང་བ་ལ་ནི་བཟོད་པ་དང་། །ཤེས་པ་ཇི་ལྟར་

སྐྱེས་པ་རྣམས། །མ་འོངས་པ་ཐོབ་ཅེས་འབྱུང་བའི་ཕྱིར་དེ་ལ་ནི་ཤེས་པ་དང་རྣམ་པ་སྐལ་བ་མཉམ་པ་ཁོ་ན་འཐོབ་བོ། །ལམ་ལ་རྗེས་སུ་ཤེས་པ་ལ་ནི་ལམ་སྔ་མ་སྟེ། ཞུགས་པའི་ལམ་རྣམ་པར་ཉམས་པ་ཡིན་གྱི་མཐོང་བའི་ལམ་གྱིས་ནི་ལམ་སྔ་མ་རྣམ་པར་ཉམས་པ་མ་ཡིན་ནོ། །ལམ་

Vol. 143 · folio 180a

ལ་རྗེས་སུ་ཤེས་པ་འདི་ནི་རྒྱུན་ཆགས་པ་ཡིན་གྱི། མཐོང་བའི་ལམ་ལ་ནི་བཟོད་པའམ་ཤེས་པ་འང་རུང་རྒྱུན་ཆགས་པ་ཆུང་ཟད་ཀྱང་མེད་དེ་དེའི་ཕྱིར་ལམ་ལ་རྗེས་སུ་ཤེས་པ་ནི་བསྒོམ་པའི་ལམ་ཡིན་ནོ། །འདོད་ཆགས་དང་བྲལ་བ་ཕྱིར་རྒོལ་བར་བྱེད་དེ། སྐད་ཅིག་

མ་བཅུ་དྲུག་པ་ནི་མཐོང་བའི་ལམ་ཡིན་ཏེ། གདོན་མི་ཟ་བར་ཡོངས་སུ་མི་ཉམས་པའི་ཕྱིར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་བཞིན་ནོ། །ཡང་ན་ཕྱོགས་སྔ་མ་སུན་འབྱིན་པར་བྱེད་དེ། ཕྱོགས་འདི་ནི་རྗེས་སུ་དཔག་པས་འོངས་པའི་ཆོས་ཀྱི་རང་གི་ངོ་བོ་ལས་བཟློག་

པས་སྐྱོན་ཆགས་པ་ཡིན་ཏེ། བསྒོམ་པའི་ལམ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ནོ། །ཡང་དེའི་ཡོངས་སུ་མི་ཉམས་པ་ཉིད་ཀྱི་རྗེས་སུ་དཔག་པས་བསལ་བ་ཡིན་ནོ་ཞེ་ན། དེ་ལྟ་བས་ན་རྒོལ་བ་འདིའི་དོགས་པ་བསུ་བར་ཡོངས་སུ་མི་ཉམས་པ་ནི་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདི་ལྟར་མཐོང་བས་སྤང་

བར་བྱ་བའི་ཉོན་མོངས་པ་རྣམས་ཀྱིས་སྤངས་པ་ལམ་ལ་རྗེས་སུ་ཤེས་པ་རྟེན་གྱི་གཉེན་པོས་ཡང་དག་པར་འཛིན་ཏོ། །གལ་ཏེ་ཡང་འབྲས་བུའི་ལམ་སྐད་ཅིག་མ་བཅུ་དྲུག་པ་དེ་ལས་ཡོངས་སུ་ཉམས་པར་འགྱུར་ན་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ལས་ཡོངས་སུ་ཉམས་པར་འགྱུར་བ་

ཞིག་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ལས་ནི་ཡོངས་སུ་ཉམས་པ་ཡང་མེད་དེ། དེའི་ཕྱིར་དེ་ལས་ཡོངས་སུ་ཉམས་པར་མི་འགྱུར་རོ། །ཕ་རོལ་པོས་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྨོས་སོ། །དེ་ཅི་ཞིག་ཅེ་ན། ཡོངས་སུ་མི་ཉམས་པའི་གཏན་ཚིགས་ཁོ་ན་སྨྲ་བ་ཡིན། ཁོ་བོ་ཅག་ཀྱང་དོན་འདི་སྨྲ་ན་

དམིགས་པར་འདྲ་བ་ལས་ཅི་སྟེ་འདི་ལན་དུ་རྗོད་པར་བྱེད་ཅེ་ན། སློབ་དཔོན་གྱིས་གལ་ཏེ་དེ་ཉིད་ཀྱི་ཕྱིར་མཐོང་བའི་ལམ་ཡིན་ནོ་ཞེ་ན་ཞེས་བྱ་བ་སྨོས་ཏེ། གལ་ཏེ་གང་གི་ཕྱིར་མཐོང་བས་སྤང་བར་བྱ་བའི་སྤངས་པ་ལམ་ལ་རྗེས་སུ་ཤེས་པས་འཛིན་པ་དེ་ཉིད་ཀྱི་ཕྱིར་མཐོང་བའི་ལམ་ཡིན་ནོ་སྙམ་དུ་

སེམས་ན་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ལམ་ལ་རྗེས་སུ་ཤེས་པས་མཐོང་བས་སྤང་བར་བྱ་བའི་སྤངས་པ་ཡང་དག་པར་འཛིན་པས་དེའི་ཕྱིར་མཐོང་བའི་ལམ་དུ་གྱུར་ན། དེ་ལྟ་ཡིན་ན་ནི་ཧ་ཅང་ཐལ་བར་འགྱུར་ཏེ། འདི་ལྟར་ལམ་ལ་རྗེས་སུ་ཤེས་པ་ཕན་

Vol. 143 · folio 180b

ཆད་ཀྱི་བསྒོམ་པའི་ལམ་ཐམས་ཅད་ཀྱིས་མཐོང་བས་སྤང་བར་བྱ་བའི་སྤངས་པ་ཡང་དག་པར་འཛིན་པས་ཐམས་ཅད་མཐོང་བའི་ལམ་ཁོ་ནར་འགྱུར་བ་ཞིག་ན། དེ་ཡང་འདོད་པ་མ་ཡིན་ཏེ། ཁྱེད་ནི་སྐད་ཅིག་མ་བཅུ་དྲུག་ཁོ་ན་མཐོང་བའི་ལམ་ཡིན་པར་འདོད་ཀྱི། རྒྱུན་ཆགས་པའི་ཚུལ་གྱིས་

འབྱུང་བ་སྐད་ཅིག་མ་བཅུ་བདུན་པ་དང་བཅོ་བརྒྱད་པ་ཞེས་བྱ་བ་ལ་སོགས་པ་འམ། ཉི་མ་གཉིས་པ་འམ། གསུམ་པ་ལ་དེ་དང་རིགས་མཐུན་པ་ཁྱད་པར་གྱི་ལམ་གྱིས་བསྡུས་པ་གང་ཡིན་པ་དེ་ནི་མ་ཡིན་ཏེ། དེའི་ཕྱིར་ཡང་ཡོངས་སུ་ཉམས་པ་མེད་དོ། །དེ་ལྟ་མ་ཡིན་ན་གཏན་ཚིགས་

གདོན་མི་ཟ་བར་ཡོངས་སུ་མི་ཉམས་པ་ཉིད་གང་ཡིན་པ་དེ་མ་ངེས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་མ་ངེས་པ་ཡིན་པའི་ཕྱིར་དེ་ནི་ཕྱིར་སྒྲུབ་པ་ཡང་མ་ཡིན་ལ། ཕྱོགས་སྔ་མ་སུན་འབྱིན་པ་ཡང་མ་ཡིན་ནོ་ཞེས་བསྟན་ཏོ། །སྨྲས་པ། ཅིའི་ཕྱིར་སྡུག་བསྔལ་ལ་ཆོས་ཤེས་

པ་ནས་ལམ་ལ་ཆོས་ཤེས་པའི་བར་ཤེས་པ་བདུན་མཐོང་བའི་ལམ་ཡིན་ཞེ་ན་ཞེས་བྱ་བ་ནི་བརྒྱད་པ་ལམ་ལ་རྗེས་སུ་ཤེས་པ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ཡིན་ནོ། །མཐོང་བ་མ་རྫོགས་པའི་ཕྱིར་ཞེས་བྱ་བ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་ལ་མཐོང་བ་རྫོགས་པ་ཡིན་ཏེ། དེའི་ཚེ་

བདེན་པ་ཐམས་ཅད་མཐོང་བའི་ཕྱིར་རོ། །སྡུག་བསྔལ་ལ་ཆོས་ཤེས་པ་སྐྱེས་པའི་ཚེ་ན་འདོད་པ་ན་སྤྱོད་པའི་སྡུག་བསྔལ་མཐོང་མོད་ཀྱི་རེ་ཞིག་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ་ལ་སོགས་པ་ནི་མ་མཐོང་ངོ་། །དེ་བཞིན་དུ་ལམ་ལ་ཆོས་ཤེས་པ་སྐྱེས་པའི་བར་དུ་རེ་ཞིག་

གཟུགས་དང་གཟུགས་མེད་པའི་གཉེན་པོ་མ་མཐོང་བས་མཐོང་བ་དེ་ལྷག་མ་དང་བཅས་པ་ཡིན་ཏེ། མ་རྫོགས་པས་དེའི་བར་མར་གྱུར་པའི་ཕྱིར་ཏེ། མཐོང་བའི་ལམ་གྱི་བར་མར་གྱུར་པའི་ཕྱིར་རམ་བཟོད་པ་དེ་གཉིས་ཀྱི་བར་མར་གྱུར་པའི་ཕྱིར་དེ་དག་ཀྱང་མཐོང་བའི་ལམ་ཡིན་ནོ། །རྣལ་

འབྱོར་པ་དེ་བལྟ་བར་བྱ་བ་ལྷག་མ་ལ་འདོད་པ་དང་བཅས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །སྔོན་གཞན་གྱི་དྲིང་གིས་ཏེ་གཞན་གྱི་ལུང་གིས་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་ཏེ། སྡུག་བསྔལ་ལ་སོགས་པའི་བདེན་པ་རྟོགས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྔོན་ཞེས་བྱ་བའི་

Vol. 143 · folio 181a

ཁྱད་པར་སྨོས་པ་ནི་བསྒོམ་པའི་ཚེ་ནི་གཞན་གྱི་ལུང་ལ་མི་ལྟོས་པས་དོན་གྱི་རྗེས་སུ་འབྲང་ངོ་ཞེས་བསྟན་པ་ཡིན་ནོ། །ཆོས་ཀྱི་རྗེས་སུ་འབྲང་བ་ཡང་དེ་དང་འདྲ་སྟེ་ཞེས་བྱ་བ་ནི་ཆོས་དག་གི་རྗེས་སུ་འབྲང་བས་ན་ཆོས་ཀྱི་རྗེས་སུ་འབྲང་བའོ། །དེ་འདི་ལ་ཡོད་པས་སམ་འདི་ཆོས་

ཀྱི་རྗེས་སུ་འབྲང་བའི་ངང་ཚུལ་ཅན་ཡིན་པས་ན་ཆོས་ཀྱི་རྗེས་སུ་འབྲང་བའོ། །སྔོན་བདག་ཉིད་ཁོ་ནས་མདོ་ལ་སོགས་པ་གསུང་རབ་ཀྱི་ཡན་ལག་བཅུ་གཉིས་ཀྱི་ཆོས་ཀྱི་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་ཏེ། སྔ་མ་བཞིན་དུ་རྣམ་པར་བཤད་དོ། །རྣམ་པ་ལྔའི་བར་དུ་སྤངས་པ་ཞིག་ཡིན་ན་ཡང་ཞེས་བྱ་

བ་ལ། བར་དུ་ཞེས་བྱ་བའི་སྒྲས་ནི་གལ་ཏེ་རྣམ་པ་གཅིག་གམ། གཉིས་སམ། གསུམ་མམ། བཞི་འམ། ལྔ་སྤངས་པ་ཞིག་ཡིན་ན་ཡང་ཇི་ལྟར་འཆིང་བ་མཐའ་དག་དང་ལྡན་པ་དེ་ཁོ་ན་བཞིན་དུ་དང་པོའི་འབྲས་བུ་ལ་ཞུགས་པ་དག་ཅེས་བྱའོ། །གཉིས་པ་ལ་དགུ་པ་ཚུན་ཆད་ཟད་པ་

ཡིན་ཞེས་བྱ་བ་ལ། གཉིས་པ་ལ་ཞེས་བྱ་བ་ནི་གཉིས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་པགས་པའི་ཕྱིར་གུང་གསོད་དོ་ཞེས་བྱ་བ་ལྟ་བུའོ། །དགུ་པ་ཚུན་ཆད་ཟད་པ་ཡིན་ཞེས་བྱ་བ་ནི་རྣམ་པ་དགུ་སྤངས་པ་མན་ཆད་དེ་དོན་གྱིས་ན་རྣམ་པ་དགུ་སྤངས་པ་མ་གཏོགས་པ་ཞེས་བཤད་དོ། །གལ་ཏེ་

གང་ཟག་དེ་གཉིས་ཀྱིས་རྣམ་པ་ལྔ་པ་སྤངས་པ་དེ་ཡན་ཆད་རྣམ་པ་དྲུག་གམ་བདུན་ནམ་བརྒྱད་ཅིག་སྔོན་འཇིག་རྟེན་པའི་ལམ་གྱིས་སྤངས་པ་ཡིན་ན་ནི་དེ་གཉིས་འབྲས་བུ་གཉིས་པ་ལ་ཞུགས་པ་ཞེས་བྱ་སྟེ། གཉིས་པ་ལ་ཞེས་འབྱུང་བའི་ཕྱིར་དང་། ཞུགས་པ་དག་ཅེས་བྱ་བའི་སྐབས་ཀྱང་ཡིན་

པའི་ཕྱིར་ཚིག་གི་དོན་དེ་ལྟར་རྣམ་པར་གཞག་པར་འགྱུར་རོ། །ཡང་ན་གོང་མ་ལས་ཞེས་བྱ་བ་ནི་བསམ་གཏན་དང་པོ་ལས་འདོད་ཆགས་དང་བྲལ་བ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་བ་དག་གོ། །དགྲ་བཅོམ་པ་ཉིད་ནི་དང་པོ་ཉིད་དུ་ཐོབ་པར་མི་ནུས་ཞེས་བྱ་བ་

ནི་ཕྱིར་མི་འོང་བའི་འབྲས་བུ་མ་ཐོབ་པར་དང་པོ་ཁོ་ནར་དགྲ་བཅོམ་པ་ཉིད་ཐོབ་པར་ནི་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། མཐོང་བའི་ལམ་གྱིས་བསྒོམ་པས་སྤང་བར་བྱ་བ་མི་སྤོང་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གིས་ན་མཐོང་བའི་ལམ་གྱི་ངོ་བོ་ཉིད་ཀྱིས་སྐད་ཅིག་མ་བཅོ་ལྔ་ལ་གནས་པ་འབྲས་

Vol. 143 · folio 181b

བུ་གསུམ་པ་ལ་ཞུགས་པའི་སྔོན་རོལ་དུ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པར་འགྱུར་ཞིང་སེམས་བཅུ་དྲུག་པ་སྐྱེས་ན་ཕྱིར་མི་འོང་བའི་སྔོན་རོལ་དུ་དགྲ་བཅོམ་པར་འགྱུར་བ། སྲིད་པའི་རྩེ་མོ་པའི་བསྒོམ་པས་སྤང་བར་བྱ་བ་སྤངས་པ་ནི་མེད་དོ། །དགྲ་བཅོམ་པ་ཉིད་ནི་

སྲིད་པའི་རྩེ་མོ་བསྒོམ་པས་སྤང་བར་བྱ་བ་སྤངས་པ་ལ་རྣམ་པར་གཞག་གོ། །སྨྲས་པ། གལ་ཏེ་མཐོང་བའི་ལམ་གྱིས་སྲིད་པའི་རྩེ་མོ་པའི་བསྒོམ་པས་སྤང་བར་བྱ་བ་རྣམས་སྤོང་བ་མེད་པས་དེའི་ཕྱིར་དགྲ་བཅོམ་པ་ཉིད་ཐོབ་པར་མི་ནུས་ན། འོ་ན་ནི་དང་པོ་སོ་སོའི་སྐྱེ་བོ་གནས་སྐབས་ཁོ་ན་ན་

བསྒོམ་པའི་ལམ་གྱིས་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་ཕྱིར་དེ་དག་ལ་གནས་པ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ཡིན་པར་འགྱུར་ལ། སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་ལ་ནི་དང་པོ་དགྲ་བཅོམ་པ་ཉིད་ཡིན་ནོ་ཞེ་ན་དེའི་ཕྱིར་སྔར་ཡང་སྲིད་པའི་

རྩེ་མོ་ལས་འདོད་ཆགས་དང་བྲལ་བ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྔོན་སོ་སོའི་སྐྱེ་བོའི་གནས་སྐབས་ན་ནི་འཇིག་རྟེན་པའི་ལམ་གྱིས་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་འབྲལ་བ་མི་སྲིད་དེ། གོང་ན་ས་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་དང་པོ་ཉིད་དུ་དགྲ་བཅོམ་པ་ཉིད་

ལ་ཞུགས་པ་དང་དགྲ་བཅོམ་པར་རྣམ་པར་མ་བཞག་གོ། །དད་པ་དང་ཤེས་རབ་ལྷག་པས་མོས་པ་དང་མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་དད་པ་ལྷག་པས་མོས་པས་རབ་ཏུ་ཕྱེ་བའི་ཕྱིར་དད་པས་མོས་པ་སྟེ། དད་པ་ལྷག་པས་མོས་པའི་ཕྱིར་རོ། །དེ་ལ་ཤེས་རབ་མེད་པ་ནི་མ་ཡིན་

མོད་ཀྱི་དེས་རབ་ཏུ་མ་ཕྱེ་བས་དེའི་མིང་མི་འགྲུབ་བོ། །ཤེས་རབ་ལྷག་པས་ལྟ་བས་རབ་ཏུ་ཕྱེ་བའི་ཕྱིར་མཐོང་བས་ཐོབ་པ་སྟེ། དེ་ལ་དད་པ་མེད་པ་ནི་མ་ཡིན་མོད་ཀྱི་ཞེས་བྱ་བ་སྔ་མ་བཞིན་དུ་བརྗོད་པར་བྱའོ། །གཞན་དག་ནི་ངེས་པའི་ཚིག་གི་ཚུལ་ལ་དམིགས་ནས་རྣམ་པར་འཆད་པར་

བྱེད་དེ། དད་པའི་དབང་གིས་མཐོང་བས་སྤང་བར་བྱ་བ་དག་ལས་གྲོལ་བས་ན་དད་པའི་དབང་གིས་གྲོལ་བ་ཡིན་ནོ། །ལྟ་བའི་དབང་གིས་འབྲས་བུ་ཐོབ་པས་ན་མཐོང་བས་ཐོབ་པ་ཡིན་ནོ་ཞེའོ། །རྣམ་ལྔའི་བར་བཅོམ་ཞེས་བཤད་པ་དེའི་ཕྱིར། ཅིའི་ཕྱིར་ཞེས་བྱ་བ་རྒྱས་པར་

Vol. 143 · folio 182a

འདྲི་བར་བྱེད་དོ། །འབྲས་བུ་ཁྱད་པར་ཅན་གྱི་ལམ་མི་ཐོབ་པོ་ཞེས་བྱ་བ་ནི་བསྒོམ་པས་སྤང་བར་བྱ་བའི་རྣམ་པ་དང་པོ་ལ་སོགས་པའི་གཉེན་པོའི་ལམ་མི་བསྒོམ་མོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྲིད་ཁྱད་པར་དུ་བྱ་བའི་ཕྱིར་འབྲས་བུ་གཞན་ཐོབ་པར་བྱ་བ་ལ་མི་བརྩོན་པ་ཞེས་བྱ་བ་ནི་ཇི་སྲིད་དུ་

ཉོན་མོངས་པ་མ་སྤངས་པ་སྤང་བའི་ཕྱིར་འབྲས་བུ་གཞན་ཐོབ་པར་བྱ་བའི་ཆེད་དུ་སྦྱོར་བ་གཞན་མི་བྱེད་པ་དེ་སྲིད་དུ་ཞུགས་པ་ཞེས་མི་བྱའོ། །ཤུགས་ཀྱིས་ན་གང་གི་ཚེ་རབ་ཏུ་སྦྱོར་བ་དེའི་ཚེ་ནི་ཞུགས་པ་ཡིན་ནོ་ཞེས་བཤད་པར་འགྱུར་ཏེ། གྲུབ་པའི་མཐའ་ལས་དེ་སྔོན་ཉོན་མོངས་པ་སྤངས་པའི་གཉེན་པོ་སྔར་མ་ཐོབ་

པ་དང་། དེའི་སྤངས་པའི་ཟག་པ་མེད་པ་ཡང་སྐྱེའོ་ཞེས་འབྱུང་བས་སོ། །དེ་བཞིན་དུ་འབྲས་བུ་གཞན་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པ་ལ་རྒྱུན་དུ་ཞུགས་པ་ཁོ་ན་ཡིན་ནོ་ཞེས་འབྱུང་བས་རྒྱུན་དུ་ཞུགས་པ་བཤད་ཟིན་ཏོ། །དེའི་ཕྱིར་གཞན་ལན་ཅིག་ཕྱིར་འོང་

བའི་འབྲས་བུ་དང་ཕྱིར་མི་འོང་བའི་འབྲས་བུ་ལ་ཡང་རིག་པར་བྱ་སྟེ། འཇིག་རྟེན་པའི་ལམ་གྱིས་རྣམ་པ་དྲུག་སྤངས་ཀྱང་སེམས་བཅུ་དྲུག་པ་ལ་ལན་ཅིག་ཕྱིར་འོང་བ་ཁོ་ནའོ་ཞེས་བྱའི། ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་ནི་མ་ཡིན་ཏེ། གང་གི་ཕྱིར། འབྲས་ཐོབ་འབྲས་བུ་ཁྱད་

པར་གྱི། །ལམ་ཐོབ་མེད་པས་ཞེས་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་འདོད་པའམ་ཡང་ན་གོང་མ་ལས་འདོད་ཆགས་དང་བྲལ་བ་ཡང་སེམས་བཅུ་དྲུག་པ་ལ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་ཞུགས་པ་ཞེས་མི་བྱ་སྟེ། གང་གི་ཕྱིར། འབྲས་ཐོབ་འབྲས་བུ་ཁྱད་པར་གྱི། །ཞེས་བྱ་བ་

སྔ་མ་བཞིན་ནོ། །གང་ཞིག་བསམ་གཏན་གསུམ་པ་ལས་འདོད་ཆགས་དང་བྲལ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་བསམ་གཏན་གསུམ་པ་ལས་འདོད་ཆགས་དང་བྲལ་བ་ཞིག་ས་འོག་མ་ལ་བརྟེན་ཏེ། མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་ནམ། བསམ་གཏན་

དང་པོའམ། གཉིས་པ་ལ་བརྟེན་ཏེ་ངེས་པར་འཇུག་པ་ཞེས་བྱ་བ་ནི་སྲིད་པ་ཡོད་དེ། དེ་ནི་གདོན་མི་ཟ་བར་གང་ལས་བསམ་གཏན་གསུམ་པས་བསྡུས་པའི་ཟག་པ་མེད་པའི་བདེ་བའི་དབང་པོ་ཐོབ་པར་འགྱུར་བ་འབྲས་བུ་ཁྱད་པར་ཅན་གྱི་ལམ་བསམ་གཏན་གསུམ་པས་བསྡུས་པ་མངོན་

Vol. 143 · folio 182b

དུ་བྱེད་དོ། །འདིས་འབྲས་བུ་ཁྱད་པར་ཅན་གྱི་ལམ་མངོན་དུ་བྱེད་པར་འགྱུར་བ་གང་ཡིན་པ་དེ་ནི་སྲིད་པ་ཡོད་དེ། འདི་ལྟར་ན་འདིས་བསམ་གཏན་གསུམ་པའི་ས་པའི་ཉོན་མོངས་པ་སྤངས་པས་སོ། །དེའི་ཕྱིར་གདོན་མི་ཟ་བར་འབྲས་བུ་ཁྱད་པར་ཅན་གྱི་ལམ་མངོན་དུ་བྱེད་དོ་ཞེས་བྱ་བར་ངེས་པར་

བྱེད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་མངོན་དུ་མི་བྱེད་ན་ཞེས་བྱ་བའི་ཐ་ཚིག་གོ། །དེའི་གོང་དུ་སྐྱེས་པ་དེ་ཞེས་བྱ་བ་ནི་འཕགས་པ་སྟེ། བསམ་གཏན་གསུམ་པ་དེའི་གོང་བསམ་གཏན་བཞི་པའམ། གཟུགས་མེད་པ་དག་ཏུ་སྐྱེས་པ་བདེ་བའི་དབང་པོ་དང་མི་ལྡན་པར་འགྱུར་རོ། །

ཟག་པ་དང་བཅས་པའི་བདེ་བའི་དབང་པོ་གང་ཡིན་པ་དེ་ནི་ས་འཕོས་ནས་གཏོང་ངོ་། །ཟག་པ་མེད་པ་གང་ཡིན་པ་དེ་ཡང་གལ་ཏེ་མངོན་སུམ་དུ་མ་བྱས་པར་གྱུར་ན་བདེ་བའི་དབང་པོ་གཉི་ག་དང་ཡང་མི་ལྡན་པར་འགྱུར་བ་ཞིག་ན་བདེ་བའི་དབང་པོ་དང་ནི་བསམ་གཏན་བཞི་པ་དང་། གཟུགས་མེད་པར་སྐྱེས་པའི་

སོ་སོའི་སྐྱེ་བོ་མི་ལྡན་གྱི་འཕགས་པ་ནི་ལྡན་ནོ་ཞེས་འབྱུང་བའི་ཕྱིར་དང་གང་ཞིག་ཡིད་བདེ་བའི་དབང་པོ་དང་ལྡན་པ་དེ་ནི་གདོན་མི་ཟ་བར་བཏང་སྙོམས་དང་། སྲོག་དང་། ཡིད་དང་། བདེ་བ་དང་། ཡིད་བདེ་བ་ཞེས་བྱ་བ་ལྔ་དང་ལྡན་ནོ་ཞེས་བྱ་བ་ལ་སོགས་པ་འབྱུང་བའི་ཕྱིར་གོང་དུ་སྐྱེས་པའི་འཕགས་

པ་ཡང་གདོན་མི་ཟ་བར་བདེ་བའི་དབང་པོ་དང་ཡང་ལྡན་པར་བཤད་དོ། །འདིར་སྨྲས་པ། ཕྱོགས་འདི་ནི་རྣམ་པར་བཤད་པའི་ནང་དུ་བྲིས་པ་ཡོད་མོད་ཀྱི། དེ་ནི་གཞག་པའི་ཕྱོགས་མ་ཡིན་པར་མངོན་ཏེ། གཞན་དག་ན་རེ་ནི་ཞེས་འབྱུང་བའི་ཕྱིར་རོ། །བསམ་གཏན་བཞི་པ་ཐོབ་པ་གང་ཞིག་ས་དྲུག་

ལས་གང་ཡང་རུང་བ་ཞིག་ལ་བརྟེན་ཏེ་ངེས་པར་འཇུག་པ་དེ་ནི་སེམས་བཅུ་དྲུག་པ་ལ་ཕྱིར་མི་འོང་བའི་འབྲས་བུ་མི་ལྕོགས་པ་མེད་པའི་ས་པ་ནས་བསམ་གཏན་བཞི་པའི་ས་པའི་བར་ས་དྲུག་པ་དང་ལྡན་པ་ཡིན་ཏེ། དེ་ལྟར་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །གང་ཞིག་བསམ་གཏན་གསུམ་

པ་ཐོབ་པ་དེ་ནི་བསམ་གཏན་བཞི་པའི་ས་པ་མ་གཏོགས་པ་ས་ལྔ་པ་དང་ལྡན་ནོ། །བསམ་གཏན་གཉིས་པ་ཐོབ་ལ་གསུམ་པ་མ་ཐོབ་པ་དེ་ནི་གསུམ་པ་དང་། བཞི་པའི་ས་པ་མ་གཏོགས་པ་བཞི་པ་དང་ལྡན་ནོ། །འདོད་ཆགས་དང་བྲལ་བ་བསམ་གཏན་དང་པོ་ཐོབ་ལ་གཉིས་པ་མ་ཐོབ་

Vol. 143 · folio 183a

པ་གང་ཡིན་པ་དེ་ནི་གལ་ཏེ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ན་དེ་ཕྱིར་མི་འོང་བའི་འབྲས་བུ་མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་། བསམ་གཏན་དང་པོའི་ས་པ་སྟེ། ས་གསུམ་དང་ལྡན་ནོ། །ཕྱིར་མི་འོང་བ་ཐམས་ཅད་ཀྱི་ཐ་ཤལ་བ་

ཡང་གདོན་མི་ཟ་བར་དེ་ལྟར་ཕྱིར་མི་འོང་བའི་འབྲས་བུ་ས་གསུམ་པ་དང་ལྡན་ནོ་ཞེས་བརྗོད་དོ། །དེ་ལྟ་བས་ན་སློབ་དཔོན་གྱིས་གཞན་གྱི་ཕྱོགས་ལ་ལྟོས་པས་དེ་སྐད་དུ་བཤད་པས་རིགས་པ་ཡིན་ནོ། །རེ་ཞིག་ཕལ་ཆེར་ལས་དང་འདོད་པ་ལས་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ཞེས་

བྱ་བ་ནི་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་རྣམས་དང་། འདོད་པ་ལས་འདོད་ཆགས་བྲལ་བ་རྣམས་ཀྱི་སྟེ། དེ་ལ་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་ནི་གང་གིས་སྔར་རྣམ་པ་བདུན་ནམ་བརྒྱད་སྤངས་པ་ཡིན་ནོ། །གང་གི་ས་སྔར་རྣམ་པ་དགུ་སྤངས་པ་དེ་ནི་འདོད་པ་ལས་

འདོད་ཆགས་དང་བྲལ་བ་ཡིན་ནོ། །ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་རྣམས་ཀྱི་གང་ཟག་རྣམ་པར་གཞག་པ་ནི་གཉིས་པ་ལ། དགུ་པ་ཚུན་ཆད་ཟད་པ་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །འདོད་པ་ལས་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ནི། འདོད་པའམ་ཡང་ན་གོང་མ་ལས།

ཆགས་བྲལ་ཞེས་འབྱུང་བའི་ཕྱིར་རོ། །ཇི་ལྟར་འདོད་པའི་ཁམས་ཀྱི་ཞེས་བྱ་བ་ནི། རྣམ་ལྔའི་བར་བཅོམ་གཉིས་པ་ལ། །དགུ་པ་ཚུན་ཆད་ཟད་པ་ཡིན། །འདོད་པའམ་ཡང་ན་གོང་མ་ལས། །ཆགས་བྲལ་ཞེས་འབྱུང་བའི་འདོད་པའི་ཁམས་ཀྱི་ཉོན་མོངས་པ་རྣམ་པ་དགུ་པ་བསྟན་

པ་ལྟར་རོ། །གོས་ལས་ཞེས་བྱ་བ་ནི་བགོ་བ་ལས་སོ། །འདི་ནི་དཔེའི་རྣམ་པ་ཡིན་ནོ་ཞེས་བྱ་བ་ནི་དཔེའི་ཚུལ་ཡིན་ནོ། །གཞན་དག་ན་རེ་དཔེའི་རྣམ་པ་ཞེས་བྱ་བ་ནི་དཔེའི་རྣམ་པ་ཡིན་ནོ་ཞེས་ཟེར་ཏེ། དེ་ལྟར་ཚུལ་འདིས་སམ་རྣམ་པ་འདིས་དཔེ་གཞན་ཡང་བརྗོད་པར་བྱའོ་ཞེས་སྟོན་པར་

བྱེད་དོ། །དེ་ལྟ་མ་ཡིན་ན་འདི་ནི་དཔེ་ཡིན་ནོ་ཞེས་དེ་སྐད་དུ་བརྗོད་པར་འགྱུར་རོ། །འཁོར་བ་ཐོག་མ་མེད་པ་ཞེས་བྱ་བ་ནི་འཁོར་བ་ཐོག་མ་མེད་པ་ན་སྟེ། བརྒྱུད་པས་སྤེལ་བ་ནི་མངོན་པར་སྤེལ་བའོ། །དེ་དག་ལ་བདག་ཉིད་ཀྱིས་ཚད་ཆེན་པོ་ཡོད་པས་ན་ཆེན་པོའོ། །ཉོན་མོངས་པ་དེ་རྣམས་

Vol. 143 · folio 183b

ཐོབ་པ་གཅོད་པའི་སྒོ་ནས་རྩ་བ་ནས་མེད་པར་བྱེད་པའི་ཕྱིར་རོ། །ཐོབ་པ་རྣམས་ནི་རྩ་བ་དང་ཆོས་མཐུན་པ་ཡིན་ཏེ། དེ་ལས་ཉོན་མོངས་པ་རྣམས་རྒྱུན་ཆགས་པའི་ཕྱིར་རོ། །སྨན་ཏྲི་བྲིད་ཐུན་གཅིག་གིས་འབྱིན་པ་ལྟ་བུ་ཞེས་བྱ་བ་ནི། དཔེར་ན། སྨན་ཏྲི་བྲིད་སྲང་ལ་བཅལ་བའི་ཞོ་གཅིག་གིས་

རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་ལ་སོགས་པ་ཡུན་རིང་མོ་ནས་བསགས་པའི་སྐྱོན་རྣམས་སེལ་བ་དེ་བཞིན་དུ་འཕགས་པའི་ལམ་ཆུང་ངུས་ཀྱང་ཉོན་མོངས་པ་རྣམས་དེ་དང་འདྲའོ། །ཡང་དཔེར་ན་མར་མེ་སྐད་ཅིག་མ་ཆུང་ངུས་མུན་པ་ཆེན་པོ་འཇོམས་པ་ལྟར་ཉོན་མོངས་པ་རྣམས་

ཀྱང་དེ་དང་འདྲའོ། །དེ་མཆོག་ཏུ་ཐོགས་ན་སྲིད་པ་ལན་བདུན་ཞེས་བྱ་བ་ནི་དེ་རབ་ཏུ་ཐོགས་ན་སྲིད་པ་ལན་བདུན་དུ་ཟད་ཀྱི་ཕན་ཆད་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་དེར་འགྲོ་བའི་ཕྱིར་རོ་ཞེས་བྱ་བ་ནི་ལམ་དེ་ལས་མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏེ།

འཇིག་རྟེན་ན་ཡང་རྒྱུན་གྱི་ནང་ནས་འགྲོ་བའི་ཕྱིར་རོ། །གལ་ཏེ་ལམ་དང་པོ་ཐོབ་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ལ། ཟག་པ་མེད་པའི་ལམ་དང་པོ་ནི་མཐོང་བའི་ལམ་ཡིན་ཏེ། གལ་ཏེ་དེ་ཐོབ་པའི་ཕྱིར་རོ་ཞེ་ན། བརྒྱད་པ་ཡང་རྒྱུན་དུ་ཞུགས་པ་ཡིན་པར་འགྱུར་ཏེ། རྒྱུན་དུ་ཞུགས་པའི་

འབྲས་བུ་ལ་ཞུགས་པ་ཡང་ཡིན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་དགྲ་བཅོམ་པ་ནས་བཟུང་སྟེ་ལུགས་ལས་བཟློག་པའི་རིམ་གྱིས་བགྲང་ན་དགྲ་བཅོམ་པ་དང་། དགྲ་བཅོམ་པ་ལ་ཞུགས་པ་ལ་སོགས་པ་སྐྱེས་བུ་གང་ཟག་བརྒྱད་ཀྱི་ནང་ན་རྒྱུན་དུ་ཞུགས་པའི་འབྲས་

བུ་ལ་འཇུག་པ་དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱིས་རྗེས་སུ་འབྲང་བ་བརྒྱད་པ་ཡིན་ཏེ། དེས་ཀྱང་ལམ་དང་པོ་ཐོབ་པའི་ཕྱིར་དེ་ཡང་རྒྱུན་དུ་ཞུགས་པ་ཡིན་པར་འགྱུར་རོ། །གལ་ཏེ་འབྲས་བུ་དང་པོ་ཐོབ་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི། འོན་ཏེ་འབྲས་བུ་དང་པོ་ཐོབ་

པའི་ཕྱིར་རྒྱུན་དུ་ཞུགས་པའོ་ཞེས་བྱ་བར་འདོད་ན་ནི་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་ཡང་ཡིན་པར་འགྱུར་ཏེ། ཉོན་མོངས་པ་རྣམ་པ་དྲུག་སྤངས་པ་ལ་གནས་པ་གང་ཞིག་སྐད་ཅིག་མ་བཅུ་དྲུག་པ་ལ་ལན་ཅིག་ཕྱིར་འོང་བ་ཡིན་པ་དེ་ཡང་རྒྱུན་དུ་ཞུགས་པ་ཡིན་པར་འགྱུར་ཏེ། དེས་

Vol. 143 · folio 184a

ཀྱང་སྔོན་མ་ཐོབ་པའི་འབྲས་བུ་ཐོབ་པའི་ཕྱིར་རོ། །དེ་བཞིན་དུ་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཡང་ཡིན་པར་འགྱུར་ཏེ། དེའི་འབྲས་བུ་དེ་ནི་དང་པོ་ཡིན་པས་སོ། །ད་ནི་ལན་བརྗོད་པར་བྱ་སྟེ། འབྲས་བུ་ཐམས་ཅད་འཐོབ་པའི་དབང་དུ་བྱས་ནས་འབྲས་བུ་དང་པོ་འཐོབ་

པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །འབྲས་བུ་ཐམས་ཅད་ཅེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་བཞིའོ། །འདི་ནི་དེ་དག་འཐོབ་པའི་ངང་ཚུལ་ཅན་ཡིན་པས་འབྲས་བུ་འཐོབ་པའམ། འདི་ལ་འབྲས་བུ་ཐམས་ཅད་འཐོབ་པ་ཡོད་པས་ན་འབྲས་བུ་ཐམས་ཅད་འཐོབ་པའོ། །དེའི་དབང་དུ་བྱས་

ནས་དེ་ལས་བསམས་ནས་འབྲས་བུ་དང་པོ་འཐོབ་པའི་ཕྱིར་ཏེ། སྔོན་མ་ཐོབ་པའི་འབྲས་བུ་འཐོབ་པའི་ཕྱིར་རྒྱུན་དུ་ཞུགས་པ་ཞེས་བྱའོ། །ཅིའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཅིའི་ཕྱིར་དེ་ཁོ་ན་ལ་རྒྱུན་དུ་ཞུགས་པ་ཞེས་བྱའི། བརྒྱད་པ་ནི་མ་ཡིན་ཏེ། དེ་ཡང་འཕགས་པའི་ལམ་གྱི་རྒྱུན་ལ་ནི་ཞུགས་

སོ་ཞེ་ན། ཞུགས་པ་དང་འབྲས་བུའི་ལམ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འདི་ལྟར་འབྲས་བུ་ཐམས་ཅད་འཐོབ་པ་དེས་ནི་ཞུགས་པའི་ལམ་སྐད་ཅིག་མ་བཅོ་ལྔའི་ངོ་བོ་ཉིད་ཀྱང་ཐོབ་ལ། བསྒོམ་པའི་ལམ་སྐད་ཅིག་མ་བཅུ་དྲུག་གི་མཚན་ཉིད་ཀྱང་ཐོབ་ཀྱི། བརྒྱད་པས་ནི་ཞུགས་པའི་

ལམ་ཁོ་ན་ཐོབ་པར་ཟད་པས་སོ། །མཐོང་བ་དང་བསྒོམ་པའི་ལམ་ཐོབ་པ་འདིའི་ཕྱིར་ཡང་སྟེ། འདི་ལྟར་དེས་ནི་མཐོང་བའི་ལམ་དེ་ཁོ་ན་དང་། བསྒོམ་པའི་ལམ་དེ་ཁོ་ན་ཡང་ཐོབ་ཀྱི་བརྒྱད་པས་ནི་མཐོང་བའི་ལམ་ཁོ་ན་ཐོབ་པས་སོ། །ལམ་ལ་རྗེས་སུ་ཤེས་པས་རྒྱུན་ཐམས་ཅད་མངོན་པར་རྟོགས་

པའི་ཡང་ཕྱིར་ཏེ། འདི་ལྟར་འདིས་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའི་མཚན་ཉིད་ཀྱང་མཐོང་བས་རྒྱུན་ཐམས་ཅད་མངོན་པར་རྟོགས་པ་ཡིན་གྱི་བརྒྱད་པས་ནི་མ་ཡིན་ནོ། །དེ་ལྟ་བས་ན་རྒྱུ་དེ་དག་གིས་ན་འབྲས་བུ་ཐམས་ཅད་འཐོབ་པ་ཁོ་ན་ལ་རྒྱུན་དུ་ཞུགས་པ་ཞེས་བྱའི། བརྒྱད་པ་ལ་ནི་མ་

ཡིན་ནོ། །མཆོག་ཏུ་གྱུར་པའི་ཕྱིར་དེ་སྐད་ཅེས་བརྗོད་དེ། དཔེར་ན་འཇིག་རྟེན་ན་ཡང་གང་ཞིག་མཆོག་ཏུ་གསལ་བར་བྱེད་པ་དེ་ལ་ཉི་མ་ཞེས་བྱའི། སྲིན་བུ་མེ་ཁྱེར་ལ་ནི་མ་ཡིན་པ་དེ་དང་འདྲའོ། །དེ་ལས་གཞན་པ་ཞེས་བྱ་བ་ནི་དེའི་ཚེ་སྲིད་པ་དེ་ལས་གཞན་པའོ། །གནས་བདུན་ལ་མཁས་པ་ཞེས་

Vol. 143 · folio 184b

བྱ་བ་དང་། འདབ་མ་བདུན་པ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་བདུན་ཚན་དུ་མཐུན་པའི་ཕྱིར་མདོ་ལས་དགེ་སློང་གནས་བདུན་ལ་མཁས་པ་ཞེས་བཤད་པ་ལྟ་བུའོ། །ཇི་ལྟ་ཞེ་ན་རྒྱས་པར་བཤད་ནས་བཀའ་སྩལ་པ། དགེ་སློང་དག་ཇི་ལྟར་ན་དགེ་སློང་གནས་བདུན་ལ་མཁས་པ་

ཡིན་ཞེ་ན། གཟུགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །གཟུགས་ཀུན་འབྱུང་བ་དང་། གཟུགས་འགོག་པ་དང་། གཟུགས་འགོག་པར་འགྲོ་བའི་ལམ་དང་། གཟུགས་ཀྱི་རོ་མྱང་བ་དང་། གཟུགས་ཀྱི་ཉེས་དམིགས་དང་། ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་

བཞིན་རབ་ཏུ་ཤེས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་ཀུན་འབྱུང་བ་ཞེས་བྱ་བ་རྒྱས་པར་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་

སོ་ཞེས་བྱ་བའི་བར་དུ་འབྱུང་ངོ་། །དེ་ལྟར་ན་ཚུལ་འདིས་བདུན་ཚན་ལྔ་ནི་སུམ་ཅུ་རྩ་ལྔ་ཡིན་པས་སུམ་ཅུ་རྩ་ལྔ་ལ་མཁས་པ་ཡིན་ནོ། །ལོ་མ་བདུན་པ་ཞེས་བྱ་བ་དང་ཡང་འདྲ་སྟེ། དཔེར་ན་ལོ་མ་རེ་རེ་ལ་འདབ་མ་བདུན་ཡོད་པར་འདྲ་བའི་ཕྱིར། འདབ་མ་བརྒྱ་ཕྲག་དུ་མ་ཞིག་ཡོད་ཀྱང་

ཤིང་དེ་ལ་ལོ་མ་བདུན་པ་ཞེས་བྱ་བ་དེ་དང་འདྲའོ། །དཔེ་གཉིས་ཉེ་བར་བཀོད་པའི་དགོས་པ་ནི་དཔེ་དང་པོ་ནི་གསུང་རབ་ལ་གྲུབ་པ་ཡིན་ལ། གཉིས་པ་ནི་འཇིག་རྟེན་ན་གྲགས་པས་སོ། །གལ་ཏེ་བདུན་ཚན་དུ་མཐུན་པའི་ཕྱིར་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཡིན་ནོ་ཞེས་

འཆད་ན། འོ་ན་གང་མདོ་ལས་གསུངས་པ་དེ་དང་འགལ་ཏེ། དེའི་ཕྱིར་བཤད་པ་འདི་ནི་ངན་ཏོ་སྙམ་དུ་བསམས་པ་ཡིན་ནོ། །འགྲོ་བ་གཅིག་ཏུ་སྲིད་པ་བརྒྱད་པ་མངོན་པར་མི་འགྲུབ་ཀྱི། འགྲོ་བ་གཞན་དུ་ནི་མངོན་པར་འགྲུབ་པར་འགྱུར་བས་འགལ་བ་མེད་དོ། །འོན་ཏེ་ལྷ་

རྣམས་དང་མིའི་ནང་དུ་ལན་བདུན་འཁོར་ཞིང་སོང་ནས་སྡུག་བསྔལ་གྱི་མཐར་བྱེད་དོ་ཞེས་འབྱུང་བ་སྒྲ་ཇི་བཞིན་དུ་བརྟགས་ན་ནི་ལྷ་དང་མི་ཞེས་འབྱུང་བའི་ཕྱིར་སྲིད་པ་བར་མ་ཡང་ཡོད་པར་མི་འགྱུར་བ་ཞིག་ན། ལྷ་དང་མིའི་འགྲོ་བ་དག་ཏུ་སྲིད་པ་བདུན་མངོན་པར་འགྲུབ་ཀྱི། སྲིད་པ་

Vol. 143 · folio 185a

བར་མ་རྣམས་ནི་མ་བགྲངས་སོ་ཞེས་བྱ་བར་ཡང་འདོད་དོ། །གལ་ཏེ་སྲིད་པ་བར་མ་རྣམས་དང་བཅས་ཏེ་སྲིད་པ་བདུན་དུ་བགྲང་བར་གྱུར་ན་ནི་དེའི་སྐྱེ་བ་བཞི་ཁོ་ནར་འགྱུར་རོ། །དེ་ལྟར་ན་མི་འདོད་པར་འགྱུར་བའི་ཚིག་འདིས་ནི་བདག་ཉིད་ཀྱི་རྣམ་པར་བཤད་པ་

འགྲོ་བ་གཅིག་ཏུ་དགོངས་པ་ཡིན་ནོ་ཞེས་བྱ་བ་དེ་གཞུང་འཛུགས་པར་བྱེད་དོ། །ཅིག་ཤོས་ཀྱིས་དེ་ལྟར་ཡང་སྲིད་པའི་རྩེ་མོའི་བར་དུ་གོང་དུ་འཕོ་བ་ཞེས་བྱ་བ་རྒྱས་པར་སྨྲས་ཏེ། གལ་ཏེ་འགྲོ་བ་གཅིག་ཏུ་སྲིད་པ་བརྒྱད་པ་མངོན་པར་མི་འགྲུབ་པའི་ཕྱིར་རོ་ཞེས་རྣམ་པར་འཆད་པར་

བྱེད་ན། འོ་ན་ཇི་ལྟར་གོང་དུ་འཕོ་བ་འགྲོ་བ་གཅིག་ཏུ་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པར་འགྱུར། དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ་གཞན་སྲིད་རྩེ་མོར་འགྲོ། །ཞེས་འབྱུང་བའི་ཕྱིར་འོག་མིན་གྱི་བར་དུ་གོང་དུ་འཕོ་བ་ལ་ཡང་སྲིད་པ་བརྒྱད་པ་མངོན་པར་འགྲུབ་

པ་སྲིད་ན། ཅིའི་ཕྱིར་སྲིད་པའི་རྩེ་མོའི་བར་དུ་ཞེས་བྱ་བ་ཁྱད་པར་དུ་སྨོས་ཤེ་ན། དེ་ཡང་བརྗོད་པར་བྱ་བ་ནི་ཡིན་མོད་ཀྱི་བསམ་པ་ནི་སྲིད་པའི་མཆོག་བརྗོད་པར་འདོད་ནས་སྲིད་པའི་རྩེ་མོའི་བར་དུ་གོང་དུ་འཕོ་བ་སྨོས་པ་ཡིན་ནོ་ཞེས་བྱ་བར་མངོན་ནོ། །འདོད་པའི་ཁམས་ལས་དགོངས་

ཏེ་གསུངས་པའི་ཕྱིར་ཉེས་པ་མེད་དོ་ཞེས་བྱ་བ་ནི་འགྲོ་བ་གཅིག་པོ་མིའི་འགྲོ་བའམ་ལྷའི་འགྲོ་བ་གང་ཡིན་པ་དེར་སྲིད་པ་བརྒྱད་པ་མངོན་པར་མི་འགྲུབ་ཀྱི་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ནི་མ་ཡིན་ནོ། །དེ་ནི་འདོད་པའི་ཁམས་ལས་དགོངས་ཏེ་གསུངས་སོ་ཞེས་

བྱ་བ་ནི་འདི་ལ་ཤེས་པར་བྱེད་པ་མདོའམ་རིགས་པ་ཅི་ཞིག་ཡོད་ཅེས་བྱ་བ་ལ་མདོ་ནི་ལུང་ངོ་། །རིགས་པ་ནི་དོན་རྗེས་སུ་དཔོག་པའོ། །གང་གིས་འདི་ལ་ཤེས་པར་བྱེད་པ་མདོའམ་རིགས་པ་ཅི་ཞིག་ཡོད་ཅེས་གླེངས་པ་དེ་ཉིད་ཀྱིས་ཡང་ལྷ་དང་མི་དག་གི་ནང་དུ་སོ་སོར་ཞེས་བྱ་བ་རྒྱས་

པར་སྨོས་ཏེ། ལྷ་དང་མི་དག་གི་ནང་སོ་སོར་ལན་བདུན་དུ་འཁོར་གྱི་ལྷ་དང་མི་གཉི་གའི་ནང་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་ཡང་ཤེས་པར་བྱེད་པ་ཅི་ཞིག་ཡོད། འདི་སྐད་དུ་གང་ཞིག་མི་རྣམས་ཀྱི་ནང་དུ་བདེན་པ་མཐོང་བ་དེ་ནི་ལྷ་རྣམས་ཀྱི་ནང་དུ་ལན་གསུམ་དུ་འཁོར་ལ་མི་རྣམས་ཀྱི་ནང་དུ་ཡང་

Vol. 143 · folio 185b

ལན་གསུམ་ཁོ་ན་འཁོར་ནས་དེ་ནས་ལྷ་རྣམས་ཀྱི་ནང་དུ་འོངས་ཏེ་ཡོངས་སུ་མྱ་ངན་ལས་འདའོ། །གང་ཞིག་ལྷ་རྣམས་ཀྱི་ནང་དུ་བདེན་པ་མཐོང་བ་དེ་ཡང་དེ་ཁོ་ན་བཞིན་དུ་མི་རྣམས་ཀྱི་ནང་དུ་ལན་གསུམ་འཁོར་ལ། ལྷ་རྣམས་ཀྱི་ནང་དུ་ཡང་ལན་གསུམ་ཁོ་ན་འཁོར་ནས་དེ་ནས་མི་རྣམས་ཀྱི་ནང་དུ་

འོངས་ཏེ། ཡོངས་སུ་མྱ་ངན་ལས་འདའོ་ཞེས་སྨྲས་པ་ཡིན་ནོ། །འདི་སྐད་དུ་ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་ཞེས་འབྱུང་ངོ་ཞེས་བྱ་བ་ནི་སྤྱིའི་ངོ་བོར་འབྱུང་གི་ཁྱད་པར་དུ་བྱས་ནས་སོ་སོར་ཞེས་ནི་མི་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་བྱེ་བྲག་ཏུ་སྨྲ་བའི་ཕྱོགས་ཐེ་ཚོམ་དང་བཅས་པའི་གནས་

སྐབས་སུ་བྱས་པ་དང་། སློབ་དཔོན་གྱིས་གཞུང་གཟུགས་པའི་ཕྱིར་འོད་སྲུངས་པ་རྣམས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། འོད་སྲུངས་པ་རྣམས་ཞེས་བྱ་བ་ནི་སྡེ་པ་གཞན་དག་གོ། །དེ་དག་ནི་འདི་སྐད་དུ། ལྷ་རྣམས་སུ་ལན་བདུན་མི་རྣམས་སུ་ལན་བདུན་ཞེས་འདོན་ཏེ། དེ་ལྟར་ན་སོ་སོ་ཞེས་བྱ་

བའི་དོན་དུ་འགྱུར་རོ། །དེ་ལྟ་བས་ན་འདིས་ནི་འདོད་པའི་ཁམས་ལས་དགོངས་ཏེ་གསུངས་སོ་ཞེས་བྱ་བ་འདི་ལ་ཤེས་པར་བྱེད་པ་མདོའམ་རིགས་པ་ཅི་ཞིག་ཡོད་ཅེས་གང་སྨྲས་པ་དང་། ལྷ་དང་མི་དག་གི་ནང་དུ་སོ་སོར་ལན་བདུན་སྐྱེའི་གཉི་གའི་ནང་དུ་ལན་བདུན་མ་ཡིན་པ་ཉིད་དོ་ཞེས་བྱ་བ་

འདི་ལ་ཡང་ཤེས་པར་བྱེད་པ་ཅི་ཞིག་ཡོད་ཅེས་སྨྲས་པ་གཉི་གའི་ལན་ཡང་བཏབ་པ་ཡིན་ཏེ། སོ་སོར་ཡིན་པའི་དོན་སྨོས་པ་ཁོ་ནས་འདོད་པའི་ཁམས་ལ་དགོངས་པར་ཡང་བསྟན་པ་ཡིན་ཏེ། གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ལྷ་དང་མི་རྣམས་ཀྱི་ནང་དུ་ལན་བདུན་

འཁོར་བར་རུང་བ་མ་ཡིན་ཏེ། དེར་སྐྱེས་པའི་ཕྱིར་མི་འོང་བ་རྣམས་མིའི་ནང་དུ་མི་འོང་བའི་ཕྱིར་རོ། །རིགས་པ་ཡང་དེ་ཉིད་ཀྱི་ཕྱིར་ཁོང་དུ་ཆུད་པར་བྱེད་དེ། གང་དུ་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པར་བཤད་པའི་ས་དེ་ཁོ་ནར་སྲིད་པ་བརྒྱད་པ་བཀག་པར་ཟད་ཀྱི་གཞན་དུ་ནི་མ་

ཡིན་ནོ། །དེ་བས་ན་འདི་ལ་ཡང་ཤེས་པར་བྱེད་པ་ཅི་ཞིག་ཡོད་ཅེས་འདི་ལ་མངོན་པར་ཞེན་པར་མི་བྱའོ། །དེ་འདྲ་སྟེ་ཞེས་བྱ་བ་ནི་གང་གིས་ན་དུས་དེ་སྲིད་ཀྱིས་གདོན་མི་ཟ་བར་རྒྱུད་ཡོངས་སུ་སྨིན་པའི་ཕྱིར་སྲིད་པ་བརྒྱད་མངོན་པར་མི་འགྲུབ་པ་དེ་ལྟ་བུ་ཡིན་ནོ། །སྦྲུལ་གོམ་པ་བདུན་

Vol. 143 · folio 186a

པས་ཟིན་པ་ལྟ་བུ་ཞེས་བྱ་བ་ནི་དཔེར་ན་སྦྲུལ་གོམ་པ་བདུན་པ་ཞེས་བྱ་བ་དེས་ཟིན་ན་གོམ་པ་བདུན་བོར་ནས་འཆིའི་ཕན་ཆད་དུ་ཡང་མ་ཡིན་ལ་ཚུན་ཆད་དུ་ཡང་མ་ཡིན་ཏེ། དུག་གི་རིགས་དེ་དེ་ལྟ་བུ་ཡིན་པ་དང་། རིམས་ཉིན་བཞི་པ་བཞིན་ཏེ། དཔེར་ན་རིམས་ཉིན་བཞི་

པ་ནི་ཉི་མ་བཞི་ཞིང་འདེབས་ཀྱི་ཕན་ཆད་ཀྱང་མ་ཡིན་ལ་ཚུན་ཆད་ཀྱང་མ་ཡིན་ཏེ། ནད་ཀྱི་རིགས་དེ་དེ་ལྟ་བུ་ཡིན་པ་དེ་དང་འདྲའོ། །ཐ་མའི་ཆ་དང་མཐུན་པ་གཉིས། །ཞེས་བྱ་བ་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་དག་སྟེ། འདོད་པ་ལས་འདོད་ཆགས་དང་མ་བྲལ་བའི་ཕྱིར་དེ་

གཉིས་ཡོད་དོ། །གོང་མའི་ཆ་དང་མཐུན་པ་ལྔ། །ཞེས་བྱ་བ་ན་གཟུགས་དང་གཟུགས་མེད་པ་ལས་སྐྱེས་པའི་འདོད་ཆགས་གཉིས་དང་། རྒོད་པ་དང་། ང་རྒྱལ་དང་། གཏི་མུག་གོ། །དེའི་ཕྱིར་ཚུན་ཆད་དུ་ཡང་མྱ་ངན་ལས་འདས་པ་མི་འཐོབ་ལ་སྲིད་པ་བརྒྱད་པ་ཡང་མངོན་པར་

འགྲུབ་པར་མི་འགྱུར་རོ། །སློབ་དཔོན་འདུས་བཟངས་ན་རེ། ཀུན་དུ་སྦྱོར་བ་བདུན་ལུས་པའི་ཕྱིར་རོ་ཞེས་བྱ་བ་དེ་ནི་གཏན་ཚིགས་སུ་མི་རུང་སྟེ། གོང་མའི་ཆ་དང་མཐུན་པ་རྣམས་ནི་ས་གོང་མ་པ་ཡིན་པའི་ཕྱིར་འདོད་པའི་ཁམས་སུ་སྐྱེ་བ་འགྲུབ་པར་བྱེད་མི་ནུས་སོ་ཞེས་ཟེར་རོ། །གཏན་ཚིགས་

དེ་སྨྲ་བ་ན་རེ་ཡང་དེ་དགས་གོང་མ་ཡིན་མོད་ཀྱི་དེ་དག་གི་ཐོབ་པའི་མཐུས་སྲིད་པ་དེ་སྙེད་ཅིག་མངོན་པར་འགྲུབ་པར་འགྱུར་ཏེ། དེ་དག་ནི་ལུང་དུ་མ་བསྟན་པའི་ཕྱིར་གོང་མར་ཡང་རྣམ་པར་སྨིན་པའི་རྒྱུ་ཉིད་དུ་ནི་རྣམ་པར་མི་གཞག་གོ་ཞེས་ཟེར་རོ། །བར་སྐབས་སུ་ཞེས་བྱ་བ་ནི་བར་དུ་སྟེ་ཚུན་ཆད་དུ་ཞེས་བྱ་བའི་

ཐ་ཚིག་གོ། །ཆོས་ཉིད་ཀྱིས་ཐོབ་པ་ཞེས་བྱ་བ་ནི་མི་སློབ་པའི་ལམ་གྱི་མཐུས་ཐོབ་པ་ཞེས་བྱ་བའི་དོན་ཏེ། ཡང་དགེ་སློང་གི་རྟགས་དང་སྦྱོར་བར་བྱེད་པ་དེ་ནི་དེའི་རང་བཞིན་ནོ། །ལོག་པར་ལྟུང་བའི་ཆོས་ཅན་མ་ཡིན་པ་ཞེས་བྱ་བ་ནི་མདོ་ལས་རྒྱུན་དུ་ཞུགས་པ་ཡིན་ཏེ། ལོག་པར་ལྟུང་བའི་ཆོས་ཅན་

མ་ཡིན་པ་དང་། རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གཞོལ་བ་ཡིན། རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་ཡིན་ཏེ། ལྷ་རྣམས་དང་མི་རྣམས་ཀྱི་ནང་དུ་ལན་བདུན་འཁོར་ཞིང་སོང་ནས་སྡུག་བསྔལ་གྱི་མཐར་བྱེད་དོ་ཞེས་འབྱུང་ངོ་། །ཅིའི་ཕྱིར་དེ་ལྟ་བུ་ཡིན་ཞེ་ན། དེར་འགྲོ་བའི་ལས་མི་སོགས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words