ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ་ལཀྵ་ཎ་སྱཱ་ནུ་ས་རི་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 145 · folio 28a

དགག་པར་བྱེད། དགེ་སློང་གིས་སྨྲས་པ། དྲན་པ་དང་ཤེས་བཞིན་གྱིས་དགག་པར་བྱའོ་ཞེས་བྱ་བ་འབྱུང་ངོ་། །སོ་སོར་ཐར་ནས་ཇི་སྲིད་དུ། །མ་བཏང་བར་རྟག་ད་ལྟར་གྱི། །ཞེས་བྱ་བ་ལ། སོ་སོར་ཐར་པའི་སྡོམ་པ་ལ་གནས་པ་ནི་སྐད་ཅིག་མ་དང་པོ་ལ་ད་ལྟར་བ་དེ་ཉིད་

དང་ལྡན་གྱི་འདས་པ་དང་། མ་འོངས་པ་དག་དང་ནི་མ་ཡིན་ནོ། །སྐད་ཅིག་མ་གཉིས་ལ་སོགས་པ་དག་ཏུ་ནི་ད་ལྟར་བ་གང་ཡིན་པ་དེ་དང་འདས་པ་དག་དང་ལྡན་གྱི། མ་འོངས་པ་དང་ནི་མ་ཡིན་ནོ། །ཇི་སྲིད་དུ་རྣམ་པར་རིག་བྱེད་མ་ཡིན་པ་མི་གཏོང་བ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་གཏོང་བའི་

རྒྱུ་བསླབ་པ་འབུལ་བ་ལ་སོགས་པ་དག་གིས་སོ། །སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པ་དང་ཞེས་བྱ་བ་ལ་སྐད་ཅིག་མ་དང་པོ་ལ་ནི་ད་ལྟར་ཁོ་ན་དང་ལྡན་པ་ཡིན་ལ། ཕྱིན་ཆད་ནི་མ་བཏང་བར་དུ་དུས་གཉིས་དང་ངོ་། །བསམ་གཏན་སྡོམ་དང་ལྡན་པ་ནི། །རྟག་ཏུ་ཞེས་བྱ་བ་ལ་བསམ་གཏན་གྱི་སྡོམ་

པ་ཐོབ་པ་ནི་རྟག་ཏུ་འདས་པ་དང་མ་འོངས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་གྱི་ད་ལྟར་བ་དང་ནི་མ་ཡིན་ནོ། །ད་ལྟར་བ་དང་ནི་སྙོམས་པར་ཞུགས་པ་ཁོ་ན་ལྡན་ཏེ། བསམ་གཏན་གྱི་སྡོམ་པ་ནི་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ། །ཇི་ལྟར་སྐད་ཅིག་མ་དང་པོ་ལ་བསམ་གཏན་གྱི་སྡོམ་པ་འདས་པ་

དང་ལྡན་ཞེ་ན། དེའི་ཕྱིར་དེ་ནི་སྐད་ཅིག་མ་དང་པོ་ལ་ཞེས་བྱ་བ་རྒྱས་པར་སྨོས་སོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པས་བསྡུས་པ་ནི་མ་གཏོགས་ཏེ། དེ་ནི་ཚེ་རབས་གཞན་དག་ཏུ་ཐོབ་པ་སྟེ་བཏང་བ་མི་ཐོབ་པའོ། །འཕགས་ནི་དང་པོ་འདས་དང་མིན། །ཞེས་བྱ་བ་ལ་སྐད་ཅིག་མ་དང་པོ་ནས་བཟུང་སྟེ། ཡོངས་

སུ་མྱ་ངན་ལས་མ་འདས་ཀྱི་བར་དུ་ནི་འདས་པ་དང་མ་འོངས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་ནོ། །འདི་ནི་ཁྱད་པར་ཡིན་ཏེ་ཞེས་བྱ་བ་ནི་དང་པོ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་ལ་ནི་འདས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་མི་ལྡན་ནོ། །ཅིའི་ཕྱིར་ཞེ་ན། ཐོག་མ་དང་མི་ལྡན་

པའི་འཁོར་བར་ལམ་སྔོན་མ་བསྐྱེད་པའི་ཕྱིར་རོ། །མཉམ་གཞག་འཕགས་ལམ་གནས་དེ་གཉིས། །ཞེས་བྱ་བ་ལ། མཉམ་གཞག་གི་ལམ་ལ་གནས་པ་སྟེ་འཇིག་རྟེན་པའི་ལམ་མཉམ་པར་གཞག་པའི་ལམ་ལ་གནས་པ་དང་འཕགས་པའི་ལམ་ལ་གནས་པ་ནི། མཉམ་གཞག་འཕགས་ལམ་ལ་

Vol. 145 · folio 28b

གནས་ཏེ། བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དང་ལྡན་པ་གཉིས་ཞེས་བྱ་བའི་ཐ་ཚིག་གོ། །འདིར་འཕགས་པའི་ལམ་ལ་གནས་པ་ནི་གྲུར་ཞུགས་པའི་ཚུལ་དུ་འཕགས་པའི་ལམ་ལ་ཞུགས་པ་ཡིན་པར་རིག་པར་བྱ་སྟེ། དཔེར་ན་གང་ཞིག་གྲུར་ཞུགས་པ་དེ་གྲུ་ལ་གནས་པ་ཡིན་པ་དེ་བཞིན་དུ་གང་ཞིག་

འཕགས་པའི་ལམ་ལ་ཞུགས་ཤིང་སྙོམས་པར་ཞུགས་པ་དེ་ནི་འཕགས་པའི་ལམ་ལ་གནས་པ་ཡིན་ནོ། ལངས་པ་དག་ནི་མ་ཡིན་ནོ། །ཅི་ཞེ་ན། ད་ལྟར་བ་དང་ལྡན་པ་ནི་མ་ཡིན་ཏེ། དེ་གཉིས་ནི་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ། །སྔར་ནི་ལྡན་པ་བཤད་ལ། ད་ལྟར་ནི་མངོན་དུ་འགྱུར་བར་བཤད་

དོ། །གང་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པ་ལ་གནས་པ་དེ་ནི་བར་མ་ལ་གནས་པ་སྟེ་ཞེས་བྱ་བ་ནི་གང་ཞིག་དགེ་སློང་ལ་སོགས་པ་ཡང་མ་ཡིན་ལ། ཉ་བ་ལ་སོགས་པ་ཡང་མ་ཡིན་པ་དེ་ནི་བར་མ་ལ་གནས་པའོ། །འཆལ་བའི་ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་ཡན་ལག་ལ་སོགས་

པས་བསྡུས་པ་ཞེས་བྱ་བ་ལ། འཆལ་བའི་ཚུལ་ཁྲིམས་ཀྱི་ཡན་ལག་ནི་སྲོག་གཅོད་པ་ལ་སོགས་པའོ། །ཚུལ་ཁྲིམས་ཀྱི་ཡན་ལག་ནི་དེ་སྤངས་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་མཆོད་རྟེན་ལ་ཕྱག་འཚལ་བ་ལ་སོགས་པ་བསྡུའོ། །སྡོམ་པ་མ་ཡིན་པ་ལ་གནས་པ་ནི་མི་དགེ་བའི་ཆོས་ལ་གནས་

པའི་ཕྱིར་ལ། སྡོམ་པ་ལ་གནས་པ་ནི་དགེ་བའི་ཆོས་ལ་གནས་པའི་ཕྱིར་བཟློག་པ་ནི་སྲིད་དོ་སྙམ་ནས། ཅི་རེས་འགའ་སྡོམ་པ་མ་ཡིན་པ་ལ་གནས་པ་ཞེས་བྱ་བ་སྨྲས་ཏེ། དེ་གཉིས་ཇི་སྲིད་དུ་རྗེས་སུ་འབྲང་བ་ཞེས་བྱ་བ་ནི། རབ་ཏུ་དང་བ་དང་ཉོན་མོངས་པའི་ཤུགས་དག་གོ། །དེ་སྲིད་དུ་རྣམ་པར་རིག་བྱེད་མ་

ཡིན་པ་དེ་དག་ཀྱང་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དག་གོ །གཞན་དག་ཏུ་ནི་ཞེས་བྱ་བ་ནི་སྐད་ཅིག་མ་གཉིས་པ་ལ་སོགས་པ་དག་ཏུའོ། །མ་འོངས་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་ནི་སུ་ཡང་མི་ལྡན་ནོ་ཞེས་བྱ་བ་ལ། ཅིའི་ཕྱིར་ཞེ་ན། དེ་ནི་སེམས་ཀྱི་རྗེས་སུ་འཇུག་པ་མ་ཡིན་པའི་ཕྱིར་རོ། །

འདས་པ་དག་དང་ཡང་ཞེས་བྱ་བ་ནི་ཆོས་མ་འོངས་པ་ཁོ་ན་དང་ལྡན་པ་མེད་པ་འབའ་ཞིག་ཏུ་མ་ཟད་པའོ། །ཆོས་ཉམ་ཆུང་བའི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་དང་ལྷན་ཅིག་སྐྱེས་པའི་ཐོབ་པ་ནི་ཉམ་ཆུང་བའི་ཕྱིར། གང་གི་དབང་གིས་འགགས་ཀྱང་རྣམ་པར་རིག་བྱེད་དང་ལྡན་པར་འགྱུར་བས་

Vol. 145 · folio 29a

ཐོབ་པ་གཞན་འདྲེན་པར་མི་ནུས་སོ། །འོ་ན་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སེམས་ཀྱི་དང་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་བསྒྲིབས་པའི་རྣམ་པར་རིག་བྱེད་ཀྱི་ཐོབ་པ་ཉམ་ཆུང་བའི་ཕྱིར། རྗེས་སུ་འབྲེལ་བ་ཅན་མ་ཡིན་ན། དེ་ལྟ་ན་དེ་ཀུན་ནས་སློང་བར་བྱེད་པ་

བསྒྲིབས་པའི་སེམས་ཀྱི་ཐོབ་པ་ཡང་རྗེས་སུ་འབྲེལ་པ་ཅན་དུ་མི་འགྱུར་རོ། །སེམས་ཀྱི་ཐོབ་པ་ཡང་རྗེས་སུ་འབྲེལ་པ་ཅན་དུ་མི་འགྱུར་རོ་ཞེས་གང་སྨྲས་པ་དེ་ནི་དེ་ལྟ་མ་ཡིན་ཏེ། རྣམ་པར་རིག་བྱེད་ནི་དམིགས་པ་མེད་པའི་ཕྱིར་བླུན་པ་དང་། སེམས་ལ་རག་ལས་པའི་ཕྱིར་རོ། །གཞན་གྱི་དབང་ཡིན་ན་སེམས་ནི་

བཟློག་པའི་ཕྱིར་དེ་ལྟར་བླུན་པ་དང་གཞན་གྱི་དབང་མ་ཡིན་ལ་ལུང་དུ་མ་བསྟན་པའི་སེམས་ཉམ་ཆུང་བས་བསླང་བ་དེ་ནི་ཆེས་ཉམ་ཆུང་བར་འགྱུར་རོ། །སྡོམ་པ་མིན་དང་ཉེས་སྤྱད་དང་། །ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཉེས་པར་སྤྱད་པ་ནི་སྨད་པ་སྤྱད་པའོ། །ཇི་ལྟར་སྨད་པ་ཡིན་ཞེ་ན། དམ་པ་རྣམས་ཀྱིས་

སྨད་པའི་ཕྱིར་ཏེ། དགོངས་པའི་ཕྱིར་དང་། འབྲས་བུ་ཡིད་དུ་མི་འོང་བའི་ཕྱིར་སྨད་པའོ། །དངོས་ཀྱིས་བསྡུས་པའི་ཕྱིར་དང་། སེམས་པའི་ལམ་དུ་གྱུར་པའི་ཕྱིར་ལས་ཀྱི་ལམ་མོ། །བར་མ་དོར་གནས་སེམས་ཞན་པས། །བྱེད་ན་རྣམ་རིག་ཉིད་དང་ལྡན། །ཞེས་བྱ་བ་ལ། བར་མ་དོར་གནས་པ་སྨོས་པ་

ནི་སྡོམ་པ་དང་སྡོམ་པ་མ་ཡིན་པ་ལ་གནས་པ་བསལ་བར་བྱ་བའི་ཕྱིར་ཏེ། སྡོམ་པ་དང་སྡོམ་པ་མ་ཡིན་པ་ལ་གནས་པ་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་མ་ཡིན་པ་དག་དང་ལྡན་པ་ཡིན་ནོ། །སེམས་ཞན་པ་ཞེས་བྱ་བ་ནི་སེམས་དྲག་པོ་བསལ་བར་བྱ་བའི་ཕྱིར་ཏེ། སེམས་དྲག་པོས་ནི་དགེ་བ་དང་མི་དགེ་བ་

བྱེད་པ་ན་རྣམ་པར་རིག་བྱེད་མ་ཡིན་པ་ཀུན་ནས་སློང་བར་བྱེད་དོ། །ལུང་དུ་མ་བསྟན་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་བྱེད་ན་ཞེས་བྱ་བ་དང་སྦྱར་རོ། །རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའི་ལས་ཀྱི་ལམ་ནི་མ་གཏོགས་སོ་ཞེས་བྱ་བ་ནི་དེར་བསམ་པ་ཞན་པས་རྣམ་པར་རིག་བྱེད་པ་ལས་ཡང་

རྣམ་པར་རིག་བྱེད་མ་ཡིན་པ་འབྱུང་བའི་ཕྱིར་རོ། །དེར་ནི་ལུང་དུ་མ་བསྟན་པ་བྱེད་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པར་འགྱུར་ཏེ། རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་མངོན་པར་འཕེལ་ཞིང་ཞེས་འབྱུང་བའི་ཕྱིར་རོ། །ཚེ་གཞན་དུ་ཡོངས་སུ་གྱུར་ནས་ད་དུང་རྣམ་པར་རིག་བྱེད་མ་བྱུང་བ་ཞེས་བྱ་

Vol. 145 · folio 29b

བ་ནི་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་སུའོ། །རྣམ་པར་རིག་བྱེད་རྣམ་པར་ཉམས་པ་ནི་གཟུགས་མེད་པར་སྐྱེས་པ་ནའོ། །ཡང་ན་རྣམ་པར་རིག་བྱེད་ཉམས་པ་ནི་ལུང་དུ་མ་བསྟན་པའི་སེམས་ཀྱིས་གཙུག་ལག་ཁང་ལ་སོགས་པ་ཕུལ་བ་ན་སྟེ། དེའི་ཐོབ་པ་ནི་རྗེས་སུ་འབྲེལ་པ་མ་ཡིན་པའི་ཕྱིར་རོ། །རྣམ་

པར་རིག་བྱེད་མ་ཡིན་པ་དང་ནི་ལྡན་པ་ཁོ་ན་ཡིན་ནོ། །དེ་ལྟར་ན་མུ་གཉིས་པ་དང་པོ་དང་གཉིས་པ་ནི་མདོ་ལས་བཤད་པ་ཡིན་ནོ། །མུ་གསུམ་པ་ནི་སོ་སོར་ཐར་པའི་སྡོམ་པ་ལེན་པ་ན་སྟེ། དེ་ནི་དེའི་ཚེ་གཉིས་ཀ་དང་ལྡན་པ་ཡིན་ནོ། །བཞི་པ་ནི་སོ་སོའི་སྐྱེ་བོ་འདོད་པའི་ཁམས་ལས་འདོད་ཆགས་དང་མ་བྲལ་བ་གང་ཞིག་

ཚེ་གཞན་དུ་ཡོངས་སུ་གྱུར་ནས་ད་དུང་དུ་རྣམ་པར་རིག་བྱེད་མ་བྱུང་བའམ། རྣམ་པར་རིག་བྱེད་རྣམ་པར་ཉམས་པའོ། །གང་གི་ཚེ་སྐྱེ་བས་ཐོབ་པའི་བསམ་གཏན་ཐོབ་པ་དེའི་ཚེ་དེ་དང་ལྷན་ཅིག་སྤྱོད་པའི་སྡོམ་པ་ཡང་ཐོབ་པོ། །ལྷན་ཅིག་འབྱུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བསམ་གཏན་གྱི་སྡོམ་པ་དང་། བསམ་

གཏན་གྱི་སེམས་གཉིས་ནི་ཅིག་ཅར་སྐྱེ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་འདི་ལ་གཞན་གྱིས་རྣམ་པར་རིག་བྱེད་ལ། འདི་ཡང་གཞན་ལ་རྣམ་པར་རིག་པར་བྱེད་ན་ཞེས་བྱ་བ་ལ་འདིར་རྣམ་པར་རིག་བྱེད་ནི་གོ་བར་བྱེད་པའོ། །གཞན་དག་ནི་གང་ཟག་ལས་སོ་ཞེས་བྱ་བ་ནི། དགེ་ཚུལ་དང་། དགེ་

ཚུལ་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། བསྙེན་གནས་པའི་སྡོམ་པ་དག་གོ། །རང་བྱུང་གི་ནི་ཞེས་བྱ་བ་ནི་ཡེ་ཤེས་བརྙེས་པས་ཞེས་བྱ་བའི་དོན་ཏེ། དེ་དག་གི་ཡེ་ཤེས་ནི་རང་བྱུང་ཡིན་ནོ། །ངེས་པར་འཇུག་པས་ཞེས་བྱ་བ་ནི། སྨོན་ལམ་གྱི་དབང་ངམ་སངས་རྒྱས་ཀྱི་མཐུས་སོ། །ངེས་པ་

ཉིད་ནི་ངེས་པ་སྟེ་མཐོང་བའི་ལམ་མོ། །འཇུག་པ་ནི་དེ་སྐྱེད་པའོ། །སྡེ་ལྔ་པོ་ནི་གནས་བརྟན་ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་པ་དག་གོ། །དགེ་སློང་ཚུར་ཤོག་ཅེས་བྱ་བས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག །ཆོས་ནི་ལེགས་པར་གསུངས་པའོ་

ཞེས་གསུངས་པ་སྟེ། བདེ་གཤེགས་སྐྱོབ་པས་ཚུར་ཤོག་ཅེས་གསུངས་པས། །མགོ་ཡང་བྱི་ཞིང་ཆོས་གོས་གྱོན་པར་འགྱུར། །ཞེས་འབྱུང་བ་ལྟ་བུ་ཡིན་ནོ། །སྟོན་པར་ཁས་བླངས་པ་ནི་འོད་སྲུངས་ཆེན་པོའོ་ཞེས་བྱ་བ་ནི་འོད་སྲུངས་ཆེན་པོ་དེ་ནི་མཐུ་ཆེ་བའི་ཕྱིར་ལྷའི་གཟུགས་གང་དང་གང་ལ་

Vol. 145 · folio 30a

ཕྱག་བྱས་པ་དེ་དང་དེ་འགས་སོ། །དེ་བཅོམ་ལྡན་འདས་ཀྱི་ཐད་དུ་སོན་ནས་འདིའི་གཟུགས་ཞིག་པར་གྱུར་ན་མི་རུང་ངོ་སྙམ་སྟེ་ཕྱག་མ་བྱས་པ་དང་། བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་ཐུགས་སུ་ཆུད་ནས་འོད་སྲུངས་ཁྱོད་དེ་བཞིན་གཤེགས་པ་ལ་ཕྱག་འཚོལ་ཅིག་ཅེས་གླེངས་སོ། །

དེས་བཅོམ་ལྡན་འདས་ལ་ཕྱག་བྱས་པ་དང་། དེས་བཅོམ་ལྡན་འདས་ཀྱི་གཟུགས་མ་འགྱུར་བར་མཐོང་ནས། འདི་ནི་བདག་གི་སྟོན་པ་ཡིན་ནོ་ཞེས་ཁས་བླངས་ཏེ། དེ་ཉིད་དེའི་བསྙེན་པར་རྫོགས་པ་ཡིན་ནོ། །དྲི་བས་མཉེས་པས་ནི་ལེགས་སྦྱིན་ནོ་ཞེས་བྱ་བ་ནི་ལེགས་སྦྱིན་གྱིས་སྨྲས་པའི་ལན་བཏབ་པས་བཅོམ་ལྡན་འདས་མཉེས་

པར་གྱུར་ཏེ། མཉེས་པ་དེས་ནི་འདི་བསྙེན་པར་རྫོགས་པར་གྱུར་ཏོ། །བླ་མའི་ཆོས་ཁས་བླངས་པས་ནི་ཞེས་བྱ་བ་ནི་བླ་མའི་ཆོས་བརྒྱད་དེ། དགེ་སློང་མས་དགེ་སློང་ལས་བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོར་བྱ་བ་དང་། དགེ་སློང་མས་དགེ་སློང་ལས་ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་ནོད་པར་བྱ་བ་དང་དགེ་སློང་

མས་དབྱར་དགེ་སློང་མེད་པའི་གནས་སུ་འགྲོ་བར་མི་བྱ་བ་དང་། དབྱར་ཁས་བླངས་པའི་དགེ་སློང་མས་གཉི་གའི་དགེ་འདུན་ལ་མཐོང་བ་དང་། ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དགག་དབྱེ་བྱ་བ་དང་། དགེ་སློང་མས་དགེ་སློང་ལ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་མ་ཡིན་པ་དང་། ལྟ་བ་ཕུན་སུམ་

ཚོགས་པ་མ་ཡིན་པ་དང་། ཆོ་ག་ཕུན་སུམ་ཚོགས་པ་མ་ཡིན་པ་དང་། འཚོ་བ་ཕུན་སུམ་ཚོགས་པ་མ་ཡིན་པས་ལྟུང་བ་གླེང་བར་མི་བྱ་བ་དང་། དགེ་སློང་མས་དགེ་སློང་ལ་གཤེ་བའམ་ཁྲོ་བའམ་སྤྱོ་བ་མི་བྱ་བའམ། བླ་མའི་ཆོས་ཀྱིས་ལྟུང་བ་བྱུང་བའི་དགེ་སློང་མས་གཉིས་ཀའི་དགེ་འདུན་ལ་མཉེས་པར་བྱ་བ་

སྤྱད་པར་བྱ་བ་དང་། དགེ་སློང་མས་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་དགེ་སློང་ད་ལྟར་བསྙེན་པར་རྫོགས་པ་ལ་གུས་པར་སྨྲ་བ་དང་། ཕྱག་དང་། མངོན་དུ་ལྡང་བ་དང་། ཐལ་མོ་སྦྱར་བ་དང་། འདུད་པའི་ལས་བྱ་བ་ཞེས་བྱའོ། །ཕོ་ཉས་ནི་ཆོས་སྦྱིན་ནོ་ཞེས་བྱ་བ་ནི་དེས་བཙུན་མོའི་འཁོར་གྱི་ནང་

དུ་འདུག་བཞིན་དུ་རབ་ཏུ་འབྱུང་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕོ་ཉ་བཏང་ངོ་ཞེས་གྲག་གོ། །འདུལ་བ་འཛིན་པར་གཏོགས་པ་ལྔས་ཞེས་བྱ་བ་ལ་འདིར་འདུལ་བ་འཛིན་པ་ནི་གསོལ་བ་བརྗོད་པ་ལ་མངོན་པར་འདོད་དོ། །དེ་དག་ལ་སྡེ་བཟང་ཞེས་བྱ་བའི་མིང་ཡོད་པ་ནི་སྡེ་བཟང་དྲུག་

Vol. 145 · folio 30b

ཅུའོ། །ཚོགས་ཞེས་བྱ་བ་ནི་ཚན་ཏེ། གྲངས་དྲུག་ཅུ་པོ་དེ་དག་གིས་བསྙེན་པར་རྫོགས་པར་བྱས་པ་གང་ཡིན་པ་དེ་རྣམས་ནི་སྐྱབས་སུ་འགྲོ་བ་ལན་གསུམ་བཟླས་པས་སོ། །དེ་དག་གི་སོ་སོར་ཐར་པའི་སྡོམ་པ་གདོན་མི་ཟ་བར་རྣམ་པར་རིག་བྱེད་ལ་རག་ལུས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་སྡེ་ལྔ་པོ་དང་གྲགས་པ་ལ་སོགས་

པ་དག་གི་སྟེ། སྔོན་གྱི་སྨོན་ལམ་གྱི་དབང་སྟེ་བསམ་པ་ཕུན་སུམ་ཚོགས་པའམ། སངས་རྒྱས་ཀྱི་མཐུས་རྣམ་པར་རིག་བྱེད་མེད་པར་སོ་སོར་ཐར་པའི་སྡོམ་པ་འཐོབ་པོ། །གཟེགས་གཟན་ལ་སོགས་པའི་མུ་སྟེགས་བྱེད་ཁ་ཅིག་དུས་རྟག་པ་དང་། རྫས་ཀྱི་བདག་ཉིད་ཁོ་ནར་འདོད་པས་ཐེ་ཚོམ་ཟ་བས་དུས་ཞེས་བྱ་

བའི་ཆོས་དེ་ཅི་ཞིག་ཅེས་བྱ་བར་དྲིས་སོ། །དེ་ནི་འདུ་བྱེད་ཡོངས་སུ་སྟོན་པའི་ཚིག་བླ་དགས་ཡིན་ཏེ། འདུ་བྱེད་འདས་པ་དང་མ་འོངས་པ་དང་ད་ལྟར་བ་རྣམས་མངོན་པར་བསལ་བར་བྱ་བའི་ཕྱིར་དུས་ཞེས་བྱ་བའི་མིང་འདི་བཏགས་ཀྱི་གཟུགས་ལ་སོགས་པའི་དབྱེ་བས་ཐ་དད་པའི་ཕུང་པོ་ལྔ་ལས་ཐ་དད་པའི་ལུས་སུ་

གཏོགས་པ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་བདེ་བར་གཤེགས་པའི་གསུང་རབ་ལ་མཁས་པའི་ཐུགས་དང་ལྡན་པ་དག་གིས་དེ་དག་ཉིད་དུས་གཏམ་གཞི་དང་ཞེས་བཤད་དོ། །མཁས་པ་རྣམས་ཀྱིས་ནི་འབྱུང་བའི་ཁྱད་པར་ལས་ཀྱི་རླུང་གི་ཤུགས་ཀྱིས་འཕངས་པ་རང་གི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམ་པར་

མ་འཆད་པས་བར་མེད་པར་བསྐྱེད་པ། རྐྱེན་ཇི་ལྟ་བ་བཞིན་དུ་ཚ་བ་དང་གྲང་བའི་བྱེ་བྲག་གིས་ངོ་བོའི་ཁྱད་པར་ཉེ་བར་ལེན་པ་དག་ལ་དུས་སུ་རྟོགས་ཀྱི། རྟག་པ་དང་རྫས་ཞེས་བྱ་བ་ནི་མ་ཡིན་ནོ། །འདི་ལྟར་འདས་པའི་དུས་ནས་ད་ལྟར་བྱུང་བ་ཞེས་བྱ་བའི་བར་ནི་འདུ་བྱེད་དུས་གསུམ་པ་དག་ཁོ་ན་ཡིན་པར་རྟོགས་

ཀྱི། རྟག་པའི་རྫས་གཞན་གྱི་མ་ཡིན་ཏེ། རྟག་པ་ལས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཉིད་མི་སྲིད་པའི་ཕྱིར་རོ། །ཡང་དག་པར་བླངས་པ་ཡོད་ཀྱང་ཞེས་བྱ་བ་ནི་བདག་གིས་སྐྱེ་བ་གཞན་དུ་དགེ་སློང་གི་སྡོམ་པའམ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བླང་བར་བྱའོ་སྙམ་དུ་ཡང་དག་པར་བླངས་

པ་དེ་ཡོད་ཀྱང་ངོ་། །སྐལ་བ་མི་འདྲ་བའི་ཕྱིར་དང་ཞེས་བྱ་བ་ནི་རིས་མི་མཐུན་པ་གཞན་གྱིས་བསྡུས་པའི་ཕྱིར་རོ། །དེས་ཀྱང་དེར་སྦྱོར་བ་མ་བྱས་པའི་ཕྱིར་ཞེས་བྱ་བ་ནི། སྐལ་བ་མི་འདྲ་བའི་ལུས་དེས་དེར་ཏེ་ཡང་དག་པར་བླང་བ་ལ་སྦྱོར་བ་མ་བྱས་པའི་ཕྱིར་རོ། །འདི་སྐད་བསྟན་པར་འགྱུར་ཏེ། ལུས་གང་

Vol. 145 · folio 31a

གིས་སྡོམ་པ་ཡང་དག་པར་བླང་བ་ལ་སྦྱར་བའི་ལུས་དེ་ཉིད་ལ་སྡོམ་པ་སྐྱེའི་ལུས་གཞན་ལ་ནི་མ་ཡིན་ནོ། །མི་དྲན་པའི་ཕྱིར་ཞེས་བྱ་བ་ནི་སྡོམ་པ་ཡང་དག་པར་ལེན་པ་དེ་ལུས་གཞན་གྱིས་མི་དྲན་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་ཤི་བ་ལ་སྡོམ་པ་སྐྱེ་བར་རིགས་པ་དང་འགལ་

བ་དེ་ལྟར་འདི་ན་ནི་ཡོད་པ་མ་ཡིན་ཏེ། འདི་ལྟར། ཇི་ལྟར་ཟླ་བ་ཕྱེད་ལ་སོགས་པར་ཡང་དག་པར་ལེན་པའི་སེམས་སྟོབས་དང་ལྡན་པ་དེ་ལྟར་ཉིན་ཞག་པའི་སྡོམ་པ་ཡང་དག་པར་ལེན་པ་མ་ཡིན་པ་དེའི་ཕྱིར་ཉིན་ཞག་གི་འོག་ཏུ་སྡོམ་པ་སྐྱེ་བ་ཡང་མི་འགལ་ལོ། །སློབ་དཔོན་འདུས་བཟང་ན་རེ་འདུལ་བ་དང་ལྡན་པའི་

དོན་དག་ལ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པས་རྟོག་གེས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་མི་ནུས་ཏེ། གང་སྡོམ་པ་དེ་དག་ལས་ཁ་ཅིག་ནི་ཚོགས་ཀྱི་ནང་དུ་གསོལ་བ་དང་བཞིའི་ལས་ཀྱིས་ཐོབ་ལ། ཁ་ཅིག་ནི་གང་ཟག་གཅིག་ལས་གསོལ་བ་ཙམ་གྱིས་ཐོབ་པ་འདི་ལ་རྒྱུ་ཅི་ཞིག་ཡོད། དེའི་ཕྱིར་གང་དེ་ལྟར་འཐོབ་ཀྱི་

རྣམ་པ་གཞན་དུ་ནི་མ་ཡིན་ནོ་ཞེས་སྟོན་པས་གཟིགས་ཤིང་དེ་ཁོ་ན་ལྟར་བསྟན་པ་འདི་ནི་སྡོམ་པའི་རིགས་ཁོ་ན་དེ་ལྟར་གནས་པ་ཡིན་པས་འདི་ལ་རྒྱུ་བཙལ་བར་མི་བྱའོ་ཞེས་སྨྲའོ། །རེ་ཞིག་ཅི་བཅོམ་ལྡན་འདས་ཀྱིས་ཉིན་ཞག་གི་འོག་ཏུ་སྡོམ་པ་མི་སྐྱེ་བར་གཟིགས་ནས་ཉིན་ཞག་པའི་བསྙེན་གནས་བསྟན་ཏམ།

འོན་ཏེ་དབང་པོ་གདུལ་དཀའ་བ་རྣམས་ཞེས་བྱ་བ་འབྱུང་སྟེ། སློབ་དཔོན་འདུས་བཟང་ན་རེ། གལ་ཏེ་དབང་པོ་གདུལ་དཀའ་བ་ལ་ལྟོས་ནས་ཉིན་ཞག་པ་བསྟན་ན་ནི་དབང་པོ་ཆེས་གདུལ་དཀའ་བ་ལ་ལྟོས་ནས་ཡུད་ཙམ་མམ་ཉིན་མོའམ་མཚན་མོ་ཙམ་ཅིའི་ཕྱིར་མ་བསྟན་ཞེས་སྨྲའོ། །དེ་དེ་ལྟར་བརྟག་ག་

ལ་ནུས་ཞེས་བྱ་བ་ནི་ཐལ་མ་ཐག་ཏུ་དབང་པོ་གདུལ་དཀའ་བ་རྣམས་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་སྟེ། འདིས་ནི་ཉིན་ཞག་གི་འོག་ཏུ་ཡང་སྡོམ་པ་སྐྱེ་བའོ་ཞེས་བྱ་བའི་ལུང་མེད་པར་སྟོན་ཏོ། །ཕྱིན་ཆད་སྡོམ་པ་སྐྱེ་བ་ལ་ཡང་ཞེས་བྱ་བ་རྒྱས་པར་སྨོས་སོ། །ཇི་ལྟར་རིགས་པ་དང་འགལ་བ་མེད་ཅེ་ན། ལུས་

སྐལ་བ་འདྲ་བའི་ཕྱིར་དང་དེས་དེར་སྦྱོར་བ་བྱས་པའི་ཕྱིར་དང་དྲན་པའི་ཕྱིར་རོ། །ཕྱིན་ཆད་སུ་ལ་ཡང་མ་བསྟན་པས་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཁྱིམ་པ་ཐམས་ཅད་དབང་པོ་གདུལ་དཀའ་བ་ནི་མ་ཡིན་ཏེ། དེའི་ཕྱིར་ཕྱིན་ཆད་སྐྱེ་བ་མི་སྲིད་པས་ཉིན་ཞག་གི་འོག་ཏུ་སུ་ལ་ཡང་མ་བསྟན་ཏོ་ཞེས་བྱ་བར་ཤེས་

Vol. 145 · folio 31b

སོ་ཞེས་ཟེར་རོ། །དེ་དེ་ལྟར་ནོད་མེད་ཅེས་གྲག །གྲག་ཅེས་བྱ་བའི་སྒྲས་ནི་མ་རངས་པར་བསྟན་པའི་ཕྱིར་རོ། །དུས་གཞན་གྱི་བར་དུ་ལོག་པར་ཞུགས་པས་ནི་མ་ཡིན་ནོ་ཞེས་བྱ་བ་ལ། ཉིན་ཞག་ཏུ་སྡིག་པ་བྱ་བའི་བསམ་པས་སྡིག་པའི་བྱ་བ་བྱེད་པ་ནི་སྡོམ་པ་ཡང་མ་ཡིན་ལ་སྡོམ་པ་མ་ཡིན་པ་ཡང་མ་ཡིན་ནོ། །

དེ་ལྟ་ན་འོ་ན་ནི་བསྙེན་གནས་ཀྱི་སྡོམ་པ་ལ་ཡང་ཉིན་ཞག་ཁོ་ནར་བསམ་པ་ལོག་པ་མ་ཡིན་པར་ཞུགས་པས་དེ་ཡང་འཐོབ་པར་མི་འགྱུར་རོ་ཞེ་ན། དེའི་ཕྱིར་བསྙེན་གནས་ཀྱི་སྡོམ་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །རྫས་སུ་ནི་མེད་ཀྱི་ཞེས་བྱ་བ་ལ་རྣམ་པར་རིག་བྱེད་མ་ཡིན་པ་ནི་དགེ་བའོ་ཞེས་བསྟན་ཏོ། །དེ་ལྟར་སྡོམ་

པ་མ་ཡིན་པ་ཡང་རྫས་སུ་ནི་མེད་དེ། སེམས་པ་ལས་མ་གཏོགས་པར་སྙམ་དུ་བསམ་པའོ། །སྡིག་པ་བྱ་བའི་བསམ་པ་ཞེས་བྱ་བ་ནི་སྡིག་པ་བྱ་བའི་མནོ་བསམ་མོ། །རྗེས་སུ་འབྲེལ་པ་དང་བཅས་པ་ཞེས་བྱ་བ་ནི་བག་ཆགས་དང་བཅས་པ་སྟེ། དེ་ལས་སྐྱེས་པ་དང་དེའི་རྒྱུའི་བག་ཆགས་དེ་ཡོད་པས་

སེམས་དགེ་བ་ཡང་དེ་དང་ལྡན་པ་སྟེ། སྡོམ་པ་མ་ཡིན་པ་དང་ལྡན་པ་ཞེས་བྱའོ། །དེ་མ་སྤངས་པའི་ཕྱིར་ཞེས་བྱ་བ་ནི་དེ་མ་བསལ་བའི་ཕྱིར་རོ། །དེ་ཞེས་བྱ་བ་སྡིག་པ་བྱ་བའི་བསམ་པ་རྗེས་སུ་འབྲེལ་པ་དང་བཅས་པ་སྟེ། དེ་མ་སྤངས་པ་ནི་བསམ་པ་ཐག་པ་ནས་སྡིག་པའི་བྱ་བ་ཡོངས་སུ་མ་བཏང་བའོ། །

འབོགས་པ་དང་ནོད་པ་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བ་ནི་སྔར་རམ་ཁ་བསྙམས་ཏེ་སྨྲ་ནའོ། །ཡན་ལག་བརྒྱད་ཚང་བ་ཞེས་བྱ་བ་ནི་ཡན་ལག་བརྒྱད་ཁོ་ན་ཡང་དག་པར་ནོད་པར་བྱ་བ་སྟེ། སྤོང་བ་རྣམས་ཕན་ཚུན་རག་ལས་པའི་ཕྱིར་རོ། །དེས་ནི་ཟས་ཟོས་ནས་ཀྱང་ནོད་པར་བྱའོ་ཞེས་བྱ་བ་འབྱུང་ངོ་། །

ཡང་ཅི་ནོད་པའི་སྔ་རོལ་དུ་ཟོས་པ་ལ་སྡོམ་པ་སྐྱེ་འམ་འོན་ཏེ་མི་སྐྱེ། གལ་ཏེ་སྐྱེ་ན་ནི་སྡོམ་པ་རྣམ་པར་རིག་བྱེད་ལ་རག་ལས་པ་ཉམས་པར་འགྱུར་ལ་ནོད་པ་ཡང་དོན་མེད་པར་འགྱུར་རོ། །ཅི་སྟེ་མི་སྐྱེ་ན་ནི་དེ་ལྟ་ན་ཡང་ཉིན་ཞག་གཅིག་པ་ཉིད་ཉམས་པར་འགྱུར་རོ། །དེ་ལས་གཞན་དུ་མནོས་པ་ནི་

ལེགས་པར་སྤྱད་པ་ཙམ་དུ་འགྱུར་གྱི་ཞེས་བྱ་བ་ལ། ཙམ་ཞེས་བྱ་བའི་སྒྲས་ནི་སྡོམ་པ་ཞེས་བྱ་བའི་ལེགས་པར་སྤྱད་པ་ལས་ཁྱད་པར་དུ་བྱེད་པ་སྟེ། འདི་ཡང་འབྲས་བུ་ཡིད་དུ་འོང་བ་འདྲེན་པར་བྱེད་པ་ཁོ་ནའོ། །གསོས་འདེབས་པའི་ཕྱིར་ཞེས་བྱ་བ་ནི་རྒྱས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །གར་དང་གླུ་ལ་

Vol. 145 · folio 32a

སོགས་པ་ཞེས་བྱ་བའི་སོགས་པའི་སྒྲས་ནི་རོལ་མོ་དང་སྤོས་དང་མེ་ཏོག་ཕྲེང་བ་དང་བྱུག་པ་དང་ཁ་དོག་བསྡུའོ། །དེ་མེད་ན་ཞེས་བྱ་བས་ནི་དུས་སུ་ཟ་བའོ། །གཉི་ག་ཡང་མེད་དོ་ཞེས་བྱ་བ་ནི། བསྙེན་གནས་དང་སྐྱོ་བའི་དྲན་པ་སྟེ། རབ་ཏུ་བྱུང་བ་རྣམས་ཀྱིས་དུས་སུ་ཟ་བ་ནི་ཁྱིམ་པ་རྣམས་ཀྱི་

སྐྱོ་བ་འདྲེན་པར་བྱེད་པ་ཡིན་ནོ། །གཉིས་སུ་བྱའོ་ཞེས་བྱ་བ་འབྱུང་སྟེ། ཅིའི་ཕྱིར་གཉིས་སུ་བྱེད་ཅེ་ན། གཞན་དུ་ན་ནི་གསོ་བ་ཡན་ལག་བདུན་དུ་འགྱུར་གྱི་ཡན་ལག་བརྒྱད་དུ་ནི་མ་ཡིན་ནོ། །དཔེར་ན་ཡང་དག་པའི་ལྟ་བ་ལམ་ཡང་ཡིན་ལ། ལམ་གྱི་ཡན་ལག་ཀྱང་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ།

ལམ་ཡན་ལག་བརྒྱད་ཅེས་བྱ་བ་འདིར་ནི་ཡང་དག་པའི་ལྟ་བ་ལམ་ཡང་ཡིན་ལ་ལམ་གྱི་ནི་ཡན་ལག་ཀྱང་ཡིན་ཏེ། ལམ་ནི་ཤེས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །ཟད་པ་དང་མི་སྐྱེ་བ་ཤེས་པ་དག་ནི་བྱང་ཆུབ་དང་ཡན་ལག་གོ། །ཏིང་ངེ་འཛིན་ནི་བསམ་གཏན་ཡང་ཡིན་ལ་བསམ་གཏན་གྱི་

ཡན་ལག་ཀྱང་ཡིན་ནོ། །དེ་དག་ཉིད་ཡང་དག་པའི་ལྟ་བ་ལ་སོགས་པ་དེ་དག་གིས་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་དེ་དག་ཉིད་ཡང་དག་པའི་ལྟ་བ་དང་། ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་རྣམས་ཀྱི་ཡན་ལག་ཏུ་རུང་བ་ནི་མ་ཡིན་ཏེ། མི་རིགས་སོ་ཞེས་བྱ་

བའི་དོན་ཏོ། །གལ་ཏེ་ཡང་དག་པའི་ལྟ་བ་ལ་སོགས་པ་སྔ་མ་རྣམས་ཡང་དག་པའི་ལྟ་བ་ལ་སོགས་པ་ཕྱི་མ་རྣམས་ཀྱི་ཡན་ལག་ཏུ་འགྱུར་ན་ནི་ཞེས་བྱ་བ་འབྱུང་སྟེ། དེ་ལྟར་བརྟགས་ཀྱང་སྐད་ཅིག་མ་དང་པོ་ལ་སྐྱེས་པའི་འཕགས་པའི་ལམ་ནི་ཡན་ལག་བརྒྱད་པར་མི་འགྱུར་ཏེ། དེར་སྔར་སྐྱེས་པའི་ཡང་དག་པའི་

ལྟ་བ་ལ་ཡན་ལག་མེད་པའི་ཡན་ལག་བདུན་པར་འགྱུར་རོ། །སྐད་ཅིག་མ་དང་པོ་སྨོས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཏེ། དེ་ལ་ནི་སྔར་སྐྱེས་པའི་ཡང་དག་པའི་ལྟ་བ་ཡོད་པས་ཡན་ལག་བདུན་པར་མི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་དག་ལ་ཡང་དེ་དང་འདྲ་

བར་བརྗོད་པར་བྱའོ། །མི་ཤེས་པ་ནི་མ་གཏོགས་སོ་ཞེས་བྱ་བ་ནི་འབོགས་པར་བྱེད་པ་དང་ནོད་པར་བྱེད་པ་བརྗེད་པ་དང་མ་བྱང་བ་སྟེ། དཀོན་མཆོག་གསུམ་ལ་ཐེ་ཚོམ་ཟ་བ་དང་། ལོག་པར་ཞུགས་པའི་བསམ་པ་ཅན་ལ་ནི་སྡོམ་པ་མི་སྐྱེ་སྟེ། གང་ཞིག་མི་ཤེས་པས་སྐྱབས་སུ་མི་འགྲོ་བ་ཡིན་གྱི་

Vol. 145 · folio 32b

ལོག་པར་ཞུགས་པའམ་ཐེ་ཚོམ་ཟ་བས་སྐྱབས་སུ་མི་འགྲོ་བ་མ་ཡིན་པ་དེ་ལ་ནི་སྐྱབས་སུ་མ་སོང་ཡང་བསྙེན་གནས་ཀྱི་སྡོམ་པ་སྐྱེའོ། །ཁྱིམ་པ་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ། །གོས་དཀར་པོ་བགོས་པ་ཞེས་བྱ་བ་ནི་བཤད་པའོ། །སྐྱེས་པ་ཞེས་བྱ་བ་ནི་བསྟན་པའི་ཚིག་གོ། །ཕོའི་དབང་པོ་དང་ལྡན་པ་

ཞེས་བྱ་བ་ནི་བཤད་པའི་ཚིག་གམ་གཟུགས་ན་སྤྱོད་པའི་སེམས་ཅན་དགག་པར་བྱ་བའི་ཕྱིར་རོ། །ཁ་ཆེ་བ་རྣམས་ན་རེ་སྡོམ་པ་མེད་པར་མི་འགྱུར་ཏེ། དགེ་སློང་དང་དགེ་ཚུལ་བཞིན་ནོ་ཞེས་བྱ་བའོ། །གལ་ཏེ་སྐྱབས་སུ་འགྲོ་བ་ཁས་བླང་བ་ཁོ་ནས་དགེ་བསྙེན་གྱི་སྡོམ་པ་ཐོབ་ན་ནི། འོ་ན་ཅིའི་ཕྱིར་

སྐྱབས་སུ་འགྲོ་བའི་འོག་ཏུ་ཡང་དགེ་བསྙེན་གྱི་སྡོམ་པ་ལེན་ཞེ་ན། དེའི་ཕྱིར་སྡོམ་པ་ཐོབ་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དགེ་སློང་གིས་གསོལ་པ་དང་བཞིའི་ལས་ཀྱི་སྡོམ་པ་འཐོབ་ལ། དགེ་སྦྱོང་གིས་ཀྱང་བདག་མིང་འདི་ཞེས་བགྱི་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་

དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱའི་རྒྱལ་པོ་དེ་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་སྟེ། ཁྱིམ་པའི་རྟགས་ནི་རབ་ཏུ་སྤོང་ངོ་། །རབ་ཏུ་བྱུང་བའི་རྟགས་ནི་ཡང་དག་པར་ལེན་ཏོ། །བདག་དགེ་སྦྱོང་ལགས་པར་གཟུང་དུ་གསོལ། དེ་སྐད་དུ་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་བརྗོད་

དོ་ཞེས་ཁས་བླངས་པ། འདིས་སྡོམ་པ་ཐོབ་པོ། །དེ་ལྟར་དགེ་སློང་དང་དགེ་སྦྱོང་སྔར་སྡོམ་པ་ཐོབ་ཟིན་པ་དེ་ཁོ་ན་ཉིད་ཤེས་པར་བྱ་བའི་ཕྱིར་ཕྱིས་བསླབ་པའི་གཞི་རྣམས་འཛིན་དུ་འཇུག་པ་དེ་བཞིན་དུ་དགེ་བསྙེན་ཡང་ཡིན་ནོ། །སྣ་གཅིག་སྤྱོད་པ་ནི་གང་ཞིག་བསླབ་པའི་གཞི་གཅིག་བསྲུང་བའོ། །ཕྱོགས་

གཅིག་བསྲུང་བ་ནི་གང་ཞིག་གཉིས་སམ་གསུམ་བསྲུང་བའོ། །ཕལ་ཆེར་སྤྱོད་པ་ནི་གང་ཞིག་བཞི་བསྲུང་བའོ། །ཡོངས་སུ་རྫོགས་པར་སྤྱོད་པ་ནི་གང་ཞིག་བསླབ་པའི་གཞི་ལྔ་པོ་ཐམས་ཅད་བསྲུང་བའོ། །མདོའི་ཚིག་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་མིང་ཆེན་གྱི་མདོའི་ཚིག་སྟེ། དེ་ལས་ནི་བདག་ལ་

དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ནམ་འཚོའི་བར་དུ་སྲོག་གཅོད་པ་སྤོང་ངོ་ཞེས་བྱ་བ་དེ་ལྟར་མི་འདོན་པའི་ཕྱིར་རོ། །དེ་ཉིད་ལས་དགེ་བསྙེན་གྱི་མཚན་ཉིད་བསྟན་གྱི་ཞེས་བྱ་བ་ནི། མིང་ཆེན་གྱི་མདོ་ལས་ཏེ། དེའི་ཕྱིར། ཚིག་འདི་ལས་སྐྱབས་སུ་འགྲོ་བ་ཙམ་གྱིས་དགེ་བསྙེན་གྱི་སྡོམ་པ་

Vol. 145 · folio 33a

མི་འཐོབ་སྟེ། མིང་ཆེན་གྱི་མདོ་ལས་མི་འདོན་པའི་ཕྱིར་རོ། །གང་ལས་འདི་སྐད་དུ་ཞེས་བྱ་བ་ལ། མདོ་ལས་གང་ནམ་འཚོའི་བར་དུ་སྲོག་དང་བསྡོ་བ་སྐྱབས་སུ་སོང་བ་མངོན་པར་རབ་ཏུ་དང་བ་ཞེས་བྱ་བ་འདི་འབྱུང་བ་དེ་ལས་ནི་བདེན་པ་མཐོང་བ་དེ་དག་སྟེ་གང་ཟག་དག་གོ། །ཤེས་ནས་

དད་པའི་རྒྱུས་ཞེས་བྱ་བ་ནི། ཤེས་ནས་དད་པའི་རྒྱུ་མཚན་གྱིས་སོ། །སྲོག་གི་ཕྱིར་ཡང་སྟེ་སྲོག་གི་ཆེད་དུ་ཡང་དམ་པའི་ཆོས་ལ་ཁས་འཆེ་བར་སྟོན་གྱི། དེ་སྡོམ་པའི་མཚན་ཉིད་སྟོན་པ་ནི་མ་ཡིན་ཏེ། མདོ་འདིས་སྡོམ་པའི་མཚན་ཉིད་སྡོམ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །སྲོག་སྤོང་བ་

ཞེས་བྱ་བ་ནི་གང་ནས་ཀྱང་མི་འབྱུང་ན་ཞེས་བྱ་བ་ནི་མིང་ཆེན་གྱི་མདོ་འམ་གཞན་ནས་སོ། །སུ་ཞིག་ཡོངས་སུ་མི་གསལ་བའི་དོན་འདི་འདོན་པར་བྱེད་ཅེས་བྱ་བ་ནི། ཅི་སྲོག་སྤོང་ངམ་འོན་ཏེ་སྲོག་གཅོད་པ་སྤོང་བ་ཞེས་མི་ཤེས་པའོ། །ཞུ་བ་ཉིད་ཀྱང་མི་འཐད་ན། །ཞེས་བྱ་བ་ནི། བཙུན་པ་ཇི་ཙམ་གྱིས་ན་དགེ་བསྙེན་

གྱི་སྡོམ་པ་ལ་སྣ་གཅིག་སྤྱོད་པར་འགྱུར་བ་ལགས་ཞེས་བྱ་བ་ནས་ཡོངས་སུ་རྫོགས་པར་སྤྱོད་པ་ལགས་ཞེས་བྱ་བའི་བར་གྱི་ཞུ་བ་དེ་ནི་མི་འཐད་པ་སྟེ། གང་དུ་ཞུ་བ་མི་འཐད་པ་དེར་ལན་ཇི་ལྟར་འཐད་པར་འགྱུར། གཞི་དེ་ཙམ་ཞིག་བཟོད་པ་ལ་ནི་བསླབ་པའི་གཞི་གཅིག་བཟོད་པ་ནས་ལྔ་ཆར་ཡང་བཟོད་པའི་བར་

ལའོ། །ཡན་ལག་ངེས་པ་ཡིན་ཞེས་བྱ་བ་ནི་ཡན་ལག་ལྔ་དང་བཅུ་ལ་སོགས་པར་རོ། །ཆུང་ངུ་ལ་སོགས་ཡིད་ཇི་བཞིན། །ཞེས་བྱ་བ་ནི། ཇི་ལྟར་དེའི་དགེ་བ་ལ་སོགས་པ་ཉིད་སེམས་ལ་རག་ལས་པ་དེ་བཞིན་དུ་ཆུང་ངུ་ལ་སོགས་པ་ཉིད་ཀྱང་ཡིན་ནོ། །དགྲ་བཅོམ་པ་ལ་ཡང་སོ་སོར་ཐར་པའི་སྡོམ་པ་

ཆུང་ངུ་ཡོད་ལ་ཞེས་བྱ་བ་ནི། གལ་ཏེ་ཀུན་ནས་སློང་བར་བྱེད་པའི་སེམས་ཆུང་ངུ་ཡོད་ནའོ། །སོ་སོའི་སྐྱེ་བོ་ལ་ཡང་ཆེན་པོ་ཡོད་པར་འགྱུར་རོ་ཞེས་བྱ་བ་ནི། གལ་ཏེ་དེ་ལ་ཀུན་ནས་སློང་བ་ཆེན་པོ་ཡོད་ནའོ། །མི་འགྱུར་ཏེ། མི་ཤེས་པ་ནི་མ་གཏོགས་སོ། །ཞེས་བྱ་བ་ནི། འབོགས་པ་པོ་དང་ནོད་པ་

པོས་ཏེ། ཐེ་ཚོམ་ཟ་ནས་སྐྱབས་སུ་མི་འགྲོ་བ་ལ་ནི་དགེ་བསྙེན་གྱི་སྡོམ་པ་མེད་དོ། །བྱེད་པའི་ཆོས་ཞེས་བྱ་བ་ནི་སངས་རྒྱས་སུ་བཏགས་པའི་རྒྱུ་སྟེ། དེ་ཉིད་ཀྱི་ཕྱིར་གང་དག་གཙོ་བོར་གྱུར་པས་ཞེས་བྱ་བ་སྨོས་ཏེ་མངོན་དུ་གྱུར་པའི་སྒོ་ནས་སོ། །ཡང་ན་གང་དག་བརྙེས་པས་ཞེས་བྱ་བ་ནི་ཐོབ་པའི་སྒོ་ནས་ཏེ། ཐམས་

Vol. 145 · folio 33b

ཅད་དུ་ཐུགས་སུ་ཆུད་པས་རྟེན་ཏེ་སངས་རྒྱས་ཡིན་པར་འགྱུར་ཏེ། དེའི་ཕྱིར་ཆོས་དེ་དག་ནི་སངས་རྒྱས་སུ་བྱེད་པ་ཞེས་བྱའོ། །དེ་དག་གང་ཞེ་ན། ཟད་པ་ཤེས་པ་ལ་སོགས་པ་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་མི་སྐྱེ་བ་ཤེས་པ་དང་། མི་སློབ་པའི་ཡང་དག་པའི་ལྟ་བ་བསྡུའོ། །འཁོར་སྨོས་པས་ནི་ཟག་

པ་མེད་པའི་ཕུང་པོ་ལྔ་བསྡུའོ། །གཟུགས་ཀྱི་སྐུ་ནི་སྔ་མ་བྱང་ཆུབ་སེམས་དཔའི་གནས་སྐབས་དང་། ཕྱི་མ་སངས་རྒྱས་ཉིད་ཀྱི་གནས་སྐབས་སུ་བྱེ་བྲག་མེད་པའི་ཕྱིར་ཏེ། གཟུགས་ཀྱི་སྐུ་ལ་སྐྱབས་སུ་འགྲོ་བ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །མཚན་ཉིད་ཀྱི་སྒོ་ནས་ནི་སངས་རྒྱས་ཐམས་ཅད་ལ་ཞེས་བྱ་བ་ནི་བསམ་

པའི་སྒོ་ནས་མ་ཡིན་པ་སྟེ། དེ་ཉིད་ལ་རྒྱུ་ལམ་མཚན་ཉིད་མི་འདྲ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ལམ་སྨོས་པ་ནི་སྐུ་ཚེ་ལ་སོགས་པ་རྣམས་མཚན་ཉིད་མི་འདྲ་བའི་ཕྱིར་རོ། །མི་ཕྱེད་པའི་ཕྱིར་དགེ་འདུན་དུ་འགྱུར་རོ་ཞེས་བྱ་བ་ནི་ལྷ་དང་བཅས་པའི་འཇིག་རྟེན་

གྱིས་ཀྱང་ཆོས་ཉིད་ལས་མི་ཕྱེད་པའི་ཕྱིར་རོ། །ཅི་དགེ་འདུན་ཐམས་ཅད་ལ་ཞེས་བྱ་བ་ནི། འདས་པ་དང་མ་འོངས་པ་དང་ད་ལྟར་བ་དག་ལའོ། །ལམ་མཚན་ཉིད་མི་འདྲ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། ཡན་ལག་བརྒྱད་ཉིད་དང་། ཟག་པ་མེད་པ་ཉིད་དང་། ངེས་པར་འབྱིན་པ་ཉིད་དུ་ཁྱད་པར་

མེད་པའི་ཕྱིར་རོ། །གལ་ཏེ་དགེ་འདུན་ཐམས་ཅད་ལ་སྐྱབས་སུ་འགྲོ་ན་མདོ་ལས། བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་ནས། རིང་པོ་མ་ལོན་པར། མ་འོངས་པའི་དགེ་འདུན་གཅིག་པུའི་དབང་དུ་མཛད་ནས་གང་ཡང་མ་འོངས་པའི་དུས་ན་དགེ་འདུན་ཞེས་བྱ་བ་འབྱུང་

བར་འགྱུར་བ་དེ་ལ་ཡང་སྐྱབས་སུ་སོང་ཤིག་ཅེས་གང་གསུངས་པ་དེ་ཇི་ལྟར་ཞེ་ན། དེའི་ཕྱིར་གང་མདོ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དག་གི་མངོན་སུམ་ཞེས་བྱ་བ་ནི་ག་གོན་དང་བཟང་པོ་གཉིས་ཀྱི་མངོན་སུམ་འགྱུར་བའོ། །དགེ་འདུན་དཀོན་མཆོག་ཅེས་བྱ་བ་ནི། དགེ་འདུན་

དཀོན་མཆོག་གང་ཞིག་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཇུག་ཐོགས་སུ་འབྱུང་བར་འགྱུར་བ་དེ་སྟེ། བརྗོད་པའི་ཕྱིར་ཞེས་བྱ་བ་ནི། དེ་ལྟར་མཐུ་དང་ལྡན་པ་དེ་འབྱུང་བར་འགྱུར་རོ་ཞེས་ཡོན་ཏན་གྱི་སྒོ་ནས་གསལ་བར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཞི་བར་མཚན་ཉིད་གཅིག་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་

Vol. 145 · folio 34a

བ་ནི། བདག་དང་གཞན་གྱི་རྒྱུད་ཀྱི་ཉོན་མོངས་པ་དང་སྡུག་བསྔལ་དག་ཞི་བར་མཚན་ཉིད་ཐ་མི་དད་པའི་ཕྱིར་ན་གང་ཆོས་ལ་སྐྱབས་སུ་འགྲོ་བ་དེ་ནི་མྱ་ངན་ལས་འདས་པ་ཐམས་ཅད་ལ་སྐྱབས་སུ་འགྲོའོ། །རྟེན་ལ་གནོད་པར་བྱས་པས་ཞེས་བྱ་བ་ལ། རྟེན་ནི་གང་ན་སངས་རྒྱས་

སུ་བྱེད་པའི་ཆོས་མི་སློབ་པ་རྣམས་ཡོད་པས་གཟུགས་ཀྱི་སྐུ་སྟེ། དེ་ལ་གནོད་པར་བྱས་པ་ནི་འདིར་ཉམས་པར་བྱས་པ་ལ་མངོན་པར་འདོད་དོ། །དེ་དག་ལ་ཡང་གནོད་པ་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་རྟེན་ལ་གནོད་པ་བྱས་པས་བརྟེན་པ་ལ་ཡང་གནོད་པར་བྱས་པར་འགྱུར་བ་སྟེ། དཔེར་ན་མིག་ལ་གནོད་

པ་བྱས་པས་དེ་ལ་བརྟེན་པ་རྣམ་པར་ཤེས་པ་ལ་ཡང་གནོད་པ་བྱས་པར་འགྱུར་བ་བཞིན་ནོ། །དེ་སྐད་དུ་མི་འབྱུང་ངོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མི་སློབ་པའི་ཆོས་སངས་རྒྱས་ཡིན་ནོ་ཞེས་བྱ་བ་དེ་སྐད་དུ་ནི་མི་འབྱུང་ངོ་། །འོ་ན་ཅི་ཞེ་ན། སངས་རྒྱས་སུ་བྱེད་པ་ཞེས་བྱ་བ་འབྱུང་སྟེ། དེའི་ཕྱིར་

གལ་ཏེ་མི་སློབ་པའི་ཆོས་དག་ཁོ་ན་སངས་རྒྱས་ཡིན་ན་ཇི་ལྟར་དེ་བཞིན་གཤེགས་པ་ལ་ཞེས་རྒྱས་པར་གང་སྨྲས་པ་དེ་ནི་ཀླན་གར་མི་རུང་བ་ཉིད་དོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་མི་སློབ་པའི་ཆོས་ཁོ་ན་སངས་རྒྱས་ཡིན་ཞིང་། སློབ་པ་དང་མི་སློབ་པའི་ཆོས་དག་དགེ་འདུན་ཡིན་གྱི་རྟེན་

མ་ཡིན་ན་སྟེ། དེ་ལྟར་ན་འཇིག་རྟེན་པའི་སེམས་ལ་གནས་པ་སངས་རྒྱས་མ་ཡིན་ཞིང་། དགེ་འདུན་མ་ཡིན་པར་འགྱུར་རོ། །འདི་ལྟར་སློབ་པ་དང་མི་སློབ་པ་འཇིག་རྟེན་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཞིང་། འཇིག་རྟེན་པའི་སེམས་འབྱུང་བའི་གནས་སྐབས་སུ་སློབ་པ་དང་མི་སློབ་པའི་ཆོས་འབྱུང་བ་

ཡང་མ་ཡིན་ལ། གང་དག་ལ་ཡོད་པ་དེ་དག་ཀྱང་སངས་རྒྱས་སུ་བྱེད་པ་མ་ཡིན་ཞིང་། དགེ་འདུན་དུ་བྱེད་པ་མ་ཡིན་ནོ། །དགེ་སློང་དུ་བྱེད་པའི་ཚུལ་ཁྲིམས་ཁོ་ན་སྟེ་སྡོམ་པ་ཞེས་བྱ་བ་ཡང་དགེ་སློང་དུ་འགྱུར་གྱི་རྟེན་ནི་མ་ཡིན་ཏེ། དེ་ལྟ་ཡིན་དང་དགེ་སློང་ཚུལ་ཁྲིམས་དང་ལྡན་ནོ་ཞེས་ཐ་དད་ཀྱི་སྒོ་

ནས་སྟོན་པར་མི་འགྱུར་བ་ཞིག་ན། གང་ན་ཚུལ་ཁྲིམས་ཉིད་ཡོད་པ་དེ་ནི་དགེ་སློང་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡང་ཡིན་ནོ། །ཇི་ལྟར་གང་ཞིག་ཅེས་བྱ་བ་རྒྱས་པར་འབྱུང་སྟེ། གང་ཞིག་དགེ་སློང་མཆོད་པར་བྱེད་པ་དེ་དགེ་སློང་དུ་བྱེད་པའི་ཚུལ་ཁྲིམས་མཆོད་པར་བྱེད་དོ་ཞེས་ཚུལ་ཁྲིམས་ཀྱི་སྒོ་ནས་

Vol. 145 · folio 34b

དགེ་སློང་མཆོད་པར་བྱེད་དོ་ཞེས་བྱ་བ་ཡིན་གྱི་ཚུལ་ཁྲིམས་ཉིད་དགེ་སློང་ནི་མ་ཡིན་པ་དེ་བཞིན་དུ་མི་སློབ་པའི་ཆོས་ཀྱི་སྒོ་ནས་སངས་རྒྱས་ལ་སྐྱབས་སུ་འགྲོའོ། །མི་སློབ་པའི་ཆོས་ཉིད་ནི་སངས་རྒྱས་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རྟེན་ཡང་སངས་རྒྱས་ཡིན་ནོ། །གང་ཞིག་སངས་རྒྱས་ལ་སྐྱབས་སུ་

འགྲོ་བ་དེ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་སྐྱབས་སུ་འགྲོ་བ་ཡིན་ནོ་ཞེས་བྱ་བ་ནི། དེ་དག་ཐུན་མོང་མ་ཡིན་པའི་ཕྱིར་རོ་སྙམ་དུ་བསམ་པ་སྟེ། འདིས་ནི་ཆོས་ཀྱི་སྐུ་ཁོ་ན་སངས་རྒྱས་ཡིན་ནོ་ཞེས་བསྟན་ཏོ། །ཡང་སྐྱབས་དེ་དག་ཐ་དད་དུ་བྱ་བ་ནི་མི་སློབ་པ་ནི་སངས་རྒྱས་སོ། །སློབ་པ་

ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ནི་ཆོས་སོ། །སློབ་པ་དང་མི་སློབ་པ་ནི་དགེ་འདུན་ནོ། །དབང་པོ་བཅུ་པོ་ཡིད་དང་། བདེ་བ་དང་། ཡིད་བདེ་བ་དང་། བཏང་སྙོམས་དང་། དད་པ་ལ་སོགས་པ་ལྔ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོའི་ཕྱོགས་ནི་སངས་རྒྱས་སོ། །བཅུ་གཉིས་

ཀྱི་ཕྱོགས་ནི་དགེ་འདུན་ཏེ། གོང་དུ་བཤད་པ་བཅུ་དང་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་བསྣན་ཏེ་བཅུ་གཉིས་སུ་འགྱུར་རོ། །མྱ་ངན་ལས་འདས་པ་ནི་དབང་པོ་མ་ཡིན་ནོ། །ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དག་ཡིན་ནོ་ཞེས་བྱ་བ་ནི་ནོད་པའི་དུས་ཀྱི་དབང་དུ་བྱས་

ནས་ཡིན་ཏེ། ཁས་ལེན་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །འཁོར་དང་བཅས་ན་ནི་ཕུང་པོ་ལྔའི་རང་བཞིན་ཡིན་ཏེ། སེམས་ཀྱིས་ཀུན་ནས་བསླང་བའི་ཚིག་གིས་སྐྱབས་སུ་འགྲོའི། སེམས་མེད་པར་ནི་མ་ཡིན་ནོ། །དེ་ལ་བརྟེན་ནས་སྡུག་བསྔལ་ཐམས་ཅད་ལས་གཏན་དུ་ངེས་པར་

ཐར་པའི་ཕྱིར་རོ་ཞེས་བྱ་བ་ལ། སྐྱབས་སུ་འགྲོ་བ་ནི་ཡང་དག་པར་བསྒྲུབ་པའི་ས་བོན་ཡིན་ལ། ཡང་དག་པར་བསྒྲུབ་པ་ནི་བདེན་པ་མཐོང་བ་སྟེ། དེ་ལྟར་འཁོར་བའི་སྡུག་བསྔལ་དཔག་ཏུ་མེད་པ་ལྡོག་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ནི་དེ་ཉིད་བསྟན་པའི་ཕྱིར་བཅོམ་ལྡན་འདས་

ཀྱིས་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི། གང་གི་ཕྱིར་སྐྱབས་དེ་ལ་བརྟེན་ནས་སྡུག་བསྔལ་ཐམས་ཅད་ལས་རབ་ཏུ་གྲོལ་བའི་ཕྱིར་རོ། །སྐྱབས་སུ་འགྲོ་བ་འདི་ནི་གང་དག་སྐྱབས་སུ་སོང་བ་བཞིན་དུ་སྐྱེ་བ་དེ་ཉིད་ལ་བདེན་པ་མཐོང་བའམ། ངན་སོང་དུ་འགྲོ་བ་དེ་དག་

Vol. 145 · folio 35a

གི་ཡང་སྐྱེ་བ་གཞན་དུ་བདེན་པ་མཐོང་བའི་ས་བོན་ཡིན་པས་འཁྲུལ་པ་མེད་དོ། །སྒོར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི། སྒོ་དང་ཐབས་དང་རྒྱུ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཤིན་ཏུ་སྨད་ཕྱིར་ཞེས་བྱ་བ་ལ། གཞན་དག་གི་ཆུང་མ་སུན་འབྱིན་པའི་ཕྱིར་འཇིག་རྟེན་པ་དག་གིས་སྨད་པ་

ཡིན་ལ། ངན་སོང་བའི་རྒྱུ་ཡིན་པའི་ཕྱིར་ཡོངས་སུ་དཔྱོད་པ་པོ་དག་གིས་སྨད་པའོ། །མི་ཚངས་པར་སྤྱོད་པ་ནི། དེ་ལྟར་འཇིག་རྟེན་པ་དང་ཡོངས་སུ་རྟོག་པ་པོ་དག་གིས་ཤིན་ཏུ་སྨད་པ་མ་ཡིན་ནོ། །མི་ཚངས་པར་སྤྱོད་པ་ལས་ནི་དཀའ་བའི་ཕྱིར་ཞེས་བྱ་བ་ནི། སྔོན་གོམས་པའི་དབང་གིས་ཏེ་པོར་ཉོན་

མོངས་པ་ཀུན་ཏུ་སྦྱོར་བའི་ཕྱིར་དང་། ཉེས་པར་སྤྱོད་པ་དང་མཐུན་པའི་རྐྱེན་ཉེ་བའི་ཕྱིར་རོ། །འདོད་པས་ལོག་པར་གཡེམ་པར་མི་བྱེད་པའི་སྡོམ་པ་འཐོབ་ཀྱི་ཞེས་བཤད་ན། དེ་ནི་མི་ཤེས་སོ་ཞེ་ན། མི་བྱེད་པར་ངེས་པ་ནི་མི་བྱེད་པའི་སྡོམ་པའོ་ཞེས་བྱ་བ་སྨོས་ཏེ། མི་བྱེད་པའི་ཕྱིར་སྡོམ་པ་ནི་མི་བྱེད་

པའི་སྡོམ་པའོ། །མི་བྱེད་པར་ངེས་པ་ནི་མི་བྱེད་པ་སྟེ། མི་བྱེད་པའི་ཕྱིར་ངེས་ཤིང་གཅིག་ཏུ་ངེས་པ་གང་ཡིན་པ་སྟེ། དེ་ནི་མདོ་སྡེ་པའི་ཚུལ་དུ་མི་བྱེད་པའི་སྡོམ་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལྟར་ན་ནི་ཚུལ་ཁྲིམས་ཀྱི་ཡན་ལག་རྣམ་པར་རིག་བྱེད་མ་ཡིན་པ་ཡིན་ནོ། །ཆུང་མ་ལེན་པར་བྱེད་

ན་ཞེས་བྱ་བ་ལ། གང་དག་བསླབ་པའི་གཞི་ལྔ་ནོད་བཞིན་དུ་ཆུང་མ་ལེན་པར་བྱེད་ན་ཅི་དགེ་བསྙེན་དེ་དག་གིས་བུད་མེད་དེ་དག་ལས་ཀྱང་སྡོམ་པ་འཐོབ་པའམ། འོན་ཏེ་མ་ཡིན་ཏེ་ཐོབ་པ་མ་ཡིན་ཞེས་བྱ་བ་སྐབས་དང་སྦྱར་རོ། །སྨྲས་པ་འཐོབ་པོ། །ཉི་ཚེ་བའི་སྡོམ་པ་འཐོབ་པར་འགྱུར་དུ་འོང་བས་

ཞེས་བྱ་བ་ནི། སྡོམ་པ་ནི་སེམས་ཅན་ཐམས་ཅད་ཀྱི་རྟེན་ཅན་ཡིན་པའི་ཕྱིར་ཡན་ལག་མ་ཡིན་པར་རིག་པར་བྱེད་པ་ལ་སོགས་པར་རང་གི་ཆུང་མ་ལས་ཀྱང་ཐོབ་པོ། །རྒྱུད་འདི་ལ་ཞེས་བྱ་བ་ནི་ཆུང་མར་མ་བླངས་པའི་བུད་མེད་ལའོ་ཞེས་བྱ་བ་ནི་ཆུང་མར་མ་བླངས་པའི་བུད་མེད་དེའི་འོ། །གང་གི་ཚེ་དེ་ཆུང་

མར་བླངས་པར་གྱུར་པ་དེའི་ཚེ་ཆུང་མར་གྱུར་པ་ལ་སྡོམ་པ་ཉམས་པ་མེད་དོ་ཞེས་བྱ་བ་ནི་དེའི་ཚེ་གཞན་གྱིས་ཡོངས་སུ་བཟུང་བ་མེད་པའི་ཕྱིར་ཐོབ་པར་གྱུར་པའི་རྫས་ལོངས་སྤྱོད་པ་ལྟར་སྡོམ་པ་ཉམས་པ་མེད་དོ། །བརྫུན་སྨྲ་ཤིན་ཏུ་སྨད་ཕྱིར་དང་། །ཞེས་བྱ་བ་ནི་གཞན་སླུ་བའི་ཕྱིར་དང་ངན་སོང་གི་རྒྱུ་ཡིན་

Vol. 145 · folio 35b

པའི་ཕྱིར་འཇིག་རྟེན་པ་དང་ཡོངས་སུ་དཔྱོད་པ་བོ་དག་གིས་ཕྲ་མ་ལ་སོགས་པ་དག་པས་བརྫུན་དུ་སྨྲ་བ་ཤིན་ཏུ་སྨད་པ་ཡིན་ནོ། །ཁྱིམ་ན་གནས་པས་སེམས་ཅན་ལོག་པར་བསྒྲུབ་པ་རྣམས་ལ་ཕྲ་མ་ལ་སོགས་པ་སྤོང་བ་དཀའི་བརྫུན་དུ་སྨྲ་བ་ལ་སོགས་པ་སྤོང་བ་ནི་མ་ཡིན་ནོ། །བཅས་པའི་ཁ་ན་མ་ཐོ་བ་ཞེས་བྱ་བ་ནི་

བཀག་པའི་ཁ་ན་མ་ཐོ་བ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་བསྲུང་ཕྱིར་རོ་ཞེས་བྱ་བ་ལ་ཆང་འཐུངས་ནས་སྲོག་གཅོད་པ་ལ་སོགས་པ་དག་ལ་ཡང་འཇུག་པར་འགྱུར་ཏེ། གང་གི་ཕྱིར་དྲན་པ་དང་ཤེས་བཞིན་འཇོམས་པར་བྱེད་པའི་ཕྱིར་རང་བཞིན་གྱིས་ཁ་ན་མ་ཐོ་བ་རྣམས་ཀྱི་ཡང་རྒྱུར་གྱུར་པ་ཡིན་ནོ། །གཉེན་

པོའི་བློ་ཁོ་ནས་ཞེས་བྱ་བ་ནི་སྨན་པའི་ངག་གིས་སོ། །གང་མྱོས་པར་འགྱུར་བ་ཡིན་པར་ཤེས་ནས་ངོ་ཚ་མེད་པར་འཐུང་བ་འམ། གང་ཁ་ན་མ་ཐོ་བ་དང་བཅས་པ་ལ་ཁ་ན་མ་ཐོ་བ་མེད་དོ་སྙམ་པའི་སེམས་དེ་ཉིད་ཉོན་མོངས་པ་ཅན་ཡིན་ནོ། །གང་མྱོས་པར་མི་འགྱུར་བའི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ།

གང་སྐྱོན་བསལ་བར་བྱ་བའི་ཕྱིར་སྨན་པའི་ངག་གིས་དུག་ལྟར་མྱོས་པར་མི་འགྱུར་བའི་དྲོད་རིག་ནས་འཐུང་བ་དེ་ནི་ཉོན་མོངས་པ་ཅན་མ་ཡིན་ལ། གང་དག་ཇི་ལྟར་ན་དགའ་བར་འགྱུར་སྙམ་སྟེ་མྱོས་པར་བྱ་བའི་ཕྱིར་འཐུང་བ་དེ་དག་གི་སེམས་དེ་ནི་ཉོན་མོངས་པ་ཅན་ཡིན་ནོ། །ཡང་ཁྱད་པར་དུ་ཆང་འཐུང་བ་ཉེས་

པར་སྤྱོད་པ་ཉིད་དུ་བསྒྲུབ་པའི་ཕྱིར་འདུལ་བ་འཛིན་པ་རྣམས་ན་རེ། མྱོས་པར་འགྱུར་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་གྱི་ཞེས་སྨྲས་སོ། །གལ་ཏེ་མྱོས་པར་འགྱུར་བ་རང་བཞིན་གྱིས་ཁ་ན་མ་ཐོ་བ་མ་ཡིན་ན་ནི་མྱོས་པར་འགྱུར་བ་དང་། འཕྲོད་པའི་ཤཱཀྱ་ནད་པ་རྣམས་ལ་གནང་བར་འགྱུར་བ་ཞིག་ན།

གནང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་གྱི། སྲོག་ཆགས་གསོད་པ་ལ་སོགས་པ་བཞིན་ནོ། །གང་ཞིག་འཕགས་པ་རྣམས་ཀྱིས་ཚེ་རབས་གཞན་དུ་མི་བྱེད་པའི་སྡོམ་པ་ཐོབ་པ་དེ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་ཏེ། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ལ་སོགས་

པ་བཞིན་ནོ། །ལུས་ཀྱི་ཉེས་པར་སྤྱོད་པ་ཞེས་ཀྱང་འབྱུང་བའི་ཕྱིར་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་ཏེ། དེ་ལས་གཞན་པའི་ལུས་ཀྱི་ཉེས་པར་སྤྱོད་པ་བཞིན་ནོ། །ལུས་ཀྱི་ཉེས་པར་སྤྱོད་པ་ནི་རྣམ་པ་བཞི་གསུངས་ཏེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་

Vol. 145 · folio 36a

གཡེམས་པ་དང་། མྱོས་པར་འགྱུར་བ་འཐུང་བའོ། །སྤྱིར་བསྟན་མོད་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཐུན་མོང་དུ་བསྟན་མོད་ཀྱི། བཙུན་པ་ཇི་ལྟར་བྲོ་གཡོག་བགྱི། །རང་བཞིན་གྱིས་ཁ་ན་མ་ཐོ་བ་མ་གཏོགས་པ་ཞེས་བྱ་བ་འདི་ནི་སྤྱིར་བསྟན་པ་ཡིན་ལ། ཤཱཀྱ་ནད་པ་རྣམས་ལ་

ནི་དམིགས་ཀྱིས་བསལ་བ་ཡིན་ཏེ། འདིས་ནི་བཅོམ་ལྡན་འདས་ཀྱི་བཀའ་ལ་སྔ་ཕྱིའི་འགལ་བ་སྤངས་པ་མ་ཡིན་ཏེ། ཐལ་བར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་ཞེས་བྱ་བ་ལ་ཆང་ནི་ལན་ཅིག་འཐུངས་ཀྱང་ཞེན་པ་ཅན་དུ་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་གནས་གསུམ་པོ་ཆང་དང་། མི་ཚངས་

པར་སྤྱོད་པ་དང་། རྨུགས་པ་དང་། གཉིད་བསྟེན་པ་ནི་ཚིམ་པ་མེད་དོ་ཞེས་གསུངས་སོ། །གང་དག་ཕྱིར་བཅོ་བའི་ཕྱིར་མྱོས་པར་མི་འགྱུར་བའི་ཚད་དུ་འཐུང་བ་ཁ་ཅིག་ཡོད་པ་དེ་དག་ལ་ཅིའི་ཕྱིར་མ་གནང་ཞེ་ན། དེའི་ཕྱིར་མྱོས་པར་འགྱུར་བའི་དྲོད་མ་ངེས་པས་ཞེས་བྱ་བ་སྨོས་ཏེ། ཚད་དེ་ཉིད་རྫས་

དང་དུས་དང་རང་བཞིན་དང་ལུས་ཀྱི་གནས་སྐབས་ལ་ལྟོས་ནས་མྱོས་པར་འགྱུར་བ་ཡང་ཡིན་ལ། མྱོས་པར་མི་འགྱུར་བ་ཡང་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྩྭའི་རྩེ་མོས་འཐུང་བ་བཀག་པ་ཡིན་ནོ་ཞེས་བྱ་བ་ནི། ཐལ་བར་འགྱུར་བ་སྤང་བའི་ཕྱིར་རྩྭའི་རྩེ་མོས་འཐུང་བ་བཀག་པ་ཡིན་ཏེ། དེ་ལྟར་ན་

ནི་ཐལ་བར་འགྱུར་བ་ཉིད་གཅོད་པ་ཡིན་ནོ། །འཕགས་པ་རྣམས་མི་སྤྱོད་པ་ནི་ངོ་ཚ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ནི། མདོ་ལས་སྟོབས་ལྔ་འབྱུང་སྟེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། ངོ་ཚ་ཤེས་པའི་སྟོབས་དང་། ཁྲེལ་ཡོད་པའི་སྟོབས་དང་། ཤེས་རབ་ཀྱི་

སྟོབས་ཞེས་བྱ་བ་ཡིན་ནོ། །དེའི་ཕྱིར་ངོ་ཚ་དང་ལྡན་པའི་ཕྱིར་མི་འཐུང་བར་ཟད་དོ། །ངོ་ཚ་དང་ལྡན་པ་དག་གིས་བཏུང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ་རྒྱུ་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར་དེས་ཀྱང་དྲན་པ་ཉམས་པར་བྱེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། ཆང་འཐུང་བ་ནི་བྱ་བ་དང་བྱ་བ་མ་ཡིན་པའི་དྲན་པ་

ཉམས་པར་འགྱུར་རོ། །གལ་ཏེ་དེ་ལྟར་ན་ཇི་ཙམ་གྱིས་དྲན་པ་ཉམས་པར་མི་འགྱུར་བ་ཅུང་ཟད་ཅིག་ཅི་སྟེ་མི་འཐུང་ཞེ་ན། དེའི་ཕྱིར་ཅུང་ཟད་ཀྱང་མི་གསོལ་ཏེ། དུག་བཞིན་དུ་མ་ངེས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དཔེར་ན་དུས་དང་རང་བཞིན་དང་མཐུ་དང་ལྡན་པ་དུག་ཆུང་ངུས་ཀྱང་

Vol. 145 · folio 36b

རེས་འགའ་འཆི་བར་བྱེད་པ་དེ་བཞིན་དུ་ཆང་ཡང་མྱོས་པར་བྱེད་དོ། །ཉེས་པར་སྤྱོད་པ་ཞེས་འབྱུང་བ་ནི། བག་མེད་པའི་གནས་ཡིན་པའི་ཕྱིར་ཏེ། རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར་ནི་མ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ཉིད་ཀྱི་ཕྱིར་འདི་ལ་ཞེས་བྱ་བ་ནི་བསླབ་པའི་གཞི་འདི་ལ་

འབྲུའི་ཆང་དང་སྦྱར་བའི་ཆང་བག་མེད་པའི་གནས་སྤངས་ཏེ་ཞེས་སྨོས་སོ། །གཞན་ལ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་སྲོག་གཅོད་པ་སྤོང་བ་ལ་སོགས་པ་དག་ལའོ། །མ་སྨོས་པའི་རྒྱུ་བཤད་པ་ནི་དེ་དག་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར་རོ། །ཧ་ཅང་ཀུན་ཏུ་བསྟེན་པས་ཞེས་བྱ་བ་རྒྱས་པར་འབྱུང་

བ་ནི་བཅོམ་ལྡན་འདས་ཀྱིས་མདོ་ལས། འབྲུའི་ཆང་དང་སྦྱར་བའི་ཆང་བག་མེད་པའི་གནས་ཀུན་ཏུ་བསྟེན་ཅིང་གོམས་པར་བྱས། ལན་མང་དུ་བྱས་པས་ལུས་ཞིག་ནས་དམྱལ་བ་དག་ཏུ་སྐྱེའོ་ཞེས་གསུངས་སོ། །འཕེན་པ་ནི་སྔོན་མེད་པའོ། །སྔོན་བསགས་པ་ནི་འཇུག་པ་ཐོབ་པའི་ཕྱིར་

ཏེ། འཆི་བའི་གནས་སྐབས་སུ་འཇུག་པ་ཐོབ་པའི་ཕྱིར་རོ། །འབྲུའི་ཆང་ནི་ཟས་སྦྱར་བའི་བཏུང་བའོ་ཞེས་བྱ་བ་ནི་འབྲས་ཐུག་པོ་ཆེ་ལ་སོགས་པ་ལས་བྱས་པའོ། །རྫས་ལས་བྱས་པའི་བཏུང་བའོ་ཞེས་བྱ་བ་ནི་བུ་རམ་ཤིང་གི་ཁུ་བ་ལ་སོགས་པ་ལས་བྱས་པའོ། །དེ་དག་ཀྱང་ཞེས་བྱ་བ་

རྒྱས་པར་འབྱུང་སྟེ། འབྲུའི་ཆང་དང་སྦྱར་བའི་ཆང་དག་ཀྱང་རེས་འགའ་མྱོས་པར་འགྱུར་བའི་དངོས་པོར་མ་རེད་པ་ནི། གང་གི་ཚེ་གཞོན་ནུར་འདུག་པ་ནའོ། །རེས་འགའ་ནི་མྱོས་པར་འགྱུར་བའི་དངོས་པོ་ལས་ཡལ་བ་ནི་གང་གི་ཚེ་ཧ་ཅང་རྙིངས་ཤིང་རྩར་གྱུར་པ་ནའོ། །དེའི་ཕྱིར་མྱོས་

པར་འགྱུར་བ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་མྱོས་པར་འགྱུར་ན་ནི། དེའི་ཕྱིར་ཉེས་པ་ཡིན་ནོ་སྙམ་དུ་དགོངས་སོ། །གླ་གོར་ཞོ་ཤ་དང་ཁྲེ་ལ་སོགས་པ་ཡང་ཞེས་བྱ་བ་ནི། མྱོས་པར་འགྱུར་དུ་ཟིན་ཀྱང་དགེ་བསྙེན་ལ་ཉེས་པ་མེད་པས་འབྲུའི་ཆང་དང་སྦྱར་བའི་ཆང་ཞེས་བྱ་བ་སྨོས་སོ། །བག་

མེད་པ་ཐམས་ཅད་ཀྱི་གནས་སུ་གྱུར་པས་ཞེས་བྱ་བ་ནི། བརྗེད་ངས་པའི་བག་མེད་པ་དང་། སྲོག་གཅོད་པ་ལ་སོགས་པ་མི་དགེ་བ་ཐམས་ཅད་ཀྱི་གནས་དང་གཞི་དང་རྟེན་ཞེས་བྱ་བའི་ཐ་ཚིག་གོ། །བྱ་བ་ལ་ལྟོས་པ་མེད་པར་བྱ་བ་མ་ཡིན་པ་ལ་གཞོལ་བ་ཉིད་ནི་བག་མེད་པ་སྟེ། དེའི་རྒྱུ་ནི་

Vol. 145 · folio 37a

བག་མེད་པའི་གནས་སོ། །གང་ལས་གཅིག་འཐོབ་པ་ཞེས་བྱ་བ་ལ། དྲི་བའི་དོན་ནི་ལས་སྦྱོར་བ་དང་དངོས་དང་མཇུག་རྣམས་དང་། སེམས་ཅན་དང་སེམས་ཅན་མ་ཡིན་པར་སྟོན་པའི་གཞི་དག་དང་། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དག་ལས་ཞེས་བྱ་བའོ། །

སྦྱོར་བ་དང་དངོས་དང་མཇུག་ལས་སོ་ཞེས་བྱ་བ་ནི་ལས་ཀྱི་ལམ་རྣམས་ཀྱི་ཞེས་བྱ་བར་སྦྱར་ཏེ། མི་དགེ་བའི་ལས་ཀྱི་ལམ་རྣམས་ཀྱི་སྦྱོར་བ་དང་། དངོས་དང་མཇུག་དག་ལས་ཅི་རིགས་པར་དེ་དག་གི་གཉེན་པོར་གྱུར་པ་སོ་སོར་ཐར་པའི་སྡོམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་དག་སྐྱེའོ། །སེམས་

ཅན་དང་སེམས་ཅན་མ་ཡིན་པར་སྟོན་པ་ཞེས་བྱ་བ་ནི་གཞིའོ། །རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་ལས་སོ་ཞེས་བྱ་བ་ནི་ལས་དག་ལས་ཏེ། འདི་ནི་རེ་རེ་དང་སྦྱར་བར་བྱའོ། །རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡང་སེམས་ཅན་གྱི་རྟེན་ཅན་དང་། སེམས་ཅན་མ་ཡིན་པའི་རྟེན་ཅན་ཡིན་ལ། བཅས་

པའི་ཁ་ན་མ་ཐོ་བ་ཡང་སེམས་ཅན་གྱི་རྟེན་ཅན་དང་སེམས་ཅན་མ་ཡིན་པའི་རྟེན་ཅན་ཡིན་ནོ། །དེ་ལ་རང་བཞིན་གྱིས་ཁ་ན་མ་ཐོ་བ་སེམས་ཅན་གྱི་རྟེན་ཅན་ནི་སྲོག་ཆགས་གསོད་པ་ལ་སོགས་པའོ། །རང་བཞིན་གྱིས་ཁ་ན་མ་ཐོ་བ་སེམས་ཅན་མ་ཡིན་པའི་རྟེན་ཅན་ནི་ས་ལེ་སྦྲམ་ལ་སོགས་པ་རྐུ་

བའོ། །བཅས་པའི་ཁ་ན་མ་ཐོ་བ་སེམས་ཅན་དུ་སྟོན་པའི་རྟེན་ཅན་གང་ཡིན་ཞེ་ན། ཁྱིམ་ན་ལྷན་ཅིག་ཉལ་བ་ལ་སོགས་པའོ། །བཅས་པའི་ཁ་ན་མ་ཐོ་བ་སེམས་ཅན་མ་ཡིན་པའི་རྟེན་ཅན་ནི་རྩྭ་གཅོད་པ་ལ་སོགས་པའོ། །སེམས་ཅན་གྱི་རྟེན་ཅན་ལ་འཇུག་པའི་ཕྱིར་ཞེས་བྱ་བ་འབྱུང་

ངོ་། །གལ་ཏེ་འདས་པ་དང་མ་འོངས་པ་ལས་ཀྱང་ཐོབ་ན་ནི། དེ་ལྟར་ན་སྲོག་གཅོད་པ་ལ་སོགས་པ་སྤོང་བའི་རང་བཞིན་གང་ཞིག་སེམས་ཅན་དུ་སྟོན་པ་རྣམས་ལས་ཐོབ་པ་དེ་ཉིད་སེམས་ཅན་དུ་སྟོན་པ་མ་ཡིན་པ་རྣམས་ལས་ཀྱང་ཐོབ་པར་འགྱུར་བས་འཆོལ་བར་འགྱུར་རོ། །གལ་ཏེ་ཡང་སོ་སོར་

ཐར་པའི་སྡོམ་པ་སེམས་ཅན་དུ་སྟོན་པ་ཡང་མ་ཡིན་པའི་རྟེན་ཅན་ཡང་ཡོད་མོད་ཀྱི། དེ་ནི་སེམས་ཅན་གྱི་རྟེན་ཅན་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ད་ལྟར་བདག་ཁོ་ན་ལས་འཐོབ་པས་སེམས་ཅན་གྱི་རྟེན་ཅན་ཞེས་བསྙད་ཀྱི། དེ་ནི་སེམས་ཅན་མ་ཡིན་པའི་རྟེན་ཅན་ཉིད་ཡིན་པ་འགོག་

Vol. 145 · folio 37b

པ་ནི་མ་ཡིན་ནོ། །ཡང་སེམས་ཅན་གྱི་རྟེན་ཅན་གཙོ་བོ་ཡིན་པའི་ཕྱིར་དང་། ཅིག་ཤོས་ནི་དེའི་ཡན་ལག་ཏུ་ཉེ་བར་བླངས་པའི་ཕྱིར་སེམས་ཅན་གྱི་རྟེན་ཅན་ཞེས་བསྟན་ཏོ། །སྦྱོར་བ་དང་མཇུག་ལས་ཀྱང་མ་ཡིན་ན་ཞེས་བྱ་བ་ནི། མཉམ་པར་གཞག་པའི་གནས་སྐབས་ཁོ་ནར་དངོས་

གཞི་ཡོད་པའི་ཕྱིར་དང་། མཉམ་པར་མ་བཞག་པའི་གནས་སྐབས་ན་སྡོམ་པ་མེད་པའི་ཕྱིར་རོ། །བཅས་པའི་ཁ་ན་མ་ཐོ་བ་ལས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི། ཁས་བླངས་པ་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །དུས་ཐམས་ཅད་ཅེས་བྱ་བ་རྒྱས་པར་འབྱུང་བ་ནི། དེ་དག་ཀྱང་ལྷན་

ཅིག་འབྱུང་བའི་སེམས་བཞིན་དུ་འདས་པ་དང་མ་འོངས་པའི་སྡོམ་པ་གཉིས་ཀྱང་འཐོབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གང་གི་ཕྱིར་སོ་སོར་ཐར་པའི་སྡོམ་པ་ད་ལྟར་བ་ཁོ་ན་དང་། དངོས་ལྟར་སྦྱོར་བ་དང་མཇུག་དང་རང་བཞིན་གྱིས་ཁ་ན་མ་ཐོ་བ་ལྟར་བཅས་པའི་ཁ་ན་

མ་ཐོ་བ་དག་ལས་ཀྱང་འཐོབ་ལ། བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་གཉིས་ཁོ་ན་ཡིན་གྱི་ད་ལྟར་བ་བཞིན་དུ་འདས་པ་དང་མ་འོངས་པ་དག་ལས་ཀྱང་འཐོབ་པའི་ཕྱིར་རོ། །མུ་དང་པོ་ནི་སྲོག་གཅོད་པ་ལ་སོགས་པའི་ལས་ཀྱི་ལམ་གྱི་སྦྱོར་བ་དང་མཇུག་ད་ལྟར་བ་དང་། ཤིང་གཅོད་པ་ལ་

སོགས་པ་བཅས་པའི་ཁ་ན་མ་ཐོ་བ་ལས་སོ་སོར་ཐར་པའི་སྡོམ་པ་གཉིས་ཁོ་ན་ཐོབ་པ་སྟེ། ཐམས་ཅད་གཉིས་ཀ་དང་ཞེས་འབྱུང་བའི་ཕྱིར་རོ། །གཉིས་པ་ནི་འདས་པ་དང་མ་འོངས་པའི་ལས་ཀྱི་ལམ་དངོས་སྲོག་གཅོད་པ་ལ་སོགས་པ་ལུས་ཀྱི་དང་ངག་གི་བདུན་པོ་དག་ལས་ཐོབ་པའི་སྡོམ་པ་གང་

ཡིན་པ་སྟེ། དེ་ནི་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་གཉིས་ཁོ་ན་ཡིན་གྱི། སོ་སོར་ཐར་པའི་སྡོམ་པ་ནི་མ་ཡིན་ཏེ། དེ་ནི་ད་ལྟར་བ་ཁོ་ན་ལས་འཐོབ་པའི་ཕྱིར་རོ། །གསུམ་པ་ནི་ད་ལྟར་བྱུང་བའི་ལས་ཀྱི་ལམ་དངོས་དག་ལས་སོ་ཞེས་བྱ་བ་ལ། ད་ལྟར་བྱུང་བའི་ཕྱིར་ན་སོ་སོར་ཐར་པའི་

སྡོམ་པ་འཐོབ་པོ། །དངོས་ཡིན་པའི་ཕྱིར་ན་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་གཉིས་འཐོབ་བོ། །བཞི་པ་ནི་འདས་པ་དང་མ་འོངས་པའི་ཉེར་བསྡོགས་དང་མཇུག་དག་ལས་སོ་ཞེས་བྱ་བ་ལ། འདས་པ་དང་མ་འོངས་པ་ཡིན་པའི་ཕྱིར་ན་སོ་སོར་ཐར་པའི་སྡོམ་པ་ཡང་མི་འཐོབ་ལ།

Vol. 145 · folio 38a

ཉེར་བསྡོགས་དང་མཇུག་ཡིན་པའི་ཕྱིར་ན་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་ཀྱང་མ་ཡིན་ནོ། །སློབ་དཔོན་གྱིས་མུ་གསུམ་པ་མི་སྲིད་པར་གཟིགས་ནས་སྡོམ་པ་འཐོབ་པའི་ཚེ་ན་ད་ལྟར་གྱི་ལས་ཀྱི་ལམ་རྣམས་མེད་པས་ཞེས་བྱ་བ་སྨོས་ཏེ། བྱ་བའི་དུས་

ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །དེའི་ཕྱིར་ད་ལྟར་གྱི་གཞི་ཅན་ལས་ཞེས་བརྗོད་པར་བྱ་སྟེ། དངོས་པོ་གང་ལས་སྤོང་བ་དེ་ད་ལྟར་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་མུ་འདི་མི་སྲིད་པར་འགྱུར་རོ། །མུ་གཉིས་པ་ཇི་ལྟར་མི་སྲིད་པ་དེ་ལྟར་བཤད་པ་ནི། མ་འོངས་པ་རྣམས་ཁོ་ན་ལ་སྡོམ་པ་

རུང་གི་ཞེས་བྱ་བ་སྟེ། འདས་པ་རྣམས་ནི་བརྗོད་པ་མེད་པའི་ཕྱིར་རོ། །ལ་ལ་ནི་གཞི་ལས་ཏེ། དེ་ལས་གཞན་པའོ་ཞེས་པ་ལ། དགེ་སློང་གི་སྡོམ་པ་ལས་གཞན་རྣམ་པ་གསུམ་བསྡུ་སྟེ། ལུས་ཀྱི་གསུམ་དང་། ངག་གི་བརྫུན་དུ་སྨྲ་བ་ཁོ་ན་སྤོང་བ་ཡན་ལག་ཏུ་རྣམ་པར་གཞག་

གོ། །མ་ཆགས་པ་དང་ཞེ་སྡང་མེད་པ་དང་གཏི་མུག་མེད་པ་ནི་དགེ་བའི་སེམས་ཐམས་ཅད་ལ་ལྷན་ཅིག་འབྱུང་ལ་སེམས་ཆུང་ངུ་དང་འབྲིང་དང་ཆེན་པོ་དག་ནི་རྣམ་གྲངས་ཀྱིས་འབྱུང་གི་ཅིག་ཅར་མ་ཡིན་པས་དེའི་ཕྱིར་རྒྱུ་ལས་ཀྱང་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྡོམ་པ་ལ་གནས་པ་ཞེས་བྱ་བ་ནི་ཐམས་

ཅད་ལ་དབང་དུ་བྱས་པར་རིག་པར་བྱའོ། །ཡན་ལག་ཐམས་ཅད་ཀྱི་མ་ཡིན་པ་ནི་བསྙེན་གནས་དང་། དགེ་བསྙེན་དང་། དགེ་ཚུལ་གྱི་སྡོམ་པ་དག་ལ་ཕྲ་མ་དང་ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་སྤོང་བ་རྣམས་མི་སྲིད་པའི་ཕྱིར་རོ། །རྒྱུ་ཐམས་ཅད་ཀྱི་མ་ཡིན་པ་ཞེས་བྱ་བ་ནི། སེམས་ཆུང་ངུ་ལ་

སོགས་པ་རྣམས་ལས་སེམས་གང་ཡང་རུང་བ་ཞིག་གིས་དགེ་བསྙེན་གྱི་སྡོམ་པའམ། བསྙེན་གནས་ཀྱི་སྡོམ་པའམ། དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་ལེན་པ་གང་ཡིན་པ་དེའོ། །སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བ་ནི་སེམས་ཅན་ཐམས་ཅད་ལ་དམིགས་པའོ། །སེམས་དགེ་བ་ནི་

གནོད་པ་མེད་པའི་སེམས་སམ་ཕན་འདོགས་པའི་སེམས་ཏེ། ལོག་པར་མ་ཞུགས་པའི་ཕྱིར་དགེ་བ་ཞེས་བྱའོ། །སྡིག་པའི་བསམ་པ་དང་མ་བྲལ་བའི་ཕྱིར་རོ་ཞེས་བྱ་བ་ནི། གནོད་པའི་བསམ་པ་དང་མ་བྲལ་བའི་ཕྱིར་རོ། །ཡན་ལག་ཆེ་གེ་མོ་ཞིག་ལས་ཞེས་བྱ་བ་ནི་ཡན་ལག་ངེས་པའོ་

Vol. 145 · folio 38b

ཞེས་བྱ་བ་ནི། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཞེས་བྱ་བའི་སྡོམ་པ་ངེས་པར་ཕྱེ་ནས་སོ། །ཇི་ལྟར་མི་ནུས་པ་དག་ལས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་ཞིག་གང་དག་གི་སྲོག་དང་ལོངས་སྤྱོད་དང་ཆུང་མ་འཕྲོག་པར་མི་ནུས་པ་དེ་ལ་དེ་དག་གི་ཡུལ་ཅན་སྲོག་གཅོད་པ་ལ་སོགས་པ་མི་

སྲིད་པས་དེ་དག་ལས་སྲོག་གཅོད་པ་ལ་སོགས་པ་སྤོང་བའི་བདག་ཉིད་ཀྱི་སྡོམ་པ་མི་རུང་ངོ་སྙམ་དུ་སེམས་སོ། །སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་མི་གནོད་པའི་བསམ་པ་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ལ་མི་གནོད་པའི་བསམ་པ་ཁྱད་པར་མེད་པའི་

ཕྱིར་ནུས་པ་དག་བཞིན་དུ་མི་ནུས་པ་དག་ལས་ཀྱང་འཐོབ་བོ། །ནུས་པ་དང་མི་ནུས་པ་རྣམས་ནི་ཞེས་བྱ་བ་ལ། ནུས་པ་ནི་མི་ལ་སོགས་པ་རྣམས་སོ། །མི་ནུས་པ་ནི་ལྷ་ལ་སོགས་པ་རྣམས་ཏེ། ཕན་ཚུན་འཕོ་བས་སོ། །ལྷ་ལ་སོགས་པ་མི་ནུས་པ་རྣམས་མི་ལ་སོགས་པ་ནུས་པ་

དག་གི་ནང་དུ་འཕོ་བས་འཕེལ་བ་དང་ལྡན་པར་འགྱུར་ཏེ། སྔོན་མེད་པའི་སྡོམ་པ་ཐོབ་པའི་ཕྱིར་རོ། །མི་ལ་སོགས་པ་ནུས་པ་རྣམས་ལྷ་ལ་སོགས་པ་མི་ནུས་པ་དག་གི་ནང་དུ་འཕོ་བས་འགྲིབ་པ་དང་ལྡན་པར་འགྱུར་ཏེ། སྔར་ཐོབ་པའི་སྡོམ་པ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ན་ཐོབ་པའི་རྒྱུ་

གཞན་གྱིས་རྣམ་པར་རིག་བྱེད་ལ་སོགས་པ་དག་དང་། གཏོང་བའི་རྒྱུ་བསླབ་པ་འབུལ་བ་ལ་སོགས་པ་དག་མེད་པར་ཡང་སྡོམ་པ་ཐོབ་པ་དང་གཏོང་བར་འགྱུར་རོ། །ཇི་ལྟར་སྔོན་མེད་པའི་རྩྭ་ལ་སོགས་པ་སྐྱེས་སམ་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གལ་ཏེ་ཡང་རྩྭ་ལ་སོགས་པ་དག་ལས་ཀྱང་

སྡོམ་པ་འཐོབ་མོད་ཀྱི་དེ་ལྟར་ན་ཡང་སྡོམ་པ་འཕེལ་བ་དང་འགྲིབ་པར་མི་འགྱུར་བ་དེ་བཞིན་དུ། ནུས་པ་དང་མི་ནུས་པ་འཕོས་ཀྱང་འཕེལ་བ་དང་འགྲིབ་པ་དག་ཏུ་མི་འགྱུར་རོ་ཞེས་བྱ་བ་སྟེ། དེའི་ཕྱིར་ནུས་པ་དག་ཁོ་ན་ལས་སྡོམ་པ་ཐོབ་ལ། ཉེས་པ་དེར་ཡང་མི་འགྱུར་རོ། །མ་ཡིན་ཏེ་སེམས་

ཅན་རྣམས་ནི་སྔོན་ཡང་ཡོད་ལ། ཕྱིས་ཀྱང་ཡོད་པའི་ཕྱིར་ལ་རྩ་ལ་སོགས་པ་ནི་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། རྩ་དང་གེལ་པ་དང་། ལྕུག་མ་ལ་སོགས་པ་རྣམས་ནི་སྔ་རོལ་དང་ཕྱིས་ཀྱང་མེད་པའི་ཕྱིར་ཏེ། དེའི་ཕྱིར་རྩྭའི་དཔེས་འཕེལ་བ་དང་འགྲིབ་པའི་སྐྱོན་བཟློག་པ་མེད་དོ། །གང་གི་ཚེ་ཡོངས་

Vol. 145 · folio 39a

སུ་མྱ་ངན་ལས་འདས་ནས་དེ་དག་མེད་པ་ཁོ་ནར་འགྱུར་བ་དེའི་ཚེ་ཇི་ལྟར་སྡོམ་པ་འགྲིབ་པར་མི་འགྱུར་ཏེ། ཡུལ་མེད་པའི་ཕྱིར་རོ་སྙམ་དུ་བསམ་པའོ། །དེ་ལྟ་བས་ན་གཏན་ཚིགས་སྔ་མ་ཉིད་བཟང་ངོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སྲོག་ལ་མི་གནོད་པའི་བསམ་པ་

ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་སྟེ། དེའི་ཕྱིར་ནུས་པ་དང་མི་ནུས་པ་དག་ལས་སྡོམ་པ་ཐོབ་བོ་ཞེས་བྱ་བར་སྒྲུབ་པོ། །དེ་ལྟ་ན་འོ་ན་ཞེས་བྱ་བ་ནི་གལ་ཏེ་སེམས་ཅན་ཐམས་ཅད་ལས་སོ་སོར་ཐར་པའི་སྡོམ་པ་འཐོབ་ནའོ། །སྔོན་གྱི་སེམས་ཅན་སངས་རྒྱས་སུ་གྱུར་ནས་ཞེས་བྱ་བ་རྒྱས་

པར་འབྱུང་བ་ནི་སེམས་ཅན་རྣམས་སྔོན་པས་བྲི་བའི་ཕྱིར་རོ། །འདི་ལ་ལན་སྨྲས་པ། སངས་རྒྱས་ཕྱིས་འབྱུང་བ་ཐམས་ཅད་ཀྱི་བྱེ་བྲག་མེད་པར་སེམས་ཅན་ཐམས་ཅད་ལས་ཐོབ་པའི་ཕྱིར་རོ། །གལ་ཏེ་དེ་དག་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ན་ནི་དེ་དག་ལས་ཀྱང་འཐོབ་

པར་འགྱུར་ཏེ། བྱམས་པའི་སེམས་ཁྱད་པར་མེད་པའི་ཕྱིར་རོ། །སྡོམ་པ་མིན་པ་ཐམས་ཅད་དང་། །ཞེས་བྱ་བ་ལ། སྡོམ་པ་མ་ཡིན་པ་ནི་ལས་ཀྱི་ལམ་ཐམས་ཅད་ཀྱི་སྒོར་གྱུར་པ་ཉེས་པར་སྤྱོད་པ་ལ་བྱ་སྟེ། གང་གི་ཚེ་སྡོམ་པ་མ་ཡིན་པ་ཐོབ་ནས་བསམས་བཞིན་སྲོག་ཆགས་ཀྱི་

སྲོག་གཅོད་པར་བྱེད་པ་དེ་ནི་དེའི་ལས་ཀྱི་ལམ་ཡིན་ནོ། །སེམས་ཞན་པ་ལ་སོགས་པ་ཅིག་ཅར་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་འབྱུང་ངོ་། །གལ་ཏེ་འདོད་ཆགས་དང་ཞེ་སྡང་དག་ལྷན་ཅིག་མི་འབྱུང་བས་མི་དགེ་བའི་རྩ་བ་རྣམས་ཀྱང་ཅིག་ཅར་མི་འབྱུང་བ་མ་ཡིན་ནམ། ཅིའི་ཕྱིར་སེམས་

ཞན་པ་ལ་སོགས་པ་ཁོ་ན་བརྗོད་ཅེ་ན། རྣམ་གྲངས་མཐའ་མ་ངེས་པ་ལ་བརྟེན་ཏེ་བརྗོད་པས་སྐྱོན་མེད་དོ། །སྡོམ་པ་མ་ཡིན་པ་ནི་ཞན་པ་ཁོ་ན་དང་ལྡན་པ་ཞེས་བྱ་བ་ནི། སྔར་གྱི་འཕེན་པའི་དབང་གིས་སོ། །སྲོག་གཅོད་པའི་རྣམ་པར་རིག་བྱེད་ཆེན་པོ་དང་སྟེ་ཅི་ཞེ་ན། ལྡན་ནོ་ཞེས་བྱ་བར་སྦྱར་རོ། །

དེ་བཞིན་དུ་འབྲིང་དང་ཆེན་པོ་དག་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ལ། གང་ཞིག་སེམས་འབྲིང་གིས་སྡོམ་པ་མ་ཡིན་པ་ཐོབ་པ་དེས་སེམས་དྲག་པོ་སྲོག་ཆགས་ཀྱི་སྲོག་གཅོད་པར་བྱེད་ན་ནི་སྡོམ་པ་མ་ཡིན་པ་ནི་འབྲིང་ཁོ་ན་དང་ལྡན་ལ། སྲོག་གཅོད་པའི་རྣམ་པར་རིག་བྱེད་ནི་ཆེན་པོ་དང་ལྡན་ནོ། །དྲག་པོ་ལ་ཡང་སྦྱར་

Vol. 145 · folio 39b

བར་བྱའོ། །གླང་པོ་ཆེ་འཆོར་བ་ནི་བན་གླང་འཆོར་བ་རྣམས་སོ། །བློན་པོ་ནི་ཆོས་བཞིན་འདོན་པ་དག་གོ། །ཡང་ན་བློན་པོ་ནི་བཀའ་ལ་གཏོགས་པའོ། །དོན་གྱིས་ན་ཞེས་བྱ་བ་ནི་དེ་ལས་མི་འབྱུང་ཡང་འཇུག་པ་མཐུན་པའི་ཕྱིར་སྡོམ་པ་མ་ཡིན་པ་ཅན་ཁོང་དུ་ཆུད་པར་བྱའོ། །དེ་ལ་གནས་པས་ཞེས་བྱ་བ་ནི་

དེ་དག་ནི་སྡོམ་པ་མ་ཡིན་པ་ལ་ཡོད་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན་དེ་ལ་གནས་པས་སོ། །གཞན་དག་ལ་ཡང་དེ་བཞིན་དུ་སྦྱར་རོ་ཞེས་བྱ་བ་ནི། བྱ་གག་གསོད་པས་ན་བྱ་གག་གསོད་པ་རྣམས་ཏེ། འདི་ནི་སྨད་པའི་གནས་ཡིན་ནོ། །ཤེས་ན་ནི་ཞེས་བྱ་བ་ནི་ཤེས་བཞིན་དུ་སྟེ། ཤན་པ་ལ་

སོགས་པ་རྣམས་ནི་ལུག་ལ་སོགས་པ་དེ་དག་མ་ལ་སོགས་པ་དེ་དག་ཡིན་པར་ཤེས་ན་ནི་མི་གསོད་དོ། །འཕགས་མར་གྱུར་པ་རྣམས་ལ་ཡང་། །ཞེས་བྱ་བ་ནི། མ་ལ་སོགས་པ་དེ་རྣམས་ཕྱུགས་སུ་འགྱུར་བའི་གོ་སྐབས་མེད་དོ། བདེན་པ་མཐོང་བ་ལ་ནི་ངན་སོང་དུ་སྐྱེ་བ་མེད་པའི་ཕྱིར་རོ། །

གལ་ཏེ་མ་འོངས་པའི་དུས་ལ་ལྟོས་ཏེ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་དག་ལུག་ལྟ་བུར་གྱུར་པ་རྣམས་ཀྱང་གཏན་མི་གསོད་ཅེས་བྱ་བ་ནི་ཚེ་བརྗེས་པའོ། །དེ་ལྟར་ན་དེ་དག་ལས་སྡོམ་པ་མ་ཡིན་པར་མི་འགྱུར་ཏེ། ལུག་དག་ལས་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ན་ཞེས་བྱ་བ་ནི་བྱེ་བྲག་

ཏུ་སྨྲ་བ་རྣམས་ཏེ། ཇི་ལྟར་ན་ལུག་ལ་སོགས་པ་དག་གསོད་པར་འདོད་བཞིན་དུ་ལུག་ལ་སོགས་པ་དེ་དག་ལས་སྡོམ་པ་མ་ཡིན་པར་མི་འགྱུར། དེ་ནི་མ་ལ་སོགས་པ་ལ་ཡང་མཚུངས་ཏེ་ཞེས་བྱ་བ་ནི་མདོ་སྡེ་པ་སྟེ། ཇི་ལྟར་ན་ཤན་པ་ལ་སོགས་པ་དག་གསོད་པར་མི་འདོད་བཞིན་དུ་མ་ལ་སོགས་པ་

དེ་དག་ལས་སྡོམ་པ་མ་ཡིན་པར་འགྱུར། སྡོམ་པ་མ་ཡིན་པ་མ་ཚང་བ་དང་ཉི་ཚེ་བ་ནི་རྣམ་པ་ཐམས་ཅད་དུ་མེད་དོ་ཞེས་བྱ་བ་ལ། ལས་ཀྱི་ལམ་གྱི་ཡན་ལག་མ་ཚང་བའི་ཕྱིར་མ་ཚང་བའོ། །ཉི་ཚེ་བ་ནི་སེམས་ཅན་དང་ཡུལ་དང་དུས་དང་ཚེ་ངེས་པ་དང་ལྡན་པའོ། །རྣམ་པ་བརྒྱད་མ་གཏོགས་པ་

ཞེས་བྱ་བ་ལ། སོ་སོར་ཐར་པའི་སྡོམ་པ་རྣམ་པ་བརྒྱད་མ་གཏོགས་པར་གཞན་ནི་ཉི་ཚེ་བ་དང་མ་ཚང་བ་ཡང་ཡོད་དོ། ཚུལ་ཁྲིམས་དང་འཆལ་བའི་ཚུལ་ཁྲིམས་དེ་ཙམ་གྱི་གེགས་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི། གང་གི་ཕྱིར་ཚུལ་ཁྲིམས་དེ་ཙམ་གྱིས་འཆལ་བའི་ཚུལ་ཁྲིམས་དེ་ཙམ་གྱི་གེགས་བྱེད་

Vol. 145 · folio 40a

པའི་ཕྱིར་དང་། ཚུལ་ཁྲིམས་འཆལ་པ་དེ་ཙམ་གྱིས་ཚུལ་ཁྲིམས་དེ་ཙམ་གྱི་གེགས་བྱེད་པའི་ཕྱིར་རོ། །དེའི་རིགས་སུ་སྐྱེས་པ་རྣམས་ནི་ཞེས་བྱ་བ་ནི་ཤན་པ་ལ་སོགས་པ་སྡོམ་པ་མ་ཡིན་པ་ཅན་གྱི་རིགས་སུ་སྐྱེས་པ་རྣམས་སོ། །ཞིང་དང་ལེན་དང་གུས་པར་བྱེད་པས་འཐོབ། །

ཅེས་བྱ་བ་ལ་བྱེད་པ་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་ཏེ། ཞིང་བྱེད་པ་དང་། ལེན་པར་བྱེད་པ་དང་། གུས་པར་བྱེད་པ་ནི་ཞིང་དང་ལེན་པ་དང་། གུས་པར་བྱེད་པའོ། །ཡང་འདིར་ལེན་པ་ཉིད་བྱེད་པའོ་ཞེས་བྱ་བར་ཚིག་བསྡུའོ། །བྱེད་པ་ནི་གཡོ་བ་སྟེ། བྱེད་པ་ནི་གཡོ་བ་ལའོ་ཞེས་འབྱུང་ངོ་། །མི་

བརྡ་ཕྲད་པའི་ཞེས་བྱ་བ་ལ། མི་བརྡ་ཕྲད་པ་ནི་འདིར་གང་ཞིག་འདིས་བསླབ་པ་ཕུལ་ལོ་སྙམ་དུ་དེའི་ཚིག་ཤེས་པ་དེ་ལ་མངོན་པར་འདོད་དོ། །བསམ་པ་ཐག་པ་ནི་སྡོམ་པ་དོན་དུ་མི་གཉེར་བའིའོ། །ཡང་དག་པར་བླངས་པ་དང་འགལ་བའི་རྣམ་པར་རིག་བྱེད་བསྐྱེད་པ་དང་ཞེས་བྱ་བ་ལ་ཡང་དག་པར་

བླངས་པ་སྟེ། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་ལ་སོགས་པ་སྤོང་ངོ་ཞེས་མནོས་པ་གང་ཡིན་པ་དེ་དང་འགལ་བ་བསླབ་པ་འབུལ་བའི་རྣམ་པར་རིག་བྱེད་བསྐྱེད་པ་སྟེ། འདི་ནི་རྒྱུ་དང་པོའོ། །རྟེན་བོར་བ་དང་ཞེས་བྱ་བ་ནི་རྟེན་གང་གིས་སོ་སོར་ཐར་པའི་སྡོམ་པ་བླངས་པ་དེ་ཤི་འཕོ་བས་བོར་བ་སྟེ།

འདི་ནི་གཏོང་བའི་རྒྱུ་གཉིས་པའོ། །རྟེན་ཉམས་པ་དང་ཞེས་བྱ་བ་ནི་སྐྱེས་པའམ་བུད་མེད་ཀྱི་རྟེན་ཇི་ལྟ་བུས་སྡོམ་པ་བླངས་པ་དེ་ལྟ་བུ་དེ་ཉམས་པ་སྟེ། འདི་ནི་གཏོང་བའི་རྒྱུ་གསུམ་པའོ། །གཞི་ཆད་པ་དང་ཞེས་བྱ་བ་ལ་སྡོམ་པའི་གཞི་སྟེ་རྒྱུ་ནི་དགེ་བའི་རྩ་བ་གསུམ་ཡིན་ལ། དེ་དག་ཆད་

པས་སྡོམ་པ་ཡང་ཆད་དེ། འདི་ནི་གཏོང་བའི་རྒྱུ་བཞི་པའོ། །ཉིན་ཞག་ཏུ་འཕངས་པའི་ཕྱིར་ཏེ། འདི་ནི་གཏོང་བའི་རྒྱུ་ལྔ་པའོ། །ཁ་ཅིག་ལྟུང་བར་འགྱུར་ལས་སྨྲ། །ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་ལ་སོགས་པ་ཕམ་པ་ལས་ཏེ། འདིར་ལྟུང་བར་བྱེད་པས་ནི་ལྟུང་བར་འགྱུར་བའོ། །

ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་བྱ་བ་ལ་བུ་ལོན་དང་ནོར་ནི་བུ་ལོན་ནོར་ཏེ། དེ་དག་དང་འདྲ་བ་ནི་བུ་ལོན་ནོར་བཞིན་ནོ། །ཡང་ཅིའི་ཕྱིར་དེ་རྣམས་དེ་ལྟར་འདོད་ཅེ་ན། དེའི་ཕྱིར་ཕྱོགས་གཅིག་ཉམས་པས་སྡོམ་པ་ཟད་པར་གཏོང་བ་ནི་མི་རིགས་སོ་

Vol. 145 · folio 40b

ཞེས་བྱ་བ་སྨོས་སོ། །ལྟུང་བ་གཞན་ཞེས་བྱ་བ་ནི་དགེ་འདུན་ལྷག་མའི་ལྟུང་བའོ། །འོ་ན་སྐྱོན་མེད་པར་འགྱུར་རོ་ཞེ་ན། དེའི་ཕྱིར་འདི་ལ་ཚུལ་ཁྲིམས་དང་འཆལ་བའི་ཚུལ་ཁྲིམས་གཉིས་ཀ་ཡོད་དོ་ཞེས་བྱ་བ་སྨོས་སོ། །ལྟུང་བ་དེ་བཤགས་ན་ཞེས་བྱ་བ་ནི་བཤགས་པ་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ། །

ཚུལ་ཁྲིམས་དང་ལྡན་པ་ཡིན་གྱི་ཚུལ་ཁྲིམས་འཆལ་པ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི། དགེ་འདུན་ལྷག་མའི་ལྟུང་བ་བཤགས་པ་ཡིན་གྱི། ཕམ་པའི་ལྟུང་བ་བཤགས་པ་ནི་མ་ཡིན་ཏེ་ལྡང་བ་མེད་པའི་ཕྱིར་རོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ཇི་ལྟ་བུ་ཞེས་ཚིག་གི་

ལྷག་མ་ཁོང་ནས་འབྱུང་ངོ་། །དེ་ནི་དོན་དམ་པའི་དགེ་སློང་ཉིད་ལས་དགོངས་ཏེ་གསུངས་པ་ཡིན་ནོ་ཞེས་བྱ་བ་ནི། བདེན་པ་མཐོང་བའི་སྐལ་བ་མེད་པའི་ཕྱིར་རོ། །མ་ཐོབ་ཀྱང་དོན་དམ་པའི་དགེ་སློང་ཉིད་ལས་ཡོངས་སུ་ཉམས་པར་འགྱུར་ཏེ། ཡོངས་ཉམས་རྣམ་པ་གསུམ་ཤེས་བྱ། །ཞེས་

འབྱུང་བའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ངན་པས་སྡོམ་པ་ལྷག་མ་དང་བཅས་ཀྱང་དགེ་སློང་གི་དགོས་པ་སྒྲུབ་པའི་སྐལ་བ་དང་མི་ལྡན་པ་ལ་དགེ་སློང་མ་ཡིན་ཞེས་གསུངས་པ་འཐད་པ་ཡིན་ཏེ། བུའི་དོན་དང་བྲལ་བ་ལ་བུ་མ་ཡིན་ནོ་ཞེས་བྱ་བའི་སྒྲས་འགོད་པ་དང་། མིའི་དོན་དང་བྲལ་བ་

མཚན་དང་མི་ལྡན་པ་ལ་མི་མ་ཡིན་པར་བརྗོད་པ་བཞིན་ནོ། །མིང་གི་དགེ་སློང་ཞེས་བྱ་བ་ནི་གང་ལ་དགེ་སློང་ཞེས་འོལ་བྱིར་མིང་བཏགས་པའོ། །ཁས་འཆེས་པའི་དགེ་སློང་ཞེས་བྱ་བ་ནི། གང་ཞིག་ཚུལ་ཁྲིམས་འཆལ་པ་སྟེ། དེ་ནི་བདག་ཉིད་དགེ་སློང་ཡིན་ནོ་ཞེས་དམ་བཅའོ། །སློང་

བས་ན་དགེ་སློང་ཞེས་བྱ་བ་ནི་སློང་བར་བྱེད་པའོ། །ཉོན་མོངས་པ་བཅོམ་པས་ན་དགེ་སློང་ཞེས་བྱ་བ་ནི་ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ་ལའོ། །དོན་འདི་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ཡིན། དགེ་སྦྱོང་མ་ཡིན་ཞེས་གང་གསུངས་པ་ལའོ། །གསོལ་བ་དང་

བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ཞེས་བྱ་བ་ནི། སྔར་བཤད་པ་བཞི་ལས་གཞན་པ་སོ་སོའི་སྐྱེ་བོ་ཚུལ་ཁྲིམས་ལ་གནས་པ་ལ་མངོན་པར་བཞེད་དོ། །གང་ཡང་དོན་དམ་པའི་དགེ་སློང་ལ་དགོངས་ཏེ་གསུངས་པ་ཡིན་ནོ་ཞེས་སྨྲས་པ་དེ་ལ་ཡང་བརྗོད་པ་ནི། དེ་སྔོན་ཞེས་བྱ་བ་སྟེ། ལྟུང་བར་འགྱུར་

Vol. 145 · folio 41a

བ་ལྷག་པར་སྤྱོད་པའི་སྔ་རོལ་དུ་དོན་དམ་པའི་དགེ་སློང་དུ་མ་གྱུར་ཏོ། །འདི་ལྟར་དོན་དམ་པའི་དགེ་སློང་ནི་ལྟུང་བར་འགྱུར་བ་མི་སྤྱོད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་མ་ཐོབ་པ་དག་ལས་ཀྱང་ཉམས་པར་འདོད་དེ། ཇི་སྐད་དུ་མདོ་ལས། ལྷ་དང་བཅས་པའི་འཇིག་རྟེན་ནི། །ཤེས་

རབ་ཡོངས་སུ་ཉམས་པ་ལྟོས། །ཞེས་གསུངས་པ་ལྟ་བུའོ་ཞེས་ཟེར་རོ། །ཤིང་ཏ་ལའི་མགོ་བཅད་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཤིང་ཏ་ལ་མགོ་བཅད་པ་ལྟ་བུ་དཔེར་མཛད་པས་སོ། །དེ་ལ་དཔེའི་དོན་སྣང་སྟེ། བསླབ་པའི་གཞི་གཞན་སྡོང་པོ་ཡལ་ག་དང་ལོ་མ་དང་འདྲ་བ་དག་ལས་འདས་

ཀྱང་བཤགས་ན་ཡང་སྡོམ་པ་དེ་འཐོབ་ཀྱི། ཤིང་ཏ་ལའི་མགོ་དང་འདྲ་བ་བཞི་པོ་དག་གང་ཡང་རུང་བ་ལས་འདས་ན་ནི། སླར་སྡོམ་པ་ཐོབ་པ་མ་ཡིན་ནོ། །སྟོན་པས་གང་ལ་ཞེས་བྱ་བ་ལ་སོགས་པ་ལ། ཞལ་ཟས་ལ་ཁམ་གཅིག་ལོངས་སྤྱོད་པ་དང་། གཙུག་ལག་ཁང་ལ་གོམ་པ་གཅིག་འདོར་

བའི་ཕྱོགས་ལོངས་སྤྱད་པར་ཞེས་བྱ་བར་སྦྱར་རོ། །དགེ་སློང་གིས་ལོངས་སྤྱོད་ཐམས་ཅད་ལས་ཀྱང་བཀར་ཏོ་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་དགེ་སློང་དང་ལྷན་ཅིག་ལོངས་སྤྱོད་པ་གྲལ་གཅིག་ཏུ་ཟས་ཟ་བ་ལ་སོགས་པ་ཐམས་ཅད་ལ་བཀར་བ་ཡིན་ནོ། །སྲེ་ད་བསལ་བར་གྱིས་ཞེས་བྱ་བ་ལ། སྲེ་ད་ནི་

ནས་དང་འདྲ་བ་ཞིག་སྟེ། དེ་མ་རུང་བར་བྱེད་པའོ། །ཤིང་རུལ་ཞེས་བྱ་བ་ནི། ཤིང་རུལ་པའོ། །སྙིང་པོ་མེད་པ་ཞེས་བྱ་བ་ནི་འབྲུ་ཁོ་ན་སྙིང་པོ་མེད་པའོ། །འདིར་དགེ་སློང་ཡང་དགེ་སློང་གི་ཤ་ཚུགས་ཅན་ཡིན་པའི་ཕྱིར་དང་། ཁོ་ན་སྙིང་པོ་མེད་པའི་ཕྱིར་སྲེ་ད་ལ་སོགས་པ་དག་དང་ཆོས་མཐུན་ནོ། །ཇི་ལྟར་

སྲེ་ད་ལ་སོགས་པ་དག་ནས་ལ་སོགས་པ་སྙིང་པོ་དང་ལྡན་པ་རྣམས་མ་རུང་བར་བྱེད་པས་དེ་རྣམས་ལས་སེལ་བར་བྱེད་པ་དེ་བཞིན་དུ་དེ་ཡང་དགེ་སློང་གི་ཚོགས་སྙིང་པོ་དང་ལྡན་པ་མ་རུང་བར་བྱེད་པས་དེ་དག་ལས་སེལ་བ་ཡིན་ནོ། །ལམ་སུན་འབྱིན་པ་ནི་དགེ་སློང་ཚུལ་ཁྲིམས་འཆལ་པ་སྟེ། འདིར་དཔེ་བརྗོད་པ་ནི་འདི་ཡིན་ནོ། །

ལམ་གྱི་རྒྱལ་ཞེས་བྱ་བ་ནི་སློབ་པ་དང་མི་སློབ་པའོ། །ལམ་སྟོན་པ་ནི་སངས་རྒྱས་སོ། །ལམ་གྱི་ཕྱིར་འཚོ་བ་ནི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་སྟེ། ལམ་གྱི་ཆེད་དུ་འཚོ་བའི་ཕྱིར་རོ། །དེ་ནི་ཤ་ཚུགས་ཙམ་ལུས་པའི་ཕྱིར་ཞེས་བྱ་བ་ནི་དགེ་སློང་གི་ཤ་ཚུགས་ཙམ་ལྷག་མར་ལུས་པའི་ཕྱིར་རོ། །དཔེར་ན་ཤིང་

Vol. 145 · folio 41b

ཚིག་ཀྱང་ཤིང་གི་དབྱིབས་ཙམ་ཞིག་ལུས་པས་ཤིང་ཞེས་བྱ་བ་དང་། མཚེའུ་སྐམས་ཀྱང་དེའི་དབྱིབས་ཙམ་ཞིག་ལུས་པ་ལ་མཚེའུ་ཞེས་བྱ་བ་དང་། ནེ་ཙོའི་སྣ་དང་དབྱིབས་འདྲ་བའི་ཕྱིར་ནེ་ཙོའི་སྣ་ཞེས་བྱ་བ་དང་། ས་བོན་རུལ་བ་ས་བོན་མ་ཡིན་པར་གྱུར་ཀྱང་དེའི་དབྱིབས་ཙམ་ཞིག་ལུས་པའི་ཕྱིར་ས་

བོན་ཞེས་བྱ་བ་དང་། འཁོར་ལོ་དང་འདྲ་བའི་ཕྱིར་མགལ་མེའི་འཁོར་ལོ་ཞེས་བྱ་བ་དང་། ཤི་བ་སེམས་ཅན་མ་ཡིན་ཡང་སེམས་ཅན་གྱི་ཤ་ཚུགས་ཙམ་ཞིག་ལུས་པའི་ཕྱིར་སེམས་ཅན་ཞེས་བྱ་བར་བརྗོད་པ་དེ་དང་འདྲ་འོ། །བསླབ་པ་སྦྱིན་པ་མེད་པར་འགྱུར་རོ་ཞེས་བྱ་བ་ལ། བསླབ་པ་སྦྱིན་པ་ཞེས་

བྱ་བ་ནི་དགེ་སློང་གང་ཞིག་མི་ཚངས་པར་སྤྱོད་པ་བྱས་ནས་དེའི་མཇུག་ཐོགས་ཁོ་ནར་བདག་གིས་ཕུང་བ་བྱས་སོ་ཞེས་སྐྱོ་བ་སྐྱེ་ཞིང་འཆབ་པའི་སེམས་ཅིག་ཀྱང་མ་སྐྱེས་པར་དགེ་སློང་གི་དགེ་འདུན་གྱི་ཐད་དུ་སོང་ནས་དེ་འཆགས་པར་བྱེད་ལ། འདུལ་བ་ལས་བཤད་པའི་ཚུལ་དུ་ཆད་པའི་ལས་བྱེད་པའོ། །ཐམས་ཅད་

ལྟུང་བ་བྱུང་བའི་མོད་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཁོ་བོ་ཅག་ནི་ཐམས་ཅད་ལྟུང་བ་བྱུང་བའི་མོད་ལ་སྟེ། མི་ཚངས་པར་སྤྱོད་པ་བྱས་པ་ཁོ་ན་ཕས་ཕམ་པ་ཡིན་པར་མི་སྨྲའི། འོ་ན་ཅི་ཞེ་ན། འཆབ་པའི་སེམས་ཀྱིས་ཡིན་ནོ། །དེ་སྐད་དུའང་། གལ་ཏེ་སེམས་ནི་གཅིག་གིས་ཀྱང་། །བཅབས་པ་

མེད་པར་འཆགས་བྱེད་ན། །ཐ་མ་བྱུང་བར་གྱུར་ན་ཡང་། །དེས་ནི་ཕས་ཕམ་མི་འགྱུར་རོ། །ཞེས་བཤད་དོ། །ཅི་སྟེ་ཡང་རབ་ཏུ་མི་འབྱུང་ཞེས་བྱ་བ་ནི་བསླབ་པ་མ་ཕུལ་ན་ཞེས་བྱ་བ་ཁོང་ནས་འབྱུང་སྟེ། དེའི་ཕྱིར་སྡོམ་པ་དེ་ལ་ལྟོས་ནས་རབ་ཏུ་མི་འབྱུང་ངོ་། །རྒྱུད་ཁྲེལ་མེད་པ་ཤས་ཆེན་པོས་ཉམས་པར་

བྱས་པས་སྡོམ་པའི་སྐལ་བ་མེད་དེ་དེའི་ཕྱིར་ཡང་རབ་ཏུ་མི་འབྱུང་གི་དགེ་སློང་གི་དངོས་པོ་ལ་ལྟོས་ཏེ་ནི་མ་ཡིན་ནོ། །འདི་ལྟར་དེ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེའི་ཕྱིར་བསླབ་པ་བཏང་ཡང་རབ་ཏུ་མི་འབྱུང་ངོ་། །དེ་ཉིད་ཀྱི་ཕྱིར་རྒྱུད་ཁྲེལ་མེད་པ་ཤས་ཆེན་པོས་ཉམས་པར་བྱས་པས་ཞེས་བྱ་བ་ལ་སོགས་

པ་སྨོས་སོ། །གཞན་དག་དམ་ཆོས་ནུབ་པ་ལས། །ཞེས་བྱ་བ་མ་བཟོད་ནས་གཞན་སྨྲ་བ་ནི། དམ་པའི་ཆོས་ནུབ་ནས་འདུལ་བའི་ལས་མེད་པའི་ཕྱིར་སྔོན་མེད་པའི་འདུལ་བ་འཐོབ་པ་ནི་མེད་ཀྱི། ཐོབ་ཟིན་པ་ནི་གཏང་བ་མེད་དོ་ཞེས་བྱ་བའོ། །བསམ་གཏན་དུ་གཏོགས་པའི་དགེ་བ་ཐམས་ཅད་ཅེས་

Vol. 145 · folio 42a

བྱ་བ་ནི་སྡོམ་པའི་ངོ་བོ་དང་། དགེ་བ་གཞན་གཟུགས་ཀྱི་རང་བཞིན་མ་ཡིན་པའི་ཚོགས་པ་དེ་ཐམས་ཅད་བསྡུའོ། །གོང་ངམ་འོག་ཏུ་ཞེས་བྱ་བ་ནི་གོང་དུ་སྐྱེས་ན་འོག་མ་གཏོང་ལ། འོག་ཏུ་སྐྱེས་ན་གོང་མ་གཏོང་ངོ་། །སྙོམས་པར་འཇུག་པ་ལས་ཡོངས་སུ་ཉམས་པ་ལས་ཞེས་བྱ་བ་

ནི། གཟུགས་དང་གཟུགས་མེད་པ་ཇི་ལྟར་ཐོབ་པ་གཏོང་སྟེ། སྙོམས་པར་འཇུག་པ་ལ་རག་ལས་པའི་ཕྱིར་རོ། །རིས་མཐུན་པ་བཏང་བས་ཀྱང་ཅུང་ཟད་གཏོང་བར་འགྱུར་རོ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་གནས་སྐབས་ན་ངེས་པར་འབྱེད་པའི་ཆ་དང་མཐུན་པར་དྲོ་བ་ལ་སོགས་པ་བཟོད་པ་འབྲིང་གི་བར་རོ། །འདིར་

རིས་མཐུན་པ་བཏང་བ་ནི་འཆི་བའོ། །ཅུང་ཟད་ཅིག་ནི་ཉམས་པའི་ཆ་དང་མཐུན་པ་ཇི་ལྟ་བ་བཞིན་དུ་འདོད་ཆགས་དང་བྲལ་བས་ཀྱང་གཏོང་སྟེ། ཉོན་མོངས་པ་བཞིན་དུ་སྤངས་པའི་ཕྱིར་རོ། །དེ་བཞིན་གཟུགས་མེད་གཏོགས་ཞེས་བྱ་བ་ལ། ཅི་ཞེ་ན། གཟུགས་ཀྱི་རང་བཞིན་མ་ཡིན་པའི་དགེ་བ་ཐམས་

ཅད་གཏོང་ངོ་། །ལམ་སྔ་མ་གཏོང་བར་འགྱུར་རོ་ཞེས་བྱ་བ་ནི་ཞུགས་པའི་ལམ་མོ། །འབྲས་བུ་འམ་འབྲས་བུ་ཁྱད་པར་ཅན་ཞེས་བྱ་བ་ལ། འབྲས་བུ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལས་གཞན་རྣམ་པ་གསུམ་ཡོངས་སུ་གཟུང་ངོ་། །འབྲས་བུ་བས་ཁྱད་པར་ཅན་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུའི་འོག་རོལ་གྱི་

ཞུགས་པའི་ལམ་མམ། ཁྱད་པར་གྱི་ལམ་མོ། །ཡང་ཅིའི་ཕྱིར་དགེ་བ་ཟག་པ་མེད་པས་འཕོས་པས་མི་གཏོང་ཞེ་ན། སས་མ་བསྡུས་པའི་ཕྱིར་རོ། །སྡོམ་པ་མ་ཡིན་པ་ཅན་གྱིས་སྡོམ་པ་ཇི་ལྟར་ཐོབ་ཅེ་ན། དེའི་ཕྱིར་གལ་ཏེ་སྡོམ་པ་ཡང་དག་པར་བླངས་པ་ལས་ཞེས་བྱ་བ་སྨོས་ཏེ། སོ་སོར་ཐར་པའི་སྡོམ་

པ་ཐོབ་ནའོ། །བསམ་གཏན་གྱི་སྡོམ་པ་ཐོབ་ན་ཞེས་བྱ་བ་ལ། ཟག་པ་མེད་པའི་སྡོམ་པ་ཐོབ་ན་ཞེས་ཅིའི་ཕྱིར་མ་བརྗོད་ཅེ་ན། ཟག་པ་མེད་པའི་སྔོན་དུ་བསམ་གཏན་གྱི་སྡོམ་པ་འགྲོ་བའི་ཕྱིར་ལ། བསམ་གཏན་གྱི་སྡོམ་པ་ཁོ་བོས་བོར་བའི་ཕྱིར་ཟག་པ་མེད་པའི་སྡོམ་པ་ཐོབ་ན་ཞེས་མ་བརྗོད་དོ། །

ཡང་སྡོམ་པ་མ་ཡིན་པ་ཅན་གྱིས་བསམ་གཏན་གྱི་སྡོམ་པ་ཇི་ལྟར་འཐོབ་ཅེ་ན། རྒྱུ་དང་རྐྱེན་གྱི་སྟོབས་ཞེས་བྱ་བ་སྨོས་ཏེ། རྒྱུའི་སྟོབས་ནི་སྔར་གྱི་བསམ་གཏན་གོམས་པའོ། །རྐྱེན་གྱི་སྟོབས་ནི་ས་དེ་པའི་ལས་རྣམ་པར་སྨིན་པ་ལ་མངོན་དུ་ཕྱོགས་པའོ། །གཞན་དག་ན་རེ་དམ་པའི་ཆོས་ཉན་པ་དང་།

Vol. 145 · folio 42b

ཚུལ་བཞིན་ཡིད་ལ་བྱེད་པའོ་ཞེས་ཟེར་རོ། །གཉེན་པོ་སྟོབས་དང་ལྡན་པའི་ཕྱིར། །ཞེས་བྱ་བ་ནི་སྡོམ་པ་སྟོབས་དང་ལྡན་པའི་ཕྱིར་རོ། །ལུས་བོར་བའི་ཕྱིར་ཤི་བ་ཞེས་བྱ་བ་ནི། རིས་མཐུན་པའི་སྟོབས་ཀྱིས་ཐོབ་པའི་ཕྱིར་ལ། དེ་དང་བྲལ་ན་དེ་མེད་པའི་ཕྱིར་རོ། །ནད་རྙིང་མི་བཟློག་པ་བཞིན་ནོ་ཞེས་བྱ་

བ་ནི། དཔེར་ན་གཞི་ཡོངས་སུ་སྤངས་ཀྱང་སྨན་མེད་པར་ནད་རྙིང་པ་ཟློག་པ་མེད་པ་བཞིན་ནོ། །གཏན་གཏོང་བའི་བསམ་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་སྡིག་པའི་བསམ་པ་མ་བཏང་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཐོབ་པ་ནི་རྣམ་པར་རིག་བྱེད་ལ་རག་ལུས་པའི་ཕྱིར་ཞེས་བྱ་བ་ལ། དེ་ཞེས་བྱ་བ་འདི་ནི་

སྡོམ་པ་མ་ཡིན་པ་དང་སྦྱར་རོ། །རྣམ་པར་རིག་བྱེད་ཙམ་གྱིས་སྡོམ་པ་མ་ཡིན་པ་ཐོབ་པ་ནི་མེད་དེ། དེའི་ཕྱིར་སྡོམ་པ་མ་ཡིན་པ་ནི་སྦྱོར་བ་མི་བྱེད་ན་ཡང་མི་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །རྫ་མཁན་གྱི་

འཁོར་ལོ་དང་མདའི་འགྲོས་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་རྫ་མཁན་གྱི་འཁོར་ལོ་འམ། མདའི་འགྲོས་འདུ་བྱེད་ཀྱི་ཁྱད་པར་གྱིས་འཕངས་པ་ནི་འདུ་བྱེད་ཀྱི་ཁྱད་པར་དེ་ཆད་པས་འཆད་དེ། དེ་དང་འདྲའོ། །ཇི་ལྟར་བླངས་པ་བཞིན་མ་བྱས་པའི་ཞེས་བྱ་བ་ལ། འདི་ལྟ་སྟེ། སངས་རྒྱས་ལ་ཕྱག་མ་བྱས་ཤིང་

དཀྱིལ་འཁོར་ལ་སོགས་པ་མ་བྱས་པར་ཟས་མི་བཟའོ་ཞེས་བྱ་བ་དེ་དག་མ་བྱས་པར་ཟས་ཟ་བའི་བར་མ་རྣམ་པར་རིག་བྱེད་མ་ཡིན་པར་འཆད་དོ། །གདོས་དད་རྒྱ་ལ་སོགས་པའི་དངོས་པོའོ་ཞེས་བྱ་བ་ལ་གང་གིས་གཞན་ལ་གདོས་སམ་རྒྱ་འམ་མཚོན་ཆ་སྟེར་བ་ན་རྣམ་པར་རིག་བྱེད་མ་ཡིན་པ་དྲངས་པ་དེ་ནི་ཆད་

པས་འཆད་དོ། །དགེ་བའི་རྩ་བ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །སྟོབས་ཆུང་བའི་ཕྱིར་དགེ་བའི་རྩ་བ་གཅོད་པའི་སྦྱོར་བ་ཁོ་ནས་བར་མ་མི་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་གཏོང་བས་ན་དགེ་བའི་རྩ་བ་ཆད་པ་ལས་ཞེས་བརྗོད་པར་མི་བྱའོ་ཞེ་ན། སྦྱོར་བ་ལ་དེའི་སྒྲ་ཉེ་བར་བཏགས་པའི་

ཕྱིར་རོ། །བསམ་གཏན་གྱི་སྡོམ་པའི་སྦྱོར་བས་ཀྱང་བར་མ་མི་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་གཏོང་ངོ་། །གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བ་ལས་སོ་ཞེས་བྱ་བ་ནི། འདོད་པ་ན་སྤྱོད་པ་དམན་པ་མ་ཡིན་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་ལས་ཀྱང་ཅུང་ཟད་ཅིག་

Vol. 145 · folio 43a

གཏོང་སྟེ། དཔེར་ན་ཡིད་བདེ་བའི་དབང་པོ་དགེ་བ་ལྟ་བུའོ། །ཉོན་མོངས་པ་ཅན་གཟུགས་ཅན་མ་ཡིན་པར་ཞེས་བྱ་བ་ལ། ཐམས་ཅད་ཅེས་བྱ་བ་ནི་ཁམས་གསུམ་པའོ། །ཉོན་མོངས་པ་གང་ཡིན་པ་དེ་ནི་ཉེ་བའི་ཉོན་མོངས་པ་ཡང་ཡིན་ནོ། །སྤོང་བའི་ལམ་ནི་བར་

ཆད་མེད་པའི་ལམ་སྟེ། དེ་ལ་ཆེན་པོའི་ཆེན་པོའི་སྤོང་བ་ནི་ཆུང་ངུའི་ཆུང་ངུ་ཡིན་ལ། ཆུང་ངུའི་ཆུང་ངུ་ནི་ཆེན་པོའི་ཆེན་པོ་ཡིན་ནོ། །འཁོར་དང་བཅས་པ་ཞེས་བྱ་བ་ལ། དེའི་འཁོར་ནི་དེ་དང་ལྷན་ཅིག་འབྱུང་བ་དང་། དེའི་ཐོབ་པ་རྗེས་སུ་འབྲང་བ་དང་བཅས་པ་དག་གོ། །སྐྱེས་པ་ཕོའི་དབང་པོ་དང་

ལྡན་པ་ཞིག་ཅེས་བྱ་བ་འདི་ནི་འདིར་དཔེར་བརྗོད་པ་ཡིན་ནོ། །རྟེན་གཉི་གའི་ཉོན་མོངས་པ་ཤས་ཆེ་བའི་ཕྱིར་ཞེས་བྱ་བ་ལ་དེ་དག་ནི་སྐྱེས་པ་དང་ཡང་སྦྱོར་བར་འདོད་ལ། བུད་མེད་དང་ཡང་སྦྱོར་བར་འདོད་དེ། དེའི་ཕྱིར་སྐྱེས་པ་དང་བུད་མེད་ཀྱི་རྟེན་གྱི་ཉོན་མོངས་པ་ཤས་ཆེ་བའི་ཕྱིར་དེའི་གཉེན་པོར་གྱུར་པ་སོ་སོར་

རྟོག་པ་མི་བཟོད་དོ། །ཅི་རིགས་པར་སྦྱར་བར་བྱ་སྟེ། མཚན་གཉིས་པ་ལ་ནི་གཉིས་ཀའི་ཉོན་མོངས་པ་ཤས་ཆེ་བའི་ཕྱིར་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཤས་པོ་ཆེ་མེད་པའི་ཕྱིར་སྡོམ་པ་མེད་ལ། ཟ་མ་དང་མ་ནིང་དག་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཤས་པོ་ཆེ་མེད་པའི་ཕྱིར་རོ། །སྡོམ་པ་

མེད་པའི་རྒྱུར་བཤད་པ་གང་དག་ཡིན་པ་དེ་དག་ནི་སྡོམ་པ་མ་ཡིན་པ་དང་རྗེས་སུ་མཐུན་པ་ཡིན་པས། འོ་ན་སྡོམ་པ་མ་ཡིན་པ་ཞེས་བྱ་བ་དྲིས་སོ། །བརྗོད་པར་བྱ་སྟེ། སྡིག་པ་ལ་ཡང་བསམ་པ་མི་བརྟེན་པའི་ཕྱིར་དང་། བརྟན་ཡང་སྐྱེས་པའི་ཆོས་ཡིན་པའི་ཕྱིར་རོ། །གཉེན་པོར་གྱུར་པའི་ཕྱིར་རོ་

ཞེས་བྱ་བ་ལ། གང་ལ་སྡོམ་པ་ཡོད་པ་དེ་ན་སྡོམ་པ་མ་ཡིན་པ་ཡང་ཡོད་དེ། དཔེར་ན་ཞིང་གང་ན་ལོ་ཐོག་ཡོད་པ་དེ་ན་རྩྭ་ཡང་ཡོད་པ་བཞིན་ནོ། །བྱང་གི་སྒྲ་མི་སྙན་པ་རྣམས་ལ་ནི་ཡང་དག་པར་ལེན་པ་དང་ཏིང་ངེ་འཛིན་མེད་པའི་ཕྱིར་དང་ཞེས་བྱ་བ་ལ། ཡང་དག་པར་ལེན་པ་མེད་པའི་ཕྱིར་སོ་སོར་ཐར་པའི་

སྡོམ་པ་མེད་དོ། །ཏིང་ངེ་འཛིན་མེད་པའི་ཕྱིར་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་མེད་དོ། །ཡང་ཅིའི་ཕྱིར། དེ་རྣམས་ལ་ཡང་དག་པར་ལེན་པ་དང་ཏིང་ངེ་འཛིན་མེད་ཅེ་ན། ཤེས་རབ་ཞན་པས་དགེ་བ་ལ་སོགས་པའི་ཆོས་ལ་མ་བྱང་བའི་ཕྱིར་རོ། །སྡིག་པ་བྱ་བའི་བསམ་པ་མེད་

Vol. 145 · folio 43b

པའི་ཕྱིར་ཏེ། ཅི་ཞེ་ན། སྡོམ་པ་མ་ཡིན་པ་མེད་དོ། །སྡོམ་པའང་དེ་བཞིན་ལ། ལྷ་ལའང་ཞེས་བཤད་ན་ཡང་ཅིའི་ཕྱིར་ངན་སོང་བ་དག་ལ་སྡོམ་པ་དང་སྡོམ་པ་མ་ཡིན་པ་མེད་ཅེ་ན། དེའི་ཕྱིར་ངན་སོང་བ་རྣམས་ལ་ཡང་ཞེས་བྱ་བ་སྨྲས་ཏེ། དུད་འགྲོ་ནི་བྱིས་པ་དང་གཞོན་ནུ་ལྟར་མི་གསལ་བའི་ཕྱིར་རོ། །ཡི་དགས་

རྣམས་དང་དམྱལ་བ་རྣམས་ནི་སྨྱོན་པ་ལྟར་ཚོར་བ་སྡུག་བསྔལ་དང་ལྡན་པའི་ཕྱིར་རོ། །གང་དང་ལྡན་པ་དང་གང་མེད་པས་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་སྡོམ་པ་དང་། སྡོམ་པ་མ་ཡིན་པ་དག་ཏུ་འགྱུར་བའོ། །གཞན་ཡང་ཞེས་བྱ་བ་ལ་ལུས་ནི་ཁོག་པའོ། །མི་རྣམས་ལ་གསུམ་མོ། །སོ་སོར་ཐར་

པའི་སྡོམ་པ་ནི་མི་རྣམས་ཁོ་ན་ལ་ཡོད་ཀྱི། ལྷ་རྣམས་ལ་ནི་སོ་སོར་ཐར་པའི་སྡོམ་པ་མེད་དེ། མི་རྣམས་ཁོ་ན་ལ་ཚངས་པར་སྤྱོད་པ་ལ་གནས་པ་གསུངས་པའི་ཕྱིར་རོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། ལྷ་རྣམས་ནི་མི་དག་གིས་གནས་གསུམ་གྱིས་ཟིལ་གྱིས་གནོན་ཏེ། དཔའ་

བ་དང་། དྲན་པ་དང་ལྡན་པ་དང་། མི་ཚངས་པར་སྤྱོད་པ་ལ་གནས་པའོ་ཞེས་གསུངས་པའོ། །འདིར་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དང་དགེ་སློང་གི་དངོས་པོར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །སྐྱོབ་མེད་པའི་ཕྱིར་འདོད་པ་སྤྱོད་པའི་ལྷ་ཤེས་རབ་ཅན་རྣམས་ལ་ཡང་མེད་ན། གོང་དུ་སྐྱེས་པ་

རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། འོ་ན་ཇི་ལྟར་ན་དེ་དག་ལ་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་ཡོད་ཅེ་ན། ཅི་རིགས་པར་རྒྱུ་དང་ལས་ཀྱི་ཆོས་ཉིད་ཀྱི་སྟོབས་ལས་སོ། །གོང་ན་ནི་མེད་དོ་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་སུ་སྐྱེས་པ་རྣམས་ལའོ། །བསམ་གཏན་ཁྱད་པར་ཅན་དང་

འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེས་པ་རྣམས་མ་གཏོགས་པ་ཞེས་བྱ་བ་ལ། འཕགས་པ་ནི་བསམ་གཏན་ཁྱད་པར་ཅན་དང་འདུ་ཤེས་མེད་པའི་སེམས་ཅན་དག་ཏུ་མི་སྐྱེའོ། །དེ་དག་གི་ནི་ལྡན་པའི་སྒོ་ནས་ཡོད་ཀྱི་ཞེས་བྱ་བ་ནི། གཟུགས་མེད་པར་སྐྱེས་པ་རྣམས་ལ་ནི་ཟག་པ་མེད་པའི་སྡོམ་པ་

ལྡན་པའི་སྒོ་ཁོ་ན་ནས་ཡོད་ཀྱི། མངོན་སུམ་དུ་གྱུར་པ་ལས་ནི་མ་ཡིན་ཏེ། དེ་ན་གཟུགས་མེད་པའི་ཕྱིར་རོ། །གཞན་ན་ནི་རང་གི་ངོ་བོས་ཀྱང་ཡོད་དོ་ཞེས་བསྟན་པར་འགྱུར་རོ། །ལས་བསྟན་པའི་དབང་དུ་བྱས་པ་ཡིན་པས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་མངོན་པ་ནི་མདོའི་རྣམ་པར་བཤད་པ་

Vol. 145 · folio 44a

ཡིན་ནོ། །རེ་ཞིག་དང་གཏན་དུ་ཞེས་བྱ་བ་ལ། འབྲས་བུ་ཡིད་དུ་འོང་བ་ཅན་ནི་རེ་ཞིག་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པའི་ཕྱིར་བདེ་བ་ཡིན་ཏེ། ཇི་སྲིད་དུ་རྣམ་པར་སྨིན་པ་ཡིད་དུ་འོང་བ་རྗེས་སུ་འཇུག་པའི་བར་དུའོ། །མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ནི་གཏན་དུ་སྟེ་ཡོངས་སུ་

མྱ་ངན་ལས་འདས་པ་ལ་གཏན་དུ་སྡུག་བསྔལ་མེད་པའི་ཕྱིར་རོ། །མི་བདེ་བ་ནི་མི་མཐུན་པའི་ཕྱོགས་ཀྱི་ཞེས་བྱ་བ་ནི། འབྲས་བུ་ཡིད་དུ་མི་འོང་བའི་ཕྱིར་དང་། མྱ་ངན་ལས་འདས་པའི་གེགས་ཡིན་པ་ཉིད་ཀྱིས་སོ། །འདོད་པ་ན་སྤྱོད་པ་ན་སྤྱོད་པའི་དགེ་བའི་ལས་ནི་བསོད་ནམས་མ་ཡིན་པའི་གཉེན་པོར་

གྱུར་པའི་ཕྱིར་བསོད་ནམས་ཞེས་བྱ་སྟེ། སྲུང་བ་འམ་ཚིམ་པར་བྱེད་པས་ན་བསོད་ནམས་སོ། །འདི་ལ་རྣམ་པར་བརྟག་པ་དང་བཅས་པ་གང་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། །འདིར་སོགས་པ་ཞེས་བྱ་བའི་སྒྲས་ནི་བསམ་གཏན་གཉིས་པ་ལ་དགའ་བ་དང་མ་བྲལ་བ་གང་ཡིན་པ་འདི་ནི་འདིར་

འཕགས་པ་རྣམས་ཀྱིས་གཡོ་བའོ་ཞེས་གསུངས་སོ། །གསུམ་པ་ལ་ཡང་འདི་ལ་དབུགས་འབྱུང་བ་དང་རྔུབ་པ་དང་མ་བྲལ་བ་དང་། འདི་ལ་བདེའོ་སྙམ་དུ་སེམས་ཀྱི་གཏོད་པ་གང་ཡིན་པ་འདིར་ནི་འཕགས་པ་རྣམས་ཀྱིས་གཡོ་བའོ་ཞེས་གསུངས་པ་བསྡུའོ། །བསམ་གཏན་གསུམ་པོ་ཞེས་བྱ་བ་རྒྱས་

པར་འབྱུང་ལ། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་ཐམས་ཅད་ནི་མི་གཡོ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། བསམ་གཏན་གསུམ་པའི་གོང་ཡན་ཆད་ལ་ཡིན་ནོ་སྙམ་དུ་སེམས་སོ། །ཏིང་ངེ་འཛིན་སྐྱོན་དང་བཅས་པ་ལ་ཞེས་བྱ་བ་ནི། ཏིང་ངེ་འཛིན་ཉེས་པ་དང་བཅས་པ་སྟེ། བསམ་

གཏན་གསུམ་པོ་དེ་དག་གི་ཏིང་ངེ་འཛིན་སྐྱོན་དང་བཅས་པའི་དབང་དུ་མཛད་ནས་འདིར་ནི་འཕགས་པ་རྣམས་ཀྱིས་མི་གཡོ་བར་གསུངས་སོ་ཞེས་དེ་སྐད་གསུངས་པར་ཟད་ཀྱི་མི་གཡོ་བའི་ལས་ཀྱི་དབང་དུ་མཛད་ནས་ནི་མ་ཡིན་ནོ། །མི་གཡོ་བ་དང་མཐུན་པར་འགྲོ་བའི་ལས་ལས་བརྩམས་ཏེ་ཞེས་བྱ་བ་ནི་མི་

སྒུལ་བ་དང་མཐུན་པར་འགྲོ་བའི་ལམ་ལས་བརྩམས་ཏེ་ཞེས་བྱ་བའི་དོན་གང་ཡིན་པའོ། །ཡང་ཅིའི་ཕྱིར་ཏིང་ངེ་འཛིན་གྱི་སྐྱོན་དང་བཅས་པ་ཉིད་ཀྱིས་གཡོ་བ་དང་བཅས་བཞིན་དུ་ཡང་འདིར་མི་གཡོ་བར་གསུངས་ཤེ་ན། དེའི་ཕྱིར། །གང་ཕྱིར་ས་ནི་དེ་དག་ཏུ། །ལས་རྣམ་སྨིན་ཕྱིར་མི་གཡོའི་ཕྱིར། །

Vol. 145 · folio 44b

ཞེས་བྱ་བ་སྨོས་ཏེ། ས་རྣམས་སྲེད་པས་ཡོངས་སུ་བཅད་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པའི་རྫོགས་པར་བྱེད་པའི་ལས་ནི་རྣམ་པར་སྨིན་པའི་ཕྱིར་གཡོ་བ་ཡིན་ནོ། །བདེ་བ་དང་ལོངས་སྤྱོད་ལ་སོགས་པར་འགྱུར་བའི་ལས་ཞེས་བྱ་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ནི་གཟུགས་བཟང་བ་དང་།

སྐལ་བ་བཟང་བ་དང་སྐད་སྙན་པ་ལ་སོགས་པ་བསྡུའོ། །རེས་འགའ་རྐྱེན་གཞན་གྱི་དབང་གིས་ཞེས་བྱ་བ་ནི་རྐྱེན་གཞན་ཉོན་མོངས་པ་དང་ལས་དང་སྨོན་ལམ་གྱི་མཐུས་ཞེས་བྱ་བའི་ཐ་ཚིག་སྟེ། མདོ་ལས་འདི་ལྟ་སྟེ། འདི་ན་ལ་ལ་སྦྱིན་པ་པོ་ཡིན་ཞིང་སྦྱིན་བདག་ཡིན་ལ། དེ་ཡང་ཤིན་ཏུ་སྲོག་གཅོད་

པ་ཡིན་ཞེས་བྱ་བ་རྒྱས་པར་དེ་གླང་པོ་ཆེར་གྱུར་ན་གླང་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཐོབ་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་བར་གསུངས་སོ། །འདོད་པའི་ཁམས་དང་བསམ་གཏན་གསུམ་མོ་ཞེས་བྱ་བ་འབྱུང་སྟེ། དེ་ལ་འདོད་པའི་ཁམས་དང་བསམ་གཏན་དང་པོ་དག་ན་ནི་བདེ་བའི་ཚོར་བ་ལུས་ཀྱི་བདེ་བ་དང་། སེམས་ཀྱི་ཡིད་

བདེ་བ་ཡིན་ནོ། །བསམ་གཏན་གཉིས་པ་ན་ནི་བདེ་བའི་ཚོར་བ་ཡིད་བདེ་བ་ཡིན་ནོ། །བསམ་གཏན་གསུམ་པའི་ས་ན་ནི་སེམས་ཀྱི་བདེ་བ་ཡིན་ནོ། །དེ་ཡོད་པར་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲ་ནི་སྡུག་བསྔལ་དང་སྦྱར་ཏེ། སྡུག་བསྔལ་དེ་འདོད་པའི་ཁམས་ཁོ་ན་ན་ཡོད་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་འདིའི་ཞེས་བྱ་བ་

སྨོས་སོ། །འོ་ན་ཅི་ཞེ་ན། ཚོགས་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཚོགས་ནི་དེ་དང་ལྷན་ཅིག་འབྱུང་བ་དང་། དབང་པོ་རྣམས་དང་ཡུལ་རྣམས་སོ། །འདིར་ཚོགས་པར་བྱེད་པས་ན་ཚོགས་པ་ཡིན་ཏེ། སྐྱེད་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ན་རྣམ་

པར་སྨིན་པ་ཚོལ་བ་ཁོ་ན་ཡོད་པ་ནི་མ་ཡིན་མོད་ཀྱི། གདུལ་བའི་དབང་གིས་ན་དེ་སྐད་དུ་གསུངས་ཏེ། བདེ་བར་གྱུར་ཅིག་སྙམ་ཏེ་དེ་བྱེད་དོ་ཞེས་འབྱུང་བའི་ཕྱིར་རོ། །བསམ་གཏན་ཁྱད་པར་རྣམ་སྨིན་ལས། །ཞེས་བྱ་བ་ལ་བསམ་གཏན་ཁྱད་པར་ཅན་དུ་རྣམ་པར་སྨིན་པའམ། བསམ་གཏན་ཁྱད་པར་

ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གཏན་ཁྱད་པར་རྣམ་སྨིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ། གལ་ཏེ་བསམ་གཏན་བཞི་པ་མན་ཆད་ན་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བའི་ལས་མེད་ན་ནི་བསམ་གཏན་ཁྱད་པར་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་མེད་པར་

Vol. 145 · folio 45a

འགྱུར་ཏེ། སྙོམས་པར་འཇུག་པའི་བསམ་གཏན་ཁྱད་པར་ཅན་གྱི་ལས་ཀྱིའོ། །ལས་གང་གིས་ཀྱང་བསམ་གཏན་ཁྱད་པར་ཅན་དུ་ཞེས་བྱ་བས་ནི་སྐྱེ་བའི་བསམ་གཏན་ཁྱད་པར་ཅན་སྨྲས་སོ། །བསམ་གཏན་ཁྱད་པར་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་མེད་པར་འགྱུར་བའམ་ཞེས་གང་

སྨྲས་པ་དེ་ལ་བརྗོད་པ་ནི། ཁ་ཅིག་ན་རེ་བསམ་གཏན་ཁྱད་པར་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་བསམ་གཏན་ཁོ་ནའི་བདེ་བའི་དབང་པོ་རྣམ་པར་ཤེས་པ་གསུམ་གྱི་ཚོགས་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་སྟེ། ས་དེ་དག་ནི་རྟེན་ཐ་མི་དད་པའི་ཕྱིར་རོ། །དེའི་ཕྱིར་བསམ་གཏན་ཁྱད་པར་ཅན་གྱི་ལས་ནི་བདེ་བ་མྱོང་

བར་འགྱུར་བ་ཁོ་ན་ཡིན་པས་འགལ་བ་མེད་དོ། །གཞན་དག་ན་རེ་དེའི་རྣམ་པར་སྨིན་པ་ཚོར་བ་མེད་པ་ཉིད་དེ་འོ་ན་ཅི་ཞེ་ན། ཚོར་བ་ལས་ལོགས་ཤིག་ཏུ་དེ་ལས་གཞན་པའི་ཕུང་པོ་བཞི་ཡིན་ནོ། །དེ་ལྟ་ཡིན་དང་བསམ་གཏན་ཁྱད་པར་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་དེ་ནི་བསམ་གཏན་ཁྱད་པར་ཅན་ཁོ་ན་ཡིན་

པར་འཐད་པར་འགྱུར་རོ། །འདི་ནི་བསྟན་བཅོས་དང་འགལ་བ་ཡིན་ཏེ། བསྟན་བཅོས་ལས་ནི་ལས་ཀྱི་རྣམ་པར་སྨིན་པ་སེམས་ཀྱི་ཚོར་བ་ཁོ་ན་རྣམ་པར་སྨིན་གྱི། ལུས་ཀྱི་མ་ཡིན་པ་ཡོད་དམ་ཞེ་ན། ཡོད་དེ་རྟོག་པ་མེད་པ་ལས་དགེ་བའི་ཡིན་ནོ་ཞེས་འབྱུང་བ་ལ། བསམ་གཏན་ཁྱད་པར་ཅན་གྱི་ལས་

ཀྱང་རྟོག་པ་མེད་པའི་ཡིན་ནོ། །གལ་ཏེ་དེའི་རྣམ་པར་སྨིན་པ་བསམ་གཏན་དང་པོའི་བདེ་བ་ཁོ་ན་ཡིན་ན་ནི་བསམ་གཏན་དང་པོའི་བདེ་བའི་དབང་པོའི་རྣམ་པར་ཤེས་པའི་ཚོགས་གསུམ་དང་ལྡན་པ་ཡིན་པས། དེའི་ཕྱིར་རྣམ་པར་སྨིན་པ་སེམས་ཀྱི་ཚོར་བ་ཁོ་ན་རྣམ་པར་སྨིན་པར་འགྱུར་གྱི། ལུས་ཀྱི་ནི་མ་

ཡིན་ནོ་ཞེས་བྱ་བའི་བསྟན་བཅོས་དང་འགལ་ལོ། །གཉིས་པ་ཡང་བསྟན་བཅོས་དང་འགལ་ཏེ། རྟོགས་པ་མེད་པའི་ལས་ཀྱིས་རྣམ་པར་སྨིན་པ་ནི་ཚོར་བའོ་ཞེས་འབྱུང་བའི་ཕྱིར་རོ། །སྔ་ཕྱི་མེད་པའི་གསུམ་སྨིན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྔ་མ་དང་ཕྱི་མའི་རིམ་པ་མེད་ཅིང་། སྔར་ཡང་མ་ཡིན་ལ་

ཕྱིས་ཀྱང་མ་ཡིན་གྱི། ཅིག་ཅར་ཞེས་བྱ་བའི་ཐ་ཚིག་གོ། །བདེ་བ་མྱོང་བར་འགྱུར་བའི་གཟུགས་ནི་མིག་ལ་སོགས་པའོ། །སྡུག་བསྔལ་མྱོང་བར་འགྱུར་བའི་སེམས་དང་སེམས་ལས་བྱུང་བའི་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་དང་། དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་

Vol. 145 · folio 45b

སེམས་ལས་བྱུང་བ་རྣམས་ཏེ། ཡིད་མི་བདེ་བ་ནི་རྣམ་པར་སྨིན་པ་མ་ཡིན་པའི་ཕྱིར་རོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ནི་སེམས་དང་ལྡན་པའི་མ་ཡིན་པའི་སྲོག་གི་དབང་པོ་ལ་སོགས་པ་རྣམས་སོ། །འདོད་པའི་ཁམས་ལས་གཞན་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། གཟུགས་དང་

གཟུགས་མེད་པའི་ཁམས་དག་ན་སྡུག་བསྔལ་མྱོང་བར་འགྱུར་བ་མེད་པའི་ཕྱིར་རོ། །དགེ་བ་དང་མི་དགེ་བ་མ་གཏོགས་པ་གཞན་ལ་རྣམ་པར་སྨིན་པ་མེད་པས་འདྲི་བ་ནི་ད་ཅི་ལས་དེ་དགེ་བ་ཡིན་ནམ་ཞེས་བྱ་བ་ལ་སོགས་པའོ། །སྟོབས་ཆུང་ངུ་ཡིན་ནོ་ཞེས་བྱ་བ་ལ་སྟོབས་དང་ལྡན་པ་གང་ཡིན་པ་དེ་ནི་བདེ་

བ་མྱོང་བར་འགྱུར་བ་ཡིན་ཏེ། དེའི་ཕྱིར་དགེ་བའི་ལས་དེ་ནི་ཁ་ཅིག་ལ་བདེ་བ་མྱོང་བར་འགྱུར་བ་ཡིན་ལ། ཁ་ཅིག་ལ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ཡིན་ནོ། །དེ་ལྟ་ན་ནི་འོ་ན། བསམ་གཏན་གསུམ་པའི་བར་དགེ་བ། །བདེ་བ་མྱོང་འགྱུར་ཞེས་བྱ་བ་དང་། རྣམ་པར་

སྨིན་པ་ཡིད་དུ་འོང་བ་ནི་དགེ་བ་ཡིན་ནོ་ཞེས་བྱ་བ་གཉིས་ཀ་དང་འགལ་ལོ། །གང་ཞིག་དེ་ལྟར་འདོད་པ་དེ་ནི་སྔ་མ་མི་འདོད་པ་ཁོ་ན་ཡིན་ན། དེ་དང་འགལ་བ་ག་ལ་ཡོད། །སྔ་མ་མི་འདོད་པ་ནི་བསྟན་བཅོས་དང་འགལ་བར་འགྱུར་ན། བསྟན་བཅོས་ལས་ནི་དེ་ཕལ་ཆེ་བ་བསྟན་པ་ཡིན་པས་འགལ་བ་

མེད་དོ། །བསམ་གཏན་གསུམ་པའི་བར་དགེ་བ། །བདེ་བ་མྱོང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་བསྟན་པ་གང་ཡིན་པའོ། །དེ་དགེ་བ་ནི་ཕལ་ཆེར་རྣམ་པར་སྨིན་པ་ཡིད་དུ་འོང་བ་ཡིན་ལ། ཅུང་ཟད་ཅིག་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ཡིན་ནོ། །དེའི་ཕྱིར་དེ་ནི་ཕལ་

ཆེ་བ་བསྟན་པ་ཡིན་པས་འགལ་བ་མེད་དོ། །ཇི་ལྟར་ཚོར་བའི་རང་བཞིན་མ་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བྱ་བའི་དུས་ཀྱི་དབང་དུ་བྱས་ནས་སྨྲས་ཀྱི། འབྲས་བུའི་དུས་ནི་མ་ཡིན་ནོ། །བདེ་བ་མྱོང་བར་འགྱུར་བ་དང་། མཐུན་པ་ཞེས་བྱ་བ་ནི། བདེ་བ་མྱོང་བར་འགྱུར་བ་དང་རྗེས་སུ་མཐུན་

པའོ། །འདིའི་བདེ་བ་མྱོང་བར་བྱ་བ་ཡིན་པ་ཞེས་བྱ་བ་ལ་བདེ་བ་ཡང་དེ་ཡིན་ལ་མྱོང་བར་བྱ་བ་ཡང་དེ་ཡིན་པས་ན་བདེ་བ་མྱོང་བར་འགྱུར་བ་སྟེ། རྣམ་པར་སྨིན་པ་གང་ཡིན་པའོ། །མྱོང་བར་འགྱུར་བ་ཞེས་བྱ་བ་ནི། ཉམས་སུ་མྱོང་བར་འགྱུར་བའོ། །འདིའི་བདེ་བ་མྱོང་བར་བྱ་བ་ཡིན་པས་ན་བདེ་བ་མྱོང་བར་

Vol. 145 · folio 46a

འགྱུར་བའོ། །དེ་མྱོང་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི། རྣམ་པར་སྨིན་པ་དེ་ཉམས་སུ་མྱོང་བར་བྱེད་ཅེས་བྱ་བའི་དོན་ཏོ། །འཁྲུ་བར་བྱེད་པའི་འདག་ཆལ་བཞིན་ནོ་ཞེས་བྱ་བ་ལ། དཔེར་ན་འདག་ཆལ་འདིས་འཁྲུ་བར་བྱེད་པས་ན་འཁྲུ་བར་བྱེད་པའི་འདག་ཆལ་ལོ་ཞེས་བྱ་

བ་འཐོབ་པ་བཞིན་དུ་འཁྲུ་བར་འགྱུར་བའི་འདག་ཆལ་ཞེས་བྱ་བ་ཡིན་པ་དེ་བཞིན་དུ་ལས་གང་གི་བདེ་བ་མྱོང་བར་བྱེད་པ་དེ་ནི་བདེ་བ་མྱོང་བར་བྱེད་པའོ་ཞེས་བྱ་བ་ཐོབ་པ་བཞིན་དུ། བདེ་བ་མྱོང་བར་འགྱུར་བ་ཞེས་བྱ་བ་ཡང་ཡིན་ནོ། །ངོ་བོ་ཉིད་དང་མཚུངས་ལྡན་དང་། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །ངོ་བོ་ཉིད་ཀྱིས་མྱོང་བར་

འགྱུར་བ་ནི་ཚོར་བ་རྣམས་སོ་ཞེས་བྱ་བ་ནི། ཚོར་བ་བདེ་བ་མྱོང་ན་ཞེས་ཇི་སྐད་དུ་གསུངས་པ་ལྟ་བུ་སྟེ། ངོ་བོ་ཉིད་ཀྱིས་ཏེ། མྱོང་བའི་མཚན་ཉིད་ཀྱིས་མྱོང་བར་འགྱུར་བ་ནི་ངོ་བོ་ཉིད་ཀྱིས་མྱོང་བར་འགྱུར་བའོ། །བདེ་བ་མྱོང་བར་འགྱུར་བའི་རེག་པ་ཞེས་བྱ་བ་ནི། བདེ་བ་མྱོང་བ་དང་མཐུན་པའམ།

འདི་ལ་བདེ་བ་མྱོང་བར་འགྱུར་བ་ཡོད་པས་ན་བདེ་བ་མྱོང་བར་འགྱུར་བའི་རེག་པའོ། །གཟུགས་སོ་སོར་ཡང་དག་པར་མྱོང་བར་འགྱུར་ཞེས་བྱ་བ་ལ། གཟུགས་སོ་སོར་ཉམས་སུ་མྱོང་བར་འགྱུར་གྱི། གཟུགས་ལ་འདོད་ཆགས་ནི་མ་ཡིན་ཏེ། དེ་ལ་སྐྱེས་པའི་ཕྱིར་རོ། །མཐོང་བའི་ཆོས་ལ་

མྱོང་བར་འགྱུར་བ་ཞེས་བྱ་བ་ནི། འདི་ལ་རྣམ་པར་སྨིན་པ་མཚན་ཉིད་མཐོང་བའི་སྐྱེ་བ་ལ་མྱོང་བར་ཡོད་པས་སོ། །གདོན་མི་ཟ་བར་མྱོང་བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི་འབྲས་བུའི་ཕྱིར་མ་ངེས་པའི་ཕྱིར་རོ། །གལ་ཏེ་མ་ངེས་ན་ཇི་ལྟར་བདེ་བ་མྱོང་བར་འགྱུར་བ་ཡིན་ཞེ་ན། གལ་ཏེ་དེས་བདེ་

བ་ཉིད་རྣམ་པར་སྨིན་པར་བྱེད་དོ་ཞེ་ན་ནི་ཚོར་བ་རྣམ་པར་སྨིན་པར་འགྱུར་བས་བདེ་བ་མྱོང་བར་འགྱུར་བ་ཡིན་ཏེ། སྡུག་བསྔལ་མྱོང་བར་འགྱུར་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་ཡང་དེ་དང་འདྲའོ། །རྣམ་པ་གཉིས་སུ་ཕྱེ་ནས་ཞེས་བྱ་བ་ལ། མཐོང་

བའི་ཆོས་ལ་སོགས་པའི་གནས་སྐབས་རྣམས་སུ་མ་ངེས་ལ། རྣམ་པར་སྨིན་པར་ངེས་པ་འདི་ནི་གཅིག་ཡིན་ནོ། །གནས་སྐབས་ལ་ངེས་ལ་རྣམ་པར་སྨིན་པར་མ་ངེས་པ་ནི་གཉིས་པའོ། །སྟོབས་དང་ལྡན་པ་ནི་ཆེས་སྟོབས་དང་ལྡན་པ་སྟེ། ལས་གཞན་དག་གིས་བར་དུ་གཅད་པར་མི་

Vol. 145 · folio 46b

ནུས་པའི་ཕྱིར་རོ། །ཆུང་ཆེས་པ་ནི་ཉུང་ཆེས་པ་སྟེ། དུས་ཐུང་བའི་ཕྱིར་རོ། །རྩམ་པའི་དབང་གིས་ཞེས་བྱ་བ་ནི། དབང་དུ་བྱས་པའི་སྐྱེ་བ་དེ་ཉིད་ལ་རྣམ་པར་སྨིན་པའི་མགོ་ཟུག་ཅེས་བྱ་བའི་དོན་ཏོ། །མིང་དེ་རྣམ་པར་སྨིན་པར་གཞག་གོ་ཞེས་བྱ་བ་ནི། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དེ་ལྟ་བུའི་

མིང་རྣམ་པར་གཞག་གོ་ཞེས་བྱ་བའི་ཐ་ཚིག་གོ། །འབྲས་བུ་ཉེ་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འབྲས་བུ་ཉེ་བའི་དཔེ་ནི་ལྕམ་པའོ། །འབྲས་བུ་རིང་བའི་དཔེ་ནི་ནས་ལ་སོགས་པ་དག་གོ། །དཔེས་སྟོན་པ་རྣམས་ཞེས་བྱ་བ་ལ། གང་དག་དཔེ་སྟེ་རྟོག་གེས་ཐ་སྙད་བྱེད་པ་དེ་དག་ནི་དཔེས་སྟོན་པ་

རྣམས་སོ། །གནས་སྐབས་ངེས་ལ་རྣམ་པར་སྨིན་པ་མ་ངེས་པ་ཡང་ཡོད་དོ་ཞེས་བྱ་བ་ནི་ལས་གང་ཞིག་མཐོང་བའི་ཆོས་ཁོ་ན་ལ་རྣམ་པར་སྨིན་གྱི། དེ་ལས་འདས་པ་རྣམ་པར་མི་སྨིན་པ་ཉིད་དོ། །དེ་བཞིན་དུ་སྐྱེས་པ་དང་། ལན་གྲངས་གཞན་ལ་ཡང་བརྗོད་པར་བྱའོ། །ལས་འདི་ནི་གནས་སྐབས་

ངེས་པ་ཡིན་གྱི། རྣམ་པར་སྨིན་པ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་མཐོང་བའི་ཆོས་ལ་སོགས་པ་ལ་མྱོང་བར་འགྱུར་ལ། རྣམ་པར་སྨིན་པ་ནི་མ་ངེས་པའི་ལས་གང་ཡིན་པའོ་ཞེས་བྱ་བ་སྨོས་སོ། །རྣམ་པར་སྨིན་པར་ངེས་ལ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ལས་གང་ཞིག་མཐོང་བའི་ཆོས་སམ་

སྐྱེས་པ་འམ། རྣམ་གྲངས་གཞན་ཡིན་ཡང་བླ་སྟེ། གདོན་མི་ཟ་བར་སྨིན་པ་དེ་ནི་རྣམ་པར་ངེས་ཀྱི། གནས་སྐབས་སུ་ནི་མ་ཡིན་པ་སྟེ། དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པར་ངེས་ལ། མྱོང་བར་འགྱུར་བ་ནི་མ་ཡིན་པའི་ལས་གང་ཡིན་པའོ་ཞེས་བྱ་བ་སྨོས་སོ། །གཉི་ག་ངེས་པ་ཡང་ཡོད་དེ།

གནས་སྐབས་དང་རྣམ་པར་སྨིན་པར་ངེས་པ་གང་ཡིན་པའོ། །གཉི་ག་མ་ངེས་པ་ཡང་ཡོད་དེ། གནས་སྐབས་ཀྱང་མ་ངེས་ལ། རྣམ་པར་སྨིན་པ་ཡང་མ་ངེས་པའི་ལས་གང་ཡིན་པའོ། །དཔེས་སྟོན་པ་དེ་དག་གི་ལྟར་ན་ལས་རྣམ་པ་བརྒྱད་དེ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་རྣམ་པར་

སྨིན་པར་ངེས་པ་དང་མ་ངེས་པ་ནས་མྱོང་བར་འགྱུར་བར་མ་ངེས་པའི་བར་དུ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ལ་སོགས་པ་རྣམས་ནི་ངེས་པ་ཁོ་ན་ཡིན་ནོ། །བཞི་པ་ནི་མ་ངེས་པ་ཡིན་ནོ་ཞེས་བརྗོད་དོ། །ལས་རྣམ་པ་བཞི་འཕེན་པར་

Vol. 145 · folio 47a

འགྱུར་བ་ཞེས་བྱ་བ་ནི། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ལ་སོགས་པ་ལས་རྣམ་པ་བཞི་བྱེད་པར་འགྱུར་བའོ། །ཇི་ལྟ་ཞེ་ན། ཕ་རོལ་པོ་གསུམ་ལ་སྦྱར་ནས་ཞེས་བྱ་བ་སྨོས་ཏེ། སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་དང་། བརྫུན་དུ་སྨྲ་བ་དག་ལའོ། །བདག་ཉིད་དེ་རང་འདོད་

པས་ལོག་པར་གཡེམ་པ་ལ་ཞུགས་ཏེ། དེ་དག་ཅིག་ཅར་མཐར་ཕྱིར་པར་གྱུར་ནའོ། །གཅིག་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ཡིན་ལ། གཅིག་ནི་སྐྱེས་ནས་མྱོང་བར་འགྱུར་བ་ཡིན་ཞེས་བྱ་བ་ལ་སོགས་པའོ། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་ཀྱིས་ནི་ཞེས་བྱ་བ་རྒྱས་པར་

འབྱུང་སྟེ། ལས་གཞན་གྱིས་འཕངས་པའི་རིས་མཐུན་པ་ལ་དེ་འབྱུང་བའི་ཕྱིར་དང་། དེ་ཉིད་དུ་འབྲས་བུ་དེ་འབྱིན་པའི་ཕྱིར་རོ། །ཅི་རིགས་པར་ཞེས་བྱ་བ་འབྱུང་སྟེ། དེ་ལ་མི་དགེ་བ་རྣམས་ནི་འདོད་པའི་ཁམས་ཁོ་ན་ན་ཡོད་དོ། །གཞན་དག་ནི་ཁམས་གསུམ་ཆར་ནའོ། །དམྱལ་བ་ན་ནི་དགེ་བའི་

གསུམ་ཞེས་བྱ་བ་ལ། དགེ་བ་ཞེས་བྱ་བ་སྨོས་པ་ནི་མི་དགེ་བ་བསལ་བའི་ཕྱིར་ཏེ། དམྱལ་བ་ན་མི་དགེ་བ་ནི་རྣམ་པ་བཞི་ཆར་གྱི་འཕེན་པ་ཡོད་དོ། །གང་ལ་འདོད་ཆགས་དང་བྲལ་བསྟན་པའི་བྱིས་པ་ཞེས་བྱ་བ་ལ། བསྟན་པ་ཞེས་བྱ་བ་སྨོས་པ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་བསལ་བའི་ཕྱིར་

ཏེ། དེ་ལ་ནི་གང་ལས་འདོད་ཆགས་དང་བྲལ་བ་དེར་སྐྱེས་ནས་མྱོང་བར་འགྱུར་བའི་ལས་མི་འགལ་ཏེ། ཡོངས་སུ་ཉམས་པ་སྲིད་པའི་ཕྱིར་རོ། །བྱིས་པ་ཞེས་བྱ་བ་ནི་འཕགས་པ་བསལ་བའི་ཕྱིར་ཏེ། བྱིས་པ་ནི་སྐྱེས་ནས་མྱོང་བ་ཉིད་བྱེད་པ་མ་ཡིན་གྱི་གཞན་ནི་བྱེད་དོ། །དེ་ཉིད་ཀྱི་ཕྱིར་གཞན་

རྣམས་པ་གསུམ་ནི་བྱེད་དོ་ཞེས་བྱ་བ་སྨོས་ཏེ། དེ་ནི་སླར་འོང་བའི་གོ་སྐབས་ཡོད་དོ། །འཕགས་པ་གཞན་དུ་འང་མྱོང་མི་བྱེད། །ཅེས་བྱ་བ་ལ་འང་ཞེས་བྱ་བའི་སྒྲས་ནི་སྐྱེས་ནས་མྱོང་བ་ཡང་བྱེད་པ་མ་ཡིན་པར་རྟོགས་ཏེ། དེ་ལ་ནི་ཡོངས་སུ་ཉམས་པའམ་སླར་འོང་བ་ཡོད་པ་མ་ཡིན་ཏེ། བསྟན་

པའི་ཕྱིར་དང་ཁྱད་པར་དུ་འགྲོ་བའི་ཕྱིར་རོ། །བསྟན་པ་ཞེས་བྱ་བ་ནི་མི་བསྟན་པ་བཅད་པའི་ཕྱིར་ཏེ། མི་བསྟན་པ་ནི་སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་བྱེད་པ་ཡིན་ཏེ། ཡོངས་སུ་ཉམས་པ་ལ་ཡང་སྐྱེ་བ་སྲིད་པའི་ཕྱིར་རོ། །འདི་ནི་ཡང་ས་འོག་མར་

Vol. 145 · folio 47b

འོང་བར་རུང་བ་མ་ཡིན་ནོ་ཞེས་བྱ་བ་ནི། ཕྱིར་མི་འོང་བ་རྣམས་ཁྱད་པར་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །འོག་ན་ཡོད་པ་ནི་འོག་མའོ། །མ་ངེས་པ་དང་ཞེས་བྱ་བ་ལ། རྣམ་པར་སྨིན་པར་མ་ངེས་པ་དང་། གང་དུ་སྐྱེས་པ་དེར་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ནི་བྱེད་དོ། །འདོད་པའི་ཁམས་

སམ་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ། འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་ནི་ཕྱིར་མི་འོང་བའོ། །སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་ནི་དགྲ་བཅོམ་པའོ། །དེ་དག་ཏུ་ཞེས་བྱ་བ་ནི་འདོད་པའི་ཁམས་དང་སྲིད་པའི་རྩེ་མོ་དང་སྦྱར་རོ། །ཅིའི་

ཕྱིར་ཞེས་བྱ་བ་ནི་ཡོངས་སུ་ཉམས་པའི་ཆོས་ཅན་ཡིན་ཡང་དེ་དག་ཏུ་སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་བྱེད་པར་རུང་བ་མ་ཡིན་པའོ། །དེའི་ཕྱིར་དེ་ནི་འབྲས་བུ་ལས་ཡོངས་སུ་ཉམས་པ་ཡིན་ལ་ཞེས་བྱ་བ་སྨོས་སོ། །འབྲས་བུ་ལས་ཡོངས་སུ་ཉམས་

པ་ལ་ནི་འཆི་བ་མེད་དོ་ཞེས་བྱ་བ་ནི་ཇི་སྲིད་དུ་འབྲས་བུ་དེ་མ་ཐོབ་ཀྱི་བར་དུའོ། །འོག་ནས་བཤད་པར་བྱའོ་ཞེས་བྱ་བ་ནི། འབྲས་ལས་ཉམས་པ་འཆི་བ་མེད། །ཅེས་བྱའོ། །མ་ངེས་པ་དང་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ནི་བཀག་པ་མེད་དོ། །ཐམས་ཅད་ན་ནི་འཕེན་པ་བཞི། །ཞེས་

བཤད་པ་དེའི་ཕྱིར་ཅི་སྲིད་པ་བར་མ་ན་ཡང་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདོད་པ་ན་སྤྱོད་པའི་སྲིད་པ་བར་མ་ཞེས་བྱ་བ་ནི། གཟུགས་ན་སྤྱོད་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཏེ། དེ་ན་ནི་མངལ་གྱི་གནས་སྐབས་དང་བྱིས་པ་ལ་སོགས་པའི་གནས་སྐབས་མེད་དོ། །སྐྱེ་བ་རིལ་པོ་ནི་གནས་སྐབས་

བཅུ་གཅིག་ཡིན་ཏེ། མངལ་གྱི་གནས་སྐབས་ལྔ་དང་། སྐྱེས་པའི་གནས་སྐབས་ལྔ་དང་། སྲིད་པ་བར་མའི་གནས་སྐབས་སོ། །ལས་ངེས་པའི་སྲིད་པ་བར་མ་དང་ནུར་ནུར་པོ་ལ་སོགས་པའི་འབྲས་བུ་ཅན་གང་ཡིན་པ་དེ་ནི་སྐྱེས་ནས་མྱོང་བར་འགྱུར་བ་ཡིན་པར་ཤེས་པར་མི་བྱ་སྟེ། དེའི་ཕྱིར་

དེ་ནི་མཐོང་ཆོས་འབྲས་བུ་ཅན། །ཞེས་བྱ་བ་སྨོས་སོ། །དེ་ཉིད་ལ་རྒྱུ་ནི། དེ་ནི་རིས་གཅིག་ཁོ་ན་ཡིན། །ཞེས་བྱ་བ་སྨོས་ཏེ། ཇི་སྐད་དུ། དེ་ནི་འཕེན་པ་གཅིག་པའི་ཕྱིར། །སྔོན་འབྱུང་སྲིད་པའི་ཤ་ཚུགས་ཅན། །ཞེས་བཤད་དོ། །ལས་ངེས་པ་མ་ངེས་པ་དེའི་རྒྱུ་ལས་བྱུང་བ་ཞེས་བྱ་བ་ནི།

Vol. 145 · folio 48a

སྲིད་པ་བར་མའི་སྔོན་དུ་འགྲོ་བ་ཅན་ཞེས་བྱ་བའི་དོན་ཏོ། །གཞན་ཞེས་བྱ་བ་ལ། གང་ལས་གཞན་ཞེ་ན། སྐྱེས་ནས་མྱོང་བར་འགྱུར་བ་ལ་སོགས་པ་དག་ལས་སོ། །དེ་ནི་སྐྱེ་ནས་མྱོང་བར་འགྱུར་བ་ཁོ་ནས་འཕངས་པའི་ཕྱིར་རོ་ཞེས་བྱ་བ་ནི། གང་གི་ཕྱིར་གནས་སྐབས་བཅུ་

གཅིག་པོ་དེ་ནི་ལས་གཅིག་གིས་འཕངས་ཤིང་རིས་གཅིག་པ་ཁོ་ན་ཡིན་པ་དེའི་ཕྱིར་སྲིད་པ་བར་མ་མྱོང་བར་འགྱུར་བའི་ལས་གཞན་མ་བཤད་དོ། །ལས་ངེས་པ་དང་མ་ངེས་པ་བཤད་པ་དེའི་ཕྱིར་ཡང་ངེས་པའི་ལས་ཅི་འདྲ་བ་ཞེས་བྱ་བ་སྨོས་སོ། །ངེས་པ་ཤེས་ན་དེ་ལས་གཞན་ནི་མ་ངེས་པ་ཡིན་ནོ་ཞེས་

བྱ་བར་ཤེས་པ་ཁོ་ན་ཡིན་པས་དེ་ལ་དྲི་བ་མ་བྱས་སོ། །འབྲས་བུ་དང་སྙོམས་པར་འཇུག་པ་ཁྱད་པར་ཅན་ཞེས་བྱ་བ་ལ། ཁྱད་པར་ཅན་གྱི་སྒྲ་ནི་གཉི་ག་ལ་ཡང་སྦྱར་བར་བྱའོ། །དེ་ལས་འབྲས་བུ་ཁྱད་པར་ཅན་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་དགྲ་བཅོམ་པ་ཉིད་དོ། །སྙོམས་པར་འཇུག་པ་ཁྱད་

པར་ཅན་ནི་འགོག་པ་དང་། བྱམས་པ་དང་ཉོན་མོངས་པ་ཅན་མེད་པའི་སྙོམས་པར་འཇུག་པའོ། །ཁྱད་པར་སྨོས་པ་ནི་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་དང་། དེ་ལས་གཞན་པའི་སྙོམས་པར་འཇུག་པ་རྣམས་རྣམ་པར་གཅད་པའི་ཕྱིར་རོ། །ཅི་འདྲ་ཡང་རུང་སྟེ་ཞེས་བྱ་བ་ནི་ཀུན་

ནས་དཀྲིས་པ་ཞན་པའམ། དྲག་པོས་བསླངས་ཏེ། གལ་ཏེ་བསོད་ནམས་ཀྱི་བློ་འམ། ཞེ་སྡང་གིས་བསླངས་ནའོ། །གང་ཞིག་བསོད་ནམས་ཀྱི་བློས་ཕའམ་མ་གསོད་པར་བྱེད་པ། དེའི་མི་དགེ་བའི་ལས་དེ་ཡང་མཚམས་མེད་པར་འགྱུར་རོ། །གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གསོད་པར་བྱེད་

པའི་ལས་ལས་གཞན་པ་གཤེ་བ་ལ་སོགས་པ་དང་རྐང་པ་ལ་ཕྱག་བྱེད་པ་ལ་སོགས་པ་གང་ཡིན་པ་དང་། ཉོན་མོངས་པ་དང་རབ་ཏུ་དང་བ་གཞན་པས་ཀུན་ནས་བསླང་བ་དང་། རྒྱུན་ཆགས་སུ་བྱས་པ་མ་ཡིན་པ་དང་། ཡོན་ཏན་གྱི་ཞིང་ལས་གཞན་ལས་བྱས་པ་དང་། གཞན་ལ་ཕན་

བཏགས་པ་དང་བསོད་པའོ། །མཐོང་བའི་ཆོས་ལ་སོགས་པ་ལ་མྱོང་འགྱུར་ཕྱིར་ན་ཞེས་བྱ་བ་བཤད་པ་དེའི་ཕྱིར། ཡང་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཞིང་གི་ཁྱད་པར་ལས་ནི་དགེ་སློང་ཤགས་ཀྱིས་ཕམ་པ་ཞིག་གིས་དགེ་འདུན་ལ་བུད་མེད་དུ་ཟད་

Vol. 145 · folio 48b

དོ་ཞེས་ཁ་བྱས་པ་དང་། དེ་མཐོང་བའི་ཆོས་ཁོ་ན་ལས་སྐྱེས་པའི་མཚན་དང་བྲལ་ཏེ། བུད་མེད་ཀྱི་མཚན་བྱུང་ངོ་ཞེས་གྲག་གོ། །བསམ་པའི་ཁྱད་པར་ལས་ཀྱང་མཐོང་བའི་ཆོས་ལ་མྱོང་བར་འགྱུར་ཏེ། དཔེར་ན་ཉུང་རུམ་ཞིག་གིས་རྔན་པ་བྱིན་ནས་གླང་ཞིག་རླིག་པ་དབྱུང་བ་ལས་ཐར་བར་བྱས་པ་དང་དེ་ལ་

མཐོང་བའི་ཆོས་ཁོ་ན་ལ་སྐྱེས་པའི་དབང་པོ་བྱུང་ངོ་ཞེས་གྲག་པ་བཞིན་ནོ། །ཡང་ན་དེར་སྐྱེས་པའི་ལས་དེའི་ས་གང་ཡིན་པ་དེ་ལས་གཏན་དུ་འདོད་ཆགས་དང་བྲལ་བའི་ཕྱིར་ལས་དེ་མཐོང་བའི་ཆོས་ལ་མྱོང་བར་འགྱུར་ཏེ། དཔེར་ན་ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་རྣམས་ཀྱིས་འདོད་ཆགས་དང་

མ་བྲལ་བའི་གནས་སྐབས་སུ་བྱས་པ་ལྟ་བུ་སྟེ། ས་འོག་མར་ཡང་མི་འོང་བའི་ཕྱིར་དང་། ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་རོ། །གནས་སྐབས་གཞན་དུ་ངེས་པ་གང་ཡིན་པ་ཞེས་བྱ་བ་ནི། སྐྱེས་ནས་མྱོང་བར་འགྱུར་བའམ། ལན་གྲངས་གཞན་ལ་ངེས་པར་འགྱུར་བ་སྟེ། དེ་ནི་

དེ་ཉིད་དུ་རྣམ་པར་སྨིན་པར་འགྱུར་རོ་ཞེས་བྱ་བ་ནི་ས་དེ་ཉིད་དུ་སྐྱེས་ནས་སམ། ལན་གྲངས་གཞན་ལའོ། །དེ་དང་ལྡན་བཞིན་དུ་གཏན་དུ་འདོད་ཆགས་དང་བྲལ་བ་མི་སྲིད་པས་ཞེས་བྱ་བ་ལ། གང་ལ་གནས་སྐབས་གཞན་དུ་ངེས་པའི་ལས་ཡོད་པ་དེ་ལ་ནི་གཏན་དུ་འདོད་ཆགས་དང་བྲལ་བ་མི་སྲིད་དེ།

ཕྱིར་མི་འོང་བ་ལ་སླར་འོང་བའམ། དགྲ་བཅོམ་པ་ལ་ཡང་སླར་སྐྱེ་བ་ནི་མེད་དོ། །དེའི་ཕྱིར་ལས་དེ་ནི་རང་གི་ས་ལས་གཏན་དུ་འདོད་ཆགས་དང་བྲལ་བ་འགོག་པའི་རྒྱུ་ཡིན་ནོ། །མ་ངེས་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་ལ། མ་ངེས་པ་རྣམ་པར་སྨིན་པ་འབྱིན་པ་ལ་གེགས་བྱེད་པའི་

རྒྱུ་ནི། ས་དེ་ལས་འདོད་ཆགས་དང་བྲལ་བ་ཁོ་ན་ཡིན་པས་འདི་ནི་རྣམ་པར་མི་སྨིན་པ་ཡིན་ལ། མ་ངེས་པ་ཡིན་པའི་ཕྱིར་དེ་ལས་འདོད་ཆགས་དང་བྲལ་བ་ན་གེགས་བྱེད་པ་ནུས་པ་ཡང་མ་ཡིན་ནོ། །མྱ་ངན་ལས་འདས་པ་དང་འདྲ་བའི་ཕྱིར་ཞེས་བྱ་བ་ལ། མྱ་ངན་ལས་འདས་པ་ནི་གཏན་དུ་

འདུས་བྱས་ཐམས་ཅད་འཇུག་པ་དང་འགལ་བ་ཡིན་ལ། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པའི་གནས་སྐབས་ན་སེམས་དང་སེམས་ལས་བྱུང་བ་འཇུག་པ་མེད་པས་དུས་ཇི་སྲིད་ཅིག་ཏུ་འགལ་བ་ཡིན་པས། མྱ་ངན་ལས་འདས་པ་དང་འདྲ་བ་ཡིན་ནོ། །དེའི་ཕྱིར་མྱ་

Vol. 145 · folio 49a

ངན་ལས་འདས་པ་དང་འདྲ་བའི་ཆོས་མངོན་སུམ་དུ་བྱས་པའི་ཕྱིར་དེ་ལས་ལངས་པས་སེམས་མཆོག་ཏུ་ཞི་བ་འཐོབ་པོ། །སོན་པ་ལས་སླར་ལོག་པ་དང་འདྲ་ཞེས་བྱ་བ་ལ་སྙོམས་པར་འཇུག་པའི་གནས་སྐབས་ན་སེམས་དང་སེམས་ལས་བྱུང་བ་འཇུག་པ་མེད་པའི་ཕྱིར་མྱ་

ངན་ལས་འདས་པར་སོན་པར་འདྲ་ལ། ཡོང་ལངས་པ་ལ་སེམས་དང་སེམས་ལས་བྱུང་བ་འབྱུང་བས་མྱ་ངན་ལས་འདས་པ་ལས་སླར་ལོག་པ་དང་འདྲ་སྟེ། དེའི་ཕྱིར་དེ་ནི་སེམས་མཆོག་ཏུ་དང་བའི་གཞིར་གྱུར་པ་ཡིན་ནོ། །ཕན་པའི་ལྷག་པའི་བསམ་པ་ནི་ཕན་པར་འདོད་པ་ཡིན་ལ། ཕན་པ་ནི་

འདིར་ཉོན་མོངས་པ་མི་འབྱུང་བའོ། །ཤིན་ཏུ་གསལ་བ་ཞེས་བྱ་བ་ནི། ཤིན་ཏུ་རྣོ་བ་སྟེ། ཏེ་པོར་གསལ་ཞེས་བྱ་བའི་ཐ་ཚིག་སྟེ། སེམས་ཅན་ཚད་མེད་པ་ལ་ཕན་པའི་ལྷག་པའི་བསམ་པའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །རྒྱུ་ཇི་སྐད་བཤད་པའི་བསམ་པ་དང་རྗེས་སུ་འབྲེལ་ཅིང་མཐུན་པར་འབྲེལ་

པ་དང་། ཇི་སྐད་བཤད་པའི་བསོད་ནམས་ཀྱིས་ཡོངས་སུ་བསྒོས་པ་དང་རྗེས་སུ་འབྲེལ་པར་འཇུག་པ་སྟེ། ཡོངས་སུ་བསྒོས་པ་ཞེས་བྱ་བ་འདི་ནི་བག་ཆགས་ཀྱི་རྣམ་གྲངས་སོ། །སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕན་པའི་ལྷག་པའི་བསམ་པ་དང་རྗེས་སུ་འབྲེལ་པ་ཞེས་བྱ་བ་ཅིའི་ཕྱིར་

སྨོས་ཤེ་ན། ལངས་ནས་དུས་ཧ་ཅང་ཡུན་མི་རིང་བ་གཟུང་བའི་ཕྱིར་རོ། །གནས་ཡོངས་སུ་གྱུར་པ་སར་པ་ཡིན་པས་དྲི་མ་མེད་པ་ཞེས་བྱ་བ་ལ། འདིར་གནས་ཡོངས་སུ་གྱུར་པ་ནི་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྐྱེས་པ་དང་འགལ་བའི་རྟེན་ཐོབ་པའི་ཕྱིར་རོ། །སར་

པ་སྨོས་པ་ནི་ལངས་ནས་རིང་པོ་མ་ལོན་པ་བསྡུ་བའི་ཕྱིར་རོ། །མཐོང་བའི་ལམ་དང་དགྲ་བཅོམ་པ་ཉིད་ལས་གསར་དུ་ལངས་པ་དག་ནི་ཡོན་ཏན་སྔར་མ་ཐོབ་པ་ཐོབ་པས་ཡིད་བདེ་བ་གཞོལ་བ་ཁོ་ནར་འགྱུར་ཏེ། དེའི་ཕྱིར་དེ་དག་གི་དབང་པོ་ཤིན་ཏུ་ཉེ་བར་ཞི་བར་འགྱུར་རོ། །རྒྱུ་དེ་དག་གིས་གང་

ཟག་ལྔ་པོ་དེ་དག་ལ་ཕན་པ་འམ་གནོད་པ་བྱས་པ་ནི་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་འབྲས་བུ་ཅན་དུ་འགྱུར་རོ། །རང་བཞིན་དང་འབྲས་བུ་ཡོངས་སུ་མ་རྫོགས་པ་ཅན་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ། བསྒོམ་པའི་ལམ་དེ་ལ་རང་བཞིན་དང་འབྲས་བུ་ཡོངས་སུ་མ་རྫོགས་པར་ཡོད་པ་དེ་ནི་རང་

Vol. 145 · folio 49b

བཞིན་དང་འབྲས་བུ་ཡོངས་སུ་མ་རྫོགས་པ་ཅན་ནོ། །བསྒོམ་པའི་ལམ་དེ་ཡང་གང་ཡིན་ཞེ་ན། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་བྱེད་པའི་ལམ་སྟེ། དེར་བསྒོམ་པའི་ལམ་ཡོངས་སུ་མ་རྫོགས་པའི་ཕྱིར་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་

པ་སྤངས་པའི་འབྲས་བུ་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ནི་མཐོང་བའི་ལམ་ཡོངས་སུ་རྫོགས་པའི་ཕྱིར་དང་། མཐོང་བས་སྤངས་པའི་འབྲས་བུ་ཡོངས་སུ་རྫོགས་པའི་ཕྱིར་ལ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཡང་བསྒོམ་པའི་ལམ་ཡོངས་སུ་རྫོགས་པའི་

ཕྱིར་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པའི་འབྲས་བུ་ཡོངས་སུ་རྫོགས་པའི་ཕྱིར་རོ། །དེ་ལྟར་བསོད་ནམས་ཀྱི་ཞིང་མ་ཡིན་ནོ་ཞེས་བྱ་བ་ལ། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་རྣམས་ནི་བསྒོམ་པའི་ལམ་ཟག་པ་མེད་པ་ལས་ལངས་པ་ཡིན་ཡང་དེ་ལྟར་བསོད་

ནམས་ཀྱི་ཞིང་མ་ཡིན་ན། འཇིག་རྟེན་པའི་ལམ་ལས་ལངས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། དེ་ནི་གདོན་མི་ཟ་བར་རྟོག་པ་དང་དཔྱོད་པ་དང་བཅས་པའི་ཕྱིར་རོ་ཞེས་བྱ་བ་ནི་ལུས་ཀྱི་ཚོར་བས་བསྡུས་པའི་རྣམ་པར་སྨིན་པ་དེ་སྟེ། རྟོག་པ་དང་དཔྱོད་པ་དང་བཅས་པ་ནི། རྣམ་པར་ཤེས་པའི་

ཁམས་ལྔ་ཡིན་ཞེས་ངེས་པའི་ཕྱིར་རོ། །ཡིད་མི་བདེ་བ་ནི་རྣམ་པར་སྨིན་པ་མ་ཡིན་ནོ་ཞེས་བྱ་བ་ལ། འདིར་ནི་དབང་པོ་བསམ་པ་ལས། ཐ་མ་བརྒྱད་དང་ཡིད་མི་བདེ་བར་མ་གཏོགས་ཞེས་བྱ་བ་དེར་བཤད་ཟིན་ཏོ། །འོ་ན་སེམས་ཅན་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ་ནི། གལ་

ཏེ་ཡིད་མི་བདེ་བ་རྣམ་པར་སྨིན་པ་མ་ཡིན་ན། འོ་ན་སེམས་ཅན་རྣམས་ཀྱི་སེམས་གཡེང་བར་འགྱུར་བ་གང་ཡིན་པ་དེ་ཞེས་བྱའོ། །དེ་སེམས་ནི་གང་ཞིག་ལ་ཞེས་བྱ་བ་ནི། ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པའི་སེམས་གཡེང་གི །རྣམ་པར་ཤེས་པའི་ཚོགས་ལྔ་ལ་གནས་པ་ནི་མ་

ཡིན་ཏེ། དེ་དག་རྟོག་པ་མེད་པའི་ཕྱིར་དང་། གཡེང་བ་ཡང་ཡང་དག་པ་མ་ཡིན་པའི་རྟག་པ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པ་ནི་ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྟོག་པ་མེད་པའི་ཕྱིར་རོ། །ནགས་ཞེས་བྱ་བ་ནི་རྩྭའི་ཚོགས་སོ། །གནས་བྱེད་ཀྱི་བུ་ལ་སོགས་པ་ཞེས་བྱ་

Vol. 145 · folio 50a

བ་ནི། བུ་ཤི་བས་སྐྱེས་པའི་མྱ་ངན་གྱིས་སེམས་གཡེངས་པ་ལ་སོགས་པའོ། །གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་གཡེངས་པར་འགྱུར་ལ། སེམས་གཡེངས་པ་ཡང་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ནོ། །ཇི་ལྟར་སེམས་ཀྱི་ཚོར་བ་རྣམ་པར་སྨིན་པ་མ་ཡིན་

པར་འགྱུར་ཞེ་ན། སེམས་དེ་ཉིད་རྣམ་པར་སྨིན་པ་ཡིན་ནོ་ཞེས་ནི་མི་ཟེར་རོ་ཞེས་བྱ་བ་ལ་སོགས་པ་ལ། བདག་པོའི་འབྲས་བུའི་སྒོ་ནས་སེམས་གཡེང་གི །རྣམ་པར་སྨིན་པའི་འབྲས་བུའི་སྒོ་ནས་ནི་མ་ཡིན་ཏེ། དེའི་ཕྱིར་དེ་དང་མཚུངས་པར་ལྡན་པ་ཡིད་མི་བདེ་བ་རྣམ་པར་སྨིན་པ་མ་

ཡིན་ནོ་སྙམ་དུ་བསམས་པའོ། །དེ་ཉིད་ཀྱི་ཕྱིར་ཚིག་ལེའུར་བྱས་པ་ལས། ལས་ལས་སྐྱེས་ཞེས་བརྗོད་པར་བྱ་བ་ལས། ལས་ཀྱི་རྣམ་པར་སྨིན་པ་སྐྱེས་ཞེས་བཤད་དོ། །ཇི་ལྟར་ཞེ་ན། ལས་ལས་སྐྱེས་པའི་ཁམས་རྣམས་འཁྲུགས་པ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། བརྒྱུད་ནས་

མངོན་པར་འགྲུབ་པའི་ཕྱིར་རྣམ་པར་སྨིན་པ་མ་ཡིན་ཏེ་སྒྲ་བཞིན་ནོ། །དེ་ལྟ་ན་མུ་བཞི་རིགས་པར་འགྱུར་ཏེ་ཞེས་བྱ་བ་འབྱུང་ངོ་། །སེམས་གཡེངས་ལ་རྣམ་པར་མ་གཡེངས་པ་ཡང་ཡོད་ཅེས་བྱ་བ་ལ་སོགས་པ་ལ། དེ་ལ་རྣམ་པར་གཡེངས་པ་ནི་ཉོན་མོངས་པ་ཅན་ནོ། །གཡེངས་པ་

ཞེས་བྱ་བ་ནི། འཇིགས་པ་ལ་སོགས་པས་གཡེངས་པ་སྟེ། བརླམས་ཞེས་བྱ་བའི་ཐ་ཚིག་གོ། །འདིར་དཔེར་བརྗོད་པ་ནི། གཉི་ག་ནི་སེམས་གཡེངས་པའི་ཉོན་མོངས་པ་ཅན་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །སེམས་ཉོན་མོངས་པ་ཅན་ནི་རྣམ་པར་སྨིན་པ་ཡིན་པར་མི་རུང་སྟེ། རྣམ་

སྨིན་ལུང་དུ་མ་བསྟན་ཆོས། །ཞེས་འབྱུང་བའི་ཕྱིར་རོ། །མངོན་པར་ཉན་པ་ཞེས་བྱ་བ་ནི། མངོན་པར་གནོད་པར་གྱུར་པའོ། །འདིར་ཀྱི་ཧུད་སེམས་ཞེས་སྨྲེ་སྔགས་འདོན་པའི་དམྱལ་བ་དཔེར་བྱའོ་ཞེས་བྱ་བ་ནི་རྐུན་པོའི་སྡེ་དཔོན་གང་ཞིག་གིས་རང་སངས་རྒྱས་ལྔ་བརྒྱ་གསོད་དུ་བཅུག་

པའོ། །སངས་རྒྱས་མ་གཏོགས་ཞེས་བྱ་བ་ལ། སངས་རྒྱས་རྣམས་ལ་ནི་ཐུགས་གཡེངས་པ་དང་། རིམ་གྱིས་འགྲོངས་པ་དང་། གསུངས་འཛེར་བ་དང་། དབུ་སྐྱ་བ་མི་འབྱུང་སྟེ། ལས་ཤིན་ཏུ་དང་བའི་རྣམ་པར་སྨིན་པའི་སྙིང་པོ་ཡིན་པའི་ཕྱིར་རོ། །ལས་ཀྱིས་ནི་མ་ཡིན་ཏེ་ཞེས་

Vol. 145 · folio 50b

བྱ་བ་ཅི་ཞེ་ན། འཕགས་པ་རྣམས་སེམས་གཡེངས་པ་སྟེ། འབྱུང་བ་མ་མཉམ་པ་ནི་མ་གཏོགས་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། ངེས་པ་ནི་སྔོན་སོ་སོའི་སྐྱེ་བོའི་གནས་སྐབས་ཁོ་ན་ན་རྣམ་པར་སྨིན་ཟིན་པའི་ཕྱིར་རོ། །མ་ངེས་པ་ནི་རྣམ་པར་མི་སྨིན་པའི་ཕྱིར་རོ་ཞེས་བྱ་བ་ལ། མ་ངེས་པའི་

འཕགས་པའི་ལམ་གྱི་སྟོབས་ཀྱིས་རྣམ་པར་མི་སྨིན་པའི་ཆོས་ཉིད་དུ་གནས་སོ། །འཇིག་པ་ལྔ་ལས་ཡང་དག་པར་འདས་པའི་ཕྱིར་རོ་ཞེས་བྱ་བ་ནི། ཚོར་བ་དང་ཚིགས་སུ་བཅད་པ་མེད་པ་དང་། འཁོར་གྱི་ནང་དུ་གྲགས་པ་དང་། །འཆི་བ་དང་ངན་འགྲོར་འཇིགས་པ་ལས་ཡང་དག་

པར་འདས་པའི་ཕྱིར་རོ། །མི་མཛེས་པ་ཞེས་བྱ་བ་ནི། ཉོན་མོངས་པ་མི་སྡུག་པ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཉིད་མངོན་པར་ཤེས་པའི་ཕྱིར་རོ་ཞེས་བྱ་བ་འབྱུང་སྟེ། དེ་ལ་ཆོས་ཉིད་ནི་འདུ་བྱེད་ཐམས་ཅད་མི་རྟག་པའོ། །ཟག་པ་དང་བཅས་པའི་ཐམས་ཅད་ནི་སྡུག་བསྔལ་བའོ། །

ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་འདི་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་ཆོས་ཀྱི་རང་བཞིན་མངོན་པར་ཤེས་པ་རྣམས་ལ་མྱ་ངན་འབྱུང་བ་མེད་དོ། །ཡོན་ཏན་སྐྱོན་སྙིགས་མར་གསུངས་པ་ནི། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །གྱ་གྱུའི་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར། །ཞེས་བྱ་བ་ནི་

གྱ་གྱུའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །མདོ་ལས་གྱ་གྱུ་གང་ཞེ་ན། སྡིག་པ་ཅན་གྱི་ལྟ་བའོ་ཞེས་ལྟ་བ་ལ་གྱ་གྱུར་བཤད་དེ། དེའི་ཕྱིར་དེའི་རྒྱུ་ལས་བྱུང་བའི་ཕྱིར་གཡོ་བ་ལ་གྱ་གྱུ་ཞེས་བརྗོད་དོ། །འབྲས་བུ་ལས་རྒྱུར་བཏགས་པས་ལུས་ཀྱི་ལས་ལ་ཡོན་པོ་ཞེས་བཤད་དོ། །ལུས་ཀྱི་ལས་ཞེ་སྡང་

ལས་སྐྱེས་པ་ནི་ལུས་ཀྱིས་ཉེས་པ་ཞེས་བཤད་དེ། དེ་ཡང་འབྲས་བུ་ལ་རྒྱུར་བཏགས་པའི་ཕྱིར་རོ། །ཆགས་པའི་རྒྱུ་ལས་བྱུང་བ་ཡིན་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། དཔེར་ན་ཚོས་ནི་འཛིན་པའི་རྒྱུ་ཡིན་པ་ལྟར་འདོད་ཆགས་ཀྱང་དེ་དང་འདྲ་སྟེ། དེའི་ཕྱིར་ཆོས་མཐུན་པར་དེ་ལས་དེ་སྐད་དུ་བཤད་

དོ། །མི་དགེའི་གཟུགས་དང་འདོད་གཏོགས་པའི། །དགེ་བ་ཉིད་ནི་རིམ་བཞིན་དུ། །ཞེས་བྱ་བ་ལ། མི་དགེ་བ་གང་ཞིག་སྲིད་པ་གཟུགས་ལ། དེ་ཡང་འདོད་པར་གཏོགས་པ་ཁོ་ན་ཡིན་པས་ཁྱད་པར་དུ་མ་བྱས་ཏེ། ཁྱད་པར་དོན་མེད་པར་འགྱུར་རོ། །གཟུགས་དང་འདོད་པར་གཏོགས་

Vol. 145 · folio 51a

པའི་དགེ་བ་ཞེས་བྱ་བར་སྦྱར་རོ། །གཟུགས་སུ་གཏོགས་པའི་དགེ་བ་ནི་དཀར་བ་ཡིན་ལ། འདོད་པར་གཏོགས་པའི་དགེ་བ་ནི་དཀར་ནག་གཉི་ག་ཡིན་ནོ། །དེ་ཟད་པར་བྱེད་པ་ཞེས་བྱ་བ་ནི། མི་དགེ་བ་ལ་སོགས་པ་ཟད་པར་བྱེད་པ་སྟེ། མི་དགེ་བ་ལ་སོགས་པ་རྣམ་

གསུམ་ཟད་པར་བྱེད་དོ། །ཉོན་མོངས་པ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ནི། མི་དགེ་བའི་ཕྱིར་རོ། །རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི། རྣམ་པར་སྨིན་པ་རྗེས་སུ་མི་མཐུན་པ་ཡིན་པའི་ཕྱིར་རོ། །མི་དགེ་བ་དང་མ་འདྲེས་པའི་ཕྱིར་ཞེས་བྱ་བ་ནི་དེ་ན་མི་དགེ་བའི་ཉོན་

མོངས་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་གཟུགས་མེད་པར་གཏོགས་པ་བཤད་ཅེས་བྱ་བ་ནི། དགེ་བར་བྱེད་དེ་དེ་ཡང་གཟུགས་སུ་གཏོགས་པ་ལྟར་མི་དགེ་བ་དང་མ་འདྲེས་པའི་ཕྱིར་རོ་སྙམ་དུ་སེམས་སོ། །གང་ན་ཞེས་བྱ་བར་རྒྱས་པར་འབྱུང་སྟེ། གྲག་སྟེ་ཞེས་བྱ་བའི་སྒྲས་ནི་གཞན་གྱིས་

བསམ་པ་སྟོན་པར་བྱེད་པའོ། །སྲིད་པ་བར་མ་ནི་སྲིད་པ་བར་མ་ཡོད་པའོ། །སྐྱེ་བའི་སྲིད་པ་ཡང་དེ་དང་འདྲའོ། །གཟུགས་མེད་པ་རྣམས་ན་ནི་སྲིད་པ་བར་མ་པའི་རྣམ་པར་སྨིན་པ་མེད་དེ། དེ་ན་སྲིད་པ་བར་མ་མེད་པའི་ཕྱིར་རོ། །རྣམ་པ་གསུམ་ཆར་གྱིས་ཞེས་བྱ་བ་ནི། རྒྱས་པར་འབྱུང་བ་ནི་

དེ་ན་བསམ་གཏན་གྱི་སྡོམ་པས་བསྡུས་པའི་ལུས་དང་ངག་གི་ལས་དག་མེད་པའི་ཕྱིར་རོ། །དེ་ཁོ་ནར་བཤད་དོ་ཞེས་བྱ་བ་ནི། གང་ན་ལས་རྣམ་པ་གསུམ་གྱི་རྣམ་པར་སྨིན་པ་རྣམ་པ་གཉིས་ཡོད་པ་དེ་ཁོ་ནར་དགེ་བའི་ལས་དཀར་བ་བཤད་དོ། །མདོ་ལས་དེ་ཡང་བཤད་དོ་ཞེས་བྱ་བ་ནི། ལས་

དཀར་ལ་རྣམ་པར་སྨིན་པ་དཀར་བ་ཡང་ཡོད་དེ། འདི་ལྟ་སྟེ། བསམ་གཏན་དང་པོ་དང་དེ་བཞིན་དུ་སྲིད་པའི་རྩེ་མོའི་བར་ཡིན་ནོ་ཞེས་གཟུགས་མེད་པར་གཏོགས་པའི་ལས་དགེ་བ་དཀར་པོ་བཤད་དོ། །ལས་སམ་ཞེས་བྱ་བ་ནི་རྫས་གཅིག་དང་། སྐད་ཅིག་གཅིག་ལའོ། །ཕན་ཚུན་འགལ་བའི་ཕྱིར་རོ་

ཞེས་བྱ་བ་ནི་དཀར་པོ་དང་ནག་པོ་གཉིས་གཅིག་ལ་ཅིག་ཅར་ལྷན་ཅིག་མི་གནས་པའི་ཕྱིར་རོ། །དེ་སྟོབས་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི། འདོད་པའི་ཁམས་ན་མི་དགེ་བ་འབད་པ་མེད་པར་ཡང་ནས་ཡང་དུ་བྱུང་བའི་ཕྱིར་སྟོབས་དང་ལྡན་པ་ཉིད་དེ། གང་གིས་ན་དེའི་རྣམ་པར་སྨིན་པ་ཡང་འདྲེན་

Vol. 145 · folio 51b

མར་སྐྱེ་བ་དེས་དགེ་བ་ཟིལ་གྱིས་གནོན་པ་ཡིན་ནོ། །འདི་ན་དགེ་བ་ནི་རེས་འགའ་འབད་པས་འབྱུང་བའི་ཕྱིར་སྟོབས་ཆུང་བ་ཡིན་ཏེ། དེས་མི་དགེ་བ་ཟིལ་གྱིས་གནོན་པར་མི་ནུས་སོ། །དེའི་ཕྱིར་དེའི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཁོ་ནར་འགྱུར་རོ། །མི་དཀར་བ་ཞེས་བྱ་བའི་སྒྲས་ནི་

དགོངས་པ་ཡིན་ཏེ་ཞེས་བྱ་བ་ལ། དཀར་བ་ནི་རྣམ་པ་གཉིས་ཏེ། རང་བཞིན་གྱིས་དཀར་བ་དང་། རྣམ་པར་སྨིན་པས་དཀར་བའོ། །དེ་ལ་གཟུགས་སུ་གཏོགས་པའི་ལས་ནི་གཉི་ག་དཀར་བས་དཀར་བའོ། །ཟག་པ་མེད་པ་ནི་རང་བཞིན་གྱིས་དཀར་བ་ཁོ་ན་ཡིན་པས་མ་བཤད་དོ། །མི་

དཀར་བ་ཞེས་བྱ་བའི་སྒྲ་འདི་དགོངས་པ་ཅན་ཡིན་ནོ་ཞེས་བྱ་བ་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྟོང་པ་ཆེན་པོའི་མདོ་ལས་ཞེས་བྱ་བ་རྒྱས་པར་སྨོས་སོ། །བསྟན་བཅོས་ལས་ཀྱང་ཆོས་དཀར་པོ་རྣམས་ཞེས་བྱ་བ་ལ། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་

གཟུང་ངོ་། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཀྱང་རྣམ་པར་སྨིན་པ་དཀར་བ་མེད་ཀྱང་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་དགེ་བ་ཞེས་བྱ་བ་ཡིན་ཏེ། དེའི་ཕྱིར་རྣམ་པར་སྨིན་པ་དཀར་བའི་ཕྱིར་གཟུགས་ན་སྤྱོད་པ་དཀར་བར་བཤད་ལ། དེ་མེད་པའི་ཕྱིར་ཟག་པ་མེད་པ་མི་དཀར་

རོ་ཞེས་བྱ་བར་ཤེས་སོ། །ཟག་པ་མེད་པའི་ལས་རྣམ་པར་སྨིན་པ་མེད་པ་ཡིན་ནོ་ཞེས་བྱ་བ་འདི་གང་ལས་ཤེ་ན། དེའི་ཕྱིར་ཁམས་སུ་མ་གཏོགས་པའི་ཕྱིར་རྣམ་པར་སྨིན་པ་མེད་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། རྣམ་པར་སྨིན་པ་ནི་ཁམས་སུ་གཏོགས་པ་ཡིན་ཏེ། དེའི་རྣམ་པར་སྨིན་པའི་རྒྱུ་ཡང་

ཁམས་སུ་གཏོགས་པ་ཁོ་ནར་འགྱུར་རོ། །ཟག་པ་མེད་པའི་ལས་ནི། ཁམས་སུ་མ་གཏོགས་པ་ཡང་ཡིན་པས་རྣམ་པར་སྨིན་པ་མེད་པ་ཡིན་ཏེ། འདོད་པའི་སྲིད་པ་ལ་སོགས་པ་དག་གིས་བདག་གིར་མ་བྱས་པའི་ཕྱིར་རོ། །འདོད་པའི་སྲིད་པ་ལ་སོགས་པ་དག་གིས་བདག་གིར་མ་བྱས་པ་ཞེས་བྱ་བ་

འདི་ལྟར་ཤེས་ཤེ་ན། དེའི་ཕྱིར་འཇུག་པ་དང་འགལ་བས་ཞེས་བྱ་བ་སྨོས་ཏེ། འདོད་པའི་སྲིད་པ་ལ་སོགས་པས་བདག་གིར་བྱས་པ་ནི་ཆོས་ཁམས་གསུམ་པ་རྣམས་ཀྱི་འཇུག་པ་གཅོད་པར་མི་ནུས་སོ། །འདིར་དེ་ཟད་པ་བྱེད་པ་ཟག་མེད་ཡིན། །ཞེས་ཁྱད་པར་མེད་པར་བཤད་པ་དེའི་ཕྱིར། ཅི་ཟག་

Vol. 145 · folio 52a

པ་མེད་པའི་ལས་ཞེས་བྱ་བ་རྒྱས་པར་དྲིས་སོ། །ཆོས་ཀྱིས་བཟོད་པ་དང་འདོད་ཆགས་དང་བྲལ་བ་སྨོས་པ་ནི་འདོད་པའི་ཁམས་ཀྱི་གཉེན་པོ་ཉིད་ཀྱིས་ཏེ། ལས་ནག་པོ་སྤངས་པའི་ཕྱིར་རོ། །དེ་ལ་སྡུག་བསྔལ་དང་ཀུན་འབྱུང་བ་དང་། འགོག་པ་དང་ལམ་ལ་ཆོས་ཤེས་པའི་བཟོད་པ་

དག་གིས་ནི་དེས་སྤང་བར་བྱ་བའི་ཉོན་མོངས་པས་ཀུན་ནས་བསླང་བའི་ལས་སྤང་ངོ་། །འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་ལ་ཡང་གོ་རིམས་བཞིན་དུ་བར་ཆད་མེད་པའི་ལམ་བརྒྱད་ཀྱིས་ཉོན་མོངས་པ་ལྟར་དེས་སྤང་བར་བྱ་བའི་ཉོན་མོངས་པས་ཀུན་ནས་བསླང་བའི་ལས་སྤོང་བ་ལ།

དེ་ཡང་གཅིག་ཏུ་མི་དགེ་བ་ཡིན་པས་ནག་པོ་ཞེས་བྱའོ། །དཀར་ནག་སྟེ་དགེ་བ་དང་ཞེས་བྱ་བ་ལ། དེ་ནི་དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པ་ལས་སྤང་བར་རྣམ་པར་གཞག་གོ། །བར་ཆད་མེད་པའི་ལམ་དགུ་པས་དེ་ལ་དམིགས་པའི་ཉོན་མོངས་པ་མ་ལུས་པར་སྤངས་པས། དགུ་པའི་

སེམས་པ་གང་ཡིན་པ་དེ་ནི་ཞེས་དེའི་ཚེ་དེ་སྤོང་བར་རྣམ་པར་གཞག་གོ། །བརྒྱད་ཀྱིས་གཅིག་ཏུ་མི་དགེ་བ་སྤངས་པའི་ཕྱིར་རོ། །དཀར་པོ་བསམ་གཏན་ཆགས་བྲལ་བ། །དཀར་པོ་ཁོ་ན་ཞེས་བྱ་བ་ངེས་པར་གཟུང་སྟེ། དེ་ན་ནག་པོ་མེད་པའི་ཕྱིར་རོ། །དེའི་རང་གི་ངོ་བོ་ནི་སྤོང་བ་མ་ཡིན་ཏེ།

ཞེས་བྱ་བ་ནི་ཐོབ་པ་བཅད་པ་མ་ཡིན་པ་སྟེ། ཉོན་མོངས་པ་སྤངས་ཀྱང་། ཏིང་ངེ་འཛིན་ལས་ལངས་པའི་དུས་དག་ཏུ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཉོན་མོངས་པ་སྤངས་པའི་ཕྱིར་ཏེ་ཞེས་བྱ་བ་ལ། དགེ་བ་ལ་དམིགས་པའི་ཉོན་མོངས་པ་སྤངས་པས་དགེ་བ་དེ་སྤངས་

པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་མྱོང་བར་འགྱུར་བ་ཞེས་བྱ་བ་ལ། འགྲོ་བ་ལ་ངེས་པའི་རྒྱུ་དེའི་ཕྱིར་དེ་མྱོང་བར་འགྱུར་བ་སྟེ། དམྱལ་བ་མྱོང་བར་འགྱུར་བ་ཞེས་བྱ་བའི་དོན་ཏོ། །དེ་ལས་གཞན་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། དམྱལ་བའི་འགྲོ་བ་དེ་ལས་གཞན་པའི་འདོད་པའི་

ཁམས་མི་ལ་སོགས་པའི་འགྲོ་བ་ན་ནི་ལས་དགེ་བ་དང་མི་དགེ་བའི་རྣམ་པར་སྨིན་པ་ཡོད་དོ། །མཐོང་བས་སྤང་བར་བྱ་གནག་ཅེས་བྱ་བ་ནི་དགེ་བ་དང་མ་འདྲེས་པའི་ཕྱིར་རོ། །དགེ་བ་ནི་མཐོང་བས་སྤང་བར་བྱ་བ་ཡོད་པ་མ་ཡིན་ཏེ། ཉོན་མོངས་ཅན་མིན་མཐོང་སྤངས་མིན་ཞེས་ངེས་པའི་ཕྱིར་རོ། །

Vol. 145 · folio 52b

འདོད་པ་ལས་སྐྱེས་གཞན་དཀར་ནག་ཅེས་བྱ་བ་ལ་འདོད་པ་ན་སྤྱོད་པའི་བསྒོམས་པས་སྤང་བར་བྱ་བ་དེ་ནི། དགེ་བ་ཡང་ཡིན་མི་དགེ་བ་ཡང་ཡིན་ཏེ། དེ་གཉིས་ཀ་ཡང་བསྲེས་ནས་དཀར་ནག་ཅེས་བྱའོ། །ཐུབ་པ་ནི་གསུམ་སྟེ་ཞེས་བྱ་བ་ལ། ཐུབ་པའི་དངོས་པོ་ཐུབ་པའི་ཡིན་པ་དང་།

འདི་ཐུབ་པའི་ཡིན་པ་ནི་ཐུབ་པའིའོ། །མི་སློབ་པའི་ལུས་དང་ངག་གིས་ལས་དག་ནི་ཞེས་བྱ་བ་ནི། རྣམ་པར་རིག་བྱེད་མ་ཡིན་པར་ཁོ་ན་ཡིན་གྱི། རྣམ་པར་རིག་བྱེད་མ་ཡིན་ཏེ། མི་སློབ་པ་ཞེས་འབྱུང་བའི་ཕྱིར་རོ། །སེམས་ནི་དོན་དམ་པར་ཐུབ་པ་ཡིན་ལ་ཞེས་བྱ་བ་ནི། དེ་རྣམ་པར་

བྱང་བའི་རྒྱུ་ཉིད་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །ཐུབ་པ་ཉིད་ཐུབ་པ་ཡིན་ཏེ། རང་གི་དོན་ལ་འཕེལ་བ་བསྒྲུབ་པའི་ཕྱིར་རོ། །དེ་ནི་ལུས་དང་ངག་གི་སྒོ་ནས་རྗེས་སུ་དཔག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི། ཐུབ་པ་ཞེས་བྱ་བར་ཏེ། མདོ་ལས་ཇི་ལྟར་དེ་བཞིན་གཤེགས་པ་རྗེས་སུ་དཔག་

པར་བྱ། སྐུའི་ཕྲིན་ལས་རབ་ཏུ་ཞི་བ་དང་གསུང་གི་ཕྲིན་ལས་རབ་ཏུ་ཞི་བས་སོ་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་གང་གིས་དང་གང་རྗེས་སུ་དཔག་པ་དེ་དག་ཁོ་ན་ཐུབ་པའི་ཡིན་པར་བཤད་ཀྱི། ཡིད་ཀྱི་ལས་ནི་མ་ཡིན་ནོ། །དེ་ལྟར་ན་མི་སློབ་པའི་ལུས་དང་ངག་གི་ལས་ནི་འདི་ཐུབ་

པའི་ཡིན་པས་ཐུབ་པའོ་ཞེས་བྱ་བར་གྲུབ་སྟེ། ཡིད་ཀྱི་ལས་ནི་མ་ཡིན་ནོ། །གལ་ཏེ་མི་སློབ་པའི་སེམས་པ་ཡང་ཡིད་ལྟར་དེ་དག་གི་རྗེས་སུ་དཔག་པར་བྱ་བ་མ་ཡིན་ནམ་ཞེ་ན། རྗེས་སུ་དཔོག་མོད་ཀྱིས། དེ་ནི་སེམས་ལ་བརྟེན་པས་དེ་ལ་སེམས་ཉིད་གཙོ་བོ་ཡིན་ནོ། །གཞན་ཡང་ཞེས་བྱ་བ་ནི་སློབ་

དཔོན་བདག་ཉིད་ཀྱི་གཞུང་ལུགས་འཆད་པའོ། །སྤོང་བའི་རང་བཞིན་ཞེས་བྱ་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་རང་བཞིན་ཡིན་པ་སྟེ། དེ་ལྟར་ཡིད་ལ་བྱེད་པ་ནི་རྣམ་པར་རིག་བྱེད་ཀྱི་རང་བཞིན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སེམས་ལ་རྣམ་པར་རིག་བྱེད་མ་ཡིན་པ་མེད་པའི་ཕྱིར་ཏེ། འདི་ལྟར་

སེམས་ལ་རྣམ་པར་རིག་བྱེད་མ་ཡིན་པ་མེད་པའི་ཕྱིར་རོ། །ཐུབ་པ་ཡང་སྤང་བའི་དོན་གྱིས་ཡིན་ཏེ། ཞེས་བྱ་བ་ལ་སྤོང་བ་ནི་གཅོད་པ་སྟེ། མི་དགེ་བ་ཐམས་ཅད་སྤོང་བའི་དོན་གྱིས་ཞེས་བྱ་བར་དགོངས་སོ། །ཉོན་མོངས་པའི་བརྗོད་པ་ཐམས་ཅད་མེད་པས་ཞེས་བྱ་བ་ལ། ཉོན་མོངས་

Vol. 145 · folio 53a

པ་རྣམས་ནི་ལོག་པ་ལ་དམིགས་པའི་ཕྱིར་བརྗོད་པ་ཞེས་བྱ་སྟེ། བརྗོད་པ་དང་། རྟོག་པ་ཞེས་བྱ་བ་ནི་དོན་གཞན་མ་ཡིན་ནོ། །སློབ་པ་ནི་ཉོན་མོངས་པའི་བརྗོད་པ་ཡོད་པས་དོན་དམ་པར་ཐུབ་པ་མ་ཡིན་ཏེ། དེའི་ཕྱིར་སློབ་པའི་ལུས་དང་ངག་དང་ཡིད་ནི་ཐུབ་པར་རྣམ་

པར་མ་བཞག་གོ། །ཐུབ་པ་ནི་གཟུགས་དང་རྣམ་པར་ཤེས་པའི་ཕུང་པོ་གཉིས་ཀྱི་སྒོ་ནས་རྣམ་པར་གཞག་གོ། །གཙང་བྱེད་གསུམ་ཞེས་བྱ་བ་ལ། གཙང་བའི་དངོས་པོ་ནི་གཙང་བྱེད་དོ། །ཐམས་ཅད་ཅེས་བྱ་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའོ། །རེ་ཞིག་ཟག་པ་མེད་པ་

ནི་གཙང་བྱེད་ཅེས་བྱ་བར་རིག་ན། ཟག་པ་དང་བཅས་པ་ཉོན་མོངས་པ་མི་གཙང་བས་སུན་ཕྱུང་བས་ནི་གཙང་བྱེད་ཅེས་བྱ་བ་ཇི་ལྟར་འཐོབ་ཅེ་ན། དེའི་ཕྱིར་དུས་རེ་ཞིག་དང་གཏན་དུ་ཉེས་པར་སྤྱོད་པ་ཉོན་མོངས་པའི་དྲི་མ་སྤོང་བའི་ཕྱིར་རོ། །ཟག་པ་དང་བཅས་པས་རེ་ཞིག་ཏུའོ། །ཟག་པ་མེད་

པའི་ནི་གཏན་དུའོ། །དེའི་ཕྱིར་དུས་རེ་ཞིག་ཏུ་ཉེས་པར་སྤྱད་པའི་དྲི་མ་སྤངས་པའི་ཕྱིར་དང་། ཟག་པ་མེད་པའི་དོན་དམ་པའི་གཙང་བྱེད་འདྲེན་པར་བྱེད་པའི་ཕྱིར་ཟག་པ་དང་བཅས་པས་ཀྱང་གཙང་བྱེད་ཅེས་བྱ་བ་འཐོབ་པོ། །ལོག་པའི་ཐུབ་པ་དང་གཙང་སྦྲ་ལ་མོས་པ་རྣམས་ཞེས་བྱ་བ་གང་དག་མི་

སྨྲ་བ་དང་། ཕྱི་རོལ་གྱི་དྲི་མ་སྤངས་པས་མཐོ་རིས་དང་བྱང་གྲོལ་འཐོབ་པོ་ཞེས་བྱ་བ་དེ་ལྟར་ལྟ་བ་དེ་དག་ནི་ལོག་པའི་ཐུབ་པ་དང་། གཙང་སྦྲ་ལ་མོས་པའོ། །དགར་བ་ནི་ལྟ་བ་དང་བྲལ་བའོ། །ལུས་ཀྱི་ལས་སོགས་མི་དགེ་བ། །ཉེས་པར་སྤྱད་པ་གསུམ་དུ་འདོད། །ལུས་དང་ངག་

གི་ལས་མི་དགེ་བ་སྦྱོར་བ་དང་དངོས་དང་མཇུག་ཅེས་བྱ་བ་དང་། མི་དགེ་བའི་སེམས་པ་གང་ཅུང་ཟད་ཅིག་ཡིན་པ་དེ་ནི་གོ་རིམས་བཞིན་དུ་ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱད་པ་ཡིན་ནོ། །ཆེད་དུ་བསམ་པར་བྱ་བའི་མདོ་ལས་ཞེས་བྱ་བ་ནི། དགེ་སློང་དག་ཇི་ལྟར་ཆེད་དུ་བསམ་པར་བྱ་བའི་

ལས་བྱས་ཤིང་བསགས་པ་ཡིན་ཞེ་ན། དགེ་སློང་དག་འདི་ན་ལ་ལ་ཆེད་དུ་བསམས་ནས་ལུས་ཀྱི་ལས་རྣམ་པ་གསུམ་བྱེད་ཅིང་བསགས་པ་ཡིན་ལ། ངག་གི་རྣམ་པ་བཞི་དང་། ཡིད་ཀྱི་རྣམ་པ་གསུམ་ཞེས་བྱ་བ་རྒྱས་པར་གསུངས་ནས། བཀའ་སྩལ་པ། དགེ་སློང་དག་ཇི་ལྟར་ཡིད་

Vol. 145 · folio 53b

ཀྱིས་ཆེད་དུ་བསམ་པར་བྱ་བའི་ལས་རྣམ་པ་གསུམ་བྱས་ཤིང་བསགས་པ་ཡིན་ཞེ་ན། འདི་ལྟ་སྟེ། འདི་ན་དགེ་སློང་ལ་ལ་བརྣབ་སེམས་དང་ལྡན་པ་ཡིན། གནོད་སེམས་ཅན་གྱི་སེམས་སུ་གྱུར་པ་ཡིན། ལོག་པར་ལྟ་བ་ཡིན་ཞེས་འབྱུང་བའོ། །དཔེས་སྟོན་པ་རྣམས་ན་རེ་བརྣབ་སེམས་ལ་

སོགས་པ་མ་རྟོགས་པའི་ཡིད་ཀྱི་ལས་གཞན་མ་བཤད་དེ། དེའི་ཕྱིར་བརྣབ་སེམས་ལ་སོགས་པ་དག་ཁོ་ན་ཡིད་ཀྱི་ལས་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟ་ན་ནི་ལས་དང་ཉོན་མོངས་པ་དག་གཅིག་ཏུ་འགྱུར་རོ། །འདི་ནི་འདོད་པ་ཡང་མ་ཡིན་ནོ། །གལ་ཏེ་ཉོན་མོངས་པ་འགའ་ཞིག་

ལས་སུ་གྱུར་ན་ཡང་ཞེས་བྱ་བ་ནི་སེམས་པ་འབའ་ཞིག་ཏུ་མ་ཟད་པའོ། །ཅིར་འགྱུར་ཞེས་བྱ་བ་ནི། ཉེས་པ་ཅིར་འགྱུར་ཞེས་བྱ་བའོ། །དེ་ནི་མེད་དེ་ཅིའི་ཕྱིར་ཞེ་ན། མདོ་དང་འགལ་བའི་ཕྱིར་ཏེ། སེམས་པའི་ལས་དང་བསམ་པའི་ལས་ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་

ཉོན་མོངས་པ་ལས་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །གལ་ཏེ་ཉོན་མོངས་པ་ལས་ཉིད་དུ་མི་འདོད་ན་དེ་ལྟ་ན་ཆེད་དུ་བསམ་པར་བྱ་བའི་མདོ་དང་འགལ་ལོ་ཞེ་ན། མདོ་ལས་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། དེའི་སྒོ་ནས་ཞེས་བྱ་བ་ནི་བརྣབ་སེམས་ལ་སོགས་པའི་སྒོ་ནས་སེམས་པ་ཞུགས་པ་

དེའི་ཕྱིར་བརྣབ་སེམས་ལ་སོགས་པ་དེ་དག་གིས་སེམས་པ་དེ་སྟོན་པར་བྱེད་དེ། གཞན་དུ་ན་མདོ་དང་འགལ་བར་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཡིད་ཀྱི་ལས་ཀྱི་ཚོགས་ཡིན་པའི་ཕྱིར་དེ་དག་ལ་འདི་སྐད་དུ་བསྙད་དེ། དོར་བའི་སྤང་བར་བྱ་བ་ལ་ཟག་པར་བསྟན་པ་བཞིན་ནོ་ཞེས་ཟེར་རོ། །

སྨད་པ་ནི་ཞེས་བྱ་བ་ནི་དམ་པ་དག་གིས་སྨད་ཅེས་བྱ་བའི་དོན་ཏོ། །བཟློག་པ་ལེགས་པར་སྤྱད་པ་ཡིན། །ཞེས་བྱ་བ་ལ་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་ཚོགས་ཡིན་པ་འདི་དང་མཇུག་ཅེས་བྱ་བ་དང་། དགེ་བའི་སེམས་པ་དང་། བརྣབ་སེམས་དང་གནོད་སེམས་དང་། ལོག་པར་ལྟ་བ་དག་

ལ་སོགས་པ་གང་ཅུང་ཟད་ཅིག་ཡིན་པ་ནི་ཉེས་པར་སྤྱད་པ་ལས་བཟློག་པའི་སྒོ་ནས་ལུས་དང་ངག་དང་ཡིད་ཀྱི་ལེགས་པར་སྤྱད་པར་བརྗོད་པར་བྱའོ། །དེའི་རྩ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་ཕ་རོལ་ལ་ཕན་འདོགས་པའི་བསམ་པའི་རྩ་བ་ཡིན་པའི་ཕྱིར་ན་ཡང་དག་པའི་ལྟ་བ་དགེ་བ་ཉིད་ཡིན་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words