ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ་ལཀྵ་ཎ་སྱཱ་ནུ་ས་རི་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 144 · folio 29b

བྱ་བ་ལ། ཁ་ཅིག་དྲི་ང་བའི་ཕྱོགས་སུ་བརླན་པར་བྱ་བ་ཡིན་པས་རིགས་ལས་གསུམ་པ་ཡོད་པ་མ་ཡིན་ནོ། །དེ་ལ་དྲི་མཉམ་པ་ནི་གང་ཤས་མི་ཆེ་བའོ། །དྲི་མི་མཉམ་པ་ནི་ཤས་ཆེ་བའོ། །བསྟན་བཅོས་ལས་ནི་ཞེས་བྱ་བ་ལ། དྲི་མི་མཉམ་པ་ནི་དྲི་ཞིམ་པ་དང་དྲི་ང་བའི་བྱེ་བྲག་ཡིན་པའི་

ཕྱིར་ལ། དྲི་མཉམ་པ་ནི་དེ་གཉིས་ལས་གཞན་པ་ཐུན་མོང་བ་ཡིན་པར་རིག་པར་བྱའོ། །རེག་བྱ་བཅུ་གཅིག་བདག་ཉིད་དོ། །ཞེས་པ་ལ། རེག་པར་བྱ་བ་ཡིན་པས་ན་རེག་བྱའམ། ལུས་ཀྱི་དབང་པོས་རེག་པར་ནུས་པས་ན་རེག་བྱའོ། །གལ་ཏེ་གང་གིས་གང་ལ་རེག་པ་དེ་ལ་ཡང་དེས་རེག་

པས་ལུས་ཀྱི་དབང་པོ་ཡང་རེག་བྱར་འགྱུར་བ་མ་ཡིན་ནམ་ཞེ་ན། ལུས་ཀྱི་དབང་པོ་ནི་རེག་པར་བྱེད་པ་ཡིན་གྱི། རེག་པར་བྱ་བ་ནི་མ་ཡིན་ཏེ། མིག་བཞིན་ནོ། །མིག་ནི་ལྟ་བ་ཡིན་གྱི། བལྟ་བ་ནི་མ་ཡིན་ནོ། །འཇམ་པ་ཉིད་ནི་མཉེན་པའོ་ཞེས་བྱ་བ་ལ། འཇམ་པ་ཁོ་ན་འཇམ་པ་ཉིད་དེ།

སོ་སོ་ཁོ་ན་སོ་སོ་ཉིད་ཡིན་པ་བཞིན་ནོ། །ངེས་པའི་ཚིག་ནི་སྦྲེལ་བར་བྱ་བས་ན་འཇམ་པའོ། །མཉེན་པ་ནི་རུད་རུད་པོ་མ་ཡིན་པ་སྟེ། སྤྲད་པར་བཟོད་ཅེས་བྱ་བའི་དོན་ཏོ། །རྩུབ་པ་ཉིད་ནི་རུད་རུད་པོའི་ཞེས་བྱ་བ་ལ། རྩུབ་པ་འདི་ལ་ཡོད་པས་ན་རྩུབ་པ་སྟེ། སྤུ་ཅན་བཞིན་ནོ། །རྩུབ་

པ་ཞེས་བྱ་བ་ནི་སྟོབས་ཀྱི་རྣམ་གྲངས་ཏེ། རྩུབ་པ་ཁོ་ན་རྩུབ་པ་ཉིད་དོ། །རུད་རུད་པོ་ནི་གྱོང་བ་སྟེ། འཇམ་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ལྕི་བ་ཉིད་ནི་གང་གིས་ན་དངོས་པོ་རྣམས་འཇལ་བར་བྱེད་པའོ་ཞེས་བྱ་བ་ནི་དམའ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །འདི་ཡོད་ན་དམའ་བར་

འགྱུར་བས་ན་ལྕི་བ་སྟེ། ནོངས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ལྕི་བ་ཁོ་ན་ལྕི་བ་ཉིད་དོ། །བྱེ་བྲག་ཏུ་སྨྲ་བ་པ་རྣམས་ནི་གང་ལས་སྲང་མདའ་མཐོ་བར་འགྱུར་བའོ་ཞེའོ། །བཟློག་པ་ནི་ཡང་བའོ་ཞེས་བྱ་བ་ལ། གང་གིས་དངོས་པོ་རྣམས་འཇལ་བར་མི་བྱེད་པ་སྟེ། འདི་ཡོད་ན་དམའ་

བར་མི་འགྱུར་བས་ཡང་བའོ། །ཡང་བ་ཁོ་ན་ཡང་བ་ཉིད་དོ། །གྲང་བ་ནི་དྲོ་བར་འདོད་པར་བྱེད་པའོ་ཞེས་བྱ་བ་ན་གང་གིས་ཉམ་ཐག་པས་དྲོ་བ་འདོད་པར་འགྱུར་བ་སྟེ། དེ་ནི་བགྲོད་པས་ན་གྲང་བ་སྟེ། ཕན་འདོགས་པ་དང་གནོད་པ་བྱེད་པ་ཡིན་པའི་ཕྱིར་མྱུར་དུ་བགྲོད་པར་བྱ་བའོ་ཞེས་བྱ་བའི་དོན་ཏོ། །

Vol. 144 · folio 30a

བཀྲེས་པ་ནི་ཟས་འདོད་པར་བྱེད་པའོ་ཞེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །གལ་ཏེ་སེམས་ལས་བྱུང་བའི་ཆོས་ནི་ལུས་ཀྱི་དབང་པོའི་ཡུལ་དུ་མ་ཡིན་ནོ་ཞེ་ན། དེའི་ཕྱིར། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་ཏེ། ཁོང་པ་ན་ཟས་འདོད་པ་དང་། སྐོམ་འདོད་

པའི་རྒྱུ་རེག་བྱའི་ཁྱད་པར་ཞིག་འབྱུང་སྟེ། དེར་ཟས་འདོད་པའི་རྒྱུ་ལས་བཀྲེས་པ་དང་། སྐོམ་འདོད་པའི་རྒྱུ་ལས་སྐོམ་པ་ཞེས་བཤད་དེ། རྒྱུ་ལ་འབྲས་བུ་བཏགས་པ་བྱས་པའི་ཕྱིར་རོ། །གལ་ཏེ་འདིར་རྒྱུ་ལ་འབྲས་བུ་བཏགས་པ་བརྗོད་པར་མི་འདོད་ན་ནི་འདི་སྐད་དུ། བཀྲེས་པ་ནི་ཟས་འདོད་

པར་བྱེད་པའོ། །སྐོམ་པ་ནི་སྐོམ་འདོད་པར་བྱེད་པའོ་ཞེས་མི་བརྗོད་པར་འགྱུར་ཏེ། འོ་ན་ཅི་ཞེ་ན། བཀྲེས་པ་དང་སྐོམ་པ་དག་ནི་ཟས་དང་སྐོམ་འདོད་པ་དག་གོ་ཞེས་དེ་སྐད་བརྗོད་པར་འགྱུར་རོ། །དེ་ཉིད་ལ་དཔེ། སངས་རྒྱས་རྣམས་ནི་འབྱུང་བ་བདེ་བ་ཉིད་མ་ཡིན་གྱི། བདེ་བའི་རྒྱུ་ཡིན་པས་

བདེ་བར་བཤད་དོ། །དེ་བཞིན་དུ་ཆོས་བསྟན་པ་ལ་སོགས་པ་དག་ལ་ཡང་བརྗོད་པར་བྱའོ། །དེ་ལ་གཟུགས་ཀྱི་ཁམས་ན་ནི་བཀྲེས་པ་དང་སྐོམ་པ་དག་མེད་དེ། ཁམ་གྱི་ཟས་ཀྱི་འདོད་ཆགས་དང་བྲལ་བ་རྣམས་དེར་སྐྱེ་བའི་ཕྱིར་དང་། ལུས་ལ་གནོད་པ་མེད་པའི་ཕྱིར་རོ། །

གཞན་དུ་ན་ནི་དེ་ན་ཡང་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་ཡོད་པར་འགྱུར་རོ། །ཡང་བ་ཉིད་ལ་སོགས་པ་ལྷག་མ་རྣམ་པ་ལྔ་ནི་ཡོད་དོ། །གལ་ཏེ་བཏགས་པ་ལས་བྱང་གི་སྒྲ་མི་སྙན་པ་རྣམས་ཀྱི་དཔག་བསམ་ཤིང་གི་གོས་ནི་སྲང་གཅིག་འཇལ་ལོ། །རྒྱལ་ཆེན་བཞི་པ་རྣམས་ཀྱི་

ནི་དེའི་ཕྱེད་དོ། །སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ནི་དེའི་ཕྱེད་དོ། །དེ་ལྟར་ཕྱེད་ཕྱེད་ཕྲི་བས་གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་དཔག་བསམ་ཤིང་གི་གོས་ནི་སྲང་གི་བཞི་ཆའི་བཅུ་དྲུག་ཆ་འཇལ་གྱི། དེ་ཡན་ཆད་གཟུགས་ན་སྤྱོད་པ་རྣམས་ཀྱི་གོས་དག་ནི་མི་འཇལ་ལོ་ཞེས་བཤད་ན།

ལྕི་བ་ཉིད་ཡོད་ན་ཇི་ལྟར་མི་འཇལ། གཟུགས་ཀྱི་ཁམས་ན་ནི་སེམས་ཅན་གྱི་ལུས་རྣམས་དང་། དེའི་རྟེན་རྣམས་ནོར་བུའི་འོད་ལྟར་དང་བའི་ཕྱིར་ལྕི་བ་ཉིད་མི་སྲིད་དོ་ཞེ་ན། དེ་ལ་བཏགས་པའི་བསྟན་བཅོས་གཞུང་གཟུགས་པར་བྱ་བའི་ཕྱིར་བཤད་པ། གལ་ཏེ་དེ་ན་གོས་རེ་རེ་ནས་མི་འཇལ་ཡང་

Vol. 144 · folio 30b

བསགས་པ་དག་ནི་འཇལ་ལོ། །འདི་ཇི་ལྟར་ཤེས་པར་བྱ་ཞེ་ན། བསྡུས་པ་དང་བརྐྱང་བ་ལས་ཏེ། ཀ་ཤའི་མེ་ཏོག་གི་སྣལ་མ་བཞིན་ནོ། །ཀ་ཤའི་མེ་ཏོག་གི་སྣལ་མ་བསྡུས་པ་དང་། བརྐྱང་བ་དང་ལྡན་པ་དག་ལ་ནི་ཚོགས་པ་དག་འཇལ་གྱི་རེ་རེ་བ་མ་ཡིན་ནོ། །རྟེན་ཡོད་པའི་ཕྱིར་ཡང་གཟུགས་ཀྱི་

ཁམས་ན་ལྕི་བ་ཉིད་ཡོད་དོ། །གནོད་པར་བྱེད་པའི་གྲང་བ་མེད་ཀྱི། ཕན་པར་བྱེད་པ་ནི་ཡོད་དོ་ལོ་ཞེས་བྱ་བ་ལ། ཁ་ཅིག་ན་རེ་ལོའི་སྒྲ་ནི་ཏིང་ངེ་འཛིན་ལས་ཐ་དད་པའི་ཕན་འདོགས་པར་བྱེད་པ་ཁས་མ་བླངས་པར་གསལ་བར་བྱ་བའི་དོན་དུའོ་ཞེའོ། །ཁ་ཅིག་ནི་དེ་དག་གི་ལྟར་ན་བསམ་གཏན་དང་

པོ་ནི་རྣམ་པར་ཤེས་པའི་ཚོགས་གསུམ་གྱི་བདེ་བས་ཕན་འདོགས་པར་བྱེད་པར་མི་འགྱུར་རོ་ཞེའོ། །གཞན་དག་ནི་དེ་ན་ཤིན་ཏུ་སྦྱངས་པ་ཞེས་བྱ་བའི་རེག་བྱའི་ཁྱད་པར་ལས་གཞན་པའི་རེག་པ་ཕན་འདོགས་པར་བྱེད་པ་མེད་དོ་ཞེས་ཟེར་རོ། །གང་འདི་གཟུགས་རྣམ་པ་མང་པོ་བཤད་པ་ཞེས་བྱ་

བ་ནི་སྐྱེ་མཆེད་ཀྱི་གཟུགས་ཏེ། གཟུགས་རྣམ་གཉིས་དང་རྣམ་པ་ཉི་ཤུ་ཞེས་བྱའོ། །དེ་ལ་རེས་འགའ་ནི་རྫས་གཅིག་གིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་རྫས་ཀྱི་སྒྲ་ནི་སྔོན་པོ་ལ་སོགས་པའི་རིགས་བརྗོད་ཀྱི། རྡུལ་ཕྲ་རབ་ཀྱི་རྫས་ནི་མ་ཡིན་ཏེ། རྣམ་པར་ཤེས་པའི་ཚོགས་ལྔ་ནི་

བསགས་པ་ལ་དམིགས་པའི་ཕྱིར་རོ། །དེའི་རྣམ་པ་བྱེ་བྲག་ཏུ་གཅོད་པ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་ཡིད་ཀྱི་རྣམ་པར་ཤེས་པས་སྔོན་པོ་མ་ཡིན་པ་བསལ་ན་སྔོན་པོའོ་སྙམ་པ་སྟེ། དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །མིག་ལ་སོགས་པའི་རྣམ་པར་ཤེས་པས་ནི་ཡུལ་བྱེ་བྲག་ཏུ་གཅོད་པར་

མི་ནུས་ཏེ། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེའོ། །གང་གི་ཚེ་མིག་གི་རྣམ་པར་ཤེས་པ་རྫས་གཅིག་གི་རྒྱུ་ཅན་ཞིག་རྫས་གཞན་གྱི་རང་གི་ངོ་བོ་ལ་མ་རེག་པར་བྱེ་བྲག་ཏུ་བཅད་པའི་ཡུལ་ལ་སྐྱེ་བ་དེའི་ཚེ། དེའི་རྣམ་པ་བྱེ་བྲག་ཏུ་གཅོད་པ་ཞེས་བརྗོད་དོ། །མིག་གི་རྣམ་པར་ཤེས་པས་

རྫས་གཞན་གྱི་རང་གི་ངོ་བོས་དབེན་པའི་དོན་གཅིག་བཟུང་སྟེ། ཕྱི་ནས་རིམ་གྱིས་ཡིད་ཀྱི་རྣམ་པར་ཤེས་པས་དེ་ལས་གཞན་པའི་དངོས་པོ་རྣམ་པར་གཅོད་པའི་རྣམ་པའི་སྒོ་ནས་རྣམ་པར་རྟོག་པར་བྱེད་དེ། དེའི་ཕྱིར་མིག་གི་རྣམ་པ་ལ་ཡང་དེའི་རྣམ་པ་བྱེ་བྲག་ཏུ་གཅོད་པ་མི་འགལ་ལོ། །

Vol. 144 · folio 31a

ཉེ་ན་ཁ་དོག་དང་དབྱིབས་འཛིན་པའི་གོ་སྐབས་ཡོད་པ་དེའི་ཕྱིར། དཔེར་ན་ཐག་རིང་པོ་ནས་ཞེས་བྱ་བ་སྨོས་སོ། །རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ལ་རེས་འགའ་ནི་རྫས་གཅིག་གིས་རྣ་བའི་རྣམ་པར་ཤེས་པ་སྐྱེད་དེ།

གང་གི་ཚེ་འདི་ནི་པ་ཊ་ཧའི་སྒྲ་ཡིན་གྱི། དུང་གི་སྒྲ་ནི་མ་ཡིན་ནོ་ཞེས་དེའི་རྣམ་པ་བྱེ་བྲག་ཏུ་གཅོད་པར་འགྱུར་བ་ནའོ། །རེས་འགའ་ནི་མང་པོས་ཏེ། གང་གི་ཚེ་དེའི་རྣམ་པ་བྱེ་བྲག་ཏུ་མི་གཅོད་པ་ན་སྟེ། ཅ་ཅོའི་སྒྲ་དང་། གླུ་དབྱངས་ཀྱི་སྒྲ་དུ་མ་ཉན་པའི་ལྟ་བུའོ། །ལུས་ཀྱི་རྣམ་པར་ཤེས་པ་

ལ་ནི་ཞེས་བྱ་བ་ལ། རེས་འགའ་ནི་གཅིག་གི་སྟེ། གང་གི་ཚེ་འདི་ནི་གྲང་བ་ཡིན་གྱི། དྲོ་བ་ནི་མ་ཡིན་ནོ། །འཇམ་པ་ཡིན་གྱི། རྩུབ་པ་ནི་མ་ཡིན་ནོ་ཞེས་དེའི་རྣམ་པ་བྱེ་བྲག་ཏུ་གཅོད་པར་འགྱུར་བ་ནའོ། །རེས་འགའ་ནི་གཉིས་ཀྱིས་ཏེ། འབྱུང་བ་གཉིས་སམ་འབྱུང་བ་དང་འབྱུང་བ་ལས་གྱུར་པ་གཉིས་

སོ། །ཡང་རེས་འགའ་ནི་གསུམ་དང་། བཞི་ནས་ལྔའི་བར་གྱིས་ཏེ། འབྱུང་བ་རྣམས་དང་འཇམ་པ་ལ་སོགས་པ་གཅིག་གིས་ཏེ། རྩུབ་པ་ཉིད་ལ་སོགས་པ་རྣམས་ནི་འབྱུང་བ་བཞི་ཚན་གཞན་ལ་བརྟེན་པའི་ཕྱིར་རོ། །གཞན་དག་ན་རེ་བཅུ་གཅིག་པ་ཐམས་ཅད་ཀྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་

འདིར་ཡང་ཤིན་ཏུ་མང་ན་ཞེས་བྱ་བ་བསྙེགས་ཏེ། ལྕི་བ་དང་། གྲང་བ་དང་། རྩུབ་པ་པའི་ངོ་བོ་ཉེ་བར་གཟུང་ནས་བྱེ་བྲག་ཏུ་མ་གཅད་པར་འཛིན་པར་མཐོང་བ་ཡང་ཡིན་ནོ། །དེའི་ཕྱིར་དྲུག་དང་། བདུན་དང་། བཅུ་གཅིག་གི་བར་དག་གིས་ཀྱང་རྐྱལ་ཆེན་ལྟོ་བཀུག་པ་རྣམས་ལ་ལུས་ཀྱི་

རྣམ་པར་ཤེས་པ་རེག་བྱ་བཅུ་གཅིག་གི་ཡུལ་ཅན་རྣམ་པ་བྱེ་བྲག་དུ་མ་བཅད་པ་སྐྱེ་བ་ཡིན་ནོ། །དེ་ལྟ་ན་སྤྱི་ལ་དམིགས་པའི་ཕྱིར་ཞེས་བྱ་བ་ལ། ཆོས་མངོན་པ་ལས་རྣམ་པར་ཤེས་པའི་ཚོགས་ལྔ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་འདོན་ཏེ། དེའི་ཕྱིར་སྔོན་པོ་ལ་སོགས་པའི་རྣམ་པ་སྤྱི་ལ་

དམིགས་པའི་ཕྱིར་སྔོན་པོ་ལ་སོགས་པ་རྣམས་ཀྱི་སྤྱིའི་གཟུགས་ཉིད་ལ་སོགས་པ་གང་ཡིན་པ་དེའི་རྣམ་པ་འཛིན་པའི་ཕྱིར། སྤྱིའི་ཡུལ་ཅན་ཉིད་དུ་འགྱུར་རོ་ཞེས་རྩོད་པ་བྱེད་དོ། །གཞན་དག་ནི་འདི་ལ་རྣམ་པར་ཤེས་པའི་ཚོགས་ལྔ་ནི་སྤྱིའི་ཡུལ་ཅན་ཡིན་ཏེ། རང་གི་ཡུལ་མཐའ་དག་ལ་

Vol. 144 · folio 31b

དམིགས་པའི་ཕྱིར། ཆོས་ཐམས་ཅད་བདག་མེད་པར་ཤེས་པ་བཞིན་ནོ་ཞེས་སྦྱོར་བ་ཉིད་བྱེད་དོ། །དེའི་ཕྱིར། འདི་དག་ནི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་ཞེས་རྒྱས་པར་འབྱུང་ངོ་། །བསྟན་བཅོས་ལས་ནི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་དབང་དུ་མཛད་ནས་རང་གི་མཚན་

ཉིད་ཀྱི་ཡུལ་ཅན་དུ་བཤད་ལ། སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱང་སྔོན་པོ་དང་རིང་པོ་ལ་སོགས་པ་རྣམས་ཀྱི་སྤྱིའི་ཡིན་པས་སྤྱིའི་ཡུལ་ཅན་ཉིད་དུ་ཁས་བླངས་པར་འགྱུར་ཏེ། དེའི་ཕྱིར་གྲུབ་པ་ལ་སྒྲུབ་བོ། །རང་གི་སྐྱེ་མཆེད་ཀྱི་རྫས་དུ་མས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་ལ། སྤྱིར་ཁྱད་པར་མེད་

པའི་བྱེ་བྲག་ཏུ་མ་བཅད་པར་དེ་དག་ལ་ཡུལ་དུ་ཡོད་པས་སྤྱིའི་ཡུལ་ཅན་ཡིན་གྱི། གཟུགས་ཉིད་ལ་སོགས་པའི་སྤྱི་ཉིད་ནི་མ་ཡིན་ཏེ། དེ་ནི་བཏགས་པར་ཡོད་པའི་ཕྱིར་དང་། རྣམ་པར་ཤེས་པའི་ཚོགས་ལྔ་ནི་རྫས་སུ་ཡོད་པ་ལ་དམིགས་པའི་ཕྱིར་རོ། །གཞན་དུ་ནི་སྔོན་པོ་ལ་སོགས་པའི་རང་གི་

མཚན་ཉིད་ཀྱི་ཤེས་པ་ཡང་སྤྱིའི་ཡུལ་ཅན་དུ་འགྱུར་ཏེ། རྡུལ་ཕྲ་རབ་ཀྱི་རྫས་དུ་མས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །ཡང་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་གང་ཞིག་ཡིན་ལ། རྫས་ཀྱི་རང་གི་མཚན་ཉིད་ཀྱང་གང་ཞིག་ཡིན་ཞེ་ན། མིག་ལ་སོགས་པའི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་

བཅས་པའི་རྟེན་དང་དམིགས་པར་རུང་བ་ནི་ཅི་རིགས་པར་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་དང་། གཟུགས་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱི་རང་གི་མཚན་ཉིད་དོ། །དེ་ལ་མིག་གི་དབང་པོའི་ཡུལ་ཁོ་ན་ལ་མིག་གི་རྣམ་པར་ཤེས་པ་སྐྱེའི། གཞན་ལ་ནི་མ་ཡིན་པས་འདི་དག་ནི་སྐྱེ་མཆེད་

ཀྱི་རང་གི་མཚན་ཉིད་ལ་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་གྱི། ཐ་དད་པ་དག་ལ་ཐ་མི་དད་པ་བཏགས་པ་ལས་ནི་མ་ཡིན་ཏེ། དེ་དག་ནི་རྣམ་པར་རྟོག་པ་མེད་པ་ཡིན་པའི་ཕྱིར་རོ། །རྫས་ཀྱི་རང་གི་མཚན་ཉིད་ནི་སྔོན་པོ་ལ་སོགས་པ་རྣམས་ཀྱི་རང་གི་ངོ་བོ་ཐུན་མོང་མ་ཡིན་པ། མིག་གི་

རྣམ་པར་ཤེས་པ་ལ་སོགས་པས་ཤེས་པར་བྱའོ། །གལ་ཏེ་རྫས་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་འདོད་ན་ཉེས་པ་ཅིར་འགྱུར་ཞེ་ན། བསྡུས་པ་ལ་དམིགས་པའི་མིག་ལ་སོགས་པའི་རྣམ་པར་ཤེས་པ་མི་སྐྱེ་བར་འགྱུར་ན། དེ་སྐྱེ་བ་ཡང་ཡིན་ནོ། །འདི་དཔྱད་པར་བྱ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་

Vol. 144 · folio 32a

སྟེ། ལུས་དང་ལྕེའི་དབང་པོ་གཉིས་ནི་རྟེན་གཅིག་པའི་ཕྱིར་དང་། ཕྲད་ནས་འཛིན་པའི་ཕྱིར་དང་། རོ་དང་རེག་བྱ་དག་ཀྱང་ཕན་ཚུན་ཐ་དད་པ་མེད་པའི་ཕྱིར་ཡུལ་དང་ཕྲད་པའི་གོ་རིམས་ལས་རྣམ་པར་ཤེས་པ་སྐྱེ་བའི་གོ་རིམས་མི་སྲིད་པ་སྟེ། དེའི་ཕྱིར་རྣམ་པར་ཤེས་པ་

ལྔར་གང་སྐྱེ་བ་དཔྱད་པ་ཡིན་ནོ། །གང་གི་ཡུལ་ཤས་ཆེ་བའོ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཟ་བར་འདོད་པས་ཞེས་བྱ་བ་ལ། ཟ་བར་འདོད་པ་ནི་འདུན་པ་ཡིན་ལ། དེ་ཡང་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་ཡིན་ཞིང་། ཡིད་ལ་བྱེད་པའི་དབང་གིས་ཀྱང་སེམས་ཀྱི་རྒྱུ་དམིགས་

པ་གཞན་རྣམས་ལ་འཇུག་པས་ལྕེའི་རྣམ་པར་ཤེས་པ་ལྔར་སྐྱེའོ། །གང་གི་ཚེ་ཡུལ་མཉམ་པ་དང་ཕྲད་པ་ལ་བཟའ་བར་འདོད་པ་མེད་པ་དེའི་ཚེ་ནི་གང་གི་རྟེན་གཡེང་བ་དེ་ལྔར་སྐྱེའོ། །དབང་པོ་ལྔའི་དོན་དང་ཞེས་བྱ་བ་ལ། དབང་པོ་ལྔ་པོ་རྣམས་ཀྱི་དོན་དག་ནི་དབང་པོ་ལྔའི་དོན་ཏོ། །དེ་དག་ཇི་ལྟར་

འཛིན་པ་ནི་རེས་འགའ་ནི་རྫས་གཅིག་གིས་མིག་གི་རྣམ་པར་ཤེས་པ་སྐྱེད་དེ་ཞེས་རྒྱས་པར་རོ། །དེ་ནི་དེ་དག་གི་མཇུག་ཐོགས་སུ་བསྟན་པའི་ཕྱིར། དེ་དག་གི་བཤད་པའི་མཇུག་ཐོགས་སུ་རྣམ་པར་རིག་བྱེད་མ་ཡིན་པ་བརྗོད་པར་བྱའོ། །གཡེངས་དང་སེམས་མེད་པ་ཡི་ཡང་། །ཞེས་བྱ་བ་ནི་ངག་གི་

རྣམ་པར་རིག་བྱེད་ལས་ཁྱད་པར་དུ་བྱེད་པ་སྟེ། ངག་གི་རྣམ་པར་རིག་བྱེད་ནི་སེམས་མེད་པ་དང་། གཞན་གྱི་སེམས་དང་ལྡན་པ་ལ་མི་འབྱུང་སྟེ། རྒྱུན་ཆད་པའི་ཕྱིར་རོ། །རྗེས་འབྲེལ་གང་ཞེས་བྱ་བ་ནི་ལུས་ཀྱི་རྣམ་པར་རིག་བྱེད་ལས་ཁྱད་པར་དུ་བྱེད་པའོ། །གལ་ཏེ་རྣམ་པར་རིག་བྱེད་ཀྱང་རྗེས་སུ་

འབྲེལ་པ་མ་ཡིན་ནམ་ཞེ་ན། རྣམ་པར་རིག་བྱེད་ལོག་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་མི་ལྡོག་པའི་ཕྱིར་འདིར་མཆོག་ཏུ་གྱུར་པར་ཤེས་པར་བྱའོ། །དགེ་དང་མི་དགེ་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྒྱུན་ལས་ཁྱད་པར་དུ་བྱེད་པའོ། །འབྱུང་བ་ཆེར་རྣམས་རྒྱུར་བྱས་པ། །ཞེས་བྱ་བ་ནི་ཐོབ་པའི་རྒྱུན་ལས་

ཁྱད་པར་དུ་བྱ་བའི་ཕྱིར་རོ། །དེ་ལས་གཞན་པའི་སེམས་ཀྱི་ཡང་ཡིན་པའོ་ཞེས་བྱ་བ་ལ། འདིར་དེའི་སྒྲས་ནི་ཀུན་ནས་སློང་བའི་སེམས་ཙམ་ཞིག་བརྗོད་པར་འདོད་ལ། དེ་ལ་གཞན་ནི་དེ་སློང་བར་བྱེད་པའི་སེམས་དང་མི་འདྲ་བའི་ཕྱིར་དགེ་བ་དང་ལུང་དུ་མ་བསྟན་པ་ཡང་རུང་སྟེ། རྗེས་སུ་འཇུག་པར་བྱེད་པ་

Vol. 144 · folio 32b

གཡེངས་པ་ཐམས་ཅད་ལ་བརྗོད་ཀྱི། ཉོན་མོངས་པ་ཅན་ཁོ་ན་ནི་མ་ཡིན་ནོ། །གཉིད་དང་བརྒྱལ་བ་སེམས་མེད་པར་ཁས་མ་བླངས་པའི་ཕྱིར་དང་། འདུ་ཤེས་མེད་པ་པ་ལ་རྣམ་པར་རིག་བྱེད་མ་ཡིན་པ་མེད་པའི་ཕྱིར། འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་

པའི་ཡང་ཡིན་པའོ་ཞེས་བྱ་བ་སྨོས་ཏེ། སེམས་མེད་པའི་སྙོམས་པར་འཇུག་པ་གཉིས་ཁོ་ན་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཡང་ཞེས་བྱ་བའི་སྒྲས་ནི་ཞེས་བྱ་བ་ནི་ཡང་གི་སྒྲ་གང་ཞིག་ཚིག་ལེའུར་བྱས་པ་ལས། གཡེངས་དང་སེམས་མེད་པ་ཡི་ཡང་། །ཞེས་བྱ་བ་སྟེ། མ་གཡེངས་པ་སེམས་

དང་བཅས་པའི་ཡང་ཡིན་ནོ་ཞེས་བྱ་བར་མངོན་ནོ། །འདིར་ཡང་སེམས་བཅས་པ་སྨོས་པ་ནི་འདི་སེམས་གཡེངས་པ་མེད་པས་ན་སེམས་མ་གཡེངས་པ་སྟེ། སེམས་གཡེངས་པ་བཀག་པའི་ཕྱིར་དང་། མི་གཡེང་བ་མངོན་དུ་གྱུར་པའི་ཕྱིར་རོ། །ཡང་ན་སེམས་དང་བཅས་པའི་གནས་སྐབས་རྣམ་

པ་གཉིས་ཏེ། གཡེངས་པའི་སེམས་དང་བཅས་པའི་གནས་སྐབས་དང་། མ་གཡེངས་པའི་སེམས་དང་བཅས་པའི་གནས་སྐབས་སོ། །དེ་ལ་གཡེངས་པ་སེམས་དང་བཅས་པའི་གནས་སྐབས་ནི་དངོས་སུ་བསྟན་ལ། མ་གཡེངས་སེམས་དང་བཅས་པའི་གནས་སྐབས་ནི་ཡང་གི་སྒྲས་སོ། །དེ་ལྟ་

ཡིན་དང་སེམས་དང་སེམས་མེད་པ་ཡང་ཞེས་བྱ་བ་འདིས་གནས་སྐབས་གསུམ་བསྟན་པར་འགྱུར་རོ། །རྗེས་འབྲེལ་གང་ཞེས་བྱ་བ་ནི་རྒྱུན་ནོ། །གལ་ཏེ་སྐད་ཅིག་དང་པོ་ལ་རྗེས་སུ་འབྲེལ་པ་མེད་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་མེད་དོ་ཞེ་ན། སྐད་ཅིག་དང་པོ་ཡང་སྐད་ཅིག་ཕྱི་མ་ལ་ལྟོས་ནས་རྗེས་

སུ་འབྲེལ་བའི་ཕྱིར་རོ། །གལ་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་རྗེས་སུ་འབྲེལ་བའི་མཚན་ཉིད་ཅན་ཡིན་ལ། རྗེས་སུ་འབྲེལ་བ་ཡང་རྒྱུན་ཡིན་པའི་ཕྱིར་བཏགས་པར་ཡོད་པར་འགྱུར་རོ་ཞེ་ན། རྣམ་པར་རིག་བྱེད་མ་ཡིན་པ་གཟུགས་ཀྱི་མཚན་ཉིད་ཅན་ཡིན་པ་ན་རྒྱུན་ཏེ། རྒྱུན་ཆགས་པ་ཡིན་ལ།

རྒྱུན་ཅན་དག་ཀྱང་ཡོད་པ་ཡིན་གྱི། དེར་རྒྱུན་ཙམ་ཞིག་ཁོ་ན་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་རྗེས་འབྲེལ་ཞེས་ཅིའི་ཕྱིར་བརྗོད་ཅེ་ན། རྣམ་པར་རིག་བྱེད་འཕེན་པར་བྱེད་པའི་འབྱུང་བ་འགགས་ཀྱང་མ་བཏང་གི་བར་དུ་རྗེས་སུ་འཇུག་པར་ཤེས་པར་བྱ་བའི་ཕྱིར་རོ། །ཐོབ་པའི་རྒྱུན་ཡང་ཞེས་བྱ་བ་ལ་སོགས་པ་

Vol. 144 · folio 33a

ལ། ཐོབ་པ་རྣམས་ནི་མི་ལྡན་པ་ཡིན་པའི་ཕྱིར་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་མ་ཡིན་ནོ། །འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་ཞེས་བྱ་བ་ལ། ཇི་ལྟར་བུད་ཤིང་རྒྱུར་བྱས་ནས་མེ་འབྱུང་བ་ལྟར། འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་སྟེ། རྒྱུ་མཚན་དུ་བྱས་པ་སྟེ། དེ་ལྟར་

བྱས་པ་ཞེས་བྱ་བར་རྟོགས་སོ། །དེ་ཉིད་ཀྱི་ཕྱིར། རྒྱུར་བྱས་པའི་དོན་ནི་རྒྱུའི་དོན་ཏེ་ཞེས་སྨོས་སོ། །ཇི་ལྟར་འབྱུང་བ་ཆེན་པོ་རྣམས་འདིའི་རྒྱུ་ཡིན་ཞེ་ན། དེའི་ཕྱིར། སྐྱེད་པ་ལ་སོགས་པའི་རྒྱུའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་བརྗོད་དེ། བསྐྱེད་པ་དང་། རྟེན་པ་དང་། གནས་པ་དང་། རྟོན་པ་དང་། འཕེལ་

བར་བྱེད་པའི་རྒྱུའི་ངོ་བོའི་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་རྣམ་པར་རིག་བྱེད་མིན་ཞེས་བྱ་བ་ལ་རྒྱུན་དེའོ། །རྣམ་པར་རིག་བྱེད་མིན་ཞེས་བྱ་བ་ལ། རྣམ་པར་རིག་བྱེད་མ་ཡིན་པ་ནི་རྣམ་པར་རིག་བྱེད་བཀག་པ་ཙམ་མ་ཡིན་ལ། གང་ཅུང་ཟད་ཅིག་རྣམ་པར་རིག་བྱེད་ལས་གཞན་པ་ཡང་མ་ཡིན་ཏེ།

གོ་རིམས་ཇི་ལྟ་བ་བཞིན་དུ་རྫས་སུ་ཡོད་པ་མ་ཡིན་པ་དང་། བུམ་པ་ལ་སོགས་པ་རྣམས་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། གཟུགས་དང་བྱེད་པའི་རང་བཞིན་ཡིན་པའི་ཕྱིར་རྣམ་པར་རིག་བྱེད་དང་འདྲ་བའི་གཟུགས་གཞན་ཞིག །རང་ཀུན་སློང་བར་

བྱེད་པའི་སེམས་དང་སེམས་ལས་བྱུང་བ་རྣམ་པར་རིག་བྱེད་མ་ཡིན་པས་རྣམ་པར་རིག་བྱེད་མ་ཡིན་པ་སྟེ། འདྲ་བ་ལ་དགག་ཚིག་བརྗོད་པའི་ཕྱིར་བྲམ་ཟེ་མ་ཡིན་པ་བཞིན་ནོ། །གཟུགས་དང་བྱེད་པའི་རང་བཞིན་ཡིན་ཡང་ཞེས་བྱ་བས། གཟུགས་སྨོས་པ་ནི་སེམས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །

བྱེད་པ་སྨོས་པ་ནི་མིག་ལ་སོགས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟ་ན་ནིའི་སྒྲས་འདི་ཤེས་པར་བྱས་པར་འགྱུར་རོ། །སློབ་དཔོན་གྱི་ཚིག་ཡིན་པར་སྟོན་པའོ་ཞེས་བྱ་བ་ནི་སྟོན་པའི་གསུང་མ་ཡིན་ནོ་སྙམ་དུ་དགོངས་སོ། །ཡང་ན་བརྗོད་ཅེས་བྱ་བ་ལ། གང་ལས་ཤེ་ན། མདོ་ལས་ཏེ། རྣམ་

གསུམ་དྲི་མེད་གཟུགས་གསུངས་དང་། །འཕེལ་དང་མ་བྱས་ལམ་སོགས་ཕྱིར། །ཞེས་འཆད་པར་འགྱུར་རོ། །མདོར་ན་རྣམ་པར་རིག་བྱེད་དང་ཏིང་ངེ་འཛིན་ལས་བྱུང་བ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་དགེ་བ་དང་མི་དགེ་བ་ཞེས་མ་བརྗོད་ན་ནི་རྣམ་པར་རིག་བྱེད་དང་། ཏིང་ངེ་འཛིན་ལས་བྱུང་བའི་

Vol. 144 · folio 33b

རྣམ་པར་སྨིན་པ་ལས་སྐྱེས་པ་དང་། རྒྱས་པ་ལས་བྱུང་བ་དག་ལ་ཡང་ཐལ་བར་འགྱུར་རོ། །རྣམ་པར་རིག་བྱེད་དང་ཏིང་ངེ་འཛིན་ལས་བྱུང་བ་མ་བརྗོད་ན་ནི་རྣམ་པར་རིག་བྱེད་ཀྱི་གཟུགས་ལ་ཡང་གཟུགས་ཐལ་བར་འགྱུར་ཏེ། དེའི་ཕྱིར་གཉིས་ཀ་སྨོས་སོ། །དེ་ལ་རྣམ་པར་རིག་བྱེད་ལ་སྐྱེས་པ་ནི་སྡོམ་

པ་དང་སྡོམ་པ་མ་ཡིན་པའི་བདག་ཉིད་ཅན་དགེ་བ་དང་མི་དགེ་བའོ། །ཏིང་ངེ་འཛིན་ལས་བྱུང་བ་ནི་དགེ་བ་ཁོ་ན་སྟེ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པའི་བདག་ཉིད་ཅན་ནོ། །འདིར་སྨྲས་པ། རིག་བྱེད་སོགས་སྟོབས་ཀྱིས་དྲངས་ཤིང་། །དགེ་དང་

མི་དགེའི་རྗེས་འབྲེལ་གང་། །དགེ་སློང་སོགས་བྱེད་གཟུགས་ཅན་དེ། །རྣམ་རིག་བྱེད་མིན་གོས་པའོ། །འབྱུང་བ་དག་ནི་ས་ཁམས་དང་། །ཞེས་བྱ་བ་ལ་སོགས་པ་ལ་དང་པོ་དང་མཐར་ཁམས་སྨོས་པ་ནི་བར་དུ་ཡང་དེ་ཤེས་པར་བྱ་བའི་ཕྱིར་རོ། །ཁམས་སྨོས་པ་ནི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཀྱི་ས་ལ་

སོགས་པ་བསལ་བར་བྱ་བའི་ཕྱིར་ཏེ། །གཞན་དུ་བཤད་ན་ནི་དེ་དག་ལ་ཡང་ཐལ་བར་འགྱུར་རོ། །ས་ཉིད་ཁམས་ཡིན་པ་ནི་སའི་ཁམས་ཏེ། ལྷག་མ་དག་ལ་ཡང་དེ་སྐད་དུ་བརྗོད་པར་བྱའོ། །རང་གི་མཚན་ཉིད་དང་རྒྱུར་བྱས་པའི་གཟུགས་འཛིན་པའི་ཕྱིར་ཁམས་དག་གོ་ཞེས་བྱ་བ་ནི་ངེས་པའི་ཚིག་གི་ཚུལ་གྱིས་

ཏེ། རང་གི་མཚན་ཉིད་ནི་སྲ་བ་དང་། གཤེར་བ་ལ་སོགས་པའོ། །རྒྱུར་བྱས་པའི་གཟུགས་ནི་འབྱུང་བ་དག་ལས་གཞན་པའི་གཟུགས་ཐམས་ཅད་དོ། །གཞན་དག་ནི་གཟུགས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ན་འབྱུང་གནས་དག་གོ། །འབྱུང་བ་རྣམས་ཀྱང་འབྱུང་བ་རྣམས་ཀྱི་འབྱུང་གནས་

ཡིན་ཏེ། སྐལ་བ་མཉམ་པའི་རྒྱུ་ཡིན་པའི་ཕྱིར་རོ། །འཇིག་རྟེན་ན་འབྱུང་གནས་དག་ལ་ཁམས་ཀྱི་མིང་འདོགས་ཏེ། ཟངས་ཀྱི་འབྱུང་ཁུངས་བཞིན་ནོ། །འབྱུང་བ་ཆེན་པོ་བཞི་རྣམས་ཞེས་བྱ་བ་ནི་ཞེས་བྱ་བ་ལ། ཡང་ཇི་ལྟར་འདི་དག་ཆེན་པོ་ཉིད་དང་། འབྱུང་བ་ཉིད་དང་། བཞི་ཉིད་ཡིན་ཞེ་ན།

འདི་དག་གཟུགས་གཞན་ཐམས་ཅད་ཀྱི་རྟེན་ཉིད་དུ་རགས་པའི་ཕྱིར་ན་ཆེན་པོ་ཉིད་དོ་ཞེས་བྱ་བ་ལ། གང་ཞིག་འབྱུང་བ་དག་ལས་གཞན་པའི་གཟུགས་དེའི་རྟེན་ཉིད་དུ་རིགས་པའི་ཕྱིར་ཏེ། གཏོས་ཆེ་ཞེས་བྱ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ས་དང་ཆུ་དང་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་

Vol. 144 · folio 34a

བ་དེ་དག་གི་བྱ་བ་ཤས་ཆེ་བ་གང་དག་ལ་ཡོད་པས་ལ་སོགས་པའི་ཕུང་པོ་དེ་དག་ནི་དེ་དག་གི་བྱ་བ་ཤས་ཆེ་བ་དག་གོ། །བྱ་བ་ནི་འཛིན་པ་ལ་སོགས་པ་ལས་སོ། ཤས་ཆེ་བ་ཉིད་ནི་མཚན་ཉིད་རྒྱས་པ་ལས་དེ་དག་མངོན་པར་གསལ་བའོ། །ས་ལ་སོགས་པའི་ཕུང་པོ་དག་ནི་ཁ་དོག་དང་

དབྱིབས་ཀྱི་བདག་ཉིད་ཅན་དག་གོ། །ཆེན་པོར་གནས་པ་ཉིད་ནི་རྒྱ་ཆེན་པོར་གནས་པ་ཉིད་དོ། །གཟུགས་ལ་སོགས་པའི་ཚོགས་པ་ཐམས་ཅད་ལ་སྲ་བ་ལ་སོགས་པ་ཡོད་པས་ན་དེ་དག་ནི་ཆེན་པོ་ཉིད་དེ། གཟུགས་ཀྱི་ཁམས་ན་དྲི་དང་རོ་གཉིས་མེད་ལ། སྔོན་པོ་ལ་སོགས་པ་རྣམས་ཀྱང་དེ་ལ་ཚོགས་པ་

རྣམས་ལ་ཕན་ཚུན་མེད་པ་དེ་ལྟར་སྲ་བ་ལ་སོགས་པ་རྣམས་འགར་ཡང་མེད་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་ཆེན་པོ་ཉིད་ཡིན་ནོ། །འབྱུང་བ་ཉིད་ནི་གཟུགས་རྣམ་པ་སྣ་ཚོགས་མངོན་པར་འགྲུབ་པ་ལ་དེ་དང་དེ་དག་གི་རྣམ་པར་འབྱུང་བས་ན་འབྱུང་བ་དག་གོ། །གཞན་དག་ན་རེ་འཁོར་བ་ཐོག་མ་མེད་པ་ནས་སེམས་

ཅན་ཐམས་ཅད་ཀྱི་ལས་ཀྱི་དབང་གིས་ནམ་ཡང་མ་བྱུང་མ་མྱོང་བས་ན་འབྱུང་བ་དག་གོ་ཞེའོ། །ཡང་ན་འབྱུང་བ་ཉིད་འབྱུང་བའི་དངོས་པོའི་ངོ་བོ་མཆེད་པར་བྱེད་པས་ན་འབྱུང་བ་དག་སྟེ། དངོས་པོའི་ཡོད་པ་དང་། སེམས་ཅན་གྱི་སྐྱེ་བ་རྒྱས་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་འབྱུང་བ་ཆེན་པོ་དག་ནི་བཞི་ཁོ་

ན་ཡིན་གྱི། ཇི་ལྟར་ཕྱི་རོལ་པ་ལྟར་ནམ་མཁའ་ནི་མ་ཡིན་ཞེས་བྱ་བ་འདི་ཁོང་དུ་ཆུད་པར་བྱ་ཞེ་ན། ནམ་མཁའ་ནི་འབྱུང་བ་དང་མཚན་ཉིད་མི་མཐུན་པའི་ཕྱིར་འབྱུང་བ་མ་ཡིན་ལ། ས་ལ་སོགས་པ་ལྟར་དངོས་པོ་རྣམས་ལ་ཕན་འདོགས་པ་དང་། གནོད་པ་མེད་པའི་ཕྱིར་དང་། འབྲས་བུ་སྣ་ཚོགས་པ་མི་

བྱེད་པའི་ཕྱིར་འབྱུང་བ་ཆེན་པོ་མ་ཡིན་ནོ། །ས་ལ་སོགས་པའི་འབྱུང་བ་དག་ནི་མིག་ལ་སོགས་པ་འབྲས་བུ་སྣ་ཚོགས་པར་བྱེད་པར་མཐོང་ན་ནམ་མཁའ་ནི་རྟག་པ་དང་སྣ་ཚོགས་པ་མ་ཡིན་ནོ། །རྟག་པ་དང་སྣ་ཚོགས་པ་མ་ཡིན་པ་ནི་རྒྱུ་ལ་འབྲས་བུ་མི་རྟག་པ་དང་། སྣ་ཚོགས་པ་འབྱུང་བར་ཡང་མི་རུང་སྟེ།

ཇི་སྐད་དུ། དངོས་པོ་རྟག་པ་ལས་བྱུང་བ། །མི་རྟག་པར་ནི་ཇི་ལྟར་འགྱུར། །རྒྱུ་འབྲས་མཚན་ཉིད་མི་མཐུན་པ། །དེ་ནི་ནམ་ཡང་མཐོང་བ་མེད། །ཅེས་བཤད་དོ། །དངོས་པོ་རྣམས་སྐྱེ་བ་དང་འཇིག་པའི་དུས་དག་ཏུ་ཁྱད་པར་མེད་པའི་ཕྱིར་ནམ་མཁའ་ནི་ས་ལ་སོགས་པ་ལྟར་འབྱུང་བ་ཆེན་པོ་མ་ཡིན་ནོ། །

Vol. 144 · folio 34b

ས་བོན་ལ་སོགས་པའི་གནས་སྐབས་ཀྱི་འབྱུང་བ་དག་ནི་རྣམ་པར་འགྱུར་བར་འགྱུར་བ་ན་མྱུ་གུ་ལ་སོགས་པའི་གནས་སྐབས་ཀྱི་རྐྱེན་དག་ཏུ་མཐོང་ན། ནམ་མཁའ་ནི་དེ་ལྟར་རྣམ་པར་འགྱུར་བ་མ་ཡིན་ཏེ་རྟག་པའི་ཕྱིར་རོ། །ཇི་སྐད་དུ། རྒྱུ་ནི་རྣམ་པར་འགྱུར་བ་ན། །གཞན་གྱི་རྒྱུ་རུ་འགྱུར་བ་སྟེ། །གང་

ལ་རྣམ་པར་འགྱུར་ཡོད་པའི། །དེ་ནི་རྟག་ཅེས་བྱ་ཡོད་མིན། །ཞེས་བཤད་པ་ལྟ་བུའོ། །གཞན་དག་ན་རེ། ནམ་མཁའ་ནི་ཆེན་པོ་ཡིན་གྱི། འབྱུང་བ་ནི་མ་ཡིན་ཏེ་འབྱུང་བ་ནི་སྐྱེས་པའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་འབྱུང་བ་ཆེན་པོ་ཉིད་ཀྱིས་འཐད་པའི་ཕྱིར་དང་། གང་ཡང་རུང་བ་

ཞིག་མ་ཚང་ན་འབྱུང་བ་ལས་གྱུར་པ་སྐྱེད་པར་མི་ནུས་པའི་ཕྱིར་མ་ཚང་བ་དང་ལྷག་མ་མེད་པར་བཞི་ཉིད་ཡིན་ནོ་ཞེས་བཤད་དོ། །བྱེ་བྲག་ཏུ་སྨྲ་བ་པ་རྣམས་ཀྱི་ནུས་པ་མེད་པ་དོན་མེད་པར་ཐལ་བའི་ཕྱིར་ཏེ། ཁྲིའུ་རྐང་བཞི་པ་བཞིན་ནོ་ཞེ་ནའོ། །ཡང་ཁམས་དེ་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། གལ་ཏེ་

རང་གི་ངོ་བོ་ཙམ་ཞིག་བསྟན་པར་བྱ་བ་ཡིན་བཞིན་དུ་ཅིའི་ཕྱིར་སའི་ཁམས་ལ་སོགས་པའི་ལས་བརྗོད་ཅེ་ན། ཚོགས་པ་ཐམས་ཅད་ལ་དེ་དག་གི་རང་བཞིན་མ་དམིགས་ཀྱང་ལས་དེ་ཡོད་པ་ཉིད་དུ་རྗེས་སུ་དཔག་པར་བྱ་བའི་ཕྱིར་ཏེ། ཆུ་དག་ལ་གྲུ་འདེགས་པས་ས་ཡོད་ལ། ས་ལ་སྡུད་པ་མཐོང་བས་ཆུ་དང་།

ཆུ་དག་ལ་གྲང་བ་ཕུལ་དུ་བྱུང་བ་མཐོང་བས་དྲོ་བ་ཡོད་པས་སོ་ཞེས་བྱ་བ་ལ་སོགས་པའོ། །ལས་དང་རང་བཞིན་ལ་ཁྱད་པར་ཅི་ཡོད་ཅེ་ན། འབྱུང་བའི་མཚན་ཉིད་དང་ལས་རྣམས་ནི་དུས་གསུམ་པ་དང་། དུས་གཅིག་པ་ཉིད་ཡིན་པའི་ཕྱིར་རོ། །རྒྱས་པར་བྱེད་པ་ནི་འཕེལ་བ་དང་རྒྱས་པར་བྱེད་པ་ཡིན་ནོ། །

འཕེལ་བ་ནི་མྱུ་གུ་ལ་སོགས་པ་རྣམས་སྟེང་དང་། འོག་དང་། དངོས་སུ་ས་བོན་ལ་སོགས་པ་དག་ལས་ཆེས་ལྷག་པར་སྐྱེ་བ་ཡིན་ལ། རྒྱས་པར་བྱེད་པ་ནི་ཤིང་ལྗོན་པ་ལ་སོགས་པ་རྣམས་བར་ཆད་མེད་པར་ཡུལ་གཞན་དག་ཏུ་བསགས་ཀར་སྐྱེ་བའོ། །སྲ་གཤེར་དྲོ་ཉིད་གཡོ་བ་རྣམས། །ཞེས་བྱ་

བ་ལ། དངོས་པོའི་རྐྱེན་བཤད་པ་ནི་རྫས་ལས་དངོས་པོ་དོན་གཞན་མ་ཡིན་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་དྲོ་བ་ཉིད་ནི་མེའི་ཁམས་སོ་ཞེས་བཤད་དོ། །དངོས་པོ་རྣམས་ཀྱི་མཚན་ཉིད་ནི་རང་བཞིན་ཁོ་ན་ཡིན་ལ། འཕྲུལ་བ་མེད་པས་ནི་དེ་ཉིད་ཀྱིས་དེ་སྟོན་ཏེ། མཆི་གུའི་

Vol. 144 · folio 35a

བུའི་ལུས་ལ་སོགས་པ་སྟོན་པ་བཞིན་ནོ། །སྲ་བ་ནི་སའི་ཁམས་སོ་ཞེས་བྱ་བ་ལ། མཁྲང་བ་དང་འཐས་པ་ཞེས་བྱ་བའི་བར་དུ་བསྟན་པར་འགྱུར་རོ། །གཤེར་བ་ནི་ཆུའི་ཁམས་སོ་ཞེས་བྱ་བ་ལ། བརླན་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ན་གཤེར་བའོ། །གཞན་

དག་ནི་ཕྲ་བ་ཉིད་དོ་ཞེའོ། །དྲོ་བ་ཉིད་ནི་མེའི་ཁམས་སོ་ཞེས་བྱ་བ་ལ། སྲེག་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །གཡོ་བ་ནི་རླུང་གི་ཁམས་སོ་ཞེས་པ་ནི་ཡང་དག་པར་གཡོ་བ་སྟེ། སྣ་ཚོགས་སུ་འཐོར་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། འདིས་འབྱུང་བའི་རྒྱུན་ཞེས་བྱ་བ་སྨོས་སོ། །འབྱུང་བ་

སྨོས་པ་ནི་གཟུགས་ཅན་མ་ཡིན་པ་ནི་ཡུལ་ན་མི་གནས་པ་རླུང་གི་ཡུལ་ཅན་སྐྱེད་པ་མི་སྲིད་པའི་ཕྱིར་རོ། །རྒྱུན་སྨོས་པ་ནི་སྐད་ཅིག་མ་ཡིན་པས་གཅིག་ལ་ཡུལ་གཞན་དུ་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །སྒྲོན་མ་གཡོ་བ་བཞིན་དུ་ཞེས་བྱ་བ་ལ། ཇི་ལྟར་སྒྲོན་མ་སྐད་ཅིག་མ་ཡིན་པས་འགྲོ་བ་མེད་བཞིན་དུ་

ཡུལ་གཞན་དུ་སྐྱེད་པ་རླུང་གི་གཡོ་བ་འབྱུང་བ་དེ་བཞིན་དུ་གཞན་འབྱུང་བའི་རྒྱུན་ལ་ཡང་ཡིན་ནོ། །མདོ་སྡེ་བསྟན་བཅོས་འགལ་བའི་ལན་གདགས་པའི་ཕྱིར། རབ་ཏུ་བྱེད་པ་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། རབ་ཏུ་བྱེད་པ་དག་ལས་རླུང་གི་ཁམས་གང་ཞེ་ན། ཡང་ཞིང་གཡོ་བ་ཉིད་དོ་ཞེས་

བསྟན་ལ། མདོ་སྡེ་ལས་ནི་རླུང་གི་ཁམས་ནི་ཡང་བ་ཉིད་དོ་ཞེས་བསྟན་ཏོ། །ཡང་བ་ཉིད་དེ་ནི་རླུང་གི་ཁམས་ཉིད་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རབ་ཏུ་བྱེད་པ་དག་ལས་ལྕི་བ་ཉིད་དང་ཡང་བ་ཉིད་དོ་ཞེས་བཤད་པ་རྒྱུར་བྱས་པའི་གཟུགས་གཞན་ཡང་ཡིན་ནོ། །དེའི་ཕྱིར་རླུང་གི་ཁམས་ནི་ཡང་བ་ཉིད་དོ་ཞེས་བརྗོད་

པ་ན། རྒྱུར་བྱས་པའི་གཟུགས་ལ་ཡང་ཐལ་བར་འགྱུར་ན། གཡོ་བའི་རང་བཞིན་ནོ་ཞེས་ཇི་སྐད་དུ་བཀོད་པ་ལྟར་ན་ནི་ཉེས་པ་མེད་དོ། །རང་བཞིན་གྱི་སྒྲ་ནི་འདིར་ལས་ལ་བལྟ་བར་བྱའི་རང་གི་ངོ་བོ་ལ་ནི་མ་ཡིན་ཏེ། དེའི་བྱ་བ་ནི་གཡོ་བ་ལས་འབྱུང་བ་རྣམས་ཡུལ་གཞན་དུ་སྐྱེད་པའོ། །དེ་ཉིད་ཀྱི་ཕྱིར།

འདིའི་རང་བཞིན་ལས་ཀྱི་གསལ་བ་ཡིན་ནོ་ཞེས་རྣམ་པར་བཤད་དོ། །འདི་སྐད་བཤད་པར་འགྱུར་ཏེ། གཡོ་བའི་ལས་དང་ཡང་བ་ཉིད་ཀྱི་རང་བཞིན་ཅན་ནི་རླུང་གི་ཁམས་སོ། །ས་ལ་སོགས་པ་དག་གིས་འབྱུང་བ་རྣམས་མ་བསྟན་པའི་ཕྱིར་ས་ལ་སོགས་པ་དག་འབྱུང་བ་རྣམས་ལས་གཞན་ཡིན་ནོ་ཞེས་

Vol. 144 · folio 35b

དོན་གྱིས་སྨྲས་པར་འགྱུར་རོ། །དེའི་ཕྱིར་འདྲི་བ་ནི། ས་ལ་སོགས་པ་དག་དང་ཞེས་རྒྱ་ཆེར་འབྱུང་བའོ། །ཁ་དོག་དབྱིབས་ལ་ས་ཞེས་བྱའི། གཟུགས་དང་། དྲི་དང་། རོ་དང་ལྡན་པ་ནི་སའོ་སྙམ་དུ་ཇི་ལྟར་གཟེགས་ཟན་པ་རྣམས་སེམས་པ་ལྟར་ནི་མ་ཡིན་ཏེ། དེ་དག་གིས་གཟུགས་ལ་སོགས་པའི་

ཚོགས་པ་ཚོགས་པ་ལས་ཐ་དད་པའི་ས་བསྟན་པར་མི་ནུས་པའི་ཕྱིར་ཏེ། ནས་ཀྱི་ཁུ་བ་དང་། བཏུང་བ་ལ་སོགས་པ་བཞིན་ནོ། །གལ་ཏེ་སའི་སྒྲས་ཚོགས་པ་བཟུང་ལ། དེ་ལ་དྲི་དང་། རོ་དང་། རེག་པ་ཡོད་ཀྱང་ཁ་དོག་དང་དབྱིབས་ཁོ་ན་ལས་ཞེས་བྱ་བའི་རྒྱུ་བརྗོད་པར་བྱའོ་ཞེ་ན། འཇིག་རྟེན་

གྱི་ཐ་སྙད་དུ་ཞེས་བརྗོད་པ་མ་ཡིན་ནམ། འཇིག་རྟེན་ལས་གྲགས་པ་ནི་བརྟགས་པར་ཡོད་པ་ཡིན་ལ། འཇིག་རྟེན་གྱི་ཡང་ས་སྟོན་པ་ན་ཁ་དོག་དང་དབྱིབས་སྟོན་པར་བྱེད་དོ། །འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་གྱི་དོན་ཏོ། །རླུང་ཚོགས་ཁམས་ཉིད་ཡིན་ཞེས་བྱ་བ་ནི་རླུང་ལ་ཁ་དོག་དང་དབྱིབས་མ་

མཐོང་བའི་ཕྱིར་རོ། །དེ་དང་འདྲ་བ་ཡིན་ཞེས་བྱ་བ་ལ། ཇི་ལྟར་འཇིག་རྟེན་གྱི་ཐ་སྙད་དུ་ཁ་དོག་དང་དབྱིབས་ལ་སར་བརྗོད་པ་དེ་བཞིན་དུ་རེས་འགའ་འཇིག་རྟེན་གྱི་ཐ་སྙད་ཁས་བླངས་ནས་རླུང་ཡང་ཡིན་ནོ། །རླུང་རྣམས་ཀྱི་ཚོགས་ནི་རླུང་ངོ་། །རང་གི་ངོ་བོ་ཕན་ཚུན་ཐ་དད་པ་དག་ལ། སྒྲ་ཐ་མི་དད་པ་

འཇུག་པའི་རྒྱུ་མཚན་ཁོང་དུ་མ་ཆུད་པའི་ཕྱིར་ཏེ། གཟུགས་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བའི་བསམ་པས་སམ། ཡང་ན་ཐམས་ཅད་ལ་འཆད་པར་འགྱུར་བའི་ངེས་པའི་ཚིག་མེད་པའི་ཕྱིར་འདྲི་བ་ནི། ཅིའི་ཕྱིར་ཞེས་བྱ་བ་རྒྱ་ཆེར་འབྱུང་བའོ། །གཟུགས་སུ་རུང་བའི་ཕྱིར་ཏེ་ཞེས་བྱ་བ་འདི་ནི་གཟུགས་ཀྱི་ངེས་

པའི་ཚིག་གོ། །གཟུགས་སུ་ཡོད་ཅིང་གཟུགས་སུ་རུང་ངོ་ཞེས་བྱ་བར་ངེས་པར་གཟུང་བར་ཅི་ནས་ཀྱང་ཤེས་པར་བྱ་བའི་ཕྱིར་ཏེ། ལག་པ་ལ་སོགས་པས་རེག་པར་གྱུར་པ་རྣམ་པར་འགྱུར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཟུགས་སུ་རུང་བ་ཞེས་བྱ་བ་ནི་གནོད་པར་བྱར་རུང་ཞེས་བྱ་བ་འདི་ལ།

ཁུངས་ནི་དོན་གྱི་སྡེ་ཚན་དག་ལས་མདོ་གསུངས་པ་ཡིན་ནོ། །འདི་ལ་དཔེར་བརྗོད་པ་ནི། ཟུག་རྔུས་ཟུག་བཞིན་གནོད་པར་འགྱུར། །ཞེས་བྱ་བ་འདི་ཡིན་ཏེ། གནོད་པའི་གནས་སུ་གཟུགས་སུ་རུང་བའི་སྒྲར་སྦྱར་བའི་ཕྱིར་རོ། །གལ་ཏེ་ཟུག་རྔུས་ཟུག་པ་ལ་སེམས་པ་དང་བཅས་པས་ཟུག་རྔུས་བསྣུན་པ་ལས་

Vol. 144 · folio 36a

སྐྱེས་པའི་སྡུག་བསྔལ་གྱིས་གནོད་པར་འགྱུར་བ་དང་། གནོད་པ་ཚོལ་བར་བྱེད་པ་ལ། །དེའི་ཚོར་བའི་འདོད་པ་ལ་གནོད་པ་བྱས་པས་བསྐྱེད་པས་གནོད་པར་འགྱུར་རོ་ཞེས་བྱ་བ་ནི་རིགས་ན། གཟུགས་ལ་ནི་སེམས་པ་ཅན་མ་ཡིན་པས་སྡུག་བསྔལ་མེད་པའི་ཕྱིར་རམ། ཡང་ན་

གཟུགས་སྐད་ཅིག་མ་ཡིན་པ་ཉིད་ཀྱིས་གནོད་པ་བྱེད་པའི་དུས་མེད་པའི་ཕྱིར། གནོད་པ་གང་ཞིག་ཡོད་ཅེ་ན། དེའི་ཕྱིར། ཡོངས་སུ་འགྱུར་བ་སྐྱེད་པའོ་ཞེས་བྱ་བ་སྨོས་ཏེ་རྒྱུན་གྱི་དབང་དུ་བྱས་ནས་ཡིན་གྱི། སྐད་ཅིག་གི་ནི་མ་ཡིན་ནོ། །ཡོངས་སུ་འགྱུར་བ་ནི་གཞན་དུ་འགྱུར་བ་པ་ཉིད་དོ། །མི་འདྲ་བ་

ཡོངས་སུ་འགྱུར་བ་ནི་ཡོངས་སུ་འགྱུར་བ་སྟེ། སྔ་མ་དང་མི་འདྲ་བ་ཉིད་དུ་བསྐྱེད་པའོ་ཞེས་བྱ་བའི་དོན་ཏོ། །གཞན་དག་ན་རེ་གཟུགས་སུ་རུང་བ་ནི་ཐོགས་པའོ་ཞེས་བྱ་བ་ནི་རང་གི་ཡུལ་དུ་གཞན་སྐྱེ་བའི་གེགས་སོ། །འོ་ན་ནི་རྡུལ་ཕྲ་རབ་ཅེས་བྱ་བ་ལ། གལ་ཏེ་གཟུགས་སུ་རུང་བ་ཡོངས་སུ་འགྱུར་བ་

བསྐྱེད་པ་དང་ཐོགས་པ་ཡིན་ན་ནི་གཉིས་ཀ་ལྟར་ཡང་གཟུགས་སུ་མི་འགྱུར་ཏེ་ཆ་ཤས་མེད་པའི་ཕྱིར་རོ། །དེ་ནི་ཇི་ལྟར་བལྟ་བར་མི་ནུས་པ་དེ་བཞིན་དུ་ལག་པ་ལ་སོགས་པའི་ལུས་དེ་རེག་པ་ལ་སོགས་པ་དག་གིས་རེག་པར་ཡང་མི་ནུས་ཏེ། ཡོངས་སུ་འགྱུར་བ་ཡང་མ་ཡིན་ལ་ཐོགས་པ་ཡང་མ་ཡིན་ནོ་

སྙམ་དུ་བསམ་པའོ། །འདི་ནི་རྫས་ཀྱི་རྡུལ་ཕྲ་རབ་ལ་མངོན་པར་འདོད་ཀྱི། འདུས་པའི་རྡུལ་ཕྲ་རབ་ནི་མ་ཡིན་ཏེ། དེ་ནི་རྫས་བརྒྱད་པ་ཡིན་པས་གཟུགས་སུ་རུང་བ་མི་འགལ་ལོ། །དེ་ཉིད་ཀྱི་ཕྱིར། རྡུལ་ཕྲ་རབ་ཀྱི་རྫས་གཅིག་པུ་ལོགས་ཤིག་ཏུ་གྱུར་པ་ནི་མེད་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ།

འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་བྱ་བ་ལ་སོགས་པར་ངེས་པའི་ཕྱིར་རོ། །འདུས་པ་ལ་གནས་པ་དེ་ལ་ནི་གཟུགས་སུ་རུང་བ་ཉིད་དོ་སྟེ། ཡོངས་སུ་འགྱུར་བའམ་ཐོགས་པ་ཡིན་ནོ། །འོ་ན་ནི་འདས་པ་དང་མ་འོངས་པ་ཞེས་བྱ་བ་ལ། ཡུལ་ན་མི་གནས་

པའི་ཕྱིར་གནོད་པར་བྱར་རུང་བ་མ་ཡིན་ཞིང་ཐོགས་པ་མ་ཡིན་ཏེ། གཟུགས་མ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ཡང་གཟུགས་སུ་ཡོད་ཟིན་པ་དང་ཞེས་བྱ་བ་ནི་འདས་པའོ། །གཟུགས་སུ་ཡོད་པར་འགྱུར་བ་ཞེས་བྱ་བ་ནི་མ་འོངས་པ་སྐྱེ་བའི་ཆོས་ཅན་ནོ། །དེ་དང་རིགས་མཐུན་པ་ཞེས་

Vol. 144 · folio 36b

བྱ་བ་ནི་གཟུགས་སུ་ཡོད་པར་གྱུར་པ་དང་རིགས་མཐུན་པ་མི་སྐྱེ་བའི་ཆོས་ཅན་ལ་འདོད་དོ། །བུད་ཤིང་བཞིན་ནོ། །དཔེར་ན་ཤིང་ལ་སོགས་པ་འབུད་བཞིན་པ་མ་ཡིན་པ་ཡང་བུད་ཤིང་དུ་བརྗོད་དོ། །གང་ཞིག་འབུད་པར་འགྱུར་བ་དང་། གང་ཞིག་འབུད་པར་འགྱུར་བ་མ་ཡིན་

པ་དེ་ཐམས་ཅད་དེ་དང་རིགས་མཐུན་པའི་ཕྱིར་བུད་ཤིང་ཡིན་པ་དེ་བཞིན་དུ་འདིར་ཡང་ཡིན་ནོ། །འོ་ན་ནི་རྣམ་པར་རིག་བྱེད་མ་ཡིན་པ་གཟུགས་མ་ཡིན་པར་འགྱུར་ཏེ། དེ་དང་རིགས་མཐུན་པ་མ་ཡིན་པའི་ཕྱིར་དང་། ཐོགས་པ་མེད་པའི་ཕྱིར་རོ་ཞེ་ན། རྣམ་པར་རིག་བྱེད་ཀྱང་རྒྱུར་བྱས་པའི་གཟུགས་དང་

རིགས་མཐུན་པའི་ཕྱིར་གཟུགས་དང་རིགས་མཐུན་པ་ཉིད་དེ། འབྱུང་བ་ཆེན་པོ་དག་རྒྱུར་བྱས་ནས་འབྱུང་བའི་ཕྱིར་རོ། །དེ་ཡང་རྣམ་པར་རིག་བྱེད་ལ་གཟུགས་སུ་ཡོད་པའི་ཕྱིར་གཟུགས་སུ་ཡོད་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཀུན་ནས་སློང་བར་བྱེད་པ་ལུས་དང་ངག་གི་རྣམ་པར་རིག་

བྱེད་ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་རྣམ་པར་འགྱུར་བར་འགྱུར་བའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ཡང་གཟུགས་སུ་ཡོད་པར་འགྱུར་ཏེ། འགྱུར་བ་མེད་པའི་ཕྱིར་མ་ཡིན་ཏེ་ཞེས་བྱ་བ་ལ། རྣམ་པར་རིག་བྱེད་རྣམ་པར་འགྱུར་བཞིན་དུ་རྣམ་པར་རིག་བྱེད་མ་ཡིན་པར་མི་འགྱུར་ཏེ་ཁྱད་

པར་མེད་པའི་ཕྱིར་རོ། །འདི་ལྟར་ཐལ་མོ་སྦྱར་བ་དང་། །སྒྲ་ལ་སོགས་པར་འགྱུར་བ་ན། །རྣམ་པར་རིག་བྱེད་མ་ཡིན་པ་ལ་ཁྱད་པར་ཡོད་པ་མ་ཡིན་ནོ། །ཤིང་ལྗོན་པ་ལ་ནི་ཡལ་ག་དང་པོ་ལ་སོགས་པའི་ཆུང་བ་དང་། འཕེལ་བ་ཡིན་པ་དང་། གྲིབ་མ་ཆུང་བ་དང་། འཕེལ་བར་འགྱུར་བས་ཤིང་

ལྗོན་པ་གཡོས་པས་གྲིབ་མ་གཡོ་བ་མི་འགལ་ལོ། །གཞན་ཡང་། ཇི་ལྟར་ཤིང་ལྗོན་པ་ལོག་ན་གྲིབ་མ་ལོག་པ་ལྟར། རྣམ་པར་རིག་བྱེད་ལོག་པ་ན་རྣམ་པར་རིག་བྱེད་མ་ཡིན་པ་ལྡོག་པར་འགྱུར་ན། དེ་ལྟར་ནི་འགྱུར་བ་ཡང་མ་ཡིན་ཏེ། དེ་ནི་དེ་རྣམ་པར་འགྱུར་བའི་རྗེས་སུ་བྱེད་པ་མ་ཡིན་པའི་

ཕྱིར་རོ། །གཞན་དག་ན་རེ་རྟེན་གྱི་འབྱུང་བ་ལ་གཟུགས་སུ་ཡོད་པའི་ཕྱིར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི་སློབ་དཔོན་དབྱིག་གཉེན་སྔ་མ་སྟེ། སྔོན་པོ་ལ་སོགས་པ་རྒྱུར་བྱས་པའི་གཟུགས་སུ་འབྱུང་བ་ལ་བརྟེན་པ་ནི་འབྱུང་བ་དང་། གྲུབ་པ་དང་། བདེ་བ་གཅིག་པར་མཐོང་བ་སྟེ། དེའི་ཕྱིར་རྒྱུར་བྱས་པའི་

Vol. 144 · folio 37a

གཟུགས་ཡིན་པས་འདི་ཡང་རྟེན་གྱི་འབྱུང་བ་ལ་གཟུགས་སུ་ཡོད་པའི་ཕྱིར་གཟུགས་སུ་རུང་ངོ་། །ཐོགས་པ་དང་བཅས་པའི་ཕྱིར་རྒྱུར་བྱས་པའི་གཟུགས་གཞན་ནི་གཟུགས་སུ་ཡོད་པ་དངོས་སུ་ཁས་བླངས་པའི་ཕྱིར་ལ། འདི་ནི་ཐོགས་པ་མེད་པའི་ཕྱིར་རྟེན་གྱི་སྒོ་ཁོ་ནས་

གཟུགས་སུ་རུང་བ་ཡིན་ནོ་ཞེའོ། །དེ་ལྟ་ན་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དག་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་རྣམས་ཀྱི་རྟེན་མིག་ལ་སོགས་པ་དག་ནི་ཐོགས་པ་དང་བཅས་པ་ཡིན་ནོ་ཞེའོ། །ཉེ་བར་བཀོད་པ་འདི་ནི་མི་མཐུན་པ་ཡིན་ཏེ་ཞེས་བྱ་བ་ནི་དེ་ཉིད་ལན་སྨྲ་བའོ། །རྣམ་པར་

རིག་བྱེད་མ་ཡིན་པ་ནི་ལྗོན་པ་ལ་གྲིབ་མ་ཉིད་དང་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། ཇི་ལྟར་ལྗོན་པ་དང་། གྲིབ་མ་དང་། ནོར་བུ་དང་། འོད་གྲུབ་པ་དང་། བདེ་བ་གཅིག་པ་དེ་བཞིན་དུ་རྣམ་པར་རིག་བྱེད་མ་ཡིན་པ་ཡང་འབྱུང་བ་དག་དང་། གྲུབ་པ་དང་། བདེ་བ་གཅིག་གོ་སྙམ་དུ་དགོངས་སོ། །མིག་

གི་རྣམ་པར་ཤེས་པ་ལ་སོགས་པ་དག་ནི་དེ་ལྟར་མིག་ལ་སོགས་པ་དག་གྲུབ་པ་དང་བདེ་བ་གཅིག་པ་མ་ཡིན་ནོ། །དེ་དག་ནི་དེ་དག་གི་སྐྱེ་བའི་རྒྱུ་མཚན་ཙམ་འབའ་ཞིག་ཏུ་ཟད་པས་སོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དབང་པོ་དེ་དག་ནི་རྣམ་པར་ཤེས་པ་དེ་དག་གི་སྐྱེ་བའི་རྒྱུ་མཚན་ཏེ། བསྐྱེད་པར་

བྱ་བ་རྒྱུ་མཚན་དུ་འགྱུར་རོ། །འདི་ནི་རེ་ཞིག་བྱེ་བྲག་ཏུ་སྨྲ་བ་མ་ཡིན་ཏེ་ཞེས་བྱ་བ་ལ། འདི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ཡིན་པ་ནི་བྱེ་བྲག་ཏུ་སྨྲ་བའི་འོ། །བྱེ་བྲག་ཏུ་སྨྲ་བའི་མ་ཡིན་པ་ནི་བྱེ་བྲག་ཏུ་སྨྲ་བའི་མ་ཡིན་པའོ། །དེ་གང་ཞེ་ན། ཤིང་ལྗོན་པ་ལ་བརྟེན་ནས་གྲིབ་མ་དང་ཞེས་བྱ་བ་རྒྱས་པར་འབྱུང་

བའོ། །ཇི་ལྟར་བྱེ་བྲག་ཏུ་སྨྲ་བའི་མ་ཡིན་ཞེ་ན། གྲིབ་མ་ལ་སོགས་པ་ཁ་དོག་གི་རྡུལ་ཕྲ་རབ་རྣམས་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་གྲིབ་མ་དང་འོད་ཅེས་བྱ་བ་ནི་ཁ་དོག་གི་གཟུགས་ཁོ་ན་ལ་བརྗོད་ལ། ཁ་དོག་གི་རྡུལ་ཕྲ་རབ་རྣམས་ནི་རང་གི་འབྱུང་བ་བཞི་ཚན་ལ་བརྟེན་པའི་ཕྱིར་ཤིང་ལྗོན་

པ་ལ་སོགས་པ་དག་རྟེན་དུ་མི་འདོད་དོ། །གྲིབ་མ་དང་འོད་དེ་ག་ལ་བརྟེན་པ་ཡིན་ཡང་ཞེས་བྱ་བ་ལ། ཤིང་ལྗོན་པ་དང་ནོར་བུ་དག་ལ་བརྟེན་པ་ཉིད་དོ། །གང་དག་ཅེ་ན། གྲིབ་མ་དང་འོད་དག་ཅེས་བྱ་བ་དང་སྦྱར་རོ། །གྲིབ་མ་དང་འོད་ནི་རང་གི་འབྱུང་བ་ལ་བརྟེན་ལ། དེ་དག་ནི་ཤིང་ལྗོན་པ་དང་ནོར་བུ་

Vol. 144 · folio 37b

ལ་བརྟེན་ཏེ། དེ་དག་གི་རྗེས་སུ་བྱེད་པའི་ཕྱིར་རོ། །རྣམ་པར་རིག་བྱེད་མ་ཡིན་པའི་རྟེན་འབྱུང་བ་ཆེན་པོ་དག་འགགས་ཀྱང་ཞེས་བྱ་བ་ལ། འདོད་གཏོགས་རྣམ་རིག་མིན་སྐད་ཅིག །ཕྱིན་ཆད་འདས་པའི་རྒྱུ་ལས་འབྱུང་། །ཞེས་འབྱུང་བས་རྟེན་གྱི་འབྱུང་བ་ཆེན་པོ་དག་འགགས་ཀྱང་འདོད་པར་

གཏོགས་པའི་རྣམ་པར་རིག་བྱེད་མ་ཡིན་པ་རྗེས་སུ་འཇུག་པ་ཡིན་གྱི། གྲིབ་མ་དང་འོད་དག་ནི་དེ་ལྟར་རྟེན་འགགས་པས་མི་འགག་པ་མ་ཡིན་ནོ། །དེའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པའི་ཤིང་ལྗོན་པ་ལ་གྲིབ་མ་ཉིད་དང་ཞེས་གང་སྨྲས་པ་དེ་ནི་ལན་མ་ཡིན་ནོ། །གཞན་དག་གིས་ནི་འདི་ལ་ཞེས་བྱ་

བ་ནི་སློབ་དཔོན་ཉིད་དེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་དག་གཟུགས་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་འདི་ལའོ། །འདི་སྐད་བསྟན་པར་འགྱུར་ཏེ། གལ་ཏེ་རྟེན་གཟུགས་སུ་ཡོད་པའི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་དག་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་ལྟར་གཟུགས་ཉིད་

ཡིན་ན་ནི་དེ་ལྟ་ན་དེའི་རྟེན་གཟུགས་སུ་ཡོད་པ་མ་ཡིན་པའི་ཕྱིར། འགའ་ཞིག་གཟུགས་ཉིད་མ་ཡིན་པར་ཡང་འགྱུར་ན། གཅིག་ལ་ཆོས་ཕན་ཚུན་འགལ་བའི་འདུ་བ་ཡང་མ་ཡིན་ཏེ། རྟག་པ་དང་མི་རྟག་པ་བཞིན་ནོ། །རྣམ་པར་རིག་བྱེད་མ་ཡིན་པ་དེ་ལྟར་རྟེན་ཐ་དད་དུ་གྱུར་པ་མ་ཡིན་ཏེ། འོ་ན་

ཅི་ཞེ་ན། ཐམས་ཅད་གཟུགས་སུ་ཡོད་པ་ཡིན་ནོ། །དེ་ལྟ་བས་ན་འདྲ་བས་ཐལ་བ་མེད་དོ། །ཕུང་པོ་རྣམ་པར་གཞག་པའི་མཇུག་ཐོགས་སུ་ཁམས་དང་སྐྱེ་མཆེད་རྣམ་པར་གཞག་པའི་རིག་པ་ལས་འདས་ཏེ། ཚོར་བ་ལ་སོགས་པའི་ཕུང་པོའི་མཚན་ཉིད་མ་བསྟན་པ་ཁོ་ནར། དབང་དོན་

དེ་དག་ཁོ་ན་ལ། །སྐྱེ་མཆེད་དང་ནི་ཁམས་བཅུར་འདོད། །ཅེས་གཟུགས་ཀྱི་ཕུང་པོའི་སྐྱེ་མཆེད་དང་། ཁམས་རྣམ་པར་གཞག་པ་སྨོས་པ་ནི་བདེ་བླག་ཏུ་བསྟན་པར་བྱ་བའི་ཕྱིར་རོ། །དེ་དག་ཁོ་ན་ཞེས་བྱ་བ་ནི་གཟུགས་ནི་དབང་པོ་ལྔ་དང་དོན་ལྔ་དང་ཞེས་བྱ་བ་གང་དག་གཟུགས་ཀྱི་ཕུང་པོའི་

རང་བཞིན་དུ་བསྟན་པ་དག་གོ། །དབང་པོ་རྣམས་དང་དོན་རྣམས་ནི་དབང་དོན་ནོ། །ཡིད་ཀྱི་དབང་པོ་ལ་སོགས་པ་དབང་པོ་དག་དང་། ཡིད་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱ་བ་ཚོར་བ་ལ་སོགས་པ་དོན་རྣམས་གཞན་དང་གཞན་ཡང་ཡོད་པ་དེའི་ཕྱིར་དེ་དག་ཁོ་ན་ལ་ཞེས་བྱ་བ་སྨོས་སོ། །གཟུགས་

Vol. 144 · folio 38a

ཀྱི་ཕུང་པོ་དང་ཞེས་བྱ་བ་ནི། གཟུགས་ནི་དབང་པོ་ལྔ་དང་ཞེས་བྱ་བ་ལ་སོགས་པས་སོ། དེའི་སྐྱེ་མཆེད་དང་། ཁམས་རྣམ་པར་གཞག་པ་བཤད་ཟིན་ཏོ་ཞེས་བྱ་བ་ལ། དེའི་སྟེ་གཟུགས་ཀྱི་ཕུང་པོའི་འོ། ཇི་ལྟར་ཞེ་ན། གོང་མ་བཞིན་ནོ། །གལ་ཏེ་རྣམ་པར་རིག་བྱེད་

མ་ཡིན་པའི་གཟུགས་ཀྱི་སྐྱེ་མཆེད་དང་ཁམས་རྣམ་པར་གཞག་པར་བྱ་དགོས་པ་མ་ཡིན་ནོ་ཞེ་ན། བྱ་དགོས་པ་བདེན་མོད་ཀྱི། དྲུངས་པ་གཅིག་མ་བརྔས་པས་ཞིང་མ་བརྔས་པ་ཞེས་བྱ་བ་ནི་མ་ཡིན་ནོ། །ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པའི་སྐྱེ་མཆེད་དང་

ཁམས་ནི་ཕྱི་ནས་རྣམ་པར་འཇོག་པར་འགྱུར་རོ། །ཚོར་བ་ལ་སོགས་པ་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ། འདུས་བྱས་ཆོས་རྣམས་དེ་དག་ནི། །གཟུགས་ལ་སོགས་པ་ཕུང་པོ་ལྔ། །ཞེས་བཤད་པ་དེ་ལ། གཟུགས་ཀྱི་ཕུང་པོ་ནི་བཤད་ཟིན་ཏོ། །ད་ནི་ཚོར་བ་ལ་སོགས་པ་དག་བརྗོད་པར་

བྱའོ། །ཚོར་བ་མྱོང་བ་ཞེས་བྱ་བ་ལ། ཉམས་སུ་མྱོང་བ་ནི་མྱོང་བའོ། །ཡུལ་དང་མཐུན་པར་ཉམས་སུ་མྱོང་བ་ནི་མྱོང་བ་སྟེ། དངོས་པོའི་རང་གི་ངོ་བོ་སིམ་པ་དང་། ཉེ་བར་གདུང་བ་དང་། རྣམ་པ་དེ་གཉིས་ཀ་ལས་རྣམ་པར་གྲོལ་བ་མངོན་སུམ་དུ་བྱེད་པའོ། །ཡང་ན་ཉམས་སུ་མྱོང་བར་བྱེད་པས་

ན་མྱོང་བའོ། །དེ་ཡང་རང་བཞིན་ཐ་དད་པ་ལས་རྣམ་པ་གསུམ་མོ། །དེ་ལ་ལུས་དང་སེམས་འཕེལ་བར་འཇུག་པ་ནི་བདེ་བའོ། །འགྲིབ་པར་འཇུག་པ་ནི་སྡུག་བསྔལ་ལོ། །གང་ཞིག་གཉིས་ཡང་མི་འཇུག་ལ། ཡོད་པའི་མྱོང་བ་དེ་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་ཏེ། གནག་

པ་ཡང་མ་ཡིན་དཀར་བ་ཡང་མ་ཡིན་པའི་ལས་བཞིན་ནོ། །རྒྱུ་མཚན་གྱི་དབྱེ་བ་ལས་ནི་རྣམ་པ་དྲུག་སྟེ། མིག་དང་། གཟུགས་དང་། རྣམ་པར་ཤེས་པ་དང་གསུམ་ཚོགས་པ་ནི་མིག་གི་འདུས་ཏེ་རེག་པ་ཡིན་ལ། དེ་ལས་སྐྱེས་པ་ནི་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའོ། །རྣ་བ་དང་།

སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བ་ཡང་དེ་བཞིན་དུ་རིག་པར་བྱའོ། །འདུ་ཤེས་ནི། མཚན་མར་འཛིན་པའི་བདག་ཉིད་དོ། །ཞེས་བྱ་བ་ལ་རྒྱུ་མཚན་ནི་ཁྱད་པར་ཏེ། བདག་ཉིད་རང་བཞིན་དང་། རང་གི་ངོ་བོ་ཞེས་བྱ་བ་ནི་རྣམ་གྲངས་དག་གོ། །འདི་སྐད་དུ་

Vol. 144 · folio 38b

ཁྱད་པར་འཛིན་པའི་རང་བཞིན་ནི་ཞེས་བཤད་པར་འགྱུར་ཏེ། དཔེར་ན་བུད་མེད་ནི་བུ་སྐྱེད་པར་བྱེད་པའི་བདག་ཉིད་དོ་ཞེས་བྱ་བ་ལྟ་བུའོ། །འདུ་ཤེས་ནི་ཆོས་དང་སེམས་ཀྱི་ཁྱད་པར་ལ་བརྟེན་ཏེ་འཇུག་པའི་ཕྱིར་ན་སྔོན་པོ་དང་། སེར་པོ་དང་། རིང་པོ་དང་ཞེས་བྱ་བ་ལ་སོགས་པ་འདི་ཙམ་ཞིག་དཔེར་

བརྗོད་དོ། །མིག་གི་འདུས་ཏེ་རེག་པའི་འདུ་ཤེས་ལ་གཉིས། དཔེར་བརྗོད་པ་ནི་ཁ་དོག་དང་དབྱིབས་གཟུགས་ཀྱི་སྐྱེ་མཆེད་ཀྱི་རབ་ཏུ་དབྱེ་བ་མ་ཡིན་པར་བསྟན་པའི་ཕྱིར་ཏེ། དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །དེ་ཡང་དབྱེ་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མིག་ལ་སོགས་པ་རྐྱེན་

གྱིས་བྱས་པའི་དབྱེ་བ་དྲུག་གོ། །ཚོར་བ་བཞིན་ནོ་ཞེས་བྱ་བ་ལ། དཔེར་ན་ཚོར་བའི་ཕུང་པོ་རྟེན་གྱི་དབྱེ་བས་དྲུག་ཏུ་ཕྱེ་བ་དེ་བཞིན་དུ་འདུ་ཤེས་ཀྱི་ཕུང་པོ་ཡང་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་ནས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་ཞེས་བྱ་བའི་བར་དྲུག་ཏུ་དབྱེའོ། །

ཚོགས་ཀྱི་སྒྲ་ནི་རེ་རེ་ཞིང་རྫས་དུ་མ་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ། །གལ་ཏེ་ཡུལ་གྱི་ཁྱད་པར་འཛིན་པའི་རྣམ་པར་རྟོག་པ་ནི་ཐོགས་པའི་རེག་པ་རྣམ་པར་རྟོག་པ་མེད་པ་དང་མཚུངས་པར་ལྡན་པར་ཇི་ལྟར་རུང་ཞེ་ན། འདུ་ཤེས་ནི་ས་མང་པོ་པ་ཡིན་པའི་ཕྱིར་ཚོར་བ་བཞིན་དུ་རྣམ་པར་ཤེས་པ་

ཐམས་ཅད་དང་མཚུངས་པར་ལྡན་ཏེ། ཐོགས་པའི་རེག་པ་དང་མཚུངས་པར་ལྡན་པ་ན། གཡེང་བ་མ་ཡིན་ཕྱིར་ཞེས་པས་ན་དེ་ལ་བྱ་བ་མངོན་པར་གསལ་བར་མི་འགྱུར་གྱི། གཡེང་བའི་ཕྱིར་ཚིག་བླ་དགས་ཀྱི་རེག་པ་དང་མཚུངས་པར་ལྡན་པ་ལ་ནི་དེའི་བྱ་བ་མངོན་པར་གསལ་བར་འགྱུར་རོ་ཞེས་བྱ་བ་འདི་

ནི་ཁྱད་པར་རོ། །མིག་གི་རྣམ་པར་ཤེས་པའི་དུས་སུ་རྒྱུ་མཚན་མ་བཟུང་བས་ནི་ཡིད་ཀྱི་རྣམ་པར་ཤེས་པས་ངེས་པར་རྟོགས་པར་མི་ནུས་ཏེ། དེ་དྲངས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་དབང་པོའི་རྣམ་པར་ཤེས་པ་མེད་པར་ཡིད་ཀྱི་རྣམ་པར་ཤེས་པ་གཟུགས་ལ་སོགས་པ་ལ་དངོས་

སུ་འཇུག་ན་ནི་ལོང་བ་ཡང་ལོང་བ་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་ཚོར་བ་བཞིན་དུ་འདུ་ཤེས་ཀྱང་རེག་པ་ཐ་དད་པ་ལ་ཐ་དད་པར་མི་འགལ་ལོ། །འདུ་བྱེད་ཕུང་པོ་གཞི་ལས་གཞན། །ཞེས་བྱ་བ་ལ། གང་དག་ཇི་སྐད་དུ་བཤད་པ་གསུམ་དང་འཆད་པར་འགྱུར་བའི་རྣམ་པར་ཤེས་པའི་ཕུང་

Vol. 144 · folio 39a

པོ་ལས་གཞན་པ་མཚུངས་པར་ལྡན་པ་དང་མི་ལྡན་པའི་འདུ་བྱེད་དེ་དག་ནི་འདུ་བྱེད་ཀྱི་ཕུང་པོའོ། །ཇི་ལྟར་རྣམ་པར་ཤེས་པའི་ཕུང་པོ་མ་བསྟན་པར་བཞི་ལས་གཞན་ཞེས་བརྗོད་ཅེ་ན། འདུས་བྱས་ཆོས་རྣམས་དེ་དག་ནི། །གཟུགས་ལ་སོགས་པ་ཕུང་པོ་ལྔ། །ཞེས་

རྣམ་པར་ཤེས་པ་སྔར་བསྟན་ཟིན་པས་ཉེས་པ་འདི་ནི་མེད་དོ། །བཅོམ་ལྡན་འདས་ཀྱིས་མདོ་ལ་སོགས་པས་ནི་ལུང་དང་འགལ་བ་སྤོང་ངོ་། །མདོ་ལས་ནི་འདུ་བྱེད་ཀྱི་ཕུང་པོ་གང་ཞེ་ན། སེམས་པའི་ཚོགས་དྲུག་གོ་ཞེས་གསུངས་ལ། ཁ་ཅིག་མདོ་འདི་ལ་བརྟེན་ནས་འདུ་བྱེད་ཀྱི་ཕུང་

པོ་ནི་སེམས་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་ཏེ། དེ་དག་ལ་མདོ་འདི་ནི་དགོངས་པ་ཅན་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་མདོ་ལས་ཞེས་བྱ་བ་སྨོས་སོ། །ཡང་ཅིའི་ཕྱིར། སེམས་ལས་བྱུང་བ་དང་ལྡན་པ་མ་ཡིན་པར་འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་གཞན་

རྣམས་ཀྱང་ཡོད་ན། སེམས་པ་ཁོ་ན་འདུ་བྱེད་ཀྱི་ཕུང་པོ་ཉིད་དུ་གསུངས་ཤེ་ན། དེའི་ཕྱིར་གཙོ་བོ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་སོ། །གང་ལས་གཙོ་བོ་ཡིན་ཞེ་ན། །དེ་ལས་གཞན་རེག་པ་དང་། ཡིད་ལ་བྱེད་པ་དང་། ཐོབ་པ་ལ་སོགས་པ་འདུ་བྱེད་ཀྱི་ཕུང་པོས་བསྡུས་པས་སོ། །

ལྷག་མ་རྣམས་ལས་དེ་གཙོ་བོར་གྱུར་པ་ཅིས་བྱས་པ་ཞིག་ཅེ་ན། དེའི་ཕྱིར་བཤད་པ། དེ་ནི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར། དེ་དང་མཚུངས་པར་ལྡན་པ་ལྷག་མ་རྣམས་ལས་མངོན་པར་འདུ་བྱ་བ་ལ་གཙོ་བོ་ཡིན་ནོ། མངོན་པར་འདུ་བྱ་བ་ནི་རྣམ་པར་སྨིན་པ་འཕེན་པ་ཡིན་ལ། དེའི་དབང་

གིས་ལྷག་མ་རྣམ་པར་སྨིན་པ་འཕེན་པའི་ཕྱིར་གཙོ་བོ་ཡིན་ནོ། །གཞན་དག་ན་རེ་འདི་ལྟ་བུ་དང་འདི་ལྟ་བུར་གྱུར་ཅིག་ཅེས་དེ་ལྟར་མངོན་པར་འདུ་བྱ་བ་ལ་གཙོ་བོ་ཡིན་ནོ་ཞེས་ཟེར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་སེམས་པ་མངོན་པར་འདུ་བྱ་བ་དེ་ཉིད་ཀྱི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་འདུས་

བྱས་མངོན་པར་འདུ་བྱེད་དེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་ཡང་གལ་ཏེ་འདུས་བྱས་ཉིད་ཡིན་ན། དེ་མངོན་པར་འདུ་བྱེད་ཅེ་ན། ཁ་ཅིག་ན་རེ་ཅུང་ཟད་ཅིག་ཡོད་དུ་ཟིན་ཀྱང་འབྲས་བུ་འཕེན་པ་ལ་གཙོ་བོ་ཡིན་པས་སྐྱེ་བ་དང་རྗེས་སུ་མཐུན་པར་རྣམ་པར་འཇོག་པར་བྱེད་པས་ལུས་མངོན་པར་འདུ་བྱེད་

Vol. 144 · folio 39b

དོ་བརྗོད་དོ་ཞེས་ཟེར་རོ། །གཞན་དག་ན་རེ་དཔེར་ན་འབྲས་ཆན་འཚེད། ཕྱེ་འཐག་ཅེས་འབྱུང་བར་འགྱུར་བའི་མིང་གིས་ཡིན་པ་དེ་བཞིན་དུ་ཕུང་པོ་ལྔའི་མཚན་ཉིད་ཀྱིས་འདུས་བྱས་ཀྱང་འདི་ལྟ་བུ་དང་། འདི་ལྟ་བུར་གྱུར་ཅིག་ཅེས་དེ་ལྟར་མངོན་པར་འདུ་བྱེད་དོ་ཞེའོ། །ཡང་ན་ཕུང་པོ་བཞིས་མ་

བསྡུས་པའི་འདུ་བྱེད་རྣམས་བསྡུ་བར་བྱ་བའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་དང་། ཁམས་བཞིན་དུ་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོའོ་ཞེས་འདུ་བྱེད་ཀྱི་སྒྲས་ཕྱིར་བསྟན་ཏོ། །དེ་ལྟ་མ་ཡིན་ན་ཚོར་བ་ལ་སོགས་པའི་ཕུང་པོ་ལྟར་སེམས་པའི་ཕུང་པོ་ཞེས་བརྗོད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་

བ་ལ། གལ་ཏེ་སེམས་པ་ཁོ་ན་འདུ་བྱེད་ཀྱི་ཕུང་པོ་ཡིན་གྱི། རེག་པ་དང་། ཡིད་ལ་བྱེད་པ་ལ་སོགས་པ་རྣམས་དང་། ཐོས་པ་ལ་སོགས་པ་རྣམས་མ་ཡིན་ན་དེ་ལྟ་ན་དེ་རྣམས་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོ་དག་ཏུ་མ་

བསྡུས་པའི་ཕྱིར། སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་ཉིད་དུ་མི་འགྱུར་ཏེ། འདུས་མ་བྱས་བཞིན་ནོ། དེ་རྣམས་གཟུགས་ཀྱི་ཕུང་པོས་བསྡུས་པར་ནི་མི་རིགས་ཏེ། གཟུགས་སུ་ཡོད་པ་མེད་པའི་ཕྱིར་རོ། །ཚོར་བ་ལ་སོགས་པའི་ཕུང་པོས་བསྡུས་པ་ཡང་མ་ཡིན་ཏེ། ཉམས་

སུ་མྱོང་བ་ལ་སོགས་པའི་མཚན་ཉིད་མེད་པའི་ཕྱིར་རོ། །དེ་ལ་ཅིར་འགྱུར་ཞེ་ན། ཡོངས་སུ་ཤེས་པ་དང་སྤང་བར་ཡང་མི་འགྱུར་རོ། །ཡོངས་སུ་ཤེས་པ་དང་། སྤང་བ་དག་སྟེ། སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་སྤང་བར་མི་འགྱུར་རོ། །ཡོངས་སུ་ཤེས་པ་དང་།

སྤངས་པ་མེད་ན་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར། བཅོམ་ལྡན་འདས་ཀྱིས་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །མངོན་པར་མ་ཤེས་ཞེས་བྱ་བ་ནི་མཐོང་བའི་ལམ་གྱིས་སོ། །ཡོངས་སུ་མ་ཤེས་པར་ཞེས་བྱ་བ་ནི་བསྒོམ་པའི་ལམ་གྱིས་སོ། །ཡང་ན་མངོན་པར་མ་ཤེས་ཤིང་ཞེས་

བྱ་བ་ནི་འཇིག་རྟེན་པའི་ཤེས་པས་སོ། །ཡོངས་སུ་མ་ཤེས་པར་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཤེས་པ་སྟེ། ཟག་པ་མེད་པའི་ཤེས་པ་ནི་ཡོངས་སུ་ཤེས་པའོ་ཞེས་བཤད་པའི་ཕྱིར་རོ། །ཡང་ན་གོ་རིམས་ཇི་ལྟ་བ་བཞིན་དུ་ཆོས་དང་རྗེས་སུ་ཤེས་པ་དག་གམ། བཟོད་པ་

Vol. 144 · folio 40a

དང་ཤེས་པ་དག་གིས་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་མ་སྤངས་པར་ཞེས་གསུངས་ཏེ་ཞེས་བྱ་བ་ནི་ཆོས་གཅིག་ཀྱང་མངོན་པར་མ་ཤེས་ཤིང་། མ་སྤངས་པར་སྡུག་བསྔལ་གྱི་མཐར་བྱེད་པར་ང་མི་སྨྲའོ་ཞེས་བྱ་བའོ། །དེ་ལ་སྡུག་བསྔལ་ཤེས་པས་

ཡོངས་སུ་མ་ཤེས་ཤིང་། ཀུན་འབྱུང་ཤེས་པས་མ་སྤངས་པར་ཏེ། བཤད་པ་ནི་ཐལ་མ་ཐག་ཏུ་བསྟན་པ་ཉིད་ཡིན་ནོ། །དེའི་ཕྱིར་གདོན་མི་ཟ་བར་རེག་པ་དང་། ཡིད་ལ་བྱེད་པ་ལ་སོགས་པ་དང་། ཐོབ་པ་ལ་སོགས་པ་དེ་རྣམས་འདུ་བྱེད་ཀྱི་ཕུང་པོས་བསྡུས་པར་ཁས་བླང་བར་བྱ་སྟེ། དེ་

ལྟ་མ་ཡིན་ན་སངས་རྒྱས་འབྱུང་བ་དང་། ཆོས་སྟོན་པ་དོན་མེད་པར་ཐལ་བར་འགྱུར་རོ། །དེ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །གསུམ་ཞེས་བྱ་བ་ནི་གཟུགས་ཀྱི་ཕུང་པོ་གསལ་བར་བྱ་བའི་ཕྱིར་རོ། །སྐྱེ་མཆེད་བཅུ་གཅིག་དང་། ཁམས་བཅུ་

བདུན་གྱིས་མ་བསྡུས་པའི་ཆོས་རྣམས་ཆོས་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་ཁམས་ཀྱིས་བསྡུས་པས། དེའི་ཕྱིར་རྣམ་རིག་བྱེད་མིན་དང་། །འདུས་མ་བྱས་རྣམས་བཅས་པ་ནི། །ཞེས་བྱ་བ་སྨོས་ཏེ། སྐྱེ་མཆེད་རྣམ་པར་གཞག་པ་ནི་ཆོས་ཀྱི་སྐྱེ་མཆེད་རྫས་བདུན་གྱི་བདག་ཉིད་ཅན་ཡིན་ལ།

ཁམས་རྣམ་པར་གཞག་པ་ནི་ཆོས་ཀྱི་ཁམས་ཞེས་བྱའོ། །རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་བྱ་བ་ནི་གཟུགས་བརྙན་དང་སྒྲ་བརྙན་ལྟར་ཡུལ་སོ་སོར་སྣང་བའི་ཕྱིར་དངོས་པོ་ཙམ་ལ་ལྟ་བ་ཉིད་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་ཀྱི་རབ་ཏུ་དབྱེ་བ་བསྟན་པར་བྱ་བའི་ཕྱིར་སོ་སོར་བསྣན་པར་

བརྗོད་དེ། དེ་ཉིད་ཀྱི་ཕྱིར། ཡུལ་དང་ཡུལ་ལ་སོ་སོར་རྣམ་པར་རིག་ཅེས་བྱ་བ་སྨོས་སོ། །དེ་ཡང་གང་ཞིག་ཅེ་ན། དམིགས་པ་ཞེས་བྱ་བ་སྨོས་ཏེ། དེ་ནི་དངོས་པོ་ཙམ་གྱི་སྣང་བརྙན་ཉིད་ཡིན་པར་རིག་པར་བྱའོ། །གང་ཞིག་མདོ་ལས། རྣམ་པར་ཤེས་པར་བྱེད་པས་ན། །ཞེས་

བྱེད་པ་པོར་བསྟན་པ་ནི་རང་གི་ངོ་བོ་ཙམ་སྟེ། དེ་ལ་ཐ་དད་པའི་རྣམ་པར་ཤེས་པ་པོ་དགག་པར་བྱ་བའི་ཕྱིར་རོ། །དཔེར་ན་མི་འགྲོའོ་ཞེས་བྱ་བ་ལྟ་བུ་སྟེ། དེ་ནི་བར་མཚམས་མེད་པར་ཡུལ་གཞན་དག་ཏུ་སྐྱེ་བ་ན་ཅུང་ཟད་ཀྱང་མི་བྱེད་པར་བྱེད་པ་པོའི་སྡང་བ་ཐོབ་པ་དེ་བཞིན་དུ་རྣམ་པར་ཤེས་

Vol. 144 · folio 40b

པ་ཡང་ཡུལ་གཞན་དག་ཏུ་རྒྱུན་ཆགས་སུ་སྐྱེ་བ་ཅུང་ཟད་ཀྱང་མི་བྱེད་ཀྱང་ཡུལ་དེ་དང་དེ་ཤེས་པར་བྱེད་དོ་ཞེས་བྱེད་པ་པོའི་སྡང་བ་འཐོབ་བོ། །གང་ལས་ཤེ་ན། གྲེ་སྐྱེས་རྣམ་པར་ཤེས་པར་བྱེད་དོ་ཞེས་ནི་ང་མི་སྨྲའོ་ཞེས་གཞན་ལས་བྱེད་པ་པོ་བཀག་པའི་ཕྱིར་རོ། །དེ་ཡང་རྣམ་པར་ཤེས་

པའི་ཚོགས་དྲུག་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དམིགས་པ་དེ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་དབྱེ་བས་དྲུག་ཏུ་འགྱུར་རོ། །ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན་ཞེས་བྱ་བ་ལ། རྣམ་པར་ཤེས་པའི་རྫས་རེ་རེ་ཞིང་ཡིད་ཀྱི་སྐྱེ་མཆེད་ཡིན་གྱི། འདི་བཏགས་པ་ཚོགས་པ་

པ་ནི་མ་ཡིན་ནོ། །ཁམས་བདུན་དག་ཏུ་འདོད་པ་སྟེ། བདུན་གང་ཞེ་ན། རྣམ་ཤེས་དྲུག་དང་དེ་ནས་ཡིད། །ཅེས་བྱ་བ་ལ། དེ་ནས་ཀྱི་སྒྲ་ནི་སྐབས་སུ་བབས་པ་སྔ་མ་སྦྱོར་བ་སྟེ། དཔེར་ན་དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ་ཞེས་བྱ་བ་ལྟ་བུའོ། །འང་གི་སྒྲ་ནི་རྣམ་པར་

ཤེས་པའི་རྫས་རེ་རེ་ཞིང་ཁམས་ཉིད་ཡིན་གྱི། འདི་ཚོགས་པ་ཞེས་བྱ་བ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དེ་ལྟར་ན་འདིར་ཕུང་པོ་ལྔ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིར་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་ཞེས་འཆད་པར་རོ། །གཞན་དག་ནི་ཟག་པ་དང་བཅས་

པ་དང་ཟག་པ་མེད་པར་རོ་ཞེས་ཟེར་རོ། །ཇི་ལྟར་ཞེ་ན། འདུས་བྱས་ཆོས་རྣམས་དེ་དག་ཀྱང་། །གཟུགས་ལ་སོགས་པ་ཕུང་པོ་ལྔ། །ཞེས་འབྱུང་བའི་ཕྱིར་རོ། །སྐྱེ་མཆེད་དང་ཁམས་ཉེ་བར་བསྟན་པའི་ཕྱིར། རྣམ་པར་རིག་བྱེད་མ་ཡིན་པ་མ་གཏོགས་པ་གཟུགས་ཀྱི་ཕུང་པོ་ནི་ཞེས་བྱ་བ་

རྒྱ་ཆེར་འབྱུང་ངོ་། །རྣམ་པར་ཤེས་པའི་ཕུང་པོ་ནི་རྣམ་པར་ཤེས་པ་དྲུག་གི་བདག་ཉིད་ཡིན་ལ། དེ་དག་ཀྱང་ཁམས་རྣམ་པར་གཞག་པར་མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་རོ་ཞེས་བསྟན་པ་ཉིད་དེ། དེའི་ཕྱིར་རྣམ་པར་ཤེས་པའི་ཕུང་པོས་མ་བསྡུས་

པ་ཡིད་ཀྱི་ཁམས་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་སྙིང་ལ་བཞག་ནས། ཡང་དེ་དག་ལས་གཞན་པ་ཡིད་ཀྱི་ཁམས་དེ་དག་གང་ཡིན་པ་ཞེས་འདྲི་སྟེ། རྣམ་པར་ཤེས་པའི་ཁམས་དྲུག་པོ་དེ་དག་ལས་ཞེས་བྱ་བའི་དོན་ཏོ། །དྲུག་པོ་འདས་མ་ཐག་པ་ཡི། །ཞེས་བྱ་བ་རྒྱས་པར་འབྱུང་བ་ལ།

Vol. 144 · folio 41a

ཐག་པ་སྨོས་པ་ནི་བར་དང་བཅས་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །འདས་པ་སྨོས་པ་ནི་མ་འོངས་པ་རྣམ་པར་གཅད་པར་བྱ་བའི་དོན་དུའོ། །རྣམ་པར་ཤེས་པ་སྨོས་པ་ནི་འདས་མ་ཐག་བའི་ཚོར་བ་ལ་སོགས་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །ནི་སྨོས་

པ་ནི་རྣམ་པར་ཤེས་པ་དྲུག་ལས་དེ་མ་ཐག་ཏུ་འདས་པ་ཁོ་ན་ཡིན་གྱི། དེ་ལས་ཐ་དད་པ་ནི་ཡོད་པ་མ་ཡིན་ནོ་ཞེས་ངེས་པར་གཟུང་བའི་དོན་དུའོ། །གང་སྨོས་པ་ནི་གང་དང་གང་དེ་མ་ཐག་ཏུ་འདས་པ་ཞེས་བསྟན་པར་བྱ་བའི་ཕྱིར་ཏེ། དེ་དང་དེ་ནི་ཡོད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་འགྱུར་རོ། །འདིར་

འདས་མ་ཐག་པ་ནི་རིགས་མཐུན་པའི་སྐད་ཅིག་མས་ཆོད་པ་ཡིན་གྱི། རིགས་མི་མཐུན་པས་ཆོད་པ་ནི་མ་ཡིན་ཏེ། དེ་ལྟར་ན་འགོག་པའི་སྙོམས་པར་འཇུག་པ་ལས་ལྡང་བའི་སེམས་ལ་ཡང་ཡོད་པ་ཉིད་དུ་འགྱུར་རོ། །དཔེར་ན་བུ་དེ་ཉིད་གཞན་གྱི་ཕར་འགྱུར་བ་དང་ཞེས་བྱ་བ་ལ་སོགས་

པ་ལ། བུ་དེ་ཉིད་དུས་དང་གནས་སྐབས་ཀྱིས་ཆོད་པ་ན་གནས་ཀྱི་ཕར་འགྱུར་ལ། འབྲས་བུ་དེ་ཉིད་དུས་དང་གནས་སྐབས་ཀྱིས་ཆོད་པ་ན་གཞན་གྱི་ས་བོན་ཡིན་པ་ལྟ་བུ་སྟེ། སེམས་ཡོད་པ་དང་སེམས་མེད་པ་དག་ལ་དེ་མཐོང་བས་གཉིས་དཔེར་བརྗོད་དོ། །དེ་བཞིན་དུ་མིག་ལ་སོགས་པའི་

རྣམ་པར་ཤེས་པ་གཞན་ལ་བརྟེན་པ་ཉིད་དུས་གནས་སྐབས་ཀྱིས་ཆོད་པ་ན་གཞན་གྱི་རྟེན་དུ་འགྱུར་རོ། །དེ་ལྟ་ཡིན་དང་། དེ་ཉིད་སྟོན་པ་ཡིན་པའི་ཕྱིར་རྣམ་པར་ཤེས་པ་ཡིན་ལ། རྟེན་ཡིན་པའི་ཕྱིར་ཡིད་ཡིན་ནོ་ཞེས་བྱ་བར་འགྲུབ་པར་འགྱུར་རོ། །དེ་ལྟ་འོ་ན་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །

ཇི་ལྟར་ཞེ་ན། དེའི་ཕྱིར། རྣམ་པར་ཤེས་པའི་ཁམས་དྲུག་དང་། ཡིད་ཀྱི་ཁམས་རྣམས་གཅིག་གི་ནང་དུ་གཅིག་འདུས་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །གྲངས་བསྒྲུབ་པ་ནི་དོན་གྱི་དབང་གིས་འགྱུར་ན། དེ་ལ་གལ་ཏེ་ཡིད་ཀྱི་ཁམས་དྲུག་གི་ནང་དུ་འདུས་སོ་ཞེས་བྱ་བ་ཡིན་ན་ནི།

དེ་ལྟ་ན་ཡིད་ཀྱི་ཁམས་མ་གཏོགས་པ་གཞན་ཁམས་བཅུ་བདུན་རྫས་སུ་ཡོད་པར་འགྱུར་རོ། །ཅི་སྟེ་རྣམ་པར་ཤེས་པའི་ཁམས་དག་ཡིད་ཀྱི་ཁམས་ཀྱི་ནང་དུ་འདུ་ན་ནི་དེ་ལྟ་ན་གཟུགས་ཅན་བཅུ་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་ཞེས་བྱ་བ་བཅུ་གཉིས་སུ་འགྱུར་རོ། །དེ་ལྟ་འང་ཡིན་

Vol. 144 · folio 41b

མོད་ཀྱི་ཞེས་བྱ་བ་ལ། དངོས་སུ་ན་དོན་དམ་པར་དེ་ལྟར་བཅུ་བདུན་ནམ་བཅུ་གཉིས་ཡོད་མོད་ཀྱི། འོན་ཀྱང་རྟེན་དང་བརྟེན་པའི་དབྱེ་བས་ཕྱེ་ནས། དྲུག་པའི་རྟེན་ནི་རབ་སྒྲུབ་ཕྱིར། །ཁམས་ནི་བཅོ་བརྒྱད་དག་ཏུ་འདོད་དེ། གང་གི་ཕྱིར་ཇི་ལྟར་རྣམ་པར་ཤེས་པ་རྣམས་དམིགས་པ་མེད་ན་སྐྱེ་བར་མི་

འགྱུར་བ་དེ་བཞིན་དུ་རྟེན་མེད་ན་ཡང་ཡིན་ལ། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་ནི་ཇི་ལྟར་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ལ་མིག་ལ་སོགས་པ་ལྟར་རྟེན་གཞན་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་རྟེན་རབ་ཏུ་བསྒྲུབ་པར་བྱ་བའི་ཕྱིར་ཡིད་ཀྱི་

ཁམས་བསྟན་ཏོ། །ཡང་ཇི་ལྟར་འགགས་ཟིན་པ་ད་ལྟར་བའི་རྟེན་དུ་བརྗོད། ད་ལྟར་བའི་རྟེན་ནི་ད་ལྟར་བ་ཁོ་ན་ཡིན་པར་མཐོང་སྟེ། དཔེར་ན་མྱུ་གུ་ལ་སོགས་པ་རྣམས་ཀྱིས་ཡིན་པ་བཞིན་ནོ་ཞེ་ན། རིགས་ཏེ། དེ་སྐྱེ་བ་ལ་ཉེ་བའི་རྒྱུར་གྱུར་པའི་ཕྱིར་རོ། །ཇི་ལྟར་གཟུགས་ཡོད་ཀྱང་མིག་མེད་པར་

དེའི་རྣམ་པར་ཤེས་པ་མི་སྐྱེ་བ་དེ་བཞིན་དུ་ཡུལ་རྣམས་ཡོད་ཀྱང་། རྣམ་པར་ཤེས་པ་སྔ་མ་འདུས་པ་མེད་པར་རྣམ་པར་ཤེས་པ་ཕྱི་མ་མི་འབྱུང་ངོ་། དེ་ཉིད་ཀྱི་ཕྱིར། འགགས་མ་ཐག་པ་ཞེས་བརྗོད་ཀྱི། ཆེས་སྔར་འགགས་པ་ནི་མ་ཡིན་ཏེ། དེས་གོ་ཕྱིར་ཡང་དེ་མི་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་འདི་

ནི་འདིར་རྟེན་གྱི་དངོས་པོ་ཡིན་ཏེ། དེ་ཡོད་ན་ཡོད་པའི་ཕྱིར་རོ། །ཡང་ན་ད་ལྟར་བ་ཁོ་ནས་དེའི་རྟེན་གྱི་བྱ་བ་བྱེད་དེ། དེ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་འབྲས་བུ་ཉིད་དུ་ཡོངས་སུ་གཟུང་བའི་ཕྱིར་རོ། །འདས་པས་ནི་བྱས་ཟིན་པ་ཁོ་ནའོ། །དེ་ལྟར་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་རྟེན་དྲུག་ཚན་

ནི་མིག་ལ་སོགས་པ་ཡིད་ལ་ཐུག་པའོ། །བརྟེན་པ་དྲུག་ཚན་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཐུག་པའོ། །དམིགས་པ་དྲུག་ཚན་ནི་གཟུགས་ལ་སོགས་པ་ཆོས་ཀྱི་ཁམས་ཀྱི་མཐར་ཐུག་པའོ། །འོ་ན་ནི་དགྲ་བཅོམ་པའི་ཞེས་བྱ་བ་ལ་ཐ་མ་ནི། གང་ནས་

མཚམས་མི་སྦྱོར་བ་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཚེ། ཐམས་ཅད་ཀྱི་ཐ་མ་གང་ཡིན་པའོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི། དེ་གང་གི་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། རྣམ་པར་ཤེས་པ་འདས་མ་ཐག་པ་ལ་ཡིད་ཅེས་བྱ་ལ། དེ་གང་གིས་འདས་མ་ཐག་པར་འགྱུར་བ། དགྲ་

Vol. 144 · folio 42a

བཅོམ་པའི་སེམས་ཐ་མ་ལས་སེམས་གཞན་སྐྱེ་བ་ཡང་མ་ཡིན་ནོ། །དེ་ཡང་ཡིད་ཀྱི་ངོ་བོར་ཞེས་བྱ་བ་ལ། ཕྱི་མའི་རྟེན་གྱི་ངོ་བོར་གནས་པའི་ཕྱིར་ན་དེར་ཡིད་ཉིད་མ་ཉམས་སོ་སྙམ་དུ་དགོངས་སོ། །གོ་འབྱེད་པ་ལས་ནི་ཡིད་དུ་འགྱུར་ཏེ། མིག་བཞིན་ནོ། །ཇི་ལྟར་མིག་

རྟེན་གྱི་ངོ་བོར་གནས་ལ། རྒྱུ་གཞན་མ་ཚང་བའི་ཕྱིར་རྣམ་པར་ཤེས་པ་མི་སྐྱེ་བ་དེ་བཞིན་དུ། རྒྱུ་གཞན་མ་ཚང་བའི་ཕྱིར་རྣམ་པར་ཤེས་པ་ཕྱི་མ་མི་སྐྱེའོ། །དེ་ལ་ཡིད་ལས་མཇུག་ཐོགས་སུ་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་གཞན་ནི་མཐོང་བའི་ཆོས་ཀྱི་རྣམ་པར་སྨིན་པ་ལྷག་མ་དང་། འགྲོ་བར་ཉིང་

མཚམས་སྦྱོར་བའི་ཉོན་མོངས་པའི་ཐོབ་པ་ཡིན་ནོ། །དགྲ་བཅོམ་པའི་རྣམ་པར་ཤེས་པ་ཐ་མ་ལ་ནི་ཡིད་ཀྱི་ངོ་བོར་གནས་ཀྱང་གཉིས་ཀ་མེད་པས་རྣམ་པར་ཤེས་པ་ཕྱི་མ་མི་སྐྱེའོ། །ཅི་སྟེ་ཕུང་པོ་ལ་སོགས་པ་འདི་དག་ལས་གང་གིས་གང་བསྡུས་ཤེ་ན། དེ་ལ་ཕུང་པོ་དག་གིས་ནི། །ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། འདུས་བྱས་ཆོས་རྣམས་དེ་དག་ཀྱང་། །ཞེས་བྱ་བ་དེར་ཆོས་འདུས་བྱས་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ཐམས་ཅད་བསྡུས་པས་ཕུང་པོ་དག་གིས་ནི་འདུས་བྱས་ཐམས་ཅད་བསྡུས་སོ། །གང་དག་ཟག་བཅས་ཉེར་ལེན་པའི། །ཕུང་པོ་འདི་ཞེས་བྱ་བ་དེར་ཟག་པ་

དང་བཅས་པ་རྣམས་ཁོ་ན་བསྡུས་པའི་ཕྱིར་རོ། །ཉེ་བར་ལེན་པའི་ཕུང་པོ་དག་གིས་ནི་ཟག་པ་དང་བཅས་པ་ཐམས་ཅད་བསྡུས་སོ། །སྐྱེ་མཆེད་དང་ཁམས་དག་གིས་ནི་ཆོས་ཐམས་ཅད་བསྡུས་སོ། །ཆོས་ཐམས་ཅད་ཀྱང་ཕུང་པོ་ལྔ་དང་འདུས་མ་བྱས་སོ། །འདི་ནི་རེ་ཞིག་རྒྱས་པའི་སྒོ་ནས་ཆོས་

ཐམས་ཅད་བསྡུས་པ་ཡིན་ལ། མདོར་བསྡུས་ན་ནི། ཕུང་པོ་དང་ནི་སྐྱེ་མཆེད་དང་། །ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །དང་གི་སྒྲ་ནི་ཅི་ནས་ཀྱང་གཟུགས་ཀྱི་ཕུང་པོ་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་ཁམས་བསྡུས་པ་དག་གིས་ཡིན་པ་དེ་ལྟར་ཤེས་པར་བྱའི། རེ་རེས་ཡིན་པ་དེ་

ལྟར་ཤེས་པར་ནི་མི་བྱའོ་ཞེས་བསྡུ་བའི་དོན་ཏོ། །དེ་ལ་གཟུགས་ཀྱི་ཕུང་པོས་ནི་གཟུགས་ཅན་གྱི་ཁམས་བཅུ་དང་། རྣམ་པར་རིག་བྱེད་མ་ཡིན་ནོ། །ཡིད་ཀྱི་སྐྱེ་མཆེད་ཀྱིས་ནི་སེམས་ཀྱི་ཁམས་བདུན་ནོ། །ཆོས་ཀྱི་ཁམས་ཀྱིས་ནི་ཚོར་བ་ལ་སོགས་པ་གསུམ་དང་། འདུས་མ་བྱས་

Vol. 144 · folio 42b

དང་། རྣམ་པར་རིག་བྱེད་མ་ཡིན་པའོ། །ཡང་ཅིའི་ཕྱིར་གསུམ་པོ་འདི་དག་ཁོ་ནས་ཡིན་གྱི། གཞན་དག་གིས་སམ། གཉིས་སམ། གཅིག་གིས་མ་ཡིན་ཞེ་ན། དེའི་ཕྱིར། བསྡུ་བ་དེ་ནི་ཞེས་རྒྱས་པར་སྨོས་སོ། །གང་དང་གང་ནས་བྱུང་ཡང་རུང་། །ཞེས་བྱ་བ་ལ། ཕུང་པོ་དང་།

སྐྱེ་མཆེད་དང་། ཁམས་དག་གིས་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོ་ན་ཅི་ཞེ་ན། གནས་ནས་བདེན་པ་དང་། འགྲོ་བ་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བས་བསྡུ་བ་འབྱུང་བར་ཡང་རིག་པར་བྱའོ། །རང་གི་ངོ་བོ་ཉིད་ཀྱིས་ཏེ། གཞན་གྱི་དངོས་པོས་ནི་མ་ཡིན་ནོ། །དེ་ཉིད་ལ་རྒྱུ་

བཤད་པ་ནི། གཞན་གྱི་དངོས་དང་མི་ལྡན་ཕྱིར། །ཞེས་བྱ་བའོ། །འདི་ནི་དངོས་པོ་རྣམས་ཀྱི་རང་བཞིན་ཡིན་ཏེ། འདི་ལྟ་སྟེ། རང་གི་ངོ་བོས་བསྡུས་པའོ། །རང་གི་ངོ་བོས་ནི་ཟླ་བའི་དོན་དང་བྲལ་བ་ལ་མངོན་པར་འདོད་དོ། །གཞན་གྱི་དངོས་པོས་བསྡུས་ན་ནི་ཆོས་གཅིག་སྐྱེས་པ་དང་འཇིག་

པས་ཆོས་ཐམས་ཅད་སྐྱེ་བ་དང་འཇིག་པ་མི་འདོད་པ་ཉིད་དུ་ཐལ་བར་འགྱུར་ལ། རིགས་གཅིག་སྤངས་པ་ལས་ཐམས་ཅད་སྤངས་པར་འགྱུར་བས་གོང་མའི་གཉེན་པོ་དོན་མེད་པ་ཉིད་དོ། །རང་གི་ངོ་བོས་བསྡུས་པར་བསྟན་པའི་ཕྱིར་རོ། །དཔེར་ན་མིག་གི་དབང་པོ་ནི་གཟུགས་ཀྱི་ཕུང་པོ་དང་ཞེས་བྱ་བ་ལ་

སོགས་པ་རྒྱས་པར་འབྱུང་སྟེ། གཟུགས་ཀྱི་མཚན་ཉིད་དང་རྗེས་སུ་འབྲེལ་བའི་ཕྱིར་རོ། །མིག་གི་སྐྱེ་མཆེད་དང་། ཁམས་དག་གིས་ནི་དེ་དག་གི་རང་བཞིན་ཡིན་པའི་ཕྱིར་རོ། །སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་དག་གིས་ཞེས་བྱ་བ་ལ། གང་མི་རྟག་པ་དེ་ནི་སྡུག་བསྔལ་ལོ་ཞེས་བྱ་བའི་

ཕྱིར་ལ། སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་ན་ཀུན་འབྱུང་གི་བདེན་པས་བསྡུས་སོ། །དེ་དག་གི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རེ་རེ་དང་སྦྱར་རོ། །ཇི་ལྟར་ཞེ་ན། གཟུགས་ཀྱི་ཕུང་པོའི་ངོ་བོ་ཡིན་པའི་ཕྱིར་རོ། །མིག་གི་སྐྱེ་མཆེད་དང་ཁམས་ཀྱི་ངོ་བོ་ཡིན་པའི་ཕྱིར་དང་། སྡུག་བསྔལ་དང་ཀུན་འབྱུང་

བའི་ངོ་བོ་ཡིན་པའི་ཕྱིར་རོ། །གཞན་གྱི་དངོས་དང་མི་ལྡན་ཕྱིར། །ཞེས་བྱ་བ་འདི་ཇི་ལྟར་ཞེ་ན། དེ་དག་གི་ངོ་བོ་དང་མི་ལྡན་པའི་ཕྱིར་ཕུང་པོ་ལ་སོགས་པ་གཞན་དག་གིས་ནི་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། མི་ལྡན་པའི་ཕྱིར་ཚོར་བ་ལ་སོགས་པའི་ཕུང་པོ་དག་དང་། རྣ་བ་ལ་སོགས་པའི་སྐྱེ་མཆེད་དང་།

Vol. 144 · folio 43a

ཁམས་དག་དང་། འགོག་པ་དང་ལམ་གྱི་བདེན་པ་དག་གིས་ནི་མ་ཡིན་ནོ། །དཔེར་ན་བསྡུ་བའི་དངོས་པོ་བཞི་པོ་དག་གིས་འཁོར་རྣམས་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། བསྡུ་བའི་དངོས་པོ་བཞི་ནི་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་

པའོ། །འཁོར་ནི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཞེས་བྱ་བ་སྟེ། བསྡུ་བའི་དངོས་པོ་དག་གིས་ནི་འཁོར་རྣམས་ཀྱི་རང་གི་ངོ་བོ་མ་ཡིན་ནོ། །གཞན་གྱིས་གཞན་བསྡུས་སོ་ཞེས་བྱ་བ་ནི་མི་འདྲ་བས་སོ། །རེས་འགའ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་

པ་ལ། རེས་འགའ་འབྱུང་བ་ནི་རེས་འགའ་བ་ཡིན་ལ། དེའི་དངོས་པོ་ནི་རེས་འགའ་བ་ཉིད་དེ། རེས་འགའ་བ་ཉིད་དེའི་ཕྱིར་རོ། །བརྡར་བཏགས་པ་ཞེས་བྱ་བ་ནི་ཐ་སྙད་པ་ཞེས་བྱ་བའི་དོན་ཏོ། །དེ་སྔར་དང་ཕྱིས་མེད་པས་ན་རེས་འགའ་བའོ། །བསྡུ་བའི་དངོས་པོ་དག་གིས་ནི་འཁོར་

རྣམས་བདག་གིར་བྱེད་པར་ཟད་དོ། །འོ་ན་ནི་གང་ཕུང་པོ་གསུམ་གྱིས་ལམ་བསྡུས་སོ་ཞེས་དེ་སྐད་བརྗོད་ཅེ་ན། དེར་ནི་བསྡུ་བའི་སྒྲས་རྗེས་སུ་མཐུན་པ་ཙམ་ཞིག་བརྗོད་དོ། །རང་གི་ངོ་བོས་བསྡུས་པས་ནི་རྟག་པ་དང་དོན་དམ་པ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །རྟེན་གྱི་དབྱེ་བས་ཁམས་དབྱེ་

བའི་དབང་དུ་བྱས་ནས་འདྲི་བ་ནི། མིག་དང་རྣ་བ་དང་སྣ་དག་ཅེས་བྱ་བ་རྒྱས་པར་འབྱུང་བའོ། །རིགས་དང་། སྤྱོད་ཡུལ་དང་། རྣམ་པར་ཤེས་པའི་དབྱེ་བས་ཁམས་དབྱེའི། རྟེན་གྱི་དབྱེ་བས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་མིག་ལ་

སོགས་པ་རྣམས་ཕན་ཚུན་ཁམས་ཐ་དད་པ་ནི་རིགས་དང་། སྤྱོད་ཡུལ་དང་། རྣམ་པར་ཤེས་པ་ཐ་དད་པ་ལས་སོ། །གཟུགས་ལ་སོགས་པ་ཡུལ་གྱི་ཁམས་རྣམས་ནི་རིགས་དང་། རྣམ་པར་ཤེས་པ་ཐ་དད་པ་ལས་སོ། །རྣམ་པར་ཤེས་པའི་ཁམས་དྲུག་ནི་རིགས་དང་སྤྱོད་ཡུལ་ཐ་དད་པ་

ལས་སོ། །དེ་ལྟ་མ་ཡིན་ན་ཁམས་ཉི་ཤུ་རྩ་གཅིག་ཏུ་འགྱུར་བ་མ་ཡིན་ནམ་ཞེས་བརྗོད་པར་མི་བྱའི། འོ་ན་ཅི་ཞེ་ན། འདི་སྐད་དུ་ཁམས་ཚད་མེད་པ་དག་ཏུ་འགྱུར་བ་མ་ཡིན་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་རྣ་བ་དང་སྣ་དག་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ལ། རིགས་འདྲ་བ་ནི་སོ་སོར་

Vol. 144 · folio 43b

གཉིས་ཀ་ཡང་རྣ་བ་དང་སྣའི་རང་བཞིན་ཡིན་པའི་ཕྱིར་རོ། །སྤྱོད་ཡུལ་འདྲ་བ་ནི་སྒྲ་དང་དྲིའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པ་འདྲ་བ་ནི་སོ་སོར་གཉིས་ཀ་རྣ་བ་དང་སྣའི་རྣམ་པར་ཤེས་པའི་རྟེན་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རིགས་དང་། སྤྱོད་ཡུལ་དང་། རྣམ་པར་ཤེས་པ་འདྲ་བས་

ཕོ་དང་མོའི་དབང་པོ་དག་ལུས་ཀྱི་ཁམས་ལས་ལོགས་ཤིག་ཏུ་རྣམ་པར་མ་བཞག་གོ། །གལ་ཏེ་མིག་ལ་སོགས་པ་རྣམས་ཁམས་གཅིག་ཉིད་ཡིན་ན། ཅིའི་ཕྱིར་དེ་རྣམས་ཀྱི་རྟེན་གཅིག་ཉིད་དུ་མི་འགྱུར་ཞེ་ན། དེའི་ཕྱིར། མཛེས་བྱའི་ཕྱིར་ན་གཉིས་འབྱུང་ངོ་། །ཞེས་བྱ་བ་སྨོས་སོ། །གལ་ཏེ་

དངོས་པོ་རྣམས་འབྱུང་བ་རྒྱུའི་དབང་གིས་ཡིན་གྱི། དགོས་པའི་དབང་གིས་མ་ཡིན་ནམ་ཞེ་ན་འདི་ནི་ད་ལྟར་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར། མཛེས་བྱའི་ཕྱིར་ན་གཉིས་འབྱུང་ངོ་། །ཞེས་བྱ་བ་སྨྲས་ཤེ་ན། ཇི་ལྟར་ད་ལྟའི་སེམས་ཅན་སོ་སོར་རིགས་མཐུན་པ་རྣམས་མིག་ལ་སོགས་པ་

དག་གི་རྟེན་ཐ་དད་པས་ཡན་ལག་རྣམ་པར་འབྱེད་པའི་རྟེན་ལ་མཛེས་པར་མངོན་པར་རློམ་པ་དེ་བཞིན་དུ་འདས་པའི་དུས་ན་ཡང་ཡིན་པར་གདོན་མི་ཟ་སྟེ། དེའི་ཕྱིར་སྲེད་པ་སྔོན་དུ་འགྲོ་བ་ཅན་གྱི་ལས་ཀྱིས་མངོན་པར་བསྒྲུབས་པའི་ལུས་ལ་དགོངས་ན་མཛེས་བྱའི་ཕྱིར་ན་གཉིས་སུ་འབྱུང་ངོ་

ཞེས་བཤད་དེ། དེ་བསྐྱེད་པའི་ལས་ཀྱི་གཞི་བསྟན་པའི་ཕྱིར་རོ། །དཔེར་ན་རྒྱན་མཛེས་པ་ལ་དམིགས་པའི་འདུན་པའི་འདོད་ཆགས་ཀྱི་རྒྱུ་ཅན་གྱི་ལས་ཀྱི་འབྲས་བུ་ཡིན་པས་མཛེས་པར་བྱ་བའི་དོན་དུ་བརྗོད་པ་ཡིན་ནོ། །འདིར་བཤད་པ། ཇི་ལྟར་གདུ་བུ་ལ་སོགས་ལ། །མཛེས་བྱའི་དོན་

ཞེས་བརྗོད་པ་ནི། །མཛེས་འདུན་བྱ་བ་ཡིན་པ་ལྟར། །མིག་སོགས་ཉིས་འགྱུར་བརྗོད་དེ་བཞིན། །དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ལ། གལ་ཏེ་མིག་ལ་སོགས་པ་རྟེན་གཉིས་པར་མ་གྱུར་ན་ནི་ཤིན་ཏུ་མཛེས་པར་འགྱུར་ཏེ། རྟེན་གཉིས་པའི་ཚིག་ལ་སོགས་པ་དག་ལ་མཛེས་པར་མངོན་པར་རློམ་པའི་

ཕྱིར་རོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་དོན་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ངེས་པའི་ཚིག་གི་དབང་དུ་བྱས་ན། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །ཞེས་བྱ་བ་སྨོས་ཏེ། འདི་རྣམས་ལ་སྤུངས་པ་དང་། སྐྱེ་བའི་སྒོ་དང་། རིགས་དག་

Vol. 144 · folio 44a

ཡོད་པས་ན་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་རྣམས་ཀྱང་གང་ཞེ་ན། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །ཞེས་བྱ་བ་སྟེ། སྒྲ་རྣམས་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཕུང་པོའི་དོན་ནི་སྤུངས་པའི་དོན་ཞེས་བྱ་བར་ཇི་ལྟར་རྟོགས་ཤེ་ན། མདོ་ལས། དེ་དག་ཐམས་ཅད་

གཅིག་ཏུ་བསྡུས་ཏེ། གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་འབྱུང་བའི་ཕྱིར་རོ། །གཅིག་གི་དངོས་པོ་ནི་གཅིག་ཉིད་དོ། །གཟུགས་འདས་པ་ནི་མི་རྟག་པ་ཉིད་ཀྱིས་འགགས་པའོ་ཞེས་བྱ་བ་ལ། མི་རྟག་པ་ཉིད་ཀྱིས་འགགས་པ་སྨོས་པ་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ལས་

ཁྱད་པར་དུ་བྱ་བའི་ཕྱིར་རོ། །མ་འོངས་པ་ན་མ་བྱུང་བའོ་ཞེས་བྱ་བ་ནི་ད་ལྟར་བྱུང་བ་ཉིད་མ་ཐོབ་པའི་ཕྱིར་རོ། །དེ་ལྟར་བྱུང་བ་ནི་བྱུང་ལ་མ་འགགས་པའོ་ཞེས་བྱ་བ་ལ། བྱུང་བ་ཞེས་བྱ་བ་དེ་ཙམ་ཞིག་ཡིན་ན་ནི་འདས་པ་ཡང་ཐལ་བར་འགྱུར་རོ། །མ་འགགས་པ་ཞེས་བྱ་བ་དེ་ཙམ་ཞིག་གིས་ན་མ་

འོངས་པ་ལ་ཡང་འགྱུར་བས། ཐལ་བར་འགྱུར་བ་དགག་པའི་ཕྱིར་གཉིས་ཀ་སྨོས་སོ། །ནང་གི་ནི་རང་གི་རྒྱུད་ལ་ཡོད་པའོ་ཞེས་བྱ་བ་ནི་མིག་ལ་སོགས་པ་དང་། གཟུགས་ལ་སོགས་པའོ། །གཞན་ནི་ཕྱིའི་འོ་ཞེས་ནི་གང་ཞིག་རང་གི་རྒྱུད་ཀྱི་ལས་གཞན་གྱི་རྒྱུད་ཀྱི་དང་། རྒྱུད་དུ་མ་གཏོགས་

པའོ། །ཡང་ན་སྐྱེ་མཆེད་ཀྱི་སྒོ་ནས་སོ་ཞེས་བྱ་བ་ལ། མིག་ལ་སོགས་པ་ནང་གི་སྐྱེ་མཆེད་ལྔ་དང་། གཟུགས་ལ་སོགས་པ་ཕྱིའི་སྐྱེ་མཆེད་དྲུག་གོ། །དེའི་ཕྱིར་མིག་ལ་སོགས་པ་དག་གཞན་གྱི་རྒྱུད་ཀྱི་ཡིན་ཡང་ནང་གི་གཟུགས་ཡིན་ལ། གཟུགས་ལ་སོགས་པ་དག་རང་གི་རྒྱུད་དུ་གཏོགས་

ཀྱང་ཕྱིའི་ཡིན་ནོ། །རགས་པ་ནི་ཐོགས་པ་དང་བཅས་པ་སྟེ། སྐྱེ་མཆེད་བཅུའི་རང་བཞིན་ནོ། །ཕྲ་བ་ནི་ཐོགས་པ་མེད་དེ། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །ཡང་ན་ལྟོས་པ་པ་ཡིན་ཏེ། བིལ་བའི་གཟུགས་ནི་རགས་པ་ཡིན་ལ། སྐྱུ་རུ་རའི་གཟུགས་ནི་ཕྲ་བའོ། །གལ་ཏེ་

ལྟོས་པ་པ་ཡིན་པའི་ཕྱིར་མ་གྲུབ་པ་སྟེ། རྣམ་པར་གནས་པ་མེད་དོ་ཞེ་ན། ཇི་ལྟར་སྐྱུ་རུ་རའི་གཟུགས་དེ་ཉིད་བིལ་བ་དང་རྒྱ་ཤུག་ལ་ལྟོས་ནས་ཕྲ་བ་དང་རགས་པ་ཡང་ཡིན་པས་ཅུང་ཟད་ཕྲ་བ་དང་རགས་པར་རྣམ་པར་གནས་པར་མི་འགྱུར་ཏེ། ཕ་རོལ་དང་ཚུ་རོལ་བཞིན་ནོ་ཞེ་ན། མ་ཡིན་ཏེ། ལྟོས་

Vol. 144 · folio 44b

པས་ཐ་དད་པའི་ཕྱིར་རོ་ཞེས་བྱ་བ་ལ། ལྟོས་པར་བྱ་བས་ན་ལྟོས་པའོ། །ལྟོས་པས་ན་ལྟོས་པ་སྟེ། དེས་ཐ་དད་ཅིང་ལྟོས་པས་ཐ་དད་དེ། གཞན་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། གང་ལ་ལྟོས་ཏེ་རགས་པ་ཡིན་པ་ནི་ནམ་དུ་ཡང་དེ་ལྟ་ལྟོས་ནས་ཕྲ་བ་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། ཇི་

ལྟར་རྒྱ་ཤུག་ལ་ལྟོས་ཏེ་བིལ་བའི་གཟུགས་རགས་པ་ཡིན་པ་ནི་ཡང་རྒྱ་ཤུག་ལ་ལྟོས་ནས་ཕྲ་བ་མ་ཡིན་པ་ལྟ་བུའོ། །ཕ་དང་བུ་བཞིན་ནོ་ཞེས་བྱ་བ་ལ། དཔེར་ན་ལྷས་བླངས་ཏེ་དེ་ཉིད་དུ་བུ་ལ་ལྟོས་ཏེ་ཕ་ཞེས་བརྗོད་ཅིང་ཕ་ལ་ལྟོས་ནས་བུ་ཞེས་བྱ་ལ། ལྟོས་པས་ཐ་དད་པའི་ཕྱིར་འདིའི་ཕ་དང་བུའི་

དངོས་པོ་མི་འགྲུབ་པ་ཡང་མ་ཡིན་པ་དེ་དང་འདྲའོ། །ངན་པ་ནི་ཉོན་མོངས་པ་ཅན་ཏེ། བསྒྲིབས་པ་དང་མི་དགེ་བའོ། །གྱ་ནོམ་པ་ནི་ཉོན་མོངས་པ་ཅན་མ་ཡིན་པ་སྟེ། དགེ་བ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །རིང་བ་ནི་འདས་པ་དང་མ་འོངས་པ་སྟེ། ཕན་ཚུན་དུ་ད་ལྟར་བས་ཆོད་པའི་ཕྱིར་རོ། །

ཉེ་བ་ནི་ད་ལྟར་བྱུང་བ་སྟེ། གཉིས་ཀ་དང་ཉེ་བའི་ཕྱིར་རོ། །རྣམ་པར་ཤེས་པའི་བར་དུ་ཡང་དེ་དང་འདྲ་ཞེས་བྱ་བ་ལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་གང་ཅི་ཡང་རུང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའམ། ནང་གི་འམ། ཕྱིའི་འམ། རགས་པའམ། ཕྲ་བ་འམ། ངན་

པ་འམ། གྱ་ནོམ་པ་འམ། ཐག་རིང་བ་ན་ཡོད་པ་གང་ཡིན་པ་འམ། ཉེ་བ་ན་ཡོད་པ་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ། རྣམ་པར་ཤེས་པའི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོ་ཞེས་བྱ་བར་རོ། །དེ་ལ་རགས་པ་དང་ཕྲ་བ་མ་གཏོགས་པ་འདས་པ་ལ་སོགས་པ་རྣམས་ནི་དེ་ཁོ་ན་ལྟར་བསྟན་

ཏོ། །དེ་ཉིད་ཀྱི་ཕྱིར། འདི་ནི་ཁྱད་པར་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །རགས་པ་ནི་དབང་པོ་ལྔ་ལ་བརྟེན་པའོ་ཞེས་བྱ་བ་ནི་རྟེན་གྱིས་རྗེས་སུ་བྱེད་པའི་ཕྱིར་ཏེ། རྟེན་ཡང་རགས་པ་ཉིད་ཀྱི་ཕྱིར་རོ། །ཕྲ་བ་ནི་ཡིད་ལས་བྱུང་བའོ་ཞེས་བྱ་བ་ལ། ཡིད་ལས་སྲིད་པ་ནི་ཡིད་ལས་བྱུང་བ་སྟེ། ཡིད་ཀྱི་དབང་པོ་

ལ་རྟེན་ཞེས་པའི་དོན་ཏེ། མ་བསགས་པ་དང་ཐོགས་པ་མེད་པའི་རྟེན་ཅན་ཡིན་པའི་ཕྱིར་རོ། །ཡང་ན་ས་ལས་ཞེས་བྱ་བ་ལ། འདོད་པའི་ཁམས་ལ་སོགས་པའི་ས་དག་ལས། ས་འོག་མ་པའི་ཚོར་བ་ལ་སོགས་པ་དག་ནི་རགས་པ་ཡིན་ལ། གོང་མའི་ས་པ་ནི་ཕྲ་བའོ། །དེ་ལྟར་བྱས་དང་འདོད་པ་ན་

Vol. 144 · folio 45a

སྤྱོད་པ་དག་ནི་རགས་པ་ཁོ་ན་ཡིན་ལ། སྲིད་པའི་རྩེ་མོ་པ་དག་ནི་ཕྲ་བ་ཁོ་ན་ཡིན་ཞིང་། གཞན་ན་ཡོད་པ་ནི་གཉིས་ཀ་ཡིན་ནོ། །འདས་པ་དང་མ་འོངས་པ་ནི་རང་གི་སྒྲས་བརྗོད་པ་ཡིན་བཞིན་དུ་རིང་པོར་སྒྲོ་བཏགས་པ་དང་། ངན་པ་དང་གྱ་ནོམ་པའི་དོན་ཡོངས་སུ་མ་རྒྱས་པར་མ་

རངས་པས་ཞེའོ་ཞེས་བྱ་བ་སྨོས་སོ། །བཙུན་པ་ཞེས་བྱ་བ་ནི་དཔེ་སྟོན་པ་གནས་བརྟན་ཆོས་སྐྱོབ་བོ། །དབང་པོ་ལྔས་གཟུང་བར་བྱའོ་ཞེས་བྱ་བ་ནི་ཕྱིའི་སྐྱེ་མཆེད་ལྔའོ། །གཞན་ནི་ཕྲ་བའོ་ཞེས་བྱ་བ་ནི་ཡིད་ཀྱི་དབང་པོའི་གཟུང་བར་བྱ་བ་སྟེ། དེ་ཡང་མིག་ལ་སོགས་པ་སྐྱེ་མཆེད་གཟུགས་ཅན་རྣམས་དང་།

རྣམ་པར་རིག་བྱེད་མ་ཡིན་པའོ། །ངན་པ་ནི་ཡིད་དུ་མི་འོང་བའོ་ཞེས་བྱ་བ་ནི་ཡིད་དང་མི་མཐུན་པའོ། །དེ་ནི་ཡིད་དུ་མི་འོང་བར་བྱེད་པ་མ་ཡིན་ཏེ། དགའ་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །གྱ་ནོམ་པ་ནི་ཡིད་དུ་འོང་བའོ་ཞེས་བྱ་བ་ནི་ཡིད་དང་མཐུན་པ་སྟེ། དེ་ནི་ཡིད་དུ་འཐད་པའི་ཕྱིར་ཡིད་དུ་འོང་བར་

བྱེད་དོ། །དེ་ལྟར་ན་དོར་བའི་དོན་གྱིས་ན་ངན་པ་ཡིན་ལ། ཚིམ་པར་བྱེད་པའི་དོན་གྱིས་ན་གྱ་ནོམ་པའོ། །རིང་བ་ནི་ཡུལ་མི་སྣང་བ་ཅན་ནོ་ཞེས་བྱ་བའི་རྟེན་གྱི་ཡུལ་གྱི་དབང་དུ་བྱས་ནས་ཡིན་ཏེ། འགའ་ཞིག་ཉེ་ཡང་ཕྲ་བའི་ཕྱེད་མི་སྣང་བས་ཡུལ་སྨོས་སོ། །ཅུང་ཟད་ཅིག་ཉེ་བ་ཡིན་ཡང་ཆད་

པའི་ཕྱིར་ཡང་ཡུལ་མི་སྣང་བ་ཅན་དུ་འགྱུར་མོད་ཀྱི། དེའི་རྟེན་དེ་ན་གནས་པ་ཉིད་ཀྱིས་ལྟ་བར་ནུས་པས་ཀྲི་ཏྱའི་རྐྱེན་ནི་ནུས་པའི་དོན་ལ་རིག་པར་བྱའོ། །ཉེ་བ་ནི་ཡུལ་སྣང་བ་ཅན་ཞེས་བྱ་བ་ལ་སྐར་མ་ལ་སོགས་པ་ཅུང་ཟད་ཅིག་ནི་རིང་ཡང་སྣང་བ་དེའི་ཕྱིར་ཡུལ་སྣང་བ་ཅན་ནོ་ཞེས་བྱ་བ་སྨོས་སོ། །

ཡང་རྒྱུ་ཅིའི་ཕྱིར་བཙུན་པས་བྱེ་བྲག་ཏུ་སྨྲ་བས་བཤད་པའི་རིང་བ་དང་ཉེ་བ་ལས་རྣམ་པ་གཞན་དུ་རིང་བ་དང་ཉེ་བར་བསྟན་ཅེ་ན། དེའི་ཕྱིར་འདས་པ་ལ་སོགས་པ་རང་གི་མིང་གིས་བསྟན་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་ཅུང་ཟད་ཅིག་རང་གི་སྒྲས་རབ་ཏུ་དབྱེ་བ་སྨྲས་པ་ནི་རབ་ཏུ་དབྱེ་བ་གཞན་གྱི་མཚན་

ཉིད་ལས་འཇུག་པ་མ་ཡིན་ཏེ། ཐ་མི་དད་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །དེ་དག་གི་ཉེ་བ་དང་རིང་བ་དག་ནི་ཞེས་བྱ་བ་ལ། ཚོར་བ་ལ་སོགས་པ་ཡུལ་མི་སྣང་བ་ལ་བརྟེན་པ་ནི་རིང་བ་ཡིན་ལ། ཡུལ་སྣང་བ་ལ་བརྟེན་པ་ནི་ཉེ་བའོ། །རགས་པ་དང་ཕྲ་བ་ཉིད་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་

Vol. 144 · folio 45b

ནི་ཇི་སྐད་དུ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་རགས་པ་ནི་དབང་པོ་ལྔ་ལ་བརྟེན་པའོ། །ཕྲ་བ་ནི་ཡིད་ལས་བྱུང་བའོ། །ཡང་ན་ས་ལས་རིག་པར་བྱའོ་ཞེས་བཤད་པ་ལྟ་བུའོ། །ཡང་རྒྱུ་ཅིའི་ཕྱིར་གཟུགས་རྣམ་པ་བཅུ་གཅིག་རྣམ་པར་གཞག་ཅེ་ན། སྲིད་པ་རྣམ་པ་བཅུ་གཅིག་གི་དམིགས་པ་ཡིན་པར་བསྟན་པར་བྱ་

བའི་ཕྱིར་རོ། །སྲིད་པ་རྣམ་པ་བཅུ་གཅིག་ནི་ལྟ་བའི་སྲེད་པ་དང་། མངོན་པར་དགའ་བའི་སྲེད་པ་དང་། ལྷག་པར་ཞེན་པའི་སྲེད་པ་དང་། བདག་གི་དངོས་པོ་ལ་སྲེད་པ་དང་། ཡུལ་ལ་སྲེད་པ་དང་། འདོད་པ་ལ་སྲེད་པ་དང་། སྙོམས་པར་འཇུག་པའི་སྲེད་པ་དང་། ཉེས་པར་སྤྱད་པའི་སྲེད་པ་

དང་། ལེགས་པར་སྤྱད་པའི་སྲེད་པ་དང་། རིང་བའི་སྲེད་པ་དང་། ཉེ་བའི་སྲེད་པ་ཞེས་བྱ་བ་སྟེ། འདི་དག་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་གཟུགས་རྣམ་པ་བཅུ་གཅིག་ལ་དམིགས་པར་རིག་པར་བྱའོ། །སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བའི་སྒོའི་དོན་ནི་སྐྱེ་མཆེད་ཀྱི་དོན་ཏེ་ཞེས་བྱ་བ་ལ།

གང་ལས་རྟོགས་ཤེ་ན། ངེས་པའི་ཚིག་ལས་སོ། །དེ་ཉིད་ཀྱི་ཕྱིར། ངེས་པའི་ཚིག་ཏུ་ན་སེམས་དང་སེམས་ལས་བྱུང་བ་རྣམས་ཞེས་རྒྱས་པར་འབྱུང་ངོ་། །སྐྱེ་བ་ནི་འོང་བ་ལ་བརྗོད་དེ། སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་ཞིང་བདག་གི་དངོས་པོར་རེད་པའོ། །དེའི་ཕྱིར་དེ་དག་ནི་སེམས་

དང་སེམས་ལས་བྱུང་བ་རྣམས་སྐྱེ་བ་མཆེད་པར་བྱེད་པས་ན་སྐྱེ་མཆེད་དེ་མཆེད་པར་བྱེད་རྒྱས་པར་བྱེད། བདག་གི་དངོས་པོར་རེད་པ་རྒྱུན་དུ་གནས་པར་བྱེད་ཅེས་བྱ་བའི་དོན་ཏོ། །རིགས་ཀྱི་དོན་ནི་ཁམས་ཀྱི་དོན་ཏེ་ཞེས་བྱ་བ་ལ། གང་ལ་ཁོང་དུ་ཆུད་ཅེ་ན། རིགས་སུ་འདྲ་བའི་ཕྱིར་རོ། །དེ་ཉིད་ཀྱི་དཔེར་

ན་རི་འགའ་ཞིག་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དཔེར་ན་གསེར་ལ་སོགས་པའི་ས་གཞི་རིགས་ལ་ཁམས་ཞེས་བརྗོད་པ་ལྟ་བུའོ། །དེ་བཞིན་དུ་རྟེན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལུས་སམ་སེམས་དང་སེམས་ལས་བྱུང་བའི་རྒྱུན་ལའོ། །ཡང་ན་རྟེན་ཅིག་ཅེས་བརྗོད་ན་སྐད་ཅིག་མ་ཉིད་ལ་

གནས་པར་འགྱུར་བས་དེའི་ཕྱིར། རྒྱུན་ཞེས་བྱ་བ་སྨོས་སོ། །རིགས་བཅོ་བརྒྱད་དག་ཡོད་པ་སྟེ། ས་བོན་བཅོ་བརྒྱད་ཡོད་པ་ལ་ཁམས་བཅོ་བརྒྱད་ཅེས་བྱའོ། །སྐལ་བ་མཉམ་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། །མིག་གི་དབང་པོ་སྔར་སྐྱེས་པ་ནི་མིག་གི་དབང་པོ་ཕྱིས་སྐྱེས་པ་དང་

Vol. 144 · folio 46a

མ་སྐྱེས་པའི་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །འདུས་མ་བྱས་ཁམས་མ་ཡིན་པར་འགྱུར་རོ་ཞེ་ན་ཞེས་བྱ་བ་ལ། སྔ་མ་དང་ཕྱི་མ་ཉིད་མེད་པའི་ཕྱིར་ཏེ། དེ་ནི་འགའི་ཡང་སྐལ་བ་མཉམ་པའི་རྒྱུ་མ་ཡིན་པའི་ཕྱིར་རོ། །འོ་ན་ནི་

སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་དམིགས་པ་དང་བདག་པོའི་རྐྱེན་དུ་གྱུར་པའི་ཕྱིར་འདུས་མ་བྱས་ཀྱང་འབྱུང་གནས་ཉིད་དུ་གྲུབ་བོ། །དེ་ལྟ་ན་ཡང་དེར་སྐྱེ་མཆེད་དང་ཁམས་ཀྱི་དོན་དབྱེར་མེད་པར་འགྱུར་ཏེ། གཉིས་ཀ་ཡང་སེམས་དང་སེམས་ལས་བྱུང་བའི་འབྱུང་གནས་སུ་གྱུར་པའི་ཕྱིར་

རོ། །དེའི་ཕྱིར་གཞན་དག་ན་རེ་ཁམས་ཞེས་བྱ་བའི་སྒྲ་འདི་ནི་རིགས་ཀྱི་ཚིག་ཡིན་ནོ་ཞེས་ཟེར་ཏེ། དཔེར་ན་གསེར་ལ་སོགས་པའི་རིགས་རྣམས་ཕན་ཚུན་རིགས་ཐ་དད་པ་དེ་བཞིན་དུ་མིག་ལ་སོགས་པ་དག་ཀྱང་ཡིན་ནོ། །དེ་ལྟར་ན་རིགས་སུ་འདྲ་བས་ཁམས་ཀྱི་སྒྲ་འདི་ནི་རིགས་ཀྱི་ཚིག་ཡིན་ནོ། །

རང་བཞིན་ཞེས་བྱ་བ་ལ། རང་བཞིན་ནི་རིགས་གཞན་རྣམ་པར་བཅད་པའི་སྒོ་ནས་རང་གི་དངོས་པོ་སྟེ། དེ་ལྟར་བྱས་དང་འདུས་མ་བྱས་ལ་ཡང་ཁམས་སུ་བསྙད་པ་ཁ་ན་མ་ཐོ་བ་མེད་པར་གྲུབ་བོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་སྐྱེ་མཆེད་དང་ཁམས་ལྟར་ཕུང་པོ་ཡང་རྫས་སུ་འདོད་ལ། སྤུངས་

པ་ཡང་རྫས་སུ་མ་འདུས་པའི་བདག་ཉིད་ཅན་ཡིན་པས་རྫས་སུ་ཡོད་པ་ལ་སྤུངས་པ་ཉིད་མི་སྲིད་དོ་སྙམ་སྟེ། འདྲི་བ་ནི། གལ་ཏེ་སྤུངས་པའི་དོན་ཕུང་པོའི་དོན་ཡིན་ན་ཞེས་བྱ་བའོ། །སྤུངས་པ་དང་གང་ཟག་བཞིན་ནོ་ཞེས་བྱ་བ་ལ། ཇི་ལྟར་འབྲུ་ལ་སོགས་པ་རྫས་དུ་མ་འདུས་པའི་ཕྱིར་ལ།

འབྲུ་ལ་སོགས་པ་བསལ་ན་དེའི་བློ་མེད་པའི་ཕྱིར་སྤུངས་པའི་བཏགས་པ་ཡོད་པ་མ་ཡིན་པའི་ཕྱིར་རྫས་སུ་མ་ཡིན་ལ། དེ་བཞིན་དུ། ཇི་ལྟར་ཡན་ལག་ཚོགས་ལས་ནི། །ཤིང་རྟའོ་ཞེས་མིང་བཏགས་པ་དེ་བཞིན་དུ་ཕུང་པོ་ལ་བརྟེན་ནས། ཀུན་རྫོབ་ཏུ་ནི་སེམས་ཅན་བརྗོད། །ཅེས་བྱ་བའི་ལུང་ལས་

ན་གཟུགས་ལ་སོགས་པའི་ཕུང་པོ་འདུས་པ་ཁོ་ན་གང་ཟག་ཡིན་གྱི། རྫས་སུ་མ་ཡིན་པ་དེ་བཞིན་དུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་སོགས་པའི་རྫས་སྣ་ཚོགས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་ཕུང་པོ་རྣམས་ཀྱང་བཏགས་པའི་ཡོད་པར་འགྱུར་ན། དེ་ཁྱེད་ཅག་གི་

Vol. 144 · folio 46b

འདོད་པ་ཡང་མ་ཡིན་པས་ཕུང་པོའི་དོན་གཞན་ཞིག་བརྗོད་པར་བྱ་དགོས་སོ། །འདི་ལ་ལན་སྨྲས་པ་ནི་མ་ཡིན་ཏེ། རྫས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། རྡུལ་ཕྲ་རབ་གཅིག་ཏུ་ཡང་ཕུང་པོར་བརྗོད་དེ། གཞན་དུ་ན་ཕུང་པོ་རྣམས་རང་བཞིན་མེད་པའི་ཕྱིར་ཕུང་པོ་རྣམས་ཀྱི་སྐྱེ་མཆེད་དང་ཁམས་ལྟར།

ཆོས་རྣམས་ཀྱི་རང་བཞིན་བསྡུས་པར་མི་འགྱུར་ལ། དེ་བཞིན་དུ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། སྤངས་པ་དང་། ཡོངས་སུ་ཤེས་པ་ལ་སོགས་པ་རབ་ཏུ་ཡང་མི་འགྱུར་རོ། །སྨྲས་པ། ཕུང་རྣམས་བཏགས་པར་ཡོད་ཉིད་ན། དེས་ཆོས་བསྡུས་

པར་མི་འགྱུར་ཞིང་། །མི་རྟག་ཉིད་ཀྱང་མ་ཡིན་ལ། །ཡོངས་ཤེས་སྤངས་པ་ཉིད་ཀྱང་མིན། །གང་གི་ཕྱིར་རྡུལ་ཕྲ་རབ་གཅིག་པུ་ཡང་དེ་དང་དེར་ཕུང་པོ་ཡིན་པའི་ཕྱིར་རོ་ཞེས་ལན་སྨྲས་སོ། །འོ་ན་སྤུངས་པའི་ཕུང་པོའི་དོན་ནི་ཕུང་པོའི་དོན་ནོ་ཞེས་བརྗོད་པར་མི་བྱ་སྟེ། འདིར་དོན་ནི་རྫས་

ཀྱི་རྣམ་གྲངས་ཡིན་པའི་ཕྱིར་སྤུངས་པ་ལ་དོན་མི་འཐད་ལ། སྤུངས་པའི་ཉེ་བར་ལེན་པ་དག་དོན་ཡིན་གྱི། སྤུངས་པ་ཉིད་ནི་མ་ཡིན་ནོ། །རྡུལ་ཕྲ་རབ་གཅིག་པོ་ཡང་དུས་གསུམ་གྱིས་བསྡུས་པའི་ཕྱིར་བློས་མངོན་པར་བསྡུས་པའི་སྒོ་ནས་སྤུངས་པ་ཉིད་འཐད་པས་ཕུང་པོ་རྣམས་བཏགས་

པའི་ཡོད་པ་ཡང་མ་ཡིན་ནོ་ཞེ་ན། དེ་ལྟར་ན་ཡང་མདོ་དང་འགལ་བ་ནི་གཅིག་པུ་ལ་སྤུངས་པ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། དེ་དག་ཐམས་ཅད་གཅིག་ཉིད་དུ་བསྡུས་ཏེ་ཞེས་འབྱུང་བའི་ཕྱིར་རོ། །གཞན་དག་ན་རེ་ཁུར་ཁྱེར་བའི་དོན་ཏམ་ཞེས་བྱ་བ་ལ། བྱ་བ་ཉིད་ཁུར་ཡིན་པ་ནི་བྱ་བའི་ཁུར་རོ། །

ཁྱེར་བ་ནི་དེ་ལ་རག་ལས་པ་ཉིད་དེ། དེ་ལ་རག་ལས་ཤིང་བདག་ཉིད་རྙེད་ཅེས་བྱ་བའི་དོན་ཏོ། །འདི་ལྟར་ལུས་ཀྱི་ཕྱོགས་གང་ཞིག་ཁུར་ཁྱེར་བར་ནུས་པ་ཕྲག་པ་ཡིན་ལ། འདིར་ཡང་བྱ་བའི་ཁུར་ཁྱེར་བའི་དོན་ནི་ཕུང་པོའི་དོན་ཡིན་ནོ། །གང་ཞིག་གང་གི་ཁུར་ཡིན་ཞེ་ན། རེ་ཞིག་ཐུན་མོང་དུ་ནི་ཕུང་པོ་

ལྔ་པོ་རྣམས་ཀྱི་སྐྱེ་མཆེད་དྲུག་ཡིན་ཏེ། ཇི་སྐད་དུ། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བཤད་པ་ལྟ་བུའོ། །ཚོར་བ་ནི་སྲེད་པ་སྟེ། ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་འབྱུང་བའི་ཕྱིར་རོ། །འདུ་ཤེས་དང་འདུ་བྱེད་རྣམས་ཀྱི་ནི་སྐྱེ་མཆེད་དྲུག་ཉིད་དེ། མིང་དང་གཟུགས་ཀྱི་རྐྱེན་

Vol. 144 · folio 47a

གྱིས་སྐྱེ་མཆེད་དྲུག་ཅེས་འབྱུང་བའི་ཕྱིར་དང་། ཚོར་བ་དང་འདུ་ཤེས་རྣམས་ཀྱང་མིང་གིས་བསྡུས་པའི་ཕྱིར་རོ། །རྣམ་པར་ཤེས་པའི་ཡང་མིང་དང་གཟུགས་ཏེ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ན་རྫས་

གཅིག་ཀྱང་ཕུང་པོ་ཉིད་དུ་སྒྲུབ་ལ། ཚོགས་པ་རྣམས་ཀྱི་ནང་ནས་རེ་རེ་ཡང་ཕུང་པོར་གྲུབ་པ་དང་བྱ་བའི་ཁུར་ཁྱེར་བའི་དོན་ནི་ཕུང་པོའི་དོན་ཏོ། །ཡོངས་སུ་ཆད་པའི་དོན་ནི་ཞེས་བྱ་བ་ལ། ཅི་ཞིག་ཅེ་ན། ཕུང་པོའི་དོན་ཏེ། ཇི་ལྟར་ཞེ་ན། འདིར་སྨྲ་བ་པོ་ཞེས་བྱ་བ་རྒྱས་པར་སྨོས་ཏེ། རྡུལ་

ཕྲ་རབ་གཅིག་ཀྱང་བློས་གཅད་པར་བྱ་བར་ནུས་པས་ཕུང་པོ་རྣམས་རྫས་སུ་ཡོད་པ་ཡིན་གྱི། བཏགས་པར་མ་ཡིན་ནོ། །དེ་ནི་མདོ་དང་འགལ་ལོ་ཞེས་བྱ་བ་ནི་བྱ་བའི་ཁུར་ཁྱེར་བའི་དོན་ནམ། ཡོངས་སུ་ཆད་པའི་དོན་ནི་ཕུང་པོའི་དོན་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར། མདོ་

ལས་ནི་སྤུངས་པའི་དོན་ཁོ་ནར་གསུངས་ཏེ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཞེ་ན། བསྟན་པའི་ཕྱིར། གཟུགས་གང་ཅི་ཡང་རུང་འདས་པའམ། མ་འོངས་པའམ་ཞེས་རྒྱས་པར་སྨོས་སོ། །དེར་ནི་གཟུགས་འདས་པ་ལ་སོགས་པ་སོ་སོར་ཕུང་པོ་ཉིད་ཡིན་པར་ཤེས་ཏེ་ཞེས་བྱ་བ་ལ། དེར་ནི་

མདོར་རོ། །ཇི་ལྟར་ཞེ་ན། གཟུགས་འདས་པ་ལ་སོགས་པ་ཐམས་ཅད་རེ་རེ་ཞིང་གཟུགས་ཀྱི་ཕུང་པོ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དཔེར་ན་སའི་ཁམས་གང་ཞེ་ན། སྐྲ་དང་། སྤུ་དག་དང་ཞེས་བྱ་བ་རྒྱས་པར་གསུངས་ཏེ། སྐྲ་ལ་སོགས་པ་རྣམས་རེ་རེ་ཞིང་སའི་ཁམས་ཉིད་དུ་ཤེས་པ་བཞིན་ནོ། །

དེ་ལྟར་ཤེས་པར་མི་ནུས་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སོ་སོ་རེ་རེ་ཕུང་པོ་ཉིད་ཡིན་ན་དེ་ཐམས་ཅད་གཅིག་ཏུ་བསྡུས་ནས་ཞེས་འཆད་པར་མི་འགྱུར་ཏེ། འོ་ན་ཅི་ཞེ་ན། དེ་ཐམས་ཅད་ཕུང་པོའོ་ཞེས་འཆད་པར་འགྱུར་རོ། །དེའི་ཕྱིར་སྔར་གང་སྨྲས་པ་དེ་དག་ཉིད་མཇུག་སྡུད་པ་ནི། དེ་ལྟ་བས་ན་ཕུང་པོ་དག་ནི་

སྤུངས་པ་བཞིན་དུ་བཏགས་པའི་ཡོད་པ་ཡིན་ནོ་ཞེས་བྱ་བའོ། །ཐལ་བར་འགྱུར་བའི་སྒོ་ནས་ཕུང་པོ་རྣམས་བཏགས་པའི་ཡོད་པ་ཉིད་བཟློག་པར་འདོད་པས་ན། དེ་ལྟར་ན་སྐྱེ་མཆེད་གཟུགས་ཅན་རྣམས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། ཐོགས་པ་མེད་པའི་སྐྱེ་མཆེད་བཀག་སྟེ་བཅུ་ཆར་ཡང་བཟུང་ངོ་། །

Vol. 144 · folio 47b

མིག་ལ་སོགས་པའི་རྡུལ་ཕྲ་རབ་མང་པོ་རྣམས་སྐྱེ་བའི་སྒོར་གྱུར་པའི་ཕྱིར་རོ་ཞེས་བྱ་བ་ནི་བཏགས་པའི་ཡོད་པ་ཉིད་ལ་རྒྱུ་སྒྲས་སྨྲས་པ་སྟེ། རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསགས་པ་ལ་བརྟེན་པ་དང་། དམིགས་པ་ཡིན་པའི་ཕྱིར་རོ། །མིག་གི་དབང་པོའི་རྡུལ་ཕྲ་རབ་དང་། ཁ་དོག་གི་རྡུལ་ཕྲ་རབ་

མང་པོ་བསགས་པ་ཁོ་ན་རྟེན་དང་དམིགས་པའི་ངོ་བོའི་མིག་གི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པའི་སྐྱེ་བའི་སྒོར་གྱུར་ཏེ། ལུས་ཀྱི་སྐྱེ་མཆེད་དང་རེག་བྱའི་སྐྱེ་མཆེད་ཀྱི་བར་དུ་ཡང་དེ་དང་འདྲའོ། །དེའི་ཕྱིར་རྫས་དུ་མ་འདུས་པའི་ཕྱིར་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་རྫས་སུ་ཡོད་པ་

ཉིད་མ་ཡིན་ཏེ། ཚོགས་པ་རྣམས་རེ་རེ་ནས་རྒྱུའི་ངོ་བོར་གྱུར་པའི་ཕྱིར་ཞེས་བྱ་བ་ལ། གང་མང་པོ་རྣམས་སྐྱེ་བའི་སྒོར་གྱུར་པའི་ཕྱིར་རོ་ཞེས་པ་དེ་ལྟར་ན་ཁས་མི་ལེན་ཏེ། གང་གི་ཕྱིར་ཚོགས་པ་ཐམས་ཅད་ཀྱང་རེ་རེ་སྟེ། སོ་སོ་ནས་རྒྱུར་འགྱུར་ཏེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་རྡུལ་

ཕྲ་རབ་རེ་རེ་ལ་བརྟེན་པའི་ཕྱིར་དང་། རྡུལ་ཕྲ་རབ་རེ་རེ་ལ་དམིགས་པའི་ཕྱིར་རོ། །ཅི་སྟེ་ཅིའི་ཕྱིར་བསགས་པ་ཁོ་ན་རྟེན་ཡིན་ཞིང་བསགས་པ་ཁོ་ན་དམིགས་པ་ཡིན་སྙམ་དུ་སེམས་ན། ཚོགས་པ་ལྷན་ཅིག་བྱེད་པ་ལ་ལྟོས་པ་རྣམས་རྒྱུར་གྱུར་པའི་ཕྱིར་ཏེ། དེ་རྣམས་རེ་རེ་སྐྱེ་མཆེད་ཉིད་དུ་གྲུབ་ལ།

རིགས་དང་། སྤྱོད་ཡུལ་དང་། རྣམ་པར་ཤེས་པ་འདྲ་བའི་ཕྱིར་ནི་གཅིག་ཏུ་བྱས་སོ། །འདི་སྙམ་དུ་དེ་ཉིད་ཀྱི་ཕྱིར་རྫས་དུ་མ་འདུས་པ་ཉིད་མི་འདའ་སྟེ། ལྟོས་པ་དང་བཅས་པ་རྣམས་རྒྱུ་ཡིན་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་རེ་རེ་ཞིང་སྐྱེ་མཆེད་དུ་འགྱུར་ན་ནི་གཟུགས་ཅན་མ་ཡིན་པའི་སྐྱེ་མཆེད་

ལྟར་གཉིས་པ་ལ་མི་ལྟོས་པར་འགྱུར་བ་ཞིག་གོ་སྙམ་ན། འདིའི་ལན་དུ། ཡུལ་ལྷན་ཅིག་བྱེད་པའི་ཕྱིར་ཞེས་བྱ་བ་རྒྱས་པར་སྨོས་སོ། །གལ་ཏེ་ལྷན་ཅིག་བྱེད་པ་ལ་ལྟོས་པ་དང་བཅས་པ་རྣམས་རྒྱུར་གྱུར་པའི་ཕྱིར་དབང་པོའི་རྡུལ་ཕྲ་རབ་རྣམས་རེ་རེ་ནས་སྐྱེ་མཆེད་ཉིད་དུ་མི་འདོད་ན། དེ་ལྟ་ན་མིག་

ལ་སོགས་པ་དབང་པོའི་གཟུགས་ལ་སོགས་པ་དག་ལས་ལོགས་ཤིག་ཏུ་སྐྱེ་མཆེད་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཡུལ་ལྷན་ཅིག་བྱེད་པའི་ཕྱིར་ཏེ། ཡུལ་ལ་ལྟོས་པ་མེད་པའི་དབང་པོ་འབའ་ཞིག་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་སྐྱེ་བའི་སྒོར་མི་འགྱུར་ལ། ཁྱོད་ཀྱི་ལྟར་ན་མིག་

Vol. 144 · folio 48a

གི་དབང་པོ་གཟུགས་ལ་སོགས་པ་དག་ལས་ལོགས་ཤིག་ཏུ་སྐྱེ་མཆེད་དུ་མི་འགྱུར་བ་ཡང་མ་ཡིན་ཏེ། མདོ་ལས། སྐྱེ་མཆེད་བཅུ་གཉིས་སོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་མིག་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ཀྱང་སོ་སོར་སྐྱེ་མཆེད་ཡིན་ནོ་ཞེས་བྱ་བར་ཤེས་

སོ། །བྱེ་བྲག་ཏུ་བཤད་པ་ལས་ནི་ཞེས་བྱ་བ་འདིས་ཕུང་པོ་རྣམས་བཏགས་པའི་ཡོད་པ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཕུང་པོ་བཏགས་པའི་ཡོད་པར་ལྟ་ན་ནི་ཞེས་བྱ་བ་ནི་ཕུང་པོ་བཏགས་པའི་ཡོད་པར་རྣམ་པར་སྤྱོད་ན་ནི་ཞེས་བྱ་བའི་དོན་ཏེ། མ་བལྟས་པར་ནི་སྤུངས་པ་བཞིན་དུ་གཅིག་གི་ངོ་བོར་མི་

རིགས་སོ། །རྡུལ་ཕྲ་རབ་ཁམས་གཅིག་ཅེས་བྱ་བ་ནི་གཟུགས་ཅན་བཅུ་ལས་གང་ཡང་རུང་བའོ། །སྐྱེ་མཆེད་གཅིག་ཅེས་བྱ་བ་ནི་གཟུགས་ཅན་རྣམས་ལས་གང་ཡང་རུང་བའོ། །ཕུང་པོ་གཅིག་གི་ཞེས་བྱ་བ་ནི་ཕུང་པོ་ལྔ་ལས་གཟུགས་ཀྱི་ཕུང་པོའོ། །ཕྱོགས་ཆ་ནི་ཆ་ཤས་ཏེ། རྫས་ཀྱི་རྡུལ་ཕྲ་

རབ་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །འོན་ཏེ་མི་ལྟ་ན་ནི་ཞེས་བྱ་བ་ལ། ཅི་ཞེ་ན། ཕུང་པོ་བཏགས་པའི་ཡོད་པར་རོ། །དེ་རྡུལ་ཕྲ་རབ་ཁམས་གཅིག་དང་སྐྱེ་མཆེད་གཅིག་ཅེས་བྱ་བ་འདིར་ནི་གཙོ་བོའི་སྒྲ་སྟེ། གང་གི་ཕྱིར་རྡུལ་ཕྲ་རབ་རེ་རེ་ཡང་སྐྱེ་མཆེད་དང་། ཁམས་ཉིད་དུ་མི་འགལ་བའི་ཕྱིར་རོ། །

གང་ཕུང་པོ་གཅིག་ཡིན་ནོ་ཞེས་བྱ་བ་འདི་ནི་ཕལ་པའི་རྟོག་པས་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། ཕྱོགས་ཡིན་ཡང་ཕྱོགས་ཅན་བཞིན་དུ་ཉེ་བར་འདོགས་པ་སྟེ། ཐ་སྙད་དུ་འདོགས་པ་ཡང་ཡོད་དེ་ཞེས་བྱ་བ་སྨོས་སོ། །དེ་ལ་ཕྱོགས་ནི་རྡུལ་ཕྲ་རབ་བོ། །ཕྱོགས་ཅན་ནི་གཟུགས་ཀྱི་ཕུང་པོའོ། །དེ་ཉིད་ལ་

འཇིག་རྟེན་ལ་གྲགས་པའི་དཔེ་སྨོས་པ་ནི། དཔེར་ན་རས་ཡུག་གི་ཕྱོགས་གཅིག་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །ལ་བ་ལ་སོགས་པ་ཚིག་པ་དགག་པ་བརྗོད་པར་འདོད་པ་དང་། མ་ཚིག་པ་དགག་པ་བརྗོད་པར་འདོད་པའི་ཚེ། རས་ཡུག་གི་ཕྱོགས་གཅིག་ཚིག་པ་ལ་རས་ཡུག་ཚིག་གོ་ཞེས་

བརྗོད་ཀྱི། རིལ་དང་ཕྱོགས་གཅིག་ཚིག་པ་བརྗོད་པར་འདོད་པའི་ཚེ་ནི་མ་ཡིན་པ་དེ་བཞིན་དུ་འདིར་ཡང་ཕུང་པོ་གཞན་དག་པ་བརྗོད་པ་དང་། ཕུང་པོ་མ་ཡིན་པ་དགག་པ་བརྗོད་པར་འདོད་པའི་ཚེ། ཕུང་པོའི་ཕྱོགས་གཅིག་ལ་ཕུང་པོར་འདོགས་སོ། །བསྡུས་པའི་དོན་ནི་རེ་ཞིག་གཟུགས་

Vol. 144 · folio 48b

ནི་གཅིག་ཏུ་རྫས་སུ་ཡོད་པ་ཡིན་ལ། གཟུགས་ཀྱི་ཕུང་པོ་ནི་དགོངས་པས་ཡིན་ནོ། །གལ་ཏེ་གཟུགས་ཉིད་ཕུང་པོ་ཡིན་པས་གཟུགས་ཀྱི་ཕུང་པོ་ཡིན་ན་ནི་གཟུགས་ཀྱི་ཕུང་པོ་རྫས་སུ་ཡོད་པ་ཡིན་ལ། འོན་ཏེ་གཟུགས་ཀྱི་ཕུང་པོའི་གཟུགས་རྣམས་ཀྱི་ཕུང་པོ་ཡིན་ན་ནི་དེའི་ཕྱིར་བཏགས་པའི་

ཡོད་པའོ་ཞེས་བྱ་བ་འདི་ཡིན་ནོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་གི་བསྟན་པ་ཐ་དད་པ་ཅི་དགོས་ཏེ། ཆོས་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་འདྲི་བ་ནི། ཡང་ཅིའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །བདེ་བར་གཤེགས་པའི་དགོངས་པ་ནི་ཤེས་པར་དཀའ་

མོད་ཀྱི། རྟོག་གེ་བ་ལས་ནི་འདི་ལྟར་སྣང་སྟེ། གདུལ་བ་རྣམས་ཀྱི། རྨོངས་དབང་འདོད་རྣམ་གསུམ་གྱི་ཕྱིར། །ཞེས་བྱ་བ་རྒྱས་པར་འབྱུང་བའོ། །རྣམ་གསུམ་གྱི་སྒྲ་ནི་རེ་རེ་དང་སྦྲེལ་བར་བྱ་སྟེ། རྨོངས་པ་རྣམ་པ་གསུམ་གྱི་ཕྱིར། །ཞེས་བྱ་བ་ནས་འདོད་པ་རྣམ་པ་གསུམ་གྱི་བར་གྱི་

ཕྱིར་རོ། །སེམས་ཅན་རྣམས་ཀྱི་རྨོངས་པ་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ། ཁ་ཅིག་ནི་སེམས་ལས་བྱུང་བ་རྣམས་ལ་སྨོས་སོ། །ཇི་ལྟར་ཞེ་ན། རིལ་པོའི་བདག་ཏུ་འཛིན་པས་ཞེས་བྱ་བ་སྟེ། སེམས་ལས་བྱུང་བ་རྣམས་རིལ་པོར་བཟུང་སྟེ། ཕྱིས་བདག་ཏུ་འཛིན་པས་ཚོར་བ་དང་། འདུ་ཤེས་

དང་། འདུ་བྱེད་ཕན་ཚུན་ཐ་དད་པ་དག་ཀྱང་གཅིག་ཉིད་དུ་བཟུང་ནས་བདག་ཏུ་མངོན་པར་ཞེན་ཏེ། དེའི་ཕྱིར་དེ་དག་ལ་བདག་ཏུ་འཛིན་པ་རིལ་པོར་འཛིན་པ་སྔོན་དུ་འགྲོ་བ་ཅན་དེའི་གཉེན་པོར་བསྟན་པ་བརྩམས་སོ། །དེ་ལྟར་ན་ཚོར་བ་ལ་སོགས་པའི་དབྱེ་བ་བསྟན་པའི་གཅིག་ཏུ་འཛིན་པ་ལོག་པ་དང་།

བདག་ཏུ་འཛིན་པ་ཡང་ལྡོག་པར་འགྱུར་ཏེ། དེ་མངོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །ཁ་ཅིག་ནི་གཟུགས་ཁོ་ན་ལའོ་ཞེས་བྱ་བ་ལ། རིལ་པོར་འཛིན་པས་རྨོངས་སོ་ཞེས་བྱ་བར་སྦྱར་རོ། །ཇི་སྐད་དུ། ཕྲ་བ་བས་ཀྱང་ཆེས་ཕྲ་བ་ཆེན་པོ་བས་ཀྱང་ཆེས་ཆེ་བ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལྟ་བུ་སྟེ།

རྨོངས་པ་དེའི་གཉེན་པོར་གཟུགས་ཉིད་རྣམ་པ་བཅུ་དང་། སེམས་དང་སེམས་ལས་བྱུང་བ་དག་ཀྱང་རེ་རེ་ཞིང་སྐྱེ་མཆེད་ཉིད་དུ་ཕྱེའོ། །དེ་ལྟར་ན་རིལ་པོ་ཕྱེ་བས་རིལ་པོར་འཛིན་པ་སྔོན་དུ་འགྲོ་བ་ཅན་གྱི་བདག་ཏུ་འཛིན་པ་ཡང་ལྡོག་པར་འགྱུར་རོ། །ཁ་ཅིག་ནི་གཟུགས་དང་སེམས་དག་ལ་སྟེ། རྨོངས་སོ་

Vol. 144 · folio 49a

ཞེས་བྱ་བར་སྙེགས་སོ། །དེ་དག་ནི་རྨོངས་པ་ལྡོག་པར་བྱ་བའི་ཕྱིར་ཁམས་བསྟན་པ་ལས་གཟུགས་རྣམ་པ་བཅུ་དང་། སེམས་རྣམ་པ་བདུན་དུ་ཕྱེ་ནས་བསྟན་ཏོ། །དེ་ལ་སེམས་ལས་བྱུང་བ་དག་ལ་རྨོངས་པ་གང་ཡིན་པ་དེ་ནི་རྨོངས་པའི་རྣམ་པ་ཆུང་བ་ཡིན་ཏེ།

དངོས་པོ་ཕྲ་བ་དང་རིགས་མཐུན་པ་ལ་རྨོངས་པའི་ཕྱིར་རོ། །གང་ཞིག་གཟུགས་ལ་རྨོངས་པ་དེ་ནི་རྨོངས་པའི་རྣམ་པ་འབྲིང་པོ་ཡིན་ཏེ། དངོས་པོ་རགས་ཤིང་རིགས་མཐུན་པ་ལ་རྨོངས་པའི་ཕྱིར་རོ། །གང་ཞིག་གཟུགས་དང་སེམས་དག་ལ་རྨོངས་པ་དེ་ནི་རྨོངས་པའི་རྣམ་པ་ཆེན་པོ་ཡིན་ཏེ། དངོས་པོ་

ཕྲ་བ་དང་། རགས་པ་དང་། རིགས་མཐུན་པ་དང་། མཐུན་པ་མ་ཡིན་པ་ལ་རྨོངས་པའི་ཕྱིར་རོ། །དེ་ལྟར་ན་ཕུང་པོ་བསྟན་པ་འདིས་འཇིག་ཚོགས་ལ་ལྟ་བ་རིལ་པོར་འཛིན་པ་སྔོན་དུ་འགྲོ་བ་ཅན་བཟློག་ཅིང་། དེ་སྔོན་དུ་འགྲོ་བ་ཅན་གྱི་ཉོན་མོངས་པ་རྣམས་ཀྱང་སྤངས་པ་ཡིན་ནོ། །གྲག་གོའི་སྒྲ་ནི་

ལུགས་གཞན་བསལ་བར་བྱ་བའི་ཕྱིར་རོ། །བསྟན་བཅོས་གཞན་དག་ལས་ཕུང་པོ་ལ་སོགས་པ་བསྟན་པ་ལ་དགོངས་ནས་གཞན་བསྟན་ཏེ། གོ་རིམས་ཇི་ལྟ་བ་བཞིན་དུ་གཅིག་པ་ཉིད་དང་། བྱེད་པོ་ཉིད་དང་། ཟ་བ་པོ་ཉིད་དུ་འཛིན་པ་བསལ་བའི་སྒོ་ནས་ཕུང་པོ་ལ་སོགས་པ་བསྟན་ཏེ། དེ་དག་ལ་བདག་

ཏུ་འཛིན་པ་ནི་གཅིག་པ་ཉིད་དུ་འཛིན་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དབང་པོ་དག་ཀྱང་རྣམ་གསུམ་སྟེ། །ཞེས་བྱ་བ་ལ། འདིར་དབང་པོ་དག་ནི་དད་པ་ལ་སོགས་པའོ། །དེ་ལ་གང་ཟག་དབང་པོ་རྣོན་པོའི་དབང་དུ་བྱས་ནས་ནི་ཕུང་པོ་བསྟན་ཏེ། དེ་ནི་དབང་པོ་རྣོན་པོའི་ཕྱིར་ཕུང་པོའི་

དབྱེ་བ་ཁོ་ནས་སྐྱེ་མཆེད་དང་ཁམས་ཀྱི་དབྱེ་བ་རྟོགས་པར་ནུས་སོ། །གང་ཟག་དབང་པོ་འབྲིང་པོའི་དབང་དུ་བྱས་ནས་ནི་སྐྱེ་མཆེད་བསྟན་ཏེ། དབང་པོ་འབྲིང་པོ་ཡིན་པའི་ཕྱིར་བར་མ་སྐྱེ་མཆེད་ཀྱི་རབ་ཏུ་དབྱེ་བས་ཁམས་དབྱེ་བ་རྟོགས་པར་ནུས་སོ། །གང་ཟག་དབང་པོ་རྟུལ་པོའི་དབང་དུ་བྱས་ནས་ནི་

ཁམས་བསྟན་ཏེ། དེ་ནི་དབང་པོ་རྟུལ་བའི་ཕྱིར་མ་བཤད་པར་རང་གི་བློའི་ནུས་པས་མི་རྟོགས་སོ། །དེའི་ཕྱིར་དེ་ལྟར་ན་ཐམས་ཅད་ལ་ཕན་གདགས་པར་བྱས་ནས་འགྱུར་རོ། །འདོད་པ་ཡང་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ། འདོད་པ་ནི་མོས་པའོ། །དེ་ལ་གཞུང་བསྡུས་པ་འདོད་པའི་གང་ཟག་

Vol. 144 · folio 49b

གི་དབང་དུ་བྱས་ནས། ཕུང་པོ་བསྟན་ཏེ། དེ་ནི་བརྗོད་བྱ་ཉུང་བའི་ཕྱིར་རོ། །གཞུང་བར་མ་ལ་དགའ་བའི་གང་ཟག་གི་དབང་དུ་བྱས་ནས་སྐྱེ་མཆེད་བསྟན་ལ། གཞུང་རྒྱ་ཆེན་པོ་འདོད་པའི་གང་ཟག་གི་དབང་དུ་བྱས་ནས་ནི་ཁམས་བསྟན་ཏོ། །ཡང་ཅིའི་ཕྱིར་དེ་དག་དེ་ལྟར་འདོད་པར་གྱུར་

ཞེ་ན། སྔོན་གོམས་པའི་སྦྱོར་བ་ལས་ཏེ། གཞན་དུ་མོས་པ་རྣམས་ལ་གཞན་དུ་ཆོས་བསྟན་པ་ནི་ཡིད་མི་ཆེས་པའི་རྒྱུར་འགྱུར་བ་ཁོ་ན་འབའ་ཞིག་ཏུ་ཟད་པས་གདུལ་བའི་མོས་པའི་ཁྱད་པར་ལས་ཕུང་པོ་ལ་སོགས་པའི་སྒོ་ནས་རྣམ་པ་གསུམ་བསྟན་ཏོ། །ཡང་ཅིའི་ཕྱིར་ཞེས་བྱ་བ་རྒྱས་པར་

འབྱུང་སྟེ། བསམ་པ་ཅི་ཞིག་ཅེ་ན། ཚོར་བ་དང་འདུ་ཤེས་བཞིན་དུ་སེམས་པ་ལ་སོགས་པ་རྣམས་ཀྱང་ལོགས་ཤིག་ཏུ་ཕུང་པོ་རྣམ་པར་གཞག་པ་ཅི་སྟེ་མ་བྱས། ཡང་ན་སེམས་པ་ལ་སོགས་པ་ལྟར་ཚོར་བ་དང་། འདུ་ཤེས་གཉིས་ཀྱང་གཅིག་ཏུ་ཅིའི་ཕྱིར་མ་བཞག་པའི་རྒྱུ་བརྗོད་པར་བྱའོ་

སྙམ་པའོ། །རྩོད་པའི་རྩ་བར་གྱུར་པ་དང་འཁོར་བའི་རྒྱུ་ཕྱིར་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །རྩོད་པའི་རྩ་བ་དག་ནི་གཉིས་ཏེ། འདོད་པ་ལ་ལྷག་པར་ཆགས་པ་དང་། ལྟ་བ་ལ་ལྷག་པར་ཆགས་པའོ་ཞེས་བྱ་བ་ལ། ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་ནི་ཕལ་ཆེར་གོ་རིམས་ཇི་ལྟ་བ་བཞིན་དུ་འདོད་པ་དང་ལྟ་

བ་དག་ལ་འདུན་པར་འདོད་ཆགས་དག་འདོད་པར་བྱ་བས་ན་འདོད་ཆགས་དག་སྟེ། གཟུགས་ལ་སོགས་པ་ཡུལ་རྣམས་སོ། །དེ་དག་ལ་ལྷག་པར་ཆགས་པ་ནི་འདུན་པའི་འདོད་ཆགས་སོ། །ལྟ་བ་དག་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམས་སོ། །དེ་དག་ལ་ལྷག་པར་ཆགས་པ་ནི་འདུན་པའི་

འདོད་ཆགས་ཁོ་ནའོ། །དེ་གཉིས་ཀྱི་རྒྱུའི་གཙོ་བོ་ནི་གོ་རིམས་བཞིན་དུ་ཚོར་བ་དང་འདུ་ཤེས་དག་སྟེ་ཞེས་བྱ་བ་ལ། དེ་གཉིས་ཀྱི་ནི་འདོད་པ་དང་། ལྟ་བ་ལ་ལྷག་པར་ཆགས་པའི་མཚན་ཉིད་ཅན་རྩོད་པའི་རྩ་བ་གཉིས་ཀྱིའོ། །གཙོ་བོ་སྨོས་པ་ནི་མ་རིག་པ་ལ་སོགས་པ་རྣམས་ཀྱང་དེ་གཉིས་ཀྱི་རྒྱུར་འགྱུར་

བས་སོ། །ཚོར་བ་རོ་མྱོང་བའི་དབང་གིས་ནི་ཞེས་བྱ་བ་ལ་རོ་མྱང་དམ་པས་ན་ཞེས་བཤད་པས་ན་ཚོར་བ་ཉིད་རོ་མྱང་བ་ཡིན་པས་ན་ཚོར་བ་རོ་མྱང་བའོ། །དེ་ནི་རོ་མངར་བ་དང་འདྲ་བའི་ཕྱིར་རོ་མྱང་བ་སྟེ། དེའི་དབང་གིས་འདུན་པའི་འདོད་ཆགས་ཀྱི་སྒོ་ནས་འདོད་པ་ལ་མངོན་པར་ཞེན་པ་ཡིན་ནོ། །དེ་ལྟར་ན་

Vol. 144 · folio 50a

འདོད་པ་ལ་ལྷག་པར་ཞེན་པའི་རྒྱུའི་གཙོ་བོ་ནི་ཚོར་བ་ཡིན་ནོ། །འདུ་ཤེས་ཕྱིན་ཅི་ལོག་གི་དབང་གིས་ནི་ལྟ་བ་རྣམས་ལའོ་ཞེས་བྱ་བ་ལ། ཅི་ཞེ་ན། མངོན་པར་ཞེན་ལ་ཞེས་བྱ་བ་སྐབས་སུ་བབ་པར་ཟད་དེ། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་དང་། བདག་མེད་

པ་ལ་སོགས་པ་དག་ལ་བདག་ཏུ་འདུ་ཤེས་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། འཇིག་ཚོགས་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་གཅིག་ཏུ་འཛིན་པར་ལྟ་བ་དེ་དང་། དེ་དག་ལ་མངོན་པར་ཞེན་ནོ། །གང་གི་ཚེ་བདེན་པ་མཐོང་བ་

རྣམས་ལ་འདུ་ཤེས་ཡོད་ཀྱང་ཕྱིན་ཅི་ལོག་མེད་པས་ལྟ་བ་ལ་མངོན་པར་ཞེན་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་གང་གིས་འདུ་ཤེས་ཕྱིན་ཅི་ལོག་ཏུ་བྱས་པ་དེ་ཉིད་ལྟ་བ་ལ་མངོན་པར་ཞེན་པའི་རྒྱུ་ཡིན་ཏེ། དེ་ཡོད་པ་དང་མེད་པ་དག་གིས་ཡོད་པ་དང་མེད་པའི་ཕྱིར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ།

མི་གསལ་བའི་བདག་ཉིད་ཀྱིས་མུན་པ་དང་བྲལ་བའི་ཕྱིར་ན་ཕྱིན་ཅི་ལོག་ཏུ་རྟོགས་པའི་རྒྱུ་མ་རིག་པ་ནི་ལྟ་བ་ལ་མངོན་པར་ཞེན་པའི་རྒྱུ་མ་ཡིན་གྱི། གང་ཞིག་དེ་དང་འདྲེས་ཤིང་མཚན་མར་འཛིན་པའི་རྣམ་པ་ཅན་གྱི་འདུ་ཤེས་དེ་ནི་རྒྱུ་ཡིན་ནོ། །སྨྲས་པ། འདམ་བྱིང་ཉ་ནི་ཡང་ཡང་འཕར་བ་

ཡིས། །ཆུ་ནི་རྙོག་པར་བྱེད་པ་ཇི་བཞིན་དུ། །མ་རིག་པ་དང་རྗེས་འབྲེལ་འདུ་ཤེས་ཀྱིས། །རིག་པ་སུན་འབྱིན་བྱེད་པའང་དེ་དང་འདྲ། །དེའི་ཕྱིར་འདུ་ཤེས་ཕྱིན་ཅི་ལོག་གི་དབང་གིས་ནི་ལྟ་བ་དག་ལ་མངོན་པར་ཞེན་ཏོ་ཞེས་བྱ་བ་འདི་རིགས་སོ། །ཚོར་བ་ལ་ཞེན་པ་ནི་ཚོར་བ་ལ་ཆགས་པའོ། །

འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་ཕྱིན་ཅི་ལོག་ཏུ་མཚན་མར་འཛིན་པ་ལས་སོ། །དེ་ལ་ཚོར་བ་ལ་ཞེན་ཅིང་སྲེད་པ་ལ་སྤྱོད་པ་ནི་འཁོར་རོ། །འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་ལྟ་བ་ལ་སྤྱོད་པའོ། །ཚོར་བ་ལ་ཞེན་པ་དང་ཕྱིན་ཅི་ལོག་བཞིས་འདུ་ཤེས་ཕྱིན་ཅི་ལོག་ཏུ་གྱུར་པ་ཁོ་ན་ཉིང་མཚམས་སྦྱོར་བའི་

ཚེ་འཁོར་ཏེ། ཇི་སྐད་དུ། བློ་ནི་ཕྱིན་ཅི་ལོག་གྱུར་པས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། །ཞེས་བཤད་པ་ལྟ་བུའོ། །དེ་ནི་ཞེས་བྱ་བ་ནི་ཕུང་པོའི་གོ་རིམས་ཀྱི་རྒྱུ་དེའོ། །དེ་ཉིད་དུ་བཤད་པར་བྱའོ་ཞེས་བྱ་བ་ནི། རིམ་ནི་རགས་དང་ཀུན་ཉོན་མོངས། །སྣོད་སོགས་དོན་རྣམས་ཇི་བཞིན་ནོ། །

Vol. 144 · folio 50b

ཞེས་བྱ་བར་རོ། །ཕུང་པོ་དག་གིས་འདུས་བྱས་ཐམས་ཅད་བསྡུས་སོ་ཞེས་གོང་དུ་བཤད་པ་དེའི་ཕྱིར། འོ་ན་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་དྲི་བ་སྨོས་སོ། །ཕུང་པོ་དག་ཏུ་འདུས་མ་བྱས། །དོན་དུ་མི་རུང་ཕྱིར་མ་བཤད་དེ། ཕུང་པོ་དག་ཏུ་འདུས་མ་བྱས་འཆད་པ་ན། དེ་དག་ཁོ་ནའི་ཁོངས་

སུ་སྡུད་པར་རམ། དེ་དག་ལས་ཐ་དད་པར་དག་པ་གཞན་ཞིག་ཏུ་རྣམ་པར་འཇོག། །དེ་ཡང་ཉེ་བར་ལེན་པའི་ཕུང་པོ་དག་གམ། ཕུང་པོ་དག་གི་ཁོངས་སུ་བསྡུས་གྲང་ན། རྣམ་པ་ཐམས་ཅད་དུ་ཡང་མི་རུང་ངོ་། །ཅིའི་ཕྱིར་ཞེ་ན། དོན་དུ་མི་རུང་བའི་ཕྱིར་རོ། །རེ་ཞིག་ཕུང་པོ་དག་གི་

ཁོངས་སུ་བསྡུ་བར་ནི་མི་ནུས་ཏེ། དེ་དག་གི་ཉེ་བར་ལེན་པའི་དོན་མི་རིགས་པའི་ཕྱིར་རོ། །དེ་དག་གི་ཉེ་བར་ལེན་པ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དག་ཡོད་ན། འདུས་མ་བྱས་ནི་གཟུགས་ལ་སོགས་པའི་བདག་ཉིད་ཀྱང་མ་

ཡིན་ཏེ། ཇི་ལྟར་དེའི་བདག་ཉིད་མ་ཡིན་པ་དེ་གཟུགས་ལ་སོགས་པའི་ཕུང་པོ་དག་གིས་བསྡུ་བར་རིགས། དེ་ཉིད་ཀྱི་ཕྱིར་དེ་དེ་གཟུགས་མ་ཡིན་ཞིང་རྣམ་པར་ཤེས་པའི་བར་དུ་ཡང་མ་ཡིན་པས་ཞེས་བཤད་དོ། །འདི་སྐད་དུ། དེ་ནི་གཟུགས་སུ་རུང་བའི་དོན་གྱིས་གཟུགས་མ་ཡིན་ལ། མྱོང་

བའི་དོན་གྱིས་ཚོར་བ་མ་ཡིན་ཞིང་། འདུས་ཏེ་ཤེས་པའི་དོན་གྱིས་འདུ་ཤེས་མ་ཡིན་ལ། མངོན་པར་འདུ་བྱེད་པའི་དོན་གྱིས་འདུ་བྱེད་མ་ཡིན་ཞིང་། རྣམ་པར་རིག་པའི་དོན་གྱིས་རྣམ་པར་ཤེས་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཕུང་པོ་དྲུག་པར་བརྗོད་པ་ཡང་མི་ནུས་སོ། །ཅིའི་ཕྱིར་

ཞེ་ན། དོན་དུ་མི་རུང་བའི་ཕྱིར་ཏེ། ཕུང་པོའི་དོན་དུ་མི་རིགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ཕུང་པོའི་དོན་ནི་སྤུངས་པའི་དོན་ཏོ་ཞེས་བཤད་ན་འདུས་མ་བྱས་ནི་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །དེའི་ཕྱིར་ཕུང་པོ་དག་ཏུ་འདུས་མ་བྱས་མ་བཤད་དེ། སྤུང་བར་བྱེད་པ་ནི་ཕྱོགས་ནས་འགུགས་

པའམ། དུས་ལས་འགུགས་པ་ཞིག་གི་ཡིན་གྲང་ན། གཉིས་ཀ་ཡང་འདུས་མ་བྱས་ཕྱོགས་དང་དུས་སུ་མ་གཏོགས་པ་ལ་སྲིད་པ་མ་ཡིན་ནོ། །ཡང་ཀུན་ནས་ཉོན་མོངས་པའི་གཞི་ཤེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། གཞིའི་སྒྲ་ནི་འདིར་རྒྱུའི་རྣམ་གྲངས་ཏེ། ཟག་པ་དང་བཅས་

Vol. 144 · folio 51a

པ་རྣམས་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་པའི་ཕྱིར་རོ། །བྱ་བའི་ཕྱིར་སྒྲ་ནི་འདིར་དགོས་པའི་ཚིག་གོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གཞི་ཤེས་པའི་ཕྱིར་ཞེས་བྱ་བ་ནི་ཟག་པ་དང་བཅས་པ་རྣམས་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་པའི་ཕྱིར་

ལ། ཟག་པ་མེད་པ་རྣམས་རྣམ་པར་བྱང་བའི་རྒྱུའི་ཕྱིར་ཡིན་ན། འདུས་མ་བྱས་ནི་གཉིས་ཀ་ཡང་མ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་རྒྱས་པར་ཡང་མི་འགྱུར་བའི་ཕྱིར་ཀུན་ནས་ཉོན་མོངས་པའི་རྒྱུ་མ་ཡིན་ཏེ། ཟག་པ་མེད་པའི་ཕྱིར་རོ། །ལམ་གྱི་བདག་ཉིད་མ་ཡིན་པའི་ཕྱིར་རྣམ་

པར་བྱང་བའི་གཞི་མ་ཡིན་ཏེ། འདིས་རྣམ་པར་བྱང་བར་བྱེད་པས་ན་རྣམ་པར་བྱང་བ་སྟེ། ལམ་ལ་མངོན་པར་འདོད་དོ། །ཁ་ཅིག་ན་རེ་ཇི་ལྟར་བུམ་པ་ཆག་པ་བུམ་པ་མ་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བུམ་པ་ཆག་པ་ཞེས་བྱ་བ་ནི་བུམ་པ་འགགས་པ་སྟེ། བུམ་

པ་མ་ཡིན་པ་དེ་བཞིན་དུ་ཕུང་པོ་ཞིག་པ་སྟེ། ཕུང་པོ་འགགས་པ་སོ་སོར་བརྟགས་པ་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་གཉིས་ཀྱང་ཕུང་པོ་མ་ཡིན་ནོ། །ནམ་མཁའ་ནི་གཅིག་ཁོ་ན་ཡིན་པའི་ཕྱིར་ཕུང་པོ་མ་ཡིན་ནོ་ཞེས་ཟེར་རོ། །དེ་དག་གི་ལྟར་ན་ཁམས་དང་སྐྱེ་མཆེད་དག་ལ་

ཡང་དེ་ལྟར་ཐལ་བར་འགྱུར་རོ་ཞེས་བྱ་བ་ལ། ཇི་ལྟར་བུམ་པ་ཆག་པ་བུམ་པ་མ་ཡིན་པ་དེ་བཞིན་དུ་ཁམས་དང་སྐྱེ་མཆེད་ཞིག་པ་ཡང་ཁམས་དང་སྐྱེ་མཆེད་ཡིན་པར་མི་འོས་སོ་ཞེས་བྱ་བར་རོ། །ཕུང་པོ་རྣམས་ཀྱི་རྣམ་པ་གཞན་བཤད་ཟིན་ཏོ་ཞེས་བྱ་བ་ལ། སྐྱེ་མཆེད་དང་། ཁམས་

དག་ལས་རྣམ་པ་གཞན་དུ་བརྗོད་པའི་ཕྱིར་ཏེ། ཕུང་པོ་དག་ཏུ་འདུས་མ་བྱས་མ་བཤད་དོ་ཞེས་བྱ་བའི་དོན་ཏོ། །ད་ནི་གོ་རིམས་ལྷག་མར་ལུས་པ་དེ་བརྗོད་པར་བྱ་སྟེ། སངས་རྒྱས་རྣམས་ལ་དགོངས་པ་མངོན་དུ་མ་བཏང་བའི་ཆོས་སྟོན་པ་མི་མངའ་ཞིང་། དགོངས་པ་ཡང་འདིར་

གསལ་བར་མ་བྱས་པ་དེའི་ཕྱིར། རིམ་ནི་རགས་དང་ཀུན་ཉོན་མོངས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཟུགས་ནི་ཐོགས་པ་དང་བཅས་པའི་ཞེས་བྱ་བ་ལ། ཚོར་བ་ལ་སོགས་པ་ཐམས་ཅད་པས་རགས་ཏེ། ཚོར་བ་ལ་སོགས་པ་དག་ནི་ཐོགས་པ་མེད་པའི་ཕྱིར་ཕྲའོ། །གཞན་

Vol. 144 · folio 51b

དག་ན་རེ་རྣམ་པར་ཤེས་པའི་ཚོགས་ལྔའི་རྟེན་ཡིན་པའི་ཕྱིར་དང་། རྣམ་པར་ཤེས་པའི་ཚོགས་དུག་གི་ཡུལ་ཡིན་པའི་ཕྱིར་རགས་སོ་ཞེས་ཟེར་རོ། །གཟུགས་ཅན་མ་ཡིན་པ་རྣམས་ཀྱི་ནང་ན་ཡང་ང་ཞེས་བྱ་བ་ལ་སོགས་པ་ལ། ཚོར་བ་ནི་རྒྱུ་བ་རགས་པའི་ཕྱིར་ཏེ་ཞེས་བྱ་བ་ནི་ལུས་མེད་

ཀྱང་རྟོགས་པར་ཆེས་སླ་བའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་འདི་ལྟར་ངའི་ལག་པས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འདུ་ཤེས་ནི་གཉིས་པས་ཆེས་རགས་པའོ་ཞེས་བྱ་བ་ནི་འདུ་བྱེད་དང་། རྣམ་པར་ཤེས་པ་གཉིས་པས་ཏེ། དེའི་བྱ་བ་རྟོགས་པར་ཆེས་སླ་བའི་ཕྱིར་རོ། །འདུ་ཤེས་

ནི་སྐྱེས་པ་དང་བུད་མེད་ལ་སོགས་པའི་མཚན་མ་འཛིན་པའོ། །རྣམ་པར་ཤེས་པ་པས་ནི་འདུ་བྱེད་དེ་ཅི་ཞེ་ན། རགས་ཏེ་འདོད་ཆགས་ལ་སོགས་པའི་ཀུན་དུ་སྤྱོད་པ་ཏེ་པོར་གསལ་བར་རྟོགས་པའི་ཕྱིར་རོ། །ཐམས་ཅད་པས་ཕྲ་བའི་ཕྱིར་ན་རྣམ་པར་ཤེས་པས་ནི་མཐར་ཏེ། འདུལ་

བ་རྣམས་གཟུད་པ་དང་རྗེས་སུ་མཐུན་པའི་ཕྱིར་ན་རིགས་པ་ཇི་ལྟ་བ་བཞིན་གོ་རིམས་ཡིན་ནོ། །ཡང་ན་ཐོག་མ་མེད་པ་ཅན་གྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མོ་ནི་ཕོའི་གཟུགས་ལ་མངོན་པར་དགའ་ལ། ཕོ་ཡང་མོའི་གཟུགས་ལ་མངོན་པར་དགའ་བ་སྟེ། ཕན་ཚུན་ཁ་དོག་

དང་། དབྱིབས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་མངོན་པར་ཞེན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དག་ཀྱང་ཚོར་བའི་རོ་མྱང་བ་ལ་མངོན་པར་ཆགས་པའི་ཕྱིར་རོ་ཞེས་བྱ་བ་ལ། ཕོ་དང་མོ་དག་ཕན་ཚུན་གཟུགས་ལ་མངོན་པར་དགའ་བ་དེ་དག་ནི་ཚོར་བའི་རོ་མྱང་བ་ལ་ཆགས་

པ་ལས་ཏེ། ཚོར་བ་ཐོབ་པ་དང་མ་ཐོབ་པ་ཉིད་ཀྱི་ཕྱིར་ན་ཆགས་པ་དང་མངོན་པར་ཆགས་པ་ལས་སོ། །དེ་ལ་ཆགས་པ་ཡང་འདུ་ཤེས་ཕྱིན་ཅི་མ་ལོག་པའི་ཕྱིར་རོ་ཞེས་བྱ་བ་ལ། སྡུག་བསྔལ་བ་ལ་བདེའོ་སྙམ་པ་ནི་འདུ་ཤེས་ཕྱིན་ཅི་ལོག་སྟེ། ཚོར་བ་བདེ་བ་ནི་འདུ་བྱེད་དང་འགྱུར་བའི་

སྡུག་བསྔལ་ཉིད་དག་གིས་སྡུག་བསྔལ་ལོ། །ཕྱིན་ཅི་ལོག་དེ་ཡང་ཀུན་ནས་ཉོན་མོངས་པ་དག་གིས་སོ་ཞེས་བྱ་བ་ལ། འདུ་ཤེས་ཕྱིན་ཅི་ལོག་སྟེ། ཉོན་མོངས་པ་དག་གིས་འཁྲུལ་བར་བྱས་པ་ནི་འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །སེམས་ཀྱང་དེ་དག་གིས་ཀུན་ནས་ཉོན་མོངས་པ་

Vol. 144 · folio 52a

ཅན་དུ་བྱས་པ་ཞེས་བྱ་བ་ལ། ཇི་སྐད་བཤད་པའི་ཉོན་མོངས་པ་དག་གིས་སོ། །དེའི་ཕྱིར་ཕུང་པོ་རྣམས་ཀྱི་གོ་རིམས་ནི་ཉོན་མོངས་པ་ཇི་ལྟ་བ་བཞིན་ཡིན་ཏེ། གང་ནས་ཀུན་ནས་ཉོན་མོངས་པ་དང་། གང་གི་དོན་དུ་ཀུན་ནས་ཉོན་མོངས་པ་དང་། གང་དག་གིས་

ཀུན་ནས་ཉོན་མོངས་པ་དང་། གང་གིས་ཀུན་ནས་ཉོན་མོངས་པ་དེ་བསྟན་པར་བྱ་བའི་ཕྱིར་ཉོན་མོངས་པ་ཇི་ལྟ་བ་བཞིན་གོ་རིམས་བརྗོད་དོ། །ཡང་ན་སྣོད་ལ་སོགས་པའི་དོན་གྱིས་ཏེ་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། གཟུགས་ནི་སྣོད་ལྟ་བུའོ། །སྣོད་དང་འདྲ་བ་ནི་སྣོད་དེ། ཚོར་བ་

ཟས་ཀྱི་རྟེན་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཚོར་བ་ནི་ཟས་ལྟ་བུ་སྟེ། རོ་མྱང་བར་བྱ་བའི་ཕྱིར་རོ། །ཕན་པ་དང་གནོད་པར་འཇུག་པའི་ཕྱིར་འདུ་ཤེས་ནི་ཚོད་མ་ལྟ་བུའོ། །འདིས་གསལ་བར་བྱེད་པས་ན་འདུ་ཤེས་ནི་ཚོད་མ་ལྟ་བུ་སྟེ། དེས་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་མཚན་མ་བཟུང་ནས་

ཚོར་བ་གསལ་བར་བྱེད་དོ། །ཡང་ན་འདུ་ཤེས་ཕྱིན་ཅི་ལོག་གི་དབང་གིས་ཚོར་བའི་རོ་མངོན་པར་འདོད་པའི་ཕྱིར་ན་འདུ་ཤེས་ནི་ཚོད་མ་ལྟ་བུའོ། །འདུ་བྱེད་རྣམས་ནི་བྱན་པོ་ལྟ་བུ་སྟེ། དེའི་དབང་གིས་རྣམ་པར་སྨིན་པ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་མངོན་པར་འགྲུབ་པའི་ཕྱིར་རོ། །

དམིགས་པའི་ཕྱིར་ན་རྣམ་པར་ཤེས་པ་ནི་ཟ་བ་པོ་ལྟ་བུ་སྟེ། གང་དུ་ཟ་བ་དང་། གང་ཟ་བ་དང་། གང་དང་ཟ་བ་དང་། གང་དག་གིས་མངོན་པར་འདུས་བྱས་པ་ཟ་བ་དང་། གང་ཞིག་ཟ་བ་པོ་ཡིན་པ་དེ་ཡོངས་སུ་གསལ་བར་བྱས་པར་འགྱུར་རོ། །ཡང་ན་ཁམས་ཀྱིས་ཏེ། ཅི་ཞེ་

ན། ཕུང་པོའི་གོ་རིམས་སོམོ། །ཇི་ལྟར་ཞེ་ན། འདོད་པའི་ཡོན་ཏན་གཟུགས་ཀྱིས་ཞེས་བྱ་བ་སྨོས་ཏེ། ཡིད་ཕྱིར་འཇུག་པའི་ཕྱིར་དེར་ཡུལ་ལྔ་འདོད་པའི་ཡོན་ཏན་ཡིན་ཏེ། ཀུན་ཏུ་རྟོག་པའི་འདོད་ཆགས་ཀྱི་མཚན་ཉིད་ཅན་གྱི་འདོད་པས་གོམས་པར་བྱ་བའི་ཕྱིར་རོ། །འདོད་

པའི་ཡོན་ཏན་ཉིད་གཟུགས་ཡིན་པ་ནི་འདོད་པའི་ཡོན་ཏན་གྱི་གཟུགས་ཏེ། འདོད་པའི་ཡོན་ཏན་གྱི་གཟུགས་དེས་མངོན་པར་གསལ་བར་བྱས་ཤིང་གོ་བ་དང་རབ་ཏུ་གསལ་བར་བྱས་པའོ། །ཚོར་བས་རབ་ཏུ་ཕྱེ་བ་ནི་བསམ་གཏན་རྣམས་སོ་ཞེས་བྱ་བ་ལ། ཚོར་བ་ཐ་དད་པས་དེ་ཐ་དད་པའི་

Vol. 144 · folio 52b

ཕྱིར་ཏེ། འདི་ལྟར་སྙོམས་པར་འཇུག་པའི་བསམ་གཏན་དང་པོ་གཉིས་ན་ནི་ཡིད་བདེ་བའོ། །གོང་མ་གཉིས་ན་ནི་བདེ་བ་དང་བཏང་སྙོམས་དག་གོ། །སྐྱེ་བའི་བསམ་གཏན་དག་ན་ནི། །ཡིད་བདེ་བདེ་དང་བཏང་སྙོམས་དང་། །བཏང་སྙོམས་ཡིད་བདེ་བདེ་བ་དང་། །བཏང་སྙོམས་བཏང་

སྙོམས་ཚོར་བ་ཡོད། །ཅེས་པའོ། འདུ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ནི་གཟུགས་མེད་པ་གསུམ་མོ་ཞེས་བྱ་བ་ལ། དེ་དག་ན་དེའི་མཚན་མ་གསལ་བའི་ཕྱིར་འདུ་ཤེས་གཙོ་བོ་ཡིན་ཏེ། བཏང་སྙོམས་ཐུན་མོང་བ་ཡིན་པ་དང་རྣམ་པར་གཅད་པ་མེད་པས་ན་དེ་གཙོ་བོ་མ་ཡིན་ནོ། །འདུ་བྱེད་ཙམ་གྱིས་རབ་

ཏུ་ཕྱེ་བ་ནི་སྲིད་པའི་རྩེ་མོ་སྟེ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་པས་དེའི་སེམས་པ་འབྲས་བུ་ཆེ་བའི་ཕྱིར་ཏེ། འཇིག་རྟེན་པ་ཡིད་དགེ་བ་ལ། །སྲིད་རྩེའི་སེམས་པ་འབྲས་རབ་ཆེ། །ཞེས་འཆད་པར་འགྱུར་རོ། །གང་ནས་གང་ཞིག་ཤས་ཆེ་བ་དེ་ཉིད་དེར་ཉེ་བར་མཚོན་པར་བྱས་སོ། །འདི་དག་ནི་

གང་དུ་རྣམ་པར་ཤེས་པ་གནས་པ་ཡིན་ལ་ཞེས་བྱ་བ་ནི་གཟུགས་སུ་ཉེ་བར་འགྲོ་བ་འདོད་པའི་ཁམས་དང་ཚོར་བར་ཉེ་བར་འགྲོ་བ་གཟུགས་ཀྱི་ཁམས་དང་། འདུ་ཤེས་སུ་ཉེ་བར་འགྲོ་བ་གཟུགས་མེད་པ་གསུམ་དང་། འདུ་བྱེད་དུ་ཉེ་བར་འགྲོ་བ་སྲིད་པའི་རྩེ་མོའོ། །དེ་དག་ལ་རྣམ་པར་ཤེས་པ་

གནས་སོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་གནས་པ་དེ་དག་ལ་སྟེ། སྲིད་པའི་རླན་གྱི་མཐུས་སོ། །ཕུང་པོའི་གོ་རིམས་ཞིང་དང་ས་བོན་གྱི་གོ་རིམས་ལྟ་བུར་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ། རྣམ་པར་ཤེས་པ་གནས་པས་བསྡུས་པ་ཕུང་པོ་བཞི་ནི་ཞིང་ལྟ་བུ་ཡིན་ལ། རྣམ་པར་ཤེས་པ་ནི་ས་

བོན་ཏེ། ཞིང་ནི་སྔར་ཡིན་ལ། ས་བོན་ནི་ཕྱི་ནས་ཏེ། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཇི་ལྟར་རགས་པའི་གོ་རིམས་དང་། ཀུན་ནས་ཉོན་མོངས་པའི་གོ་རིམས་ཇི་ལྟ་བ་བཞིན་དང་། སྣོད་ལ་སོགས་པ་དོན་གྱི་གོ་རིམས་དང་། ཞིང་དང་ས་བོན་གྱི་གོ་རིམས་ཀྱི་གོ་རིམས་

དེ་ཉིད་ཀྱི་ཕྱིར། ཕུང་པོ་རྣམས་མི་མང་མི་ཉུང་ངོ་། །རིམ་རྒྱུའི་ཕྱིར་ཞེས་གང་སྨྲས་པ་དེ་སྦྱར་བར་བྱ་བའི་ཕྱིར་གོ་རིམས་རྒྱུ་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཅི་ལྟར་ཞེ་ན། གང་གི་ཕྱིར་འདི་དག་གིས་ཆེས་རགས་པ་ཞེས་བྱ་བ་སྨོས་ཏེ། སེམས་ལས་བྱུང་བ་ཐམས་ཅད་པས་

Vol. 144 · folio 53a

སོ། །ཀུན་ནས་ཉོན་མོངས་པའི་གོ་རིམས་ཀྱི་རྒྱུ་ཞེས་བྱ་བ་ནི་ཕོ་དང་མོ་དག་ཕན་ཚུན་གཟུགས་ལ་དགའ་བ་སྟེ། སྔ་མ་བཞིན་ནོ། །ཟས་དང་ཚོད་མ་ལྟ་བུ་ཞེས་བྱ་བ་ནི་སེམས་ལས་བྱུང་བ་དག་པས་སོ། །དེ་དག་གི་ཁམས་གཉིས་རབ་ཏུ་ཕྱེ་བ་ཞེས་བྱ་ལ། ཚོར་བས་རབ་

ཏུ་ཕྱེ་བ་ནི་གཟུགས་ཀྱི་ཁམས་སོ། །འདུ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ནི་གཟུགས་མེད་པ་གསུམ་མོ། །མིག་ལ་སོགས་པའི་ཁམས་དང་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། ཁམས་དང་སྐྱེ་མཆེད་སྨོས་པ་ནི་གོ་རིམས་ཀྱི་དབང་དུ་བྱ་བའི་གཞི་ཡིན་པའི་ཕྱིར་རོ། །དྲུག་གི་ཞེས་བྱ་བ་སྨོས་པ་ནི་དེ་དག་གི་གཉིས་

ཀའི་རྣམ་པར་བཞག་པ་ལ་གོ་རིམས་ཀྱི་རྒྱུ་ཐ་དད་པ་མེད་པའི་ཕྱིར་རོ། །མིག་ལ་སོགས་པའི་སྨོས་པ་ནི་ཕྱིའི་སྐྱེ་མཆེད་དགག་པར་བྱ་བའི་ཕྱིར་རོ། །དེའི་བདག་ཉིད་ཀྱིས་ན་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཞེ་ན། ཡུལ་ཅན་གྱི་རྟེན་གྱི་ངོ་བོས་གཙོ་བོ་ཡིན་པའི་ཕྱིར་ཏེ། ཡུལ་རྣམ་པར་

གཞག་པ་ནི་ཡུལ་ཅན་གྱི་དབང་ཡིན་པའི་ཕྱིར་རོ། །དབང་ནི་རག་ལས་པའོ། །རྟེན་པར་རྣམ་པར་གཞག་པ་ཡང་རྟེན་གྱི་དབང་ངོ་། །དེ་ཉིད་ཀྱི་ཕྱིར་དེའི་དབང་གིས་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྐྱེ་མཆེད་དང་ཁམས་དྲུག་གི་དབང་ཉིད་ཀྱིས་དེའི་ཡུལ་ཏེ། གཟུགས་ལ་སོགས་པ་རྣམས་

དང་། དེའི་རྣམ་པར་ཤེས་པ་སྟེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱི་གོ་རིམས་སུ་འབྱུང་ངོ་། །དབང་པོ་དྲུག་ལས། དང་པོར་ལྔ་སྟེ། མིག་ལ་སོགས་པ་དག་གོ། །ཅིའི་ཕྱིར་ཞེ་ན། ད་ལྟའི་དོན་ཕྱིར་ཞེས་བྱ་བ་སྟེ། ད་ལྟར་བའི་དོན་གྱི་དངོས་པོ་ནི་ད་ལྟར་བའི་དོན་ཉིད་དེ།

ད་ལྟར་བའི་དོན་ཉིད་དེའི་ཕྱིར་མིག་ལ་སོགས་པ་ལྔ་སྔར་སྨོས་སོ། །ད་ལྟར་བྱུང་བ་ནི་ཆོད་པ་མེད་པས་ཉེ་བ་ཡིན་ཏེ། དེ་བས་ན་ཡུལ་ངེས་པ་ཅན་ཡིན་པའི་ཕྱིར་དེ་དག་གི་ཡུལ་རྣམས་ནི་སྔར་སྨོས་སོ། །ཡིད་ནི་ཡུལ་མ་ངེས་པ་ཅན་ཡིན་ཏེ་ཞེས་བྱ་བ་ནི་དེའི་ཕྱིར་མིག་ལ་སོགས་པ་དག་པས་

ཕྱིས་སྨོས་སོ་ཞེས་སྟོན་ཏོ། །ཡིད་ནི་ཁ་ཅིག་གི་ཡུལ་ནི་ད་ལྟར་བ་ཡིན་པ་ནས་ཁ་ཅིག་དུས་གསུམ་དང་། དུས་མ་ཡིན་པའི་བར་ཡིན་ནོ་ཞེས་བྱ་བ་ལ་བར་སྨོས་པ་ནི་འདས་པའི་ཡུལ་ཅན་དང་། མ་འོངས་པའི་ཡུལ་ཅན་དང་། ད་ལྟར་བའི་ཡུལ་ཅན་དང་། དུས་གསུམ་བསྡུས་པའི་

Vol. 144 · folio 53b

ཡུལ་ཅན་དང་། དུས་མ་ཡིན་པའི་ཡུལ་ཅན་དང་། དུས་གསུམ་དང་དུས་མ་ཡིན་པའི་ཡུལ་ཅན་སྡུད་དོ། །དེ་ལ་ཁ་ཅིག་ནི་ད་ལྟར་བའི་ཡུལ་ཅན་ཏེ། དཔེར་ན་གཞན་གྱི་སེམས་ཤེས་པ་ལྟ་བུའོ། །ཁ་ཅིག་ནི་འདས་པའི་ཡུལ་ཅན་ཏེ། དཔེར་ན་སྔོན་གྱི་གནས་རྗེས་སུ་དྲན་པའི་

ཤེས་པའོ། །ཁ་ཅིག་ནི་མ་འོངས་པའི་ཡུལ་ཅན་ཏེ། དཔེར་ན་མངོན་པར་འདོད་པའི་ཤེས་པའམ། འཆི་འཕོ་བ་དང་སྐྱེ་བ་ཤེས་པ་བཞིན་ནོ། །ཁ་ཅིག་ནི་དུས་གསུམ་གྱི་ཡུལ་ཅན་ཏེ། དཔེར་ན་ཆོས་ཐམས་ཅད་མི་རྟག་གོ་སྙམ་པ་ལྟ་བུའོ། །ཁ་ཅིག་ནི་དུས་མེད་པའི་ཡུལ་ཅན་ཏེ།

དཔེར་ན་འགོག་པ་ལ་དམིགས་པ་བཞིན་ནོ། །ཁ་ཅིག་ནི་དུས་གསུམ་དང་དུས་མ་ཡིན་པའི་ཡུལ་ཅན་ཏེ། དཔེར་ན་ཆོས་ཐམས་ཅད་བདག་མེད་དོ་སྙམ་པ་ལྟ་བུ་སྟེ། དེའི་ཕྱིར་ཡིད་ནི་མ་ངེས་པས་ཕྱིས་བཤད་དོ། །འབྱུང་བ་ལས་གྱུར་དོན་ཕྱིར་བཞི། །ཞེས་བྱ་བ་ནི་མིག་ལ་སོགས་པ་ནས་

ལྕེའི་དབང་པོ་ལ་ཐུག་པ་སྟེ། རྒྱུར་བྱས་པའི་གཟུགས། གཟུགས་དང་། སྒྲ་དང་། དྲི་དང་། རོའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ལུས་ཀྱི་ཡུལ་ནི་མ་ངེས་ཏེ། །ཞེས་བྱ་བ་ལ། རེས་འགའ་ནི་འབྱུང་བ་དག་ཡིན་ཏེ། གང་གི་ཚེ་སྲ་བ་ཉིད་ལ་སོགས་པ་ལ་རེག་པ་ནའོ། །

རེས་འགའ་ནི་འབྱུང་བ་ལས་གྱུར་པ་དག་ཡིན་པ་ནི་གང་གི་ཚེ་འཇམ་པ་ཉིད་ལ་སོགས་པ་ན་རེག་པ་ནའོ། །རེས་འགའ་གཉི་ག་ཡིན་ནོ་ཞེས་བྱ་བ་ནི་འབྱུང་བ་དག་དང་འབྱུང་བ་ལས་གྱུར་པ་སྟེ། ལུས་ཀྱི་རྣམ་པར་ཤེས་པ་སྣ་ཚོགས་པ་ལ་དམིགས་པ་སྐྱེ་བ་ནའོ། །དེའི་ཕྱིར་ཡུལ་

ངེས་པ་ཅན་ནི་སྔར་ཡིན་ལ། ཡུལ་མ་ངེས་པ་ཅན་ནི་ཕྱི་ནས་སོ། །ལྷག་མ་ཅི་རིགས་པར་ཞེས་བྱ་བ་ལ། ཅི་རིགས་པར་མིག་ལ་སོགས་པ་གཉིས་ནི་གཉིས་དང་གཅིག་ནི་གསུམ་དང་། གཅིག་ནི་གཅིག་པས་སྔར་སྨོས་ཏེ། མིག་དང་རྣ་བ་ནི་ཡུལ་རྒྱང་རིང་བའི་ཕྱིར་གཉིས་པས་དེ་དག་

སྔར་སྨོས་སོ། །དེ་གཉིས་ལས་ཀྱང་ཞེས་བྱ་བ་ལ། མིག་དང་། རྣ་བ་གཉིས་ལས་ཀྱང་མིག་ནི་ཆེས་རིང་པོ་ལ་འཇུག་སྟེ། དེའི་ཕྱིར་གཉིས་འབའ་ཞིག་ཏུ་མ་ཟད་ཀྱི་གསུམ་པས་ཀྱང་སྔར་སྨོས་སོ། །དེ་ཉིད་ཀྱི་ཕྱིར་ཆུ་ཀླུང་རྒྱང་རིང་པོ་ནས་མཐོང་ཡང་དེའི་སྒྲ་མི་ཐོས་པས་

Vol. 144 · folio 54a

ཞེས་སྨྲས་སོ། །སྣ་ནི་ཆེར་མྱུར་བར་འཇུག་པའི་ཕྱིར་གཅིག་པས་སྔར་སྨོས་ཏེ། ཅི་ལྟར་ཞེ་ན། ཟས་ལྕེ་དང་མ་ཕྲད་པ་ཉིད་ཀྱི་དྲི་འཛིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །གལ་ཏེ་མ་ཕྲད་པའི་ཟས་ཀྱི་གོང་བུ་ལ་བརྟེན་པའི་དྲི་ཁོ་ན་སྣས་འཛིན་ན། སྣ་ཕྲད་ནས་

འཛིན་པ་ཉིད་ལ་གནོད་པར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། ཟས་དང་འདྲེས་པའི་རྫིས་མྱུར་དུ་སྣའི་ཡུལ་དུ་ཕྱིན་པ་ཡིན་ཏེ། དེ་དང་རིགས་མཐུན་པའི་ཕྱིར་ནི་རྫི་ལ་བརྟེན་པའི་དྲི་ལ་ཟས་ཀྱི་དྲི་ཞེས་བྱའོ། །ཡང་ན་ཇི་ལྟར་གནས་པའི་རིམ་ཞེས་བྱ་བ་ལ། གསུམ་ནི་ཕྲེང་བ་ལྟར་

གནས་ཀྱང་། གང་དང་གང་གི་དབང་པོའི་རྟེན་དང་པོ་ན་གནས་པ་དེ་དང་དེ་སྔར་སྨོས་ཏེ། དེ་ཉིད་ཀྱི་ཕྱིར། མིག་གི་རྟེན་ནི་དང་པོ་ན་གནས་སོ་ཞེས་བྱ་བ་རྒྱ་ཆེར་སྨོས་སོ། །ལུས་ཀྱི་རྟེན་ནི་ལྕེའི་དབང་པོའི་རྟེན་དེའི་འོག་ན་གནས་སོ། །ལུས་ཐམས་ཅད་ལ་ཁྱབ་པའི་ཕྱིར་ལུས་ཀྱི་དབང་པོ་

གང་ན་ཡང་གནས་མོད་ཀྱི། འོག་ན་ནི་ཆེས་མང་ངོ་། །དེ་ཉིད་ཀྱི་ཕྱིར། ཕལ་ཆེར་ཞེས་བྱ་བ་སྨོས་ཏེ། དེའི་གོང་ན་མི་གནས་པ་ནི་མ་ཡིན་ནོ། །ཡིད་ཀྱི་དབང་པོའི་གོ་ཇི་ལྟར་ཞེ་ན། དེའི་ཕྱིར། ཡིད་ནི་དེ་དག་ལ་བརྟེན་པ་དང་། ཡུལ་ན་མི་གནས་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་ཏེ།

རྣམ་པར་ཤེས་པའི་ཚོགས་ལྔའི་མཚན་ཉིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཚོགས་ཀྱི་མཚན་ཉིད་དེ། འདི་དག་རྣམ་པ་དྲུག་ཅར་ཡང་གཟུགས་ཅན་མ་ཡིན་པའི་ཕྱིར་ཡུལ་ན་མི་གནས་སོ། །ཡང་ཅིའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དབང་དོན་དེ་དག་ཁོ་ན་ལ། །སྐྱེ་མཆེད་དང་

ནི་ཁམས་བཅུར་འདོད། །ཅེས་བྱ་བ་དེར་གཟུགས་ཅན་གྱི་སྐྱེ་མཆེད་བཅུ་གཟུགས་ཀྱི་ཕུང་པོའི་རང་བཞིན་དུ་བཤད་ལ། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཞེས་བྱ་བ་དེར་སྐྱེ་མཆེད་ཐམས་ཅད་ཆོས་ཀྱི་རང་བཞིན་དུ་བཤད་པ་དེའི་ཕྱིར། བྱེ་བྲག་དོན་དང་ཞེས་བྱ་བ་རྒྱས་པར་

འབྱུང་ངོ་། །གལ་ཏེ་གཟུགས་ཀྱི་བདག་ཉིད་དུ་ཁྱད་པར་མེད་ཀྱང་གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་ཅེས་བྱ་བར་བརྗོད་ཀྱི། གཞན་དག་མ་ཡིན། ཡང་ན་སྒྲ་ལ་སོགས་པའི་སྐྱེ་མཆེད་ལྟར་འདི་ལ་ཡང་མིང་གཞན་ཅིའི་ཕྱིར་མི་བརྗོད་དེ། འདི་ལ་རྒྱུ་ཅི་ཞིག་ཡོད། དེ་བཞིན་དུ་

Vol. 144 · folio 54b

ཆོས་ཀྱི་སྐྱེ་མཆེད་ལ་ཡང་བརྗོད་པར་བྱའོ་ཞེ་ན། བཤད་པ། བྱེ་བྲག་ནི་གཟུགས་ཀྱི་ཆོས་ཉིད་དུ་ཁྱད་པར་མེད་པ་རྣམས་སོ་སོར་སྐྱེ་མཆེད་ཉིད་ཡིན་པར་ཤེས་པར་བྱ་བའི་ཕྱིར་རོ། །བྱེ་བྲག་དེ་ཡང་གང་ཞིག་ཅེ་ན། མིང་ངོ་། །གལ་ཏེ་གཟུགས་ཀྱི་རང་བཞིན་ཡིན་པའི་ཕྱིར་བཅུ་ཆར་ལ་ཡང་

གཟུགས་ཀྱི་སྐྱེ་མཆེད་ཅེས་བརྗོད་ན་ནི་མིང་ལ་སོགས་པ་དང་། གཟུགས་ལ་སོགས་པ་རྣམས་སོ་སོར་ཡུལ་དང་ཡུལ་ཅན་གྱི་དངོས་པོར་རྟོགས་པར་མི་འགྱུར་ལ། དེ་མ་རྟོགས་པས་ཀྱང་དེ་དག་སོ་སོར་སྐྱེ་མཆེད་ཉིད་དུ་ཤེས་པར་མི་འགྱུར་རོ། །དེའི་ཕྱིར་སྐྱེ་མཆེད་གསུམ་དུ་འགྱུར་

རོ། །དེའི་དོན་དུ་གཟུགས་ཀྱི་བདག་ཉིད་ཅན་དུ་ཁྱད་པར་མེད་ཀྱང་གཅིག་གཟུགས་ཀྱི་སྐྱེ་མཆེད་དུ་བརྗོད་ན། སྒྲ་ལ་སོགས་པ་རྣམས་མིང་གཞན་དག་གི་སྐྱེ་མཆེད་དུ་རྣམ་པར་གཞག་པར་བརྗོད་དོ། །གཟུགས་ལ་ཡང་སྐྱེ་མཆེད་གཞན་རྣམ་པར་གཅད་པར་བྱ་བའི་ཕྱིར་མིང་གཞན་མི་འདོགས་

ཏེ། དེ་ནི་བྱེད་རྒྱུ་ལྟར་གཟུགས་ཀྱི་མིང་ཐུན་མོང་པ་ཁོ་ནས་གཞན་དག་ལས་རྣམ་པར་གཅོད་པས་ཁྱད་པར་གྱི་མིང་གདགས་པ་དོན་མེད་དོ། །དེ་ཉིད་ཀྱི་ཕྱིར། མིག་ལ་སོགས་པ་བྱེ་བྲག་ཏུ་བྱས་པ་དག་གིས་ཞེས་བྱ་བ་རྒྱས་པར་སྨོས་ཏེ། མཚན་མ་མ་བཏབ་པའི་བ་ལང་བཞིན་ནོ། །ཡང་ན་

གཟུགས་ཀྱི་སྐྱེ་མཆེད་ཁོ་ན་གཙོ་བོ་ཡིན་པའི་ཕྱིར་གཟུགས་ཀྱི་མིང་ཐུན་མོང་སྟོན་པར་མཛད་ཀྱི། གཟུགས་ཀྱི་བདག་ཉིད་ཡིན་ཡང་གཞན་དག་ནི་མ་ཡིན་ཏེ། གཙོ་བོ་མ་ཡིན་པའི་ཕྱིར་རོ། །གཞན་དག་པས་གཙོ་བོར་བསྟན་པའི་ཕྱིར། དེ་ནི་ཐོགས་པ་དང་བཅས་པ་ཡིན་པའི་ཕྱིར་ཏེ་

ཞེས་བྱ་བ་རྒྱས་པར་སྨོས་སོ། །གལ་ཏེ་རེག་བྱ་མ་ཡིན་པའི་ཕྱིར་གཟུགས་ཀྱི་སྐྱེ་མཆེད་ལ་ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་ཅི་ལྟར་རེག་ཅེ་ན། དེ་ཉིད་ལ་རེག་པར་ནི་མི་བརྗོད་དོ། །འོན་ཀྱང་དེའི་རྟེན་འབྱུང་བ་རྣམས་ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་རྣམ་པར་

འགྱུར་བ་ལས་གཟུགས་སུ་རུང་བ་ན། དེ་ཡང་གཟུགས་སུ་རུང་བས་རེག་ན་གཟུགས་སུ་རུང་བ་ཞེས་བརྗོད་དེ། རང་གི་རྟེན་དང་། གྲུབ་པ་དང་། བདེ་བ་གཅིག་པའི་ཕྱིར་རོ། །ཡང་དེ་ཡང་ཐོགས་པ་དང་བཅས་པའི་ཕྱིར་ལག་པ་ལ་སོགས་པ་རྣམས་ཀྱི་འདུས་ཏེ་རེག་པ་དག་གིས་ཏེ།

Vol. 144 · folio 55a

འབྲེལ་པ་དག་གིས་རེག་ན་སྟེ། ཕྲད་ན་གཟུགས་སུ་རུང་ཞིང་གཞོམ་དུ་རུང་ངོ་། །འདི་ནི་འདི་ནའོ་ཞེས་བྱ་བ་ནི་ཡུལ་ཉེ་བར་བརྟག་ཏུ་རུང་བ་ལས་སོ། །ཆེ་གེ་མོ་ཞིག་ནའོ་ཞེས་བྱ་བ་ནི་ཡུལ་ཐག་རིང་བ་བརྟག་ཏུ་རུང་བ་ལས་སོ། །དེའི་ཕྱིར་དེ་ལྟ་ན་གཟུགས་སུ་རུང་བའི་

ཕྱིར་དང་། བརྟག་ཏུ་རུང་བའི་ཕྱིར་གཟུགས་ཀྱི་སྐྱེ་མཆེད་ཁོ་ན་གཙོ་བོ་ཡིན་ནོ། །གཞན་དག་ལ་ནི་བརྟག་ཏུ་རུང་བ་མེད་པའི་ཕྱིར་གཙོ་བོ་མ་ཡིན་ཏེ། གང་གི་ཕྱིར་མིག་ལ་སོགས་པ་རྣམས་ནི་རྫས་སུ་དཔག་པས་གཟུང་བར་བྱ་བ་ཡིན་པའི་ཕྱིར་འདི་ནའོ། །ཆེ་གེ་མོ་ཞིག་ནའོ་ཞེས་དངོས་སུ་བརྟག་ཏུ་

མི་རུང་ལ། དྲི་དང་། རོ་དང་། རེག་བྱའི་སྐྱེ་མཆེད་དག་ནི་ཕྲད་ནས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཆེ་གེ་མོ་ཞིག་ནའོ་ཞེས་ཡོངས་སུ་བརྟག་པར་མི་ནུས་སོ། །སྒྲའི་སྐྱེ་མཆེད་ལ་ཡང་ཕྱོགས་བསྟན་པ་བརྟག་ཏུ་ཡོད་པར་ཟད་ཀྱི། ཡུལ་བརྟག་པ་ནི་མེད་དོ། །འཇིག་རྟེན་ན་ཡང་གཟུགས་སོ་

ཞེས་གྲགས་ཀྱི། སྒྲ་ལ་སོགས་པ་གཞན་དག་ལ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཡང་འཇིག་རྟེན་ལ་བསྟན་པར་བྱ་བའི་ཕྱིར་ཡིན་ཏེ། བྱེ་བྲག་ལ་སོགས་པ་བསྟན་བཅོས་རིག་པ་རྣམས་ཀྱིས་ཀྱང་སྒྲ་ལ་སོགས་པ་རྣམས་གཟུགས་ཉིད་དུ་མ་གཏོགས་སོ། །བྱེ་བྲག་

གི་དོན་ཉིད་ཀྱིས་གཅིག་ནི་ཆོས་ཀྱི་སྐྱེ་མཆེད་དུ་བཤད་ཀྱི། ཐམས་ཅད་མ་ཡིན་ནོ་ཞེས་བྱ་བ་ལ། ཅི་ནས་ཀྱང་ཡུལ་དང་ཡུལ་ཅན་ཉིད་དུ་ཞེས་བྱ་བ་རྒྱ་ཆེར་སྦྱར་རོ། །མིག་ལ་སོགས་པ་བྱེ་བྲག་ཏུ་བྱས་པ་དག་གིས་སྤྱི་མིང་བཏགས་ཀྱི་གཞན་ལ་ནི་མ་ཡིན་ནོ། །ཆོས་མང་བ་དང་ཞེས་

བྱ་བ་ལ། འདིར་ཆོས་ཀྱི་མིང་ཅན་གྱི་ཆོས་མང་པོ་རྣམས་ཁོ་ན་འདུས་ཏེ། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤེས་པ་དང་། རྗེས་སུ་དྲན་པ་དང་། དད་པ་དང་། དྲན་པ་ཉེ་བར་གཞག་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སྐྱབས་དང་།

དཀོན་མཆོག་ལ་སོགས་པ་རྣམས་སོ། །འདིར་ཚོར་བ་ལ་སོགས་པ་ཆོས་མང་པོ་ཞེས་བྱ་བ་ལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། འདུས་མ་བྱས་རྣམས་དང་། རྣམ་པར་རིག་བྱེད་མ་ཡིན་པ་བསྡུས་ཏེ། ཆོས་ཀྱི་སྒྲ་སྤྱི་མིང་མེད་པར་དེ་དག་ཇི་ལྟར་འཛིན་པར་

Vol. 144 · folio 55b

འགྱུར། དེའི་ཕྱིར་སྤྱི་མིང་བརྗོད་པས་ཆོས་མང་པོ་བསྡུས་ཏེ། འདུ་བྱེད་ཀྱི་ཕུང་པོ་བཞིན་ཞེས་སྟོན་ཏོ། །ཆོས་ཀྱི་མཆོག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། མྱ་ངན་ལས་འདས་པ་ནི་མཆོག་ཉིད་དེ། དགེ་བ་དང་རྟག་པའི་ཕྱིར་རམ། སྡུག་བསྔལ་རྒྱུ་དང་བཅས་པ་ཉེ་བར་ཞི་བའི་

ཕྱིར་དང་། དེ་བཞིན་དུ་ཆོས་གང་དག་ཅེས་བྱ་བ་ནས་དེ་དག་ལས་འདོད་ཆགས་བྲལ་བའི་མཆོག་ཅེས་བྱའོ་ཞེས་བྱ་བའི་བར་དུ་འབྱུང་བའི་ཕྱིར་ཏེ། དེས་ན་ཆོས་ཀྱི་སྐྱེ་མཆེད་གཙོ་བོ་ཉིད་དུ་སྟོན་ཏོ། །གཞན་དག་ན་རེ་རྣམ་པ་ཉི་ཤུས་རགས་པའི་ཕྱིར་དང་ཞེས་བྱ་བ་ནི་ཇི་སྐད་དུ། གཟུགས་རྣམ་

གཉིས་དང་རྣམ་ཉི་ཤུ། །ཞེས་བཤད་པའོ། །ཤ་དང་། ལྷ་དང་། འཕགས་པའི་ཤེས་རབ་དང་། མིག་གསུམ་གྱི་སྤྱོད་ཡུལ་ཡིན་པའི་ཕྱིར་ཞེས་བྱ་བ་འབྱུང་སྟེ། དེ་ལ་ཤའི་མིག་ནི་བདག་ཅག་ལྟ་བུ་རྣམས་ཀྱིའོ། །ལྷ་ནི་ལྷ་རྣམས་ཀྱིའོ། །འཕགས་པའི་ཤེས་རབ་ཀྱི་མིག་ནི་

འཕགས་པ་རྣམས་ཀྱི་སྟེ། ཟག་པ་མེད་པའི་ཤེས་པའོ། །ཤའི་མིག་ནི་ཆོས་ཐམས་ཅད་ལ་དམིགས་པའོ། །ལྷའི་ནི་གཟུགས་ཀྱི་ཡུལ་ཅན་ཁོ་ནའོ། །དེའི་ཕྱིར་དེ་ལྟར་ན་རགས་པས་རྣམ་པ་ཆེས་མང་པོར་བརྟག་ཏུ་རུང་བའི་ཕྱིར་དང་། མང་པོ་དག་གིས་བརྟག་པར་རུང་བའི་

ཕྱིར་ཏེ། གོ་རིམས་བཞིན་དུ་ཤ་དང་ལྷའི་མིག་གི་མདུན་དུ་རགས་པ་དང་། ཐམས་ཅད་དུ་ཕྲ་བར་བརྟག་ཏུ་རུང་བའི་ཕྱིར་དང་། འཕགས་པའི་ཤེས་རབ་ཀྱི་མིག་གིས་མི་རྟག་པ་ལ་སོགས་པར་བརྟག་ཏུ་རུང་བའི་ཕྱིར་གཅིག་གཟུགས་ཀྱི་སྐྱེ་མཆེད་དུ་བསྟན་ཏོ། །ཕུང་པོ་ལ་སོགས་པ་བསྡུ་བར་

བརྗོད་པར་འདོད་པས། མདོ་དག་ལས་ཞེས་བྱ་བ་འདི་སྨོས་སོ། །གལ་ཏེ་མདོ་གཞན་ལས་བསྟན་པའི་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་རྣམས་འདི་དག་ཁོ་ནར་འདུ་ན་ནི་དེ་ལྟ་ཡིན་དང་གང་ཞིག་གང་དུ་འདུ་བ་བརྗོད་པར་བྱའོ། །འོན་ཏེ་ཐ་དད་པ་ཡིན་ན་ནི་དེ་ལྟ་ན་ཡང་འདུས་བྱས་ཐམས་

ཅད་དང་། ཟག་པ་དང་བཅས་པ་རྣམས་དང་། ཆོས་ཐམས་ཅད་ནི་གོ་རིམས་བཞིན་དུ་ཕུང་པོ་དག་དང་། ཉེ་བར་ལེན་པའི་ཕུང་པོ་དག་དང་། སྐྱེ་མཆེད་དང་། ཁམས་དག་གིས་བསྡུས་སོ་ཞེས་བྱ་བ་དེ་དང་འགལ་བར་འགྱུར་རོ། །མདོ་གཞན་ལས་བསྟན་པའི་ཕུང་པོ་ལ་སོགས་པ་འདི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words