ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ་ལཀྵ་ཎ་སྱཱ་ནུ་ས་རི་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 145 · folio 54a
ལ། གཞན་ལ་གནོད་པ་བྱ་བའི་བསམ་པའི་རྩ་བ་ཡིན་པའི་ཕྱིར་ན་ལོག་པར་ལྟ་བ་མི་དགེ་བ་ཉིད་ཡིན་ནོ། །དེ་ལས་ཆེ་ལོང་བསྡུས་ནས་ནི། །ཞེས་བྱ་བ་ལ་ཆེ་ལོང་ནི་ཆེན་པོའོ། །ཅི་རིགས་པ་ཞེས་བྱ་བ་སྨོས་པ་ནི། གོ་རིམས་ཇི་ལྟ་བ་བཞིན་ཡིན་པ་བསལ་བའི་ཕྱིར་ཏེ། དེ་ལྟ་མ་ཡིན་
ན་ཉེས་པར་སྤྱད་པ་དག་ལས་དགེ་བ་དང་། ལེགས་པར་སྤྱད་པ་དག་ལས་མི་དགེ་བའོ་ཞེས་བྱ་བར་ཐལ་བར་འགྱུར་རོ། །ཉོན་མོངས་པ་ཅན་གཞན་ཡང་ཞེས་བྱ་བ་ནི། བརྡེག་པ་དང་འཆིང་བ་དང་འདྲེན་པ་ལ་སོགས་པའོ། །མྱོས་པར་འགྱུར་བ་ལ་སོགས་པ་སྤོང་བ་དང་། སྦྱིན་པ་དང་མཆོད་སྦྱིན་
ལ་སོགས་པ་ཞེས་བྱ་བའི་སྒྲ་སྔ་མས་བརྡེག་པ་དང་འཆིང་བ་ལ་སོགས་པ་སྤོང་བ་བསྡུའོ། །སོགས་པ་ཞེས་བྱ་བ་གཉིས་པས་ནི་ཁྲུས་བྱེད་པ་དང་། ལུས་སྐུད་པ་དང་། མངོན་དུ་ལྡང་བ་ལ་སོགས་པ་བསྡུའོ། །སྙན་པར་སྨྲ་བ་ལ་སོགས་པ་ཞེས་བྱ་བ་ལས་འདིར་ཡང་སོགས་པ་ཞེས་བྱ་བའི་
སྒྲས་ཆོས་སྟོན་པ་ལ་སོགས་པ་དག་བསྡུ་བའོ། །ཡང་ཅི་འདིར་ལས་ཀྱི་ལམ་རྣམ་པར་རིག་བྱེད་ཡིན་ནམ། འོན་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་ཡིན་ནམ། དེ་སྟེ་གཉི་ག་ཡིན་ཞེ་ན། རེ་ཞིག་རང་བྱེད་པ་མ་ཡིན་པ་ལ་ནི། མི་དགེ་དྲུག་ནི་རྣམ་རིག་མིན། །ཞེས་བྱ་བ་རྒྱས་པར་འབྱུང་སྟེ།
དངོས་ཀྱི་རྣམ་པར་རིག་བྱེད་མེད་པའི་ཕྱིར་རོ། །འདིར་ལུང་བསྒོ་བའི་རྣམ་པར་རིག་བྱེད་གང་ཡིན་པ་དེ་ནི་སྦྱོར་བ་ཁོ་ན་ཡིན་གྱི་དངོས་ནི་མ་ཡིན་ནོ། །དུས་དེའི་ཚེ་ཤི་བ་ན་ཞེས་བྱ་བ་ལ། རྣམ་པར་རིག་བྱེད་ཀྱི་དུས་མ་གཏོགས་པ་ཕྱིས་ཤི་ན་ནི་རྣམ་པར་རིག་བྱེད་སྦྱོར་བ་ཁོ་ན་ཡིན་པས་ལས་ཀྱི་ལམ་རྣམ་
པར་རིག་བྱེད་མ་ཡིན་པ་ཁོ་ན་ཡིན་ནོ། །ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི་ཞེས་བྱ་བ་ལ། ཡང་དག་པར་བླངས་པ་ཞེས་བྱ་བ་སྨོས་པ་ནི། ཆོས་ཉིད་ཀྱི་ཚུལ་ཁྲིམས་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །དེ་ནི་སེམས་ལ་རག་ལས་པ་ཁོ་ན་ཡིན་གྱི། རྣམ་པར་རིག་བྱེད་ལ་རག་ལུས་པ་ནི་མ་
ཡིན་ཏེ། དེ་ནི་བསམ་གཏན་གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་པའོ། །སེམས་ཙམ་ལ་རག་ལུས་པའི་ཕྱིར་ཞེས་བྱ་བ་ལ། ཙམ་ཞེས་བྱ་བའི་སྒྲས་ནི་ཡང་དག་པར་བླངས་པའི་ཚུལ་ཁྲིམས་བསལ་བར་བྱ་བའི་ཕྱིར་རོ། །ལྷུར་ལེན་པ་ཆེན་པོས་ཞེས་བྱ་བ་ནི་ཤུགས་དྲག་པོས་སོ། །འདིར་
Vol. 145 · folio 54b
ཉེར་བསྡོགས་ཀྱི་སྒྲས་ནི་སྦྱོར་བ་ཁོ་ན་བརྗོད་དེ། བཟློག་པ་མཇུག་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དེའི་རྗེས་སུ་མཐུན་པའི་ཆོས་ཞེས་བྱ་བ་ནི། ལས་ཀྱི་ལམ་དང་རྗེས་སུ་འཚམ་པར་བྱེད་ན་ཞེས་བྱ་བའི་དོན་ཏོ། །ལས་ཀྱི་ལམ་སྦྱོར་བ་དང་དངོས་དང་མཇུག་དང་བཅས་པ་དག་བཤད་ན། དེ་དག་
གི་སྦྱོར་བ་ལ་སོགས་པའི་རྣམ་པར་གཞག་པ་ནི་མ་བཤད་པས་ཡང་ཇི་ཙམ་གྱིས་ན་ཞེས་བྱ་བ་རྒྱས་པར་དྲིས་སོ། །སྦྱོར་བ་དང་འབྲས་བུ་ཡོངས་སུ་རྫོགས་པས་སོ་ཞེས་བྱ་བ་ལ། སྦྱོར་བའི་འབྲས་བུ་ཡོངས་སུ་རྫོགས་པ་ནི་གཞན་གྱི་སྲོག་བཅད་པའོ། །འདི་སྐད་བཤད་པར་འགྱུར་ཏེ།
སྦྱོར་བ་ཙམ་དང་། གཞན་གྱི་སྲོག་བཅད་པ་ཉིད་ཀྱིས་ནི། སྲོག་བཅད་པའི་ཁ་ན་མ་ཐོ་བས་རེག་པར་མི་འགྱུར་གྱི། འོ་ན་ཅི་ཞེ་ན། གལ་ཏེ་གཞན་གྱི་སྲོག་གཅད་པའི་ཕྱིར་སྦྱོར་བ་དང་བཅས་པ་ནའོ། །དེ་ཕྱིན་ཆད་ཞེས་བྱ་བ་ནི་བཅད་ཕན་ཆད་དོ། །དེ་བཞིན་དུ་གཞན་དྲུག་ལ་ཡང་ཅི་རིགས་པར་སྦྱར་
བར་བྱའོ་ཞེས་བྱ་བ་འབྱུང་སྟེ། དེ་ལ་མ་བྱིན་པར་ལེན་པ་ལ་ནི་ཇི་ལྟར་རྐུན་པོ་ཁྲི་ལས་ལྡང་བར་བྱེད། །མཚོན་ཆ་ལེན་པར་བྱེད། གཞན་གྱི་ཁྱིམ་དུ་འགྲོ་བར་བྱེད། གཉིད་ལོག་གམ་འོན་ཏེ་མ་ལོག་ཅེས་ཉན་པར་བྱེད། འབུགས་པར་བྱེད། འཇུག་པར་བྱེད། གཞན་གྱི་ནོར་ལ་ནོམ་པར་བྱེད་པ་
ནས་ཇི་སྲིད་དུ་གནས་ནས་མ་སྤགས་པ་དེ་སྲིད་དུ་ནི་སྦྱོར་བ་ཡིན་ནོ། །སྐད་ཅིག་གང་ལ་གནས་ནས་སྤགས་པར་བྱེད་པ་དེའི་ཚེའི་རྣམ་པར་རིག་བྱེད་དང་། དེའི་སྐད་ཅིག་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་དེ་ནི་ལས་ཀྱི་ལམ་དངོས་ཡིན་ནོ། །རྒྱུ་གཉིས་ཀྱིས་ན་མ་བྱིན་པར་ལེན་པའི་ཁ་ན་མ་ཐོ་
བས་རེག་པར་འགྱུར་ཏེ། སྦྱོར་བ་དང་དེའི་འབྲས་བུ་ཡོངས་སུ་མ་རྫོགས་པས་སོ། །དེ་ཕྱིན་ཆད་ཀྱི་རྣམ་པར་རིག་བྱེད་དམ་ཡིན་པའི་སྐད་ཅིག་མ་རྣམས་ནི་མཇུག་ཡིན་ནོ། །ཇི་སྲིད་དུ་གཞན་གྱི་ནོར་དེ་འགེད་པའམ། འཚོང་བའམ། སྦེད་པའམ། རྗེས་སུ་སྒྲོགས་པ་དེ་སྲིད་དུ་དེའི་རྣམ་པར་
རིག་བྱེད་ཀྱི་སྐད་ཅིག་མ་ཡང་མཇུག་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །བརྣབ་སེམས་ལ་སོགས་པ་ནི་ཞེས་བྱ་བ་ལ་སོགས་པ་མངོན་སུམ་དུ་གྱུར་པ་ཙམ་གྱིས་ལས་ཀྱི་ལམ་དུ་འགྱུར་ཏེ། སེམས་ཀྱི་ཡིན་པའི་ཕྱིར་རོ། །གལ་ཏེ་འཆི་བའི་སྲིད་པ་ལ་གནས་
Vol. 145 · folio 55a
པ་ཡིན་ན་ནི་ཞེས་བྱ་བ་ནི། སྲོག་ཆགས་དེ་མ་ཤི་བའི་ཚེ་ཁོ་ནར་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མ་ཡིན་པ་ལས་ཀྱི་ལམ་ཡིན་ནའོ། །དེ་ལྟར་ན་ལྷན་ཅིག་ཤི་བ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གསོད་པའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་།
གསོད་དུ་འཇུག་པའི་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་ལས་ཀྱི་ལམ་དངོས་སུ་འགྱུར་རོ། །གྲུབ་པའི་མཐའ་ལས་ནི་དེ་སྐད་དུ་མི་འབྱུང་ཞེས་བྱ་བ་འབྱུང་ངོ་། །འོ་ན་གྲུབ་པའི་མཐའ་གང་ཡིན་ཞེ་ན། སྔ་དང་མཉམ་དུ་ཤི་བ་ལ། དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ། །ཞེས་བྱ་བའོ། །འོན་ཏེ་
ཤི་བ་ཡིན་ན་ནི་སྲིད་པ་བར་མ་ལ་སོགས་པའི་གནས་སྐབས་ཡིན་ནའོ། །དེ་བརྗོད་པར་མི་བྱའོ་ཞེས་བྱ་བ་འབྱུང་སྟེ། ཅིའི་ཕྱིར་ཞེ་ན། བསྣུན་པ་རྣམ་པར་རིག་བྱེད་ཅེས་བྱ་བ་དེས་ཤི་བ་ནི་མ་ཡིན་ནོ། །སྲོག་གཅོད་པར་བྱེད་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གང་ཡང་བསྟན་བཅོས་ལས་ཞེས་བྱ་བ་
རྒྱས་པར་འབྱུང་བ་ནི་སྐྱོན་གཞན་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བའི་དོན་ནི་འགལ་ཏེ་ཞེས་བྱ་བ་ལས། བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་འདིར་མཇུག་སྦྱོར་བའི་སྒྲར་གསུངས་སོ་ཞེས་བསྟན་བཅོས་ཀྱི་དོན་བཤད་པ་གང་ཡིན་པ་དེ་འགལ་ལོ། །ཅིའི་ཕྱིར་ཞེ་ན། དེའི་ཚེ་དངོས་ཁོ་ན་མ་འགགས་པའི་ཕྱིར་རོ། །
གལ་ཏེ་སྲོག་ཆགས་ཤི་བའི་ཚེ་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་གང་དག་ཡིན་པ་དེ་ལས་ཀྱི་ལམ་དངོས་ཡིན་ན་ནི། དེ་ལྟ་ན་སྦྱོར་བ་མེད་པར་མ་གྱུར་པ་ཞེས་བྱ་བ་འདིར་དངོས་ཁོ་ན་སྦྱོར་བའི་སྒྲར་གསུངས་ཀྱི་མཇུག་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ། །ཇི་ལྟར་ཉེས་པ་མེད་པ་དེ་ལྟ་བུ་
ཡིན་ནོ་ཞེས་བྱ་བ་ནི་ཆོས་མངོན་པ་པའོ། །ཇི་ལྟར་ན་ཉེས་པ་མེད་ཅེས་བྱ་བ་ནི་སློབ་དཔོན་ནོ། །དངོས་ཁོ་ན་སྦྱོར་བའི་སྒྲས་ཞེས་བྱ་བ་ལ་སོགས་པ་ནི་བྱེ་བྲག་ཏུ་སྨྲ་བ་དག་སྟེ། དེ་ལྟར་ན་སྔ་དང་མཉམ་དུ་ཤི་བ་ལ། དངོས་མེད་ལུས་གཞན་སྐྱེས་ཕྱིར་རོ། །ཞེས་བྱ་བ་དང་མི་འགལ་ལོ། །འོ་ན་དེའི་ཚེ་རྣམ་པར་
རིག་བྱེད་ཅེས་བྱ་བ་ནི་སློབ་དཔོན་ནོ། །ཇི་ལྟར་མི་འགྱུར་ཞེ་ན། མི་ནུས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྲོག་ཆགས་ཤི་ཟིན་ན་ནི་ཡང་དེ་འཆི་བར་བྱ་བ་ལ་དེ་ནུས་པ་ཡོད་པར་མི་འགྱུར་རོ། །ད་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཇི་ལྟར་འགྱུར་ཞེས་བྱ་བ་ནི། ནུས་པ་མེད་པར་ལས་ཀྱི་ལམ་དུ་སྟེ། ཇི་ལྟར་འདི་
Vol. 145 · folio 55b
ནུས་པ་མེད་བཞིན་དུ་ཡང་ཡིན་པ་དེ་བཞིན་དུ་རྣམ་པར་རིག་བྱེད་ཀྱང་ཡིན་ནོ་སྙམ་དུ་བསམས་པའོ། །དེའི་ཕྱིར་སྦྱོར་བའི་འབྲས་བུ་ཞེས་བྱ་བ་ལ་སོགས་པ་ལ་སྦྱོར་བའི་འབྲས་བུ་ནི་སྲོག་གཅོད་པ་སྟེ། སྦྱོར་བ་ནི་དེའི་དོན་དུ་ཡིན་པའི་ཕྱིར་རོ། །དེ་ཡོངས་སུ་རྫོགས་པའི་དུས་ནི་ཤི་བའི་དུས་སོ། །དེ་གཉི་ག་
ཞེས་བྱ་བ་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་སྟེ། མི་ནུས་ཀྱང་ལས་ལམ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ལྟ་ཡིན་དང་སྦྱོར་བའི་འབྲས་བུ་ལ་ལྟོས་ནས་རྣམ་པར་རིག་བྱེད་ཀྱང་ལས་ཀྱི་ལམ་དུ་བརྗོད་ཀྱི། ནུས་པ་ལ་ལྟོས་ནས་ནི་མ་ཡིན་པས་ཉེས་པ་མེད་དོ། །དེ་བཞིན་དུ་གཞན་
དག་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི། དཔེར་ན་གཞན་གྱི་ནོར་རྐུ་བར་འདོད་པ་དོན་གྲུབ་པར་བྱ་བའི་ཕྱིར་གཞན་གྱི་ནོར་འཕྲོག་ནས་ཕྱུགས་དེས་གཏོར་མ་བྱེད་པ་དང་དེ་ཉིད་ཀྱིས་དེའི་འཕྲོག་ཏུ་གཞུག་པའི་ཕྱིར་དེའི་ཆུང་མ་ལ་ཉལ་པོ་བྱེད་པ་དང་། དེ་ལ་གང་དག་ཡོངས་སུ་སྐྱོབ་པར་
འགྱུར་བའི་མཛའ་བོ་ལ་བརྫུན་དང་ཕྲ་མ་དང་ཚིག་རྩུབ་པོ་དང་ཚིག་ཀྱལ་པ་དག་གིས་དབྱེན་བྱེད་པ་དང་། དེའི་ནོར་ལ་བརྣབ་སེམས་བྱེད་པ་དང་། ནོར་དེའི་བདག་པོ་ལ་གནོད་སེམས་བྱེད་པ་དང་། ལོག་པར་ལྟ་བ་འཕེལ་བར་བྱེད་པ་ལྟ་བུ་སྟེ། དེ་བཞིན་དུ་འདོད་པས་ལོག་པར་གཡེམ་པ་དག་ལ་སོགས་
པ་དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །འདི་ལ་ལས་ཀྱི་ལམ་ཐམས་ཅད་ཆགས་པ་ལ་སོགས་པས་མཐར་ཕྱིན་པར་བྱེད་པ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། བརྫུན་དུ་སྨྲ་བ་ལ་སོགས་པ་འགའ་ཞིག་དག་ཡིན་ཏེ། ལྷག་མ་གསུམ་གྱིས་རྫོགས་པར་འདོད། །ཅེས་འཆད་པར་འགྱུར་རོ། །
དེའི་ལུས་ཀྱི་ཡན་ལག་གི་ཕྱིར་རམ་ཞེས་བྱ་བ་ནི། རྔ་མ་དང་། སོ་དང་། པགས་པའི་ཕྱིར་རོ། །ནོར་གྱི་ཕྱིར་རམ་ཞེས་བྱ་བ་ནི་རིན་གྱི་ཕྱིར་རམ། དེའི་ནོར་བདག་གིར་བྱ་བའི་ཕྱིར་རོ། །ཕ་དང་མ་རྒས་སམ་ནད་ཚབས་ཆེན་པོས་ཐེབས་ནས་ཞེས་བྱ་བ་ནི། དེ་དག་གིས་དེ་ནས་གཞན་གྱི་ཚེ་དབང་
པོ་སར་པ་དང་ཤིན་ཏུ་དང་བ་རྙེད་པར་འགྱུར་ཏེ། དེས་ན་གསད་པར་བྱའོ་ཞེས་གྲག་གོ། །གང་ཡང་ལོག་པར་ལྟ་བས་རབ་ཏུ་བཅུག་པ་ཞེས་བྱ་བ་ནི། འཇིག་རྟེན་ཕ་རོལ་མེད་དོ་ཞེས་སྨྲས་པས་ལྟ་བ་དེས་སྲོག་ཆགས་གསོད་པ་ལ་རབ་ཏུ་བཅུག་པའོ། །གཞན་གྱི་རྙེད་པ་འམ་བཀུར་སྟི་འམ་གྲགས་པའི་ཕྱིར་
Vol. 145 · folio 56a
ཞེས་བྱ་བ་ནི། དཔེར་ན་བྲན་ནི་རྗེ་བོའི་རྙེད་པའི་ཕྱིར་ནོར་རྐུ་བ་ལྟ་བུ་སྟེ། འདི་ནི་མ་བྱིན་པར་ལེན་པ་ཆགས་པ་ལས་སྐྱེས་པ་སྟེ། གང་ཡང་ལོག་པར་ལྟ་བས་རབ་ཏུ་བཅུག་པ་སྟེ། འདི་ནི་མ་བྱིན་པར་ལེན་པ་གཏི་མུག་ལས་སྐྱེས་པའོ། །ཆོ་ག་ཅན་གྱིས་ཆུ་བཏུང་ངོ་། །ཞེས་
བྱ་བ་རྒྱས་པར་འབྱུང་སྟེ། ཆོ་ག་ཅན་གྱིས་ཆུ་དང་རྩྭ་དག་ཡོངས་སུ་ལོངས་སྤྱོད་ཅེས་བྱ་བའི་དོན་ཏོ། །སྲིང་མོའི་གན་དུ་འགྲོ་ཞེས་བྱ་བ་ནི། བུ་སྲིང་གི་གན་དུ་འགྲོ་ཞེས་བྱ་བའི་དོན་ཏོ། །རུས་གཅིག་པའི་གན་དུ་འགྲོ་བ་ཞེས་བྱ་བ་ནི། རུས་མཐུན་པའི་གན་དུ་འགྲོ་བ་ཞེས་བྱ་བའི་དོན་ཏོ། །གང་དག་
ཅེས་བྱ་བ་རྒྱས་པར་འབྱུང་བ་ནི། བུད་མེད་ནི་རྟུན་ལ་སོགས་པ་དང་འདྲ་སྟེ། ཇི་ལྟར་རྟུན་ལ་སོགས་པ་ལོངས་སྤྱོད་ཀྱི་སྒོ་ནས་ཐུན་མོང་ཡིན་པ་ལྟར་བུད་མེད་ཀྱང་དེ་དང་འདྲ་སྟེ། དེའི་ཕྱིར་ཉལ་པོ་ལ་འགྲོ་བ་རྣམས་ལ་ཉེས་པ་མེད་དོ་ཞེས་བྱ་བ་ཡིན་ནོ། །བཞད་གད་དང་ལྡན་ཞེས་བྱ་བ་ནི་ཀུ་རེའི་བསམ་པ་
དང་ལྡན་ཞེས་བྱ་བའི་ཐ་ཚིག་གོ། །གང་ཡང་ལོག་པར་ལྟ་བས་རབ་ཏུ་བཅུག་པའི་བརྫུན་དུ་སྨྲ་བ་དེ་ཡང་གཏི་མུག་ལས་སྐྱེས་པ་སྟེ་དཔེར་འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །ཕྲ་མ་ལ་སོགས་པ་ལོག་པར་ལྟ་བས་རབ་ཏུ་བཅུག་པ་ནི་གཏི་མུག་ལས་སྐྱེས་པ་སྟེ། འཇིག་རྟེན་ཕ་རོལ་མེད་དོ་
ཞེས་མཚམས་སུ་གཟུང་དུ་མེད་པ་སྨྲ་བའོ། །གང་ཡང་རིག་བྱེད་དང་གྲངས་ཅན་དང་། བྱེ་བྲག་པ་ལ་སོགས་པའི་ངན་པ་གདོལ་བ་དེ་ཡང་གཏི་མུག་ལས་སྐྱེས་པའི་ཚིག་ཀྱལ་པའོ། །འདི་ལྟ་སྟེ་དགེ་ཚུལ་ཞེས་བྱ་བ་ལ། འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་ནི་སྦྱོར་བའི་ཆོ་ག་གཞན་ཡང་བསྟན་པར་བྱ་བའི་ཕྱིར་རོ། །
གནས་སྣ་ཚོགས་ནི་མཚམས་ཆེན་པོ་སྟེ། དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །འདིར་དགེ་སློང་སྣ་ཚོགས་གནས་པ་ནི་གནས་སྣ་ཚོགས་སོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དངོས་ཀྱི་ལས་ཀྱི་ལམ་གྱི་འོག་ཏུ་སྟེ། བསླབ་པའི་གཞི་རྣམས་བླངས་ནས་ཇི་སྲིད་དུ་ཇི་སྐད་བཤད་པའི་ཆོ་གས་གནས་བསྒོ་བ་དང་
སྟེ། དེ་དག་གི་ཆོས་གོས་དང་བསོད་ནམས་དང་སྟེ། མལ་དང་ན་བའི་རྐྱེན་སྨན་རྣམས་སོ། །དེའི་རྟེན་ཞེས་བྱ་བ་ལ་གནས་ཀྱི་རྟེན་ནོ། །གསོད་དང་གནོད་སེམས་ཚིག་རྩུབ་པོ། །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ཅེས་བྱ་བ་ནི་ཞེ་སྡང་ཁོ་ནས་ཞེས་ངེས་པར་གཟུང་ངོ་། །ཡོངས་སུ་དོར་བ་དང་
Vol. 145 · folio 56b
རྩུབ་པའི་སེམས་མངོན་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི། ཡོངས་སུ་དོར་བའི་སེམས་ཀྱིས་གསོད་པ་མཐར་ཕྱིན་པར་བྱེད་ལ། གཞན་ནི་རྩུབ་པའི་སེམས་ཀྱིས་རྫོགས་པར་བྱེད་དེ། དེའི་ཕྱིར་གསོད་པ་དང་གནོད་སེམས་དང་ཚིག་རྩུབ་པོ་རྣམས་ནི་གཅིག་ཏུ་ཞེ་སྡང་གིས་མཐར་ཕྱིན་པར་བྱེད་དོ། །ལོག་
གཡེམ་བརྣབ་སེམས་མ་བྱིན་ལེན། །ཆགས་པ་ཡིས་ནི་རྫོགས་པར་འདོད། །ཆགས་པ་ཁོ་ནས་ཞེས་ངེས་པར་གཟུང་བའི་ཕྱིར་བརྩམས་སོ། །ལོག་པར་ལྟ་བ་གཏི་མུག་གིས། ཆེར་རྨོངས་པར་གྱུར་ན་ཞེས་བྱ་བ་ནི་གང་ཞིག་རྒྱུ་དང་འབྲས་བུའི་འབྲེལ་པའི་ཆོས་ཉིད་ལ་རྨོངས་པས་ནི་རྫོགས་པར་
བྱེད་དེ། གཏི་མུག་ཁོ་ནས་ལོག་པར་ལྟ་བ་མཐར་ཕྱིན་པར་བྱེད་དོ། །ལྷག་མ་གསུམ་གྱིས་རྫོགས་པར་འདོད། །ཅེས་བྱ་བ་ལ། ཆགས་པ་ལས་སྐྱེས་པའི་བརྫུན་དུ་སྨྲ་བ་ནི་ཆགས་པ་ཁོ་ནས་མཐར་ཕྱིན་པར་བྱེད་ལ། དེ་བཞིན་དུ་ཞེ་སྡང་ལས་སྐྱེས་པ་དང་གཏི་མུག་ལས་སྐྱེས་པ་ཡང་ཞེ་སྡང་དང་གཏི་
མུག་གིས་མཐར་ཕྱིན་པར་བྱེད་དོ། །དེ་བཞིན་དུ་གཞན་གཉིས་ལ་ཡང་བརྗོད་པར་བྱའོ། །ཆ་བཞིར་བཤད་པ་ཞེས་བྱ་བ་ནི་ཚན་བཞིར་རོ། །ཇི་ལྟར་ཞེ་ན། གསུམ་དང་། གསུམ་དང་། གཅིག་དང་གསུམ་དང་ཞེས་བྱ་བ་སྨོས་ཏེ། གསོད་དང་གནོད་སེམས་ཚིག་རྩུབ་པོ། །ཞེས་བྱ་བ་ནི་གསུམ་མོ། །
ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། །ཞེས་བྱ་བ་ནི་ཡང་གསུམ་མོ། །ལོག་པར་ལྟ་བ་གཏི་མུག་གིས། །ཞེས་བྱ་བ་ནི་གཅིག་གོ། །ལྷག་མ་གསུམ་གྱིས་རྫོགས་པར་འདོད། །ཅེས་བྱ་བ་ནི་ཡང་གསུམ་མོ། །སྲོག་གཅོད་པ་ལ་སོགས་པའི་གཞི་ནི་སེམས་ཅན་ཡིན་ནོ་ཞེས་བྱ་བ་ནི།
ཚོགས་པ་ལས་ལས་ཀྱི་ལམ་དེ་སྐྱེ་བའི་ཕྱིར་ཏེ། སེམས་ཅན་དུ་སྟོན་པ་མ་ཡིན་པ་དག་ལས་དེ་སྐྱེ་བ་མི་སྲིད་དོ། །གལ་ཏེ་དེ་དག་གི་རྟེན་ནི་མིང་དང་གཟུགས་ཀྱང་ཡིན་པར་རིགས་པ་མ་ཡིན་ནམ་ཞེ་ན། ཕུང་པོ་ཚོགས་པ་ཁོ་ན་ལ་ལྟོས་ནས་གསོད་པ་ལ་སོགས་པ་དག་འབྱུང་གི །ཕུང་པོའི་ཕྱོགས་
གཅིག་ལ་ལྟོས་ནས་ནི་མ་ཡིན་ལ། ཕུང་པོ་གཅིག་དང་སྐད་ཅིག་མ་ལ་ཡང་མིང་དང་གཟུགས་ཞེས་བྱ་བ་ན། ཕུང་པོ་གཅིག་དང་སྐད་ཅིག་མ་གཅིག་ལ་ནི་གསོད་པ་ལ་སོགས་པ་དག་འཇུག་པ་མེད་དེ། དེའི་ཕྱིར་དེ་དག་གི་རྟེན་མིང་དང་གཟུགས་ཡིན་པར་མི་འདོད་དོ། །གཞན་གྱི་བུད་མེད་ཀྱི་གན་དུ་
Vol. 145 · folio 57a
འགྲོ་བ་ལ་སོགས་པའི་གཞི་ནི་ལོངས་སྤྱོད་ཡིན་ནོ། །གཞི་དང་རྟེན་དང་ཡུལ་ཞེས་བྱ་བ་ནི་དོན་གཞན་མ་ཡིན་ཏེ། ལོངས་སྤྱོད་ལ་བརྟེན་ནས་ལས་ཀྱི་ལམ་འབྱུང་བའི་ཕྱིར་དང་། ལོག་པར་ལྟ་བའི་གཞི་ནི་མིང་དང་གཟུགས་ཡིན་ཏེ། དེ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །
བརྫུན་དུ་སྨྲ་བ་ལ་སོགས་པའི་གཞི་ནི་མིང་གི་ཚོགས་ཡིན་ཏེ། ཚིག་ནི་མིང་ལ་འཇུག་པའི་ཕྱིར་རོ། །དེའི་སྦྱོར་བས་འཆི་བའི་ཕྱིར་དང་། དེའི་ཚེ་ལུས་གཞན་སྐྱེས་པའི་ཕྱིར་ཐེ་ཚོམ་ཟ་བས། གང་ཞིག་གིས་ཕ་རོལ་འཆི་བར་ངེས་པར་བྱས་ནས་ཞེས་བྱ་བ་རྒྱས་པར་དྲིས་སོ། །དངོས་མེད་ཅེས་བྱ་བ་
ནི། དངོས་མེད་སྔོན་དུ་འགྲོ་བས་འཇུག་ཀྱང་མེད་དོ་ཞེས་བསྟན་པར་འགྱུར་རོ། །ལུས་གཞན་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་ནི་རིས་མཐུན་པ་གང་ལ་གནས་པས་དེའི་སྦྱོར་བ་བྱས་པས་དེ་ཁོ་ན་དེའི་འབྲས་བུ་རྫོགས་པ་ལས་དངོས་ཀྱི་ལས་ཀྱི་ལམ་དུ་འགྱུར་གྱི། རིས་མཐུན་པ་ཐ་དད་པའི་ལུས་ལ་ནི་མ་ཡིན་ཏེ།
དེའི་སྦྱོར་བ་པོ་མ་ཡིན་པའི་ཕྱིར་རོ། །དོན་གྱིས་ན་ཕན་ཚུན་སྦྱོར་བ་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གིས་སྦྱོར་བར་བྱེད་པ་མ་ཡིན་མོད་ཀྱང་ངོ་། །སྲོག་གཅོད་པར་ནི་བསམས་བཞིན་དུ། །མ་ནོར་པས་ནི་གཞན་གསོད་པའོ། །ཞེས་བྱ་བ་ལ་སྲོག་གཅོད་པ་ནི་རྣམ་པ་གཉིས་ཏེ། བསམས་བཞིན་པ་དང་
བསམས་བཞིན་པ་མ་ཡིན་པའོ། །བསམས་བཞིན་པ་ཡང་རྣམ་པ་གཉིས་ཏེ། ནོར་བ་དང་མ་ནོར་པའོ། །མ་ནོར་པ་ཡང་རྣམ་པ་གཉིས་ཏེ། བདག་དང་གཞན་གསོད་པ་དང་། དེའི་ཕྱིར་རྣམ་པར་གཅད་པར་བྱ་བའི་ཕྱིར་ཁྱད་པར་རྣམ་པ་བཞི་བརྩམས་སོ། །ཡང་ཅིའི་ཕྱིར་མ་བསམས་པ་དང་ནོར་པ་
དང་། བདག་ལ་སྲོག་གཅོད་པ་མི་འདོད་ཅེ་ན། སྦྱོར་བ་མི་སྲིད་པའི་ཕྱིར་དང་། བསོད་ནམས་དང་བསོད་ནམས་མ་ཡིན་པ་དག་བདག་གི་རྟེན་ཅན་མི་སྲིད་པའི་ཕྱིར་རོ། །དེ་ལྟར་བཤད་དང་། གལ་ཏེ་སྲོག་ཆགས་གཞན་ཡིན་པ་དང་། འདི་གསད་པར་བྱའོ་ཞེས་དེ་ལ་སྦྱོར་བ་བྱས་པ་དང་། གང་ལ་སྦྱོར་
བ་བྱས་པ་དེ་ཉིད་གསོད་པར་བྱེད་ཀྱི་གཞན་མ་ཡིན་ན། དེ་ལྟ་ན་དེ་ལས་སྲོག་གཅོད་པའི་ཁ་ན་མ་ཐོ་བས་རེག་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེས་ན་འདོད་པའི་སེམས་སུ་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་གང་ལ་སྦྱོར་བ་བྱས་པ་དང་། གང་ལ་ཐེ་ཚོམ་ཟ་བ་དེ་གཉི་ག་དེས་ཡོངས་སུ་དོར་བ་ཡིན་ནོ། །
Vol. 145 · folio 57b
ཇི་ལྟར་ཕུང་པོ་སྐད་ཅིག་བདག་ལ་སྲོག་གཅོད་པར་འགྱུར་ཇི་ལྟར་མི་འགྱུར། འདི་ལྟར་ཕུང་པོ་སྐད་ཅིག་མ་ད་ལྟར་བ་ནི་སྲོག་གཅོད་པའི་སྦྱོར་བས་མི་གསོད་དེ། རང་ཉིད་འཇིག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཡང་སྐད་ཅིག་མར་འཇིག་པ་ལ་གནོད་པར་འགྱུར་རོ། །མ་འོངས་པ་ཡང་
མ་ཡིན་ཏེ། བསད་པར་མི་ནུས་པའི་ཕྱིར་རོ། །བདག་མེད་ན་གསད་པར་བྱ་བ་མེད་པའི་ཕྱིར་སྲོག་གཅོད་པ་མི་སྲིད་དོ། །བདག་བསད་པས་སྲོག་གཅོད་པར་འགྱུར་བ་ནི་མ་ཡིན་ཏེ། རྟག་པ་ནི་ཉེ་བར་འཚེ་བ་མཐའ་དག་ལྷགས་པས་ཀྱང་རྣམ་པར་བསྒྱུར་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །སྨྲས་པ། མི་
འཚེ་བ་དང་བདག་རྟག་པ། །འདི་ལ་རྒྱུ་ནི་ཅི་ཡོད་སྙམ། །རྣམ་པ་ཀུན་ནའང་ཤིང་སྲིན་ལས། །རྡོ་རྗེ་བསྲུང་བྱ་མ་ཡིན་ནོ། །ད་ལྟར་བའི་ཕུང་པོ་འགགས་པས་སྲོག་གཅོད་པར་འགྱུར་བ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྲོག་ཅེས་བྱ་བ་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཇི་ལྟར་རླུང་སེམས་
ལ་རྟེན་ཞེ་ན། སེམས་ལ་རག་ལས་ཏེ་འཇུག་པའི་ཕྱིར་ཏེ། འདི་ལྟར་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་དང་། ཤི་བ་ལ་མི་འབྱུང་བའི་ཕྱིར་རོ། །དེ་གཅོད་པར་བྱེད་དོ་ཞེས་བྱ་བ་ནི། དེའི་རྒྱུན་དང་འགལ་བའི་ཕྱིར་གཅོད་དོ་ཞེས་བྱ་བ་སྟེ། འདི་ལྟར་སྲོག་གི་མཚན་
ཉིད་མ་འོངས་པ་སྐྱེ་བ་དང་འགལ་བའི་རྐྱེན་ཉེ་བར་བསྒྲུབས་པས་སྲོག་གི་མཚན་ཉིད་ད་ལྟར་བ་འགག་པ་ལ་མངོན་དུ་ཕྱོགས་པ་ནི། སྲོག་གི་མཚན་ཉིད་མ་འོངས་པ་སྐྱེ་བའི་ཆོས་ཅན་སྐྱེ་བ་ལ་རྒྱུར་མི་འགྱུར་བས་རྒྱུན་འཆད་པར་འགྱུར་ལ། དེ་སྐྱེ་བ་དང་འགལ་བའི་རྐྱེན་སྒྲུབ་པར་བྱེད་པ་པོ་ཡང་སྲོག་གཅོད་པའི་
ཁ་ན་མ་ཐོ་བས་རེག་པར་འགྱུར་རོ། །དཔེར་ན་མར་མེ་འམ་དྲིལ་བུའི་སྐད་འགག་པར་བྱེད་པ་དང་འདྲའོ་ཞེས་བྱ་བ་ལ། མར་མེའི་སྐད་ཅིག་མ་ད་ལྟར་བ་འགགས་པས་མར་མེ་འགག་པར་བྱེད་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། མ་འོངས་པའི་སྐད་ཅིག་མ་སྐྱེད་པར་འདོད་པ་ལ་སྐྱེ་བའི་གེགས་བྱེད་པས་ཡིན་ཏེ།
དྲིལ་བུའི་སྐད་དང་། སྲོག་གི་དབང་པོ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །སྲོག་དེ་གང་གིས་ཡིན་ཞེས་བྱ་བ་ནི་སྲོག་དེ་ནི་བདག་གི་ཡིན་ལ་དེ་དང་འབྲེལ་པས་དེ་ཉིད་གསོན་ནོ་ཞེས་བྱ་བ་ཡིན་ན་དེ་མེད་ན་སྲོག་དེ་གང་གི་ཡིན་ཞེས་བྱ་བའོ་དྲུག་པ་འདི་དོན་ཇི་ལྟ་བུ་ཡིན་རྗེ་བོའི་དོན་ཡིན་ནོ། །དཔེར་ན་གང་གི་རྗེ་བོ་གང་
Vol. 145 · folio 58a
ཡིན་པ་ལྟ་བུ་ཡིན་དཔེར་ན་བ་ལང་གི་ནག་པ་ལྟ་བུ་ཡིན་ནོ། །འདི་ཇི་ལྟར་དེའི་རྗེ་བོ་ཡིན་དེ་རྨོ་བ་དང་བཞོ་བ་ལ་སོགས་པ་དག་ལ་སྦྱོར་བ་དེ་ལ་རག་ལས་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གང་ཟག་ཏུ་སྨྲ་བར་དཔྱད་པར་བྱའོ། །དེའི་ཕྱིར་དབང་པོ་དང་བཅས་པའི་ལུས་ལ་གསོན་ཞེས་བྱའོ་
བདག་ནི་མ་ཡིན་ཏེ་དེའི་ཕྱིར་སྲོག་གི་དབང་པོ་ནི་དེའི་ཡིན་གྱི་བདག་གི་ནི་མ་ཡིན་ནོ། །བློ་སྔར་མ་བཏང་བའི་སྲོག་བཅད་པས་ཞེས་བྱ་བ་རྒྱས་པར་འགྱུར་བ་ལས། ཀྱང་ཞེས་བྱ་བའི་སྒྲ་ནི་བློ་སྔར་བཏང་བ་འབའ་ཤིག་ཏུ་མ་ཟད་པའོ། །དཔེར་ན་མེ་དང་རེག་པ་ལས་ཚིག་པར་འགྱུར་བ་ཞེས་བྱ་བ་ནི་བློ་སྔར་བཏང་ངམ་མ་
བཏང་ཡང་བླ་ཏེ། རེག་པ་རྣམས་འཚིག་སྟེ་དེའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ་སྲོག་ཆགས་གསོད་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དེ་དག་གི་ལྟར་ན་གཞན་གྱི་ཆུང་མ་མཐོང་བ་དང་རེག་པ་ལ་ཡང་དེ་ལྟར་ཐལ་བར་འགྱུར་ཏེ། ཇི་ལྟར་གཞན་གྱི་ཆུང་མ་མཐོང་བ་དང་རེག་ན་འདོད་ཆགས་ཅན་རྣམས་ལ་
ཆོས་མ་ཡིན་པར་འགྱུར་བ་དེ་བཞིན་དུ་གཞན་ཕ་དང་བུ་ལ་སོགས་པ་འདོད་ཆགས་དང་བྲལ་བ་བློ་སྔར་མ་བཏང་བ་རྣམས་ལ་ཡང་ཆོས་མ་ཡིན་པར་འགྱུར་རོ། །གཅེར་བུ་བ་སྐྲ་འབལ་བ་ན་ཁྲོས་པ་ན་བསོད་ནམས་འདོད་པ་ཡང་ཆོས་མ་ཡིན་པ་དང་འབྲེལ་པར་འགྱུར་རོ། །དཀའ་ཐུབ་དྲག་པོའི་ལུང་འབོགས་པ་ན་
དོན་མ་ཡིན་པ་འདོད་པ་ལྟར་དེ་ལ་ཕན་པར་འདོད་པའི་སྟོན་པའམ་གཞན་ཡང་སྡིག་པ་དང་འབྲེལ་བར་འགྱུར་རོ་དེ་དག་གསུང་དེ་ཤི་ན་ཞེས་བྱ་བ་ནི་གཅེར་བུ་པ་གསུང་དེ་ཤི་ན་དེ་ལ་གནོད་པ་བྱ་བའི་ཕྱིར་དུག་དང་བཅས་པའི་ཟས་སྦྱིན་པར་བྱེད་པ་ལྟར་དེ་ལ་ཕན་པར་བྱ་བའི་ཕྱིར་སྦྱིན་པར་བྱེད་པ་བསོད་ནམས་འདོད་པ་ཡང་
ཁ་ན་མ་ཐོ་བ་དང་ལྡན་པར་འགྱུར་རོ། །མ་དང་བུ་ལྟོ་ན་ཡོད་པ་དག་ཀྱང་སྡིག་པ་དང་འབྲེལ་པར་ཐལ་བར་འགྱུར་ཏེ། ཕན་ཚུན་སྡུག་བསྔལ་གྱི་རྒྱུ་མཚན་དུ་གྱུར་པའི་ཕྱིར་རོ། །གལ་ཏེ་མེའི་དཔེས་བློ་སྔར་མ་བཏང་བའི་སྲོག་བཅད་པས་ཀྱང་སྡིག་པ་ཡིན་པར་འདོད་ན་ནི། དེ་ལྟར་ན་གསད་པར་བྱ་བ་ཡང་དེའི་བྱ་བ་དང་
འབྲེལ་པའི་ཕྱིར་ཏེ། གསོད་པའི་བྱ་བ་དང་འབྲེལ་པའི་ཕྱིར་ཏེ། ཆོས་མ་ཡིན་པ་ཅན་དུ་ཐལ་བར་འགྱུར་ཏེ། མེ་རང་གི་རྟེན་སྲེག་པ་བཞིན་ནོ། །མེ་ནི་སྔར་རང་གི་རྟེན་སྲེག་ལ་ཕྱིས་གཞན་སྲེག་པར་བྱེད་དེ། དེ་བཞིན་དུ་འཆི་བ་ཡང་སྔར་རང་གི་རྟེན་གསད་པར་བྱ་བ་ཆོས་མ་ཡིན་པ་དང་། སྦྱོར་བར་བྱེད་ལ། ཕྱིས་ནི་གསོད་པ་
Vol. 145 · folio 58b
པོ་སྦྱོར་བར་བྱེད་པར་འགྱུར་རོ། །གཞན་ཡང་མེའི་ཆོས་ཁས་བླངས་པའི་ཕྱིར་བྱེད་དུ་འཇུག་པ་ལ་ཡང་སྡིག་པར་ཐལ་བར་མི་འགྱུར་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གཞན་གསོད་པ་ལ་སོགས་བྱེད་དུ་འཇུག་པ་ལ་ཡང་ཆོས་མ་ཡིན་པར་ཐལ་བར་མི་འགྱུར་ཏེ། གཞན་མེ་ལ་རེག་ཏུ་འཇུག་པའི་རེག་ཏུ་
འཇུག་པ་པོ་དེས་མི་འཚིག་པ་བཞིན་ནོ། །ཤིང་ལ་སོགས་པ་སེམས་མེད་པ་རྣམས་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། ཤིང་དང་སྨྱུག་མ་དང་སོ་ཕག་ལ་སོགས་པ་རྣམས་ཏེ། ཁྱིམ་རྡིབ་ན་སྲོག་ཆགས་འཆི་བའི་ཕྱིར་དེའི་ཁོངས་སུ་གཏོགས་པ་ཤིང་ལ་སོགས་པ་རྣམས་ལ་ཡང་སྡིག་པར་ཐལ་
བར་འགྱུར་རོ། །ཡང་ན་གཏན་ཚིགས་མེད་པས་དཔེ་ཙམ་གྱིས་ནི་འགྲུབ་པར་མི་འགྱུར་རོ། །ངོ་ཚ་མེད་པ་རྣམས་འདམ་རྫབ་དྲི་ཆེར་ང་བས་ལུས་བྱུག་པ་དང་། གོས་མེད་པ་ཉིད་དང་། འབབ་སྟེགས་དང་གདུང་བས་དེ་ལྟ་བུ་ལ་སོགས་པ་མ་རིག་པ་མང་དུ་བརྡོལ་བ་དེ་ནི་གཅེར་བུ་པ་དེ་རྣམས་ཀྱི་
བླུན་པ་དང་བརྫུན་གྱི་ཚིག་ཡིན་པས་གུས་པར་མི་བྱའོ། །མ་བྱིན་ལན་པར་གཞན་གྱི་ནོར། །ཞེས་བྱ་བ་ལ་སོགས་པ་ལ་མཐུས་ནི་མངོན་སུམ་དུ་འཕྲོག་པར་བྱེད་ལ། འཇབ་བུས་ནི་མངོན་སུམ་མ་ཡིན་པར་རོ། །ཁ་ཅིག་ཡོངས་སུ་གཟུང་བ་མེད་པས་མཆོད་རྟེན་ལས་འཕྲོག་པ་ལ་མ་བྱིན་པར་ལེན་པར་མི་
འགྱུར་རོ་ཞེས་བྱ་བ་དེ་ལྟར་སེམས་པ་དེའི་ཕྱིར་རོ། །སངས་རྒྱས་ལས་མ་བྱིན་པར་བླངས་པ་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡོངས་སུ་འཛིན་པ་མི་སྲིད་པའི་ཕྱིར་ཇི་ལྟར་སངས་རྒྱས་ལས་མ་བྱིན་པར་བླངས་ཤེ་ན། དེའི་ཕྱིར་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་
ཚེ་དེ་དག་ཐམས་ཅད་ཡོངས་སུ་གཟུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྐྱེ་བོ་སྦྱིན་པ་པོ་རྗེས་སུ་གཟུང་བའི་ཕྱིར་རོ། །གཞན་དག་ན་རེ་དེ་བསྲུང་བ་གང་དག་ཡིན་པ་དེ་དག་ལས་མ་བྱིན་པར་བླངས་སོ་ཞེས་ཟེར་ཏེ། དེ་ལྟར་ན་ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོར་མི་འགྱུར་རོ། །བདག་པོ་མེད་པའི་ཞེས་བྱ་བ་ནི་བདག་
པོ་མེད་པའི་གཏེར་ཏེ། ཡུལ་གྱི་བདག་པོ་ལས་མ་བྱིན་པར་བླངས་སོ། །ཤི་བའི་ནོར་ནི་དགེ་སློང་ཤི་བའི་ཡོ་བྱད་ཆོས་གོས་ལ་སོགས་པའོ། །སྦྲུམ་མའི་གན་དུ་འགྲོ་ན་དེའི་ལྟོ་ན་འདུག་པ་ལ་གནོད་པར་འགྱུར་རོ། །ནུ་ཞོ་འཐུང་བའི་གན་དུ་འགྲོ་ན་ནི་ནུ་ཞོས་བྱིས་པ་རྒྱས་པར་མི་བྱེད་དོ། །ཡུལ་གྱི་བདག་པོ་
Vol. 145 · folio 59a
ལས་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་ནི་དགེ་སློང་མའི་གན་དུ་འགྲོ་ན་འདོད་པས་ལོག་པར་གཡེམ་པར་འགྱུར་ཏེ། དེའི་ཕྱིར་རང་གི་ཆུང་མ་ངེས་པ་དང་བཅས་པ་བཞིན་དུ་བགྲོད་པར་བྱ་བ་མ་ཡིན་པར་ཡང་ཡིན་ནོ། །ཐ་ན་རྒྱལ་པོ་ལས་སོ་ཞེས་བྱ་བ་ནི། གལ་ཏེ་གཞན་མེད་
ན་སྟེ། ནངས་ཀྱི་ཐ་ན་རྒྱལ་པོ་ལས་ཏེ། དེས་ནི་དེ་མི་བཟོད་པར་བྱ་བ་ཡིན་ནོ། །བརྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྨྲ་བ་པོ་དང་ཉན་པ་པོའི་དབང་གིས་བརྫུན་དུ་སྨྲ་བའི་ལས་ཀྱི་ལམ་སྐྱེའི་གཞན་དུ་ནི་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་དོན་སྨྲ་བ་
གང་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །མངོན་པར་མ་གོ་ན་ཚིག་ཀྱལ་པར་འགྱུར་ཏེ། ཉོན་མོངས་ཅན་ཀུན་ཀྱལ་པ་ཉིད། །ཅེས་འབྱུང་བའི་ཕྱིར་རོ། །དཔེར་ན་བ་ལང་ཞེས་བྱ་བ་ལྟ་བུ་ངག་ཡི་གེ་གཅིག་པ་ཡང་ཡོད་དེ། དེ་ལ་དཔྱད་པ་འདི་མི་རུང་ངོ་ཞེ་ན། དེའི་ཕྱིར་རེས་འགའ་ཡི་གེ་
མང་པོ་ཞིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐ་མ་རྣམ་པར་རིག་བྱེད་མ་ཡིན་པ་དང་བཅས་པའོ་ཞེས་བྱ་བ་ལ། དེར་ནི་གདོན་མི་ཟ་བར་དོན་མངོན་པར་གོ་བར་འགྱུར་བའི་ཕྱིར་དེ་སྐད་བཤད་དེ། ཡི་གེ་སྔ་མ་རྣམས་ནི་སྦྱོར་བ་ཡིན་ནོ། །ཡང་ན་གང་ལས་དོན་གོ་བར་གྱུར་པ་སྟེ་ཞེས་བྱ་བ་ནི་སྨྲ་བ་
པོས་ཐམས་ཅད་དུ་འདུ་ཤེས་གཞན་དུ་བསྒྱུར་བར་ཁྱད་པར་མེད་ཀྱང་ཉན་པ་པོས་དོན་དེ་རྟོགས་པ་ལ་ལྟོས་ནས་དངོས་ཀྱི་ལས་ཀྱི་ལམ་དུ་རྣམ་པར་གཞག་གོ་ཞེས་བྱ་བ་འདི་སྟོན་པའོ། །འདིར་ཡི་གེ་སྔ་མ་རྣམས་ནི་སྦྱོར་བ་ཡིན་ལ། ཕྱི་མ་རྣམ་པར་རིག་བྱེད་མ་ཡིན་པ་དང་བཅས་པ་ནི་མཇུག་ཡིན་ནོ། །ཡིད་
ཀྱི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི། རྣ་བའི་རྣམ་པར་ཤེས་པ་ནི་སྒྲའི་རང་གི་ངོ་བོ་ཙམ་གྱི་ཡུལ་ཅན་ཡིན་པའི་ཕྱིར་དང་། རྣམ་པར་རྟོག་པ་མེད་པའི་ཕྱིར་ལ་མིང་ལ་བྱང་བ་ཡང་ཚིག་རྟོགས་པ་ལ་ལྟོས་ནས་དོན་དེ་གོ་བས་ཚིག་གི་དོན་ནི་ཡིད་ཀྱི་རྣམ་པར་ཤེས་པའི་
ཡུལ་ཁོ་ན་ཡིན་གྱི་རྣ་བའི་རྣམ་པར་ཤེས་པའི་ཡུལ་ནི་མ་ཡིན་ནོ། །རྣ་བའི་རྣམ་པར་ཤེས་པ་ད་ལྟར་བས་སྒྲ་ད་ལྟར་བ་འཛིན་པས་དེའི་གཟུང་བར་བྱ་བ་ངག་གི་རྣམ་པར་རིག་བྱེད་གང་ཡིན་པ་ནི་རྣ་བའི་རྣམ་པར་ཤེས་པ་དང་ལྷན་ཅིག་འགགས་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་ལས་ཀྱི་ལམ་དུ་འགྱུར་གྱི་རྣམ་
Vol. 145 · folio 59b
པར་རིག་བྱེད་ནི་མ་ཡིན་ཏེ། དེ་ལྟ་ཡིན་ན། དེ་དག་ཀྱང་བྱེད་ན། རྣམ་པ་གཉིས་སུ་འགྱུར་རོ་ཞེས་གང་བཤད་པ་དེ་དང་འགལ་ལོ། །སྐད་བྱང་བ་ནི་མིང་དང་མིང་ཅན་གྱི་འབྲེལ་པ་བྱང་བ་ཞེས་བྱ་བའི་ཐ་ཚིག་གོ། །ལུང་དུ་མ་བསྟན་པའི་ཕྱིར་ཤི་བ་དང་འདྲ་སྟེ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་གཟུགས་
དང་སྒྲ་དང་ཆོས་རྣམས་ནི་དགེ་བ་དང་། མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡིན་ལ། དྲི་དང་རོ་དང་རེག་བྱ་དག་ནི་གཅིག་ཏུ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་ཤི་བ་དང་འདྲའོ། །ཁ་ཅིག་ན་རེ་ཤི་བ་ལ་ནི་འདི་ན་དགེ་བ་དང་མི་དགེ་བའི་ཆོས་རྗེས་སུ་འཇུག་པ་མེད་པ་ལ། ལུང་དུ་མ་བསྟན་པའི་ཆོས་རྗེས་སུ་
འཇུག་པ་ནི་ཡོད་དེ་དེའི་ཕྱིར་མ་སྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་ཤི་བ་དང་འདྲའོ་ཞེས་ཟེར་རོ། །གཞན་དག་ན་རེ་དབང་པོ་གསུམ་ནི་ཡུལ་དང་ཕྲད་པ་ཡིན་པའི་ཕྱིར་ལ། ཕྲད་པ་ལ་ཡང་རྟོགས་པར་མིང་བཏགས་པའི་ཕྱིར་ཡུལ་གསུམ་ལ་རྟོགས་པ་ཞེས་བྱའོ་ཞེས་ཟེར་རོ། །སྣ་དང་ལྕེ་དང་
ལུས་ཀྱི་རྣམ་པར་ཤེས་པ་དག་གིས་ཉམས་སུ་མྱོང་བ་ནི་རྟོགས་པ་ཡིན་ནོ་ཞེས་བྱ་བ་འདི་ལ། ཁུངས་ཅི་ཡོད་ཅེ་ན། མདོ་དང་རིགས་པ་ཡོད་དེ་ཞེས་བྱ་བ་སྨོས་སོ། །དེའི་ཕྱིར་ཡུལ་གསུམ་པོ་གཟུགས་དང་སྒྲ་དང་ཆོས་དག་ལ་གོ་རིམས་བཞིན་དུ་མཐོང་བ་དང་ཐོས་པ་དང་། རྣམ་པར་ཤེས་པའི་སྒྲ་
བསྙད་པས་དེའི་བར་ན་འདུག་པ་དྲི་དང་རོ་དང་རེག་བྱ་དག་ལ་རྟོགས་པ་ཞེས་བྱ་བར་ཁོང་དུ་ཆུད་དོ། །དེ་ལྟར་མི་འདོད་ན་ཞེས་བྱ་བ་ནི། དྲི་ལ་སོགས་པ་དག་ལ་རྟོགས་པ་ཞེས་བྱ་བར་མི་འདོད་ནའོ། །མཐོང་བ་ལ་སོགས་པའི་དངོས་པོའི་ནང་དུ་མ་གཏོགས་པའི་ཕྱིར་ཞེས་བྱ་བ་ལ། གཟུགས་དང་སྒྲ་དང་ཆོས་
དག་ལ་མཐོང་བ་དང་ཐོས་པ་དང་རྣམ་པར་ཤེས་པའི་སྒྲ་བཀོད་པའི་ཕྱིར་དང་། གཟུགས་དང་སྒྲ་དང་ཆོས་དང་མཚན་ཉིད་མི་མཐུན་པའི་ཕྱིར་དང་དྲི་དང་རོ་དང་རེག་བྱ་རྣམས་མཐོང་བ་ལ་སོགས་པའི་དངོས་པོའི་ནང་དུ་མ་གཏོགས་པ་ཡིན་ཏེ། དེའི་ཕྱིར་དྲི་ལ་སོགས་པ་དག་ལ་ཐ་སྙད་འདོགས་པར་མི་འགྱུར་ན་དྲི་ལ་
སོགས་པ་དག་ལ་ཐ་སྙད་འདོགས་པར་མཐོང་བ་ཡང་ཡིན་ནོ། །དེའི་ཕྱིར་དེ་དག་ལ་རྟོགས་པ་ཞེས་བྱའོ་ཞེས་བྱ་བར་ངེས་སོ། །རེ་ཞིག་མདོ་ནི་དོན་གཞན་ཡིན་པའི་ཕྱིར་ཁུངས་མ་ཡིན་ཏེ་ཞེས་བྱ་བ་འདིར་དོན་ནི་ཇི་ལྟར་ཁྱོད་ལ་དུས་གསུམ་དུ་ཡང་གཟུགས་ལ་སོགས་པ་རྣམས་མ་མཐོང་བ་ནས་རྣམ་པར་
Vol. 145 · folio 60a
མ་ཤེས་པའི་བར་གྱི་ཕྱིར་དང་། དེ་དག་དོན་དུ་མི་གཉེར་བའི་ཕྱིར་དང་། དེ་དག་གི་ཡུལ་ཅན་གྱི་འདུན་པའི་འདོད་ཆགས་ལ་སོགས་པ་དེ་དག་སྐྱེས་པ་དང་། སྐྱེ་བ་དང་། སྐྱེ་བར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་དེ་ཙམ་ཞིག་པར་འཛིན་པའི་ཕྱིར་མཐོང་བ་དག་ནས་རྣམ་པར་
ཤེས་པའི་བར་དག་ལ་ཡང་དེ་དག་གི་ཡུལ་ཅན་གྱི་འདུན་པའི་འདོད་ཆགས་སྐྱེས་པ་དང་། སྐྱེ་བ་དང་། སྐྱེ་བར་འགྱུར་བ་མ་ཡིན་ཏེ། དེ་དག་ནི་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ལས་བྱུང་བའི་ཕྱིར་རོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། འོ་ན་ཇི་ལྟ་བུ་ཞེ་ན། འདིར་ནི་ཁྱོད་ཡུལ་རྣམ་
པ་དྲུག་པོ་འདི་ལ་ཞེས་བྱ་བ་རྒྱས་པར་སྨོས་སོ། །གལ་ཏེ་མདོ་འདི་མཐོང་བ་ལ་སོགས་པའི་ཐ་སྙད་སྟོན་པ་ལྷུར་བྱེད་པ་མ་ཡིན་ན། དེས་ན་འོ་ན་མཐོང་བ་ཅི་ཞིག་ཡིན་པ་ནས་རྣམ་པར་ཤེས་པའི་བར་ཅི་ཡིན་པ་བརྗོད་པར་བྱ་དགོས་སོ་ཞེ་ན། དབང་པོ་ལྔས་མངོན་སུམ་དུ་བྱས་པ་གང་ཡིན་པ་ཞེས་བྱ་བ་
རྒྱས་པར་འབྱུང་སྟེ། དབང་པོ་ལྔས་མངོན་དུ་བྱས་པ་གཟུགས་ལ་སོགས་པ་གང་ཡིན་པ་དེ་ནི་མཐོང་བ་སྟེ། དམིགས་ཞེས་བྱ་བའི་ཐ་ཚིག་གོ། །ཕ་རོལ་ལས་འོངས་པ་ཡུལ་དྲུག་ཆར་པོ་གང་ཡིན་པ་དེ་ནི་ཐོས་པའོ། །བདག་ཉིད་ཀྱི་རིགས་པས་རྗེས་སུ་དཔག་པའི་སྒོ་ནས་འདོད་ཅིང་མངོན་
པར་འདོད་པ་གང་ཡིན་པ་དེ་ནི་འདོད་པ་སྟེ། རིགས་པས་རྗེས་སུ་དཔག་པ་ནི་མི་འཁྲུལ་པའི་རྗེས་སུ་དཔག་པའོ། །ཡིད་ཀྱིས་མངོན་དུ་གྱུར་པའི་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་ལ་སོགས་པའི་ཡུལ་དང་། འདོད་ཆགས་ལ་སོགས་པ་དག་ལ། ཉམས་སུ་མྱོང་བའི་རྣམ་པར་ཞུགས་པ་
ནི་ཡིད་ཀྱི་མངོན་སུམ་མོ། །མཐོང་བ་ལ་སོགས་པའི་དངོས་པོའི་ནང་དུ་མ་གཏོགས་པའི་ཕྱིར་དྲི་ལ་སོགས་པ་སྙད་གདགས་པར་མི་འགྱུར་ཏེ་ཞེས་གང་སྨྲས་པ་དེའི་ལན་ནི། ཡུལ་ལྔ་པོ་འདི་དག་རེ་རེ་ལ་ཡང་ཞེས་བྱ་བ་རྒྱས་པར་སྨོས་ཏེ། གཟུགས་ལ་སོགས་པའི་ཡུལ་ལྔ་ནི་མཐོང་ངོ་
ཞེས་བྱ་བར་ཐ་སྙད་བྱེད་ཅིང་། ཐོས་པ་དང་རྣམ་པར་ཤེས་པ་དང་། རྟོགས་པ་ཞེས་བྱ་བར་ཐ་སྙད་བྱེད་དོ། །ཡུལ་དྲུག་པ་ཆོས་ཞེས་བྱ་བ་ལ་ནི་མཐོང་བ་ཞེས་བྱ་བར་ཐ་སྙད་མི་བྱེད་དེ། འོ་ན་ཅི་ཞེ་ན། ཐོས་པ་དང་རྣམ་པར་ཤེས་པ་དང་། རྟོགས་པ་ཞེས་བྱ་བར་ཐ་སྙད་བྱེད་དོ། །དྲུག་པ་ལ་ནི་མཐོང་
Vol. 145 · folio 60b
བ་མ་གཏོགས་ཏེ་ཞེས་བྱ་བ་ནི་དབང་པོ་ལྔས་མངོན་སུམ་དུ་བྱས་པ་ནི་མཐོང་བ་ཡིན་པའི་ཕྱིར་ལ། དེ་ནི་དབང་པོ་ལྔས་མངོན་སུམ་དུ་བྱས་པ་མ་ཡིན་པས་སོ། །དེའི་ཕྱིར་མཐོང་བ་ལ་སོགས་པའི་དངོས་པོའི་ནང་དུ་མ་གཏོགས་པའི་ཕྱིར་དྲི་ལ་སོགས་པ་ལ་ཐ་སྙད་འདོགས་པར་མི་འགྱུར་ཏེ་ཞེས་བྱ་བ་
བའི་རིགས་པ་གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་པ་སྟེ། གང་གི་ཕྱིར་དྲི་ལ་སོགས་པ་དག་མཐོང་བ་ལ་སོགས་པ་རྣམས་ཀྱི་ནང་དུ་གཏོགས་པའི་ཕྱིར་རོ། །སྔོན་གྱི་སློབ་དཔོན་རྣམས་ནི་ཞེས་བྱ་བ་ནི་མདོ་སྡེ་པ་སྔ་རབས་པ་རྣམས་སོ། །མིག་གིས་མངོན་སུམ་དུ་བྱས་པ་གང་ཡིན་པ་དེ་ནི་མཐོང་བའོ་
ཞེས་བྱ་བ་དེ་ནི་དབང་པོ་ལྔས་མ་ཡིན་པའོ། །དེ་ལྟར་བཤད་མ་ཐག་པའི་ལུགས་ལས་ཁྱད་པར་དུ་སྨྲས་པར་འགྱུར་རོ། །རྣ་བས་ཐོས་པ་དང་། ཕ་རོལ་ལས་འོངས་པ་གང་ཡིན་པ་དེ་ནི་ཐོས་པ་སྟེ། གཉི་ག་ཡང་མངོན་པར་འདོད་དོ། །བདག་ཉིད་ཀྱིས་བསམ་པ་གང་ཡིན་པ་དེ་ནི་རྟོགས་པའོ་
ཞེས་བྱ་བ་ནི་ལུང་དང་རིགས་པས་སོ། །དེ་ལྟར་ན་ཐ་སྙད་འདི་གཉིས་ནི་ཡུལ་དྲུག་ཅར་དང་སྦྱར་རོ། །བདག་ཉིད་ཀྱིས་སོ་སོ་ནས་ཡང་དག་པར་རིག་པ་དང་། རྟོགས་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའོ་ཞེས་བྱ་བ་ལ་སོ་སོ་ཡང་དག་པར་རིག་པ་དེ་ནི་བདེ་བ་ལ་སོགས་པའོ། །རྟོགས་པ་ནི་འཇིག་རྟེན་
པའི་ལམ་གྱིས་ཏེ། མངོན་པར་ཤེས་པ་ལ་སོགས་པའོ། །འདིར་འཇིག་རྟེན་ལས་འདས་པའི་ལམ་གྱི་རྟོགས་པ་ནི་མི་གཟུང་སྟེ། འཇིག་རྟེན་པའི་ཐ་སྙད་ཀྱི་སྐབས་ཡིན་པའི་ཕྱིར་རོ། །གང་ཞིག་ལུས་ཀྱི་དོན་གཞན་གོ་བར་བྱེད་ན་ཞེས་བྱ་བ་ནི་བརྫུན་དུ་སྨྲ་བ་ངག་གི་ཡིན་པའི་ཕྱིར་དྲིས་པའོ། །ངག་
གིས་བྱེད་པར་འགྱུར་ནའོ་ཞེས་བྱ་བ་འདིར་ནི་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་དངོས་ཀྱིས་ལམ་གྱི་རྣམ་པར་རིག་བྱེད་ནི་མ་ཡིན་ནོ། །ལུས་ཀྱིས་བྱེད་པར་འགྱུར་ནའོ་ཞེས་བྱ་བ་འདིར་ཡང་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་དངོས་ཀྱི་ལས་ཀྱི་ལམ་ཡིན་ནོ། །ཁ་ན་མ་ཐོ་བ་གཉི་གས་ཞེས་བྱ་བ་ནི་ལུས་
ཀྱི་ཁ་ན་མ་ཐོ་བ་དང་ངག་གི་ཁ་ན་མ་ཐོ་བས་སོ། །དྲང་སྲོང་རྣམས་ཡིད་རབ་ཏུ་ཁྲོས་པས་ཞེས་བྱ་བ་ལ་དྲང་སྲོང་རྣམས་ལུས་དང་ངག་གཉིས་ཀྱིས་མི་བྱེད་ཀྱང་ལུས་ཀྱི་ཁ་ན་མ་ཐོ་བ་དང་། ངག་གི་ཁ་ན་མ་ཐོ་བ་དང་ལྡན་པ་ཡིན་ནོ། །གསོ་སྦྱོང་དཔེར་བྱའོ་ཞེས་བྱ་བ་ནི། གསོ་སྦྱོང་གི་ལས་ལ་གཉི་གས་བྱས་
Vol. 145 · folio 61a
པ་མེད་ཀྱང་ཁ་ན་མ་ཐོ་བ་མ་མཐོལ་བས་བརྫུན་དུ་སྨྲ་བའི་ཁ་ན་མ་ཐོ་བས་རེག་པར་འགྱུར་བའོ། །མི་བྱེད་ན་ཞེས་བྱ་བ་ནི་མི་བཙལ་ཞིང་མི་སྦྱོར་ནའོ་ཞེས་བྱ་བའི་བར་དུ་བཤད་པར་འགྱུར་རོ། །གཉིས་ཀ་ཡང་མི་བྱེད་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལྟར་ན་བསམ་གཏན་དང་
ཟག་པ་མེད་པའི་སྡོམ་པ་བཞིན་དུ། ལས་ཀྱི་ལམ་སེམས་ཙམ་ལ་རག་ལས་པ་ཉིད་དུ་ཐལ་བར་འགྱུར་ན། འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་རྣམ་པར་རིག་བྱེད་མེད་པ་ཅན་ནི་ཡོད་པ་ཡང་མ་ཡིན་ནོ། །འདོད་པ་ན་སྤྱོད་པ་ཞེས་བྱ་བ་ནི་བསམ་གཏན་དང་ཟག་པ་མེད་པའི་རྣམ་པར་
རིག་བྱེད་མ་ཡིན་པ་ལས་ཁྱད་པར་དུ་བྱེད་པའོ། །ཇི་ལྟར་ན་དེ་གཉིས་ལས་ཀྱི་ལམ་དུ་གྲུབ་ཅེས་བྱ་བ་ནི། དྲང་སྲོང་དང་དགེ་སློང་གཉིས་ཀྱིའོ། །སློབ་དཔོན་འདུས་བཟང་ནི་དྲང་སྲོང་དག་ནི་དོན་གྱིས་ན་རྣམ་པར་རིག་བྱེད་བྱེད་པ་ཡིན་ཏེ། མི་མ་ཡིན་པ་རྣམས་ཀྱིས་དེ་དག་གིས་མི་དགེ་བའི་བསམ་པ་
སེམས་ཅན་ཡོངས་སུ་འདོར་བར་ཞུགས་པ་རྟོགས་ནས་དེ་དག་ལ་དད་པ་རྣམས་གང་གིས་ན་དྲང་སྲོང་དེ་དག་ལས་ཀྱི་ལམ་སྐྱེ་བ་ལུས་ཀྱིས་བྱེད་དོ། །གཞན་ཡང་ཁྲོས་པ་ལ་ནི་དེའི་ཚེ་གདོན་མི་ཟ་བར་ལུས་དང་ངག་གི་གཡོ་བ་ཡོད་པར་འགྱུར་བས་འགལ་བ་མེད་དོ། །གསོ་སྦྱོང་ལ་ཡང་ཇི་ལྟར་ཚིག་གིས་གོ་
བར་བྱ་བའི་དོན་ལ་ལུས་ཀྱི་གཡོ་བ་ཡང་ངག་གི་ལས་ཀྱི་ལམ་སྐྱེ་བ་དེ་བཞིན་དུ་བདག་ཅག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་གོ་སྙམ་དུ་རིག་པར་བྱའོ། །སྙམ་དུ་ཅང་མི་སྨྲ་བས་མི་གཡོ་བ་ལ་ཡང་ཡིན་པས། ཚིག་གིས་གོ་བར་བྱ་བའི་དོན་ལ་ཅང་མི་སྨྲ་བ་ལ་ཡང་ངག་གི་ལས་ཀྱི་ལམ་སྐྱེ་བར་འགྱུར་
ཏེ། དེ་ནི་ཡོངས་སུ་མ་དག་བཞིན་དུ་ཅང་མི་སྨྲ་བས་བདག་ཉིད་དག་པར་གོ་བར་བྱེད་དོ་ཞེས་ཟེར་རོ། །གཞན་ནི་འདོད་པའི་ཁམས་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་ནི་ཐམས་ཅད་རྣམ་པར་རིག་བྱེད་ལ་རག་ལས་པར་ངེས་པ་ཡང་མ་ཡིན་ཏེ། སྡེ་ལྔ་པོ་ལ་སོགས་པ་འབྲས་བུ་ཐོབ་པའི་མདོ་ལ་སོ་སོར་ཐར་པའི་
སྡོམ་པ་སྐྱེ་བ་སྲེད་པའི་ཕྱིར་རོ། །དེ་ལྟ་བས་ན་མི་དགེ་བ་ཡང་དེ་ལྟ་བུ་འབའ་ཞིག་རྣམ་པར་རིག་བྱེད་མེད་པར་ཡང་འགྱུར་རོ་ཞེས་ཟེར་རོ། །སྤྲས་པས་ཆོག་གོ། །ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར་ཉོན་མོངས་ཅན་གྱི་སེམས་ཀྱི་ཞེས་བྱ་བ་ལ་ཕྲ་མའི་དངོས་པོ་ནི་ཕྲ་མའོ། །དེ་གང་ཞེ་ན། ཕ་རོལ་དབྱེ་བའི་ཕྱིར་
Vol. 145 · folio 61b
ཚིག་སྟེ། དེ་དང་ལྡན་པས་དེ་ཡང་ཕྲ་མ་ཅན་ཞེས་བྱའོ། །ཉོན་མོངས་པ་ཅན་གྱི་སེམས་ཀྱི་ཞེས་བྱ་བ་ནི་དེ་ལ་ཕན་པའི་ཕྱིར་མ་ཡིན་པའོ། །ཁ་གསག་བྱེད་པ་ཞེས་བྱ་བ་ལ། ཁ་གསག་ཅེས་བྱ་བ་ནི་རྙེད་པ་འདོད་པའི་སྙན་པར་སྨྲ་བའོ། །ལས་ཀྱི་ལམ་ནི་མ་ཡིན་ནོ་ཞེས་བྱ་བ་འབྱུང་ངོ་། །ཡང་
ཀྱལ་པ་ཡིན་ལ་ལས་ཀྱི་ལམ་མ་ཡིན་པ་ཇི་ལྟར་ཞེ་ན། དེའི་ཚེ་སེམས་ཅན་རྣམས་འདོད་ཆགས་ཤས་ཆུང་བ་ཡིན་པའི་ཕྱིར་རྣམ་པར་རིག་བྱེད་དེས་རྣམ་པར་རིག་བྱེད་མ་ཡིན་པས་འདྲེན་པར་ནུས་པར་མི་འགྱུར་ལ། རྣམ་པར་རིག་བྱེད་མ་ཡིན་པ་མེད་པ་ཅན་གྱི་ལས་ཀྱི་ལམ་ཡང་ཡོད་པ་མ་ཡིན་ནོ། །
ཉོན་མོངས་ཅན་ཀུན་ཀྱལ་པ་ཉིད། །ཅེས་བྱ་བ་ནི། ཉོན་མོངས་པ་ཅན་གཞན་འབའ་ཞིག་ཏུ་མ་ཟད་ཀྱི། བརྫུན་དུ་སྨྲ་བ་ལ་སོགས་པ་གསུམ་ཡང་ཡིན་ན། དེ་ལྟར་བྱས་ན་བརྫུན་དུ་སྨྲ་བ་དེ་ནི་ཚིག་ཀྱལ་པ་ཡང་ཡིན་ལ། ཁ་གསག་ལ་སོགས་པ་ནི་ཚིག་ཀྱལ་པ་ཁོ་ན་ཡིན་གྱི་བརྫུན་དུ་སྨྲ་བ་
མ་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །ཀྱལ་པ་སྨྲས་པ་ན་ཚིག་ཀྱལ་པ་ཅན་ཡིན་ལ། དེའི་དངོས་པོ་ནི་ཚིག་ཀྱལ་པ་ཅན་ཉིད་དོ། །ལོག་པས་གཞན་གྱི་ནོར་ལ་ཆགས། །ཞེས་བྱ་བ་ནི། མི་རིགས་པར་ཆགས་པ་སྟེ། དེ་ཉིད་ཀྱི་ཕྱིར་འགྲེལ་པ་ལས་ལོག་པར་མི་རིགས་པས་
ཞེས་བྱ་བ་སྨོས་སོ། །དེ་འཇིག་རྟེན་ན་བརྣབ་སེམས་སྤངས་ཏེ་ཞེས་བྱ་བ་ནི་འདོད་པ་ལ་འདུན་པ་སྤངས་ཏེ་ཞེས་བྱ་བའི་དོན་ཏོ། །འདི་ག་ལས་ཤེ་ན། དེ་ཉིད་ལས་མཇུག་ཐོགས་སུ་གནོད་སེམས་ལ་སོགས་པ་སྤངས་པ་བསྟན་པའི་ཕྱིར་ཏེ། དེ་འཇིག་རྟེན་ན་བརྣབ་སེམས་སྤངས་ཏེ། བརྣབ་སེམས་
དང་མ་བྲལ་བའི་སེམས་ཀྱིས་ལན་མང་དུ་གནས་ཤིང་ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར་རོ། །དེའི་ཕྱིར་འདོད་པ་ན་སྤྱོད་པའི་སྲེད་པ་ཐམས་ཅད་བརྣབ་སེམས་ཡིན་ནོ་ཞེས་བྱ་བར་ཤེས་སོ། །ཉེས་པ་སྤྱད་པ་ཆེ་ལོང་བསྡུས་པའི་ཕྱིར་རོ་ཞེས་བྱ་བ་ལ། མི་དགེ་བའི་ལས་ཀྱི་ལམ་བཅུར་ནི་ཉེས་པ་
སྤྱོད་པ་ཆེ་ལོང་གང་ཡིན་པ་དེ་བསྡུས་ཀྱི། ཐམས་ཅད་ནི་མ་ཡིན་ཏེ། དེའི་ཕྱིར་བརྣབ་སེམས་ཐམས་ཅད་ལས་ཀྱི་ལམ་མ་ཡིན་གྱི་འོ་ན་ཅི་ཞེ་ན། འཁོར་ལོས་སྒྱུར་བ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་ལ་ཡང་བརྣབ་སེམས་ཀྱི་ལས་ཀྱི་ལམ་དུ་འགྱུར་དུ་འོངས་པས་ལོག་པས་
Vol. 145 · folio 62a
གཞན་གྱི་ནོར་ལ་ཆགས་པ་གང་ཡིན་པ་དེ་ལས་ཀྱི་ལམ་ཡིན་ནོ། །དེ་ན་ནི་འདོད་པ་ན་སྤྱོད་པའི་སྲེད་པ་མེད་པ་ཡང་མ་ཡིན་ལ་དེར་མི་དགེ་བའི་ལས་ཀྱི་ལམ་འདོད་པ་ཡང་མ་ཡིན་ནོ། །དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན་ཞེས་བྱ་བ་འབྱུང་ངོ་། །ལས་དང་
འབྲས་བུ་དང་འཕགས་པ་ལ་སྐུར་པ་འདེབས་པ་འདི་ནི་རིལ་ལོག་པར་ལྟ་བ་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། དེ་ལ་སྦྱིན་པ་མེད་དོ་ཞེས་བྱ་བ་ནས་ཉེས་པར་སྤྱད་པ་མེད་དོ་ཞེས་བྱ་བའི་བར་ནི་ལས་ལ་སྐུར་པ་འདེབས་པའོ། །ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་
པ་མེད་དོ་ཞེས་བྱ་བ་ནི་འབྲས་བུ་ལ་སྐུར་པ་འདེབས་པའོ། །འཇིག་རྟེན་ན་དགྲ་བཅོམ་པ་དག་མེད་དོ་ཞེས་བྱ་བ་ནི་འཕགས་པ་ལ་སྐུར་པ་འདེབས་པའོ། །ཚིགས་སུ་བཅད་པར་ནི་དང་པོ་ཙམ་ཞིག་བསྟན་པར་ཟད་དོ་ཞེས་བྱ་བ་ནི། དགེ་དང་མི་དགེ་མེད་ལྟ་བ། །ཞེས་བྱ་བ་སྟེ། དཔེར་བརྗོད་པ་ཙམ་དུ་ཟད་
པའི་ཕྱིར་རོ། །ལས་ཀྱི་ལམ་ཡིན་པས་ཞེས་བྱ་བ་ནི་སེམས་པ་ཞེས་བྱ་བའི་ལས་ཀྱི་ལམ་མོ། །ཇི་ལྟར་ཞེ་ན། དེ་དག་དང་མཚུངས་པར་ལྡན་པ་ཅན་གྱི་སེམས་པ་ནི་ཞེས་བྱ་བ་སྨོས་ཏེ། བརྣབ་སེམས་ལ་སོགས་པ་དང་མཚུངས་པར་ལྡན་པའི་སེམས་པའོ། །དེ་དག་གི་རྒྱུ་བས་རྒྱུ་སྟེ་ཞེས་བྱ་བ་ནི།
བརྣབ་སེམས་ལ་སོགས་པ་གོ་རིམས་བཞིན་དུ་ཆགས་པ་དང་མི་མཐུན་པ་དང་། ལོག་པའི་ངེས་པར་རྟོགས་པའི་རྣམ་པ་ཅན་དེ་དག་གི་དབང་གིས་དེ་དག་དང་མཐུན་པར་སེམས་པས་སེམས་པར་བྱེད་ཅིང་མངོན་པར་འདུ་བྱེད་དེ་དེའི་ཕྱིར་དེ་དག་གི་རྒྱུ་བས་རྒྱུ་བ་ཡིན་ནོ། །དེ་དག་གི་འགྲོས་ཀྱིས་འགྲོའོ། །
ཞེས་བྱ་བ་ནི། ཕྱི་མ་སྔ་མའི་བཤད་པ་ཡིན་པར་དགོངས་པར་སྨོས་པའོ། །དེ་དག་ཀུན་ནས་སློང་བའི་སེམས་པ་ནི། །ཞེས་བྱ་བ་ནི། སྲོག་གཅོད་པ་ལ་སོགས་པ་དེ་དག་སེམས་པ་གང་གིས་ཀུན་ནས་སློང་བ་སྟེ། འཇུག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་དག་ལ་བརྟེན་ནས་འཇུག་པའི་
ཕྱིར་རོ་ཞེས་བྱ་བ་ནི། དེ་དག་ལ་དམིགས་ནས་འཇུག་པའི་ཕྱིར་རོ། །ལས་ཀྱི་ལམ་དང་ཞེས་བྱ་བ་ནི། བརྣབ་སེམས་ལ་སོགས་པ་གསུམ་མོ། །སྲོག་གཅོད་པ་ལ་སོགས་པ་བདུན་ནི་ལུས་དང་ངག་གི་རང་བཞིན་ཡིན་པའི་ཕྱིར་ལས་དང་ལས་ཀྱི་ལམ་ཡིན་ནོ། །འདྲ་བ་རྣམས་ལ་གཅིག་
Vol. 145 · folio 62b
ལུས་པར་གྲུབ་པ་མ་ཡིན་ནམ། ཞེ་ན། དེའི་ཕྱིར་མི་འདྲ་བ་རྣམས་ལ་ཡང་གཅིག་ལུས་པར་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཤིང་དང་ཤིང་དག་གོ། །ཞེས་བྱ་བ་དང་། དེ་བཞིན་དུ་ཡོན་པོ་དང་འཁྱོར་པོ་ནི་འཁྱོར་པོ་དག་གོ་ཞེས་བྱ་བ་དང་། དེ་བཞིན་གང་དང་མི་མངོན་པ་དག་ནི་ཡོན་ཏན་
ཡིན་ནོ་ཞེས་བྱ་བ་གང་དང་མི་མངོན་པ་ནི་གང་མི་མངོན་པ་དག་སྟེ། དེ་གཉིས་ནི་གང་མི་མངོན་ནོ་ཞེས་བྱ་བ་དེ་བཞིན་དུ་ལས་དང་ལམ་གྱི་ལམ་ནི་ལས་ཀྱི་ལམ་ཡིན་ནོ། །དེའི་དོན་དང་དེའི་རྩ་བ་ཅན་དུ་འཇུག་པ་ཡིན་ནོ་ཞེས་བྱ་བ་ལ། སྦྱོར་བ་འཇུག་པ་ནི་དངོས་ཀྱི་ལས་ཀྱི་ལམ་གྱི་དོན་དུའོ། །མཇུག་
འཇུག་པ་ནི་ལས་ཀྱི་ལམ་གྱི་རྩ་བ་ཅན་ཡིན་ནོ། །སྔར་ཡང་ཆེ་ལོང་བསྡུས་པའི་ཕྱིར། །ཞེས་བཤད་པ་ཡང་ཡིན་ནོ་ཞེས་བྱ་བ་ནི། དེ་ལས་ཆེ་ལོང་བསྡུས་ན་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་བཤད་དོ། །ཞེས་བྱ་བའོ། །འཇིག་རྟེན་གང་དག་ཅེས་བྱ་བ་ནི།
དངོས་པོ་རྣམས་འཕེལ་བ་དང་འགྲིབ་པས་ཞེས་བྱ་བ་རྒྱས་པར་ཏེ། དེ་སྐད་དུ་ཡང་། ཐམས་ཅད་བདག་པོ་རྒྱུ་མཐུན་དང་། །རྣམ་སྨིན་འབྲས་བུ་འབྱིན་པར་བྱེད། །ཅེས་ཕྱི་ནས་བཤད་པར་བྱའོ། །དེ་དག་གི་ལྟར་ན་དེ་དག་ཇི་ལྟར་ལས་ཀྱི་ལམ་ཡིན་ཞེ་ན་ཞེས་བྱ་བ་འབྱུང་སྟེ། དེ་དག་གི་ལྟར་ན་
བརྣབ་སེམས་ལ་སོགས་པ་དེ་དག་གང་གི་ལས་ཀྱི་ལམ་ཡིན་པས་ན། ལས་ཀྱི་ལམ་དུ་འགྱུར་བ་བརྣབ་སེམས་ལ་སོགས་པ་དག་ལས་གཞན་པའི་ཡིད་ཀྱི་ལས་སེམས་པ་ནི་མེད་དོ། །དེ་དག་ཉིད་ལ་དྲིས་ཤིག་ཅེས་བྱ་བ་ནི་དེའི་ཕྱོགས་ཁོ་ན་ལ་ཉེས་པ་འདིར་འགྱུར་རོ་སྙམ་དུ་བསམས་པའོ། །དེ་
ལྟ་མོད་ཀྱི་བརྗོད་པར་ནུས་སོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །ཡང་ན་གཅིག་གིས་གཅིག་འདྲེན་པས་ན་ཞེས་བྱ་བ་ནི་བརྣབ་སེམས་ཀྱིས་གནོད་སེམས་དང་ལོག་པར་ལྟ་བ་འདྲེན་པར་བྱེད་དེ། གཞན་དག་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱའོ། །དེ་ལྟར་ན་དེ་དག་ནི་ཡིད་ཀྱི་ལས་ཡིན་པས་
ལས་ཀྱང་ཡིན་ལ་ལས་ཀྱི་ལམ་ཡང་ཡིན་པས་ལས་ཀྱི་ལམ་ཡིན་ནོ། །ཀུན་དུ་སྤྱོད་པ་དང་འགལ་བ་ཡིན་ལ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དག་ཅིག་ཅར་ཀུན་དུ་སྤྱོད་པ་མེད་པའི་ཕྱིར་ཡིན་གྱི། ལོག་པར་ལྟ་བ་བཞིན་དུ་ལྡན་པ་དང་འགལ་བ་ནི་མ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །ཆེན་
Vol. 145 · folio 63a
པོ་ཡོངས་སུ་རྫོགས་པས་ཞེས་བྱ་བ་ནི་ཆེན་པོའི་ཆེན་པོས་ཞེས་བྱ་བའི་དོན་གང་ཡིན་པའོ། །འོ་ན་ཅིའི་ཕྱིར་ཞེས་བྱ་བ་ལ། གལ་ཏེ་ལོག་པར་ལྟ་བས་དགེ་བའི་རྩ་བ་དེ་གཅོད་ཀྱི་མི་དགེ་བའི་རྩ་བ་དག་གིས་མ་ཡིན་ན། འོ་ན་ཅིའི་ཕྱིར་ཏེ། འོ་ན་རྒྱུ་ཅིའི་ཕྱིར་བསྟན་
བཅོས་ལས་མི་དགེ་བའི་རྩ་བ་ཆེན་པོ་རྣམས་གང་དག་ཡིན་ཞེས་བྱ་བ་དྲིས་སོ། །མི་དགེ་བའི་རྩ་བ་གང་དག་གིས་དགེ་བའི་རྩ་བ་གཅོད་པར་བྱེད་པ་ཞེས་བྱ་བ་ནི་ལན་ནོ། །འདོད་པ་ལས་འདོད་ཆགས་དང་བྲལ་བ་ཐོབ་པར་བྱེད་པ་ན་ཞེས་བྱ་བ་ནི་ལན་གཉིས་པ་སྟེ། འདོད་པ་ལས་འདོད་ཆགས་དང་བྲལ་
བར་བྱེད་པ་ན་དང་པོ་ཉིད་དུ་ལམ་ཆུང་ངུའི་ཆུང་ངུས་སྤོང་ཞིང་འདོར་བ་གང་ཡིན་པ་དེ་དག་ཀྱང་མི་དགེ་བའི་རྩ་བ་ཆེན་པོ་ཡིན་པས་དེའི་ཕྱིར་ཇི་ལྟར་ལོག་པར་ལྟ་བས་དགེ་བའི་རྩ་བ་རྣམས་གཅོད་ཅེས་བྱ་བའོ། །མི་དགེ་བའི་རྩ་བས་དྲངས་པའི་ཕྱིར་ཏེ། དེ་ཉིད་ལ་དཔེ་ནི། དཔེར་ན་རྐུན་པོས་དྲངས་པའི་
མེས་གྲོང་བསྲེགས་ན་བཏགས་པའི་རྟོག་པས་རྐུན་པོ་རྣམས་ཀྱིས་གྲོང་བསྲེགས་སོ་ཞེས་བརྗོད་པ་དེ་བཞིན་དུ། མི་དགེ་བའི་རྩ་བ་ཆེན་པོས་དྲངས་པའི་ལོག་པར་ལྟ་བས་དགེ་བའི་རྩ་བ་གཅོད་པའི་ལས་ཀུན་དེ་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་མི་དགེ་བའི་རྩ་བ་དག་ཁོ་ན་ལ་བསྟན་པས་བསྟན་བཅོས་
དང་འགལ་བ་མེད་དོ། །དགེ་བའི་རྩ་བ་དག་ནི་རྣམ་པ་དྲུག་སྟེ། ཁམས་གསུམ་པོ་རེ་རེ་ལ་སྐྱེས་ནས་ཐོབ་པ་དང་སྦྱོར་བ་ལས་བྱུང་བ་ཡོད་པས་དེ་དག་གང་དག་ཡིན་པར་མི་ཤེས་པ་དེའི་ཕྱིར། དགེ་བའི་རྩ་བ་གང་དག་ཅིག་ཅེས་བྱ་བ་རྒྱས་པར་སྨོས་སོ། །གཟུགས་མེད་པ་ན་སྤྱོད་པ་དག་དང་མི་ལྡན་པའི་ཕྱིར་རོ་ཞེས་
བྱ་བ་ནི། ལྡན་པ་གཅོད་པ་ལས་དགེ་བའི་རྩ་བ་གཅོད་པར་འདོད་ན་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དག་དང་ནི་སྔ་ནས་མི་ལྡན་པས་དེ་གཅོད་པ་མི་སྲིད་དོ། །དེ་ནི་དེའི་ཐོབ་པ་དག་སྲིང་བར་བྱེད་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །ཡང་ཇི་ལྟར་ན་དེའི་ཐོབ་པ་ཐག་སྲིང་བར་བྱེད་ཅེ་ན། རྒྱུད་དེའི་
སྣོད་མ་ཡིན་པ་ཉིད་དུ་བྱེད་པའི་ཕྱིར་རོ། །སྔར་རྒྱུད་དེ་དག་གི་ཐོབ་པ་རྣམས་ཀྱི་སྣོད་དུ་གྱུར་པས་ལས་དགེ་བའི་རྩ་བ་བཅད་ན་གནོད་པ་ཡིན་པ་དེ་སྐལ་བ་མེད་པ་ཉིད་དུ་བྱས་པ་དེའི་ཕྱིར་དེ་དག་གི་ཐོབ་པ་ཐག་སྲིང་བར་བྱེད་པ་ལས་དེ་དག་ཀྱང་བཅད་པ་ཡིན་ནོ་ཞེས་བརྗོད་པས་འགལ་བ་མེད་དོ། །སྦྱོར་བ་
Vol. 145 · folio 63b
ལས་བྱུང་དག་ལས་ནི། །ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྦྱོར་བ་ལས་བྱུང་བ་ནི་ཐོས་པ་དང་བསམ་པ་དག་སྟེ། ལོག་པར་ལྟ་བ་འབྱུང་བའི་སྔར་ཆུང་ངུའི་ཆུང་ངུའི་གནས་སྐབས་ཁོ་ནར་དགེ་བའི་རྩ་བ་དེ་དག་གི་ཐོབ་པ་ཆད་པས་དེའི་ཕྱིར་དེ་དག་ལོག་པར་ལྟ་བས་མི་གཅོད་དོ། །རྒྱུ་དང་འབྲས་
བུ་ལ་སྐུར་པ་འདེབས་པས་ཞེས་བྱ་བ་ནི། འཕགས་པ་ལ་སྐུར་པ་འདེབས་པས་མ་ཡིན་ནོ། །བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་ལྟ་བུ་ཡིན་ནོ་ཞེས་བྱ་བ་རྒྱུ་ལ་སྐུར་པ་འདེབས་པ་ནི་བར་ཆད་མེད་པའི་ལམ་ལྟ་བུ་ཡིན་ཏེ། དེ་དག་ལྷན་ཅིག་དགེ་བའི་རྩ་བའི་ཐོབ་པ་འགག་པའི་ཕྱིར་
རོ། །འབྲས་བུ་ལ་སྐུར་པ་འདེབས་པ་རྣམ་པར་གྲོལ་བའི་ལྟ་བུ་ཡིན་ཏེ། དེ་དང་ལྷན་ཅིག་སྐྱེ་བའི་ཕྱིར་རོ། །དམིགས་པའི་དབྱེ་བས་ལོག་པར་ལྟ་བ་རྣམ་པ་གཉིས་ཡིན་པས་དེའི་ཕྱིར་ཟག་པ་དང་བཅས་པ་ལ་དམིགས་པ་ཁོ་ནས་ཡིན་གྱི་ཞེས་བྱ་བ་སྨོས་ཏེ། སྡུག་བསྔལ་བ་དང་ཀུན་
འབྱུང་བ་ལ་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཟག་པ་མེད་པ་དམིགས་པས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འགོག་པ་དང་ལམ་ལ་དམིགས་པས་མ་ཡིན་པའོ། །ཟག་པ་དང་བཅས་པ་ལ་དམིགས་པ་ཡང་སྐལ་བ་མཉམ་པ་དང་སྐལ་བ་མི་མཉམ་པའི་ཁམས་ལ་དམིགས་པ་ནི་རྣམ་པ་གཉིས་ཡིན་
པས་དེའི་ཕྱིར་སྐལ་བ་མཉམ་པའི་ཁམས་ལ་དམིགས་པ་ཁོ་ནས་ཡིན་གྱི་ཞེས་བྱ་བ་སྨོས་ཏེ། འདོད་པའི་ཁམས་ལ་དམིགས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐལ་བ་མི་མཉམ་པའི་ཁམས་ལ་དམིགས་པས་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ལ་དམིགས་
པས་ནི་མ་ཡིན་ནོ། །ཡང་ཅིའི་ཕྱིར་གང་ཟག་པ་མེད་པ་ལ་དམིགས་པ་དང་། སྐལ་བ་མི་མཉམ་པའི་ཁམས་ལ་དམིགས་པས་དགེ་བའི་རྩ་བ་རྣམས་ཀུན་དུ་མི་གཅོད་ཅེ་ན། དེའི་ཕྱིར་མཚུངས་པར་ལྡན་པ་ཙམ་གྱི་སྒོ་ནས་རྒྱས་པས་ཉམ་ཆུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཟག་པ་མེད་
པ་དང་གོང་མའི་ཡུལ་ཅན་གྱི་ལོག་པར་ལྟ་བ་ནི་སེམས་དང་སེམས་ལས་བྱུང་བ་གང་དག་དང་མཚུངས་པར་ལྡན་པ་དེ་དག་ཁོ་ན་ལ་རྒྱས་པར་འགྱུར་གྱི་དམིགས་པ་ནི་མ་ཡིན་ནོ། །ཙམ་ཞེས་བྱ་བའི་སྒྲས་ནི་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་བསལ་བའི་ཕྱིར་རོ། །འདི་སྐད་དུ་ཞེས་
Vol. 145 · folio 64a
བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་སོ་ཀུན་གྱི་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ལ་དམིགས་པ་དང་། སྐལ་བ་མཉམ་པ་དང་མི་མཉམ་པའི་ཁམས་ལ་དམིགས་པས་སོ། །རྣམ་པ་དགུ་ཆར་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཆུང་ངུ་དང་འབྲིང་དང་
ཆེན་པོ་རྣམས་ལས་རེ་རེ་རེ་རེ་ལ་ཆུང་ངུ་དང་འབྲིང་དང་ཆེན་པོར་ཕྱེ་བས་རྣམ་པ་དགུ་ཡིན་ནོ། །ཇི་ལྟར་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམ་པ་དགུ་ཆར་ཡང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་དག་གིས་ཅིག་ཅར་སྤོང་བ་དེ་བཞིན་དུ། དགེ་བའི་རྩ་བ་རྣམ་པ་
དགུ་ཆར་ཡང་ལོག་པར་ལྟ་བ་ཆེན་པོའི་ཆེན་པོས་ཅིག་ཅར་ཀུན་དུ་གཅོད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་འདི་སྐད་དུ་རིམ་གྱིས་བརྗོད་དོ། །བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་བཞིན་ནོ། །དེ་ལྟར་ན་གཞུང་འདི་བསྐྱབ་པ་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་བསྒོམ་པས་སྤང་བར་བྱ་བའི་
ཉོན་མོངས་པ་ལྟར་ཀུན་དུ་འཆད་ཀྱི་གཞན་དུ་མ་ཡིན་ནོ། །འོ་ན་མི་དགེ་བའི་རྩ་བ་ཆེན་པོ་ཞེས་བྱ་བ་ནི། གལ་ཏེ་རིམ་གྱིས་ཡིན་ནའོ། །གཞུང་འདི་ལས་ནི་མི་དགེ་བའི་རྩ་བ་ཆེན་པོ་དག་གིས་དགེ་བའི་རྩ་བ་ཀུན་དུ་གཅོད་པར་གསུངས་ལ། དེ་ཡང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་
བཞིན་དུ་རིམ་གྱིས་ཀུན་དུ་གཅོད་པ་ལ་འགལ་བ་མེད་དོ། །འདི་སྐད་དུ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་སོ། །གཉིས་ཀར་ཞེས་བྱ་བ་ནི་ལངས་པ་དང་མ་ལངས་པར་རོ། །སྔར་སྡོམ་པ་སྤོང་ལ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་སེམས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །ཕྱིས་དགེ་བའི་རྩ་བ་
རྣམས་ཀུན་དུ་གཅོད་དོ་ཞེས་བྱ་བ་ནི་སྐྱེས་ནས་ཐོབ་པ་རྣམས་ཁོ་ན་ཀུན་དུ་འཆད་པའི་ཕྱིར་རོ། །འདི་སྐད་ཅེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་སོ། །སྡོམ་པ་སེམས་གང་གི་འབྲས་བུ་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །སེམས་ནི་རྣམ་པ་གཉིས་ཏེ། སྐྱེས་ནས་ཐོབ་པ་དང་། སྦྱོར་བ་
ལས་བྱུང་བའོ། །དེ་རེ་རེ་ལ་ཡང་རྣམ་པ་དགུ་སྟེ། དེ་ལ་སྡོམ་པ་སེམས་གང་གི་འབྲས་བུ་ཡིན་པ་དེ་སྤངས་པས་དེའི་འབྲས་བུ་སྡོམ་པ་ཡང་གཏོང་ངོ་། །དེ་ལ་གལ་ཏེ་སྐྱེས་ནས་ཐོབ་པའི་སེམས་ཆུང་ངུའི་ཆུང་ངུས་སྡོམ་པ་མནོས་ན་ནི། དེའི་ཕྱིར་ཅིག་ཅར་དགེ་བའི་རྩ་བ་ཀུན་དུ་འཆད་པ་
Vol. 145 · folio 64b
དང་། སྡོམ་པ་གཏོང་བ་ཡིན་ནོ། །གལ་ཏེ་གཞན་དག་གིས་མནོས་ན་ནི་དེའི་ཕྱིར་སྔར་སྡོམ་པ་གཏོང་ལ། ཕྱིས་དགེ་བའི་རྩ་བ་ཀུན་དུ་འཆད་པས་མཐའ་གཅིག་ཏུ་སྨྲ་བར་མི་རིགས་སོ། །ཤེས་རབ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་དག་མི་བསྟན་པའི་ཕྱིར་རོ་ཞེས་བྱ་
བ་ནི། སྡུག་བསྔལ་གྱི་ཚོར་བ་དྲག་པོས་ཉེན་པའི་ཕྱིར་དམྱལ་བ་དང་ཡི་དགས་དག་ནི་མི་བསྟན་ལ། གཏི་མུག་ཤས་ཆེ་བའི་ཕྱིར་དང་དཔྱོད་པ་མེད་པའི་ཕྱིར་དུད་འགྲོ་དག་ནི་མི་བསྟན་ཏེ། དེ་དག་ལ་དགེ་བའི་རྩ་བ་ཀུན་དུ་འཆད་པ་ཡོད་པ་མ་ཡིན་ནོ། །ལས་ཀྱི་འབྲས་བུ་མངོན་སུམ་དུ་
གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་ལྷའི་བུ་སྐྱེས་ནས་རིང་པོ་མ་ལོན་པ་ལ་བདག་གང་ནས་ཤི་འཕོས། གང་དུ་ནི་སྐྱེས། ལས་ནི་གང་ཞིག་གིས་སྐྱེས་སྙམ་པའི་སེམས་གསུམ་ཀུན་དུ་འབྱུང་ལ་དེ་ཡང་ཐམས་ཅད་ཤེས་པ་ཡིན་ནོ། །བྱང་གི་སྒྲ་མི་སྙན་པ་རྣམས་ནི་རང་བཞིན་གྱིས་བསམ་པ་
བཟང་བའི་ཕྱིར་སྡིག་པའི་བསམ་པ་མེད་དོ། །འཛམ་བུའི་གླིང་ཁོ་ན་ན་ཡོད་དོ་ཞེས་བྱ་བ་ནི་འཛམ་བུའི་གླིང་པ་རྣམས་ཁྱད་པར་དུ་རྟོག་གེ་པ་ཡིན་པའི་ཕྱིར་རོ། །དགེ་མེད་ནང་ན་ཉུང་ལྡན་པ། །ལུས་ཚོར་སྲོག་ཡིད་བརྒྱད་དང་ལྡན། །ཞེས་འབྱུང་ལ། ཤར་གྱི་ལུས་འཕགས་པ་དང་། ནུབ་ཀྱི་བ་
ལང་སྤྱོད་པ་ཡང་དེ་དང་འདྲ་བ་ལ། དེའི་ཕྱིར་ན་དེ་དག་ན་ཡང་དགེ་བའི་རྩ་བ་ཀུན་དུ་འཆད་པ་ཡོད་དོ། །འདུན་པ་དང་བརྩོན་འགྲུས་ཞན་པའི་ཕྱིར་ཞེས་བྱ་བ་ལ། བློ་འདོད་ཆགས་ཀྱིས་ཆེར་ཟིལ་གྱིས་མནན་པའི་ཕྱིར་བུད་མེད་ཀྱིས་ནི་མ་ཡིན་པའོ། །དེ་ནི་གདོན་མི་ཟ་བར་སྔར་བཤད་པ་རྣམས་
ལས་ཡིད་མི་བདེ་བའི་དབང་པོ་བོར་ལ། མོའི་དབང་པོ་བསྣན་ཏེ་བརྒྱད་དང་ལྡན་ནོ། །སྡིག་པའི་བསམ་པ་བསྟན་པ་དང་། མཁྱུད་པ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། སྡིག་པའི་བསམ་པ་སྟེ་བརྣག་པ་ནི་སྡིག་པའི་བསམ་པའོ། །དེ་ཡང་རྒྱུན་ཆགས་སུ་ངེས་པར་རྟོགས་པས་རྒྱུན་
གཅད་པར་དཀའ་བའི་ཕྱིར་བསྟན་པའོ། །ལྟ་བ་རིང་དུ་རྗེས་སུ་འབྲེལ་པའི་ཕྱིར་འཆབ་པས་ན། མཁྱུད་པའོ། །མཚམས་མེད་བྱེད་པ་འདི་ལ་མིན། །དེ་ནི་རྐྱེན་གྱི་སྟོབས་ཀྱིས་སྐྱེས་པའི་ལོག་པར་ལྟ་བས་ཡང་མི་གཏོང་སྟེ། ལས་དང་འབྲས་བུའི་འབྲེལ་པ་ལ་འཇིགས་པའི་
Vol. 145 · folio 65a
ཕྱིར་རོ། །གང་ཞིག་རྒྱུའི་སྟོབས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་ཞིག་བདག་ཉིད་ལོག་པར་ལྟ་བ་འདོད་པ་དེ་ནི་རྒྱུའི་སྟོབས་ཀྱིས་ཀུན་དུ་གཅོད་པའོ། །འདི་ལྟར་གང་དག་གཞན་ལས་ཐོས་ནས་འདོད་པ་དེ་ནི་རྐྱེན་གྱི་སྟོབས་ཀྱིས་གཅོད་པའོ། །དེ་བཞིན་དུ་གང་
ཞིག་རང་གི་སྟོབས་ཀྱིས་སྤྱོད་པ་ནི་རང་གི་རྟོགས་པའི་སྟོབས་ཀྱིས་གཅོད་པའོ། །གཞན་གྱི་སྟོབས་ཀྱིས་ཞེས་བྱ་བ་ནི། གཞན་ལས་ཐོས་པ་ཙམ་གྱི་སྟོབས་ཀྱིས་སོ། །བསམ་པ་ཉམས་པ་ཞེས་བྱ་བ་ནི། ལོག་པར་ལྟ་བ་མངོན་སུམ་དུ་གྱུར་པས་བསམ་པ་ཉམས་པའོ། །བསམ་
པ་དང་སྦྱོར་བ་ཉམས་པ་ནི་ལོག་པར་ལྟ་ཞིང་མཚམས་མེད་པ་བྱེད་པའོ། །ལྟ་བ་ཉམས་པ་གང་ཡིན་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གང་ཞིག་ལྟ་བ་ཉམས་པས་དགེ་བའི་རྩ་བ་ཀུན་དུ་གཅོད་པར་བྱེད་པ་དེ་ནི་མཐོང་བའི་ཆོས་ཁོ་ན་ལ་ཉིང་མཚམས་སྦྱོར་བར་འགྱུར་རོ། །གང་ཞིག་
ལྟ་བ་དང་ཚུལ་ཁྲིམས་ཉམས་པས་གཅོད་པར་བྱེད་པ་དེ་ནི་ལུས་ཞིག་ནས་སོ། །མུ་དང་པོ་ནི་རྫོགས་བྱེད་པ་ལ་སོགས་པའོ་ཞེས་བྱ་བ་ནི་ལྟ་བ་ཉམས་པའི་ཕྱིར་རོ། །གཉིས་པ་ནི་མ་སྐྱེས་དགྲའོ་ཞེས་བྱ་བ་ནི། མཚམས་མེད་པ་བྱེད་པའི་ཕྱིར་རོ། །གསུམ་པ་ནི་ལྷ་སྦྱིན་ནོ་ཞེས་བྱ་
བ་ནི། ལྟ་བ་ཉམས་པའི་ཕྱིར་དང་། མཚམས་མེད་པ་བྱེད་པའི་ཕྱིར་རོ། །བཞི་པ་ནི་བདག་ཅག་ལ་སོགས་པ་གཞན་དག་གོ། །ལས་ཀྱི་ལམ་དུ་ཞིག་དང་སེམས་པ་ལྷན་ཅིག་འབྱུང་བ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལས་ཀྱི་ལམ་དགེ་བ་དང་མི་དགེ་བ་དུ་དག་ཅིག་དང་། སེམས་པ་དགེ་
བའམ་མི་དགེ་བའམ། ལུང་དུ་མ་བསྟན་པ་ཡང་རུང་བ་ལྷན་ཅིག་འབྱུང་ཞེས་བྱ་བའོ། །གཞན་མེད་པར་ཞེས་བྱ་བ་ལ། ལས་ཀྱི་ལམ་གཞན་མཐར་ཕྱིན་པ་ན་ཡང་བརྣབ་སེམས་ལ་སོགས་པ་དག་ཡོད་པས་དེའི་ཕྱིར་གཞན་མེད་པར་ཞེས་བྱ་བ་སྨོས་སོ། །སེམས་པ་ཉོན་མོངས་པ་ཅན་
མ་ཡིན་པ་ཅན་ཞེས་བྱ་བ་ནི། སེམས་པ་དགེ་བ་དང་ལུང་དུ་མ་བསྟན་པའོ། །གཟུགས་ཅན་རྣམས་ལས་ཞེས་བྱ་བ་ནི་འདོད་པས་ལོག་པར་གཡེམ་པར་མ་གཏོགས་པ་རྣམས་སོ། །གནོད་སེམས་སུ་གྱུར་པ་སྲོག་ཆགས་གསོད་པ་ཞེས་བྱ་བ་ནི། ཞེ་སྡང་གིས་སྲོག་གཅོད་པ་མཐར་ཕྱིན་
Vol. 145 · folio 65b
པས་དེའི་ཚེ་གདོན་མི་ཟ་བར་སྲོག་གཅོད་པ་དང་གནོད་སེམས་དང་སེམས་པ་ལྷན་ཅིག་འབྱུང་ངོ་། །བརྣབ་སེམས་དང་ལྡན་པ་ཞེས་བྱ་བ་ནི་མ་བྱིན་པར་ལེན་པ་དང་འདོད་པས་ལོག་པར་གཡེམ་པ་གཉིས་ཆགས་པས་མཐར་ཕྱིན་པར་བྱེད་པའི་ཕྱིར་གཉིས་དང་སེམས་པ་ལྷན་ཅིག་འབྱུང་སྟེ། བརྣབ་
སེམས་དང་མ་བྱིན་པར་ལེན་པའམ། འདོད་པས་ལོག་པར་གཡེམ་པ་དང་ངོ་། །ཚིག་ཀྱལ་པ་མཐར་ཕྱིན་པ་ན་ཡང་བརྣབ་སེམས་ལ་སོགས་པ་གང་ཡང་རུང་བ་ཡོད་པ་ཡིན་ནོ། །གསུམ་དང་ལྷན་ཅིག་འབྱུང་བ་ནི། །ཞེས་བྱ་བ་ལ་སོགས་པ་ནི་གང་དུ་གསད་པ་ཁོ་ནས་འཕྲོག་པར་གྲུབ་
པའོ། །ཅིག་ཅར་དུ་ཞེས་བྱ་བ་ནི་གནས་ནས་བསྐྱོད་བཞིན་པ་ན་གསོད་པ་སྟེ། དེ་ལྟར་ན་གནོད་སེམས་དང་། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་གསུམ་ལྷན་ཅིག་འབྱུང་བའོ། །ངེས་པ་དེ་ནི་སེམས་གཞན་དང་མི་ལྡན་པའི་ཞེས་བྱ་བ་ལ། ངེས་པ་དེ་ནི་གཞན་གྱི་ནོར་
འཕྲོག་པའི་སེམས་དང་ལྡན་པ་ཁོ་ན་ལ་ཤེས་པར་བྱ་སྟེ། འདིར་ནི་འདི་ལ་སྲོག་ཆགས་གསད་པར་བྱའོ་སྙམ་པའི་སེམས་གཞན་ཡང་ཡོད་པས་དེའི་ཕྱིར་འགལ་བ་མེད་དོ། །ངེས་པ་དེ་ནི་གཞན་དུ་ཡང་གསུམ་དང་ལྷན་ཅིག་འབྱུང་བ་ནི་བདག་ཉིད་འདོད་པས་ལོག་པར་གཡེམ་པ་ལ་སྦྱར་བ་
དེའི་སྦྱོར་བས་ཅིག་ཅར་སྲོག་གཅོད་པ་ལ་སོགས་པ་ལས་གང་ཡང་རུང་བ་མཐར་ཕྱིན་པར་བྱེད་པ་འམ། སེམས་པ་ཉོན་མོངས་པ་ཅན་མ་ཡིན་པ་ཅན་དེའི་སྦྱོར་བ་ཅིག་ཅར་གཟུགས་ཅན་གསུམ་མཐར་ཕྱིན་པར་བྱེད་པ་ན་སྟེ། འབྲེལ་པ་ལས་ནི་དཔེར་བརྗོད་པ་ཙམ་ཞིག་བཤད་དོ། །དེ་ལ་ནི་
ཡིད་ཀྱི་གཅིག་ཡིན་ལ་ཞེས་བྱ་བ་ནི་བརྣབ་སེམས་སམ། གནོད་སེམས་སམ། ལོག་པར་ལྟ་བའོ། །ངག་གི་ནི་གསུམ་ཡིན་ནོ་ཞེས་བྱ་བ་ནི། བརྫུན་གྱི་ཚིག་སྨྲ་ན་ནི་བརྫུན་དུ་སྨྲ་བ་དང་། དབྱེན་དང་། ཚིག་ཀྱལ་པའོ། །ཚིག་རྩུབ་མོ་སྨྲ་ན་ནི་ཚིག་རྩུབ་མོ་དང་། ཕྲ་མ་དང་། ཚིག་
ཀྱལ་པའོ། །འདི་ནི་ཉོན་མོངས་ཅན་ཀུན་ཀྱལ་པ་ཉིད་ཅེས་བྱ་བའི་དབང་དུ་བྱས་ནས་བཤད་དེ། གང་གི་ཚེ་དེ་ལས་གཞན་ཉོན་མོངས་ཅན་ཞེས་བྱ་བ་ཁས་བླངས་ནས་འཆད་ན་ནི་དེའི་ཚེ་གསུམ་ཁོ་ན་དང་། ལྷན་ཅིག་འབྱུང་བ་ནི་དབྱེན་བྱ་བའི་བསམ་པ་དང་ལྡན་པ་བརྫུན་གྱི་ཚིག་གམ།
Vol. 145 · folio 66a
ཚིག་རྩུབ་མོ་སྨྲ་ན་སྟེ་ཞེས་བརྗོད་པར་བྱའོ། །ཡང་ན་བརྣབ་སེམས་ལ་སོགས་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲ་ནི། གནོད་སེམས་དང་ལོག་པར་ལྟ་བ་དང་སྦྱར་རོ། །ལྔ་དང་དྲུག་དང་བདུན་དང་ཡང་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་བྱ་བ་ནི། བརྣབ་
སེམས་ལ་སོགས་པར་གྱུར་པ་དེའི་ཚེ་སྦྱོར་བ་བཞི་དང་ལྔ་དང་དྲུག་ཅིག་ཅར་མཐར་ཕྱིན་པར་བྱེད་པ་ན། ལྔ་དང་དྲུག་དང་བདུན་དང་སེམས་པ་ལྷན་ཅིག་འབྱུང་ངོ་། །དྲུག་པ་སྦྱར་བྱས་ནས་ཞེས་བྱ་བ་ནི། འདོད་པས་ལོག་པར་གཡེམ་པ་མ་གཏོགས་པ་ལའོ། །འདོད་པས་ལོག་པར་
གཡེམ་པ་བདག་ཉིད་ཀྱིས་བྱེད་ལ་ཞེས་བྱ་བ་ནི། དེ་གཞན་གྱི་ཡོངས་སུ་རྫོགས་པ་མེད་པའི་ཕྱིར་རོ། །འདིར་ནི་བརྣབ་སེམས་བརྒྱད་པར་འགྱུར་རོ། །ཡང་ཅིའི་ཕྱིར་དགུ་འམ་བཅུ་དང་ལྷན་ཅིག་མི་འབྱུང་ཞེ་ན། བརྣབ་སེམས་ལ་སོགས་པ་རྣམས་ལ། ཕན་ཚུན་མཚུངས་པར་ལྡན་པ་
མེད་པའི་ཕྱིར་རོ། །དགེ་བ་བཅུ་ཡི་བར་དག་དང་། ཞེས་བྱ་བ་ནི་འདི་སྤྱིར་བསྟན་པ་ཡིན་ནོ། །གཅིག་དང་བརྒྱད་དང་ལྔ་དང་མིན། །ཞེས་བྱ་བ་སྨོས་པ་ནི་དམིགས་ཀྱིས་བསལ་བའོ། །རེ་ཞིག་གཅིག་དང་། ལྷན་ཅིག་འབྱུང་བ་ནི་མ་ཡིན་ཏེ། བརྣབ་སེམས་མེད་པ་དང་གནོད་སེམས་
མེད་པ་གཉིས་ཕན་ཚུན་འཁྲུལ་པ་མེད་པའི་ཕྱིར་རོ། །ཡང་དག་པའི་ལྟ་བ་ཁོ་ན་དེ་དག་ལ་འཁྲུལ་པའི་ཕྱིར་དང་། སྤོང་བ་གཅིག་གི་བདག་ཉིད་ཀྱི་སྡོམ་པ་མེད་པའི་ཕྱིར་རོ། །བརྒྱད་དང་ལྷན་ཅིག་འབྱུང་བ་ཡང་མ་ཡིན་ཏེ། སྤོང་བ་ལྔ་འམ་དྲུག་གི་བདག་ཉིད་ཀྱི་སྡོམ་པ་མེད་པའི་ཕྱིར་རོ། །
ལྔ་དང་ལྷན་ཅིག་འབྱུང་བ་ཡང་མ་ཡིན་ཏེ། སྤོང་བ་གཉིས་དང་། གསུམ་དང་། ལྔའི་བདག་ཉིད་ཀྱི་སྡོམ་པ་མེད་པའི་ཕྱིར་རོ། །དགེ་བའི་རྣམ་པར་ཤེས་པ་ལྔ་ལ་གནས་པ་ཞེས་བྱ་བ་ནི། དེ་ན་ཡང་དག་པའི་ལྟ་བ་མེད་པས་བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་གཉིས་དང་
ལྷན་ཅིག་འབྱུང་ངོ་། །ཟད་པ་དང་མི་སྐྱེ་བར་ཤེས་པ་དག་མ་གཏོགས་པ་དགེ་བའི་ཡིད་ཀྱི་རྣམ་པར་ཤེས་པ་ཐམས་ཅད་དགེ་བའི་རྩ་བ་གསུམ་དང་མཚུངས་པར་ལྡན་པའི་ཕྱིར་གཟུགས་མེད་པའི་སྙོམས་པར་འཇུག་པའི་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། གཟུགས་མེད་པ་སྨོས་པ་ནི་བསམ་གཏན་
Vol. 145 · folio 66b
གྱི་སྙོམས་པར་འཇུག་པ་ལ་གནས་པ་ལ་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དག་ཡོད་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །ཟག་པ་དང་མི་སྐྱེ་བའི་ཤེས་པ་དག་ཀྱང་ལྟ་བའི་བདག་ཉིད་མ་ཡིན་པའི་ཕྱིར་བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་གཉིས་ཁོ་ན་དང་སེམས་པ་ལྷན་ཅིག་
འབྱུང་ངོ་། །ཡིན་གྱི་གསུམ་ཁོ་ན་དང་ལྷན་ཅིག་འབྱུང་བ་ནི་སྡོམ་པ་བླང་བར་མ་གྱུར་པ་ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པའོ། །བཞི་དང་ལྷན་ཅིག་འབྱུང་བ་ནི་མི་དགེ་བ་འམ་ལུང་དུ་མ་བསྟན་པའི་སེམས་དང་ལྡན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ།
དེ་ལ་ནི་བརྣབ་སེམས་མེད་པ་ལ་སོགས་པ་ཡིད་ཀྱི་ཡོད་པ་མ་ཡིན་ལ། དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་དག་ཀྱང་སྤོང་བ་བཞིའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་དག་པར་ལེན་པ་ནའོ་ཞེས་བྱ་བ་ནི། དགེ་བསྙེན་དང་། དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་ལེན་པ་ན་སྟེ། དགེ་བའི་
རྣམ་པར་ཤེས་པའི་ཚོགས་ལྔ་ལ་གནས་པ་ལ་ནི་ཡང་དག་པའི་ལྟ་བ་མེད་པས་དྲུག་དང་ལྷན་ཅིག་འབྱུང་ངོ་། །བདུན་དང་ལྷན་ཅིག་འབྱུང་བ་ནི་དགེ་བའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་ཏེ་ཞེས་བྱ་བ་ནི། དེ་ལ་ཡང་དག་པའི་ལྟ་བ་བླ་ལྷག་ཏུ་བསྣན་ཏེ་བདུན་དང་ལྷན་ཅིག་འབྱུང་ངོ་། །མི་དགེ་བ་
དང་ལུང་དུ་མ་བསྟན་པའི་སེམས་དང་ལྡན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ་དེ་ལ་ཡིད་ཀྱི་བརྣབ་སེམས་མེད་པ་ལ་སོགས་པ་མེད་པ་ལ། དགེ་སློང་གི་སྡོམ་པ་ཡང་སྤོང་བ་བདུན་གྱི་བདག་ཉིད་ཡིན་པའི་ཕྱིར་བདུན་ཁོ་ན་དང་སེམས་པ་ལྷན་ཅིག་འབྱུང་ངོ་དགུ་དང་ལྷན་ཅིག་འབྱུང་བ་ནི་དགེ་བའི་རྣམ་པར་ཤེས་པ་
ལྔ་ལ་གནས་པ་ཞེས་བྱ་བ་ནི། དགེ་སློང་གི་སྡོམ་པས་བསྡུས་པ་སྤོང་བ་བདུན་དང་། བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དང་ཡིན་ཏེ། དེ་ལ་ཡང་དག་པའི་ལྟ་བ་མེད་པའི་ཕྱིར་རོ། །ཟད་པ་དང་མི་སྐྱེ་བ་ཤེས་པས་བསྡུས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པ་དགེ་སློང་གི་སྡོམ་པ་ཡང་དག་པར་
ལེན་པ་དགུ་དང་སེམས་པ་ལྷན་ཅིག་འབྱུང་ངོ་ཞེས་བྱ་བར་སྐབས་དང་སྦྱར་ཏེ། དེ་ལ་ནི་དགེ་སློང་གི་སྡོམ་པས་བསྡུས་པ་གཟུགས་ཅན་བདུན་དང་། བརྣབ་སེམས་མེད་པ་དང་གནོད་སེམས་མེད་པ་འབྱུང་ངོ་གཟུགས་མེད་པ་གསུམ་ལ་བརྟེན་ནས་ཟད་པ་ཤེས་པ་ལ་སོགས་པ་སྐྱེས་པའི་ཕྱིར་ཟག་
Vol. 145 · folio 67a
པ་མེད་པའི་སྡོམ་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་དེ་ཉིད་བསམ་གཏན་གྱིས་བསྡུས་པ་ཞེས་བྱ་བ་སྨོས་ཏེ། ཟད་པ་དང་མི་སྐྱེ་བ་ཤེས་པ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་བསམ་གཏན་གྱིས་བསྡུས་པ་ལ་གནས་པ་ནི་དགུ་དང་ལྷན་ཅིག་འབྱུང་སྟེ། དགེ་
སློང་གི་སྡོམ་པ་ཡང་དག་པར་ལེན་པ་མེད་ཀྱང་སྙམ་དུ་དགོངས་སོ། །དེ་ལ་ནི་ཟག་པ་མེད་པའི་སྡོམ་པས་བསྡུས་པ་བདུན་དང་། བརྣབ་སེམས་མེད་པ་ལ་སོགས་པ་ཡོད་དོ། །བསམ་གཏན་གྱིས་བསྡུས་པ་ཞེས་བྱ་བ་ནི། གཟུགས་མེད་པས་བསྡུས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །
བཅུ་དང་ལྷན་ཅིག་འབྱུང་བ་ནི་དེ་ལས་གཞན་པ་ཞེས་བྱ་བ་ནི། ཟད་པ་དང་མི་སྐྱེ་བ་ཤེས་པ་དང་མཚུངས་པར་ལྡན་པ་ལས་གཞན་པའི་དགེ་བའི་ཡིད་ཀྱི་རྣམ་པར་ཤེས་པའོ། །ཅི་ཐམས་ཅད་ཀྱི་ཚེ་འདོད་པར་གཏོགས་པ་དང་གཟུགས་སུ་གཏོགས་པ་ལ་གནས་པ་ཞིག་བཅུ་དང་ལྷན་ཅིག་འབྱུང་
ངམ་ཞེ་ན། མ་ཡིན་ནོ། །འོ་ན་ཅི་ཞེ་ན། དགེ་སློང་གི་སྡོམ་པ་ཡང་དག་པར་ལེན་པ་ཁོ་ནའོ། །ཟད་པ་དང་མི་སྐྱེ་བའི་ཤེས་པ་དག་མ་གཏོགས་པ་ཞེས་བྱ་བ་ནི་དགུ་དང་ཞེས་དེ་དག་གི་ཚུལ་ནི་བཤད་ཟིན་པའི་ཕྱིར་རོ། །བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་གཞན་དང་ལྷན་ཅིག་འཇུག་པའི་
སེམས་པ་ཐམས་ཅད་ཅེས་བྱ་བ་ནི་བཅུ་དང་ལྷན་ཅིག་འབྱུང་ངོ་ཞེས་བྱ་བར་སྐབས་དང་སྦྱར་རོ། །རེ་ཞིག་འདི་ནི་སྡོམ་པས་བསྡུས་པ་རྣམས་ཀྱི་ངེས་པ་ཡིན་ནོ། །སྡོམ་པ་མ་གཏོགས་པ་ནི་གཅིག་དང་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། སེམས་གཞན་དང་ལྡན་པ་ཞེས་བྱ་བ་ནི། མི་དགེ་བ་དང་
ལུང་དུ་མ་བསྟན་པའི་སེམས་དང་ལྡན་པའོ། །སྤོང་བའི་ཡན་ལག་གཅིག་ཡང་དག་པར་ལེན་ནའོ་ཞེས་བྱ་བ་ནི། སྲོག་གཅོད་པ་འམ་མ་བྱིན་པར་ལེན་པའི་ཡན་ལག་གཅིག་སྤོང་བ་ཡང་དག་པར་ལེན་པ་ན་གཅིག་ཁོ་ན་དང་། སེམས་པ་ལྷན་ཅིག་འབྱུང་ངོ་། །གཉིས་དང་ལྔ་ཡང་དག་པར་
ལེན་པ་ནའོ་ཞེས་བྱ་བ་ལ། ཡན་ལག་གཉིས་ཡང་དག་པར་ལེན་པ་ན་ནི། ལྔ་དང་ལྷན་ཅིག་འབྱུང་སྟེ། ཡིད་ཀྱི་གསུམ་དང་། ལུས་ཀྱིའམ། ཡིད་ཀྱི་གཉིས་དང་ངོ་། །ཡན་ལག་ལྔ་ཡང་དག་པར་ལེན་པ་ན་ནི་བརྒྱད་དང་ལྷན་ཅིག་ཅིག་ཅར་འབྱུང་སྟེ། དེ་ལ་ནི་གཟུགས་ཅན་ལྔ་དང་
Vol. 145 · folio 67b
ཡིད་ཀྱི་གསུམ་འབྱུང་ངོ་། །དམྱལ་བ་ན་ནི་ཀྱལ་པ་དང་། ཚིག་རྩུབ་གནོད་སེམས་རྣམ་གཉིས་སོ། །ཞེས་བྱ་བ་ལ། ལྡན་པ་ཞེས་བྱ་བ་ནི་འཐོབ་པའོ། །མངོན་སུམ་དུ་གྱུར་པ་ཞེས་བྱ་བ་ནི་དངོས་སུ་འཇུག་པའོ། །སྨྲེ་སྔགས་འདོན་པའི་ཕྱིར་ཀྱལ་པ་ཡིན་ནོ་ཞེས་བྱ་བ་ནི། གཞན་ནི་དེ་
ལས་གཞན་ཉོན་མོངས། །ཞེས་བྱ་བའི་མཚན་ཉིད་ཡོངས་སུ་བཟུང་ནས་ཡིན་ནོ། །ཕན་ཚུན་བརྒྱད་གགས་བྱེད་པའི་ཕྱིར་ཚིག་རྩུབ་མོ་ཡིན་ནོ་ཞེས་བྱ་བ་ནི། སྡུག་བསྔལ་གྱིས་ཉམ་ཐག་པའི་དམྱལ་བ་རྣམས་དམྱལ་སྲུང་དག་ལ་སྤྱོ་བར་བྱེད་ལ། དམྱལ་སྲུང་དག་ཀྱང་དམྱལ་བ་རྣམས་ལ་
སྤྱོ་བའམ། དམྱལ་བ་རྣམས་ཁོ་ན་ཕན་ཚུན་སྤྱོ་བའོ། །སེམས་ཀྱི་རྒྱུད་རྩུབ་པོས་ཞེས་བྱ་བ་ནི། འགའ་ཡང་འཇམ་པོར་རྗེས་སུ་འབྲེལ་པ་མེད་པའི་ཕྱིར་རོ། །ཆགས་པར་བྱ་བའི་དངོས་པོ་མེད་པའི་ཕྱིར་མངོན་དུ་གྱུར་པའི་སྒོ་ནས་བརྣབ་སེམས་ཀུན་དུ་སྤྱོད་པ་མེད་དོ། །ལས་ཀྱི་འབྲས་བུ་མངོན་
སུམ་དུ་གྱུར་པའི་ཕྱིར་ལོག་པར་ལྟ་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི། དགོས་པ་མེད་པའི་ཕྱིར་ཕྲ་མ་མེད་པའོ། །རྟག་ཏུ་བྱེ་ཟིན་པའི་ཕྱིར་ཞེས་བྱ་བས་ནི་དེ་ན་ཡུལ་མེད་པའི་ཕྱིར་ཕྲ་མ་མེད་དོ་ཞེས་བསྟན་ཏོ། །ང་ཡིར་འཛིན་པ་མེད་པའི་ཕྱིར་བརྣབ་སེམས་མངོན་དུ་གྱུར་པའི་སྒོ་ནས་མེད་དོ། །
རྒྱུད་འཇམ་པའི་ཕྱིར་དང་ཀུན་ནས་མནར་སེམས་ཀྱི་དངོས་པོ་མེད་པའི་ཕྱིར་གནོད་སེམས་མེད་དེ། གནོད་སེམས་ནི་རྒྱུའི་སྟོབས་དང་རྐྱེན་གྱི་སྟོབས་ཀྱིས་སྐྱོན། དེ་གཉི་ག་ཡང་དེ་ན་མེད་དོ། །དེའི་ཕྱིར་བྱང་གི་སྒྲ་མི་སྙན་ན་གནོད་སེམས་མངོན་དུ་གྱུར་པ་མེད་དོ། །སྡིག་པ་ཅན་གྱི་བསམ་པ་མ་
ཡིན་པའི་ཕྱིར་ལོག་པར་ལྟ་བ་མེད་དོ། །བདུན་པ་ཞེས་བྱ་བ་ནི་འདོན་པའི་གོ་རིམས་ཀྱིས་ཚིག་ཀྱལ་པ་ལ་བདུན་པ་ཞེས་བྱའོ། །མངོན་སུམ་དུ་གྱུར་པའི་སྒོ་ནས་ཞེས་བྱ་བ་ནི། དངོས་སུ་ཡང་ཞེས་བྱ་བ་འདིའི་རྣམ་པར་བཤད་པ་ཡིན་ནོ། །སྡིག་པ་ཅན་གྱི་བསམ་པ་མ་ཡིན་པའི་ཕྱིར་སྲོག་གཅོད་
པ་ལ་སོགས་པ་དྲུག་ཆར་ཡང་ལྡན་པ་དང་། མངོན་སུམ་དུ་གྱུར་པའི་སྒོ་ནས་མེད་དེ། འདོད་པ་ན་གཟུགས་ཀྱི་སྔར་ནི་སྐྱེ་བ་མེད་ཅེས་ངེས་པའི་ཕྱིར་རོ། །གཞན་ཡང་ཚེ་ངེས་པའི་ཕྱིར་སྲོག་གཅོད་པ་མེད་དོ། །རྫས་དང་བུད་མེད་ཡོངས་སུ་གཟུང་བ་མེད་པའི་ཕྱིར་མ་བྱིན་པར་ལེན་པ་དང་འདོད་པས་
Vol. 145 · folio 68a
ལོག་པར་གཡེམ་པ་དག་མེད་དོ། །དགོས་པ་མེད་པའི་ཕྱིར་བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་ཚིག་རྩུབ་མོ་དག་མེད་དོ། །ཇི་ལྟར་འདི་དག་གི་མི་ཚངས་པར་སྤྱོད་པ་ཡིན་ཞེས་བྱ་བ་ནི། གལ་ཏེ་བུད་མེད་ཡོངས་སུ་གཟུང་བ་མེད་ན་སྙམ་དུ་བསམས་པའོ། །མངོན་སུམ་དུ་གྱུར་
པའི་སྒོ་ནས་ཀྱང་ཞེས་བྱ་བ་ལ། ཀྱང་ཞེས་བྱ་བའི་སྒྲས་ནི་ལྡན་པའི་སྒོ་ནས་ཀྱང་ཡོད་ཅེས་བྱ་བར་སྦྱར་རོ། །དུད་འགྲོ་དང་ཡི་དགས་དང་ལྷ་དག་གི་ནང་ན་ནི་སྡོམ་པ་མ་ཡིན་པ་མ་གཏོགས་སོ་ཞེས་བྱ་བ་ནི། འདི་ལྟར་མི་རྣམས་ཁོ་ན་ལ་སྡོམ་པ་མ་ཡིན་པ་འདོད་ཀྱི། གཞན་ལ་ནི་མ་ཡིན་ནོ། །མི་དག་གི་
ནང་ན་ནི་སྡོམ་པ་མ་ཡིན་པས་བསྡུས་པ་ཡང་ཡོད་དོ་ཞེས་བྱ་བའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སྡོམ་པ་མ་ཡིན་པ་མ་གཏོགས་པ་ཡང་ཡོད་དོ། །ལྷ་དག་གི་ནང་ན་ཇི་ལྟར་སྲོག་གཅོད་པ་ཡོད་ཅེ་ན། གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བ་གཞན་ན་གནས་པ་ན་གསོད་པར་བྱེད་དོ་
ཞེས་བྱ་བ་ནི། ཡི་དགས་ལ་སོགས་པའི་འགྲོ་བ་ན་གནས་པའོ། །མགོ་དང་རྐེད་པ་བཅད་ན་འཆིའོ་ཞེས་བྱ་བ་འདིས་ནི་ལྷས་ཀྱང་ལྷ་གསོད་དོ་ཞེས་བསྟན་ཏོ། །ལྡན་པའི་སྒོ་ནས་ཡོད་དོ་ཞེས་བྱ་བ་ནི། གཟུགས་མེད་པ་དག་ན་གཟུགས་མེད་པའི་ཕྱིར་མངོན་དུ་གྱུར་པའི་སྒོ་ནས་མེད་དོ། །འདུ་ཤེས་
མེད་པའི་སེམས་ཅན་རྣམས་ལ་ནི་བསམ་གཏན་དུ་སྐྱེས་པ་ཡིན་ཡང་བསམ་གཏན་གྱི་སྡོམ་པ་མངོན་སུམ་དུ་གྱུར་པའི་སྒོ་ནས་ཡོད་པ་མ་ཡིན་ཏེ། བསམ་གཏན་གྱི་སྡོམ་པ་ནི་སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་དང་། དེ་དག་གི་སེམས་རིལ་འགགས་པའི་ཕྱིར་རོ། །གལ་ཏེ་གཟུགས་མེད་པ་
དག་ན་གཟུགས་མེད་པས་མངོན་སུམ་དུ་མེད་ན་དེས་ན་འོ་ན་ནི་གཟུགས་མེད་པར་སྐྱེས་པ་གང་དག་ཅིག་ལ་ལྡན་པ་བརྗོད་དགོས་སོ་ཞེ་ན། དེའི་ཕྱིར་གཟུགས་མེད་པར་སྐྱེས་པའི་འཕགས་པ་རྣམས་ལ་ཞེས་བྱ་བ་རྒྱས་པར་སྨོས་སོ། །འཕགས་པས་ས་གང་ལ་བརྟེན་པ་ཅན་གྱི་ཞེས་བྱ་བ་ལ།
ས་གང་དུ་སྐྱེས་པས་ཟག་པ་མེད་པའི་ཚུལ་ཁྲིམས་གང་བསྐྱེད་པ་དེ་ནི་ས་དེ་ལ་བརྟན་པ་ཅན་ཡིན་ནོ། །འདོད་པའི་ཁམས་དང་བསམ་གཏན་བཞིའོ། །གལ་ཏེ་ས་གཅིག་ལ་བརྟེན་པ་ཅན་བསྐྱེད་དེ་འགགས་པ་ནས། དེ་བཞིན་དུ་ས་ལྔ་ལ་བརྟེན་པ་ཅན་གྱི་བར་བསྐྱེད་དེ་འགགས་ན་ནི་གཟུགས་མེད་
Vol. 145 · folio 68b
པ་དག་ན་འདས་པ་དེ་དང་ལྡན་པར་འགྱུར་རོ། །ས་ལྔ་ཆར་ལ་བརྟེན་པ་ཅན་དང་ནི་མ་འོངས་པ་དང་ལྡན་ནོ་ཞེས་བྱ་བ་ནི་གང་དུ་སྐྱེས་པའམ་གང་དུ་མ་སྐྱེས་པ་དེ་དག་ལ་བརྟེན་པ་ཅན་དང་ལྡན་ནོ། །ཅིའི་ཕྱིར་ཞེ་ན། ངེས་པ་མེད་པའི་ཕྱིར་རོ། །འདི་ལྟར་གང་མ་འོངས་པ་རྣམ་གྲངས་ཀྱིས་ས་ལྔ་ཆར་ལ་
བརྟེན་ནས་སྐྱེ་བ་སྲིད་པ་ནི་ཡོད་པ་ཡིན་ཏེ། དེའི་ཕྱིར་གང་དུ་སྐྱེས་པ་དེ་འགགས་པ་དེ་ནི་སྐྱེས་ཟིན་པའི་ཕྱིར་ས་ཁོ་ནས་བསྙད་ལ། གང་མ་སྐྱེས་པ་དེ་ནི་ངེས་པ་མེད་པའི་ཕྱིར་ས་ལྔ་ཆར་ལ་རྣམ་པར་གཞག་གོ། །ལྷག་བྱས་ན་ཞེས་བྱ་བ་ལ། གང་ལས་ལྷག་མར་བྱས་ཤེ་ན། གཟུགས་མེད་པ་དང་
འདུ་ཤེས་མེད་པའི་སེམས་ཅན་དང་གཉིས་ལས་སོ། །གཟུགས་མེད་པའི་ཁམས་སུ་ལྡན་པ་ངེས་པར་བཤད་པས། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་སུ་ལྡན་པ་དང་མངོན་དུ་གྱུར་པ་ངེས་པར་བརྗོད་པར་བྱའོ་ཞེ་ན། དེའི་ཕྱིར་ཁམས་ཞེས་བྱ་བ་རྒྱས་པར་སྨོས་སོ། །དམྱལ་བ་དང་བྱང་
གི་སྒྲ་མི་སྙན་པ་མ་གཏོགས་པ་ཞེས་བྱ་བ་ནི། དེ་ན་ཡང་དག་པར་བླངས་པའི་ཚུལ་ཁྲིམས་མེད་པའི་ཕྱིར་རོ། །གཞན་ན་ནི་གཉི་ག་ཡོད་དོ་ཞེས་བྱ་བ་ནི། ལྷ་དག་དང་བྱང་གི་སྒྲ་མི་སྙན་པ་མ་གཏོགས་པའི་མི་དག་གི་ནང་ན་ནི། སྡོམ་པས་བསྡུས་པ་དང་སྡོམ་པ་མ་གཏོགས་པ་ཡོད་དོ། །ཀུན་དུ་བསྟེན་
པ་དང་། གོམས་པར་བྱས་པ་དང་། ལན་མང་དུ་བྱས་པ་དང་ཞེས་བྱ་བ་ལ། ཀུན་དུ་བསྟེན་པ་ནི་སྦྱོར་བའི་གནས་སྐབས་སུའོ། །གོམས་པར་བྱས་པ་ནི་དངོས་ཀྱི་གནས་སྐབས་སུའོ། །ལན་མང་དུ་བྱས་པ་ནི་མཇུག་གི་གནས་སྐབས་སུའོ། །སྲོག་གཅོད་པས་ནི་ཚེ་ཐུང་བར་འགྱུར་རོ་ཞེས་
བྱ་བ་འདིས་ནི་རྒྱུ་མཐུན་པའི་འབྲས་བུ་བཤད་དོ། །ཚིག་ཀྱལ་པས་ནི་ཚིག་གཟུང་བར་མི་འོས་པར་འགྱུར་རོ་ཞེས་བྱ་བ་ནི་ཚིག་མི་བཙུན་པའོ། །འདི་ནི་དེ་དག་གི་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ་ཞེས་བྱ་བ་འབྱུང་ངོ་། །ལུང་དུ་མ་བསྟན་པ་མི་དགེ་བ་བསྒོམ་པས་སྤང་བར་བྱ་བའི་རྒྱུ་མཐུན་པ་བརྗོད་
པ་ན་ཇི་ལྟར་སྐྱོན་ཅན་དུ་མི་འགྱུར་ཞེ་ན། དེའི་ཕྱིར་སྲོག་གཅོད་པ་ནི་ཚེ་དེའི་བར་ཆད་བྱེད་པའི་རྒྱུ་མཐུན་ཞེས་བྱ་བ་རྒྱས་པར་སྨོས་ཏེ། དུག་དང་གནམ་ལྕགས་དང་མཚོན་ཆ་ལྷགས་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་ནི་སྲོག་གཅོད་པ་རྣམས་ཀྱི་ཚེ་དགེ་བའི་ལས་ཀྱིས་འཕངས་པ་འབྱུང་བ་ལ་
Vol. 145 · folio 69a
གེགས་བྱེད་པར་ནུས་པ་ཡིན་ཏེ། གཞན་དུ་ནི་མ་ཡིན་ནོ། །དེའི་ཕྱིར་སྲོག་གཅོད་པ་ནི་ཚེ་དེའི་བར་ཆད་བྱེད་པའི་རྒྱུ་ཡིན་ནོ་ཞེས་བྱའོ། །གཟི་མཐུ་ཆུང་བ་ནི་ནུས་པ་ཆུང་བའོ། །སེར་བ་ནི་སེར་བ་དག་གོ། །ཆར་ནི་ཆར་ཏེ་དེས་ནི་འབྲུ་རླག་པར་འགྱུར་རོ། །རྡུལ་གྱིས་འཁྲིགས་
པར་འགྱུར་ཞེས་བྱ་བ་ནི། རྡུལ་ལྷགས་པས་སྤུ་ངན་པར་འགྱུར་བའོ། །ས་ཚ་སྒོ་ཅན་ཞེས་བྱ་བ་ནི། འབྲུ་དག་མི་སྐྱེ་བའི་སའོ། །དགོན་དུང་ནི་ཆུ་མེད་པ་སྟེ། མྱ་ངན་ལྟ་བུའོ། །ཐ་ཆད་ནི་དམན་ཞིང་སྨད་པ་སྟེ། ཀླ་ཀློ་ལ་སོགས་པའི་ས་དག་གོ་སྡིག་པ་ཅན་གྱི་ས་ནི་རི་དགས་དང་ཕག་
གིས་ཉེ་བར་གཙེས་པའི་ཞིང་དག་གོ། །དུས་ལོག་པ་ཅན་འདི་དག་ལ་དུས་ཡོད་པ་སྟེ། དུས་བཞིན་དུ་གྲང་བ་དང་དྲོ་བ་དང་ཆར་འབབ་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ཕྲ་མོ་ནི་འབྲས་བུ་མི་རགས་པའོ་འབྲས་བུ་ཁ་བ་ཞེས་བྱ་བ་ནི་སྨིན་པ་མི་སྙོམས་ཞེས་བྱ་བའི་དོན་ཏོ། །ཅི་ལས་
དེ་ཁོ་ནས་ཞེས་བྱ་བ་ནི། གང་གིས་དམྱལ་བ་དག་ཏུ་སྐྱེད་པའོ། །དེར་ནི་སྦྱོར་བས་ཡིན་ལ་ཞེས་བྱ་བ་ནི། སྦྱོར་བ་རྒྱུན་ཆགས་པ་ཡིན་པའི་ཕྱིར། སྡུག་བསྔལ་དྲག་པོའི་རྒྱུ་ཡིན་པའི་ཕྱིར་རོ། །དངོས་ནི་སྐད་ཅིག་མ་གཅིག་ཡིན་པའི་ཕྱིར་དང་ཚོར་བ་ཆུང་བའི་ཕྱིར་འདིར་དངོས་ཀྱིས་ཚེ་ཐུང་
བ་ཡིན་ནོ་ཞེས་བྱ་བར་རིགས་སོ། །གལ་ཏེ་སྦྱོར་བས་དམྱལ་བ་དག་ཏུ་སྐྱེ་ན། འོ་ན་མདོ་ལས་སྲོག་གཅོད་པ་ཀུན་དུ་བསྟེན་པ་དང་། གོམས་པར་བྱ་བ་དང་། ལེན་མང་དུ་བྱས་པས་དམྱལ་བ་དག་གི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་དེ་ཇི་ལྟར་ཞེ་ན། དེའི་ཕྱིར་འཁོར་དང་བཅས་པ་སྨོས་
པའི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྦྱོར་བ་ནི་སྲོག་གཅོད་པའི་འཁོར་ཡིན་ཏེ། དེར་སྦྱོར་བ་ལ་སྲོག་གཅོད་པ་བཏགས་ནས་དེ་སྐད་བཤད་དོ། །རྒྱུ་མཐུན་པའི་འབྲས་བུར་བཤད་པ་གང་ཡིན་པ་དེ་ཡང་རྣམ་པར་སྨིན་པའི་འབྲས་བུ་དང་། བདག་པོའི་འབྲས་བུ་དང་གཉིས་ལས་མི་འདའི།
འདྲ་བའི་ཁྱད་པར་ལས་དེ་སྐད་བཤད་པར་ཟད་དོ་ཞེས་བྱ་བ་ནི། ཡིད་དུ་འོང་བའི་སྲོག་གཅོད་པ་ལ་སོགས་པ་དང་འདྲ་བ་ལས་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ་ཞེས་བཤད་པར་ཟད་དོ། །གཟི་བྱིན་མེད་ཕྱིར་ཞེས་བྱ་བ་ལ། གཟི་བྱིན་ནི་སྙིང་གའི་ཕྱོགས་ན་ཡོད་དོ། །གཞན་དག་ལ་ཡང་དེ་
Vol. 145 · folio 69b
བཞིན་དུ་སྦྱར་བར་བྱའོ་ཞེས་བྱ་བ་ནི། མ་བྱིན་པར་ལེན་པས་ནི་རྫས་ཀྱི་བདག་པོ་ལ་སྡུག་བསྔལ་བསྐྱེད་པ་དང་། ལོངས་སྤྱོད་ཀྱིས་ཕོངས་པར་བྱས་པ་དང་། གཟི་བྱིན་མེད་པར་བྱས་པ་ཡིན་ཏེ། རྫས་ཀྱི་དབང་གིས་གཟི་བྱིན་ཅན་དུ་གྱུར་ན་དེའི་རྒྱུ་མེད་པར་བྱས་པའི་ཕྱིར་ཏེ། ལོངས་སྤྱོད་ཀྱིས་
ཕོངས་པར་བྱས་པས་དེ་ལ་གནོད་པའི་ཕྱིར་རོ། །གཞན་གྱི་ཆུང་མ་ལ་ཉལ་པོ་བྱེད་པས་ནི་གཞན་ལ་སྡུག་བསྔལ་སྐྱེད་པ་དང་། དགྲ་དང་བཅས་པའི་ཆུང་མ་ཅན་དུ་བྱས་པ་དང་། འཇིག་རྟེན་ན་གཟི་བྱིན་གང་། གང་གི་གཟི་དང་བཅས་པའོ། །ཞེས་ངེས་པར་བརྗོད་པའི་གཟི་བྱིན་མེད་པར་བྱས་པ་
ཡིན་ནོ། །དེ་བཞིན་དུ་གཞན་དག་ལ་ཡང་སྲིད་ཚད་དུ་སྦྱར་བར་བྱ་སྟེ། འདི་ནི་ཕྱོགས་ཡིན་ནོ། །ཐམས་ཅད་མི་དགེ་བ་ལས་བཟློག་སྟེ་སྦྱར་བར་བྱའོ་ཞེས་བྱ་བ་ནི། སྲོག་གཅོད་པ་སྤངས་པས་གཞན་ལ་སྡུག་བསྔལ་མ་བསྐྱེད་པ་དང་། མ་བསད་པ་དང་། གཟི་བྱིན་མེད་པར་མ་བྱས་པས་དེའི་
ཕྱིར་དེ་ལ་འབྲས་བུ་རྣམ་པ་གསུམ་འབྱུང་སྟེ། དེ་བཞིན་དུ་མ་བྱིན་པར་ལེན་པ་སྤངས་པས་རྫས་ཀྱི་བདག་པོ་ལ་སྡུག་བསྔལ་མ་བསྐྱེད་པ་དང་། ལོངས་སྤྱོད་ཀྱིས་ཕོངས་པར་མ་བྱས་པ་དང་། གཟི་བྱིན་མེད་པར་མ་བྱས་པ་དེའི་ཕྱིར་དེ་ལ་འབྲས་བུ་རྣམ་པ་གསུམ་འབྱུང་སྟེ། འདོད་པས་ལོག་པར་གཡེམ་
པ་སྤངས་པས། གཞན་ལ་སྡུག་བསྔལ་མ་བསྐྱེད་པ་དང་། དགྲ་དང་བཅས་པའི་ཆུང་མ་ཅན་དུ་མ་བྱས་པ་དང་། གཟི་བྱིན་མེད་པར་མ་བྱས་པ་དེའི་ཕྱིར་དེ་ལ་འབྲས་བུ་རྣམ་པ་གསུམ་འབྱུང་སྟེ། གཞན་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །ལས་ཀྱི་སྐབས་སུ་འདི་ཡང་དཔྱད་པར་བྱ་སྟེ། བཅོམ་
ལྡན་འདས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་གཉིས་ལས་ལོགས་ཤིག་བསྟན་ཏོ་ཞེས་བྱ་བ་ནི་ལོག་པའི་འཚོ་བ་ལོག་པའི་ངག་དང་ལས་ཀྱི་མཐའ་གཉིས་ལས་སོ། །དེ་ལྟར་བཤད་ན་ཆགས་པ་ལས་སྐྱེས་པའི་ལུས་དང་ངག་གི་ལས་གང་དག་ཡིན་པ་དེ་དག་ནི་ལོག་པའི་ངག་དང་ལས་ཀྱི་མཐའ་
ཡང་ཡིན་ལ། ལོག་པའི་འཚོ་བ་ཡིན་ཏེ། ཞེ་སྡང་དང་གཏི་མུག་གིས་ཀུན་ནས་བསླང་བ་གང་དག་ཡིན་པ་དེ་དག་ནི་ལོག་པའི་ངག་དང་ལས་ཀྱི་མཐའ་ཁོ་ན་ཡིན་ནོ། །ཆགས་པའི་ཆོས་ནི་འཕྲོག་པར་བྱེད་པ་ཡིན་པས་ཞེས་བྱ་བ་ལ། ཆགས་པའི་ཆོས་ནི་ཕྲ་མོ་ཡིན་ཡང་འཕྲོག་པར་བྱེད་པ་ཡིན་ནོ། །
Vol. 145 · folio 70a
ཤིན་ཏུ་མཁས་པ་རྣམས་ཀྱིས་ཀྱང་བསྲུང་བར་སླ་བ་མ་ཡིན་པའི་ཕྱིར་སྦྱོང་དཀའ་བའོ། །ཁྱིམ་པས་ལྟ་བ་སྦྱང་བར་དཀའ་བ་ཅིའི་ཕྱིར་ཞེ་ན། རྟག་ཏུ་ལྟ་བ་སྣ་ཚོགས་པའི་ཕྱིར་ཏེ། ངོ་མཚར་དང་། བཀྲ་ཤིས་དང་། གཟའ་དང་། རྒྱུ་སྐར་དང་། ཡུད་ཙམ་ལ་
སོགས་པའི་ལྟ་བ་ཅན་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ལ་འཚོ་བ་རག་ལུས་པའི། །ཞེས་བྱ་བ་ནི་དགེ་སློང་གི་ལུས་གནས་པའི་རྒྱུ་ཆོས་གོས་དང་བསོད་སྙོམས་དང་། མལ་སྟན་ལ་སོགས་པ་རྣམས་ནི་གཞན་ལ་རག་ལུས་པའི་དགེ་སློང་རྣམས་ཀྱིས་འཚོ་བ་སྦྱང་བར་དཀའོ། །ལོག་
པའི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ་ཞེས་བྱ་བ་ནི། མ་གནང་བའི་ཡུལ་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རོ། །ལས་ཀྱི་སྐབས་སུ་ལས་སུ་གཏོགས་པ་ཐམས་ཅད་བརྗོད་པར་བྱ་དགོས་པས་དེའི་ཕྱིར། གོང་དུ་འབྲས་བུ་ལྔ་བཤད་པ་གང་དག་ཡིན་པ་ཞེས་བྱ་བ་སྨོས་ཏེ། བདག་
པོའི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། རྣམ་པར་སྨིན་པའི་འབྲས་བུ་དང་། བྲལ་བའི་འབྲས་བུའོ། །དྲི་བཅས་སྤོང་བའི་ལམ་དག་གི། །ཞེས་བྱ་བ་ལ། སྤོང་བའི་ལམ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང་རྣམ་པ་གཉིས་ཡིན་ཏེ།
དེའི་ཕྱིར་དྲི་བཅས་ཞེས་བྱ་བ་སྨོས་སོ། །སྤོང་བའི་ཕྱིར་ལམ་ཡིན་པའམ་ཞེས་བྱ་བ་འབྱུང་སྟེ། སྤོང་བ་ནི་སོ་སོར་བརྟགས་པའི་འགོག་པའོ། །འདིས་ཉོན་མོངས་པ་སྤོང་བར་བྱེད་པས་ན་ཞེས་བྱ་བ་ནི། ཐོབ་པ་གཅོད་པའི་ཕྱིར་ཏེ། འདིར་ཚིག་རྣམ་པར་སྦྱར་བས་བྱས་པའི་ཁྱད་པར་ཡོད་ཀྱི་དོན་
གྱི་བྱས་པ་ནི་མེད་དེ། གཉི་གར་ཡང་བར་ཆད་མེད་པའི་ལམ་དང་སྦྱར་བའི་ཕྱིར་རོ། །རང་གི་སར་གཏོགས་པའི་རྣམ་པར་སྨིན་པ་ཡིད་དུ་འོང་བ་ཡིན་ནོ་ཞེས་བྱ་བ་ལ། རྣམ་པར་སྨིན་པའི་འབྲས་བུ་ནི་རྣམ་པར་སྨིན་པ་ལམ་ཟག་པ་དང་བཅས་པའི་ལས་གང་ཡིན་པ་དེའི་ས་གང་ཡིན་པ་དེར་ངེས་
པ་ཁོ་ནའོ། །ཏིང་ངེ་འཛིན་ལས་སྐྱེས་པའི་ཆོས་འདྲ་བ་ཕྱི་མ་རྣམས་སོ་ཞེས་བྱ་བ་ལ། རྒྱུ་མཐུན་པའི་འབྲས་བུ་ནི་ཆོས་འདྲ་བ་མཉམ་པ་དང་ལྷག་པ་དེའི་ཕྱི་ནས་སྐྱེས་པ་རྣམས་སོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་ཆོས་གང་དག་དེའི་སྟོབས་ཀྱིས་སྐྱེས་པ་རྣམས་སོ། །སྤངས་པ་དེ་ཡང་ཡིན་ནོ་
Vol. 145 · folio 70b
ཞེས་བྱ་བ་ནི་དེའི་སྟོབས་ཀྱིས་སྤངས་པ་ཐོབ་པའི་ཕྱིར་སྤངས་པ་ཡང་སྐྱེས་བུ་བྱེད་པའི་འབྲས་བུར་རྣམ་པར་གཞག་གོ། །གཞན་དག་ན་རེ་སྤངས་པ་ཡང་ལམ་གྱི་བདག་པོའི་འབྲས་བུར་རིགས་ཏེ། དེའི་དབང་གིས་དེ་མངོན་སུམ་དུ་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ། །རྣམ་པར་སྨིན་པའི་འབྲས་བུ་
མ་གཏོགས་སོ་ཞེས་བྱ་བ་ནི། ཟག་པ་མེད་པ་ལ་རྣམ་པར་སྨིན་པའི་འབྲས་བུ་མེད་པའི་ཕྱིར་རོ། །རྒྱུ་མཐུན་པའི་འབྲས་བུ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་ཆོས་ཕྱི་མ་རྣམས་སོ། །བྲལ་བའི་འབྲས་བུ་ནི་བྲལ་བ་ཁོ་ནའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་དེས་དྲངས་པའི་ཆོས་འདི་ལྟ་སྟེ། རྣམ་པར་གྲོལ་
བའི་ལམ་དང་། དེ་དང་ལྷན་ཅིག་འབྱུང་བ་དང་། གང་ཡང་མ་འོངས་པ་འཐོབ་པ་དང་། སྤངས་པ་དེ་ཡང་ཡིན་ནོ། །བདག་པོའི་འབྲས་བུ་ནི་སྔར་བྱུང་བ་མ་གཏོགས་པ་རང་གི་ངོ་བོ་ལས་གཞན་པའི་འདུ་བྱེད་ཐམས་ཅད་དོ། །སྤོང་བའི་ལམ་ལས་གཞན་པའི་ལས། །ཞེས་བྱ་བ་ནི། སྦྱོར་བ་དང་
རྣམ་པར་གྲོལ་བ་དང་། ཁྱད་པར་གྱི་ལམ་གྱིས་བསྡུས་པ་དང་། སྦྱིན་པའི་སེམས་པ་ལ་སོགས་པ་གང་ཡིན་པ་དང་། མི་དགེ་བ་གང་ཡིན་པའོ། །བྲལ་བའི་འབྲས་བུ་མ་གཏོགས་སོ་ཞེས་བྱ་བ་ནི། དེས་ཉོན་མོངས་པ་སྤོང་བ་ནི་མ་ཡིན་ཏེ། བར་ཆད་མེད་པའི་ལམ་ཁོ་ན་བྲལ་བའི་འབྲས་བུ་
དང་འབྲེལ་པའི་ཕྱིར་རོ། །དེའི་རྣམ་པར་སྨིན་པའི་འབྲས་བུ་ནི་རང་གི་སར་གཏོགས་པའི་རྣམ་པར་སྨིན་པ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་པ་ཡིན་ཏེ། དགེ་བ་ཟག་པ་དང་བཅས་པ་ཡིན་པའི་ཕྱིར་དང་། མི་དགེ་བ་ཡིན་པའི་ཕྱིར་རོ། །རྒྱུ་མཐུན་པའི་འབྲས་བུ་ནི་ཆོས་འདྲ་བ་མཉམ་པ་དང་ལྷག་པ་ཕྱི་
ནས་སྐྱེས་པ་རྣམས་སོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་དེ་དང་ལྷན་ཅིག་འབྱུང་བ་དང་དེའི་སྟོབས་ཀྱིས་སྐྱེ་བ་གང་དག་ཡིན་པ་དེ་དག་གོ། །བདག་པོའི་འབྲས་བུ་ནི་སྔར་བྱུང་བ་མ་གཏོགས་པ་རང་གི་ངོ་བོ་ལས་གཞན་པའི་འདུ་བྱེད་ཐམས་ཅད་དོ། །ཟག་པ་མེད་པའི་ལྷག་མ་དང་། །ཞེས་བྱ་
བ་ནི་སྦྱོར་བ་དང་རྣམ་པར་གྲོལ་བ་དང་། ཁྱད་པར་གྱི་ལམ་གྱིས་བསྡུས་པ་དེ་ནི་བར་ཆད་མེད་པའི་ལམ་མ་ཡིན་པའི་ཕྱིར་བྲལ་བའི་འབྲས་བུ་ཡང་མེད་ལ། ཟག་པ་མེད་པ་ཡིན་པའི་ཕྱིར་དང་། ལུང་དུ་མ་བསྟན་པའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་ཡང་མེད་དོ། །འདིར་ཡང་རྒྱུ་མཐུན་
Vol. 145 · folio 71a
པ་དང་སྐྱེས་བུ་བྱེད་པ་དང་། བདག་པོའི་འབྲས་བུ་དག་ནི་གོང་མ་བཞིན་དུ་བརྗོད་པར་བྱའོ། །ལས་དགེ་བའི་འབྲས་བུ་ཆོས་དགེ་བ་བཞི་སྟེ་ཞེས་བྱ་བ་ནི། རིགས་ཡོངས་སུ་བཟུང་སྟེ། དེ་སྐད་བཤད་དེ། བྲལ་བ་ནི་དགེ་བ་ཐམས་ཅད་ཀྱི་འབྲས་བུ་མ་ཡིན་པའི་ཕྱིར་རོ། །
བྲལ་བ་ནི་རྒྱུ་མཐུན་པའི་འབྲས་བུ་འམ་བདག་པོའི་འབྲས་བུ་ཡང་མ་ཡིན་ལ། དགེ་བ་འདུས་བྱས་རྣམས་ཀྱང་བྲལ་བའི་འབྲས་བུ་མ་ཡིན་ཏེ། བྲལ་བ་འདུས་མ་བྱས་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པ་ནི་ལུང་དུ་མ་བསྟན་པའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་སོ་ཞེས་བྱ་བ་སྨོས་སོ། །
མི་དགེ་བ་གཉིས་ཏེ། སྐྱེས་བུ་བྱེད་པ་དང་། བདག་པོའི་འབྲས་བུ་དང་གཉིས་སོ། །དེ་ལ་སྐྱེས་བུ་བྱེད་པའི་འབྲས་བུ་ནི་གང་དག་དེའི་སྟོབས་ལས་སྐྱེས་པའོ། །བདག་པོའི་འབྲས་བུ་ནི་སྔར་བྱུང་བ་མ་གཏོགས་སོ། །མི་དགེ་བའི་ཆོས་ཐམས་ཅད་ཉིད་དོ། །རྒྱུ་མཐུན་པའི་འབྲས་བུ་ནི་མེད་དེ།
མི་འདྲ་བའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་ཡང་མེད་དེ། ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རོ། །བྲལ་བའི་འབྲས་བུ་ཡང་མེད་དེ། འདུས་བྱས་ཡིན་པའི་ཕྱིར་དང་། ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རོ། །ལུང་དུ་མ་བསྟན་པ་གསུམ་སྟེ། རྒྱུ་མཐུན་པ་དང་བྲལ་བའི་འབྲས་བུ་མ་
གཏོགས་སོ། །འདི་ལྟར་ལུང་དུ་མ་བསྟན་པ་རྣམས་ནི་དགེ་བ་དང་འདྲ་བ་མ་ཡིན་པའི་རྒྱུ་མཐུན་པའི་འབྲས་བུ་མེད་ལ། བྲལ་བའི་འབྲས་བུ་ཡང་མེད་དེ། བྲལ་བའི་འབྲས་བུ་ནི་དགེ་བ་འདུས་མ་བྱས་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་ནི་རང་སར་གཏོགས་པའི་རྣམ་པར་སྨིན་
པ་ཡིད་དུ་འོང་བའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི། གང་དག་དེའི་སྟོབས་ཀྱིས་སྐྱེ་བ་འདི་ལྟ་སྟེ། མཇུག་ཐོགས་སུ་འབྱུང་བ་རྣམས་སོ། །བདག་པོའི་འབྲས་བུ་ནི་སྔར་བྱུང་བ་མ་གཏོགས་པ་ལུང་དུ་མ་བསྟན་པ་ཐམས་ཅད་ཁོ་ནའོ། །ལས་མི་དགེ་བའི་འབྲས་བུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ།
སྐྱེས་བུ་བྱེད་པའི་འབྲས་བུ་ནི་དེའི་མཇུག་ཐོགས་སུ་འབྱུང་བའི་ཆོས་དགེ་བ་རྣམས་སོ། །བདག་པོའི་འབྲས་བུ་ནི་སྔར་སྐྱེས་པ་མ་གཏོགས་པ་དགེ་བའི་ཆོས་ཐམས་ཅད་ཁོ་ནའོ། །རྒྱུ་མཐུན་པའི་འབྲས་བུ་མེད་དེ། མི་འདྲ་བའི་ཕྱིར་རོ། །རྣམ་པར་སྨིན་པ་ལུང་དུ་མ་བསྟན་པ་ཡིན་པས་རྣམ་
Vol. 145 · folio 71b
པར་སྨིན་པའི་འབྲས་བུ་ཡང་མེད་དོ། །བྲལ་བའི་འབྲས་བུ་ཡང་མེད་དེ། འདུས་བྱས་ཡིན་པའི་ཕྱིར་རོ། །མི་དགེ་བ་ནི་གསུམ་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་དེ་དང་ལྷན་ཅིག་འབྱུང་བ་དང་། དེའི་མཇུག་ཐོགས་སུ་སྐྱེས་པའོ། །བདག་པོའི་འབྲས་བུ་ནི་སྔར་བྱུང་བ་མ་གཏོགས་པ་མི་དགེ་བ་
ཐམས་ཅད་དོ། །སྔར་སྐྱེས་པའི་རྒྱུ་མཐུན་པའི་འབྲས་བུ་ནི་རིགས་མཐུན་པ་ཁྱད་པར་དང་བཅས་པ་རྣམས་སོ། །རྣམ་པར་སྨིན་པའི་འབྲས་བུའམ། བྲལ་བའི་འབྲས་བུ་ནི་མེད་དེ། ཉོན་མོངས་པ་ཅན་ཡིན་པའི་ཕྱིར་དང་། འདུས་བྱས་ཡིན་པའི་ཕྱིར་རོ། །ལུང་དུ་མ་བསྟན་པ་ནི་བཞི་སྟེ་
ཞེས་བྱ་བ་ནི་བྲལ་བའི་འབྲས་བུ་ནི་མ་གཏོགས་པ་སྟེ། བྲལ་བ་ནི་དགེ་བ་རྟག་པ་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་ནི་རང་གི་སར་གཏོགས་པའི་རྣམ་པར་སྨིན་པ་ཡིད་དུ་མི་འོང་བའོ། །གལ་ཏེ་ཆོས་འདྲ་བ་རྣམས་ཁོ་ན་སྔར་སྐྱེས་པ་དག་གི་རྒྱུ་མཐུན་པའི་འབྲས་བུ་ཡིན་པ་བོར་ནས།
ལུང་དུ་མ་བསྟན་པ་མི་འདྲ་བ་རྣམས་མི་དགེ་བ་དག་གི་རྒྱུ་མཐུན་པའི་འབྲས་བུར་ཇི་ལྟར་བརྗོད་ཅེ་ན། དེའི་ཕྱིར་ལུང་དུ་མ་བསྟན་པ་ཞེས་བྱ་བ་རྒྱས་པར་སྨོས་སོ། །རྒྱུ་མཐུན་པའི་འབྲས་བུ་ནི་ཀུན་དུ་འགྲོ་བ་དང་སྐལ་བ་མཉམ་པའི་རྒྱུ་དག་གི་ཡིན་པར་རྣམ་པར་གཞག་སྟེ། དེ་ལ་འཇིག་ཚོགས་
དང་མཐར་འཛིན་པར་ལྟ་བ་དག་ནི་ལུང་དུ་མ་བསྟན་པ་ཡིན་དུ་ཟིན་ཀྱང་། ཉོན་མོངས་པ་ཅན་ཉིད་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཉིད་དུ་འདྲ་བའི་ཕྱིར། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཀུན་དུ་འགྲོ་བའི་རྒྱུ་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་སྐལ་བ་མཉམ་
པའི་རྒྱུའི་རྒྱུ་མཐུན་པའི་འབྲས་བུར་རྣམ་པར་གཞག་པས་འགལ་བ་མེད་དོ། །ལས་ལུང་དུ་མ་བསྟན་པའི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་དགེ་བའི་ཆོས་གང་དག་དེའི་མཇུག་ཐོགས་སུ་འབྱུང་བ་དེ་དག་གོ། །བདག་པོའི་འབྲས་བུ་ནི་སྔར་བྱུང་བ་མ་གཏོགས་པ་དགེ་
བའི་ཆོས་ཐམས་ཅད་ཉིད་དོ། །རྒྱུ་མཐུན་པའི་འབྲས་བུ་མེད་དེ། མི་འདྲ་བའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་ཡང་མེད་དེ། དགེ་བ་ཡིན་པའི་ཕྱིར་རོ། །བྲལ་བའི་འབྲས་བུ་ཡང་མེད་དེ། འདུས་བྱས་ཡིན་པའི་ཕྱིར་རོ། །མི་དགེ་བ་ནི་གསུམ་སྟེ་ཞེས་བྱ་བ་ནི་རྒྱུ་མཐུན་པའི་འབྲས་བུ་
Vol. 145 · folio 72a
བཅུག་སྟེའོ། །མི་དགེ་བ་ཡང་ལུང་དུ་མ་བསྟན་པ་རྣམས་ཀྱི་འབྲས་བུ་ཡིན་པ་ནི་ཡོད་དེ། དཔེར་ན་ཆོས་མི་དགེ་བས་རིས་ལྔ་པ་རྣམས་འཇིག་ཚོགས་དང་མཐར་འཛིན་པར་ལྟ་བ་གཉིས་པའི་འབྲས་བུ་བཅུག་སྟེའོ། །མི་དགེ་བ་ཡང་ལུང་དུ་མ་བསྟན་པ་རྣམས་ཀྱི་འབྲས་བུ་ཡིན་
པ་བཞིན་ནོ། །ལུང་དུ་མ་བསྟན་པའི་ཆོས་ནི་གསུམ་སྟེ། དེ་དག་ཁོ་ན་ཡིན་ནོ་ཞེས་བྱ་བ་ལ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་ལྷན་ཅིག་འབྱུང་བ་དང་། མཇུག་ཐོགས་སུ་འབྱུང་བ་དག་གོ། །བདག་པོའི་འབྲས་བུ་ནི་སྔར་བྱུང་བ་མ་གཏོགས་པ་ཐམས་ཅད་དོ། །རྒྱུ་མཐུན་པའི་འབྲས་བུ་ནི་
ཆོས་འདྲ་བ་ཕྱིས་སྐྱེས་པ་རྣམས་སོ། །རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་དག་ནི་མེད་དེ། ལུང་དུ་མ་བསྟན་པ་རྣམས་ལ་རྣམ་པར་སྨིན་པའི་འབྲས་བུ་མེད་པའི་ཕྱིར་དང་ཉོན་མོངས་པའི་གཉེན་པོ་མ་ཡིན་པའི་ཕྱིར་རོ། །འདས་པའི་ཐམས་ཅད་གཞི་ཡིན་ནོ། །ཞེས་བྱ་བ་འབྱུང་སྟེ། འདིར་རིགས་
ཡོངས་སུ་བཟུང་ནས་དེ་སྐད་དུ་བཤད་ཀྱི་འདས་པ་ཐམས་ཅད་འདས་པ་ཐམས་ཅད་ཀྱི་འབྲས་བུ་རྣམ་པ་བཞི་ནི་མ་ཡིན་ནོ། །བྲལ་བའི་འབྲས་བུ་མ་གཏོགས་སོ་ཞེས་བྱ་བ་ནི་དེ་འདུས་མ་བྱས་ཡིན་པ་ཉིད་ཀྱི་དུས་སུ་མ་གཏོགས་པའི་ཕྱིར་རོ། །ལས་དགེ་བ་དང་ཟག་པ་དང་བཅས་པ་དང་། མི་དགེ་བ་འདས་པ་
རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་རྣམ་པར་སྨིན་པ་འདས་པའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་འདས་པའི་ལས་དང་ལྷན་ཅིག་འབྱུང་བ་དང་། དེའི་སྟོབས་ཀྱིས་སྐྱེས་པའི་ཆོས་འདས་པ་རྣམས་སོ། །བདག་པོའི་འབྲས་བུ་ནི་དེའི་རང་གི་ངོ་བོ་མ་གཏོགས་པ་དེ་དག་དང་ལྷན་ཅིག་འབྱུང་བ་དང་། ཕྱིས་འབྱུང་
བ་འདས་པ་རྣམས་སོ། །རྒྱུ་མཐུན་པའི་འབྲས་བུ་ནི་འདྲ་བ་ཕྱིས་བྱུང་བ་འདས་པ་རྣམས་ཁོ་ནའོ། །དེ་བཞིན་དུ་འབྲས་བུ་ད་ལྟར་བ་ཡང་བཞི་སྟེ། འདས་པའི་རྣམ་པར་སྨིན་པའི་འབྲས་བུ་ནི་རྣམ་པར་སྨིན་པ་ད་ལྟར་བའོ། །རྒྱུ་མཐུན་པའི་འབྲས་བུ་ནི་སྔར་མ་བྱུང་བའི་ཆོས་འདྲ་བ་ད་ལྟར་བ་རྣམས་སོ། །སྐྱེས་
བུ་བྱེད་པའི་འབྲས་བུ་ནི་ཆོས་ད་ལྟར་བ་འདས་པའི་ལས་ཀྱི་སྟོབས་ཀྱིས་སྐྱེས་པ་རྣམས་སོ། །བདག་པོའི་འབྲས་བུ་ནི་ད་ལྟར་བ་ཐམས་ཅད་ཁོ་ནའོ། །མ་འོངས་པ་དག་ཀྱང་དེ་དང་འདྲ་བར་བརྗོད་པར་བྱ་སྟེ། འདས་པའི་རྣམ་པར་སྨིན་པའི་འབྲས་བུ་ནི་རྣམ་པར་སྨིན་པ་མ་འོངས་པའོ། །རྒྱུ་མཐུན་པའི་
Vol. 145 · folio 72b
འབྲས་བུ་ནི་ཆོས་འདྲ་བ་མ་འོངས་པ་རྣམས་སོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་གང་དག་དེའི་སྟོབས་ཀྱིས་སྐྱེ་བར་འགྱུར་བ་རྣམས་སོ། །བདག་པོའི་འབྲས་བུ་ནི་ཐམས་ཅད་ཁོ་ནའོ། །བར་མའི་ནི་མ་འོངས་པ་འང་ཞེས་བྱ་བ་ནི་འབྲས་བུ་བཞི་སྟེ་ཞེས་བྱ་བར་སྦྱར་རོ། །དེའི་སྐྱེས་བུ་བྱེད་པའི་འབྲས་བུ་ནི་དེའི་
མཇུག་ཐོགས་སུ་སྐྱེ་བ་མ་འོངས་པ་རྣམས་སོ། །བདག་པོའི་འབྲས་བུ་ནི་མ་འོངས་པ་ཐམས་ཅད་ཁོ་ནའོ། །རྣམ་པར་སྨིན་པའི་འབྲས་བུ་ནི་དེའི་རྣམ་པར་སྨིན་པ་མ་འོངས་པའོ། །རྒྱུ་མཐུན་པའི་འབྲས་བུ་ནི་དེ་དང་འདྲ་བ་མ་འོངས་པ་རྣམས་སོ། །ད་ལྟར་བྱུང་བའི་ལས་ཀྱི་ད་ལྟར་བ་ནི་གཉིས་ཏེ། སྐྱེས་བུ་
བྱེད་པ་དང་བདག་པོའི་འབྲས་བུ་དག་གོ་ཞེས་བྱ་བ་ལ། དེའི་སྐྱེས་བུ་བྱེད་པའི་འབྲས་བུ་ནི་ལྷན་ཅིག་སྐྱེས་པ་ཡིན་ནོ། །བདག་པོའི་འབྲས་བུ་དེ་དང་གཞན་དུས་མཉམ་དུ་སྐྱེས་པ་ཡིན་ནོ། །ད་ལྟར་བའི་རྒྱུ་མཐུན་པའི་འབྲས་བུ་དང་། རྣམ་པར་སྨིན་པའི་འབྲས་བུ་ད་ལྟར་བ་ནི་མེད་དེ། དེར་རྒྱུ་དང་འབྲས་
བུ་དག་དུས་སྔ་ཕྱིར་ངེས་པའི་ཕྱིར་རོ། །མ་སྐྱེས་པའི་འབྲས་བུ་མ་འོངས་པ་གསུམ་ཡིན་ནོ་ཞེས་བྱ་བ་འབྱུང་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་གང་དག་དེའི་སྟོབས་ལ་རག་ལས་ཏེ། འབྱུང་བ་དེ་དག་གོ། །བདག་པོའི་འབྲས་བུ་ནི་རང་གི་ངོ་བོ་མ་གཏོགས་པ་ཐམས་ཅད་དོ། །རྣམ་པར་སྨིན་པའི་འབྲས་
བུ་ནི་དགེ་བ་ཟག་པ་དང་བཅས་པ་དང་། མི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་མ་འོངས་པའོ། །མ་སྐྱེས་པ་རྣམས་ནི་སྐལ་བ་མཉམ་པ་དང་། ཀུན་དུ་འགྲོ་བའི་རྒྱུ་ཉིད་མ་ཡིན་པས་རྒྱུ་མཐུན་པའི་འབྲས་བུ་མ་འོངས་པ་མེད་དོ། །བྲལ་བའི་འབྲས་བུ་ཡང་མེད་དོ། །དུས་སུ་མ་གཏོགས་པའི་ཕྱིར་རོ། །
རང་གི་ས་པ་བཞི་ཡིན་ནོ། །ཞེས་བྱ་བ་ལ། འདི་ཡང་སྲིད་ཚད་ཀྱི་དབང་དུ་བྱས་ནས་བཤད་ཀྱི། རང་གི་ས་པ་ཐམས་ཅད་ཀྱི་འབྲས་བུ་རང་གི་ས་པའི་ཆོས་བཞི་པ་ཐམས་ཅད་ནི་མ་ཡིན་ནོ། །ཟག་པ་མེད་པ་ལ་ཡང་རྣམ་པར་སྨིན་པའི་འབྲས་བུ་མེད་མོད་ཀྱི། རང་གི་ས་པའི་ཆོས་འདོད་པ་ན་སྤྱོད་པ་ནས་སྲིད་
པའི་རྩེ་མོ་པའི་བར་ཅི་རིགས་པར་ལས་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་འབྲས་བུ་བཞིར་འགྱུར་རོ། །བྲལ་བའི་འབྲས་བུ་མ་གཏོགས་སོ། །ཞེས་བྱ་བ་ནི་བྲལ་བ་པས་མ་བསྡུས་པའི་ཕྱིར་རོ། །དེ་ལ་རང་གི་ས་པའི་ཆོས་ཟག་པ་དང་བཅས་པ་རྣམས་ནི་ལས་ཟག་པ་དང་བཅས་པའི་འབྲས་བུ་བཞི་ཡིན་
Vol. 145 · folio 73a
ལ། ཟག་པ་མེད་པ་རྣམས་ནི་སྐྱེས་བུ་བྱེད་པའི་འབྲས་བུ་དང་། བདག་པོའི་འབྲས་བུ་ཡིན་ནོ། །ཟག་པ་མེད་པ་རྣམས་ནི་ཟག་པ་མེད་པའི་འབྲས་བུ་གསུམ་ཡིན་ཏེ། རྣམ་པར་སྨིན་པ་དང་། བྲལ་བའི་འབྲས་བུ་མ་གཏོགས་སོ། །ཟག་པ་དང་བཅས་པ་ནི་གཉིས་ཡིན་ཏེ།
རྣམ་པར་སྨིན་པ་དང་རྒྱུ་མཐུན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ། །དེ་ལྟར་ན་རང་གི་ས་པའི་ཆོས་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་རྣམས་ནི་མདོར་བསྡུས་ཏེ་ལས་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་འབྲས་བུ་བཞིར་འགྱུར་རོ། །གཞན་གྱི་ས་པ་གསུམ་དང་། གཉིས་
ཞེས་བྱ་བ་ལ། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་དབྱེ་བས་ཕྱེ་ནས་བསྟན་ཏེ། ཟག་པ་མེད་པའི་ལས་ཀྱི་འབྲས་བུ་ཟག་པ་མེད་པའི་ཆོས་གཞན་གྱི་ས་པ་ནི་གསུམ་སྟེ། སྐྱེས་བུ་བྱེད་པ་དང་། བདག་པོ་དང་། རྒྱུ་མཐུན་པའི་འབྲས་བུ་རྣམས་སོ། །ས་དགུའི་ལམ་ནི་ཕན་ཚུན་དུ། མཉམ་
དང་ཁྱད་པར་ཅན་ཡིན་ཞེས་འབྱུང་བས། སྐལ་བ་མཉམ་པའི་རྒྱུ་ཡིན་པས་ཟག་པ་མེད་པའི་ཆོས་མཉམ་པ་དང་། ཁྱད་པར་ཅན་རྣམས་གཞན་གྱི་ས་པ་ཡིན་དུ་ཟིན་ཀྱང་། གཞན་གྱི་ས་པའི་ལས་ཟག་པ་མེད་པའི་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ། །ཁམས་སུ་མ་གཏོགས་པའི་ཕྱིར་རོ་ཞེས་བྱ་
བ་ནི། ཟག་པ་མེད་པའི་ལས་ནི་ཁམས་སུ་མ་གཏོགས་པའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་མི་སྲིད་དོ། །བྲལ་བ་ཡང་ཁམས་སུ་མ་གཏོགས་པའི་ཕྱིར་གཞན་གྱི་ས་པ་ཉིད་མི་སྲིད་དོ། །གཞན་གྱི་ས་པའི་ཆོས་ཟག་པ་དང་བཅས་པ་རྣམས་ནི་དེ་ཉིད་ཀྱི་གཉིས་ཡིན་ཏེ། སྐྱེས་བུ་བྱེད་པ་དང་། བདག་
པོའི་འབྲས་བུ་དག་གོ། །དེ་བཞིན་དུ་གཞན་གྱི་ས་པའི་ཆོས་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་རྣམས་ཀྱང་ཟག་པ་དང་བཅས་པའི་ལས་ཀྱི་གཉིས་ཡིན་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་དག་གོ། །རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་སོ་ཞེས་བྱ་བ་
འབྱུང་སྟེ། སློབ་པ་འམ་མི་སློབ་པ་ནི་རྣམ་པར་སྨིན་པའི་འབྲས་བུ་འམ་བྲལ་བའི་འབྲས་བུ་མེད་དོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཆོས་དག་ནི་ཟག་པ་དང་བཅས་པ་དང་། འདུས་མ་བྱས་ཡིན་ནོ་ཞེས་བཤད་
Vol. 145 · folio 73b
དོ། །དེ་ལ་སློབ་པའི་ལས་རྣམ་པར་སྨིན་པའི་འབྲས་བུ་ནི་མེད་དེ། སྲེད་པས་མ་བརླན་པའི་ཕྱིར་རོ། །འཇིག་རྟེན་པའི་རྒྱུ་མཐུན་པའི་འབྲས་བུ་ཡང་མེད་དེ། མི་འདྲ་བའི་ཕྱིར་རོ། །བྲལ་བའི་འབྲས་བུ་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ཡིན་ན། དེ་ཡང་སློབ་པའི་ལས་ལ་ཡོད་པ་གསུམ་
ཡིན་ནོ། །སློབ་པའི་ཆོས་ནི་གཅིག་སྟེ་བདག་པོའི་འབྲས་བུའོ། །རྒྱུ་མཐུན་པའི་འབྲས་བུ་ནི་མེད་དེ། དམན་པའི་ཕྱིར་རོ། །ལྷན་ཅིག་དང་མཇུག་ཐོགས་སུ་སྐྱེ་བ་མེད་པའི་ཕྱིར་སྐྱེས་བུ་བྱེད་པའི་འབྲས་བུ་ཡང་མེད་དོ། །མི་སློབ་པའི་མཇུག་ཐོགས་སུ་སློབ་པ་ནི་མི་འབྱུང་སྟེ། ཡོངས་སུ་ཉམས་
པའི་ཚེ་ན་ཡང་ཉོན་མོངས་པ་ཀུན་དུ་འབྱུང་བས་བར་དུ་ཆོད་པའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་དང་། བྲལ་བའི་འབྲས་བུ་ནི་སློབ་པ་ཡང་མ་ཡིན་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ཡིན་ནོ། །མི་སློབ་པ་ནི་གསུམ་སྟེ། རྣམ་པར་སྨིན་པའི་འབྲས་བུ་དང་། བྲལ་བའི་འབྲས་བུ་དག་མ་གཏོགས་སོ། །
ཞེས་བྱ་བ་ལ། དེ་དག་ནི་སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ཉིད་ཡིན་པས་བསལ་ཏོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་དེའི་སྟོབས་ཀྱིས་སྐྱེས་པ་རྣམས་སོ། །བདག་པོའི་འབྲས་བུ་ནི་སྔར་བྱུང་བ་མ་གཏོགས་པ་
ཐམས་ཅད་དོ། །བྲལ་བའི་འབྲས་བུ་ནི་བར་ཆད་མེད་པའི་ཡིན་ནོ། །མི་སློབ་པ་ནི་བར་ཆད་མེད་པའི་ལམ་ནི་མེད་པས་མི་སློབ་པ་རྣམས་ལ་བྲལ་བའི་འབྲས་བུ་མེད་དོ། །དེ་ལས་གཞན་པའི་འབྲས་བུ་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་ལ་རྒྱུ་མཐུན་
པའི་འབྲས་བུ་སློབ་པ་དང་མི་སློབ་པ་ནི་མེད་དེ། མི་འདྲ་བའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་ཡང་མེད་དེ། ཁམས་སུ་མ་གཏོགས་པའི་ཕྱིར་རོ། །བྲལ་བའི་འབྲས་བུ་ཡང་མེད་དེ། འདུས་བྱས་ཡིན་པའི་ཕྱིར་རོ། །འབྲས་བུ་ལྔ་ཆར་ཡིན་ནོ་ཞེས་བྱ་བ་ལ། སྤོང་བའི་ལས་ཀྱིས་བསྡུས་
པའི་ལས་འཇིག་རྟེན་པ་ལ་བྲལ་བའི་འབྲས་བུ་ཡང་ཡོད་དོ། །རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་དག་མ་གཏོགས་སོ་ཞེས་བྱ་བ་ནི། རྣམ་པར་སྨིན་པ་འམ་བྲལ་བ་ནི་མཐོང་བས་སྤང་བར་བྱ་བ་ཡོད་པ་མ་ཡིན་པས་སེལ་བར་བྱེད་དོ། །བྲལ་བའི་འབྲས་བུ་མ་གཏོགས་ཞེས་བྱ་བ་ནི་བྲལ་བ་བསྒོམ་
Vol. 145 · folio 74a
པས་སྤང་བར་བྱ་བ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཀུན་དུ་འགྲོ་བ་དང་མཚུངས་པར་ལྡན་པའི་ལས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ནི་བསྒོམ་པས་སྤང་བར་བྱ་བའི་ཆོས་ཉོན་མོངས་པ་ཅན་རྣམས་སོ། །རྣམ་པར་སྨིན་པ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཡིན་
པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་མི་དགེ་བ་དག་དང་མཚུངས་པར་ལྡན་པའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །གཅིག་སྟེ་བདག་པོའི་འབྲས་བུའོ་ཞེས་བྱ་བ་ལ། དེའི་སྟོབས་ཀྱིས་མི་སྐྱེ་བའི་ཕྱིར་སྐྱེས་བུ་བྱེད་པའི་འབྲས་བུ་ནི་མེད་དོ། །བསྒོམ་
པས་སྤང་བར་བྱ་བའི་ལས་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་ལ། རྒྱུ་མཐུན་པའི་འབྲས་བུ་ནི་མེད་དེ། ཀུན་དུ་འགྲོ་བ་མ་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པའི་འབྲས་བུ་ཡང་མེད་དེ། རྣམ་པར་སྨིན་པ་མཐོང་བས་སྤང་བར་བྱ་བ་མེད་པའི་ཕྱིར་རོ། །བྲལ་བའི་འབྲས་བུ་ཡང་མེད་དེ། བྲལ་བའི་འབྲས་བུ་
སྤང་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་མ་གཏོགས་སོ་ཞེས་བྱ་བ་ནི། སྤང་བར་བྱ་བ་ཡིན་པའི་ཕྱིར་དང་། མི་འདྲ་བའི་ཕྱིར་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་འབྲས་བུ་ཉིད་ཡིན་པ་སེལ་བར་བྱེད་དོ། །སྤང་བར་བྱ་བ་མ་ཡིན་པའི་ལས་ཀྱི་འབྲས་བུ་
ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྤང་བར་བྱ་བ་མ་ཡིན་པའི་ལས་ཀྱི་མཇུག་ཐོགས་སམ། ལྷན་ཅིག་ཏུ་མཐོང་བས་སྤང་བར་བྱ་བ་སྐྱེ་བ་ནི་ཡོད་པ་མ་ཡིན་པས་སྐྱེས་བུ་བྱེད་པའི་འབྲས་བུ་མེད་དོ། །བསྒོམ་པས་སྤང་བའི་སེམས་ནི་སྤང་བར་བྱ་བ་མ་ཡིན་པའི་ལས་ཀྱི་མཇུག་ཐོགས་སུ་འབྱུང་བས་
སྐྱེས་བུ་བྱེད་པའི་འབྲས་བུ་ཡང་བསྒོམ་པས་སྤང་བར་བྱ་བ་ཡིན་ནོ། །རྣམ་པར་སྨིན་པའི་འབྲས་བུ་མ་གཏོགས་སོ་ཞེས་བྱ་བ་ནི། རྣམ་པར་སྨིན་པ་སྤང་བར་བྱ་བ་མ་ཡིན་པ་མེད་པས་མ་གཏོགས་སོ། །དབུས་སུ་ཡང་ཐོག་མ་དང་། ཐ་མ་དེ་བཞིན་ཤེས་པར་བྱ་བའི་ཕྱིར་ཏེ་ཞེས་བྱ་བ་ནི་མ་སྨོས་ཀྱང་
དབུས་སུ་ཡང་གོ་རིམས་བཞིན་ཞེས་བྱ་བའི་སྒྲ་ཅི་ནས་ཀྱང་ཤེས་པར་བྱ་བའི་ཕྱིར་རོ། །ཇི་ལྟར་ཞེ་ན། དེའི་ཕྱིར་དེ་ནི་མཐུན་པར་སྦྱར་བའི་ཆོས་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདི་ནི་མདོར་བསྡུས་པའི་ཚུལ་ཡིན་ནོ། །མི་དགེའི་དགེ་སོགས་གཉིས་དང་ནི། །གསུམ་དང་བཞི་སྟེ་གོ་རིམས་བཞིན། །
Vol. 145 · folio 74b
ཞེས་ཐོག་མར་ཡང་གོ་རིམས་ཞེས་བྱ་བའི་སྒྲ་སྦྱར་ལ། སྤང་བྱ་མིན་པའི་དེ་དག་གཅིག །གཉིས་དང་བཞི་སྟེ་གོ་རིམས་བཞིན། །ཞེས་ཐ་མར་ཡང་སྦྱར་བ་ཡིན་ནོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ལ། ཡིད་ལ་བྱེད་པས་ན་ཡིད་ལ་བྱེད་པ་སྟེ། ཡིད་
ཡུལ་དག་ལ་རངས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཚུལ་ནི་ཐབས་སོ། །ཚུལ་བཞིན་དུ་མིན་པའི་ཚུལ་བཞིན་མ་ཡིན་པ་སྟེ། ཚུལ་བཞིན་མ་ཡིན་ཞིང་ཐབས་བཞིན་མ་ཡིན་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའོ། །གཞན་དག་ན་རེ་ཆོ་ག་ཉམས་པ་ཡང་ཡིན་ཏེ་ཞེས་བྱ་བ་ནི་ཉོན་
མོངས་པ་ཅན་འབའ་ཞིག་ཏུ་མ་ཟད་པའོ། །ཆོ་ག་ཉམས་པ་གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་པས་སྐྱེས་པ་ཡིན་ཏེ། མི་རིགས་པ་བྱེད་པའི་ཕྱིར་རོ། །འགྲོ་བ་དང་གནས་པ་དང་། བཟའ་བ་ལ་སོགས་པ་རྣམས་ནི་རང་རང་གི་ཆོ་ག་ཉམས་པ་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲ་ནི་
ངག་གི་ལས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྟགས་དང་དུས་དང་། བྱེད་པ་མི་མཐུན་པའི་ཕྱིར་མི་རིགས་པ་བྱས་པས་རིགས་པ་མ་ཡིན་པས་བསྐྱེད་པ་དང་། ཆོ་ག་ཉམས་པའི་ལུས་དང་། ངག་གི་ལས་ཀུན་ནས་སློང་བར་བྱེད་པའི་ཡིད་ཀྱི་ལས་རིགས་པ་མ་ཡིན་པ་སྐྱེས་པ་བསྡུའོ། །རིགས་པ་མ་
ཡིན་པས་བསྐྱེད་པ་འདི་ནི་བརྡར་བཏགས་པ་ཡིན་གྱི། དོན་དམ་པར་ནི་རིགས་པས་བསྐྱེད་པ་ནི་དགེ་བའི་ལས་ཡིན་ལ། རིགས་པ་མ་ཡིན་པས་བསྐྱེད་པ་ནི་ཉོན་མོངས་པ་ཅན་ཡིན་ཞིང་། དེ་གཉི་ག་དང་བྲལ་བ་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ནོ། །ཅི་ལས་གཅིག་གིས་སྐྱེ་བ་གཅིག་ཁོ་ན་
འཕེན་ཏམ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། རྒྱུའི་དངོས་པོར་གནས་སམ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ལས་དུ་མས་སྐྱེ་བ་གཅིག་འཕེན་པ་དང་། གཅིག་གིས་དུ་མ་འཕངས་ན་ཅིར་འགྱུར་ཞེ་ན། རེ་ཞིག་དང་པོ་ལྟར་ན་རིས་མཐུན་པ་དུམ་བུར་འཕེན་པས་སྐྱེ་བ་གཅིག་ཁོ་ན་ལ་ལས་ཀྱི་འབྲས་
བུ་གཅིག་ཟད་ཅིང་ལས་གཞན་གྱི་འབྲས་བུ་སྐྱེ་བ་ན་འཆི་འཕོ་བ་དང་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་སྔོན་གྱི་དུས་ཀྱི་སྲིད་པ་ཁོ་ན་ལ་འཆི་བ་དང་སྐྱེ་བའི་སྲིད་པ་ལན་ཅིག་མ་ཡིན་པར་ཡོད་པར་འགྱུར་རོ། །གཅིག་གིས་དུ་མ་འཕེན་པས་ཡང་མ་ཡིན་ཏེ། དེ་ལྟར་ན་ནི་ལས་གཅིག་ཁོ་ན་སྐྱེས་ནས་མྱོང་བར་
Vol. 145 · folio 75a
འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བར་ཡང་འགྱུར་ན། དེ་ནི་འདོད་པ་ཡང་མ་ཡིན་ཏེ། ལས་གནས་སྐབས་ངེས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ལས་གཅིག་ཁོ་ནས་སྐྱེ་བ་གཅིག་འཕེན་གྱི་དུ་མ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་གྲུབ་པོ། །གལ་ཏེ་ལས་གཅིག་
གིས་སྐྱེ་བ་གཅིག་འཕེན་ནོ་ཞེས་བྱ་བ་དེ་ལྟར་ངེས་པ་ཡིན་ན་ནི། འོ་ན་གནས་པས་ངེས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ལས་གཅིག་ལས་གཅིག་བསྒྱུར་ཏེ་ཞེས་བྱ་བ་ནི་བསྒྲུབས་ཤིང་བསགས་ཞེས་བྱ་བའི་དོན་ཏོ། །དེ་བསོད་སྙོམས་དེ་ལ་བརྟེན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ཉིད་ཀྱི་ཕྱིར་བསོད་
སྙོམས་གཅིག་པ་འདིའི་རྣམ་པར་སྨིན་པས་ཞེས་བྱ་བ་བརྗོད་དོ། །བསོད་སྙོམས་ནི་སེམས་པ་དེ་རྣམས་ཀྱི་རྟེན་དུ་བསྟན་ཏོ། །འདི་ལྟར་མིར་མཚུངས་མོད་ཀྱི། ཁ་ཅིག་དབང་པོ་ཚང་ལ་ཁ་ཅིག་དབང་པོ་མ་ཚང་སྟེ། ཡོངས་སུ་རྫོགས་པར་བྱེད་པའི་ལས་མང་བའི་ཕྱིར་དང་། འཕེན་པར་བྱེད་པའི་
ལས་འདྲ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྐྱེ་བ་འཕངས་ན་འགའ་ཡང་དབང་པོ་མ་ཚང་བར་མི་འགྱུར་རོ། །རྣམ་པར་སྨིན་པ་དང་བཅས་པ་གཞན་ཡང་ཡིན་ནོ་ཞེས་བྱ་བ་ནི། ལས་དང་འབྲས་བུའི་གཅིག་པའི་ཚོགས་ཐམས་ཅད་དོ། །ཅིའི་ཕྱིར་ཞེ་ན། ལྷན་ཅིག་འབྱུང་བའི་རྒྱུའི་ཕྱིར་རོ། །སེམས་མེད་
སྙོམས་པར་འཇུག་པ་དག །འཕེན་བྱེད་མ་ཡིན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལས་དང་ལྷན་ཅིག་མི་འབྱུང་བའི་ཕྱིར་རོ། །སྙོམས་པར་འཇུག་པ་དེ་གཉིས་ནི་སེམས་པ་ཞེས་བྱ་བའི་ལས་དང་ལྷན་ཅིག་མི་འབྱུང་སྟེ། ཕན་ཚུན་འགལ་བའི་ཕྱིར་རོ། །ལུས་དང་ངག་གི་ལས་དག་དང་ཡང་མ་ཡིན་ཏེ།
སེམས་མེད་པའི་ཕྱིར་རོ། །རྣམ་པར་སྨིན་པ་དང་བཅས་པ་རྣམས་ཀྱིས་ཀྱང་རིས་མཐུན་པ་མི་བྱེད་དོ། །ལས་པས་འབྲས་བུ་མང་པོའི་ཕྱིར་རོ། །གལ་ཏེ་རིས་མཐུན་པ་འཕེན་པར་བྱེད་པའི་ལས་དང་ལྷན་ཅིག་འབྱུང་མོད་ཀྱི། དེ་དང་འབྲས་བུ་གཅིག་པ་ནི་མ་ཡིན་པས་དེ་རྣམས་ཀྱིས་ཀྱང་མི་འཕེན་ཏེ། ཇི་ལྟར་
དེ་དག་གི་འབྲས་བུ་གཅིག་མ་ཡིན་པ་དེ་ལྟར་ནི་མཛོད་ཀྱི་གནས་གཉིས་པར་བཤད་ཟིན་ཏོ། །སྒྲིབ་པ་གསུམ་ཞེས་བྱ་བ་ལ་སོགས་པ་འབྱུང་སྟེ། ལས་ཉིད་སྒྲིབ་པ་ཡིན་པས་ན་ལས་ཀྱི་སྒྲིབ་པའོ། །ཉོན་མོངས་པ་དང་རྣམ་པར་སྨིན་པའི་སྒྲིབ་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །དེ་ལ་དྲག་པོའི་རྒྱུན་དུ་
Vol. 145 · folio 75b
འབྱུང་བ་གང་ཡིན་པ་དང་། དལ་ཡང་རྒྱུན་དུ་འབྱུང་བ་གང་ཡིན་པ་དེ་ནི་རྣམ་པ་གཉིས་ཀ་ཡང་སྒྲིབ་པ་ཡིན་ནོ། །འཕགས་པའི་ལམ་ལ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་ལ་སོགས་པ་ལ་སྟེ། དེ་དག་ཡོད་ན་དེ་མི་སྐྱེ་བའི་ཕྱིར་རོ། །འཕགས་པའི་ལམ་ལ་སྦྱོར་བར་བྱེད་པ་ཞེས་བྱ་བ་ནི་མི་སྡུག་པ་དང་། དབུགས་
དབྱུང་བ་དང་རྔུབ་པ་དྲན་པ་དང་། དྲོ་བར་གྱུར་པ་ལ་སོགས་པ་རྣམས་སོ། །ངན་སོང་ལ་སོགས་པ་ངེས་པར་འགྱུར་བ་ཞེས་བྱ་བ་ནི་དམྱལ་བ་དང་ཡི་དགས་དང་དུད་འགྲོར་ངེས་པར་འགྱུར་བའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་འདུ་ཤེས་མེད་པ་དང་། ཚངས་པ་ཆེན་པོར་ངེས་པར་འགྱུར་བའི་ལས་ཀྱང་
བསྡུ་ལ། ཟ་མ་དང་མ་ནིང་དང་མཚན་གཉིས་པར་འགྱུར་བ་ཡང་བརྗོད་པར་བྱའོ། །སྒོ་ང་ལས་སྐྱེ་བར་འགྱུར་བ་དང་། དྲོད་གཤེར་ལས་སྐྱེ་བར་འགྱུར་བ་དང་། བུད་མེད་ཉིད་དུ་འགྱུར་བ་དང་། སྲིད་པ་བརྒྱད་པར་ངེས་པར་འགྱུར་བ་གཞན་དང་གཞན་དག་ཀྱང་ཞེས་བྱ་བ་ནི་འཕགས་པའི་རྒྱུད་ལ་
སྒོ་ང་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། བུད་མེད་ཉིད་རྣམ་པར་མི་སྨིན་པ་ཡིན་གྱི་སྒོ་ང་ལས་སྐྱེས་པ་ལ་སོགས་པ་རྣམས་བདེན་པ་མཐོང་བར་ནི་མི་འགལ་ལོ། །བདེན་པ་མཐོང་བ་ནི་ལྷ་འམ་མི་དག་གི་ནང་དུ་སྲིད་པ་བརྒྱད་པར་ཉིང་མཚམས་སྦྱོར་བ་ཡང་མ་ཡིན་ནོ། །བསྟན་པར་སླ་
བ་ནི་གཞན་དག་ལའོ། །གདགས་པར་སླ་བ་ནི་བདག་ཉིད་ཀྱིས་ཏེ། གདགས་པར་ནུས་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་བསྟན་པར་སླ་ཞིང་གདགས་པར་སླ་ཞེས་བྱ་བ་ནི་ཚིག་ཕྱི་མ་སྔ་མའི་བཤད་པར་བསྟན་ཏོ། །གཞི་དང་ཞེས་བྱ་བ་ནི་གཞིས་ཏེ། མཚམས་མེད་པ་གསུམ་གྱི་གཞི་ནི་སྲོག་གཅོད་
པའི་ལས་ཀྱི་ལམ་ཡིན་ནོ། །བཞི་པའི་གཞི་ནི་བརྫུན་དུ་སྨྲ་བའོ། །ལྔ་པའི་གཞི་ནི་སྲོག་གཅོད་པར་སྦྱར་བ་ཡིན་ནོ། །འབྲས་བུ་ནི་འབྲས་བུ་སྟེ། མཚམས་མེད་པ་ཐམས་ཅད་ཀྱི་འབྲས་བུ་ནི་ཡིད་དུ་མི་འོང་བ་ཡིན་པའི་ཕྱིར་རོ། །འགྲོ་བ་ནི་འགྲོ་བ་སྟེ། དེའི་རྣམ་པར་སྨིན་པ་ནི་དམྱལ་བའི་འགྲོ་བ་ཁོ་ནར་ཉམས་སུ་
མྱོང་བར་འགྱུར་རོ། །སྐྱེ་བ་ནི་སྐྱེ་བ་སྟེ། སྐྱེས་པའི་མཇུག་ཐོགས་ཁོ་ནར་མྱོང་བར་འགྱུར་བ་ཡིན་པའི་ཕྱིར་རོ། །གང་ཟག་ནི་གང་ཟག་གི་སྟེ། མངོན་སུམ་དུ་མཐོང་བའི་ཚུལ་དུ་འདི་ནི་ཕ་གསོད་པར་བྱེད་པ་ཡིན་ནོ། །འདི་ནི་མ་གསོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་རོ། །ངན་སོང་ལ་སོགས་
Vol. 145 · folio 76a
པར་ངེས་པར་འགྱུར་བ་ནི་དེ་ལྟར་མ་ཡིན་པས་མ་བཤད་དོ། །ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་གཉིས་ཀྱིས་ནི། ཚེ་ཕྱི་མར་ཡང་གསོར་མི་རུང་བར་འགྱུར་གྱི། རྣམ་པར་སྨིན་པའི་སྒྲིབ་པའི་སྒྲིབ་པས་ནི་མ་ཡིན་ནོ། །ཕྱི་མ་ཕྱི་མས་འདྲེན་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་
རྣམས་ནི། ཉོན་མོངས་པ་དག་གིས་ལས་འདྲེན་ལ། ལས་ཀྱིས་སྐྱེ་བ་འདྲེན་པ་དེའི་ཕྱིར་ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་དག་ཁོ་ན་ཐ་ཤལ་ཡིན་ནོ་ཞེས་ཟེར་རོ། །དགེ་སྦྱོང་གི་ཚུལ་བཞིན་ནོ་ཞེས་བྱ་བ་ནི། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །ཞེས་འབྱུང་བས་ན་ཟག་པ་མེད་པའི་ལམ་དང་ལྡན་པའི་ཕྱིར་
ན་དེ་དགེ་སྦྱོང་དུ་འགྱུར་བ་དེ་བཞིན་དུ་དེ་ཡང་མ་གསོད་པ་ལ་སོགས་པ་དང་ལྡན་པས་དམྱལ་བར་སྐྱེ་བར་འགྱུར་བ་ལ་བར་མེད་པ་ཡིན་པས་མ་གསོད་པ་ལ་སོགས་པའི་ལས་ལ་མཚམས་མེད་པ་ཞེས་བྱའོ། །བྱང་གི་སྒྲ་མི་སྙན་པ་དང་ཞེས་བྱ་བ་ནི། མཚམས་མེད་པ་མེད་དེ། རང་བཞིན་བཟང་བའི་ཕྱིར་དང་།
ཚེ་ངེས་པའི་ཕྱིར་དང་། དེ་ན་བསྟན་པ་མེད་པའི་ཕྱིར་རོ། །འགྲོ་བ་གཞན་ཡང་མེད་ཅེས་བྱ་བ་ནི་དམྱལ་བ་དང་ཡི་དགས་དང་དུད་འགྲོ་དག་ནའོ། །ཁམས་གཞན་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི་གཟུགས་དང་། གཟུགས་མེད་པའི་ཁམས་ནའོ། །ཟ་མ་ལ་སོགས་པ་ལ་མི་འདོད་དོ་ཞེས་བྱ་བ་ནི། ཟ་མ་
དང་མ་ནིང་དང་མཚན་གཉིས་པ་རྣམས་ལའོ། །སྡོམ་པ་མེད་པའི་གཏན་ཚིགས་གང་ཡིན་པ་དེ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་མེད་པ་དང་། ལུས་ཞིང་ཚ་སྒོ་ཅན་དང་འདྲའོ། །གལ་ཏེ་ལུས་མ་ཚང་བའི་རྒྱུ་ཡིན་པའི་ཕྱིར་ཕན་པ་ཆུང་བ་ཉིད་ཡིན་ན་དམུས་ལོང་ལ་སོགས་པ་དག་ལ་
ཡང་མཚམས་མེད་པ་མེད་པར་འགྱུར་རོ་ཞེ་ན། ཟ་མ་ལ་སོགས་པའི་ལུས་ནི་རྟོགས་པ་དང་འགལ་བའི་ཕྱིར་མ་ཚང་བར་འདོད་ཀྱི་གཞན་དུ་མ་ཡིན་ནོ། །དེ་ཉིད་ཕྱིར་ཞེས་བྱ་བ་ནི་ཡི་དགས་དང་དུད་འགྲོ་རྣམས་ལ་ཡང་ཕན་པ་དང་ངོ་ཚ་ཆུང་བའི་ཕྱིར་མི་འདོད་དོ། །ཇི་ལྟར་ཕན་པ་ཆུང་བ་ཉིད་ཡིན་ཞེ་ན། འགྲོ་བ་ངན་
པས་བསྡུས་པའི་ལུས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །རྟ་ཅང་ཤེས་བཞིན་ནོ་ཞེས་བྱ་བ་ནི་རྟ་ཁ་ཅིག་ཅང་ཤེས་ཡིན་པའི་ཕྱིར་མ་ལ་མི་རྒལ་ལོ་ཞེས་གྲག་གོ། །མིའི་ཡང་ཕ་མ་མི་མ་ཡིན་པ་ཞེས་བྱ་བ་ནི་ཕན་པ་དང་ངོ་ཚ་ཆུང་བ་ཉིད་ཀྱི་ཕྱིར་ཏེ། མི་མ་ཡིན་པས་ནི་མི་དང་མཐུན་པའི་ཕན་པ་བྱེད་པར་མི་ནུས་ལ། ཕ་མ་
Vol. 145 · folio 76b
མི་མ་ཡིན་པ་དག་གི་གམ་དུ་མི་ལ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཤས་ཆེན་པོ་ཡང་ནས་ཡང་དུ་གནས་པ་ཡང་མ་ཡིན་ནོ། །སྒྲ་མི་སྙན་པ་རྣམས་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས་ནི་བདེན་པ་དག་མཐོང་བར་མི་ནུས་པས་རྣམ་པར་སྨིན་པའི་སྒྲིབ་པ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ནི་ཉེ་
བར་མི་བརྫི་བའི་ཆོས་ཅན་ཡིན་ནོ་ཞེས་བྱ་བ་ནི། རང་འགྲོངས་པའི་ཕྱིར་དེ་དག་ལ་གཞན་དག་གིས་མི་བརྫིའོ། །རྒྱུ་ལ་འབྲས་བུ་བཏགས་པ་ཞེས་བྱ་བ་ནི་བརྫུན་དུ་སྨྲ་བ་དགེ་འདུན་གྱི་དབྱེན་གྱི་རྒྱུ་ཡིན་ཏེ། རྒྱུ་དེ་ལས་འབྲས་བུ་བཏགས་པའི་ཕྱིར་དགེ་འདུན་གྱི་དབྱེན་མཚམས་མེད་པར་བཤད་དོ། །
འདིས་འབྱེད་པར་བྱེད་པས་ན་ཞེས་བྱ་བ་འདིས་ནི་འདི་དངོས་ཁོ་ནར་དགེ་འདུན་གྱི་དབྱེན་ཡིན་ནོ་ཞེས་སྟོན་ཏོ། །དེ་ཇི་ལྟར་མཚམས་མེད་པར་འགྱུར་ཞེས་བྱ་བ་ནི་མཚམས་མེད་པ་ནི་མི་དགེ་བ་ཡིན་ལ། དགེ་འདུན་གྱི་དབྱེན་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ནོ་སྙམ་དུ་སེམས་པའོ། །འབྱེད་པ་པོ་ནི་
མཚམས་མེད་པ་དང་ལྡན་གྱི། འབྱེད་པ་པོ་བྱེ་བ་དང་ནི་མི་ལྡན་པས། དགེ་འདུན་གྱི་དབྱེན་མཚམས་མེད་པ་མ་ཡིན་ནོ། །བར་གྱི་བསྐལ་པ་ཞེས་བྱ་བ་ནི་བསྐལ་པ་ཆེན་པོ་མ་ཡིན་ཏེ། འདོད་པའི་ཁམས་ན་ཚེའི་ཚད་དེ་ཙམ་མེད་པའི་ཕྱིར་རོ། །ཡང་གང་གིས་མཚམས་མེད་པ་མང་པོ་བྱས་པ་ཡིན་ལ་ཞེས་
བྱ་བ་རྒྱས་པར་འབྱུང་བ་ནི་དང་པོ་ཁོ་ནས་དམྱལ་བ་དག་ཏུ་སྐྱེ་བ་འཕངས་པས་ཇི་ལྟར་གཞན་དག་དོན་དམ་པར་མི་འགྱུར་སྙམ་དུ་བསམས་པའོ། །དོན་མེད་པ་མེད་པ་སྟེ། གང་གི་ཕྱིར། གཅིག་གིས་སྐྱེ་བ་འཕངས་པ་ལས། །ལྷག་པས་གནོད་པ་ལྷག་པར་འགྱུར། །ཆེན་པོ་ཞེས་བྱ་བ་ནི་ཆེས་ཆེ་བའོ། །ཁྱིམ་
པ་ཡང་མ་ཡིན་ལ་དགེ་སློང་མ་ལ་སོགས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་གི་ལུས་མི་གཉན་པའི་ཕྱིར་རོ། །དེ་ཡང་ལྟ་བ་སྤྱོད་པ་ཁོ་ནས་ཞེས་བྱ་བ་ནི་སྡིག་པའི་བསམ་པ་བརྟན་པ་དང་མཁྱུད་པ་ཅན་ཡིན་པའི་ཕྱིར་རོ། །སྲེད་པ་སྤྱད་པས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་
ཕྱོགས་དག་ལ་བསམ་པ་མི་བརྟན་པའི་ཕྱིར་རོ། །བཟོད་པར་དཀའ་བའི་ཕྱིར་ཞེས་བྱ་བ་ནི་ཟིལ་གྱིས་མནན་པར་དཀའ་བའི་ཕྱིར་རོ། །ཆོས་མངོན་སུམ་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་ལུང་དང་རྟོགས་པའི་ཆོས་དག་མངོན་སུམ་དུ་བྱས་པའི་ཕྱིར་དང་། དད་པ་མི་ཕྱེད་པ་དང་ལྡན་པའི་ཕྱིར་རོ། །བཟོད་པ་ཐོབ་པ་
Vol. 145 · folio 77a
རྣམས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བཟོད་པ་ཆེན་པོ་ཐོབ་པ་རྣམས་ཏེ། མཐོང་བའི་ལམ་ཉེ་ཞིང་ངེས་པ་ལ་མངོན་སུམ་དུ་ཕྱོགས་པའི་ཕྱིར་རོ། །ལམ་འཇུག་པའི་གགས་སུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི་དགེ་འདུན་བྱེ་ལ་ལམ་འཇུག་པའི་གགས་ཉིད་དུ་འགྱུར་ཏེ། དམ་པ་མ་ཡིན་པའི་
ལམ་གཞན་ཞུགས་པས་དམ་པར་གྱུར་པའི་ལམ་འཇུག་པའི་གེགས་བྱས་པའི་ཕྱིར་གེགས་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷ་སྦྱིན་གྱིས་ནི་ངེས་པར་འབྱུང་བར་བྱ་བའི་ཕྱིར་ལམ་གཞི་ལྔ་པ་བསྟན་ཏེ། འོ་མ་མི་སྤྱད་པ་དང་། ཤ་སྤང་བ་དང་། ལན་ཚྭ་ཉེ་བར་ལོངས་མི་སྤྱད་པ་དང་། གོས་མ་དྲས་པ་
བགོས་པ་དང་། གྲོང་གི་ནང་གི་གཙུག་ལག་ཁང་དུ་འདུག་པའོ། །གླིང་གཞན་ན་ནི་མེད་དོ་ཞེས་བྱ་བ་ནི་སངས་རྒྱས་འབྱུང་བའི་ས་ངེས་པ་ཡིན་པའི་ཕྱིར་ཏེ། གང་སྟོན་པ་བཞུགས་པ་དེ་ན་སྟོན་པའི་འགྲན་ཟླ་གནས་ཀྱི་གཞན་དུ་ནི་མ་ཡིན་ནོ། །གདོན་མི་ཟ་བར་དགེ་འདུན་ཕྱོགས་གཉིས་སུ་གནས་པར་འགྱུར་བ་
ཞེས་བྱ་བ་ལ་འདིར་བཞི་སྡེ་ལ་དགེ་འདུན་དུ་མངོན་པར་འདོད་དོ། །བརྒྱད་དག་དང་ལྷག་པ་དག་གིས་ཀྱང་ཡིན་ཏེ། འབྱེད་པ་པོ་མེད་པའི་ཕྱིར་རོ། །དང་པོ་ཞེས་བྱ་བ་ནི་དེའི་ཚེ་སྔར་མེད་པའི་ཆོས་བྱུང་བ་ལ་དགའ་བ་དང་རབ་ཏུ་དགའ་བ་སྐྱེ་བས་ཐམས་ཅད་བསམ་པ་དགེ་བའི་ཕྱིར་ཤ་གཅིག་པ་ཡིན་ནོ། །མཐར་ཡང་
སྟོན་པ་དང་བྲལ་བར་འགྱུར་རོ་སྙམ་སྟེ། སྐྱེ་བའི་ཕྱིར་ཤ་གཅིག་པ་ཡིན་ནོ། །ཤ་གཅིག་ཅེས་བྱ་བ་ནི་བློ་གཅིག་ཅིང་མི་མཐུན་པ་མེད་པ་ཞེས་བྱ་བའི་དོན་ཏེ། དགེ་འདུན་མཐུན་པ་ན་སངས་རྒྱས་རྣམས་ཡོངས་སུ་མྱ་ངན་ལས་འདའ་བས་སོ། །བར་དུ་ཡང་སྐྱོན་མ་བྱུང་བའི་སྔ་རོལ་དུ་ཞེས་བྱ་བ་ནི་ལྟ་བ་དང་ཚུལ་
ཁྲིམས་རྣམ་པར་གྱུར་པ་དམིགས་པས་བྱེད་པ་པོའི་ཚིག་གི་གླགས་ཡོད་པར་འགྱུར་རོ། །དེ་ལ་ལྟ་བའི་སྐྱོན་ནི་ཇི་སྐད་དུ་བདག་གིས་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་འཚལ་བ་ལྟར་ན། བཅོམ་ལྡན་འདས་ཀྱིས་གང་ཞིག་བར་དུ་གཅོད་པའི་ཆོས་སུ་བཀའ་སྩལ་པ་དེ་དག་ནི་བསྟེན་ན་བར་དུ་གཅོད་པར་བགྱིད་
པར་མི་འགྱུར་ལགས་སོ་ཞེས་བྱ་བ་དང་དེ་བཞིན་དུ་སེམས་དེ་ཉིད་ཀུན་དུ་རྒྱུན་འཁོར་བར་འགྱུར་ལགས་སོ་ཞེས་བྱ་བ་ལ་སོགས་པ་བཤད་པ་ལྟ་བུའོ། །ཚུལ་ཁྲིམས་ཀྱི་སྐྱོན་ནི་འཆལ་བའི་ཚུལ་ཁྲིམས་སོ། །དེས་ཕྱིས་སྡུམ་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་ཉན་ཐོས་ཟུང་དེས་སོ། །སངས་རྒྱས་
Vol. 145 · folio 77b
ཐམས་ཅད་ལ་ཉན་ཐོས་ཟུང་གདོན་མི་ཟ་བར་ཡོད་དེ། རྫུ་འཕྲུལ་དང་ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་གོ། །འགྲན་ཟླ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ན་བྱེད་པ་པོ་དེའི་འགྲན་ཟླར་གྱུར་པ་མེད་དོ། །མཚམས་མ་བཅད་པ་དག་ཏུ་ཡང་ཞེས་བྱ་བ་ནི་དཀྱིལ་འཁོར་
གྱི་མཚམས་ཏེ། མཚམས་གཅིག་གི་ནང་དུ་ལས་ཐ་དད་པ་བྱེད་པས་ནི་དགེ་འདུན་རྣམ་པ་གཉིས་སུ་འགྱུར་རོ། །ལས་ལ་རག་ལས་པའི་ཕྱིར་ཞེས་བྱ་བ་ནི་གང་གི་སློབ་མ་དབྱེ་བར་འགྱུར་བའི་ལས་བྱས་པ་དེ་ཁོ་ནའི་དབྱེ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཀྱང་བྱང་ཆུབ་
སེམས་དཔར་གྱུར་པ་དང་། དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་གི་འཁོར་ཕྱེ་སྟེ། དེས་ན་འདིའི་དགེ་འདུན་ལྷ་སྦྱིན་གྱིས་ཕྱེའོ་ཞེས་གྲགས་སོ། །ཕན་འདོགས་པ་དང་ཡོན་ཏན་ཞིང་། །སྤངས་དང་མེད་པར་བྱས་ཕྱིར་རོ། །ཞེས་བྱ་བ་ལ། ཤིན་ཏུ་ཕན་འདོགས་པ་སྤངས་པའི་སྒོ་ནས་མཚམས་
མེད་པར་འགྱུར་རོ། །འོ་ན་ཕ་དང་མ་གང་དག་ལྟོ་ན་གནས་པ་ཉིད་གསོད་པར་ཞུགས་པ་དང་། སྐྱེས་མ་ཐག་ཏུ་ཁྱི་དང་ཅེ་སྤྱང་དཀྲིགས་པའི་ལམ་པོ་ཆེར་འབོར་བ་དེ་དག་ཇི་ལྟར་ཕན་འདོགས་པ་ཉིད་ཡིན་ཞེ་ན། དེའི་ཕྱིར་དེ་ལས་ལུས་སྐྱེས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །སྤངས་པ་ཞེས་བྱ་བ་ནི་ཡོངས་
སུ་བོར་བ་སྟེ། བསད་ཅེས་བྱ་བ་ནི་རྣམ་གྲངས་སོ། །ཡོན་ཏན་གྱི་ཞིང་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཡོན་ཏན་གྱི་རྟེན་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ཞིང་དང་འདྲ་བས་ན་ཞིང་སྟེ། དཔེར་ན་ཞིང་བཟང་པོ་ལ་ས་བོན་བཏབ་ན་འབྲས་བུ་མང་པོར་འགྱུར་བ་དེ་བཞིན་དུ་འདི་ལ་བསོད་ནམས་ཀྱི་ས་
བོན་བཏབ་ན་འབྲས་བུ་མང་པོར་འགྱུར་གྱི་གཞན་ནི་མ་ཡིན་ནོ། །ལུས་གཅིག་པ་དེ་ལ་ནི་ཞེས་བྱ་བ་ནི་རྟེན་གཅིག་པའི་ཕྱིར་སྐྱེ་བ་གཞན་དགག་པ་སྨྲས་པའོ། །དེ་ནི་ནུ་ཞོ་ལྡུད་པ་ཞེས་བྱ་བ་ནི་ནུ་མ་སྣུན་པར་བྱེད་ཅེས་བྱ་བའི་དོན་གང་ཡིན་པའོ། །གསོད་པར་བྱེད་པ་ནི་ཟས་རགས་པ་ལ་གོམས་པར་བྱེད་
པའོ། །སྐྱེད་པར་བྱེད་པ་ནི་ཁྲུས་དང་ལུས་མཉེ་བ་དང་། ཡང་བ་ཡོངས་སུ་སྤོང་བར་བྱེད་པའོ། །མ་མ་ཡིན་པ་ལ་སྦྱོར་བ་བྱས་ཞེས་བྱ་བ་ནི་མ་ནོར་པ་ཞེས་བྱ་བའི་མཚན་ཉིད་ཀྱི་ཕྱིར་རོ། །རྡུལ་ཕྲ་རབ་བསགས་པའི་ཕྱིར་རྣམ་པར་རིག་བྱེད་ཀྱང་རྣམ་པ་གཉིས་སོ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་རྣམས་མང་བའི་ཕྱིར་ན་
Vol. 145 · folio 78a
ཁ་ཅིག་ནི་འདིར་མཚམས་མེད་པས་བསྡུས་པ་ཡིན་ལ། ཁ་ཅིག་ནི་སྲོག་གཅོད་པ་ཅིག་ཤོས་ཀྱིས་བསྡུས་པའོ། །སོང་ལ་སྐྲ་ཅན་ཁྱོད་ཀྱིས་ཞེས་བྱ་བ་ནི་གྲོང་ཁྱེར་རོ་རུ་ཀ་ཞེས་བྱ་བར་རྒྱལ་པོ་སྐྲ་ཅན་གྱིས་རང་གི་ཕ་དགྲ་བཅོམ་པ་བསད་དེ། དེས་ན་འདི་སྐད་དུ་སོང་ལ་སྐྲ་ཅན་ཁྱོད་ཀྱིས་
ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རྒྱུ་གཉིས་ཀྱིས་ཞེས་བྱ་བ་ནི་ཕ་ཉིད་དང་དགྲ་བཅོམ་པ་ཉིད་ཀྱི་རྒྱུ་གཉིས་ཀྱིས་མཚམས་མེད་པ་དེ་བྱས་པའོ། །ཡང་ན་སྒོ་གཉིས་ནས་ཞེས་བྱ་བ་ནི་ཕ་གཉིས་ཀྱི་སྒོ་དང་དགྲ་བཅོམ་པ་ཉིད་ཀྱི་སྒོ་ནས་བརྒྱད་ཅེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་བརྡེག་པར་སེམས་ལ་མིན། །ཞེས་བྱ་བ་
ནི་བརྡེག་པར་སེམས་པ་ཡང་ངན་སེམས་ཡིན་མོད་ཀྱི་ཡོངས་སུ་འབོར་བའི་སེམས་པ་མེད་པའི་ཕྱིར་མཚམས་མེད་པར་མི་རུང་ངོ་། །མཚམས་མེད་སྦྱོར་བ་བྱས་པ་ལ། །འདོད་ཆགས་བྲལ་འབྲས་མི་སྲིད་དོ། །ཞེས་བྱ་བ་ནི་སེམས་མ་བཟློག་པར་ཏེ། དེ་ཉིད་ཀྱི་ཕྱིར་ཏེ་དེ་མཚམས་མེད་པ་ཉིད་དུ་མི་འགྲུབ་པོ། །རྟེན་དེ་
དང་ཤིན་ཏུ་འགལ་བའི་ཕྱིར་རོ་ཞེས་བྱ་བ་ནི་བདེན་པ་མཐོང་བ་ནི་ལས་ཀྱི་ལམ་གྱིས་བསྡུས་པའི་ཁ་ན་མ་ཐོ་བས་རིག་པར་མི་འགྱུར་རོ། །ཡང་ཅི་གང་གིས་ན་དེ་ཡང་མ་བཟློག་པར་ཞེས་དེ་སྐད་དུ་བརྗོད་པ་མཚམས་མེད་པའི་སྦྱོར་བ་ཡང་བཟློག་གམ་ཞེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། བཟློག་སྟེ་སོར་མོའི་ཕྲེང་བ་ཅན་བཞིན་ནོ་
ཞེས་ཟེར་རོ། །ཆོས་དང་ཆོས་མ་ཡིན་པ་ཤེས་བཞིན་དུ་ཞེས་བྱ་བ་ལ། གང་ཞིག་འདི་ནི་ལེགས་པར་བཤད་པ་ཡིན་གྱི་མུ་སྟེགས་པ་རྣམས་ཀྱི་ནི་མ་ཡིན་ནོ་སྙམ་དུ་དེ་བཞིན་གཤེགས་པའི་ཆོས་ཤེས་པ་ནི་ཆོས་མ་ཡིན་པ་ཤེས་པའོ། །ལོག་པར་སྟོན་པའི་ཕྱིར་ཞེས་བྱ་བ་ལ། ལེགས་པར་བཤད་པ་ལ་ཉེས་པར་བཤད་
པ་སྟོན་པའི་ཕྱིར་ལ་ཉེས་པར་བཤད་པ་ལ་ལེགས་པར་བཤད་པ་སྟོན་པའི་ཕྱིར་ལོག་པར་སྟོན་པའོ། །དེ་ལས་རྣམ་པ་གཞན་དུ་བསྟན་པས་ནི་བརྫུན་སྨྲ་བར་འགྱུར་གྱི་དགེ་འདུན་གྱི་དབྱེན་ནི་མ་ཡིན་ནོ། །འདི་ལྟར་དགེ་འདུན་བྱེ་ན་སོ་སོའི་སྐྱེ་བོ་རྣམས་ངེས་པ་ལ་མི་འཇུག་གོ། །ངེས་པ་ལ་ཞུགས་པ་རྣམས་ཀྱིས་
འབྲས་བུ་གཞན་མི་འཐོབ་བོ། །འབྲས་བུ་ཐོབ་པ་རྣམས་ཀྱིས་འདོད་ཆགས་དང་བྲལ་བ་མི་འཐོབ་པོ། །འདོད་ཆགས་དང་བྲལ་བ་ཐོབ་པ་རྣམས་ཀྱི་ཟག་པ་ཟད་པ་ལ་གེགས་སུ་འགྱུར་ཏེ། མདོར་བསྡུ་ན་ཁམས་གསུམ་དུ་ཆོས་ཀྱི་འཁོར་ལོའི་གེགས་སུ་འགྱུར་རོ། །གོ་རིམས་བཞིན་དུ་ལྔ་པ་དང་། །ཞེས་བྱ་བ་
Vol. 145 · folio 78b
རྒྱས་པར་འབྱུང་ངོ་། །མཚམས་མེད་པ་རྣམས་ཀྱི་གོ་རིམས་ནི་འདི་ཡིན་ཏེ། མ་གསོད་པ་དང་། ཕ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ཞེས་བྱའོ། །ལྔ་པ་ནི་ངན་སེམས་ཀྱིས་ཁྲག་
འབྱིན་པ་སྟེ། དེ་ནི་དགེ་འདུན་གྱི་དབྱེན་བྱེད་པ་མ་གཏོགས་པ་ལྷག་མ་བཞི་པས་ཆེས་ལྕིའོ། །གསུམ་པ་ནི་དགྲ་བཅོམ་པ་གསོད་པ་སྟེ། དེ་ནི་མ་དང་ཕ་གསོད་པས་ཆེས་ལྕིའོ། །དང་པོ་ནི་མ་གསོད་པ་སྟེ། དེ་ནི་ཕ་གསོད་པ་བས་ཆེས་ལྕིའོ། །དེས་ན་ཕ་གསོད་པ་ནི་ཐམས་ཅད་ཀྱི་ནང་ན་ཡང་བ་ཡིན་
ནོ་ཞེས་བཤད་དོ། །མཚམས་མེད་པ་རྣམས་ངེས་པར་མཛད་ནས་ནི། །ཞེས་བྱ་བ་ནི་ངེས་པར་བཟུང་ནས་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་སྨིན་པ་རྒྱ་ཆེ་བ། །ཞེས་བྱ་བ་ནི་དགེ་འདུན་དབྱེ་བའི་ཕྱིར་བརྫུན་སྨྲ་བ་ལས་གཞན་པའི་ལས་ཀྱི་རྣམ་པར་སྨིན་པ་བསྐལ་པ་བར་མ་མ་ཡིན་ཞིང་མནར་མེད་པ་ཁོ་ནར་ཡང་
མ་ཡིན་པས་དགེ་འདུན་གྱི་དབྱེན་གྱི་བརྫུན་སྨྲ་བ་ཁོ་ནའི་རྣམ་པར་སྨིན་པ་རྒྱ་ཆེའི། གཞན་གྱིས་ནི་མ་ཡིན་ནོ། །སྐྱེ་བོ་ཕལ་པོ་ཆེ་འཆི་བ། །ཞེས་བྱ་བ་ནི། དྲང་སྲོང་རྣམས་ཀྱི་ཡིད་འཁྲུགས་པ་ཙམ་གྱིས་དན་ད་ཀའི་དགོན་པ་པ་ལ་སོགས་པ་སྟོངས་པར་གྱུར་པའི་ཕྱིར་ཏེ། ལུས་ཀྱི་ལས་སམ་ངག་གི་ལས་
ཀྱིས་ནི་དེ་ལྟར་སྐྱེ་བོའི་ཚོགས་ཕལ་པོ་ཆེ་འཆི་བར་མི་འགྱུར་རོ། །དགེ་བའི་རྩ་བ་ཀུན་དུ་གཅོད་པའི་དབང་དུ་མཛད་ནས་ཞེས་བྱ་བ་ནི་མི་དགེ་བ་གཞན་གྱིས་ནི་དེ་ལྟར་དགེ་བའི་རྩ་བ་དག་ཀུན་དུ་མི་གཅོད་དེ། ཀུན་དུ་སྤྱོད་པ་ཙམ་དང་འགལ་བའི་ཕྱིར་རོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སེམས་པ་ཞེས་བྱ་བ་ནི་སྲིད་
པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བའི་བར་ཆད་མེད་པའི་ལམ་དང་མཚུངས་པར་ལྡན་པའོ། །ཀུན་དུ་སྦྱོར་བ་ཐམས་ཅད་གཏན་དུ་གཏུགས་པའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། ཀུན་དུ་སྦྱོར་བ་གཏུགས་པ་ནི་སྤངས་པའོ། །བར་ཆད་མེད་པ་ཁོ་ནར་ནི་མ་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ཉིད་ཀྱི་
ཕྱིར་དེ་དང་འདྲ་བས་ཆ་འདྲ་བ་རྣམས་ཞེས་བྱ་སྟེ། དེ་ལྟ་མ་ཡིན་ན་ནི་མཚམས་མེད་པ་དག་ཁོ་ནར་འགྱུར་རོ། །མ་དགྲ་བཅོམ་པ་སུན་བྱས་དང་། །ཞེས་བྱ་བ་འདི་ནི། མ་བསད་པ་དང་འདྲ་བ་ཡིན་ནོ། །ངེས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བསད་པ་ནི་ཕ་བསད་པ་དང་འདྲ་བ་ཡིན་ནོ། །སློབ་པ་
Vol. 145 · folio 79a
བསད་པ་ནི་དགྲ་བཅོམ་པ་བསད་པ་དང་འདྲ་བ་ཡིན་ནོ། །དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་པ་ནི། དགེ་འདུན་གྱི་དབྱེན་དང་འདྲ་བ་ཡིན་ཏེ། དགེ་འདུན་གྱི་འདུ་བའི་སྒོ་ནི་ནར་མ་ལ་སོགས་པའོ། །ཞལ་དུ་འདུ་བའི་སྒོ་འཕྲོག་པ་ཞེས་བྱ་བ་ནི། གང་གིས་དགེ་འདུན་འཚོ་བར་བྱེད་
པ་ཞལ་དུ་གསོལ་བ་གང་ཡིན་པ་དེ་འཕྲོག་པར་བྱེད་པའོ། །མཆོད་རྟེན་འཇིག་པ་ནི་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་འདྲའོ། །རྩེ་མོ་ལས་བཟོད་པ་ཐོབ་པ་ལ་ཞེས་བྱ་བ་ནི། རྩེ་མོའི་མཇུག་ཐོགས་སུ་བཟོད་པའི་ཚེ་སླར་ཡང་། བདེན་པ་དག་ལ་རྣ་བ་གཏོད་པ་ལ་ཞེས་བྱ་བའི་
དོན་ཏོ། །ཉོན་མོངས་པ་རྣམས་ཀྱང་གནས་སྐབས་འདི་དག་ཏུ་གེགས་བྱ་བའི་ཕྱིར་ཉེ་བར་གནས་མོད་ཀྱི། འདིར་ནི་ལས་ཀྱི་གནས་སྐབས་ཡིན་པས་མ་བཤད་དོ། །དེའི་རྣམ་པར་སྨིན་པའི་ས་ལས་འདའ་བའི་ཕྱིར་ཞེས་བྱ་བ་ནི། བཟོད་ཐོབ་ངན་སོང་མི་འགྲོའོ། །ཞེས་འཆད་པར་འགྱུར་རོ། །
དེ་བཞིན་ཞེས་བྱ་བ་ནི་དེའི་རྣམ་པར་སྨིན་པའི་ས་ལས་འདའ་བའི་ཕྱིར་རོ། །མཐོང་བའི་ཆོས་ལ་མྱོང་བར་འགྱུར་བའི་ལས་དང་། མྱོང་བར་འགྱུར་བས་མ་ངེས་པའི་རྣམ་པར་སྨིན་པ་མ་ངེས་པ་མ་གཏོགས་སོ། །གང་ནས་བྱང་ཆུབ་སེམས་དཔའ་ཡིན། །ཞེས་བྱ་བ་ནི། གང་ཞིག་གསོད་པའི་ལས་ཕ་བསད་
པའི་མཚམས་མེད་པ་དང་འདྲ་བར་འགྱུར་སྙམ་དུ་དགོངས་སོ། །གང་ནས་མཚན་གྱི་ལས་བྱེད་པ། །ཞེས་བྱ་བ་ལ། ཡེ་ཤེས་ལ་འཇུག་པ་ལས། གང་ནས་གཟུང་ནས་བྱང་ཆུབ་སེམས་དཔར་བརྗོད་ཅིང་ལས་གང་དང་། །ལྡན་པས་བྱང་ཆུབ་སེམས་དཔར་འགྱུར་བཤད་པ། །གང་ནས་གཟུང་ནས་མཚན་
གྱི་རྣམ་པར་སྨིན་པ་ཅན་གྱི་ལས་དག་བྱེད་པ་དང་། མཚན་གྱི་རྣམ་པར་སྨིན་པ་ཅན་གྱི་ལས་དང་ལྡན་པས་བྱང་ཆུབ་སེམས་དཔར་འགྱུར་རོ་ཞེས་གསུངས་སོ། །བྱང་ཆུབ་ཀྱི་ཕྱིར་སེམས་པའམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་པའི་སེམས་པ་ནི། བྱང་ཆུབ་ཏུ་སེམས་པའོ། །ངེས་པར་རྟགས་པ་ཡིན་ནོ་ཞེས་བྱ་
བ་ནི་ཕྱིར་མི་ལྡོག་པ་སྟེ། བྱང་ཆུབ་ལ་ངེས་པར་གཞོལ་ཞེས་བྱ་བའི་ཐ་ཚིག་གོ། །རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་ཞེས་བྱ་བ་འདི་ནི་རྒྱལ་རིགས་ལ་སོགས་པ་དག་རེ་རེ་དང་སྦྱར་བར་བྱའོ། །ཤིང་སཱ་ལ་ཆེན་པོ་དང་འདྲ་བ་ནི་ཤིང་སཱ་ལ་ཆེན་པོ་ལྟ་བུ་སྟེ། དཔེར་ན་ཤིང་རྣམས་ལས་ཤིང་སཱ་ལ་ཆེན་པོ་མཐོ་
Vol. 145 · folio 79b
བ་ཉིད་ཡིན་པ་དེ་བཞིན་དུ་རིགས་ཆེས་མཐོ་བར་སྐྱེས་པའི་ཕྱིར་ཏེ། ཁྱིམ་བདག་ཆེན་པོ་ཞེས་བྱ་བའི་ཐ་ཚིག་གོ། །བརྙས་གནོད་ཞེས་བྱ་བ་ནི། བརྙས་པ་སྔོན་དུ་བཏང་བའི་རྣམ་པར་མཐོ་བཙམས་པའོ། །བརྣགས་པ་ཞེས་བྱ་བ་འབྱུང་སྟེ། བརྟན་པ་རྣམ་པ་ནི་ལུས་དང་སྲོག་ལ་མི་ལྟ་བར་གནས་སྟོང་པ་ལ་
ནགས་ཀྱི་མེ་འབར་བའི་ཚོགས་ཀྱིས་ཚིག་པ་ལྟར་སྡུག་བསྔལ་དྲག་པོའི་མེ་འབར་བས་རེག་པ་ལ་རྩིས་མེད་པར་བྱ་སྟེ། སེམས་ཅན་གྱི་དོན་ཉམས་སུ་ལེན་པ་ཡིན་ཏེ། བ་ད་རའི་གླིང་དུ་འགྲོ་བ་ལ་སོགས་པ་བཞིན་ནོ། །སངས་རྒྱས་ལ་དམིགས་པའི་སེམས་པ་ཁོ་ནས་ཞེས་བྱ་བ་ནི་མངོན་སུམ་མམ་ལྐོག་ཏུ་གྱུར་ཀྱང་
བླ་སྟེ། སྐྱོན་བཞི་པོ་འདི་དག་ནི་ཟློག་པར་བྱེད་ལ་ཞེས་བྱ་བ་ནི་ངན་འགྲོའི་སྐྱོན་དང་། རིགས་དམའ་བ་ཉིད་ཀྱི་སྐྱོན་དང་། དབང་པོ་མ་ཚང་བ་ཉིད་ཀྱི་སྐྱོན་དང་། བུད་མེད་ཀྱི་དངོས་པོའི་སྐྱོན་ནོ། །ཡོན་ཏན་གཉིས་ནི་ཐོབ་པོ་ཞེས་བྱ་བ་ནི། ཚེ་རབས་དྲན་པ་ཉིད་དང་། ཕྱིར་མི་ལྡོག་པ་ཉིད་དོ། །རེ་རེའང་བསོད་
ནམས་བརྒྱ་ལས་སྐྱེས། །ཞེས་བྱ་བ་འབྱུང་སྟེ། འདིར་སེམས་པ་བརྒྱས་བསོད་ནམས་བརྒྱ་ཞེས་བྱ་བའི་མིང་འཐོབ་སྟེ། དང་པོའི་སེམས་པ་ལྔ་བཅུ་འཕེན་ཅིང་མངོན་དུ་གྱུར་ལ། དེའི་མཇུག་ཏུ་ཡང་རྫོགས་པར་བྱེད་པ་ལྔ་བཅུ་མངོན་དུ་འགྱུར་རོ། །དེ་དག་ཀྱང་གང་ཞེ་ན། ཁ་ཅིག་ན་རེ་ལས་ཀྱི་ལམ་
བཅུའི་རྟེན་ཅན་དག་ཡིན་ཏེ། ལས་ཀྱི་ལམ་རེ་རེ་ལ་ལྔ་ལྔ་འདི་ལྟ་སྟེ། སྲོག་གཅོད་པ་སྤོང་བའི་སེམས་པ་དང་། དེ་ལ་འགོད་པའི་སེམས་པ་དང་། དེའི་བསྔགས་པ་བརྗོད་པའི་སེམས་པ་དང་། དེའི་རྗེས་སུ་ཡི་རང་བའི་སེམས་པ་དང་། སངས་རྒྱས་ཉིད་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོ་བའི་སེམས་པ་སྟེ། ལོག་
པར་ལྟ་བ་སྤོང་བའི་སེམས་པའི་བར་ལ་ཡང་དེ་དང་འདྲ་བར་བརྗོད་པར་བྱ་ལ། ལན་གཉིས་མངོན་དུ་གྱུར་པས་སེམས་པ་བརྒྱར་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་སངས་རྒྱས་བཅོམ་ལྡན་འདས་ནི་རྒྱུ་ལྔས་སྲོག་གཅོད་པ་སྤོང་བ་དང་ལྡན་ཏེ། རྒྱུ་ལྔ་ནི་ལས་ཀྱི་ལམ་དངོས་པོ་ཡོངས་སུ་དག་པ་དང་། ཉེར་
བསྡོགས་ཡོངས་སུ་དག་པ་དང་། རྣམ་པར་རྟོག་པས་མ་སྨྲས་པ་དང་། དྲན་པས་ཡོངས་སུ་ཟིན་པ་ཉིད་དང་། མྱ་ངན་ལས་འདས་པར་ཡོངས་སུ་བསྔོས་པ་ཉིད་དེ། དེ་ལ་དམིགས་པའི་སེམས་པ་ཡང་ལྔ་ལྔ་འབྱུང་ངོ་། །ལས་ཀྱི་ལམ་བཅུ་ཆར་ལ་དམིགས་པ་དེ་དང་འདྲ་སྟེ། སེམས་པ་ལྔ་ཕྲག་བཅུ་ཡིན་ནོ། །
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words