ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཨ་བྷི་དྷརྨ་ཀོ་ཥ་ཊཱི་ཀ་ལཀྵ་ཎ་སྱཱ་ནུ་ས་རི་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 144 · folio 56a

དག་གི་ནང་དུ་མི་འདུ་ན་ཅིར་འགྱུར་ཞེ་ན། གསུང་རབ་ཀྱི་ཐ་སྙད་དག་ལ་ཀུན་དུ་རྨོངས་པར་འགྱུར་ཏེ། དེ་བཟློག་པར་བྱ་བའི་ཕྱིར་འདི་དག་ཏུ་འདུ་བ་བརྗོད་པ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །ཅེས་བྱ་བ་ལ་སོགས་པའོ། །གང་དག་གི་ལྟར་ན་སངས་རྒྱས་ཀྱི་

གསུང་ཚིག་གི་རང་བཞིན་པ་དེ་དག་གི་ལྟར་ན་དེ་དག་ནི་གཟུགས་ཀྱི་ཕུང་པོས་བསྡུས་ཏེ། ངག་གི་རྣམ་པར་རིག་བྱེད་སྒྲ་ནི་གཟུགས་ཀྱི་ཕུང་པོའི་ཁོངས་སུ་འདུས་པའི་ཕྱིར་རོ། །གང་དག་གི་ལྟར་ན་མིང་གི་རང་བཞིན་པ་དེ་དག་གི་ལྟར་ན་འདུ་བྱེད་ཀྱི་ཕུང་པོས་བསྡུས་ཏེ། མིང་ནི་མི་ལྡན་པའི་འདུ་བྱེད་

ཀྱིས་བསྡུས་པའི་ཕྱིར་རོ། །གང་དག་གི་ལྟར་ན་ལྡན་པ་མ་ཡིན་པ་མེད་པ་དེ་དག་གི་ལྟར་ན་གཟུགས་ཀྱི་ཕུང་པོ་ཁོ་ནས་བསྡུས་ལ། གང་གི་ལྟར་ན་ཡོད་པ་དེ་དག་གི་ལྟར་ན་ནི་འདུ་བྱེད་ཀྱི་ཕུང་པོ་ཁོ་ནས་བསྡུས་སོ། །གལ་ཏེ་གསུང་ནི་ཚིག་ཡིན་པར་གྲགས་པ་མ་ཡིན་ནམ། ཇི་ལྟར་མིང་སངས་རྒྱས་ཀྱི་གསུང་ཉིད་དུ་བརྗོད་ཅེ་ན། སངས་

རྒྱས་ཀྱི་གསུང་ནི་དོན་གྱིས་རབ་ཏུ་ཕྱེ་བའི་ཕྱིར་ལ་མིང་ཡང་དོན་རྗོད་པར་བྱེད་པའི་ཕྱིར་སངས་རྒྱས་ཀྱི་གསུང་མིང་གི་བདག་ཉིད་ཡིན་ནོ་ཞེས་ཟེར་རོ། །འདིར་མིང་ནི་དཔེ་ཙམ་ཞིག་ཏུ་ཟད་དེ། སངས་རྒྱས་ཀྱི་གསུང་མིང་དང་། ཚིག་དང་། ཡི་གེའི་ཚོགས་ཀྱི་བདག་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཀྱི་ཕུང་པོ་བརྒྱད་

ཁྲི་དག །ཅེས་སྨྲས་པ་དེའི་ཕྱིར་ཡང་ཆོས་ཀྱི་ཕུང་པོའི་ཚད་ཇི་ཙམ་ཞེ་ན་ཞེས་འདྲི་སྟེ། དེའི་ཕྱིར། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཞེས་བྱ་བ་སྨོས་སོ། །བསྟན་བཅོས་ཀྱི་ཚད་ནི་བསྟན་བཅོས་ཚད་དོ། །བསྟན་བཅོས་ཀྱི་ཚད་ལྟ་བུའི་ཚད་གང་ལ་ཡོད་པ་དེ་ནི་བསྟན་བཅོས་ཚད་དེ།

ཆོས་མངོན་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བའིའོ། །ཡང་དེ་ཚད་ཇི་ཙམ་ཞིག་ན་དེའི་ནི་ཤུ་ལོག་དྲུག་སྟོང་ངོ་ཞེས་བྱ་བ་སྨོས་ཏེ་དེ་ཉིད་ཀྱི་ཕྱིར་དེས་གཞན་དག་གི་ཚད་ཀྱང་ཡོངས་སུ་གཅོད་པར་འགྱུར་རོ་སྙམ་སྟེ། དེ་ལ་ཆོས་ཀྱི་ཕུང་པོ་ཞེས་མིང་བཏགས་སོ། །ཕུང་པོ་ལ་སོགས་གཏམ་རེ་ཡིན། །ཞེས་

བྱ་བ་ལ། ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་རྣམས་རེ་རེ་ཞིང་གཏམ་རྒྱུད་རེ་རེ་སོ་སོར་ཆོས་ཀྱི་ཕུང་པོ་ཡིན་པས། གསུང་རབ་ལས་ཕུང་པོ་དག་ལས་བརྩམས་ཏེ་བསྟན་པ་གང་ཡིན་པ་དེ་ཆོས་ཀྱི་ཕུང་པོ་གཅིག་ཡིན་ལ། ཁམས་དག་ལས་བརྩམས་ཏེ་བསྟན་པ་གང་ཡིན་པ་དེ་ནི་ཆོས་ཀྱི་ཕུང་པོ་

Vol. 144 · folio 56b

གཞན་ཡིན་ཏེ། དེ་བཞིན་དུ་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་དག་ལ་ཡང་བརྗོད་པར་བྱའོ། །སོགས་པའི་སྒྲས་ནི་དགེ་བ་དང་མི་དགེ་བའི་ལས་ཀྱི་ལམ་དང་། བསྡུ་བའི་དངོས་པོ་ལ་སོགས་པ་སྡུད་དོ། །སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཞེས་བྱ་བ་རྒྱས་པར་

འབྱུང་སྟེ། འདི་ནི་གནས་པ་ཡིན་ནོ། །སེམས་ཅན་རྣམས་ཀྱི་སྤྱོད་པ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ལྟ་བ་དང་། རྟོག་པ་ལ་སོགས་པའི་བྱེ་བྲག་གིས་བརྒྱད་ཁྲི་སྟེ། དེ་རྣམས་ཀྱི་གཉེན་པོར་བཅོམ་ལྡན་འདས་ཀྱིས་ནི་སྡུག་པ་དང་། བྱམས་པ་དང་།

རྟེན་ཅིང་འབྲེལ་བར་འབྱུང་བ་དང་། མི་རྟག་པའི་འདུ་ཤེས་དང་། སྟོང་པ་ཉིད་དང་། དབུགས་རྔུབ་པ་དང་འབྱུང་བ་དྲན་པ་ལ་སོགས་པ་བསྟན་པའི་སྒོ་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་གསུངས་སོ། །གཞན་དག་ན་རེ། ཕུང་པོ་ལ་སོགས་གཏམ་རེ་ཡིན། །ཞེས་བྱ་བ་འདི་ཉིད། སྤྱོད་པ་རྣམས་

ཀྱི་གཉེན་པོར་ནི། །ཞེས་རྣམ་གྲངས་གཞན་གྱིས་བསྟན་ཏེ། གང་ཞིག་ཉོན་མོངས་པའི་གཉེན་པོར་མི་འགྱུར་བའི་ཕུང་པོ་བསྟན་པ་དེ་ནི་འགའ་ཡང་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །ཕུང་པོ་ལ་སོགས་པ་ཇི་སྐད་དུ་བཤད་པ་བསྡུ་བར་བྱ་སྟེ་ཞེས་བྱ་བ་ལ། ཅི་རིགས་པར་གཟུགས་ལ་སོགས་པའི་ཕུང་

པོ་དང་། མིག་ལ་སོགས་པའི་ཁམས་དང་། མིག་ལ་སོགས་པའི་སྐྱེ་མཆེད་དག་ཏུ་བསྡུ་བར་བྱ་སྟེ། དེ་ཉིད་ཀྱི་ཕྱིར། ཚུལ་ཁྲིམས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོས་བསྡུས་སོ་ཞེས་སྨོས་ཏེ། ཚུལ་ཁྲིམས་ཀྱི་ཕུང་པོ་ནི་ལུས་དང་། ངག་གི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་གཟུགས་

ཀྱི་ཕུང་པོ་ཞེས་བྱ་བས་བསྡུས་སོ། །ལྷག་མ་རྣམས་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་སོ་ཞེས་བྱ་བ་ལ། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དག་ནི་སེམས་དང་མཚུངས་པར་ལྡན་པའི་འདུ་བྱེད་ཀྱི་ཕུང་པོའི་མཚན་ཉིད་ཅན་

ཡིན་པའི་ཕྱིར་འདུ་བྱེད་ཀྱི་ཕུང་པོས་བསྡུས་སོ། །འདི་ནི་རྣམ་པར་གྲོལ་བའི་ཕུང་པོ་མི་སློབ་པའི་མོས་པས་འདུས་བྱས་ཀྱི་རྣམ་པར་གྲོལ་བ་ཡིན་གྱི། འདུས་མ་བྱས་ཀྱི་མ་ཡིན་ནོ། །ཟད་པར་གྱི་སྐྱེ་མཆེད་བཅུ་པོ་དག་ལས་ཞེས་བྱ་བ་ལ། ཟད་པར་ས་ལ་སོགས་པའི་སྐྱེ་མཆེད་དག་ལས་ཟད་

Vol. 144 · folio 57a

པར་ནམ་མཁའ་དང་། རྣམ་པར་ཤེས་པ་མ་གཏོགས་པ་བརྒྱད་ནི་མ་ཆགས་པའི་རང་བཞིན་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། ཟད་པར་བཅུ་པོ་བརྒྱད་མ་ཆགས། །ཞེས་བཤད་དོ། །མ་ཆགས་པ་ཡང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱིར་ཟད་པར་བརྒྱད་ནི་ཆོས་ཀྱི་སྐྱེ་

མཆེད་ཀྱིས་བསྡུས་སོ། །འཁོར་དང་བཅས་ན་ནི་ཞེས་རྒྱ་ཆེར་འབྱུང་བ་ལ། ཚོར་བ་ལ་སོགས་པ་ཕུང་པོ་གསུམ་དང་། རྗེས་སུ་འཇུག་པའི་གཟུགས་ནི་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་ལ། རྣམ་པར་ཤེས་པའི་ཕུང་པོ་ཡིད་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཀྱང་

དེ་དང་འདྲའོ་ཞེས་བྱ་བ་ལ། དེ་དང་འདྲའོ་ཞེས་བྱ་བའི་སྒྲས་ནི་མ་ཆགས་པའི་བདག་ཉིད་དང་། འཁོར་དང་བཅས་པ་རྣམས་ནི་ཕུང་པོ་ལྔའི་རང་བཞིན་དང་། ཡིད་དང་། ཆོས་ཀྱི་སྐྱེ་མཆེད་དག་གི་ནང་དུ་འདུས་པ་ཡོངས་སུ་བཟུང་ངོ་། །ཟད་པར་གྱི་སྐྱེ་མཆེད་བཅུ་ལས། ཟད་པར་ནམ་མཁའ་དང་།

རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དག་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་བཞི་པོ་དག་གིས་ཏེ། ནམ་མཁའ་དང་། རྣམ་པར་ཤེས་པ་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དག་ནི་རྗེས་སུ་འབྲང་བའི་གཟུགས་མེད་པའི་ཕྱིར་ཕུང་པོ་བཞིའི་རང་

བཞིན་ཏེ། ཡིད་དང་། ཆོས་ཀྱི་སྐྱེ་མཆེད་དག་གིས་བསྡུས་སོ། །རྣམ་པར་གྲོལ་བའི་སྐྱེ་མཆེད་ལྔ་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྣམ་པར་གྲོལ་བའི་སྐྱེ་མཆེད་དང་པོ་གསུམ་ལ་ནི་གཞུང་འཛིན་པས་སྒྲའི་སྐྱེ་མཆེད་ཡོད་དོ། །བཞི་པ་ལ་ཡང་གལ་ཏེ་བརྗོད་ཅིང་བརྗོད་ནས་སེམས་པར་

བྱེད་ན་ནི་སྐྱེ་མཆེད་གསུམ་ཡོད་ལ། དེ་ལྟ་མ་ཡིན་ན་ཡིད་དང་། ཆོས་ཀྱི་སྐྱེ་མཆེད་དག་གིས་བསྡུས་སོ། །ལྔ་པ་ལ་ཡང་ཡིད་དང་། ཆོས་ཀྱི་སྐྱེ་མཆེད་དག་ཡོད་དེ། དེའི་ཕྱིར་འཁོར་དང་བཅས་པ་རྣམས་སྒྲ་དང་། ཡིད་དང་། ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །རྣམ་པར་གྲོལ་བའི་སྐྱེ་མཆེད་

ལྔ་གང་ཞེ་ན། མདོ་ལས། འདི་ལ་དགེ་སློང་ལ་སྟོན་པའམ། ཚངས་པ་མཚུངས་པར་སྤྱོད་པ་བླ་མ་ལྟ་བུ་གང་ཡང་རུང་བ་ཞིག་གིས་ཆོས་སྟོན་པར་བྱེད་ན། འདི་ལ་སྟོན་པ་འམ་མཁས་པ་བླ་མའི་ས་ལྟ་བུ་གང་ཡང་རུང་བ་ཞིག་ཇི་ལྟ་ཇི་ལྟར་ཆོས་སྟོན་པར་བྱེད་པ་དེ་ལྟ་དེ་ལྟར་ཆོས་དེ་དག་ལ།

Vol. 144 · folio 57b

དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པར་འགྱུར་རོ། །དོན་སོ་སོ་ཡང་དག་པར་རིག་པ་དང་ཆོས་སོ་སོ་ཡང་དག་པར་རིག་པ་དེ་ལ་རབ་ཏུ་དགའ་བ་སྐྱེད་དོ། །རབ་ཏུ་དགའ་བར་གྱུར་བ་ལ་དགའ་བ་སྐྱེའོ། །ཡིད་དགའ་བར་འགྱུར་བའི་ལུས་ཤིན་ཏུ་སྦྱངས་པར་འགྱུར་

རོ། །ལུས་ཤིན་ཏུ་སྦྱངས་པ་ནི་བདེ་བ་མྱོང་བར་འགྱུར་རོ། །བདེ་བར་གྱུར་ན་སེམས་མཉམ་པར་འཇོག་གོ། །སེམས་མཉམ་པར་གཞག་ན་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཤིང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཡང་དག་

པ་ཇི་ལྟ་བ་བཞིན་དུ་མཐོང་བ་ན་ཡིད་བྱུང་བར་འགྱུར་རོ། །ཡིད་བྱུང་བ་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་རྣམ་པར་གྲོལ་བར་འགྱུར་རོ། །འདི་ནི་རྣམ་པར་གྲོལ་བའི་སྐྱེ་མཆེད་དང་པོའོ། །དེ་བཞིན་དུ་ཁ་དོན་བྱེད། གཞན་དག་ལ་ཡང་སྟོན་པར་བྱེད། སེམས་པར་

བྱེད། ཏིང་ངེ་འཛིན་གྱི་རྒྱུ་མཚན་བཟང་པོ་ལེགས་པར་འཛིན་པར་འགྱུར་ཞེས་རྒྱ་ཆེར་གསུངས་སོ། །རྣམ་པར་གྲོལ་བ་ནི་མི་སློབ་པའི་མོས་པའོ། །དེ་ལ་གེགས་བྱེད་པ་ནི་ཉོན་མོངས་པ་དག་སྟེ། དེ་དག་ནི་ཤེས་རབ་ཀྱི་མཚོན་གྱིས་གཅོད་པར་བྱེད་པ་ལ། དེ་བཅད་པས་རྣམ་པར་གྲོལ་བ་སྐྱེ་བར་འགྱུར་

ཏེ། དེའི་ཕྱིར་ཤེས་རབ་ནི་རྣམ་པར་གྲོལ་བ་སྐྱེ་བའི་སྒོར་གྱུར་པས་ན། རྣམ་པར་གྲོལ་བའི་སྐྱེ་མཆེད་ནི་ཤེས་རབ་ཡིན་ནོ། །སྒྲ་ནི་དེ་དག་གི་སྦྱོར་བ་ཡིན་ལ། ཤེས་རབ་ནི་དངོས་གཞིའོ། །སྐྱེ་མཆེད་གཉིས་ལས་ཞེས་བྱ་བ་ནི་འདུ་ཤེས་མེད་པའི་སེམས་ཅན་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་

སྐྱེ་མཆེད་གཉིས་ལས་ཏེ། ཇི་སྐད་དུ། ཀུན་དགའ་བོ་སྐྱེ་མཆེད་ནི་གཉིས་ཏེ། འདུ་ཤེས་མེད་པའི་སེམས་ཅན་གྱི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ་ཞེས་གསུངས་པ་ལྟ་བུའོ། །སྐྱེ་མཆེད་གཉིས་པོ་དེ་དག་ལས་འདུ་ཤེས་མེད་པའི་སེམས་ཅན་ནི་སྐྱེ་མཆེད་བཅུས་

བསྡུས་ཏེ། གཟུགས་ཀྱི་ཁམས་སུ་གཏོགས་པའི་ཕྱིར་དེ་ན་དྲི་དང་རོ་མེད་པའི་ཕྱིར་དང་། འཆི་འཕོ་བ་དང་སྐྱེ་བའི་དུས་དག་ན་ཡིད་ཀྱི་སྐྱེ་མཆེད་ཡོད་པའི་ཕྱིར་རོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་ནི་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དག་གིས་བསྡུས་སོ་ཞེས་བྱ་བ་ལ། དེར་

Vol. 144 · folio 58a

ཚོར་བ་ལ་སོགས་པ་ཕུང་པོ་གསུམ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་ལ། རྣམ་པར་ཤེས་པའི་ཕུང་པོ་ནི་ཡིད་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །དེ་བཞིན་དུ་ཁམས་མང་པོ་ལས་ཁམས་དྲུག་ཅུ་རྩ་གཉིས་བསྟན་པ་དེ་དག་ཀྱང་ཅི་རིགས་པར་བསྡུ་བར་རིག་པར་བྱའོ་ཞེས་བྱ་བ་

ལ། ཇི་ལྟར་བྱས་ནས་ཤེ་ན། ཁམས་ནི་བཅོ་བརྒྱད་དེ། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། དེ་ལ་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་

དང་། རྣམ་པར་ཤེས་པའི་ཁམས་དེ་དག་གིས་བསྡུ་བ་ནི་ཕྱི་ནས་འཆད་པར་འགྱུར་རོ། །ཡང་ཁམས་དྲུག་སྟེ། འདོད་པའི་ཁམས་དང་། གནོད་སེམས་ཀྱི་ཁམས་དང་། རྣམ་པར་འཚེ་བའི་ཁམས་དང་། ངེས་པར་འབྱུང་བའི་ཁམས་དང་། གནོད་སེམས་མེད་པའི་ཁམས་དང་། རྣམ་པར་མི་འཚེ་

བའི་ཁམས་ཏེ། འདི་དག་ནི་ཆོས་ཀྱི་ཁམས་སུ་འདུའོ། །དེ་ལ་འདོད་པའི་ཁམས་ཀྱི་སྒྲས་ནི་འདོད་པའི་འདོད་ཆགས་ལ་མངོན་པར་འདོད་ཀྱི། འདོད་པའི་ཁམས་ནི་མ་ཡིན་ཏེ། གཞན་དུ་ན་དེའི་ཁོངས་སུ་འདུ་བས་གནོད་སེམས་ཀྱི་ཁམས་དང་། རྣམ་པར་འཚེ་བའི་ཁམས་ལོགས་ཤིག་ཏུ་ནི་

བརྗོད་པར་འགྱུར་རོ། །ཡང་ཁམས་དྲུག་སྟེ། སྡུག་བསྔལ་གྱི་ཁམས་དང་། བདེ་བའི་ཁམས་དང་། ཡིད་མི་བདེ་བའི་ཁམས་དང་། ཡིད་བདེ་བའི་ཁམས་དང་། བཏང་སྙོམས་ཀྱི་ཁམས་དང་། མ་རིག་པའི་ཁམས་སོ། །འདི་དག་ཀྱང་ཆོས་ཀྱི་ཁམས་སུ་འདུའོ། །ཡང་ཁམས་བཞི་སྟེ།

ཚོར་བའི་ཁམས་དང་། འདུ་ཤེས་ཀྱི་ཁམས་དང་། འདུ་བྱེད་ཀྱི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཏེ། གསུམ་ནི་ཆོས་ཀྱི་ཁམས་སུ་འདུ་ལ། རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པའི་ཁམས་དྲུག་ཏུའོ། །ཡང་ཁམས་གསུམ་སྟེ། འདོད་པའི་ཁམས་དང་། གཟུགས་ཀྱི་

ཁམས་དང་། གཟུགས་མེད་པའི་ཁམས་ཏེ། འདོད་པའི་ཁམས་ནི་ཁམས་བཅོ་བརྒྱད་དག་ཏུ་འདུའོ། །གཟུགས་ཀྱི་ཁམས་ནི་ཁམས་བཅུ་བཞིར་འདུའོ། །གཟུགས་མེད་པའི་ཁམས་ནི་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཆོས་ཀྱི་ཁམས་དག་ཏུ་འདུའོ། །ཡང་ཁམས་གསུམ་སྟེ།

Vol. 144 · folio 58b

གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། འགོག་པའི་ཁམས་སོ། །གཉིས་ཀྱིས་བསྡུ་བ་ནི་སྨྲས་ཟིན་ཏོ། །འགོག་པའི་ཁམས་ནི་ཆོས་ཀྱི་ཁམས་སུ་འདུའོ། །ཡང་ཁམས་གསུམ་སྟེ། འདས་པའི་ཁམས་དང་། མ་འོངས་པའི་ཁམས་དང་། ད་ལྟར་བྱུང་བའི་

ཁམས་ཏེ། འདི་དག་ནི་རེ་རེ་ཞིང་ཁམས་བཅོ་བརྒྱད་དག་ཏུ་འདུའོ། །ཡང་ཁམས་གསུམ་སྟེ། དམན་པའི་ཁམས་དང་། གྱ་ནོམ་པའི་ཁམས་དང་། བར་མའི་ཁམས་ཏེ། གསུམ་པོ་འདི་དག་ཀྱང་ཅི་རིགས་པར་ཁམས་བཅོ་བརྒྱད་དག་ཏུ་འདུའོ། །ཡང་ཁམས་གཞན་གསུམ་སྟེ།

དགེ་བའི་ཁམས་དང་། མི་དགེ་བའི་ཁམས་དང་། ལུང་དུ་མ་བསྟན་པའི་ཁམས་སོ། །དང་པོ་གཉིས་ནི་གཟུགས་ཀྱི་ཁམས་དང་། སྒྲའི་ཁམས་དང་། ཡིད་ཀྱི་ཁམས་དང་། རྣམ་པར་ཤེས་པའི་ཁམས་དྲུག་དང་། ཆོས་ཀྱི་ཁམས་སུ་འདུའོ། །གསུམ་པ་ནི་བཅོ་བརྒྱད་ཆར་དུ་འདུའོ། །

ཡང་ཁམས་གསུམ་སྟེ། སློབ་པའི་ཁམས་དང་། མི་སློབ་པའི་ཁམས་དང་། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ཁམས་སོ། །དེ་ལ་སློབ་པ་དང་མི་སློབ་པའི་ཁམས་གཉིས་ནི་ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་འདུའོ། །གསུམ་པ་ནི་བཅོ་བརྒྱད་

དུ་ཡང་འདུའོ། །ཡང་ཁམས་གཉིས་ཏེ། ཟག་པ་དང་བཅས་པའི་ཁམས་དང་། ཟག་པ་མེད་པའི་ཁམས་ཏེ། དང་པོ་ནི་བཅོ་བརྒྱད་དུ་འདུའོ། །གཉིས་པ་ནི། ཡིད་དང་། ཆོས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དག་ཏུའོ། །ཡང་ཁམས་གཉིས་ཏེ། འདུས་བྱས་ཀྱི་ཁམས་

དང་། འདུས་མ་བྱས་ཀྱི་ཁམས་སོ། །དང་པོ་ནི་བཅོ་བརྒྱད་དག་ཏུ་འདུ་ལ། གཉིས་པ་ནི་ཆོས་ཀྱི་ཁམས་སུ་འདུའོ། །དེའི་ཕྱིར་ཁམས་བཅོ་བརྒྱད་པོ་དེ་དག་ནི་དྲུག་ཚན་གསུམ་དང་། བཞི་ཚན་གཅིག་དང་། གསུམ་ཚན་དྲུག་དང་། གཉིས་ཚན་གཉིས་དང་། དྲུག་ཅུ་རྩ་གཉིས་སུ་འགྱུར་

རོ། དེ་ལྟར་ན་ཁམས་བཞི་བཅུ་རྩ་བཞི་པོ་དེ་དག་ནི་ཁམས་བཅོ་བརྒྱད་པོ་དེ་དག་ཏུ་འགྱུར་རོ། །དེར་གང་དག་ཅེས་བྱ་བ་ལ། དེར་ཞེས་བྱ་བ་ནི་ཁམས་མང་པོ་པའི་མདོར་རོ། །གཉིས་ཀྱི་མཚན་ཉིད་མ་བཤད་ན་ཞེས་བྱ་བ་ནི་ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་གཉིས་ཀྱིའོ། །སའི་

Vol. 144 · folio 59a

ཁམས་ལ་སོགས་པ་རྣམས་ཀྱི་ནི། སྲ་གཤེར་དྲོ་ཉིད་གཡོ་བ་རྣམས། །ཞེས་བཤད་ཟིན་ཏོ། །གལ་ཏེ། རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ཀྱང་བཤད་པ་མ་ཡིན་ནམ་ཞེ་ན། བཤད་མོད་ཀྱི། རྣམ་པར་ཕྱེ་ནས་ནི་མ་

བཤད་དེ། རྣམ་པར་ཤེས་པ་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ཇི་ལྟར་ས་ལ་སོགས་པའི་ཁམས་ལྟར། རྣམ་པར་ཤེས་པ་ཐམས་ཅད་ཀྱང་རྣམ་པར་ཤེས་པའི་ཁམས་ཡིན་པར་རིག་པར་བྱའམ་ཞེས་བྱ་བ་སྨོས་སོ། །ནམ་མཁའི་མཚན་

ཉིད་ཀྱང་སྒྲིབ་པ་མེད་པ་སྨྲས་མོད་ཀྱི། ནམ་མཁའི་ཁམས་ཀྱི་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། ཅི་ནམ་མཁའ་ཉིད་ནམ་མཁའི་ཁམས་ཡིན་ལ་ཞེས་བྱ་བ་སྨོས་སོ། །སྨྲས་པ་མ་ཡིན་ནོ་ཞེས་བྱ་བ་ལ། ཁ་དང་སྣ་ལ་སོགས་པ་ཞེས་བྱ་བའི། སོགས་པའི་སྒྲས་ནི་སྣ་ལ་སོགས་པ་དག་གིའོ། །

བུ་ག་ཞེས་བྱ་བ་ཅི་ཞིག་ཡིན་པར་རིག་པར་བྱ་ཞེས་བྱ་བ་ལ། ནམ་མཁའི་ཁམས་བཞིན་དུ་བུ་གའི་དོན་ཡང་མ་རྟོགས་པའི་ཕྱིར་རམ། བུ་ག་ནི་ནམ་མཁའ་ཉིད་ཡིན་ནོ་སྙམ་དུ་ལོག་པར་རྟོགས་པའི་ཕྱིར་འདྲི་བའོ། །སྣང་དང་མུན་པ་དག་ཡིན་ལོ། །ཞེས་བྱ་བ་ནི་གལ་ཏེ་བུ་ག་ནམ་མཁའི་ཁམས་

ཡིན་ལ། ནམ་མཁའི་ཁམས་ཀྱང་བུ་ག་ཡིན་ན་ནི་དེར་ཡང་དེ་ལྟར་འགྱུར་བས་ཐུག་པ་མེད་པར་འགྱུར་བ་ཞིག་གོ། །ལོའི་སྒྲ་ནི་རྡུལ་ཕྲ་རབ་རྣམས་ལ་ཕན་ཚུན་རེག་པ་མེད་པའི་ཕྱིར་བསགས་པ་ལ་གདོན་མི་ཟ་བར་བུ་ག་ཡོད་པར་འགྱུར་བས་མ་རངས་པའི་དོན་ཏོ། །གཞན་དག་ན་རེ་བྱེ་བྲག་ཏུ་སྨྲ་

བའི་ཚིག་ཡིན་ནོ་ཞེས་ཟེར་རོ། །མཚན་མོ་དང་ཉིན་མོའི་རང་བཞིན་དུ་ཞེས་བྱ་བ་ལ། མུན་པ་ནི་མཚན་མོའི་རང་བཞིན་ནོ། །སྣང་བ་ནི་ཉིན་མོའི་རང་བཞིན་ནོ། །མཚན་མོ་མར་མེའི་སྣང་བ་སྲིད་པའི་ཕྱིར་འཆོལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཉི་མའི་ལ་བརྗོད་པར་འདོད་པའི་ཕྱིར་རོ། །ཡང་ན་

ཕལ་ཆེ་བས་བསྟན་ཏེ། མོན་སྲན་སྟེའུ་ལ་སོགས་པ་ཡོད་ཀྱང་གྲེའུའི་ཕུང་པོར་བསྙད་པ་བཞིན་ནོ། །དེ་ཉིད་ཐོགས་པའི་ཉེ་འཁོར་གྱི་གཟུགས་ཞེས་བྱ་སྟེ་ཞེས་བྱ་བ་ལ། དེ་ཉིད་ནི་ནམ་མཁའི་ཁམས་སོ། །བསགས་པར་གནས་པའི་གཟུགས་ཏེ་ཞེས་བྱ་བ་འབྱུང་སྟེ། ཅིའི་ཕྱིར་ཞེ་ན། ཤིན་

Vol. 144 · folio 59b

ཏུ་གནོད་པར་བྱར་རུང་བའི་ཕྱིར་རོ། །ཚོགས་པ་ནི་བསགས་པའོ། །བསགས་པར་གནས་པ་ནི་བསགས་པ་ལ་གནས་ཤིང་འདུས་པ་ལ་གནས་པ་ཞེས་བྱ་བའི་དོན་ཏེ། གནོད་པར་བྱེད་པ་དང་། གནོད་པར་བྱར་རུང་བའོ། །དེ་ནི་དེའི་ཉེ་འཁོར་རོ། །ཞེས་བྱ་བ་ལ། དེའི་ནི་བསགས་པར་

གནས་པའི་གཟུགས་ཀྱི་སྟེ། ཉེ་འཁོར་དུ་ཡོད་པའི་ཕྱིར་རོ། །གཞན་དག་ན་རེ་དེ་ལ་གཞན་མིན་ཐོགས་པའི་ཕྱིར་ཏེ། དེ་ནི་ཐོགས་མེད་ཀྱང་ཡིན་ལ་ཞེས་བྱ་བ་ལ། ཐོགས་མེད་ཅེས་བྱ་བ་ནི་ཐོགས་པ་ཡོད་པ་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན། དེ་ལ་གཞན་པ་མི་ཐོགས་པའི་ཕྱིར་རོ། །གཞན་

གྱི་ཉེ་འཁོར་ཡང་ཡིན་ཏེ། རྩིག་པ་དང་རི་ལ་སོགས་པའིའོ། མདོ་སྡེ་པ་རྣམས་ན་རེ་ནམ་མཁའི་ཁམས་ནི་ནམ་མཁའ་ལས་ཐ་དད་པ་མེད་ལ། ནམ་མཁའ་ཡང་རྫས་མ་ཡིན་པའི་ཕྱིར་ནམ་མཁའི་ཁམས་རྫས་སུ་མེད་དོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ནམ་མཁའི་ཁམས་ནི་ནམ་མཁའ་ལས་

ཐ་དད་དོ་ཞེའོ། །གང་ལས་ཤེ་ན། ནང་དང་ཕྱིའི་ནམ་མཁའ་གསུངས་པའི་ཕྱིར་ཏེ། མདོ་ལས། ནང་གི་ནམ་མཁའི་ཁམས་གང་ཞེ་ན། ལུས་འདིའི་ནང་གི་ནམ་མཁའ་གང་ཞིག་ནང་ལ་བརྟེན་པ་ནམ་མཁར་གྱུར་པ། མི་གསལ་བ། ཁྲག་དང་ལྤགས་པས་མ་ཁྱབ་པ་སྟེ། དཔེར་ན་མིག་གི་བུ་ག་

ལྟ་བུ་ཞེས་བྱ་བ་ལ་སོགས་པ་དང་། ཕྱི་རོལ་གྱི་ནམ་མཁའ་གང་ཞེ་ན། ཕྱིའི་ནམ་མཁའ་གང་ཞིག་ཕྱིའི་ནམ་མཁར་གྱུར་པ། མི་གསལ་བ། གཟུགས་སུ་གྱུར་པས་མ་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདུས་མ་བྱས་ནི་ནང་ངམ་ཕྱིའི་ཞེས་བྱ་བར་རིགས་པ་ཡང་མ་ཡིན་ནོ། །

གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ལ་ནམ་མཁའི་ཁམས་སྤངས་པར་བསྟན་པའི་ཡང་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་གང་གི་ཕྱིར་དེའི་སེམས་ཁམས་ལྔ་ལས་འདོད་ཆགས་དང་བྲལ་བ་རྣམ་པར་གྲོལ་བར་འགྱུར་ལ། དེ་ནས་དེའི་རྣམ་པར་ཤེས་པ་ཉིད་ལྷག་མར་ལུས་པར་འགྱུར་རོ་ཞེས་

གསུངས་པའི་ཕྱིར་རོ། །ནམ་མཁའ་ནི་སྤངས་པར་བསྙད་པར་རིགས་པ་ཡང་མ་ཡིན་ཏེ། ཟག་པ་མེད་པའི་ཕྱིར་རོ། །ས་ལ་སོགས་པ་ལྟར་སྐྱེས་བུར་གདགས་པའི་ཉེ་བར་ལེན་པ་ཡིན་པའི་ཡང་ཕྱིར་ཏེ། སྐྱེས་བུ་འདི་ནི་ཁམས་དྲུག་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ཟག་དང་བཅས་པའི་

Vol. 144 · folio 60a

རྣམ་ཤེས་ནི། །རྣམ་ཤེས་ཁམས་ཡིན་གྱི་ཟག་པ་མེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཁམས་དྲུག་པོ་འདི་དག་ནི་ཞེས་རྒྱས་པར་རྒྱུ་སྨྲས་ཏེ། ཁམས་དྲུག་ལ་བརྟེན་ནས་མངལ་དུ་འཇུག་པར་འགྱུར་རོ། །ས་ལ་སོགས་པ་ལྟར་སྐྱེ་བའི་རྟེན་ཉིད་དུ་འདོད་པའི་ཕྱིར་

རྣམ་པར་ཤེས་པའི་ཁམས་ཀྱང་ཟག་པ་དང་བཅས་པ་ཉིད་དོ། །དེ་དག་ནི་ཉིང་མཚམས་སྦྱོར་བའི་སེམས་ནས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཟག་པ་མེད་པའི་ཆོས་རྣམས་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་སྐྱེ་བ་རྒྱུན་གཅོད་པ་དང་། གནོད་པ་བྱེད་པ་དང་། ཀུན་ནས་ཉོན་མོངས་པ་སྤོང་བ་ལ་འཇུག་པའི་ཕྱིར་

རོ། །གཞན་དག་ན་རེ་སྐྱེད་པར་བྱེད་པ་དང་། གསོས་འདེབས་པ་དང་། སྤེལ་བར་བྱེད་པའི་ཕྱིར་གཞིར་གྱུར་པ་ཞེས་ཟེར་ཏོ། །འདི་ལ་སྐྱེད་པར་བྱེད་པ་ནི་རྣམ་པར་ཤེས་པའི་ཁམས་ཏེ། ཉིང་མཚམས་སྦྱོར་བའི་ས་བོན་ཡིན་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། འབྱུང་བའི་ཁམས་བཞི་ནི་རེག་བྱའི་ཁམས་ཀྱི་ནང་དུ་འདུས་སོ། །ལྔ་

པ་ནི་གཟུགས་ཀྱི་ཁམས་ཀྱི་ནང་དུ་འདུས་སོ། །དྲུག་པ་ནི་རྣམ་པར་ཤེས་པའི་ཁམས་བདུན་པོ་དག་ཏུ་འདུས་སོ། །ཁམས་བཅོ་བརྒྱད་ཀྱི་རང་གི་མཚན་ཉིད་དང་། ཆོས་ཐམས་ཅད་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་དག་གིས་བསྡུས་པ་བཤད་ཟིན་ཏོ། །ད་ནི་ཆོས་རབ་ཏུ་རྣམ་པར་དབྱེ་བར་བྱ་བའི་ཕྱིར་བསྟན་བཅོས་བརྩམས་པ་དེ་དག་

གི་རྣམ་པར་བསམ་པར་བྱའོ། །དེ་ལ་ཁམས་རྣམས་སུ་གཟུགས་དང་སེམས་རྣམ་པར་ཕྱེ་སྟེ་བསྟན་པས་ཟག་པ་དང་བཅས་པའི་རྣམ་པ་ལ་སོགས་པ་རྣམས་བསྟན་པ་བདེ་བླག་ཏུ་ཁོང་དུ་ཆུད་པས་ཁམས་རྣམས་ཁོ་ན་ལས་བརྩམས་ཏེ་བསམ་པར་བྱའི། ཕུང་པོ་དང་སྐྱེ་མཆེད་དག་ལས་བརྩམས་ཏེ་ནི་མ་

ཡིན་ནོ། །དེ་ཉིད་ཀྱི་ཕྱིར། གང་དག་ཁམས་བཅོ་བརྒྱད་བསྟན་པ་ཞེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །བསྟན་ཡོད་འདིར་ནི་ཞེས་བྱ་བ་ལ། ཁམས་ཞེས་སྐབས་དང་སྦྱར་རོ། །དེ་ཡང་གང་ཞིག་ཡིན་པ་མི་ཤེས་པས་དེའི་ཕྱིར། གཟུགས་ཞེས་བྱ་བ་སྨོས་སོ། །བསྟན་པ་དང་ལྷན་ཅིག་པ་ནི་བསྟན་ཡོད་དོ། །

བསྟན་པ་ཞེས་བྱ་བ་འདི་ཡང་གང་ཞིག་ཅེ་ན། འདི་ནི་འདི་ནའོ། །ཆེ་གེ་མོ་ཞིག་ནའོ་ཞེས་བསྟན་པའི་ཕྱིར་སྟོབས་ཀྱིས་བྱུང་བའི་མིག་གི་རྣམ་པར་ཤེས་པ་ལ་སྟེ། དེའི་ཡུལ་ཅན་ཡིན་པའི་ཕྱིར་གཟུགས་ལ་དེ་དང་ལྷན་ཅིག་གིས་ཞེས་བསྙད་དོ། །གཞན་དག་ན་རེ་འདི་ནི་འདི་ནའོ། །ཆེ་གེ་མོ་ཞིག་ནའོ་ཞེས་

Vol. 144 · folio 60b

བསྙད་པ་འདི་ཉིད་བསྟན་པ་ཡིན་ལ། གང་ཞིག་ལ་དེ་ཡོད་པས་ན་བསྟན་དུ་ཡོད་པ་སྟེ། དམིགས་པ་དང་བཅས་པ་བཞིན་ནོ་ཞེས་ཟེར་རོ། །བསྟན་དུ་ཡོད་པའི་མཚན་ཉིད་ཇི་སྐད་དུ་བཤད་པ་བཟློག་པའི་སྒོ་ནས་ལྷག་མ་རྣམས་ནི་བསྟན་དུ་མེད་པའོ་ཞེས་བཤད་པར་འགྱུར་རོ། །ཐོགས་དང་བཅས་པ་གཟུགས་ཅན་

བཅུ། །ཞེས་བྱ་བ་ལ། གཟུགས་ཅན་སྨོས་པ་ནི་གཟུགས་ཅན་མ་ཡིན་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །ཆོས་ཀྱི་སྐྱེ་མཆེད་ལ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པས་གཟུགས་ཅན་དུ་ཐ་སྙད་གདགས་སུ་ཡོད་པས་བཅུ་ཞེས་བྱ་བ་སྨོས་སོ། །དེ་ཉིད་ཀྱི་ཕྱིར་བཤད་པ་ལས་ཀྱང་། བཅུ་

གང་དག་ཅེས་བྱ་བ་རྒྱས་པར་སྨོས་སོ། །དེ་དག་ལ་གཟུགས་སུ་རུང་བ་ཡོད་པས་ན་གཟུགས་ཅན་ནོ། །ཐོགས་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། ཐོགས་པ་ཞེས་བྱ་བ་ནི་བརྡུགས་པའོ་ཞེས་བྱ་བ་སྨོས་སོ། །དེ་དག་ལ་ཡོད་པས་ན་ཐོགས་པ་དང་བཅས་པ་སྟེ། ནོར་དང་བཅས་པ་བཞིན་ནོ། །དེ་ལ་

རྣམ་པ་གསུམ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཐོགས་པའི་སྒྲ་ཐམས་ཅད་དུ་འཇུག་པའི་ཕྱིར་རོ། །དེ་ལ་སྒྲིབ་པ་ལ་ཐོགས་པ་ནི་རང་གི་ཡུལ་དུ་གཞན་སྐྱེ་བའི་གེགས་བྱེད་པ་སྟེ་ཞེས་བྱ་བ་ལ། ཇི་ལྟར་ཞེ་ན། དཔེར་ན་ལག་པ་འམ་རྡོ་བ་ལ་ལག་པ་བརྡུགས་ཤིང་ཐོགས་པ་ཞེས་བྱ་བ་སྨོས་ཏེ། ལག་པའི་

ཡུལ་དུ་ལག་པ་གཞན་མི་སྐྱེའོ་ཞེས་བྱ་བའི་དོན་ཏོ། །རྡོ་བ་ལ་ཡང་ལག་པ་བརྡུགས་ཏེ། དེའི་ཡུལ་དུ་མི་སྐྱེ་བའི་ཕྱིར་དེ་ལ་ཐོགས་སོ། །རྡོ་བ་ཡང་དེ་གཉིས་ལ་ཞེས་བྱ་བ་ནི་ལག་པ་དང་རྡོ་བ་གཉིས་ལ་སྟེ། དེའི་ཡུལ་དུ་མི་སྐྱེ་བའི་ཕྱིར་ཐོགས་པ་ཞེས་བྱ་བའོ། །ཡུལ་ལ་ཐོགས་པ་ནི་མིག་ལ་སོགས་པ་ཡུལ་ཅན་

རྣམས་རང་གི་ཡུལ་དག་ལ་སྟེ། ཡུལ་ལ་སོགས་པ་ནི་ཕྲད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བཏགས་པ་ལས་ཇི་སྐད་དུ་ཞེས་བྱ་བ་དྲངས་སོ། །བཏགས་པའི་བསྟན་བཅོས་ལས་ཆུ་ལ་ཐོགས་ལ་ཞེས་བྱ་བ་ནི་རང་གི་ཡུལ་ཆུ་ལ་ཐོགས་པ་སྟེ། ཡུལ་ཆུ་དང་ཕྲད་ཅེས་བྱ་བའི་དོན་ཏེ། སྐམ་ལ་ནི་མ་ཡིན་

ནོ། །ཉ་པ་ལ་སོགས་པ་ཁ་ཅིག་གི་ཆུ་ལ་ཐོགས་པས་དེའི་ཕྱིར། མི་ཕལ་ཆེའི་ལྟ་བུའོ་ཞེས་བྱ་བ་སྨོས་སོ། །གཉིས་ཀར་ཐོགས་པ་ཡང་ཡོད་དེ། ཆུ་སྲིན་བྱིས་པ་གསོད་ལ་སོགས་པ་རྣམས་ཀྱི་ལྟ་བུའོ། །གཉིས་ཀར་མ་ཡིན་པའི་ཡང་ཡོད་དེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། མངལ་དུ་ངེས་པར་

Vol. 144 · folio 61a

འཆི་བ་དང་། དམིགས་པ་གཞན་ལ་སེམས་གཡེངས་པ་དང་། འགོག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་དང་། འདུ་ཤེས་མེད་པ་མངོན་དུ་གྱུར་པ་དང་། འཇིག་རྟེན་གྱི་བར་དག་ཏུ་སྐྱེས་པ་རྣམས་ཀྱི་མིག་ནི་གཉིས་ཀར་ཡང་མི་

ཐོགས་སོ། །མིག་གང་མཚན་མོ་ཐོགས་ལ་ཞེས་བྱ་བ་ནི་མཚན་མོ་འཇུག་ཅེས་བྱ་བའི་དོན་ཏོ། །ཕ་ཝང་ཞེས་བྱ་བ་ནི་ལྤགས་པའི་བྱེའུའོ། །མི་ཕལ་ཆེའི་ལྟ་བུའོ་ཞེས་བྱ་བ་ལ། ཕལ་ཆེ་བ་སྨོས་པ་ནི་ཁ་ཅིག་གི་མཚན་མོར་ཡང་འཇུག་སྟེ། ལས་དང་སྨན་ལ་ལྟོས་པའི་ཕྱིར་རོ། །བྱི་ལ་ལ་སོགས་པ་རྣམས་

ཀྱི་ལྟ་བུའོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་སྟག་ལ་སོགས་པ་རྣམས་ཀྱི་བསྡུའོ། །གཉིས་ཀར་མ་ཡིན་ཞེས་བྱ་བ་ནི་མཚན་མོ་མ་ཡིན་ཞིང་ཉིན་བར་མ་ཡིན་པའོ། །རྣམ་པ་དེ་དག་མ་གཏོགས་པ། །ཞེས་བྱ་བ་ལ། མངལ་དུ་ངེས་པར་འཆི་བ་རྣམས་ཀྱི་ནས། །འཇིག་རྟེན་གྱི་བར་དག་ཏུ་སྐྱེས་པ་རྣམས་

ཀྱི་ལྟ་བུའི་བར་བརྗོད་པར་བྱའོ། །དཔེར་བརྗོད་པ་འདི་གཉིས་ཀྱི་ཁྱད་པར་ནི་ཡུལ་དང་དུས་ཀྱིས་བྱས་པའོ། །དམིགས་པ་ལ་ཐོགས་པ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་རང་གི་དམིགས་པ་འཛིན་པ་སྟེ། དེའི་ཕྱིར་འདི་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཁོ་ནའི་རང་གི་དམིགས་པ་

དག་ལ་རྣམ་པར་གཞག་གོ། །གང་ལ་གང་ཞིག་བྱེད་པ་ཞེས་བྱ་བ་ནི་དཔེར་ན་གཟུགས་ལ་སོགས་པ་དག་ལ་མིག་ལ་སོགས་པ་རྣམས་བྱེད་པ་ལྟ་བ་ལ་སོགས་པའོ། །ཡང་བྱེད་པ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། ནུས་པ་སྟེ། འདི་ལྟར་གང་ཞིག་གང་ལ་ནུས་པར་འགྱུར་བ་འདི་ནི་དེར་ངའི་ཡུལ་ཡིན་ནོ་

ཞེས་སྨྲ་བ་པོར་འགྱུར་རོ། །གང་ཞིག་དེའི་སྣང་བ་སྐྱེས་པ་ལས་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་འཛིན་ཅིང་དམིགས་པ་དེ་ནི་དམིགས་པའོ། །ཐོགས་པ་ནི་འཇུག་པ་བརྡུགས་པ་ཡིན་ལ། འཇུག་པ་མ་བརྡུགས་པ་ནི་མ་བརྡུགས་པ་ཡིན་ནོ་ཞེས་འཇིག་རྟེན་ན་གྲགས་པ་དེའི་ཕྱིར།

ཡང་ཇི་ལྟར་ན་རང་གི་ཡུལ་ལམ་ཞེས་དྲི་བ་རྒྱ་ཆེར་འབྱུང་ངོ་། །དེ་ལས་གཞན་དུ་མི་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ལ། རྣམ་པར་ཤེས་པའམ་དབང་པོ་ཡང་རུང་སྟེ། གཟུགས་ལ་སོགས་པའི་ཆ་ཤས་གང་ཞིག་ཏུ་ཞུགས་པ་དེ་ལས་གཞན་དུ་གཞན་ནི་འཛིན་པའི་ཕྱིར་རོ། །གང་ཞིག་གང་གིས་བསྒྲིབས་པ་དེ་

Vol. 144 · folio 61b

ནི་དེ་ལས་གཞན་དུ་མི་འཇུག་པ་ཡིན་པ་དེ་བཞིན་དུ་འདིར་ཡང་རུང་བའི་ཡུལ་ལས་གཞན་དུ་མི་འཇུག་པ་ཐོགས་པ་ཡིན་ནོ། །ཡང་ན་འདི་ལ་གཏོད་པ་ནི་ཐོགས་པ་ཡིན་ཏེ་ཞེས་བྱ་བ་ནི་རང་གི་ཡུལ་ལ་འཇུག་པའོ། །ཡུལ་ལ་འཇུག་པ་པ་འདི་གང་ཞིག་ཅེ་ན། དེའི་ཡུལ་གྱི་ནི་ཡུལ་དུ་སྐྱེ་བ་ཡིན་ན་

ཡུལ་ཅན་ནི་འཛིན་པའི་ངོ་བོར་དེར་འབྲེལ་བ་སྟེ། དེ་ཉིད་ཀྱི་ཕྱིར་རེག་པ་གསུམ་འདུས་པའོ་ཞེས་བརྗོད་དོ། །ཁམས་བཅུ་ཐོགས་པ་དང་བཅས་པ་དང་། ཐོགས་པ་ཡང་རྣམ་པ་གསུམ་མོ་ཞེས་བཤད་པ་དེ་ལ། ཐོགས་པ་གང་གིས་ཐོགས་པ་དང་བཅས་པ་མི་ཤེས་པ་དེའི་ཕྱིར་དེ་ལྟ་བས་ན་འདིར་བཅུ་

པོ་འདི་དག་ནི་སྒྲིབ་པ་ལ་ཐོགས་པས་ཞེས་རྒྱས་པར་འབྱུང་ངོ་། །ཕན་ཚུན་སྒྲིབ་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་རྡུལ་ཕྲ་རབ་བསགས་པ་ཡིན་པའི་ཕྱིར་ཕན་ཚུན་སྒྲིབ་པར་བྱེད་དོ་ཞེས་སྒྲིབ་པ་ལ་ཐོགས་པས་ཐོགས་པ་དང་བཅས་པ་ཉིད་ཀྱི་རྒྱུ་ཡིན་ནོ། །དེ་ལྟ་ཡིན་དང་སྒྲིབ་པ་ལ་ཐོགས་པ་ནི་གཟུགས་ལ་

སོགས་པ་རྣམས་དང་། མིག་ལ་སོགས་པ་རྣམས་སོ། །ཡུལ་ལ་ཐོགས་པ་ནི་མིག་ལ་སོགས་པ་རྣམས་དང་། སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དམིགས་པ་ལ་ཐོགས་པ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དེའི་ཕྱིར་མུ་བཞི་དང་། ཚིག་ཕྱི་མ་དང་ཡང་སྦྱོར་བར་ཡང་འགྱུར་རོ། །

མུ་དང་པོ་ནི་སེམས་ཀྱི་ཁམས་བསྟན་པ་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་ཞེས་བྱ་བ་ལ། གང་ཞིག་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་དམིགས་པ་ཡིན་པ་དེ་ནི་དེ་རྣམས་ཀྱི་ཡུལ་ཡང་ཡིན་པས་ཡུལ་ལ་སོགས་པ་ཡིན་གྱི། སྒྲིབ་པ་ལ་ཐོགས་པས་ནི་མ་ཡིན་ཏེ། རྡུལ་ཕྲ་རབ་བསགས་པ་མ་

ཡིན་པའི་ཕྱིར་རོ། །ཡུལ་དག་ནི་རྡུལ་ཕྲ་རབ་བསགས་པ་ཡིན་པའི་ཕྱིར་སྒྲིབ་པ་ལ་ཐོགས་པ་ཁོ་ན་ཡིན་གྱི། ཡུལ་ལ་ཐོགས་པ་ནི་མ་ཡིན་ཏེ། ཡུལ་ཅན་མ་ཡིན་པའི་ཕྱིར་རོ། །འདི་ལྟར་ཡུལ་དག་ལ་ནི་ཡུལ་ཡོད་པ་མ་ཡིན་ནོ། །དབང་པོ་དག་ནི་རྡུལ་ཕྲ་རབ་བསགས་པ་ཡིན་པའི་ཕྱིར་དང་། ཡུལ་

ཅན་ཡིན་པའི་ཕྱིར་གཉིས་ཀ་ལ་ཐོགས་པ་ཡིན་ནོ། །མཚུངས་པར་ལྡན་པ་མ་གཏོགས་པ་ཞེས་བྱ་བ་ལ། ལྡན་པ་མ་ཡིན་པ་རྣམས་དང་། འདུས་མ་བྱས་རྣམས་དང་། རྣམ་པར་རིག་བྱེད་མ་ཡིན་པ་སྟེ། དེ་དག་ནི་ཡུལ་ན་མི་གནས་པའི་ཕྱིར་སྒྲིབ་པ་ལ་ཐོགས་པ་མ་ཡིན་ལ། དེ་དག་ལ་

Vol. 144 · folio 62a

དམིགས་པ་མེད་པའི་ཕྱིར་ཡུལ་ཡོད་པ་མ་ཡིན་ནོ། །གང་དག་ཡུལ་ལ་ཐོགས་པས་ཐོགས་པ་དང་བཅས་པ་དེ་དག་དམིགས་པ་ལ་ཐོགས་པས་ཀྱང་ཡིན་ནམ་ཞེ་ན། ཚིག་ཕྱི་མ་དང་སྦྱོར་བ་སྟེ་ཞེས་བྱ་བ་ལ། སྟོན་པར་བྱེད་པས་ན་ཚིག་སྟེ་གོ་བར་བྱེད་ཅེས་བྱ་བའི་དོན་ཏོ། །

ཚིག་གཉིས་ལས་ཚིག་ཕྱི་མ་ཤོས་གང་ཡིན་པ་དེས་སྟོན་པར་བྱེད་པ་དེ་ནི་ཚིག་ཕྱི་མ་དང་སྦྱོར་བ་ཡིན་ལ། གང་ཞིག་སྔ་མས་ཡིན་པ་དེ་ནི་ཚིག་སྔ་མ་དང་སྦྱོར་བའོ། །རེ་ཞིག་དམིགས་པ་ལ་ཐོགས་པས་ཞེས་བྱ་བ་ལ། གང་གི་ཕྱིར་ཡུལ་མེད་པར་ནི་སེམས་དང་སེམས་ལས་བྱུང་བ་རྣམས་མི་འབྱུང་བའི་

ཕྱིར་རོ། །དབང་པོ་ལྔ་རྣམས་ནི་ཡུལ་ལ་ཐོགས་པ་ཁོ་ན་ཡིན་ནོ། །ལྡན་པ་མ་ཡིན་པ་དང་གཟུགས་ཅན་རྣམས་ལ་ནི་དམིགས་པ་མེད་པའི་ཕྱིར་རོ། །གང་ལ་ཡིད་སྐྱེ་བར་འདོད་པ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ཞེས་བྱ་བ་ནི་དོན་གཞན་མ་ཡིན་ནོ། །གང་ལ་རྣམ་

པར་ཤེས་པ་སྐྱེ་བར་འདོད་པ་ནི་རྟེན་དང་དམིགས་པ་གང་ལའོ། །སྐྱེ་བར་འདོད་པ་ནི་འབྱུང་བར་འདོད་པ་སྟེ། རྣམ་པར་ཤེས་པ་སྐྱེ་བར་འདོད་པ་དེ་ལ་གཞན་དག་གིས་ཐོགས་པ་སྟེ། གང་གིས་ན་དེ་དག་གི་རྣམ་པར་ཤེས་པ་མི་སྐྱེ་བར་འགྱུར་བ་ན། བར་དུ་སྒྲིབ་པར་བྱར་ནུས་པ་སྟེ། དཔེར་ན་མིག་དང་

གཟུགས་དག་གི་བར་ན་སྒྲིབ་པ་ཡོད་ན་དེ་དག་གི་རྣམ་པར་ཤེས་པ་མི་སྐྱེ་བ་བཞིན་ནོ། །དེའི་ཕྱིར་མིག་ལ་སོགས་པ་དེ་ནི་ཐོགས་པ་དང་བཅས་པར་ཤེས་པར་བྱའོ། །དེའི་ཕྱིར་དེ་ལྟར་ན་དེ་དག་གི་རྣམ་པར་ཤེས་པ་སྐྱེ་བ་ན་བར་དུ་བསྒྲིབས་པ་ནི་ཐོགས་པ་ཡིན་ལ། དེ་ཐོགས་པས་ཐོགས་པ་དང་བཅས་པའོ། །

བཟློག་པ་ནི་ཐོགས་པ་མེད་པར་འདོད་དོ་ཞེས་བྱ་བ་ལ། ཇི་ལྟར་ཡིད་ཀྱི་ཁམས་དང་ཆོས་ཀྱི་ཁམས་ལ་ཡོད་ཀྱི། རྣམ་པར་ཤེས་པ་བསྐྱེད་པར་བྱ་བ་ལ་གཞན་དག་གིས་སྒྲིབ་པར་མི་ནུས་པ་ལྟ་བུ་སྟེ། དེའི་ཕྱིར་སེམས་ཀྱི་ཁམས་བདུན་དང་། ཆོས་ཀྱི་ཁམས་ནི་ཐོགས་པ་མེད་པའོ་ཞེས་བྱ་བར་གྲུབ་བོ། །

ལུང་མ་བསྟན་པ་བརྒྱད་ཅེས་བྱ་བ་ལ། ཇི་ལྟར་ངེས་པར་གཟུང་བར་བྱ། །ཅི་བརྒྱད་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནམ། འོན་ཏེ་བརྒྱད་ཁོ་ན་ལུང་དུ་མ་བསྟན་པ་ཡིན་ཞེ་ན། བརྒྱད་ནི་ལུང་དུ་མ་བསྟན་པ་ཁོ་ནའོ་ཞེས་ངེས་པར་གཟུང་གི །བརྒྱད་ཁོ་ན་ལུང་དུ་མ་བསྟན་ནོ་ཞེས་བྱ་བར་ནི་མ་ཡིན་ཏེ། གཞན་རྣམ་གསུམ་

Vol. 144 · folio 62b

ཞེས་འབྱུང་བའི་ཕྱིར་རོ། །དེ་དག་ཀྱང་ཐོགས་པ་དང་བཅས་པ་བཤད་པ་གང་དག་ཡིན་པ་དེ་དག་ཉིད་གཟུགས་ཀྱི་ཁམས་དང་། སྒྲའི་ཁམས་མ་གཏོགས་པ་གཞན་དག་སྟེ། ལུང་དུ་མ་བསྟན་པ་ཡིན་ནོ། །དགེ་བ་དང་མི་དགེ་བའི་ངོ་བོར་ལུང་བསྟན་དུ་མེད་པའི་ཕྱིར་རོ། །ལུང་དུ་མ་བསྟན་པ་དག་གོ་

ཞེས་བྱ་བ་ལ། གལ་ཏེ་དེ་ལྟར་ཡིན་ན་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ངོ་བོར་ལུང་དུ་མ་བསྟན་པའི་ཕྱིར་དགེ་བ་ཡང་ལུང་དུ་མ་བསྟན་པར་འགྱུར་ལ། མི་དགེ་བ་ལ་ཡང་ལུང་དུ་མ་བསྟན་པར་འགྱུར་ཏེ། དགེ་བ་དང་ལུང་དུ་མ་བསྟན་པའི་ངོ་བོར་ལུང་དུ་མ་བསྟན་པའི་ཕྱིར་རོ་ཞེ་ན་དེ་ནི་དེ་ལྟར་མ་ཡིན་ཏེ། རང་ལས་ལུང་དུ་

མ་བསྟན་པ་ཡིན་དང་ལུང་དུ་མ་བསྟན་པའི་ཉེས་པ་མེད་དོ། །གཞན་དག་ན་རེ་རྣམ་པར་སྨིན་པའི་ཕྱིར་ལུང་བསྟན་དུ་མེད་པའི་ཕྱིར་རོ་ཞེས་ཟེར་ཏེ་ཞེས་བྱ་བ་ལ། ལུང་དུ་མ་བསྟན་པ་ལ་འབྲས་བུ་མེད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལྟ་ན་ནི་ཟག་པ་མེད་པ་ལ་ཡང་ཐལ་བར་འགྱུར་ཏེ། རྣམ་པར་སྨིན་པ་མེད་པའི་

ཕྱིར་ལུང་དུ་མ་བསྟན་པ་ཉིད་དུ་ཐལ་ལོ། །ཟག་པ་དང་བཅས་པ་གང་ཞིག་འབྲས་བུ་འབྱིན་པར་མི་ནུས་པར་དེ་ཁོ་ན་ལ་ཐལ་བ་འདིར་འགྱུར་རོ་ཞེས་ཟེར་རོ། །གཞན་རྣམ་གསུམ་ཞེས་བྱ་བ་ལ། ཁམས་ཞེས་བྱ་བ་སྐབས་སུ་བབ་པར་རྗེས་བསྙག་སྟེ། རྣམ་པ་གཅིག་གམ། རྣམ་པ་གཉིས་ནི་མ་ཡིན་ནོ། །

དེ་ལ་དགེ་བ་ནི་ནད་དང་བྲལ་བ་སྟེ། སོན་ཏོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཀུ་ཤ་ཞེས་བྱ་བ་ནི་ཤེས་རབ་ཀྱི་རྣམ་གྲངས་སོ། །ལ་ནི་ལེན་པ་སྟེ། ཤེས་རབ་ཀྱིས་ཡོངས་སུ་བཟུང་བའོ། །ཡང་ན་དགེ་བ་ནི་ཤེས་རབ་ཡོངས་སུ་འཛིན་པར་བྱེད་པའོ། །དེ་ལྟ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ།

ཁྱད་པར་དུ་འཕགས་པ་ཁོ་ན་དང་མངོན་པར་འབྲེལ་བའི་ཕྱིར་རོ། །དེ་ལ་སེམས་ཀྱི་ཁམས་བདུན་ནི་དོན་དམ་པ་དང་། ངོ་བོ་ཉིད་དང་། ཀུན་ནས་སློང་བས་དགེ་བར་མ་གྱུར་པའི་ཕྱིར་ཏེ། དེའི་ཕྱིར་མ་ཆགས་པ་ལ་སོགས་པ་དང་མཚུངས་པ་དག་ནི་དགེ་བ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །ཆགས་པ་ལ་སོགས་

པ་དག་དང་མཚུངས་པར་ལྡན་པ་དག་ནི་མི་དགེ་བའོ། །གཞན་དག་ནི་ཞེས་བྱ་བ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་ལ་སོགས་པ་ལུང་དུ་མ་བསྟན་པ་དག་གོ། །ཆོས་ཀྱི་ཁམས་ནི་མ་ཆགས་པ་ལ་སོགས་པའི་ཞེས་བྱ་བ་ལ། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། ངོ་

Vol. 144 · folio 63a

ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། ཆོས་ལྔ་པོ་དེ་དག་ནི་རང་གི་ངོ་བོས་དགེ་བ་ཡིན་གྱི། གཞན་དང་མཚུངས་པར་ལྡན་པས་ནི་མ་ཡིན་ནོ། །ཚོར་བ་ལ་སོགས་པ་སེམས་ལས་བྱུང་བ་གཞན་གང་དག །མ་ཆགས་པ་ལ་སོགས་པ་དང་མཚུངས་པར་ལྡན་པ་དེ་དག་ནི་མཚུངས་པར་ལྡན་

པ་ཁོ་ནས་དགེ་བ་ཡིན་གྱི། རང་གི་ངོ་བོས་ནི་མ་ཡིན་ནོ། །མ་ཆགས་པ་ལ་སོགས་པས་ཀུན་ནས་བསླང་བ་སྐྱེ་བ་ལ་སོགས་པ་ལྡན་པ་མ་ཡིན་པ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་སྟེ། འདི་དག་གི་དགེ་བ་ཉིད་ནི་ཀུན་ནས་སློང་བའི་དབང་གིས་ཡིན་གྱི། མཚུངས་པར་ལྡན་པ་དང་རང་གི་ངོ་བོས་

ནི་མ་ཡིན་ནོ། །སོ་སོར་བརྟགས་པས་འགོག་པ་ནི་ཞེས་བྱ་བ་ནི་དོན་དམ་པས་དགེ་བ་ཡིན་ནོ། །ཆགས་པ་ལ་སོགས་པའི་ངོ་བོ་ཉིད་དང་ཞེས་བྱ་བ་ལ། ཆགས་པ་དང་། སྡང་བ་དང་། གཏི་མུག་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ནི་རང་གི་ངོ་བོས་མི་དགེ་བའོ། །ཆགས་པ་ལ་སོགས་པ་དང་མཚུངས་

པར་ལྡན་པ་ཚོར་བ་ལ་སོགས་པ་ནི་མཚུངས་པར་ལྡན་པའི་སྒོ་ནས་སོ། །སྐྱེ་བ་ལ་སོགས་པ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་ཀུན་ནས་སློང་བའི་སྒོ་ནས་སོ། །གཞན་ནི་ལུང་མ་བསྟན་པ་ཡིན་ནོ་ཞེས་པ་ནི་གང་ཞིག་དགེ་བ་དང་མི་དགེ་བའི་ནང་གི་ངོ་བོ་དང་། དེ་དག་དང་མཚུངས་པར་ལྡན་པ་

དང་། དེ་དག་གི་ཀུན་ནས་སློང་བ་མ་ཡིན་པ་སྟེ། དཔེར་ན་ནམ་མཁའ་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་དང་། ཚོར་བ་ལ་སོགས་པ་ལུང་དུ་མ་བསྟན་པའི་སེམས་དང་མཚུངས་པར་ལྡན་པ་དང་། ཇི་སྐད་དུ་བཤད་པའི་ལུང་དུ་མ་བསྟན་པའི་སེམས་ཀྱིས་ཀུན་ནས་བསླང་བ་ལྡན་པ་མ་ཡིན་པ་

དག་གོ། །གཟུགས་དང་སྒྲའི་ཁམས་དག་ནི་ཀུན་ནས་བསླང་བའི་དབང་གིས་དགེ་བ་དང་མི་དགེ་བ་ཉིད་དོ། །ལུས་དང་ངག་གི་རྣམ་པར་རིག་བྱེད་ཀྱིས་བསྡུས་པ་ཞེས་བྱ་བ་ལ། གཟུགས་ཀྱི་ཁམས་ནི་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་བསྡུས་ལ། སྒྲའི་ཁམས་ནི་ངག་གི་རྣམ་པར་རིག་བྱེད་ཀྱིས་བསྡུས་

སོ། །དེ་ལས་གཞན་པ་དག་ནི་ལུང་དུ་མ་བསྟན་པ་ཡིན་ནོ་ཞེས་བྱ་བ་ལ། ལུང་དུ་མ་བསྟན་པའི་སེམས་ཀྱིས་ཀུན་ནས་བསླང་བའི་ལུས་དང་ངག་གི་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་ལས་ཐ་དད་པའི་གཟུགས་དང་། སྒྲ་ཐམས་ཅད་དོ། །དགེ་བ་ལ་སོགས་པའི་དབྱེ་བ་བཤད་ཟིན་ཏོ། །འདོད་ཁམས་

Vol. 144 · folio 63b

གཏོགས་པ་ཐམས་ཅད་དོ། །ཞེས་བྱ་བ་ལ། གཏོགས་པ་ནི་མ་བྲལ་བ་སྟེ། འདོད་པའི་ཁམས་ཀྱི་རང་བཞིན་ཡིན་ཏེ། འདོད་པ་ན་སྤྱོད་པའི་སྲེད་པས་བདག་གིར་བྱས་ཞེས་བྱ་བའི་དོན་ཏོ། །གཟུགས་ཀྱི་ཁམས་ན་བཅུ་བཞིའོ། །ཞེས་བྱ་བ་ལ། གཟུགས་ཀྱི་ཁམས་ན་ནི་ཁམས་བཅུ་བཞི་སྟེ། གཟུགས་

གཙོ་བོ་ཡིན་པའི་ཕྱིར་གཟུགས་ཀྱི་ཁམས་ལ་གཟུགས་དག་ཅེས་བརྗོད་དོ། །ཡང་ཇི་ལྟར་ན་བཅུ་བཞིར་འགྱུར་ཞེ་ན། དྲི་དང་རོ་དང་སྣ་དང་ནི། །ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས། །ཞེས་བྱ་བ་སྨོས་སོ། །དེ་གཉིས་ནི་ཞེས་བྱ་བ་ནི་དྲི་དང་། རོ་གཉིས་སོ། །དེའི་འདོད་ཆགས་དང་བྲལ་བ་རྣམས་ཀྱང་དེར་སྐྱེ་བའི་ཕྱིར་རོ་ཞེས་

བྱ་བ་ལ། ཁམ་གྱི་ཟས་ཀྱི་འདོད་ཆགས་དང་བྲལ་བ་རྣམས་གཟུགས་ཀྱི་ཁམས་སུ་སྐྱེ་བའི་ཕྱིར་རོ། །དྲི་དང་རོ་མེད་པས་སྣ་དང་ལྕེའི་རྣམ་པར་ཤེས་པ་གཉིས་ཀྱང་མེད་དེ། དམིགས་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་ཡུལ་མེད་པའི་རྣམ་པར་ཤེས་པ་ནི་འགའ་ཡང་མི་སྐྱེ་བའི་ཕྱིར་ཏེ། དཔེར་ན་གཟུགས་མེད་པའི་

ཁམས་ན་གཟུགས་དང་སྒྲ་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་ནོ། །དེ་ལྟ་ན་ནི་འོ་ན་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། ཁམ་གྱི་ཟས་ནི་འདོད་པ་ན། །སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །ཞེས་བྱ་བས་དྲི་དང་། རོ་དང་། རེག་བྱའི་ཁམས་ཀྱང་ཁམ་གྱི་ཟས་ཡིན་པའི་ཕྱིར་མེད་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་

གཟུགས་ཀྱི་ཁམས་ན་བཅུ་གཉིས་སོ་ཞེས་བརྗོད་པར་བྱའི། བཅུ་བཞི་ཞེས་ནི་མི་བྱའོ། །ཅི་སྟེ་གཟུགས་དང་སྒྲ་བཞིན་དུ། །རེག་བྱ་ཡང་དེ་ན་ཡོད་པ་ཉིད་ཡིན་ན་ནི་དེ་ལྟ་ན་ནི་འོ་ན་དེའི་འདོད་ཆགས་དང་བྲལ་བ་རྣམས་དེར་སྐྱེ་བའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་མ་ངེས་སོ། །ཟས་ཀྱི་རང་བཞིན་མ་ཡིན་པ་གང་ཡིན་པ་དེ་ནི་

དེ་ན་ཡོད་དོ་ཞེས་བྱ་བ་ནི་མ་ངེས་པར་སྤོང་བ་སྟེ། དེ་དག་ནི་ཁམས་ཀྱི་རང་བཞིན་ལས་འདོད་ཆགས་དང་བྲལ་གྱི། རེག་བྱ་ཐམས་ཅད་ལས་ནི་མ་ཡིན་ལ། ཟས་ཀྱི་རང་བཞིན་ཡིན་པ་ནི་དེ་ན་ཡོད་པ་མ་ཡིན་པས་མ་ངེས་པ་མེད་དོ། །དྲི་དང་རོ་དག་ཀྱང་དེ་ལར་ཐལ་བར་འགྱུར་རོ་ཞེས་བྱ་བ་ལ། རེག་བྱ་ལྟར་གང་

དག་ཟས་ཀྱི་རང་བཞིན་མ་ཡིན་པ་དེ་གཉིས་དེ་ན་ཡོད་པར་འགྱུར་ཏེ། དེ་ལྟ་ཡིན་དང་། གཟུགས་ན་ཡང་ཁམས་བཅོ་བརྒྱད་དོ་ཞེས་བརྗོད་པར་བྱའི། བཅུ་བཞིའོ་ཞེས་ནི་མི་བྱའོ། །ཟས་མེད་པས་ཞེས་བྱ་བ་ནི། དྲི་དང་རོ་དག་རེག་བྱ་ལྟར་ཁམ་གྱི་ཟས་ལས་ཐ་དད་པའི་བདག་ཉིད་མེད་དོ་ཞེས་སྟོན་ཏོ། །དེའི་

Vol. 144 · folio 64a

ཕྱིར་བཤད་པ་ཇི་ལྟར་ཉེ་བར་བཀོད་པ་ཁོ་ན་མི་འགལ་ལོ། །རེག་བྱ་ནི་ཞེས་བྱ་བ་ནི་གཞན་དུ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་ཁམ་གྱི་ཟས་ལས་ཐ་དད་པའི་བདག་ཉིད་སྟོན་པར་བྱེད་དོ། །དབང་པོའི་རྟེན་གྱི་དངོས་པོར་ནི་འབྱུང་བ་རྣམས་ཏེ། རེག་བྱ་མེད་ན་ནི། དེ་ན་འབྱུང་བ་རྣམས་མེད་

པར་འགྱུར་ལ། དེ་མེད་པར་རྒྱུར་བྱས་པའི་གཟུགས་ཀྱང་མེད་པའི་ཕྱིར་གཟུགས་མེད་པ་དང་མཚུངས་པ་གོ་གཟུགས་ཀྱི་ཁམས་སུ་ཇི་ལྟར་འགྱུར། གཞི་དང་ཞེས་བྱ་བ་ནི་གང་ལ་རབ་ཏུ་གནས་པ་གཞལ་མེད་ཁང་དག་གོ། །འགོག་པའི་དངོས་པོར་ནི་དགོས་པ་དག་སྟེ། དེའི་ཕྱིར་གཞན་དུ་ཡོངས་སུ་

ལོངས་སྤྱོད་པའི་ཕྱིར་གཟུགས་ཀྱི་ཁམས་ན་དྲི་དང་རོ་གཉིས་དགོས་པ་མེད་ཀྱི། རེག་བྱ་ནི་མ་ཡིན་ཏེ། རྣམ་པ་གཞན་དུ་ཡོངས་སུ་ལོངས་སྤྱོད་པ་ཡོད་པའི་ཕྱིར་རོ། །གཞན་དག་ན་རེ་ཞེས་བྱ་བ་ནི་སློབ་དཔོན་དཔལ་ལེན་ནོ། །སྙོམས་པར་འཇུག་པའོ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། སྙོམས་པར་འཇུག་པ་

སྨོས་པ་ནི་སྐྱེ་བའི་བསམ་གཏན་ལས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །སྙོམས་པར་འཇུག་པའི་བསམ་གཏན་ནི་སྙོམས་པར་འཇུག་པའི་བསམ་གཏན་ནོ། །འདིར་ཞེས་བྱ་བ་ནི་འདོད་པའི་ཁམས་སུའོ། །གཟུགས་རྣམས་ཀྱང་མཐོང་ཞིང་ཞེས་བྱ་བ་ནི་ལྷའི་མིག་གིས་ཏེ། ཕྲ་བ་དང་། ཆད་པ་དང་། ཐག་རིང་

བ་རྣམས་སོ། །སྒྲ་རྣམས་ཀྱང་ཐོས་ལ་ཞེས་བྱ་བ་ནི་ལྷའི་རྣ་བས་སོ། །ཤིན་ཏུ་སྦྱངས་པ་དང་ལྷན་ཅིག་པར་གྱུར་པ་ནི་ཤིན་ཏུ་སྦྱངས་པ་དང་ལྷན་ཅིག་སྐྱེས་པའོ། །རེག་བྱའི་ཁྱད་པར་གྱིས་ཞེས་བྱ་བ་ནི་ལུས་མཉེན་པ་ཉིད་དོ། །དེ་ཡང་རྒྱུར་བྱས་པའི་གཟུགས་འཇམ་པ་ཉིད་ཀྱིས་བསྡུས་པ་ལུས་ལས་སུ་རུང་

བ་ཉིད་དོ། །བསམ་གཏན་གྱིས་ཀུན་ནས་བསླང་བ་གཟུགས་སྤྱོད་པས་ལུས་ལ་ཕན་འདོགས་པར་བྱེད་དོ། །འདིར་སྙོམས་པར་འཇུག་པ་ཅི་འདྲ་བ་དེ་དང་འདྲ་བ་ཞིག་སྟེ། དེར་སྐྱེའོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་པའི་ཕྱིར། གཟུགས་དང་། སྒྲ་དང་། རེག་བྱའི་ཁམས་གསུམ་ཁོ་ན་དེ་ན་ཡོད་ཀྱི།

དྲི་དང་། རོ་གཉིས་ནི་མ་ཡིན་ནོ། །སློབ་དཔོན་དཔལ་ལེན་གྱི་ལུགས་བྱས་ཏེ། བྱེ་བྲག་ཏུ་སྨྲ་བའི་ལུགས་གླགས་དང་བཅས་པར་མཐོང་ནས་རྣམ་པར་གཏན་ལ་དབབ་པ་མཐོང་ངོ་། །འདི་ལ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ཡོད་པ་དང་མེད་པ་ཉིད་ཀྱི་རྒྱུར་དགོས་པ་དང་བཅས་པ་ཉིད་དང་། དགོས་པ་མེད་

Vol. 144 · folio 64b

པ་ཉིད་སྨྲ་སྟེ། དེའི་ཕྱིར་གཏན་ཚིགས་འཁྲུལ་པར་བསྟན་པའི་ཕྱིར། དེ་ལྟ་ན་ནི་འོ་ན་སྣ་དང་ལྕེའི་དབང་པོ་དག་ཀྱང་ཞེས་རྒྱ་ཆེར་སྨོས་ཏེ། འདི་ལྟར་དབང་པོའི་དགོས་པ་ནི་རང་གི་ཡུལ་དམིགས་པ་ཡིན་ན། དེ་ན་ནི་དྲི་དང་རོ་དག་ལ་དམིགས་པ་མེད་དེ་དེ་དག་གི་ཡུལ་མེད་པའི་ཕྱིར་རོ། །དེའི་ཕྱིར་སྣ་དང་ལྕེ་

གཉིས་དྲི་དང་རོ་ལྟར་དགོས་པ་མེད་པའི་ཕྱིར་དེ་ན་ཡོད་པ་མི་རིགས་སོ། །དགོས་པ་ཡོད་དེ་ཞེས་བྱ་བ་ལ། ལྔ་པོ་རྣམས་ནི་དོན་བཞི་ལ་དབང་བྱེད་ཅེས་མིག་ལ་སོགས་པ་རྣམས་ཀྱི་དགོས་པ་རྣམ་པ་བཞི་ཡིན་ནོ། །གལ་ཏེ་ཡང་སྣ་དང་ལྕེ་དག་ལ་དེར་གཞན་རྣམ་པ་གསུམ་མི་སྲིད་མོད་ཀྱི། དེ་གཉིས་མེད་པར་རྟེན་

མཛེས་པར་མི་འགྱུར་ལ། ལྕེའི་དབང་པོ་མེད་པར་མངོན་པར་བརྗོད་པར་ཡང་མི་འགྱུར་རོ། །གཞན་དག་ན་རེ་གྲངས་བཞིན་དུ་སྦྱར་རོ་ཞེས་ཟེར་རོ། །གལ་ཏེ་དགོས་པ་དེར་ཟད་ན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བསྟན་དུ་ཡོད་པ་རྣམས་ཁོ་ན་མཛེས་ཀྱི། བསྟན་དུ་མེད་པ་རྣམས་ནི་མ་ཡིན་ནོ། །དབང་པོ་མེད་པའི་

རྟེན་ནི་མི་སྲིད་དོ་ཞེས་བྱ་བ་ལ། དེ་ལ་མིག་ལ་སོགས་པའི་རྟེན་ནི་ཆོས་མཐུན་པའི་སྒོ་ནས་ཡིན་ལ་ཕོའི་དབང་པོའི་རྟེན་ནི་ཆོས་མི་མཐུན་པའི་སྒོ་ནས་སོ། །དེ་ནི་དགོས་པ་མེད་པའི་ཕྱིར་ཞེས་བྱ་བ་ལ། ཕོའི་དབང་པོའི་རྟེན་གྱིས་ནི་དཔེར་མཛེས་པ་ལ་སོགས་པའི་དགོས་པ་མི་སྒྲུབ་པས། དེ་དགོས་པ་མེད་

པའི་ཕྱིར་དྲི་དང་རོ་ལྟར་མི་སྲིད་པར་རིགས་ཀྱི། སྣ་དང་ལྕེའི་རྟེན་ནི་མཛེས་པ་དང་། མངོན་པར་བརྗོད་པའི་དགོས་པ་དང་ལྡན་པའི་ཕྱིར། དབང་པོ་མེད་པར་ཡང་སྲིད་པས་རིགས་སོ། །དགོས་པ་དང་བཅས་པ་འབའ་ཞིག་ཏུ་མ་ཟད་ཀྱི། དགོས་པ་མེད་པར་ཡང་དབང་པོ་མངོན་པར་གྲུབ་པར་འགྱུར་རོ། །

དོན་འདི་ནི་དཔེ་མེད་པར་བསྟན་པར་མི་ནུས་པས། དཔེར་ན་མངལ་དུ་ངེས་པར་འཆི་བ་རྣམས་ཀྱི་ལྟ་བུའོ་ཞེས་དཔེ་སྨོས་ཏེ། ངེས་པ་སྨོས་པ་ནི་འཆི་བ་མ་ངེས་པ་རྣམས་ལ་ཆ་གཅིག་ལ་དགོས་པ་ཡོད་པའི་ཕྱིར་ཏེ། སྐྱེས་པས་གཟུགས་ལ་སོགས་པ་མཐོང་བ་སྲིད་པའི་ཕྱིར་རོ། །དགོས་པ་མེད་པ་ཡིན་

མོད་ཀྱི། རྒྱུ་མེད་པ་ཅན་ནི་མ་ཡིན་ནོ་ཞེས་བྱ་བ་ལ། འདི་སྐད་བསྟན་པར་འགྱུར་ཏེ། མངལ་དུ་ངེས་པར་འཆི་བ་རྣམས་ལ་དབང་པོ་སྐྱེ་བའི་རྒྱུ་ཡོད་ཀྱི། གཟུགས་ཀྱི་ཁམས་ན་ནི་སྣ་དང་ལྕེའི་དབང་པོ་གཉིས་མངོན་པར་གྲུབ་པའི་རྒྱུ་མེད་པས་དེ་ན་སྣ་དང་ལྕེའི་དབང་པོ་བདག་མེད་པ་ཉིད་དོ། །དེ་ན་རྒྱུ་མེད་པ་མི་སྲིད་

Vol. 144 · folio 65a

དོ་སྙམ་སྟེ་འདྲི་བ་ནི། དབང་པོ་སྐྱེ་བའི་རྒྱུ་གང་ཞེ་ན་ཞེས་བྱ་བའོ། །དབང་པོ་ལ་སྲིད་པ་དང་བཅས་པའི་ལས་ཀྱི་ཁྱད་པར་རོ་ཞེས་བྱ་བ་ལ། སྐྱེ་མཆེད་དྲུག་ལ་བདག་ཏུ་ཆགས་པ་དང་ལྡན་པའི་ཡུལ་ལ་མངོན་པར་ཞེན་པའི་ཕྱིར་ཏེ། དེ་ཉེ་བར་ལོངས་སྤྱོད་པའི་དབང་པོ་ལ་སྲིད་པ་དང་བཅས་

པའི་ལས་ཀྱི་ཁྱད་པར་རོ། །གང་ཡང་ཡུལ་ལ་སྲིད་པ་དང་བྲལ་བ་དེ་ནི་གདོན་མི་ཟ་བར་དབང་པོ་ལས་ཀྱང་སྲིད་པ་དང་བྲལ་བ་ཡིན་པས་ཞེས་བྱ་བ་ལ། ཡུལ་སོ་སོར་མྱོང་བར་བྱ་བའི་ཕྱིར་དབང་པོ་འདོད་དེ། དཔེར་ན་གང་ཞིག་འཁྲིག་པའི་རེག་པ་ལས་འདོད་ཆགས་དང་བྲལ་བ་དེ་ནི་ཕོའི་དབང་པོའི་ལས་

ཀྱང་འདོད་ཆགས་དང་བྲལ་བ་ཡིན་པ་བཞིན་ནོ། །དེའི་ཕྱིར་སྣ་དང་ལྕེའི་དབང་པོ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་དེ་ན་དེ་དག་གི་རྒྱུ་ལས་ཀྱི་ཁྱད་པར་ཡོད་པ་མ་ཡིན་ཏེ། ཕོའི་དབང་པོའི་རྒྱུ་བཞིན་ནོ། །ཅི་སྟེ་ཡུལ་ལ་འདོད་ཆགས་དང་བྲལ་ཡང་དབང་པོ་ལ་འདོད་ཆགས་དང་བྲལ་བར་མི་འགྱུར་རོ་ཞེ་ན།

དེའི་ཕྱིར་སློབ་དཔོན་གྱིས་ཕོའི་དབང་པོ་ཡང་ཅི་སྟེ་འགྲུབ་པར་མི་འགྱུར་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཡུལ་ལས་འདོད་ཆགས་དང་བྲལ་ཡང་འཛིན་པར་བྱེད་པའི་དབང་པོ་ལས་འདོད་ཆགས་དང་བྲལ་བར་མི་འགྱུར་ནའོ། །དེའི་ཕྱིར་རྒྱུ་དང་བཅས་པ་སྐྱེའོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་མི་མཛེས་པར་

བྱེད་པའི་ཕྱིར་ཡིན་གྱི། དེར་དེ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་ནི་མ་ཡིན་ནོ་ཞེའོ། །རྫོགས་པའི་སངས་རྒྱས་དང་འཁོར་ལོས་སྒྱུར་བ་ལྟར་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་རྣམས་ཀྱི་ཅིའི་ཕྱིར་མི་མཛེས་པར་འགྱུར། འདོམས་ཀྱི་སྦ་བ་ནི་འདོམས་ཀྱི་སྦ་བའོ། །འདོམས་ནི་གང་གི་ཕོའི་དབང་པོ་དེ་གཏུམས་

པའོ། །སྦ་བ་ནི་ཕོའི་དབང་པོའོ། །སྦུབས་ནི་གང་ན་འདོམས་ཀྱི་སྦ་བ་དེ་གནས་པའོ། །གང་དག་ལ་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཡོད་པ་དེ་དག་ནི་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཡིན་ཏེ། དེའི་ཕྱིར་དེ་རྣམས་ཀྱི་ཞེས་ཚིག་བསྡུ་བའོ། །དགོས་པའི་དབང་གིས་འབྱུང་བ་ཡང་མ་ཡིན་ནོ་ཞེས་

བྱ་བ་ནི་སློབ་དཔོན་གྱིས་གསུངས་པའོ། །འོ་ན་ཅི་ཞིག་ཅེ་ན། སྨྲས་པ། རྒྱུའི་དབང་གིས་ཏེ། དེའི་ཕྱིར་རྒྱུ་ཡོད་ན་མི་མཛེས་པར་བྱེད་བཞིན་དུ་ཡང་འབྱུང་བར་འགྱུར་བ་ཉིད་དོ། །ཡང་དེའི་རྒྱུ་གང་ཞིག་ཅེ་ན། དེ་ལ་འདོད་ཆགས་དང་མ་བྲལ་བའི་ལས་ཀྱི་ཁྱད་པར་སྲེད་པ་སྔོན་དུ་འགྲོ་བ་ཅན་ནོ། །འོ་ན་ནི་མདོ་

Vol. 144 · folio 65b

ལས་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་སྨྲས་པའོ། །ཁས་བླངས་པ་ལ་གནོད་པ་སྨྲས་པ་སྟེ། གལ་ཏེ་ཕོའི་དབང་པོ་ལྟར་སྣ་དང་ལྕེའི་དབང་པོ་གཉིས་དེར་མི་སྐྱེ་ནའོ། །མདོ་གང་ཞིག་ཅེ་ན། དབང་པོ་རྣམས་མ་ཚང་བ་མེད་ཅིང་མེད་པ་མ་ཡིན་ནོ་ཞེས་བྱ་བ་དེའོ། །དེ་ན་དབང་པོ་གང་དག་སྲིད་པ་

ཞེས་བྱ་བ་ནི་སློབ་དཔོན་གྱིས་ལུང་དང་འགལ་བ་སྤོང་བ་སྨྲས་པ་སྟེ། མིག་དང་། རྣ་བ་དང་། ལུས་ཀྱི་དབང་པོ་དག་གིས་ཡིན་གྱི་སྣ་དང་ལྕེའི་དབང་པོ་འདོད་པ་ན་སྤྱོད་པ་དག་གིས་དབང་པོ་རྣམས་མེད་པ་མ་ཡིན་པ་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །སློབ་དཔོན་ཉིད་ཀྱིས་དེ་ལྟ་མ་ཡིན་ན་ཞེས་བྱ་བ་སྨོས་

སོ། །དེ་ལྟ་མ་ཡིན་ཏེ། དེ་ན་དབང་པོ་གང་དག་སྲིད་པ་དེ་དག་གིས་དབང་པོ་རྣམས་མེད་པ་མ་ཡིན་ནོ་ཞེས་དེ་ལྟར་མི་འདོད་ན་ནི། སྣ་དང་ལྕེའི་དབང་པོ་གཉིས་ཇི་ལྟ་བ་བཞིན་དུ་ཕོའི་དབང་པོ་ལ་ཡང་ཐལ་བར་འགྱུར་ཏེ། གལ་ཏེ་འདོད་པ་ན་སྤྱོད་པ་རྣམས་ཀྱི་དབང་དུ་བྱས་ནས་དབང་པོ་རྣམས་མེད་པ་མ་

ཡིན་པར་འགྱུར་ནའོ། །འདི་སྐད་དུ་ཞེས་བྱ་བ་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་སྨྲས་པའོ། །ལུས་ཀྱི་སྒོ་ནས་སྐྱེ་མཆེད་དྲུག་པ་སྲེད་པ་ཀུན་དུ་སྤྱོད་ཀྱིས་ཞེས་བྱ་བ་ལ། འདི་ལ་བདག་ཏུ་ང་རྒྱལ་བ་གཞག་པས་ནི་སྐྱེ་མཆེད་དྲུག་ལུས་ཡིན་ཏེ། ང་འམ་བདག་གི་སྙམ་དུ་སེམས་པའི་ཕྱིར་རོ། །དེའི་

ཕྱིར་ཁྱད་པར་མེད་པར་སྐྱེ་མཆེད་དྲུག་ལ་སྲེད་པ་འཇུག་གོ། །ཡུལ་གྱི་སྒོ་ནས་ནི་མ་ཡིན་པས་ཞེས་བྱ་བ་ནི་ཡུལ་དམིགས་པའི་སྒོ་ནས་མ་ཡིན་པ་སྟེ། དེའི་ཕྱིར་ཡུལ་ལ་འདོད་ཆགས་དང་བྲལ་བས་དེའི་འཛིན་པར་བྱེད་པ་དབང་པོ་ལ་འདོད་ཆགས་དང་བྲལ་བར་མི་འགྱུར་རོ། །འཁྲིག་པའི་རེག་པའི་

འདོད་ཆགས་དང་བྲལ་བ་རྣམས་ནི་ཕོའི་དབང་པོ་ལས་འདོད་ཆགས་དང་བྲལ་བར་མི་འགྱུར་ཏེ། འཁྲིག་པའི་རེག་པའི་སྒོ་ནས་དེ་ལ་སྲེད་པ་འཇུག་པའི་ཕྱིར་ཏེ། འཁྲིག་པའི་རེག་པའི་དམིགས་པའི་སྒོ་ནས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཕོའི་དབང་པོ་ཡང་ཡུལ་གྱི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱིར་

སྐྱེ་མཆེད་དྲུག་གིས་བསྡུས་པ་ཉིད་མ་ཡིན་ནམ། ལུས་ལས་ཕོ་དང་མོ་དབང་དག །ཅེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་དེ་ལ་ལུས་ཀྱི་སྒོ་ནས་སྲེད་པ་འཇུག་པར་ཐལ་བར་འགྱུར་རོ་ཞེ་ན། ཕོའི་དབང་པོ་ཡང་དག་པར་གྲུབ་པར་བྱེད་པའི་ལས་ནི་འཁྲིག་པའི་རེག་པ་ལ་སྲེད་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དེའི་

Vol. 144 · folio 66a

ཕྱིར་འདི་ལ་ཡུལ་གྱི་སྒོ་ནས་སྲེད་པ་ཀུན་དུ་སྤྱོད་ཀྱི། ལུས་ཀྱི་སྒོ་ནས་ནི་མ་ཡིན་ནོ། །གཟུགས་མེད་པའི་ཁམས་ན་ཁམས་དག་དུ་ཞིག་ཡོད་ཅེ་ན། གཟུགས་མེད་གཏོགས་པ་ཡིད་དང་ནི། །ཆོས་དང་ཡིད་ཀྱི་རྣམ་ཤེས་ཁམས། །ཞེས་བྱ་བ་སྨོས་སོ། །ཁམས་གསུམ་པོ་འདི་

དག་ཁོ་ན་ཡིན་གྱིས་གཞན་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་འདོད་ཆགས་དང་བྲལ་བ་རྣམས་དེར་སྐྱེས་ཏེ། དེའི་ཕྱིར་དེ་ན་གཟུགས་ཀྱི་རང་བཞིན་གྱིས་ཞེས་བྱ་བ་སྨོས་ཏེ། དབང་པོའི་ཁམས་ལྔ་དང་། ཡུལ་གྱི་ཁམས་ལྔ་མེད་ལ། དེ་དག་ལ་བརྟེན་པ་དང་དམིགས་པ་རྣམ་པར་

ཤེས་པའི་ཁམས་ལྔ་ལ་ཡང་མེད་དོ། །མིག་ལ་སོགས་པ་དང་། གཟུགས་ལ་སོགས་པ་དེ་དག་གོ་རིམས་བཞིན་རྟེན་དང་དམིགས་པ་གང་རྣམས་ལ་ཡོད་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དེ་རྣམས་ནི་དེ་དག་ལ་བརྟེན་པ་དང་དམིགས་པ་ཡིན་ཏེ། གོ་རིམས་བཞིན་དུ་མིག་ལ་སོགས་པ་

རྟེན་ཡིན་ཞིང་། གཟུགས་ལ་སོགས་པ་དམིགས་པ་ཡིན་ནོ། །འདི་ལྟར་རྟེན་མེད་པ་དང་དམིགས་པ་མེད་པའི་རྣམ་པར་ཤེས་པ་ནི་ཡོད་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ནི་གཉིས་ལ་བརྟེན་ནས་སྐྱེའོ་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་དེ་ན་མིག་ལ་སོགས་པ་རྣམས་དང་། གཟུགས་ལ་

སོགས་པ་རྣམས་མེད་པའི་ཕྱིར་མིག་ལ་སོགས་པ་རྣམ་པར་ཤེས་པའི་ཁམས་རྣམས་མེད་དོ། །ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་རྣམ་པའི་སྐབས་སུ་བབས་པས་གང་དག་ལམ་གྱི་བདེན་པ་དང་། འདུས་མ་བྱས་ཀྱིས་བསྡུས་པ་ཞེས་བྱ་བ་འབྱུང་བ་ལ། བདེན་པ་སྨོས་པ་ནི་འཇིག་རྟེན་པའི་ལམ་

བཟློག་པར་བྱ་བའི་ཕྱིར་ཏེ། འཇིག་རྟེན་པའི་ལམ་སྡུག་བསྔལ་དང་། ཀུན་འབྱུང་གི་བདེན་པས་བསྡུས་པའི་ཕྱིར་ལམ་གྱི་བདེན་པ་མ་ཡིན་ནོ། །དེ་ལ་ལམ་གྱི་བདེན་པས་བསྡུས་པའི་ཆོས་ཀྱི་ཁམས་ནི་ཟག་པ་མེད་པའི་སྡོམ་པ་དང་། སེམས་ལས་བྱུང་བ་རྣམས་དང་། ལྡན་པ་མ་ཡིན་པའི་འདུ་བྱེད་ཟག་པ་

མེད་པ་རྣམས་སོ། །ལམ་གྱི་བདེན་པས་བསྡུས་པའི་ཡིད་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དག་ནི་ཟག་པ་མེད་པའི་རྣམ་པར་ཤེས་པའོ། །འདུས་མ་བྱས་ནི་ཆོས་ཀྱི་ཁམས་ཁོ་ནས་བསྡུས་སོ། །ལྷག་མ་རྣམས་ནི་ཟག་བཅས་སོ། །ཞེས་བྱ་བ་ལ། ནིའི་སྒྲ་ནི་ལྷག་མ་རྣམས་ཟག་

Vol. 144 · folio 66b

པ་དང་བཅས་པ་ཁོ་ནའོ་ཞེས་ངེས་པར་བཟུང་བ་དང་། རིམ་པ་བཞིན་དུ་སྦྱོར་བར་རིག་པར་བྱའོ། །རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །ཞེས་བྱ་བ་ལ། ནིའི་སྒྲ་ནི་རྟོག་པ་དང་། དཔྱོད་པ་དང་བཅས་པ་ཉིད་དོ་ཞེས་ངེས་པར་བཟུང་བའི་དོན་ནོ། །དེའི་ཕྱིར། འདི་

དག་ནི་རྟག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་ཅིའི་ཕྱིར་འདི་དག་རྟག་ཏུ་རྟོག་པ་དང་དཔྱོད་པ་དག་དང་མཚུངས་པར་ལྡན་ཞེ་ན། འདི་ལྟར་དེ་དག་ཁ་ཕྱི་རོལ་ཏུ་བལྟས་པའི་ཕྱིར་རྩིང་བ་དང་། རྟོག་པ་དང་། དཔྱོད་པ་དང་། རྗེས་སུ་འབྲེལ་བའི་ས་ན་ཡོད་པའི་ཕྱིར་རོ། །ཐ་མ་གསུམ་ནི་རྣམ་

གསུམ་མོ། །ཞེས་བྱ་བ་ལ། ཅི་ལྟར་ངེས་པར་གཟུང་ཞེ་ན། ཐ་མ་གསུམ་ཁོ་ན་རྣམ་པ་གསུམ་མོ་ཞེས་ངེས་པར་གཟུང་ངོ་། །མཐར་འདོན་པའི་ཕྱིར་ན་ཐ་མའོ། །ལྡན་པ་མ་ཡིན་པ་ལ་རྟོག་པ་དང་། དཔྱོད་པ་དང་། མཚུངས་པར་ལྡན་པ་མེད་པས་རྟོག་པ་དང་དཔྱོད་པ་དང་བཅས་པ་མི་སྲིད་པ་དེའི་

ཕྱིར། ཆོས་ཀྱི་ཁམས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཆོས་ཀྱི་ཁམས་མཚུངས་པར་ལྡན་པ་སྨོས་པས་རྟོག་པ་དང་དཔྱོད་པ་གཉིས་ལ་ཡང་ཐལ་བར་འགྱུར་ལ། དེ་དག་ལ་ཡང་རྟོག་པ་དང་དཔྱོད་པ་གཉིས་པ་མེད་པས་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་མི་སྲིད་དོ། །དེའི་ཕྱིར། རྟོག་

པ་དང་དཔྱོད་པ་དག་ལས་གཞན་པ་ཞེས་བྱ་བ་སྨོས་སོ། །བསམ་གཏན་དང་པོའི་གོང་ན་རྟོག་པ་མེད་པའི་ཕྱིར་དང་། བསམ་གཏན་ཁྱད་པར་ཅན་གྱི་གོང་ན་དཔྱོད་པ་མེད་པའི་ཕྱིར་དང་། ཁམས་ཐ་མ་དག་ཀྱང་ཁམས་གསུམ་པའི་ཕྱིར་དང་། འདོད་པའི་ཁམས་དང་། བསམ་གཏན་དང་པོ་ན་ནི་

ཞེས་བྱ་བ་སྨོས་ཏེ་འདོད་པའི་ཁམས་དང་། བསམ་གཏན་དང་པོ་དག་ན་ནི་གང་ཞིག་རྟོག་པ་དང་། དཔྱོད་པ་དང་མཚུངས་པར་མི་ལྡན་པར་འགྱུར་བ། རྟོག་པ་དང་དཔྱོད་པ་སྤངས་པའི་སེམས་དང་སེམས་ལས་བྱུང་བའི་རྣམ་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །བསམ་གཏན་ཁྱད་པར་ཅན་རྟོག་པ་མེད་

པའི་གོང་ན་ཡང་ཡོད་པས་དེའི་ཕྱིར་བསམ་གཏན་ཁྱད་པར་ཅན་ནི་རྟོག་པ་མེད་ཅིང་དཔྱོད་པ་ཙམ་དག་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དཔྱོད་པ་ཁོ་ན་དང་མཚུངས་པར་ལྡན་གྱི། རྟོག་པ་དང་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བསམ་གཏན་གཉིས་པ་ནས་བཟུང་སྟེ་ཞེས་བྱ་བ་ལ། བསམ་གཏན་ཁྱད་པར་ཅན་

Vol. 144 · folio 67a

གྱི་གོང་ན་རྟོག་པ་དང་དཔྱོད་པ་མེད་པས་མཚུངས་པར་ལྡན་པ་མེད་པའི་ཕྱིར་རོ། །ཆོས་ཀྱི་ཁམས་མཚུངས་པར་ལྡན་པ་མ་ཡིན་པ་ཐམས་ཅད་ཀྱང་གཉིས་ག་མ་ཡིན་པ་སྟེ། ཐམས་ཅད་སྨོས་པ་ནི་འདུས་བྱས་དང་། འདུས་མ་བྱས་བསྡུ་བར་བྱ་བའི་ཕྱིར་དང་། ས་བསྡུ་བར་བྱ་བའི་

ཕྱིར་རོ། །བསམ་གཏན་ཁྱད་པར་ཅན་གྱི་དཔྱོད་པ་ནི་ཞེས་བྱ་བ་ནི་རྟོག་པ་མེད་པའི་ཕྱིར་དང་། དཔྱོད་པ་གཉིས་པ་མེད་པའི་ཕྱིར་ཏེ། རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པ་དག་ཡིན་ནོ་ཞེས་བྱ་བར་སྙེགས་སོ། །རྟོག་པ་ནི་རྟོག་པ་གཉིས་པ་མེད་པའི་ཕྱིར་དང་། དཔྱོད་པ་དང་མཚུངས་པར་ལྡན་པའི་

ཕྱིར་རྟག་ཏུ་རྟོག་པ་མེད་ཅིང་དཔྱོད་པ་ཙམ་ཡིན་ཏེ། དཔྱོད་པ་དང་མཚུངས་པར་ལྡན་པའི་ཕྱིར་ན་དཔྱོད་པ་དང་བཅས་པའོ། །འདོད་པའི་ཁམས་དང་བསམ་གཏན་དང་པོའི་དཔྱོད་པ་ནི་རྣམ་པ་གསུམ་པོ་འདི་དག་གི་ནང་དུ་མི་འདུ་ན་ཞེས་བྱ་བ་ལ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དང་། རྟོག་

པ་མེད་ལ་དཔྱོད་པ་ཙམ་དང་། རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པའི་ནང་དུའོ། །ཇི་ལྟར་ཞེ་ན། རེ་ཞིག་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་ཞེས་བྱ་བ་རྣམ་པ་དང་པོའི་ནང་དུ་ནི་མི་འདུ་སྟེ། དཔྱོད་པ་གཉིས་པ་མེད་པའི་ཕྱིར་རོ། །རྟོག་པ་མེད་ལ་དཔྱོད་པ་ཙམ་ཡང་མི་སྲིད་དེ། འདོད་

པའི་ཁམས་དང་། བསམ་གཏན་དང་པོ་ན་རྟོག་པ་དང་ལྷན་ཅིག་ཏུ་གྱུར་པའི་ཕྱིར་དང་། དཔྱོད་པ་གཉིས་པ་མེད་པའི་ཕྱིར་རོ། །རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པ་མི་སྲིད་དེ། རྟོག་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དེ་ཇི་སྐད་དུ་བརྗོད་པར་བྱ་ཞེས་བྱ་བ་ནི་འདོད་པའི་ཁམས་དང་།

བསམ་གཏན་དང་པོའི་ས་པའི་དཔྱོད་པ་ལའོ། །དེའི་ཕྱིར། དཔྱོད་པ་མེད་ཅིང་རྟོག་པ་ཙམ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དཔྱོད་པ་གཉིས་པ་མེད་པའི་ཕྱིར་དང་། རྟོག་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ། གང་གི་ཕྱིར་དེ་ན་དཔྱོད་པ་རྣམ་པ་གསུམ་པོ་དག་ཏུ་

མི་འདུ་བ་དེའི་ཕྱིར་དེ་ལ་གཞན་དུ་རྣམ་པར་གཞག་པར་བྱེད་དོ། །རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ས་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདོད་པའི་ཁམས་དང་། བསམ་གཏན་དང་པོ་ནའོ། །རྣམ་པ་དང་པོ་ནི་རྟོག་པ་དང་། དཔྱོད་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །རྣམ་པ་གཉིས་པ་

Vol. 144 · folio 67b

ནི་དཔྱོད་པ་དང་མཚུངས་པར་ལྡན་པའི་ཕྱིར་དང་། རྟོག་པ་གཉིས་པ་མེད་པའི་ཕྱིར་རོ། །རྣམ་པ་གསུམ་པ་ནི་ལྡན་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་བཞི་པ་ནི་རྟོག་པ་དང་མཚུངས་པར་ལྡན་པའི་ཕྱིར་དང་། དཔྱོད་པ་གཉིས་པ་མེད་པའི་ཕྱིར་རོ། །ལྷག་མ་རྣམས་ནི་གཉིས་ཀ་སྤངས། །ཞེས་

བྱ་བ་ལ། ཇི་ལྟར་ངེས་པར་གཟུང་ཞེ་ན། ལྷག་མ་རྣམས་ནི་གཉིས་ཀ་སྤངས་པ་ཉིད་དོ་ཞེས་བྱ་བར་རོ། །དེ་གཉིས་དང་མཚུངས་པར་མི་ལྡན་པའི་ཕྱིར་རྟོག་པ་དང་དཔྱོད་པ་སྤངས་པ་སྟེ། སེམས་དང་སེམས་ལས་བྱུང་བའི་རང་བཞིན་མ་ཡིན་པ་དེའི་ཕྱིར་རོ། །གལ་ཏེ་རྣམ་པར་ཤེས་པའི་

ཚོགས་ལྔ་པོ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྟོག་པ་ནི་རྣམ་པར་རྟོག་པ་ཡིན་ན་དེ་དང་མཚུངས་པར་ལྡན་པ་རྣམས་ཇི་ལྟར་རྣམ་པར་རྟོག་པ་མེད་པ་དག་ཅེས་བྱ། ཡང་རྣམ་པར་རྟོག་པ་མེད་པ་དག་ཅེས་གང་དུ་བཤད་ཅེ་ན། ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་དེ་དང་དེ་ལས་རྣམ་པར་

རྟོག་པ་ཅན་ཉིད་དུ་བསྟན་པས་དོན་གྱིས་རྣམ་པར་ཤེས་པའི་ཚོགས་ལྔ་པོ་རྟོག་པ་མེད་པར་བཤད་དོ། །གཞན་ཡང་གསུངས་ཏེ། རྣམ་པར་རྟོག་པ་མེད་པའི་ཕྱིར་ལུས་དང་ངག་གི་ལས་ཀུན་ནས་སློང་བར་མི་བྱེད་དོ་ཞེས་འབྱུང་བའི་ཕྱིར་རོ། །ངེས་པར་རྟོག་པ་དང་། རྗེས་སུ་དྲན་པའི་

རྣམ་པར་རྟོག་པས་རྣམ་པར་མི་རྟོག་གོ་ཞེས་རྣམ་པར་རྟོག་པ་མེད་པ་དག་ཡིན་གྱི། ངོ་བོ་ཉིད་ཀྱིས་རྣམ་པར་རྟོག་པས་རྣམ་པར་མི་རྟོག་པ་ནི་མ་ཡིན་ནོ། །རྣམ་པར་རྟོག་པས་ནི་རྣམ་པ་གསུམ་མོ་ཞེས་གྲག་སྟེ་ཞེས་བྱ་བ་ལ། གྲག་སྟེའི་སྒྲས་ནི་བྱེ་བྲག་ཏུ་སྨྲ་བའི་ཚིག་ཡིན་པར་སྟོན་ཏོ། །

དེ་བས་ན་རྣམ་པར་ཤེས་པའི་ཚོགས་ལྔ་ལ་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་ཡོད་མོད་ཀྱི། ངེས་པར་རྟོག་པ་དང་། རྗེས་སུ་དྲན་པའི་རྣམ་པར་རྟོག་པ་མེད་དོ། །དེའི་ཕྱིར་རྣམ་པར་རྟོག་པ་མེད་པ་དག་ཅེས་བྱ་སྟེ། དཔེར་ན་རྟ་རྐང་གཅིག་པ་ལ་རྐང་པའི་བྱ་བ་མི་ནུས་པའི་ཕྱིར་རྐང་མེད་ཅེས་

བྱ་བ་དེ་བཞིན་དུ་དམིགས་པ་ངེས་པར་རྟོག་པ་དང་། མངོན་པར་བརྗོད་པ་མེད་པའི་ཕྱིར་རྣམ་པར་རྟོག་པ་གཅིག་པ་དག་ལ་ཡང་རྣམ་པར་རྟོག་པ་མེད་པ་ཞེས་བྱའོ། །གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཡང་རྣམ་པར་རྟོག་པ་གཅིག་པ་ཡོད་པ་མ་ཡིན་ནམ། དཔེར་ན་བསམ་གཏན་གཉིས་

Vol. 144 · folio 68a

པ་ལ་སོགས་པ་དག་གི་མཉམ་པར་གཞག་པ་གང་ཡིན་པ་དེ་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ཁོ་ནས་རྣམ་པར་རྟོག་པ་དང་བཅས་པ་བཞིན་ནོ་ཞེ་ན། ཡོད་མོད་ཀྱི། ཡིད་ཀྱི་རྣམ་པར་ཤེས་པའི་རིགས་ལ་བསམས་ནས་དེ་སྐད་བཤད་དོ། །ཇི་ལྟར་ཞེ་ན། འདོད་པའི་ཁམས་

དང་། བསམ་གཏན་དང་པོའི་ཡིད་ཀྱི་རྣམ་པར་ཤེས་པ་མཉམ་པར་མ་བཞག་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་གསུམ་གྱིས་རྣམ་པར་རྟོག་པ་དང་བཅས་སོ། །བསམ་གཏན་དང་པོའི་མཉམ་པར་བཞག་པ་དང་། གཉིས་པ་ལ་སོགས་པ་དག་གིས་མཉམ་པར་མ་བཞག་པ་ནི་གཉིས་ཀྱིས་ཡིན་ལ།

མཉམ་པར་བཞག་པ་ནི་གཅིག་གིས་སོ། །དེ་ལ་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་ནི་རྟོག་པ་ཡིན་ཏེ་ཞེས་བྱ་བ་ལ། རྣམ་པར་ཤེས་པའི་ཚོགས་ལྔ་ནི་རྩིང་བའི་ཕྱིར་རྟོག་པའི་ངོ་བོ་ཉིད་དེས་རྣམ་པར་རྟོག་པ་ཅན་ཡིན་ཏེ། དེ་དེ་དག་ལ་མཚུངས་པར་ལྡན་པར་ཡོད་པའི་ཕྱིར་རོ། །འདིར་སེམས་ལས་བྱུང་བའི་

རང་བཞིན་སྟོན་པའི་སྐབས་སུ་མ་བབ་པོ་ཞེ་ན། དེའི་ཕྱིར། དེ་ནི་འོག་ནས་སེམས་ལས་བྱུང་བ་དག་གི་ནང་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོག་པ་དང་དཔྱོད་པ་རྩིང་ཞིབ་ཉིད་ཅེས་བྱ་བ་དེ་གནས་སོ། །ངེས་པར་རྟོག་པ་དང་། རྗེས་སུ་དྲན་པའི་རྣམ་པར་རྟོག་པ་དག་གིས་ནི་གནས་སྐབས་

ཀྱིས་གཞག་པ་དེ་ཉིད་ཀྱི་མཚན་ཉིད་ནི་གདོན་མི་ཟ་བར་འདི་ཉིད་དུ་བརྗོད་པར་བྱ་དགོས་ཏེ། གཞན་དུ་གནས་སྐབས་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། གཞན་དག་གི་རང་བཞིན་ནི་ཞེས་བྱ་བ་སྨྲས་ཏེ། ཤེས་རབ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེ་བ་དང་། ཡིད་ལས་

བྱུང་བ་ཡང་ཡོད་ལ། ཡིད་ལས་བྱུང་བ་ཡང་མཉམ་པར་བཞག་པ་དང་། མཉམ་པར་མ་བཞག་པ་ཡང་ཡོད་པས་དེའི་ཕྱིར། ཡིད་ཀྱི་ཤེས་རབ་གཡེང་ཞེས་ཁྱད་པར་གཉིས་ཉེ་བར་བཟུང་ངོ་། །ཨ་གྲ་ནི་དམིགས་པ་ལ་མངོན་པར་འདོད་དོ། །དམིགས་པ་དང་བྲལ་བ་ནི་གཡེང་བ་དང་།

དམིགས་པ་སྣ་ཚོགས་ཏེ། དམིགས་པ་གཞན་ལ་གཡེངས་པའི་ཕྱིར་རོ། །ཅིའི་ཕྱིར་དེ་ངེས་པར་རྟོག་པའི་རྣམ་པར་རྟོག་པར་བརྗོད་ཅེ་ན། མིང་ལ་ལྟོས་ནས་དམིགས་པ་གཞན་ལ་འཇུག་པའི་ཕྱིར་ཏེ། གཟུགས་སོ། །ཚོར་བའོ། །འདུ་ཤེས་སོ། །འདུ་བྱེད་དོ། །རྣམ་པར་ཤེས་པའོ་སྙམ་དུ་

Vol. 144 · folio 68b

ངེས་པར་རྟོག་པའི་ཕྱིར་དང་། མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པའོ་ཞེས་བྱ་བ་ལ་སོགས་པ་ངེས་པར་རྟོག་པའི་ཕྱིར་རོ། །བསྒོམས་པ་ལས་བྱུང་བའི་ཤེས་རབ་མཉམ་པར་གཞག་པ་ནི་མིང་ལ་མི་ལྟོས་པ་ཁོ་ནར་དམིགས་པ་ལ་འཇུག་སྟེ། དེས་ན་མཉམ་པར་མ་བཞག་

པ་གང་ཡིན་པ་དེ་ནི་ངེས་པར་རྟོག་པའི་རྣམ་པར་རྟོག་པ་སྟེ། མིང་གི་དབང་གིས་དོན་ལ་ངེས་པར་རྟོག་པའི་ཕྱིར་རོ། །ཤེས་རབ་མཉམ་པར་གཞག་པ་ནི་མིང་ལ་ལྟོས་པ་མེད་པའི་ཕྱིར་དོན་འབའ་ཞིག་ལ་དམིགས་པ་ཁོ་ན་ཡིན་ནོ། །ཡིད་ཀྱི་དྲན་པ་ཐམས་ཅད་ཉིད། །ཅེས་བྱ་བ་ལ། ཐམས་ཅད་

སྨོས་པ་ནི་མཉམ་པར་བཞག་པ་དང་མཉམ་པར་མ་བཞག་པ་གཟུང་བར་བྱ་བའི་དོན་ཏོ། །ཡིད་སྨོས་པ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་དྲན་པའི་བསལ་བར་བྱ་བའི་ཕྱིར་རོ། །དམིགས་པ་མངོན་པར་བརྗོད་པ་ཡིད་ཡིན་པའི་ཕྱིར་དང་། མིང་ངེས་པར་རྟོག་པ་ལ་ལྟོས་

པ་མེད་པའི་ཕྱིར་ཡིན་གྱི། དྲན་པ་མཉམ་པར་བཞག་པ་དང་མཉམ་པར་བཞག་པ་མ་ཡིན་པ་ཐམས་ཅད་ཁོ་ན་རྗེས་སུ་དྲན་པའི་རྣམ་པར་རྟོག་པའོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ནི་མི་གཡེང་བའི་ཕྱིར་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་མ་ཡིན་ཏེ། རྣམ་པར་

རྟོག་པ་མེད་པའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དམིགས་བཅས་སེམས་ཀྱི་ཁམས་བདུན་ནོ། །ཞེས་བྱ་བ་ལ། བདུན་ནི་དམིགས་པ་དང་བཅས་པ་ཉིད་དོ་ཞེས་བྱ་བ་གཟུང་བར་བྱའོ། །འདི་གང་ལས་ཤེ་ན། ཆོས་ཀྱི་ཕྱེད་ཀྱང་ཞེས་འབྱུང་བའི་ཕྱིར་རོ། །འདི་དག་ལ་དམིགས་

པ་ཡོད་པས་ན་དམིགས་པ་དང་བཅས་པའོ། །ཡུལ་དང་། སྤྱོད་ཡུལ་དང་། དམིགས་པ་ཞེས་བྱ་བ་ནི་རྣམ་གྲངས་དག་གོ། །ཆོས་ཀྱི་ཕྱེད་ཀྱང་ཞེས་བྱ་བ་ལ། ཅི་ཞིག་ཅེ་ན། དམིགས་བཅས་ཞེས་བྱ་བར་བསྙེགས་སོ། །ཀྱང་གི་སྒྲས་ནི་བསྡུ་བའི་དོན་ཏེ། གཞན་དག་ན་རེ་ངེས་པར་གཟུང་བའི་

དོན་ཏོ་ཞེས་ཟེར་རོ། །དེ་ལྟར་ན་སེམས་དང་སེམས་ལས་བྱུང་བ་དག་ལས་གཞན་པ་རྣམས་ནི་དམིགས་པ་མེད་པའོ་ཞེས་བྱ་བ་འགྲུབ་བོ། །མ་ཟིན་དགུ་ཞེས་བྱ་བ་འབྱུང་སྟེ། འདི་ལ་དང་གི་སྒྲ་དང་པོ་ནི་བསྡུ་བའི་དོན་ཏོ། །དང་གི་སྒྲ་གཉིས་པ་ནི་སྒྲའི་རྣམ་གྲངས་གཞན་གསལ་བར་བྱ་བའི་དོན་ཏེ།

Vol. 144 · folio 69a

ཁ་ཅིག་ན་རེ་སྒྲ་ཡང་དབང་པོ་དང་ཐ་མི་དད་པ་ཡོད་དོ་ཞེས་ཟེར་རོ། །དགུ་པོ་གཞན་ནི་རྣམ་པ་གཉིས་ཞེས་འབྱུང་བའི་ཕྱིར། དགུ་ནི་མ་ཟིན་པའི་ཁོ་ནའོ་ཞེས་བྱ་བར་ཤེས་སོ། །ཆོས་ཀྱི་ཁམས་ཀྱི་ཕྱེད་དམིགས་པ་དང་བཅས་པར་བཤད་ལ། ཐམས་ཅད་ནི་མ་ཡིན་ལ།

མ་ཟིན་པར་ནི་ཐམས་ཅད་འདོད་པ་ཉིད་དེ། དེའི་ཕྱིར། བརྒྱད་པའི་ཕྱེད་དང་བཅས་ཏེ་ཞེས་སྨོས་སོ། །དགུ་པོ་གཞན་ནི་རྣམ་པ་གཉིས། །ཞེས་བྱ་བ་ལ། བརྩམ་པར་མ་གྱུར་ན་ནི་ཟིན་པ་ཁོ་ནའོ་ཞེས་བྱ་བར་ཤེས་པར་འགྱུར་བ་ཞིག་གོ། །ད་ལྟར་འབྱུང་བ་རྣམས་ནི་ཟིན་པ་ཡིན་ཏེ། དེ་དག་

ལ་ཕན་བཏགས་པ་དང་། གནོད་པ་བྱས་ནས་སེམས་དང་སེམས་ལས་བྱུང་བ་རྣམས་ལ་ཕན་བཏགས་པ་དང་། གནོད་པ་བྱས་པར་འགྱུར་བའི་ཕྱིར་རོ། །འདས་པ་དང་། མ་འོངས་པ་རྣམས་ནི་མ་ཟིན་པ་ཡིན་ཏེ། དེ་དག་ལ་ཕན་བཏགས་པ་དང་གནོད་པ་མི་སྲིད་པའི་ཕྱིར་རོ། །གཟུགས་

ལ་སོགས་པ་དབང་པོ་དང་ཐ་མི་དད་པ་རྣམས་དང་། དབང་པོ་ནི་གྲུབ་པ་དང་བདེན་པ་གཅིག་པའི་ཕྱིར་དབང་པོ་བཞིན་ཐ་མི་དད་དོ། །གཞན་དག་ནི་ད་ལྟར་བ་ཡིན་ཡང་མ་ཟིན་པ་རྣམས་ཏེ། གང་དག་ལུས་འདི་ལ་དབང་པོ་དང་ཐ་དད་པར་གནས་པ་རྣམས་སོ། །འདི་ལྟ་སྟེ། རྩ་བ་མ་གཏོགས་པའི་

ཞེས་བྱ་བ་ལ། སྐྲ་དང་། བ་སྤུ་དང་། སེན་མོ་དང་། སོ་དག་གི་རྩ་བ་ནི་ལུས་ཀྱི་དབང་པོ་དང་ཐ་མི་དད་པས་སྤངས་པའི་ཕྱིར་ཏེ། འདི་ལྟར་སྐྲ་ལ་སོགས་པ་རྣམས་བཏོན་ནས་ཚོར་བ་འབྱུང་གི་བཅད་ནས་ནི་མ་ཡིན་ནོ། །དེ་ལྟར་ན་རེ་ཞིག་ནང་དག་ལ་ཡོད་པའོ། །ཕྱི་རོལ་དག་ལ་ཡོད་པ་བཤད་

པ་ནི། ས་དང་ཆུ་ལ་སོགས་པ་དག་ལ་ཡོད་པ་ཞེས་བྱ་བ་སྟེ། སོགས་པ་སྨོས་པས་ནི་མེ་དང་རླུང་དང་། ཤིང་དང་། སོ་ཕག་ལ་སོགས་པ་དག་སྡུད་དོ། །འདུ་བྱེད་རྣམས་བདག་མེད་པ་ཡིན་དང་འཛིན་པ་པོ་མེད་པས་མིག་ལ་སོགས་པ་རྣམས་ལ་ཟིན་པ་ཉིད་མི་སྲིད་དོ་སྙམ་སྟེ་འདྲི་བ་ནི། ཟིན་པ་

ཞེས་བྱ་བའི་དོན་ཅི་ཞེ་ན་ཞེས་བྱ་བའོ། །བསྟན་བཅོས་ལས་ནི་བདག་གི་ལུས་སུ་གཏོགས་པའི་ཞེས་འབྱུང་ངོ་། །དེ་ཡང་ཅི་ཞིག་ཅེ་ན། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་བདག་གིར་བྱས་པ་གང་ཡིན་པའོ། །བདག་གིར་བྱས་པ་ཞེས་བྱ་བ་ནི་གང་ཞིག་སེམས་དང་སེམས་ལས་

Vol. 144 · folio 69b

བྱུང་བ་རྣམས་ཀྱིས་རྟེན་གྱི་དངོས་པོར་ཉེ་བར་གཟུང་བའོ། །སེམས་དང་སེམས་ལས་བྱུང་བ་གཟུགས་ཅན་མ་ཡིན་ཞིང་། ཡུལ་ན་མི་གནས་པ་རྣམས་ཀྱིས་རྟེན་གྱི་དངོས་པོར་ཉེ་བར་གཟུང་བ་ནི་མོས་པར་དཀའོ་ཞེ་ན། དེའི་ཕྱིར་རྣམ་པ་ཕན་པ་དང་གནོད་པ་དག་གི་ཕན་ཚུན་མཐུན་པར་བྱེད་པའི་ཕྱིར་ཉེ་

བར་གཟུང་བ་ཡིན་གྱི། དེ་ལ་གནས་པའི་ཕྱིར་ནི་མ་ཡིན་ནོ། །འདི་ལྟར་མིག་ལ་སོགས་པ་རྣམས་ལ་སྣར་བླུགས་པ་དང་མིག་སྨན་ལ་སོགས་པས་ཕན་བཏགས་ན། རྣམ་པར་ཤེས་པ་གསལ་ཞིང་མ་འཁྲུགས་པ་སྐྱེ་བར་རླུང་ལ་སོགས་པས་གནོད་པ་བྱས་ན་མི་གསལ་བ་དང་འཁྲུགས་པ་སྐྱེ་བ་

ཡིན་ནོ། །དེ་བཞིན་དུ་རྣམ་པར་ཤེས་པ་ཚོར་བ་བདེ་བ་དང་། སྡུག་བསྔལ་དང་མཚུངས་པར་ལྡན་པ་རྣམས་སྐྱེས་ན་མིག་ལ་སོགས་པ་རྣམས་འཕེལ་བ་དང་། འགྲིབ་པར་འགྱུར་ཏེ། དེ་ལྟར་ན་ཕན་ཚུན་མཐུན་པར་བྱེད་པ་ཡིན་ནོ། །སེམས་དང་སེམས་ལས་བྱུང་བ་རྣམས་མིག་ལ་སོགས་པ་རྣམས་

ཀྱིས་ཟིན་པ་ཉིད་དུ་ཐལ་བར་འགྱུར་བ་སྤངས་པའི་ཕྱིར། འཇིག་རྟེན་ན་སེམས་པ་དང་བཅས་པའོ་ཞེས་བརྗོད་པ་གང་ཡིན་པའོ་ཞེས་བྱ་བ་སྨོས་སོ། །གང་ཞིག་ལ་འཇིག་རྟེན་ན་སེམས་པ་དང་བཅས་པ་ཞེས་བརྗོད་ཅེ་ན། གང་གི་རྟེན་ལ་གནོད་པ་བྱས་པས་སྡུག་བསྔལ་འབྱུང་བ་དང་། གང་ཞིག་

འདིས་རྩྭ་ཀུ་ཤ་དང་། ཚྭ་སྒོ་དང་། མེ་དང་། ཚེར་མ་དང་། གནམ་ལྕགས་ལ་སོགས་པ་དག་ལས་སྲུང་བ་དང་། གང་ཞིག་འདོད་པ་དང་། ཁྲོ་བ་དང་། མྱ་ངན་དང་། འཇིག་པ་དང་དགའ་བ་ལ་སོགས་པ་དག་གིས་རྣམ་པར་འགྱུར་བའོ། །སེམས་དང་སེམས་ལས་བྱུང་བ་རྣམས་ནི་

འཛིན་པ་ཡིན་པའི་ཕྱིར་ཟིན་པའོ་ཞེས་མི་བརྗོད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་གཟུགས་གང་ཞིག་ལ་གཟིར་བའམ། བཅད་པ་ན་སྡུག་བསྔལ་འབྱུང་ཞིང་། བཟློག་པས་བདེ་བ་འབྱུང་བ་དེ་ནི་ཟིན་པའོ་ཞེས་ཟེར་རོ། །རེག་བྱ་རྣམ་པ་གཉིས་ཡིན་ཏེ་ཞེས་བྱ་བ་ལ། འདི་ཅི་ཞིག་ངེས་པར་བཟུང་

སྟེ། ཅི་རེག་བྱ་ཉིད་རྣམ་པ་གཉིས་ཡིན་ནམ། འོན་ཏེ་རེག་བྱ་རྣམ་པ་གཉིས་ཉིད་ཡིན་ཞེ་ན། གཉིས་ཀ་ལྟར་ཡང་ངེས་པར་གཟུང་དུ་རུང་ངོ་། །འབྱུང་བ་དང་འབྱུང་བ་ལས་གྱུར་པའོ་ཞེས་བྱ་བ་ལ། ཅིའི་ཕྱིར་འབྱུང་བ་ལས་གྱུར་པ་ཞེས་བརྗོད་ཅེ་ན། འབྱུང་བ་དག་ལ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་

Vol. 144 · folio 70a

སྨོས་ཏེ། སྐྱེ་ཕྱིར་རྟེན་ཕྱིར་གནས་ཕྱིར་དང་། །རྟོག་པའི་ཕྱིར་དང་འཕེལ་ཕྱིར་རོ། །ལྷག་མ་གཟུགས་ཅན་དགུ་པོ་ནི། །འབྱུང་འགྱུར་ཞེས་བྱ་བ་ལ། གང་ལས་ལྷག་མ་ཡིན་ཞེ་ན། རེག་བྱའི་ཁམས་བཤད་ཟིན་པ་ལས་ལྷག་མ་དག་གོ། །ལྷག་མ་ཞེས་སྨྲས་པས་

གཟུགས་ཅན་མ་ཡིན་པ་ལ་ཐལ་བར་འགྱུར་བའི་ཕྱིར་གཟུགས་ཅན་ཞེས་བྱ་བ་སྨོས་སོ། །ཆོས་ཀྱི་ཁམས་ལ་ཡང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཡོད་པས་གཟུགས་ཅན་ཉིད་ཡིན་པ་དེའི་ཕྱིར་དགུ་པོ་ཞེས་བྱ་བ་སྨོས་སོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་འབྱུང་

བ་ལས་གྱུར་པ་ལས་ཡིན་པས་དེའི་ཕྱིར་དེ་བསྡུ་བའི་ཕྱིར། ཆོས་ཁམས་ཕྱོགས་གཅིག་ཀྱང་ཞེས་བྱ་བ་སྨོས་སོ། །ཀྱང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །གཞན་དག་ན་རེ་ཀྱང་གི་སྒྲ་ནི་ཁམས་འབྱུང་བའི་བདག་ཉིད་ཁོ་ན་ཡོད་པ་མ་ཡིན་པ་ཉིད་དུ་བསྟན་པའི་དོན་ཏོ་ཞེས་ཟེར་རོ། །ལྷག་མ་

རྣམས་ནི་མ་བརྩམས་པ་ཁོ་ནས་གཉིས་ཀ་མ་ཡིན་པ་ཞེས་བྱ་བ་འགྲུབ་བོ། །སྐྱེ་མཆེད་བཅུ་པོ་དག་ནི་འབྱུང་བ་ཙམ་མོ་ཞེས་ཟེར་རོ་ཞེས་བྱ་བ་ལ། ཙམ་གྱི་སྒྲ་ནི་འབྱུང་བ་ལས་གྱུར་པ་ཡིན་པ་རྣམ་པར་གཅད་པའི་དོན་ཏོ། །དེ་ལྟ་ཡིན་དང་དྲི་བ་དང་ལན་མི་འཐད་དོ་ཞེའོ། །སྐྱེ་མཆེད་བཅུ་པོ་

དེ་ནི་འབྱུང་བ་ཙམ་མོ་ཞེས་བྱ་བ་དེ་ནི་དེ་ལྟ་མ་ཡིན་ནོ། །ཚིག་ཙམ་གྱིས་དད་པར་མི་འགྱུར་བས་རྒྱུ་སྨྲས་པ་ནི། འབྱུང་བ་རྣམས་ནི་བཞི་ཉིད་དང་སྲ་བ་ལ་སོགས་པ་མཚན་ཉིད་དུ་ངེས་པར་གཟུང་བའི་ཕྱིར་རོ་ཞེས་བྱ་བ་སྟེ། མདོ་ལས། བཞི་ཉིད་དུ་ངེས་པར་གཟུང་བའི་ཕྱིར་དང་། སྲ་བ་ལ་

སོགས་པ་མཚན་ཉིད་དུ་ངེས་པར་གཟུང་བའི་ཕྱིར་རོ། །དེ་ལ་འབྱུང་བ་ཆེན་པོ་འདི་དག་ནི་བཞི་སྟེ་ཞེས་བཞི་ཉིད་དུ་ངེས་པར་གཟུང་བས་ནི་འབྱུང་བ་ཆེན་པོ་བཅུ་དག་མེད་དོ་ཞེས་སྟོན་ཏེ། གལ་ཏེ་འབྱུང་བ་ལས་ཐ་དད་པའི་འབྱུང་བ་ལས་གྱུར་པ་མེད་ན། དེ་ལྟ་ཡིན་དང་སྐྱེ་མཆེད་ནི་བཞིའམ་གཅིག་

གོ་ཞེས་བརྗོད་དགོས་ཀྱི། བཅུ་ཞེས་མ་ཡིན་ནོ། །སྲ་བ་ལ་སོགས་པའི་མཚན་ཉིད་དུ་ངེས་པར་གཟུང་བ་ནི་མིག་ལ་སོགས་པ་རྣམས་དང་། གཟུགས་ལ་སོགས་པ་རྣམས་འབྱུང་བ་དག་གི་ནང་དུ་མ་འདུས་པར་སྟོན་ཏེ། སྲ་བ་ལ་སོགས་པའི་རང་གི་ངོ་བོ་དང་མཚན་ཉིད་མི་མཐུན་པའི་ཕྱིར་ཏེ།

Vol. 144 · folio 70b

ཚོར་བ་ལ་སོགས་པ་བཞིན་ནོ། །ཡང་ཇི་ལྟར་དེ་རྣམས་འབྱུང་བ་དག་དང་མཚན་ཉིད་མི་མཐུན་པར་ཁོང་དུ་ཆུད་ཅེ་ན། འབྱུང་བ་དེ་དག་རེག་བྱ་ཡིན་པའི་ཕྱིར་དང་། རེག་པའི་ཡུལ་ཡིན་པའི་ཕྱིར་རོ། །འབྱུང་བའི་བདག་ཉིད་ཅན་དུ་ཁྱད་པར་མེད་པའི་ཕྱིར་གཟུགས་ལ་སོགས་པ་ཐམས་ཅད་

དབང་པོ་ཐམས་ཅད་ཀྱི་གཟུང་བར་བྱ་བར་འགྱུར་ཞིང་། དེའི་ཕྱིར་དབང་པོ་དུ་མ་དོན་མེད་པར་འགྱུར་ན། དེ་ནི་ཡོད་པ་ཡང་མ་ཡིན་ནོ། །མིག་ལ་སོགས་པས་ཀྱང་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་རྣམས་ཀྱིས་ནི་སྲ་བ་ལ་སོགས་པ་སྟེ། སྲ་བ་དང་། གཤེར་བ་དང་། དྲོ་བ་དང་།

ཡང་ཞིང་གཡོ་བ་ཉིད་དག་མི་འཛིན་ཏེ། དེའི་ཕྱིར་ས་ལ་སོགས་པ་དག་གཟུགས་ལ་སོགས་པའི་བདག་ཉིད་མ་ཡིན་ནོ། །ལུས་ཀྱི་དབང་པོས་ཀྱང་ཁ་དོག་ལ་སོགས་པ་སྟེ། ཁ་དོག་དང་། སྒྲ་དང་། དྲི་དང་། རོ་དག་འཛིན་པ་མ་ཡིན་ཏེ། དེའི་ཕྱིར་གཟུགས་ལ་སོགས་པ་རྣམས་འབྱུང་

བའི་རང་བཞིན་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །མིག་ལ་སོགས་པ་རྣམས་ནི་ཡུལ་ཅན་ཡིན་པའི་ཕྱིར་དང་། ཡུལ་ངེས་པའི་ཕྱིར་ཡུལ་དག་དང་རང་བཞིན་ཐ་དད་པ་དང་། ཕན་ཚུན་རང་བཞིན་ཐ་དད་པར་ཁོང་དུ་ཆུད་པར་བྱའོ། །དེའི་ཕྱིར་སྐྱེ་མཆེད་བཅུ་པོ་དག་ནི་འབྱུང་བ་ཙམ་མ་ཡིན་པར་

གྲུབ་བོ། །འདི་ནི་རེ་ཞིག་རིགས་པ་ཡིན་ནོ། །ད་ནི་ལུང་སྟོན་ཏེ། མདོ་ལས་དགེ་སློང་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། གཟུགས་སུ་རུང་བས་ན་གཟུགས་ཏེ། གནོད་པར་བྱར་རུང་ཞེས་བྱ་བའི་དོན་ཏོ། །དེ་འདི་ལ་ཡོད་པས་ན་མིག་ལ་སོགས་པའི་སྐྱེ་མཆེད་ལ་གཟུགས་ཅན་ཞེས་བྱའོ། །

རེག་བྱའི་སྐྱེ་མཆེད་ཁོ་ནས་འབྱུང་བ་ཆེན་པོ་བཞི་དག་གོ་ཞེས་བྱ་བར་གསུངས་ཀྱི། མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ནི་མ་ཡིན་ཏེ། རྒྱུ་བྱས་པ་ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །རེག་བྱའི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་ཁོ་ནས་འབྱུང་བ་རྣམས་བསྡུས་པའི་ཕྱིར་ལྷག་མ་མིག་ལ་སོགས་པ་དང་། འཇམ་

པ་ཉིད་ལ་སོགས་པ་ནི་འབྱུང་བ་དག་མ་ཡིན་ནོ་ཞེས་བྱ་བར་གསལ་བར་ཀུན་དུ་བསྟན་པ་ཡིན་ནོ། །ཐམས་ཅད་དུ་འབྱུང་བའི་བདག་ཉིད་ཡིན་ན་རེག་བྱའི་སྐྱེ་མཆེད་ཁོ་ན་རྣམ་པ་གཉིས་སུ་བསྟན་གྱི། མིག་ལ་སོགས་པའི་སྐྱེ་མཆེད་རྣམས་མ་ཡིན་པ་དང་། མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཁོ་ན་རྣམ་པ་

Vol. 144 · folio 71a

གཅིག་ཏུ་བསྟན་གྱི། རེག་བྱའི་སྐྱེ་མཆེད་མ་ཡིན་པ་ཞེས་བྱ་བ་འདི་ལ་འབྱུང་བ་དང་འབྱུང་བ་ལས་གྱུར་པ་གཉིས་རང་གི་ངོ་བོ་ཐ་དད་པས་རྒྱུ་གཞན་པོ་མ་ཡིན་པ་མ་ཡིན་ཏེ། དེའི་ཕྱིར་མདོ་དང་འགལ་བས་སྐྱེ་མཆེད་བཅུ་པོ་དག་འབྱུང་བ་ཙམ་མ་ཡིན་ནོ། །འོ་ན་མདོ་ལས་གང་ཞེས་བྱ་བ་

རྒྱས་པར་འབྱུང་བ་ལ། གལ་ཏེ་མིག་འབྱུང་བའི་རང་བཞིན་མ་ཡིན་ན། ཅིའི་ཕྱིར་འདི་སྐད་དུ། མིག་གི་ཤའི་གོང་བུ་ལ། །སྲ་བ་མཁྲེགས་པར་གྱུར་པ་སྟེ། །མཁྲང་བའི་རྣམ་པ་གང་ཡིན་པ། །ཞེས་གསུངས་ཤེ་ན། དེ་དང་ཐ་མི་དད་པར་འདུག་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་ལས་

མིག་དེ་དང་ཐ་མི་དད་པར་འདུག་པའི་ངང་ཚུལ་ཡོད་པས་ཐ་མི་དད་པར་འདུག་པའོ། །འདི་སྐད་བསྟན་པར་འགྱུར་ཏེ། གང་མིག་གི་ཤའི་གོང་བུ་ལ། །ཞེས་བྱ་བ་ལ་ཉེ་བར་བསྟན་པ་འདི་ནི་ཤའི་མིག་གི་གོང་བུ་གང་ཞིག་མིག་གི་དབང་པོ་དང་ལྷན་ཅིག་འདུག་ཅིང་། དེའི་རྟེན་དུ་གྱུར་པ་དེའི་ཡིན་ཏེ། རྟེན་ལ་

བརྟེན་པ་བཏགས་པའི་ཕྱིར་རོ། །གང་གི་ཕྱིར་མིག་ནི་ཤའི་གོང་བུའི་བདག་ཉིད་མ་ཡིན་ཏེ། དང་བའི་བདག་ཉིད་ཅན་མ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་འཇིག་རྟེན་གྱི་ཐ་སྙད་དང་མཐུན་པར་ཐ་སྙད་གདགས་པའི་ཕྱིར་དེ་སྐད་གསུངས་ཏེ། འཇིག་རྟེན་ན་ནི་དེའི་རྟེན་ཤའི་གོང་བུ་འབྱུང་བ་དང་འབྱུང་

བ་ལས་གྱུར་པའི་བདག་ཉིད་ཅན་ལ་མིག་ཏུ་འདུ་ཤེས་ཀྱི། དབང་པོ་ལ་ནི་མ་ཡིན་ནོ་ཞེས་ཟེར་རོ། །ཡང་ན་རྒྱུ་མཚན་གྱི་འདུན་པ་བརྗོད་པར་གཞིའི་འདུན་པ་མ་ཡིན་པར་རྟོགས་པར་འགྱུར་ཏེ། དེ་ལས་འབྱུང་བ་དབང་པོ་དེ་དང་ཐ་མི་དད་པ་འདུག་པ་གོང་བུ་མཐའ་དག་གི་རྟེན་གསུངས་པའི་ཕྱིར་རོ། །

གལ་ཏེ་མིག་ལ་སོགས་པ་རྣམས་དང་། གཟུགས་ལ་སོགས་པ་རྣམས་འབྱུང་བའི་བདག་ཉིད་མ་ཡིན་ན་དགེ་སློང་མི་འདི་ནི་ཁམས་དྲུག་པ་ཡིན་ཏེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་ཡིན་ནོ་ཞེས་བྱ་བ་སྟོན་པའི་གསུང་དང་འགལ་བར་

འགྱུར་ཏེ། གཟུགས་ལ་སོགས་པ་དང་། མིག་ལ་སོགས་པ་ས་ལ་སོགས་པ་ལས་ཐ་དད་པ་རྣམས་ཡོད་ན་མི་འདི་ནི་ཁམས་དྲུག་པ་ཡིན་ནོ་ཞེས་བརྗོད་པར་མི་རིགས་སོ་ཞེ་ན། མངལ་དུ་འཇུག་པ་ན་སེམས་ཅན་གྱི་རྫས་ཀྱི་གཞི་བསྟན་པར་བྱ་བའི་ཕྱིར་ཏེ། མདོ་ནི་དགོངས་པ་ཅན་ཡིན་པའི་ཕྱིར་

Vol. 144 · folio 71b

འགལ་བ་མེད་དོ། །དེ་ལས་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ཀྱི་སེམས་ཅན་གྱི་རྫས་ཀྱི་གཞི་སྟེ། དང་པོ་བསྟན་པའི་ཕྱིར་གཟུགས་ལ་སོགས་པ་རྣམས་ཡོད་བཞིན་དུ་ཁམས་དྲུག་ཏུ་གསུངས་ཏེ། དེ་ལ་འབྱུང་བ་བཞི་ལས་མིག་ལ་སོགས་པ་རེག་པའི་སྐྱེ་མཆེད་རྣམས་སྐྱེ་བའི་ཕྱིར་དང་།

རྣམ་པར་ཤེས་པའི་ཁམས་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའི་སྐྱེ་མཆེད་དེ། ཅི་ཞེ་ན། སྐྱེ་བའི་ཕྱིར་སེམས་ཅན་གྱི་རྫས་ཀྱི་གཞི་ཡིན་ནོ། །མིག་ལ་སོགས་པ་རྣམས་དང་། གཟུགས་ལ་སོགས་པ་རྣམས་འབྱུང་བ་ལ་བརྟེན་པའི་ཕྱིར་འབྱུང་བ་དག་བཞིར་བསྟན་གྱི། བརྟེན་པ་སེམས་ལས་བྱུང་བ་

རྣམས་དང་། འབྱུང་བ་ལས་གྱུར་པ་ནི་མ་ཡིན་ནོ། །གཞན་དག་ནི་ཉིང་མཚམས་འབྱོར་པར་འབྲེལ་བའི་ཚེ་མིག་ལ་སོགས་པ་རྣམས་མེད་པས་དེ་དག་མ་གསུངས་ལ། དེའི་ཚེ་ལུས་ཀྱི་དབང་པོ་ཡོད་མོད་ཀྱི། དེས་དེའི་གནས་སྐབས་ན་གྲང་བ་ལ་སོགས་པ་ཡོངས་སུ་གཅོད་པར་ནི་མི་ནུས་ཏེ།

ཡོད་ཀྱང་རང་གི་དགོས་པ་མི་བྱེད་པ་གང་ཡིན་པ་དེ་ནི་དགོས་པ་དང་མི་ལྡན་པ་རྣམས་ཀྱིས་རྣམ་པར་མི་འཇོག་གོ་སྙམ་དུ་སེམས་སོ། །དེ་ལྟར་ན་ཁམས་དྲུག་པོ་འདི་དག་སེམས་ཅན་གྱི་རྫས་ཀྱི་གཞི་ཡིན་ཏེ། ཉིང་མཚམས་སྦྱོར་སེམས་ནས་འཆི་འཕོ་བའི་སེམས་ཀྱི་བར་དུ་དགོས་པ་དང་བཅས་པའི་

ཕྱིར་རོ། །གལ་ཏེ་སྟོན་པའི་དགོངས་པ་དེ་ལྟར་ཡིན་གྱི། འབྱུང་བ་ཙམ་ཞིག་བཞེད་པ་ནི་མ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་ཅེ་ན། ཡང་རིག་པའི་ཚོགས་དྲུག་གསུངས་པའི་ཕྱིར་ཏེ། མདོ་དེ་ཉིད་ལས་མིག་གི་འདུས་ཏེ་རེག་པའི་སྐྱེ་མཆེད་ནས་ཡིད་ཀྱི་འདུས་ཏེ་རེག་པའི་སྐྱེ་མཆེད་ཀྱི་བར་རེག་པའི་

སྐྱེ་མཆེད་དྲུག་གསུངས་ཏེ། དེའི་ཕྱིར་འབྱུང་བ་ཙམ་མ་ཡིན་པའི་ཕྱིར་ཁམས་དྲུག་གསུངས་པ་ཡིན་ནོ་ཞེས་བྱ་བར་ཤེས་ཏེ། དེ་ལྟར་མ་ཡིན་ན་མིག་ལ་སོགས་པ་རྣམས་སའི་ཁམས་ལ་སོགས་པ་ལས་ཐ་མི་དད་པའི་ཕྱིར། རེག་པའི་སྐྱེ་མཆེད་དྲུག་ཅེས་ཡང་མི་གསུང་བར་ཡང་མི་འགྱུར་

རོ། །དེ་ལ་མིག་ཉིད་རེག་པའི་སྐྱེ་མཆེད་ཡིན་པ་ནི་མིག་གི་རེག་པའི་སྐྱེ་མཆེད་དེ། ཡིད་ཀྱི་རེག་པའི་སྐྱེ་མཆེད་ཀྱི་བར་ནི་སེམས་ལས་བྱུང་བའི་ཆོས་རེག་པའི་རྟེན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ལས་བྱུང་བ་རྣམས་མེད་པར་ཐལ་བར་འགྱུར་བའི་ཡང་ཕྱིར་རོ། །ཅི་ཡིན་ཞེ་ན། ཁམས་དྲུག་ཙམ་ཡིན་པའི་ཕྱིར་

Vol. 144 · folio 72a

མདོ་ལས་ཁམས་དྲུག་གསུངས་ཀྱི། འབྱུང་བ་ལས་གྱུར་པ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། སེམས་ཀྱི་རྫས་ཀྱི་གཞི་བསྟན་པའི་ཕྱིར་ཡིན་ནོ། །གལ་ཏེ་མདོ་ལས་སའི་ཁམས་ལ་སོགས་པ་ལྟར་མིག་ལ་སོགས་པ་དང་། གཟུགས་ལ་སོགས་

པ་རྣམས་མ་གསུངས་པས་དེ་རྣམས་མེད་པར་འདོད་ན་དེ་ལྟར་ན་ཚོར་བ་ལ་སོགས་པ་སེམས་ལས་བྱུང་བ་རྣམས་ཀྱང་མ་གསུངས་པས་དེ་དག་ཀྱང་མེད་པར་ཐལ་བར་འགྱུར་རོ། །ཅི་སྟེ་ཇི་ལྟར་འབྱུང་བ་དག་ཁོ་ནས་འབྱུང་བ་ལས་གྱུར་པ་ཡིན་པ་དེ་བཞིན་དུ་སེམས་ཉིད་སེམས་ལས་བྱུང་བ་རྣམས་ཡིན་གྱི་

སེམས་ལས་དོན་གཞན་དུ་གྱུར་པ་ནི་མ་ཡིན་པས་ཐལ་བ་འདིར་མི་འགྱུར་རོ་ཞེ་ན། དེའི་ཕྱིར། སེམས་ཉིད་ཅེས་བྱ་བ་རྒྱས་པར་སྨོས་སོ། །ཅིའི་ཕྱིར་ཞེ་ན། མདོ་དང་འགལ་བའི་ཕྱིར་ཏེ། མདོ་ལས་འདུ་ཤེས་དང་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གཞན་ཡང་སེམས་འདོད་ཆགས་དང་བཅས་

པ་ལ་སོགས་པ་འབྱུང་བའི་ཕྱིར་ཏེ། མདོ་ལས་ཞེས་བྱ་བར་སྦྱར་རོ། །སེམས་ཉིད་སེམས་ལས་བྱུང་བ་རྣམས་ཡིན་ནོ་ཞེས་ཁས་བླང་བར་ནི་མི་རིགས་ཏེ། གང་གི་ཕྱིར་སེམས་འདོད་ཆགས་དང་བཅས། སེམས་ཞེ་སྡང་དང་བཅས། སེམས་གཏི་མུག་དང་བཅས་ཞེས་གསུངས་པའི་ཕྱིར་རོ། །

གཞན་ཞིག་གཞན་དང་བཅས་སོ་ཞེས་བྱ་བར་ནི་བརྗོད་ཀྱི། བདག་ཉིད་བདག་ཉིད་དང་ནི་མ་ཡིན་ཏེ། དེའི་ཕྱིར་སེམས་ཉིད་སེམས་ལས་བྱུང་བ་རྣམས་ཡིན་ནོ་ཞེས་བྱ་བར་ཁས་བླང་བར་མི་རིགས་སོ། །དེ་ལྟ་བས་ན་བྱེ་བྲག་ཏུ་སྨྲ་བའི་ལུགས་ཉེ་བར་བཀོད་པ་ཁོ་ན་ལེགས་སོ། །གཟུགས་ཅན་བཅུ་

ནི་བསགས་པའོ་ཞེས་བྱ་བ་ལ། གཟུགས་ཅན་བཅུ་ཁོ་ན་བསགས་པ་ཞེས་བྱ་བར་ངེས་པར་གཟུང་བ་ཉིད་ཀྱིས་གཞན་བརྒྱད་བསགས་པ་མ་ཡིན་པའོ་ཞེས་བྱ་བར་རྟོགས་སོ། །ཡང་ཇི་ལྟར་ན་དེ་དག་བསགས་པ་མ་ཡིན་ཞེ་ན། དེའི་ཕྱིར། རྡུལ་ཕྲ་རབ་འདུས་པ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །

གཅོད་བྱེད་གཅད་པར་བྱ་བ་ཉིད། །ཕྱི་རོལ་གྱི་ནི་ཁམས་བཞི་ཡིན། །ཞེས་བྱ་བ་ལ། ཕྱི་རོལ་སྨོས་པ་ནི་ནང་གི་ཁམས་བསལ་བར་བྱ་བའི་ཕྱིར་རོ། །བཞི་སྨོས་པ་ནི་སྒྲ་དང་ཆོས་ཀྱི་ཁམས་བསལ་བར་བྱ་བའི་ཕྱིར་རོ། །དགྲ་སྟ་དང་ཤིང་ཞེས་བྱ་བ་ལ་སོགས་པའོ་ཞེས་བྱ་བ་ལ། སོགས་པའི་སྒྲས་ནི་རེ་

Vol. 144 · folio 72b

རེ་དང་སྦྱར་བར་བྱ་སྟེ། དགྲ་སྟ་དང་རལ་གྲི་ཞེས་བྱ་བ་ལ་སོགས་པ་ནི་གཅོད་པར་བྱེད་པའོ། །ཤིང་དང་ལུས་ཞེས་བྱ་བ་ལ་སོགས་པ་ནི་གཅད་པར་བྱ་བའོ། །འདིར་ནིའི་སྒྲ་ནི་གཉིས་ཆར་ལ་གཉིས་ཀ་བསྟན་པའི་དོན་ཏེ། འདིར་ནི་གྲགས་པའི་དབང་གིས་ཐ་དད་པར་དཔེར་བརྗོད་དོ། །ཉིད་ཀྱི་

སྒྲ་ནི་ངེས་པར་གཟུང་བའི་དོན་ཏེ། ཕྱི་རོལ་གྱི་ཁོ་ནའོ་སྙམ་དུ་དགོངས་སོ། །གལ་ཏེ་བདག་ཉིད་དུ་རེད་མ་ཐག་ཏུ་འཇིག་པའི་འདུ་བྱེད་ཐམས་ཅད་ལ་བྱ་བ་མེད་པས་གཅོད་པ་ཞེས་བྱ་བའི་ཆོས་འདི་ནི་ཅི་ཞེ་ན་ཞེས་བྱ་བ་ནི་སྐད་ཅིག་མ་ཉིད་ཀྱི་ཕྱིར་གཅད་པར་བྱ་བ་དང་། གཅོད་པར་བྱེད་པ་མེད་ན་གཅོད་

པ་ཞེས་བྱ་བའི་ཆོས་འདི་ཅི་ཞིག་ཅེས་བྱ་བའོ། །འདུས་པའི་རྒྱུན་འབྲེལ་པར་འབྱུང་བ་ཅན་རྣམ་པར་འབྱེད་པ་སྐྱེད་པའོ་ཞེས་བྱ་བ་ལ། འབྲེལ་པ་ནི་རྒྱུ་དང་འབྲས་བུར་འབྲེལ་པའོ། །འདི་ལ་རྒྱུན་མི་འཆད་པར་འབྱུང་བ་ཡོད་པས་ན་འབྲེལ་པར་འབྱུང་བ་ཅན་ཏེ། འདུས་པའི་རྒྱུན་རྒྱུད་ཆགས་པ་

འབྲེལ་པར་འབྱུང་བ་ཅན་དེ་རྣམ་པར་འབྱེད་པའི་སྐྱེད་པས་གཅོད་པ་ཞེས་བྱའི། གཅད་པར་བྱ་བའི་རྒྱུན་ལས་དོན་གཞན་དུ་གྱུར་པ་ནི་མ་ཡིན་ནོ། །རྡུལ་ཕྲ་རབ་གཅིག་ལ་རྣམ་པར་འབྱེད་པ་སྐྱེ་བ་མེད་པའི་ཕྱིར་དང་། འབྲེལ་པ་དང་རྣམ་པར་བྱེ་བའི་དུས་གཉིས་ཀྱང་རྫས་ཀྱི་སྐད་ཅིག་གཅིག་ལ་མི་

སྲིད་པས་འདུས་པའི་རྒྱུན་ལ་ཞེས་བྱ་བ་སྨོས་སོ། །ལུས་ཀྱི་དབང་པོ་ལ་སོགས་པ་ནི་གཅད་པར་བྱ་བ་མ་ཡིན་ཞེས་བྱ་བ་ལ། ལུས་ཀྱི་དབང་པོ་ལ་སོགས་པ་དག་ལ་ནི་རྣམ་པ་དེ་ལྟ་བུའི་གཅོད་པ་དེ་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། ཡན་ལག་མ་ལུས་པར་བཅད་ན་དེ་དག་ལ་གཉིས་སུ་བྱར་མེད་པའི་ཕྱིར་རོ། །

མ་ལུས་པར་སྨོས་པ་ནི་ཡན་ལག་འཕྲོ་དང་བཅས་པར་བཅད་ན་དབང་པོ་ལ་རྣམ་པར་དབྱེ་བ་མཐོང་བའི་ཕྱིར་རོ། །འདི་ལ་ཡང་ཚིག་ཙམ་གྱིས་དད་པར་མི་འགྱུར་རོ་ཞེ་ན། དེའི་ཕྱིར། དབང་པོ་རྣམས་ལ་ནི་གཉིས་སུ་འགྱུར་བ་མེད་དོ་ཞེས་བྱ་བ་སྨོས་སོ། །ནིའི་སྒྲ་ནི་དབང་པོ་རྣམས་ནི་གཅོད་པར་བྱེད་པའི་

རྐྱེན་གྱིས་རྣམ་པ་གཉིས་སུ་སྦྱར་མི་ནུས་པ་ཉིད་དོ་ཞེས་ངེས་པར་གཟུང་བའི་དོན་ཏོ། །དེ་ཉིད་ལ་རྒྱུ་སྨྲས་པ། གཅད་པའི་ཡན་ལག་ལ་དབང་པོ་མེད་པའི་ཕྱིར་རོ། །དེ་ཡང་ཡན་ལག་དེས་ཡུལ་མི་འཛིན་པ་ལས་ཤེས་ཏེ། འདི་ནི་རབ་ཏུ་གྲགས་པས་མ་བཤད་དོ། །དེ་ལྟ་ན་གལ་ཏེ་སྣའི་རྩེ་མོ་བཅད་པ་སླར་

Vol. 144 · folio 73a

སྦྱར་བས་ལུས་ཀྱི་རྣམ་པར་ཤེས་པ་ཇི་ལྟར་བསྐྱེད་ཅེ་ན། རྒྱས་པ་ལས་འབྱུང་བའི་དབང་པོ་སྐྱེ་བའི་ཕྱིར་ཉེས་པ་མེད་དེ། འདིས་ནི་དུད་འགྲོའི་ཁྱད་པར་འགའ་ཞིག་གི་མཇུག་མ་གཅད་པ་སླར་སྐྱེ་བ་ཡང་རྣམ་པར་བཤད་པ་ཡིན་ནོ། །གཅོད་པར་བྱེད་པ་ཡང་མ་ཡིན་ནོ་ཞེས་

བྱ་བ་ལ། དབང་པོའི་མཚན་ཉིད་ཅན་རྣམས་ནི་ནོར་བུའི་འོད་བཞིན་དུ་དངས་པའི་ཕྱིར་རོ། །ནོར་བུའི་འོད་ནི་གཅད་པར་བྱ་བ་མ་ཡིན་ཏེ། ནོར་བུ་མ་ལུས་པར་བཅད་ན་དེ་གཉིས་སུ་བྱར་མེད་པའི་ཕྱིར་ཏེ། འདི་ནི་ངེས་པར་གཟུང་བ་ལས་རྙེད་པར་འགྱུར་རོ། །དེ་བཞིན་བསྲེག་བྱ་འཇལ་བྱེད་པའོ། །

ཞེས་བྱ་བ་ནི་བསྒྲེ་བ་སྨོས་པ་སྟེ། དེ་དག་ཉིད་བསྲེག་པར་བྱ་བ་ཡིན་ལ། དེ་ཉིད་འཇལ་བར་བྱེད་པ་ཡིན་ནོ། །སྲེག་པ་ཞེས་བྱ་བའི་ཆོས་འདི་ཅི་ཞེ་ན། རྒྱུའི་རྒྱུན་ལས་མེ་ལ་སོགས་པའི་རྐྱེན་གྱི་རྒྱུ་ཅན་འབྲས་བུ་མི་འདྲ་བ་སྐྱེ་བའོ། །དབང་པོ་རྣམས་ནི་མ་ཡིན་ཏེ། དངས་པའི་ཕྱིར་འོད་བཞིན་ནོ་སྟེ།

དབང་པོ་ནི་བསྲེག་པར་བྱ་བ་དང་། འཇལ་བར་བྱེད་པ་མ་ཡིན་ཏེ། དངས་པའི་ཕྱིར་རོ། །སྒྲ་ཡང་མ་ཡིན་ཏེ། ཆད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། རྒྱུན་ཆགས་པར་འདུག་པ་མ་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་རྣམས་དང་ལྷན་ཅིག་རྒྱུན་ཆགས་སུ་གནས་པ་མ་ཡིན་ཏེ། དེའི་ཕྱིར་འདི་ལ་

དྲུག་ཚན་འདི་དག་ཡོད་པ་མ་ཡིན་ནོ། །སྲེག་དང་གཞལ་ལ་མི་མཐུན་སྨྲ། །ཞེས་བྱ་བ་ལ། སྲེག་དང་གཞལ་བ་ནི་སྲེག་དང་གཞལ་བ་དག་སྟེ། སྲེག་པ་དང་གཞལ་བ་དེ་དག་ལའོ། །ཅི་སྟེ་ཞེ་ན། མི་མཐུན་སྨྲའོ། །མི་མཐུན་པར་སྨྲ་བ་ནི་རིགས་ཏེ། ཕྱོགས་གཉིས་ཀ་རིགས་པར་མཐོང་བའི་ཕྱིར་

རོ། །ཇི་ལྟར་ཞེ་ན་སྨྲས་པ། ཁ་ཅིག་ན་རེ་ཁམས་བཞི་པོ་དེ་དག་ཉིད་སྲེག་པར་བྱེད་པ་ཡིན་ཏེ། མཐའ་དག་རྣམ་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བརྗོད་དོ། །ཁ་ཅིག་ན་རེ། མེའི་ཁམས་ཁོ་ན་སྲེག་པར་བྱེད་པ་ཡིན་ཏེ། གང་གི་ཕྱིར་བྱེད་པ་གཞན་དང་ལྡན་པའི་ཕྱིར་དང་། འབྱུང་བ་གཞན་

ཟིལ་གྱིས་མནན་ནས་མེའི་ཁམས་ཀྱིས་བྱ་བ་ཐོབ་པའི་ཕྱིར་མ་ཞེས་བྱ་བ་མ་ཡིན་པའི་ས་ལ་སོགས་པས་མི་སྲེག་པའི་ཕྱིར་རོ་ཞེས་བརྗོད་དོ། །གཞན་དག་ན་རེ་ཕྱི་རོལ་གྱི་ཁམས་བཞི་པོ་འབྱུང་བ་མེ་ཤས་ཆེ་བ་ཁོ་ན་སྲེག་པར་བྱེད་དེ། གལ་ཏེ་མེའི་ཁམས་ཁོ་ན་སྲེག་པར་བྱེད་ན་ནི་ལྷན་ཅིག་ཏུ་གྱུར་པའི་

Vol. 144 · folio 73b

འབྱུང་བ་གསུམ་དང་། དེ་དག་ལ་བརྟེན་པའི་རྒྱུར་བྱས་པའི་གཟུགས་ཀྱང་སྲེག་པར་བྱེད་པར་འགྱུར་ཞིང་། མེ་མེད་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་འབྱུང་བ་བཞི་ཐམས་ཅད་ཉིད་སྲེག་པར་ཞེས་བྱ་བ་རྣམ་པར་འགྱུར་བའི་རྒྱུ་ཡིན་གྱི། མེའི་ཁམས་ཁོ་ན་ནི་སྲེག་པར་བྱེད་པ་མ་ཡིན་ནོ། །གཞལ་བར་

ཞེས་བྱ་བ་ལ། སས་སྲང་མགོ་དམའ་བའི་རྒྱུ་ཡིན་པའི་ཕྱིར་ལྕི་བ་ཉིད་ཁོ་ན་གཞལ་བར་བྱ་བ་ཡིན་ཏེ། ཡང་བ་རྣམས་ལ་སྲང་མགོ་དམའ་བའི་རྒྱུ་མི་སྲིད་པའི་ཕྱིར་རོ། །སྲ་བ་ཉིད་ཀྱི་ལྷན་ཅིག་བྱེད་པ་དང་ལྡན་པའི་རྫས་རྣམས་སྲང་མགོ་དམའ་བའི་རྒྱུ་ཉིད་དུ་སྨྲའི། ཡང་བ་ཉིད་ཀྱི་ལྷན་ཅིག་བྱེད་

པ་དང་ལྡན་པ་རྣམས་ནི་མ་ཡིན་ཏེ། དེ་ལྟ་ན་ཡང་དེར་ལྕི་བ་ཉིད་ནུས་པ་དང་ལྡན་པར་སྣང་ངོ་། །རྣམ་པར་སྨིན་ལས་སྐྱེས་པ་དང་། །རྒྱལ་ལས་བྱུང་བ་ནང་གི་ལྔ། །ཞེས་བྱ་བ་ལ། ལྔ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཁམས་གསལ་བར་བྱ་བའི་ཕྱིར་རོ། །འདི་ཅི་ཞིག་ཏུ་ངེས་པར་གཟུང་ཞེ་ན།

ནང་གི་ལྔ་ནི་རྣམ་པར་སྨིན་པ་དང་། རྒྱས་པ་ལས་བྱུང་བ་ཁོ་ནའོ་ཞེས་བྱ་བར་ངེས་པར་གཟུང་ངོ་། །འདིས་གང་ལས་ཤེ་ན། རྒྱུ་མཐུན་པ་ལས་བྱུང་བ་ནི་མེད་དེ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཞེ་ན། དེ་དག་ལས་མ་གཏོགས་པ་རྒྱུ་མཐུན་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྣམ་པར་སྨིན་པ་

དང་རྒྱས་པ་ལས་བྱུང་བའི་རྒྱུད་ལས་མ་གཏོགས་པ་སྐལ་བ་མཉམ་པ་དང་། ཀུན་དུ་འགྲོ་བའི་རྒྱུས་སྐྱེད་པ་རྒྱུ་མཐུན་པའི་འབྲས་བུ་གཞན་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏེ། མེད་པ་ཉིད་ནི་མ་ཡིན་ནོ། །མིག་ལ་སོགས་པ་སྔར་སྐྱེས་པ་རྣམས་ནི་མིག་ལ་སོགས་པ་ཕྱིས་སྐྱེས་པ་དང་། མ་སྐྱེས་

པ་དག་གི་སྐལ་བ་མཉམ་པའི་རྒྱུས་རྒྱུ་ཡིན་ལ། རྒྱུ་མཐུན་པ་ཡང་སྐལ་བ་མཉམ་པའི་རྒྱུའི་འབྲས་བུ་ཡིན་ནོ། །དེ་དག་གི་རྒྱུ་མཐུན་པ་ནི་རྣམ་པར་སྨིན་པ་དང་རྒྱས་པ་ལས་བྱུང་བ་ཁོ་ན་ཡིན་གྱི་དོན་གཞན་མ་ཡིན་ནོ། །ཇི་ལྟར་རྣམ་པར་སྨིན་པ་ལས་སྐྱེས་པ་ལས་ཐ་དད་པར་རྒྱས་པ་ལས་འབྱུང་བའི་ཡོད་

པའམ། ཤི་བ་ལ་རྒྱུ་མཐུན་པ་ལས་བྱུང་བའི་གཟུགས་ལ་སོགས་པ་དག་དམིགས་པ་དེ་བཞིན་དུ་རྣམ་པར་སྨིན་པ་ལས་སྐྱེས་པ་དང་། རྒྱས་པ་ལས་འབྱུང་བ་དེ་དག་གི་རྒྱུ་མཐུན་པ་ནི་དེ་དག་ལས་ཐ་དད་པར་དམིགས་པ་མེད་དེ། དེའི་ཕྱིར་རྣམ་པར་སྨིན་པ་དང་རྒྱས་པ་ལས་བྱུང་བ་ལས་མ་གཏོགས་པའི་རྒྱུ་མཐུན་

Vol. 144 · folio 74a

པ་མེད་པའི་ཕྱིར། མིག་ལ་སོགས་པ་དག་རྒྱུ་མཐུན་པ་ལས་བྱུང་བ་མེད་པར་བཤད་དོ། །གལ་ཏེ་རྣམ་པར་སྨིན་པ་ནི་རྣམ་པར་སྨིན་པ་གཞན་དང་འབྲེལ་པ་མ་ཡིན་ན་ཇི་ལྟར་དེ་དག་རྣམ་པར་སྨིན་པ་ལས་སྐྱེས་པ་ཞེས་བྱ་ཞེ་ན། རྣམ་པར་སྨིན་པ་ལས་སྐྱེས་པ་ནི་རྣམ་པར་སྨིན་པ་

མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣམ་པར་སྨིན་པའི་རྒྱུ་ལས་སྐྱེས་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པའོ། །དེ་ཉིད་ཀྱི་ཕྱིར། བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་བ་ལང་གི་ཤིང་རྟ་ལྟ་བུའོ་ཞེས་སྨོས་སོ། །ཡང་ན་འབྲས་བུའི་དུས་སུ་ཕྱིན་པའི་ལས་ནི་ཞེས་བྱ་བ་ལ། དུས་གང་གི་ཚེ་བར་མེད་པར་

ལས་ལས་འབྲས་བུའི་སྐྱེ་བ་དེ་ནི་འབྲས་བུའི་དུས་ཏེ། དེའི་ཚེ་དེའི་ལས་རྣམ་པར་སྨིན་པར་འགྱུར་བས་རྣམ་པར་སྨིན་པ་ཞེས་བྱའོ། །འདི་སྐད་བསྟན་པར་འགྱུར་ཏེ། བར་མེད་པར་འབྲས་བུ་སྐྱེད་པར་རུང་བའི་ལས་ལས་སྐྱེས་པས་ན་རྣམ་པར་སྨིན་པ་ལས་སྐྱེས་པའོ། །གལ་ཏེ་འབྲས་བུ་ལ་མངོན་དུ་

ཕྱོགས་པའི་ལས་རྣམ་པར་སྨིན་པར་འགྱུར་བས་རྣམ་པར་སྨིན་པ་ཡིན་ན། འོ་ན་འབྲས་བུ་ཇི་ལྟར་རྣམ་པར་སྨིན་པ་ཡིན་ཞེ་ན། དེའི་ཕྱིར། འབྲས་བུ་ནི་རྣམ་པར་སྨིན་པ་ཁོ་ན་ཡིན་པས་རྣམ་པར་སྨིན་པའོ་ཞེས་བྱ་བ་སྨོས་ཏེ། དངོས་པོ་སྒྲུབ་པའོ། །ཡང་ན་རྒྱུ་ལ་འབྲས་བུ་བཏགས་པ་ཡིན་ཏེ་ཞེས་བྱ་བ་ལ།

རྣམ་པར་སྨིན་པའི་རྒྱུ་ལ་རྣམ་པར་སྨིན་པ་བཏགས་པའོ། །རྣམ་པར་སྨིན་པ་སྐྱེད་པར་བྱེད་པའི་ལས་ལ་རྣམ་པར་སྨིན་པ་བཏགས་ཏེ། དཔེར་ན་འབྲས་བུ་ལ་རྒྱུ་བཏགས་པ་རེག་པའི་སྐྱེ་མཆེད་དྲུག་པོ་འདི་དག་ནི་སྔོན་གྱི་ལས་ཡིན་པར་རིག་པར་བྱའོ་ཞེས་གསུངས་པ་ལྟ་བུའོ། །རེག་པའི་སྐྱེ་མཆེད་དྲུག་པོ་

འདི་དག་ནི་སྔོན་གྱི་ལས་མ་ཡིན་ཏེ། འོ་ན་ཅི་ཞེ་ན། སྔོན་གྱི་ལས་ཀྱི་འབྲས་བུ་ཡིན་ཏེ། དེའི་ཕྱིར་འབྲས་བུ་ལ་རྒྱུ་བཏགས་པར་འགྱུར་རོ། །ཟས་ལ་ལེགས་པར་བྱ་བ་དང་། ཏིང་ངེ་འཛིན་དང་། གཉིད་ལོག་པའི་ཁྱད་པར་དག་གིས་རྒྱས་པར་བྱས་པས་ན་རྒྱས་པ་ལས་བྱུང་བ་དག་སྟེ། རྒྱས་པ་ལས་

ཡོད་པ་ནི་རྒྱས་པ་ལས་བྱུང་བ་དག་སྟེ། སྡེ་ཚན་བཞིན་ནོ། །ཡང་ན་རྒྱས་པ་ཉིད་རྒྱས་པ་ལས་བྱུང་བ་སྟེ། རང་གི་དོན་ལ་འཕེལ་བ་བྱས་པར་འགྱུར་བ་བཞིན་ནོ། །ཁྱད་པར་གྱི་སྒྲ་ནི་རེ་རེ་དང་སྦྱར་རོ། །དེ་ལ་ལེགས་པར་བྱ་བ་ནི་ཁྲུས་དང་བསྐུ་མཉེ་དང་། འབད་རྩོལ་དང་། བསྐུ་བྱུག་ལ་སོགས་པའོ། །

Vol. 144 · folio 74b

གཞན་དག་ན་རེ་ཚངས་པར་སྤྱོད་པས་ཀྱང་ཞེས་བྱ་བ་ལ། ཟས་ལ་སོགས་པ་སྤྱོད་ཀྱང་མི་ཚངས་པར་སྤྱད་པ་ལས་འགྲིབ་པ་དང་། གནོད་པར་མཐོང་བའི་ཕྱིར་ཏེ། འདི་ལྟར་བ་ལང་དང་རྟ་ལ་སོགས་པ་འོག་བཅད་པ་རྣལ་བ་རྣམས་ལ་རྒྱས་པ་མཐོང་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ཡིན་ན་ཚངས་པར་

སྤྱོད་པ་རྣམས་ཀྱི་ཅིའི་ཕྱིར་རྒྱས་པར་མི་འགྱུར་ལ། དེ་ལ་འདོད་པའི་རྣམ་པར་རྟོག་པས་ཡོངས་སུ་གདུང་བས་གནོད་པའི་ཕྱིར་རོ་ཞེ་ན། དེས་ནི་མི་གནོད་པ་ཙམ་དུ་ཟད་ཀྱི། རྒྱས་པ་ནི་ཟས་ལ་སོགས་པ་དག་ཁོ་ནས་ཡིན་ནོ། །ཟས་ལ་སོགས་པ་དག་ནི་རྣམ་པར་སྨིན་པ་ལ་ཕན་འདོགས་པར་

བྱེད་དེ། དེ་ཉིད་ཀྱི་ཕྱིར། རྒྱས་པའི་རྒྱུད་ནི་རྣམ་པར་སྨིན་པའི་རྒྱུད་ལ་ཕྱི་བཞིན་དུ་ཀུན་དུ་སྲུང་ངོ་ཞེས་བྱ་བ་སྨོས་སོ། །རྣམ་པར་སྨིན་པའི་རྒྱུད་ནི་འགྲོ་བ་ལ་སོགས་པའི་བྱ་བ་ལ་ནུས་པ་མེད་པའི་ཕྱིར་ནི་སྟོབས་ཆུང་བ་ཡིན་ལ། རྒྱས་པའི་རྒྱུད་ནི་སྟོབས་ཆུང་བ་རབ་དང་འདྲ་བ་དེ་གནས་པར་བྱ་བའི་ཕྱིར་དང་འདྲ་བར་

འགྱུར་རོ། །རྒྱས་པ་ལས་བྱུང་བ་མེད་པར་རྣམ་པར་སྨིན་པ་ལས་སྐྱེས་པ་མེད་ཀྱི། རྣམ་པར་སྨིན་པ་ལས་སྐྱེས་པ་མེད་པར་རྒྱས་པ་ལས་བྱུང་བ་ནི་ཡོད་པར་འགྱུར་ཏེ། དཔེར་ན་ལྷའི་མིག་བཞིན་ནོ། །རྣམ་པར་སྨིན་པ་ལས་བྱུང་བ་ཁོ་ན་བཀག་པར་སྒྲ་ནི་རྒྱས་པ་ལས་འབྱུང་བ་དང་། རྒྱུ་མཐུན་པ་

ལ་ཡོད་དོ་ཞེས་བྱ་བར་ཁོང་དུ་ཆུད་དེ། མགུལ་པ་ལ་སོགས་པའི་འབྱུང་བ་ཆེན་པོ་རྒྱས་པ་ལས་བྱུང་བ་དང་ཐ་མི་དད་པར་འདུག་པའི་སྒྲ་ནི་རྒྱས་པ་ལས་བྱུང་བའོ། །རྒྱུ་མཐུན་པ་ལས་བྱུང་བའི་འབྱུང་བ་དང་ཐ་མི་དད་པར་འདུག་པ་ན་རྒྱུ་མཐུན་པ་ལས་བྱུང་བའོ། །སྒྲ་ནི་རྣམ་སྨིན་ལས་སྐྱེས་པ་ཡིན་

ནོ། །ཚིག་ཙམ་གྱིས་འདོད་པ་མི་འགྲུབ་པས་དེའི་རྒྱུ་དྲིས་པ་དང་། འདོད་དགུར་འབྱུང་བའི་ཕྱིར་རོ་ཞེས་རྒྱུ་སྨྲས་ཏེ། མིག་ལ་སོགས་པ་རྣམ་པར་སྨིན་པ་ནི་འདོད་ཀྱང་མི་འབྱུང་ལ། མི་འདོད་ཀྱང་འབྱུང་གི །སྒྲ་ནི་དེ་ལྟ་མ་ཡིན་ཏེ། བརྗོད་པར་འདོད་པ་སྔོན་དུ་འགྲོ་བའི་ཕྱིར་རོ། །རྣམ་པར་སྨིན་

པ་ལས་སྐྱེས་པའི་གཟུགས་ནི་རྣམ་པར་ཆད་ནས་ཡང་སྐྱེ་བ་ཡང་མ་ཡིན་ན། སྒྲ་ནི་སྐྱེ་བ་ཡང་མ་ཡིན་ཏེ། དེའི་ཕྱིར་རྣམ་པར་སྨིན་པའི་ཆོས་ལས་འདས་པའི་ཕྱིར་སྒྲ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་མ་ཡིན་ནོ། །བསྟན་བཅོས་དང་འགལ་བ་བརྗོད་པའི་ཕྱིར། འོ་ན་གང་བསྟན་བཅོས་བཏགས་པ་

Vol. 144 · folio 75a

ལས་ཞེས་བྱ་བ་རྒྱས་པར་སྨྲས་སོ། །འགྲུབ་པ་བདེན་མོད་ཀྱི། འདི་ནི་རྣམ་པར་སྨིན་པ་མ་ཡིན་པས་འདིར་བསྟན་བཅོས་དང་འགལ་བ་མེད་དོ། །འོ་ན་ཅི་ཡིན་ཞེ་ན། ཁ་ཅིག་ན་རེ་བརྒྱུད་པ་འདི་ནི་གསུམ་པ་ཡིན་ཏེ། དེ་ལྟར་ན་ཚིག་རྩུབ་པོ་སྤོང་བ་སྒྲའི་རྒྱུའི་རྒྱུ་

ཡིན་གྱི་དངོས་སུ་མ་ཡིན་ལ། རྣམ་པར་སྨིན་པ་ནི་དེ་ལྟར་ཡང་མ་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་གང་གི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་ལས་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་པ་སྐྱེ་བར་མི་རིགས་ཏེ། དེའི་ཕྱིར་བརྒྱུད་པ་འདི་བཞི་པའམ་ལྔ་པ་ཡིན་ཏེ། ཇི་ལྟར་ཞེ་ན། ལས་དག་

ལས་ནི་རྣམ་པར་སྨིན་པ་ལས་སྐྱེས་པའི་འབྱུང་བ་རྣམས་སོ། །དེ་དག་ལས་ནི་རྒྱས་པ་ལས་འབྱུང་བ་རྣམས་ཏེ། ཟས་དང་ལེགས་པར་བྱ་བའི་ཁྱད་པར་དག་གིས་བསྐྱེད་ཀྱང་། རྣམ་པར་སྨིན་པ་ལས་བསྐྱེད་པའི་འབྱུང་བ་ལ་བརྟེན་ནས་སྐྱེ་བས་དེ་དག་ལ་ནི་རྒྱས་པ་ལས་བྱུང་བ་རྣམས་

ཏེ་ཞེས་བརྗོད་དོ། །དེ་དག་ལས་ནི་རྒྱུ་མཐུན་པ་ལས་བྱུང་བ་རྣམས་ཏེ། དེ་དག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་དག་ལས་ནི་སྒྲའོ་ཞེས་ཟེར་རོ། །དེ་ལྟ་ན་འོ་ན་ལུས་ཀྱི་ཚོར་བ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་ལ་ཚོར་བ་གང་ཞིག་དངོས་ཀྱི་ལས་ཀྱི་འབྲས་བུ་ཡིན་པ་དེ་ནི་

རྣམ་པར་སྨིན་པར་འགྱུར་གྱི། ལས་ལས་སྐྱེས་ཀྱི་འབྱུང་བ་ལས་སྐྱེས་པ་ནི་མ་ཡིན་ཏེ། སྒྲ་བཞིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་སྒྲ་བཞིན་དུ་རིགས་པ་དང་འགལ་བར་འགྱུར་ན་ཞེས་བྱ་བ་ལ། རྣམ་པར་སྨིན་པ་མ་ཡིན་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །སྒྲ་ནི་འདོད་དགུར་འབྱུང་

བའི་ཕྱིར་རྣམ་པར་སྨིན་པ་ཡིན་པར་རིགས་པ་དང་འགལ་ཏེ། མིག་ལ་སོགས་པ་རྣམ་པར་སྨིན་པ་ནི་འདོད་དགུར་འབྱུང་བ་མ་ཡིན་ནོ། །ཚོར་བ་ནི་འདོད་པས་འཇུག་པའམ་ལྡོག་པ་མ་ཡིན་པས་ཚོར་བ་དེ་རྣམ་པར་སྨིན་པ་ལས་སྐྱེས་པ་ཉིད་ཡིན་པར་རིགས་པ་དང་མི་འགལ་གྱི། སྒྲ་ནི་འགལ་

ཏེ། འདོད་དགུར་འགྱུར་བའི་ཕྱིར་དང་། ཆད་པའི་ཕྱིར་རོ། །དེ་ལ་བདེ་བ་དང་སྡུག་བསྔལ་གྱི་རྐྱེན་ཉེ་བར་འདུས་པ་མེད་ཀྱང་འབྱུང་ཞིང་བདེ་བ་དང་སྡུག་བསྔལ་གྱི་རྐྱེན་ལོག་ཀྱང་མི་ལྡོག་པའི་ཚོར་བ་བདེ་བ་དང་སྡུག་བསྔལ་དེ་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་མ་ཡིན་ལ། གང་ཞིག་བདེ་བ་

Vol. 144 · folio 75b

དང་སྡུག་བསྔལ་མྱོང་བར་འགྱུར་བའི་ཡུལ་ཉེ་བར་ཚོགས་པ་ལས་འབྱུང་ཞིང་། དེ་མེད་ན་མི་འབྱུང་བ་དེ་ནི་རྒྱུ་མཐུན་པ་ལས་བྱུང་བའོ། །རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས། །ཐོགས་པ་མེད་བརྒྱད་ཅེས་བྱ་བ་ལ། རྒྱུ་མཐུན་པ་ལས་བྱུང་བ་དང་རྣམ་པར་སྨིན་པ་སྐྱེས་པ་ཁོ་ནའོ་ཞེས་བྱ་བ་ངེས་པར་

བཟུང་གི །བརྒྱད་ཁོ་ན་ནི་མ་ཡིན་ཏེ། གསུམ་རྣམ་གསུམ་ཞེས་འབྱུང་བའི་ཕྱིར་རོ། །གང་དག་སྐལ་བ་མཉམ་པ་དང་། ཀུན་ཏུ་འགྲོ་བའི་རྒྱུས་བསྐྱེད་ཅིང་རྣམ་པར་སྨིན་པ་ལས་ཐ་དད་པ་རྣམས་ནི་རྒྱུ་མཐུན་པ་ལས་བྱུང་བ་དག་གོ། །གང་དག་རྣམ་པར་སྨིན་པའི་རྒྱུས་བསྐྱེད་པ་དེ་རྣམས་ནི་རྣམ་

པར་སྨིན་པ་ལས་སྐྱེས་པ་དག་གོ། །དེ་ལ་ཆོས་ཀུན་ནས་ཉོན་མོངས་པ་ཅན་གང་དག་ཀུན་ཏུ་འགྲོ་བའི་རྒྱུས་བསྐྱེད་པ་དེ་དག་ནི་སྐལ་བ་མཉམ་པའི་རྒྱུས་བསྐྱེད་པ་ཡང་ཡིན་ཏེ། ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རྣམས་ཀྱི་ཞེས་འབྱུང་བའི་ཕྱིར་རོ། །སྐལ་བ་མཉམ་པའི་རྒྱུས་བསྐྱེད་པ་ཁོ་ན་

ཡིན་གྱི། ཀུན་ཏུ་འགྲོ་བའི་རྒྱུས་སྐྱེད་པ་མ་ཡིན་པ་ཡང་ཡོད་དེ། དགེ་བ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་སོ། །རྒྱས་པ་ལས་བྱུང་བ་ནི་མེད་དེ། ཅིའི་ཕྱིར་ཞེ་ན། ཐོགས་པ་མེད་པ་རྣམས་ལ་རྒྱས་པ་མེད་པའི་ཕྱིར་རོ། །གཟུགས་ཅན་རྣམས་ཕན་ཚུན་ཐོགས་པས་བར་

མཚམས་མེད་པར་གནས་པ་ལ་སོགས་པ་ཞེས་བྱ་བ་ནི་འདི་ནི་ཐོགས་པ་མེད་པ་དག་ལ་སྲིད་པ་མ་ཡིན་པས་དེ་དག་རྒྱས་པ་ལས་བྱུང་བ་མེད་དོ། །གཞན་རྣམ་གསུམ་རྣམ་པ་གཅིག་གམ། རྣམ་པ་གཉིས་ནི་མ་ཡིན་ནོ། །ཞེས་ངེས་པར་གཟུང་ངོ་། །དེ་ལ་རྣམ་པར་སྨིན་པ་ལས་སྐྱེས་པའི་དབང་

པོ་དང་ཐ་མི་དད་པ་རྣམས་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དག་གོ། །རྒྱས་པ་ལས་བྱུང་བའི་དབང་པོ་དང་ཐ་མི་དད་པར་འདུག་པ་རྣམས་ནི་རྒྱས་པ་ལས་བྱུང་བ་དག་གོ། །ལྷག་མ་རྣམས་ནི་རྒྱུ་མཐུན་པ་ལས་བྱུང་བ་དག་གོ། །རྣམ་པར་སྨིན་པ་ལས་བྱུང་བ་དང་། རྒྱས་པ་ལས་བྱུང་བ་མ་

གཏོགས་པ་རྒྱུ་མཐུན་པ་ཡོད་དོ་ཞེས་བྱ་བར་ཇི་ལྟར་རྟོགས་པར་བྱ་ཞེ་ན། ཤི་བ་ལ་ཡང་རྗེས་སུ་འཇུག་པའི་ཕྱིར་ཏེ། ཤི་བ་ལ་རྣམ་པར་སྨིན་པ་དང་རྒྱས་པ་རྗེས་སུ་འཇུག་པ་མི་རིགས་པའི་ཕྱིར་རོ། །རྫས་དང་ལྷན་ཅིག་ཅེས་བྱ་བ་ལ། གཅིག་ཁོ་ན་རྫས་དང་ལྡན་ནོ་ཞེས་ངེས་པར་

Vol. 144 · folio 76a

གཟུང་གི །གཅིག་རྫས་དང་ལྡན་པ་ཁོ་ནའོ་ཞེས་བྱ་བར་ནི་མ་ཡིན་ཏེ། དེ་ལ་འདུས་བྱས་བརྟན་པ་མ་ཡིན་པ་ཡང་ཡོད་པའི་ཕྱིར་རོ། །འདུས་མ་བྱས་ནི་བརྟན་པའི་ཕྱིར་རམ། འདུས་བྱས་ཐམས་ཅད་སྤངས་པའི་སྒོ་ནས་དགེ་བ་དང་རྟག་པའི་ཕྱིར་རྫས་སོ། །འཇིག་རྟེན་ན་གསེར་

ལ་སོགས་པའི་རྫས་ལ་བརྟེན་ནོ་ཞེས་སྨྲ་བ་པོ་དག་ཡོད་དེ། དེའི་ཕྱིར་དེ་ཁོ་ན་རྫས་ཡིན་གྱི་གཞན་ནི་རྫས་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །གང་ལས་ཤེ་ན། རྫས་ངན་པའི་ཕྱིར་ཆུང་མ་ངན་པ་བཞིན་ནོ། །ཐ་མ་གསུམ་སྐད་ཅིག་མ་སྟེ་ཞེས་བྱ་བ་ལ། ཐ་མ་གསུམ་ཁོ་ན་སྐད་ཅིག་མ་སྟེ་ཞེས་བྱ་

བ་ངེས་པར་གཟུང་ངོ་། །གལ་ཏེ་འདུས་བྱས་ཐམས་ཅད་སྐད་ཅིག་མ་ཉིད་མ་ཡིན་ནམ་ཞེ་ན། དེ་བཞིན་ནོ་ཞེས་སྨྲའོ། །འོ་ན་ནི་ཇི་ལྟར་ཐ་མ་གསུམ་ཁོ་ན་སྐད་ཅིག་མ་ཡིན་ཞེ་ན། དེ་བསྟན་པའི་ཕྱིར། དེ་དག་ནི་ཟག་པ་མེད་པའི་དབང་པོ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཚོགས་ལ་སྐད་

ཅིག་མ་གཅིག་རྒྱུ་མཐུན་པ་ལས་བྱུང་བ་མ་ཡིན་པར་འགྱུར་ཏེ། དེའི་ཕྱིར་སྐད་ཅིག་མ་ཞེས་བྱ་བ་སྨོས་ཏེ། དེ་དག་ལ་རྒྱུ་མཐུན་པ་ལས་བྱུང་བ་མ་ཡིན་པའི་སྐད་ཅིག་ཡོད་པས་ན་སྐད་ཅིག་མ་རྣམས་སོ། །ཇི་ལྟར་དེ་དག་རྒྱུ་མཐུན་མ་ཡིན་པའི་སྐད་ཅིག་མར་འགྱུར་ཞེ་ན། ཟག་པ་མེད་པའི་སྐལ་

བ་མཉམ་པའི་རྒྱུ་མེད་པས་སྐལ་བ་མཉམ་པའི་རྒྱུ་མེད་པར་སྐྱེས་པའི་ཕྱིར་རོ། །འདུས་བྱས་ཀྱི་ཆོས་གཞན་ནི་རྒྱུ་མཐུན་པ་ལས་མ་བྱུང་བ་འགའ་ཡང་མེད་པས་དེ་དག་ནི་སྐད་ཅིག་མ་མ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྐད་ཅིག་མ་ནི་སྐལ་བ་མཉམ་པའི་རྒྱུ་ལ་ལྟོས་པ་མེད་

པར་སྐྱེ་སྟེ། མཚུངས་པ་དེ་མ་ཐག་པའི་རྐྱེན་ཆེས་སྟོབས་དང་ལྡན་པའི་ཕྱིར་རོ། །དེའི་རྒྱུ་སྟོབས་དང་ལྡན་པ་ཉིད་ནི་འཕགས་པའི་ལམ་དང་རྣམ་པ་མཚུངས་པའི་ཆོས་དུ་མས་གསོས་བཏབ་ཅིང་། དེའི་བདག་ཉིད་དུ་གྱུར་པ་ནི་དོན་དེ་ལ་རབ་ཏུ་སྦྱོར་བའི་ཕྱིར་རོ། སྔར་བཤད་པའི་ཁམས་གསུམ་

པོ་གང་དག་ཡིན་པ་དེ་དག་བསྟན་པའི་ཕྱིར། དེ་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་མཚུངས་པར་ལྡན་པའི་ཞེས་བྱ་བ་རྒྱ་ཆེར་སྨོས་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ཡིད་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་

Vol. 144 · folio 76b

པའི་ཁམས་ཡིན་ནོ། །ལྷག་མ་བཟོད་པ་དང་ལྷན་ཅིག་འབྱུང་བ་ཚོར་བ་ལ་སོགས་པ་མཚུངས་པར་ལྡན་པ་རྣམས་དང་། ཐོབ་པ་དང་སྐྱེ་བ་ལ་སོགས་པ་དང་ལྡན་པ་མ་ཡིན་པ་རྣམས་དང་། ཟག་པ་མེད་པའི་སྡོམ་པ་ནི་ཆོས་ཀྱི་ཁམས་སོ། །གང་མིག་གི་ཁམས་དང་མི་ལྡན་པ་ཞེས་བྱ་བ་རྒྱས་པར་

འབྱུང་ངོ་། །འདིའི་འབྲེལ་པ་གང་ཡིན་ཞེ་ན། ཆོས་མངོན་པ་ནི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་འདི་ལ་འབྲེལ་པ་ཅི་ཞིག་བྱ། ཆོས་མངོན་པའི་ལུགས་ཤེས་པ་རྣམས་ནི། མཚན་ཉིད་འཆད་པ་ན་འབྲེལ་པ་ལ་གུས་པར་མི་བྱེད་དོ། །རྣམ་པ་གཅིག་ཏུ་ན་མིག་དང་མིག་གི་རྣམ་པར་ཤེས་པ་དག་

བཤད་ཟིན་དང་། ད་ནི་དེ་གཉིས་ཀྱི་འཐོབ་པ་དང་ལྡན་པ་དག་བསམ་པར་བྱའོ་ཞེས་བྱ་བ་འདི་ནི་འབྲེལ་པ་ཡིན་ནོ། །སོ་སོ་ཞེས་བྱ་བ་ནི་མུ་གཉིས་ཏེ། མིག་གི་ཁམས་དང་ཡིན་ལ། མིག་གི་རྣམ་པར་ཤེས་པའི་ཁམས་དང་མ་ཡིན་པ་ཡང་ཡོད་ཅེས་བྱ་བ་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་

ཡིན་ལ། མིག་གི་ཁམས་དང་མ་ཡིན་པ་ཡོད་ཅེས་བྱའོ། །ལྷན་ཅིག་ཅེས་བྱ་བ་ནི་མུ་གསུམ་པ་སྟེ། མིག་གི་ཁམས་དང་ཡིན་པ་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་ཡིན་པའོ། །དང་ཞེས་བྱ་བ་ནི་མུ་བཞི་པ་སྟེ། མིག་གི་ཁམས་དང་མིག་གི་རྣམ་པར་ཤེས་པའི་ཁམས་

དང་མ་ཡིན་པ་ཡང་ཡོད་དེ་ཞེས་བྱའོ། །ཡང་གི་སྒྲའི་དོན་ནི་འབྲེལ་པ་ལས་འཆད་དོ། །འདོད་པའི་ཁམས་ན་རིམ་གྱིས་མིག་གི་དབང་པོ་འཐོབ་པ་དང་ཞེས་བྱ་བ་ལ། འདོད་པའི་ཁམས་སྨོས་པ་ནི་གཟུགས་ཀྱི་ཁམས་བསལ་བར་བྱ་བའི་ཕྱིར་རོ། །རིམ་སྨོས་པ་ནི་རྫུས་ཏེ་སྐྱེ་བ་བཟློག་པར་

བྱ་བའི་དོན་ཏོ། །གང་གི་ཕྱིར་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ནི་ཉིང་མཚམས་སྦྱོར་བ་ནས་བཟུང་བ་ནས་མིག་གི་རྣམ་པར་ཤེས་པ་དགེ་བ་དང་། ཉོན་མོངས་པ་ཅན་དང་ལྡན་པ་ཁོ་ན་ཡིན་གྱི། ལུང་བསྟན་མིང་ཐོབ་ལྷན་ཅིག་སྐྱེ། །ཞེས་འབྱུང་བ་ལས་ན་མིག་གི་ཁམས་དང་ནི་མ་ཡིན་ཏེ།

དེའི་ཕྱིར་གང་གི་ཚེ་མིག་གི་དབང་པོ་ཐོབ་པ་དེའི་ཚེ་མིག་གི་ཁམས་ཁོ་ན་དང་མི་ལྡན་པ་ཐོབ་ཀྱི། མིག་གི་རྣམ་པར་ཤེས་པའི་ཁམས་དང་མ་ཡིན་ཏེ། སྔར་ཁོ་ན་ནས་ལྡན་ཟིན་པའི་ཕྱིར་རོ། །གཟུགས་མེད་པ་ནས་ཤི་འཕོས་ནས་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེ་བ་ན་ཞེས་བྱ་བ་ལ། ཅི་མིག་

Vol. 144 · folio 77a

གི་ཁམས་དང་མི་ལྡན་པ་འཐོབ་ཀྱི། མིག་གི་རྣམ་པར་ཤེས་པའི་ཁམས་དང་ནི་མ་ཡིན་ནོ་ཞེས་བྱ་བར་སྐབས་སུ་བབ་པ་དང་སྦྱར་རོ། །སོགས་པ་སྨོས་པས་ནི་བསམ་གཏན་གསུམ་པ་ལ་སོགས་པ་བསྡུའོ། །གཟུགས་མེད་པར་སྐྱེས་པ་རྣམས་གཉིས་ཀ་དང་མི་ལྡན་པའི་

ཕྱིར་གཟུགས་མེད་པ་ནས་འཆི་འཕོས་ནས་ཞེས་བཤད་དོ། །བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་མིག་གི་རྣམ་པར་ཤེས་པ་མངོན་དུ་བྱེད་པ་དང་ཞེས་བྱ་བ་ལ། བསམ་གཏན་དང་པོའི་ས་པའི་འོ། །དེ་ནི་དེའི་ཚེ་མིག་གི་རྣམ་པར་ཤེས་པའི་ཁམས་དང་མི་ལྡན་པ་འཐོབ་ཀྱི། མིག་

གི་ཁམས་དང་ནི་མི་ལྡན་པ་ཡོད་པ་མ་ཡིན་ཏེ། དེ་དག་ནི་དབང་པོ་མ་ཚང་བ་མེད་པའི་ཕྱིར་སྔར་ཁོ་ན་ནས་མིག་གི་ཁམས་ཐོབ་ཟིན་པའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པ་ནི་བསམ་གཏན་གཉིས་པའི་ས་པ་མེད་པའི་ཕྱིར་བསམ་གཏན་དང་པོའི་ས་པའི་མིག་གི་རྣམ་པར་ཤེས་པ་ལུང་དུ་མ་བསྟན་

པ་མངོན་དུ་བྱེད་དེ། དེའི་ཕྱིར་སྔ་ནས་མི་ལྡན་པས་ལྟ་བའི་ཚེ་ཁོ་ནས་མིག་གི་རྣམ་པར་ཤེས་པ་དང་ལྡན་པ་འཐོབ་ཀྱི། མིག་གི་ཁམས་དང་ནི་མ་ཡིན་ནོ། །དེ་དག་ནས་ཤི་འཕོས་ནས་འོག་མར་སྐྱེ་བ་ནའོ་ཞེས་བྱ་བ་ནི་བསམ་གཏན་གཉིས་པ་ནས་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་ནམ་འདོད་

པའི་ཁམས་སུ་སྐྱེ་བ་སྟེ། དེ་ནི་མིག་གི་ཁམས་དང་ལྡན་ཟིན་པ་ཁོ་ན་ཡིན་ལ། མིག་གི་རྣམ་པར་ཤེས་པའི་ཁམས་དང་ནི་སྔར་མི་ལྡན་པ་ལས་སྲིད་པ་བར་མ་དོའི་གནས་སྐབས་སུ་ལྡན་པ་འཐོབ་པོ། །ལྷན་ཅིག་ཏུ་ཡང་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །གཟུགས་མེད་པའི་ཁམས་ནས་ཤི་

འཕོས་ནས་ཞེས་བྱ་བ་ལ། དེ་ནི་སྔར་ནས་གཉིས་ཀ་དང་མི་ལྡན་པ་འདོད་པའི་ཁམས་དང་། ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ན་ཅིག་ཅར་ལྡན་པ་འཐོབ་བོ། །གཉིས་ཀ་མ་ཡིན་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ནི་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་དེ་ཉིད་དུ་སྐྱེ་བ་དང་།

ཚངས་པའི་འཇིག་རྟེན་དང་ལྡན་པའི་ཤི་འཕོས་ནས་དེ་ཉིད་དུ་སྐྱེ་བ་ནའོ། །ཐོབ་པ་བཤད་ཟིན་ཏོ།། །།ད་ནི་ལྡན་པ་བརྗོད་པར་བྱ་སྟེ། གང་མིག་གི་ཁམས་དང་ལྡན་པ་དེ་མིག་གི་ཁམས་ཁོ་ན་དང་ལྡན་གྱི། མིག་གི་རྣམ་པར་ཤེས་པའི་ཁམས་དང་ནི་མ་ཡིན་ཏེ། རང་གི་ས་པ་མེད་པའི་

Vol. 144 · folio 77b

ཕྱིར་དང་། བསམ་གཏན་དང་པོའི་ས་པ་ཡང་མངོན་དུ་མ་བྱས་པའི་ཕྱིར་རོ། །མུ་གཉིས་པ་ནི་འདོད་པའི་ཁམས་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། དེ་ནི་མིག་གི་རྣམ་པར་ཤེས་པ་མ་འོངས་པ་ཁོ་ན་དང་ལྡན་གྱི། མིག་གི་ཁམས་དང་ནི་མ་ཡིན་ནོ། །མ་ཐོབ་པ་དམུས་ལོང་ངོ་། །

ཉམས་པ་ནི་མིག་ལ་གནོད་པ་བྱས་པས་ལོང་བའོ། །གསུམ་པ་ནི་འདོད་པའི་ཁམས་ན་མིག་ཐོབ་པ་དང་། མ་ཉམས་པ་དང་ཞེས་བྱ་བ་ནི་གཉིས་ཀ་དང་ལྡན་པའོ། །བསམ་གཏན་དང་པོར་སྐྱེས་པ་ནི་དེ་ན་དབང་པོ་མ་ཚང་བ་མེད་པའི་ཕྱིར་ཐོབ་པ་དང་མ་ཉམས་པ་མི་བྱའོ། །

བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་ལྟ་བུའོ་ཞེས་བྱ་བ་ལ། ཅི་ཞེ་ན། གཉིས་ཀ་དང་ལྡན་པའོ། །བཞི་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ་ཞེས་བྱ་བ་ནི་གཟུགས་མེད་པར་སྐྱེས་པ་སྟེ། དེ་ནི་གཉིས་ཀ་དང་ལྡན་པ་མ་ཡིན་ནོ། །དེ་བཞིན་དུ་མིག་གི་ཁམས་དང་།

གཟུགས་ཀྱི་ཁམས་དག་དང་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། གང་མིག་གི་ཁམས་དང་མི་ལྡན་པ་ལྡན་པ་འཐོབ་པ་དེ་གཟུགས་ཀྱི་ཁམས་དང་མ་ཡིན་ནམ་ཞེ་ན། འདི་ནི་མུ་བཞི་མེད་དོ། །འོ་ན་ཅི་ཞེ་ན། ཚིག་ཕྱི་མ་དང་སྦྱོར་བ་སྟེ། གང་གཟུགས་ཀྱི་ཁམས་དང་མི་ལྡན་པ་ལྡན་པ་ཐོབ་

པ་དེ་མིག་གི་ཁམས་དང་ཡིན་ཏེ། གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་སུ་སྐྱེ་བ་ནའོ། །མིག་གི་ཁམས་ཁོ་ན་དང་མི་ལྡན་པ་ལྡན་པ་ཐོབ་པ་ཡིན་གྱི། སྔ་ནས་ལྡན་པའི་ཕྱིར་གཟུགས་ཀྱི་ཁམས་མ་ཡིན་པ་ཡོད་དེ། རིམ་གྱིས་

མིག་གི་དབང་པོ་ཐོབ་པ་ནའོ། །གང་མིག་གི་ཁམས་དང་ཡང་ལྡན་པ་དེ་གཟུགས་ཀྱི་ཁམས་དང་ཡིན་ནམ་ཞེ་ན། འདིར་ཡང་མུ་བཞི་མི་རིགས་ཏེ། འོ་ན་ཅི་ཞེ་ན། ཚིག་སྔ་མ་དང་སྦྱོར་བ་སྟེ། གང་མིག་གི་ཁམས་དང་ལྡན་པ་དེ་གཟུགས་ཀྱི་ཁམས་དང་ཡང་ཡིན་ནོ། །གཟུགས་ཀྱི་

ཁམས་ཁོ་ན་དང་ཡིན་གྱི། མིག་གི་ཁམས་དང་མ་ཡིན་པ་ཡང་ཡོད་དེ། མིག་མ་ཐོབ་དང་ཉམས་པའོ། །གང་མིག་གི་རྣམ་པར་ཤེས་པ་དང་མི་ལྡན་པ་ལྡན་པ་འཐོབ་པ་དེ་གཟུགས་ཀྱི་ཁམས་ཀྱང་མ་ཡིན་ནམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་ནི་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་

Vol. 144 · folio 78a

པ་མིག་གི་རྣམ་པར་ཤེས་པ་མངོན་དུ་བྱེད་པ་དང་། བསམ་གཏན་གཉིས་པ་ལ་སོགས་པ་ནས་ཤི་འཕོས་ནས་འདོད་པའི་ཁམས་དང་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་ནའོ། །གཉིས་པ་ནི་གཟུགས་མེད་པ་ནས་ཤི་འཕོས་ནས་བསམ་གཏན་གཉིས་པ་ལ་སོགས་པ་

དག་ཏུ་སྐྱེ་ན་སྟེ། དེ་ནི་གཟུགས་ཀྱི་ཁམས་ཁོ་ན་དང་མི་ལྡན་པ་འཐོབ་ཀྱི། མིག་གི་རྣམ་པར་ཤེས་པའི་ཁམས་དང་ནི་མ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་གཉིས་པ་ལ་སོགས་པ་ནས་མེད་པའི་ཕྱིར་རོ། །མུ་གསུམ་པ་ནི་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་འདོད་པའི་

ཁམས་དང་བསམ་གཏན་དང་པོ་དག་ཏུ་སྐྱེ་བ་ན་སྟེ། དེ་ནི་གཟུགས་ཀྱི་ཁམས་དང་མི་ལྡན་པ་ལྡན་པ་འཐོབ་ལ། མིག་གི་རྣམ་པར་ཤེས་པའི་ཁམས་དང་ཡང་ཡིན་ནོ། །མུ་བཞི་པ་ནི་གཟུགས་མེད་པའི་ཁམས་སུ་སྐྱེས་པ་དེ་ནས་ཤི་འཕོས་ནས་དེ་ཉིད་དུ་སྐྱེ་བ་དང་། འདོད་པའི་ཁམས་དང་

བསམ་གཏན་དང་པོར་སྐྱེས་པ་དེ་དག་དེ་ནས་ཤི་འཕོས་ནས་དེ་དག་ཉིད་དུ་སྐྱེ་བའོ། །གང་མིག་གི་རྣམ་པར་ཤེས་པའི་ཁམས་དང་ལྡན་པ་དེ་གཟུགས་ཀྱི་ཁམས་དང་ཡིན་ནམ་ཞེ་ན། འདིར་ཡང་ཚིག་སྔ་མ་དང་སྦྱོར་བ་སྟེ། གང་མིག་གི་རྣམ་པར་ཤེས་པའི་ཁམས་དང་ལྡན་པ་དེ་གཟུགས་ཀྱི་

ཁམས་དང་ཡིན་ཏེ། འདོད་པའི་ཁམས་དང་། བསམ་གཏན་དང་པོར་སྐྱེས་པ་དང་། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་མིག་གི་རྣམ་པར་ཤེས་པ་མངོན་དུ་བྱེད་པ་ནའོ། །གཟུགས་ཀྱི་ཁམས་ཁོ་ན་དང་ཡིན་གྱི། རྣམ་པར་ཤེས་པའི་ཁམས་དང་མ་ཡིན་པ་ཡང་ཡོད་དེ།

བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་མིག་གི་རྣམ་པར་ཤེས་པ་མངོན་དུ་མི་བྱེད་པ་ནའོ། །ནང་གི་བཅུ་གཉིས་ཞེས་བྱ་བ་ལ། འདི་ཅི་ཞིག་ཏུ་གཟུང་བར་བྱ། ཅི་བཅུ་གཉིས་ནང་ཁོ་ན་ཡིན་གྱི། འོན་ཏེ་བཅུ་གཉིས་ཁོ་ན་ནང་གི་ཡིན་ཞེ་ན། གཉིས་ཀ་ལྟར་ཡང་ངེས་པར་གཟུང་སྟེ།

ངེས་པར་གཟུང་བ་ཉིད་ཀྱིས་ནི་གཞན་དག་ཕྱིའི་ཞེས་བྱ་བར་གྲུབ་བོ། །གྲངས་ཙམ་ཞིག་བསྟན་པས་ཁྱད་པར་དུ་རྟོག་པར་མི་འགྱུར་བས་དེའི་ཕྱིར། བཅུ་གཉིས་གང་དག་ཅེ་ན་ཞེས་དྲིས་སོ། །དེ་དམིགས་ཀྱིས་དགར་བའི་ཕྱིར། གཟུགས་ལ་སོགས་མ་གཏོགས་ཞེས་བྱ་བ་སྨོས་

Vol. 144 · folio 78b

སོ། །བདག་གི་དབང་དུ་བྱས་ན་ནི་ནང་གི་སྟེ། ནང་གི་ཉིད་ནི་ནང་གིའོ། །བདག་མེད་ན་ནང་གིའམ་ཕྱི་འདི་འགྱུར་ཏེ། ཚུལ་ཁྲིམས་མེད་པར་ནི་ལྷག་པའི་ཚུལ་ཁྲིམས་བསླབ་པར་མི་འགྱུར་རོ་ཞེ་ན། སེམས་ནི་ངར་འཛིན་པའི་རྟེན་ཡིན་པའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། བདག་

ཏུ་སྨྲ་བ་རྣམས་ཀྱིས་ངར་འཛིན་པའི་རྟེན་ལ་བདག་ཅེས་བརྗོད་དེ། འདི་ལྟར་གཟེགས་ཟན་པ་ལ་སོགས་པ་རྣམས་ཀྱིས་ནི་ངར་འཛིན་པ་བདག་གི་ཡོན་ཏན་ཉིད་དམ། བདག་གི་ཡུལ་ཅན་ཉིད་དུ་རྟོགས་སོ། །ངར་འཛིན་པ་ཡང་སེམས་ལ་བརྟེན་ཏེ། དེ་ཡང་རྟོག་པའི་བདག་མེད་

པའི་ཕྱིར་ཏེ། གང་ཟག་སྨྲ་བར་རྣམ་པར་དཔྱད་པར་བྱའོ། །འདི་ལ་བདག་ཏུ་ང་རྒྱལ་བ་བཞག་པས་ན་སེམས་ཁོ་ན་བདག་ཡིན་ལ། སེམས་ལས་བྱུང་བ་རྣམས་ཀྱང་སེམས་ལ་བརྟེན་པའི་ཕྱིར་སེམས་ཁོ་ན་ལ་བདག་ཏུ་ཉེ་བར་འདོགས་སོ། །འདིར་སེམས་ལ་བདག་ཏུ་མངོན་པར་བཞེད་དོ་

ཞེས་བྱ་བ་འདི་ཡང་ཇི་ལྟར་རྟོགས་ཤེ་ན། དེའི་ཕྱིར། མཁས་པས་བདག་ཉིད་ཤིན་ཏུ་ནི། །ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འདི་ཡང་ལུང་གཞན་ལ་ལྟོས་ཏེ་དོན་དེ་ཉིད་ཀྱི་ཁུངས་ཡིན་གྱི། ཡན་གར་བ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་གཞན་ལས་ཞེས་བྱ་བ་

རྒྱས་པར་སྨོས་ཏེ། འདི་ལས་ནི། སེམས་དུལ་བས་ནི་བདེ་བ་འདྲེན། །ཞེས་སེམས་དུལ་བ་གསུངས་སོ། །དེའི་ཕྱིར་འདིར་བདག་གི་སྒྲ་སེམས་ཁོ་ན་མངོན་པར་བཞེད་དོ་ཞེས་བྱ་བར་ཤེས་སོ། །དེའི་ཕྱིར། མིག་ལ་སོགས་པ་ནི་སེམས་བདག་ཏུ་གྱུར་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ།

བདག་ཏུ་གྱུར་པའི་ནི་བདག་དང་འདྲ་བའོ། །རྟེན་གྱི་དངོས་པོར་ཞེས་བྱ་བ་ནི་རྟེན་དང་འདྲ་བས་ན་རྟེན་ཏོ། །ཉེ་བར་གནས་པའི་ཕྱིར་ཞེས་བྱ་བ་ལ། མིག་ལ་སོགས་པ་རྣམས་ལ་གང་ཞིག་གཟུགས་ལ་སོགས་པ་དག་ལ་ཡོད་པ་མ་ཡིན་པས་སེམས་ཡུལ་ན་མི་གནས་པའི་རྟེན་གྱི་དངོས་པོ་

གང་ཞིག་ཡོད་ཅེ་ན། ཁྱད་པར་གང་ཞིག་ཡོད་ན་སེམས་དེ་དག་འགྱུར་བའི་རྗེས་སུ་བྱེད་པར་འགྱུར་ལ། དེ་དག་འགྱུར་བའི་རྗེས་སུ་བྱེད་པ་ལས་ཀྱང་རྣམ་པར་ཤེས་པ་དེ་དག་ཡུལ་ན་མི་གནས་ཀྱང་མིག་ལ་སོགས་པ་དག་ཁོ་ན་མངོན་གྱི། གཟུགས་ལ་སོགས་པ་དག་ལ་ནི་མ་ཡིན་ཏེ། འདི་ལྟར་

Vol. 144 · folio 79a

ཚོར་བ་བདེ་བའམ་སྡུག་བསྔལ་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་ནི་ལུས་ཀྱི་ཡུལ་ལ་ཡོངས་སུ་གཅོད་ཀྱི། གཟུགས་ལ་སོགས་པ་ཡུལ་གྱི་ཡུལ་ལ་ནི་མ་ཡིན་ནོ། །དེའི་ཕྱིར་ཁྱད་པར་འདི་ལས་མིག་ལ་སོགས་པ་དང་། གཟུགས་ལ་སོགས་པ་

རྣམས་རྣམ་པར་ཤེས་པ་སྐྱེད་པའི་རྒྱུར་ཁྱད་པར་མེད་ཀྱང་རྟེན་ཉིད་དང་ཡུལ་ཉིད་དུ་འགྲུབ་པ་ཡིན་ཏེ། དེའི་ཕྱིར་ནང་གི་དང་ཕྱིའི་ཉིད་ཀྱང་ཡིན་པའོ། །གལ་ཏེ་མིག་ལ་སོགས་པ་དག་རྣམ་པར་ཤེས་པའི་རྟེན་གྱི་དངོས་པོ་ཡིན་ན། དེ་ལྟ་ན་འོ་ན་རྣམ་པར་ཤེས་པའི་ཁམས་དྲུག་པོ་དག་

ཅེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་དག་ཡིད་ཀྱི་ཁམས་ཉིད་དུ་མ་གྱུར་པ་ཞེས་བྱ་བ་ན་ནི་དྲུག་པོ་འདས་མ་ཐག་པའི་གནས་སྐབས་མ་ཐོབ་པའོ། །ད་ལྟར་བའམ་མ་འོངས་པ་ནི་སེམས་ཀྱི་རྟེན་མ་ཡིན་ཏེ། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་

དེའི་ཚེ་ཡིད་ཀྱི་ཁམས་ཉིད་དུ་རྣམ་པར་གཞག་པའི་ཕྱིར་རོ། །གང་གིས་ཡང་དེའི་ཚེ་ན་ཡང་ཞེས་བྱ་བ་ལ། འདས་པའམ་ད་ལྟར་བྱུང་བ་ཡིན་ཡང་རུང་སྟེ། མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པ་དེ་དག་ཉིད་དེ་དག་སྟེ། ཡིད་ཀྱི་ཁམས་ཡིན་ནོ། །རྣམ་པར་ཤེས་པ་

འདས་པ་ལ་ནི་སྔར་མ་བྱུང་བའི་ཡིད་ཀྱི་ཁམས་ཉིད་དུ་འགྱུར་བའམ། མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཁམས་ཉིད་སྔར་ཡོད་པའམ་ལྡོག་པ་མེད་དེ། རྣམ་པར་ཤེས་པ་ཉིད་རྣམ་པར་ཤེས་པའི་གཞན་གྱི་རྟེན་གྱི་དངོས་པོས་ཡིད་ཀྱི་ཁམས་སུ་འཇོག་པའི་ཕྱིར་རོ། །དེའི་ཕྱིར་

ཡིད་ཀྱི་མཚན་ཉིད་ལས་མི་འདའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་འབྱུང་སྟེ། དེ་ལྟ་མ་ཡིན་ན་ཅི་ལྟར་འགྱུར་ཞེ་ན། གལ་ཏེ་རྣམ་པར་ཤེས་པ་ད་ལྟར་འབྱུང་བ་དང་། མ་འོངས་པའི་ཡིད་ཀྱི་ཁམས་སུ་མི་འགྱུར་ན་ནི་འདས་པ་ཡང་ཡིད་ཀྱི་ཁམས་དང་། མིག་ལ་སོགས་པར་ཤེས་པར་མི་

མི་འགྱུར་རོ། །དེ་ལྟ་ཡིན་ན། ཡིད་ཀྱི་ཁམས་འདས་པ་ཁོ་ན་ཡིན་པར་འགྱུར་གྱི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གལ་ཏེ་ཡིད་ཀྱི་ཁམས་འདས་པ་ཁོ་ན་ཡིན་པར་འགྱུར་ན་ཅིར་འགྱུར་ཞེ་ན། དེའི་ཕྱིར། ཁམས་བཅོ་བརྒྱད་པོ་དག་ནི་ཞེས་བྱ་བ་སྨོས་སོ། །ཡང་ཅིའི་ཕྱིར་དེ་ལྟར་འདོད་ཅེ་ན།

Vol. 144 · folio 79b

དེའི་ཕྱིར་གལ་ཏེ་རྣམ་པར་ཤེས་པ་མ་འོངས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་ལ་རྒྱུ་བཤད་པ་ནི། མཚན་ཉིད་ནི་དུས་རྣམས་སུ་འཁྲུལ་པ་མེད་དོ་ཞེས་བྱ་བ་སྟེ། འཁྲུལ་པ་རྣམས་ནི་མ་འོངས་པ་གཞན་དག་ཡིན་ཞིང་། ད་ལྟར་བྱུང་བ་གཞན་དག་ཡིན་ལ། འདས་པ་

གཞན་ཡིན་པའོ། །དེའི་ཕྱིར་རྣམ་པར་ཤེས་པ་མ་འོངས་པ་དང་། ད་ལྟར་བྱུང་བའི་མཚན་ཉིད་གང་ཡིན་པ་དེ་ཉིད་འདས་པའི་ཡང་ཡིན་ཏེ། རྣམ་པར་ཤེས་པ་མ་འོངས་པ་དང་། ད་ལྟར་བྱུང་བ་ཡང་ཡིད་ཀྱི་ཁམས་ཀྱི་མཚན་ཉིད་རྣམ་པར་གནས་པའི་ཕྱིར། འདས་པའི་དུས་སུ་

དེའི་མཚན་ཉིད་འཁྲུལ་པ་མེད་དོ། །དེའི་ཕྱིར་རྣམ་པར་ཤེས་པ་རྣམས་ལ་རྣམ་པར་ཤེས་པའི་རྟེན་གྱི་རང་བཞིན་ཉིད་ནི་ཐམས་ཅད་ཀྱི་ཚེ་ཡོད་པ་མ་ཡིན་ལ། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཞེས་འདས་པ་རྣམས་ལ་ནི་མངོན་པར་གསལ་བ་ཡིན་ནོ། །

དེའི་ཕྱིར་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་རྣམ་པར་ཤེས་པའི་ཁམས་དྲུག་ཅར་ཡང་ནང་གི་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ཆོས་ཞེས་བྱ་བ་ནི་བརྟེན་པ་དང་བཅས་ཞེས་བྱ་བ་ལ། བརྟེན་པ་དང་བཅས་པ་ཁོ་ནའོ་ཞེས་བྱ་བར་ངེས་པར་གཟུང་སྟེ། ལྷག་མ་ནི་དེ་དང་

མཚུངས་པ་དག་ཀྱང་ཡིན་ཞེས་འབྱུང་བའི་ཕྱིར་རོ། །འདི་ནི་བརྟེན་པ་དང་བཅས་པའི་ཡུལ་གྱི་མཚན་ཉིད་དོ། །ཡུལ་གང་ཞིག་རྣམ་པར་ཤེས་པ་གང་གི་དམིགས་པར་ངེས་ལ། གལ་ཏེ་ཡུལ་དེ་ལ་རྣམ་པར་ཤེས་པ་སྐྱེས་པ་འམ་ཞེས་བྱ་བ་རྒྱས་པར་སྦྱར་བར་བྱའོ། །སྐྱེ་བའི་ཆོས་ཅན་ཞེས་

བྱ་བ་ནི་མི་སྐྱེ་བའི་ཆོས་ཅན་ལས་ཁྱད་པར་དུ་བྱེད་པའོ། །དེ་ལྟར་ན་དེ་ནི་གཟུང་བ་འཛིན་པར་འགྱུར་བ་ཡིན་ལ། ཆོས་ཀྱི་ཁམས་ཀྱང་གཟུང་བ་འཛིན་པར་འགྱུར་བ་དེ་ལྟ་བུའི་མཚན་ཉིད་ཅན་ཡིན་པས་བརྟེན་པ་དང་བཅས་པ་ཞེས་བྱའོ། །གང་ལ་ཡོད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ལ། ཡིད་

ནི་ཤེས་བྱ་མ་ལུས་པའི་ཡུལ་ཅན་ཡིན་པའི་ཕྱིར་ཏེ། གང་ལ་ཡིད་ཀྱི་རྣམ་པར་ཤེས་པ་མཐའ་ཡས་པ་མ་སྐྱེས་པའམ། སྐྱེ་བར་མི་འགྱུར་བའི་ཆོས་ཀྱི་ཁམས་དུས་གསུམ་པ་དང་། དུས་མེད་པ་གང་ཡིན་པ་དེ་ནི་འགའ་ཡང་མེད་དོ། །མཐའ་ཡས་པ་ཞེས་བྱ་བ་ནི་ཡོངས་སུ་བགྲང་

Vol. 144 · folio 80a

དུ་མེད་པའོ། །ཅི་ལྟར་ཞེ་ན། འདི་ལྟར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར། འཕགས་པའི་གང་ཟག་ཐམས་ཅད་ལ་ནི་གདོན་མི་ཟ་བར་ཆོས་ཐམས་ཅད་བདག་མེད་དོ་སྙམ་པའི་ཤེས་པ་འདི་སྐྱེ་སྟེ། དེའི་ཕྱིར་

ཆོས་ཀྱི་ཁམས་ནི་རྟག་ཏུ་བརྟེན་པ་དང་བཅས་པ་ཡིན་ནོ། །དེའི་དམིགས་པ་ཡང་རང་གི་ངོ་བོ་དང་ལྷན་ཅིག་ཏུ་བྱུང་བ་མ་གཏོགས་པ་ཞེས་བྱ་བ་ལ། ཆོས་ཐམས་ཅད་བདག་མེད་དོ་སྙམ་པའི་ཤེས་པ་དེའི་དམིགས་པ་ཡང་རང་གི་བདག་ཉིད་ལ་བྱེད་པར་འགལ་བས་དེ་ཉིད་ཀྱིས་དེ་མི་

འཛིན་པའི་ཕྱིར་རང་གི་ངོ་བོ་སྟེ། བདག་ཉིད་མ་གཏོགས་པ་དང་ལྷན་ཅིག་འབྱུང་བ་སྟེ། དམིགས་པ་གཅིག་པས་སེམས་ལས་བྱུང་བ་རྣམས་མ་གཏོགས་པ་དང་། ཤིན་ཏུ་ཉེ་བའི་ཕྱིར་ཐོབ་པ་དང་སྐྱེ་བ་ལ་སོགས་པ་ལྡན་པ་རྣམས་མ་གཏོགས་པ་དེ་དག་ལས་གཞན་པའི་

ཆོས་ཐམས་ཅད་ཡིན་ནོ། །སེམས་མཚུངས་པར་ལྡན་པ་དང་བཅས་ཤིང་ལྷན་ཅིག་འབྱུང་བ་དང་བཅས་པ་དེ་ཡང་སེམས་གཞན་གྱིས་བདག་མེད་པར་འཛིན་པ་ཡིན་ཏེ། དེ་ལྟར་ན་སྐད་ཅིག་མ་གཉིས་ཀྱི་དམིགས་པར་ནི་ཆོས་ཐམས་ཅད་འགྱུར་ཏེ། ཀུན་རྫོབ་གཅིག་པུས་རང་

ཚོགས་ལས། །གཞན་ནི་བདག་མེད་ཉིད་རིག་འབྱུང་། །ཞེས་འཆད་པར་འགྱུར་རོ། །འོ་ན་ཁམས་བཅོ་བརྒྱད་པོ་ཐམས་ཅད་བདག་མེད་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར། ཆོས་ཀྱི་ཁམས་བཞིན་དུ་བརྟེན་པ་དང་བཅས་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། དེ་དག་ནི་རང་གི་

བྱེད་པ་ལ་ལྟོས་ནས་བརྟེན་པ་དང་བཅས་པ་དང་། དེ་དང་མཚུངས་པ་ཉིད་དུ་རྣམ་པར་འཇོག་པའི་ཕྱིར་རོ། །ལྷག་མ་ནི་དེ་དང་མཚུངས་པ་དག་ཀྱང་ཡིན་ཞེས་བྱ་བ་ལ། གལ་ཏེ་ཆོས་ཞེས་བྱ་བ་བརྟེན་པ་དང་བཅས་པ་ཁོ་ན་ཡིན་ནོ་ཞེས་ངེས་པར་གཟུང་བ་ཉིད་ཀྱིས་དེ་ལས་གཞན་པ་

རྣམས་བརྟེན་པ་དང་བཅས་པ་དང་དེ་དང་མཚུངས་པ་ཉིད་དུ་གྲུབ་ན། ཡང་ཅིའི་ཕྱིར་རྩོམ་པར་བྱེད་ཅེ་ན། ཅི་ནས་ཀྱང་དེ་ཁམས་གཅིག་ལ་དེ་དང་མཚུངས་པ་ཡོད་པ་མ་ཡིན་གྱི། འོན་ཀྱང་ཐམས་ཅད་གཉིས་ཀ་ཡིན་ནོ་ཞེས་བྱ་བར་རྟོགས་པར་འགྱུར་བར་ཁྱད་པར་དུ་བྱ་བའི་ཕྱིར་རོ། །

Vol. 144 · folio 80b

གང་ཞིག་རང་གི་ལས་མི་བྱེད། །དེ་ནི་དེ་དང་མཚུངས་པའོ། །ཞེས་སྟོན་ཏེ། གང་རང་གི་ལས་བྱེད་པ་དེ་ནི་བརྟེན་པ་དང་བཅས་པའོ་ཞེས་བཤད་པར་འགྱུར་རོ། །དེ་དག་ལས་གང་གི་ལས་གང་ཡིན་ཞེ་ན། དེ་ལ་མིག་གང་གིས་གཟུགས་རྣམས་མཐོང་བའམ་ཞེས་རྒྱས་པར་འབྱུང་

ངོ་། །དེ་དང་མཚུངས་པའི་མིག་ལ་སློབ་དཔོན་རྣམས་ཀྱི་བློ་ཐ་དད་པར་འགྱུར་ཏེ། བྱེ་བྲག་ཏུ་སྨྲ་བ་རྣམས་ནི་རྣམ་པ་བཞི་ཡིན་ནོ་ཞེས་ཟེར་རོ། །གཟུགས་རྣམས་མ་མཐོང་བར་འགག་པ་དང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། མིག་ད་ལྟར་བ་ནི་འགགས་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་

འགགས་པ་ཞེས་བྱ་སྟེ། མི་རྟག་པ་ཉིད་ཀྱི་བྱེད་པ་གནས་པའི་ཕྱིར་རོ། །མ་འོངས་པ་ནི་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་འགག་པར་འགྱུར་བ་ཞེས་བྱ་སྟེ། དེ་ནི་གདོན་མི་ཟ་བར་ཇི་ལྟར་སྐྱེ་བ་དེ་བཞིན་དུ་འགག་པར་འགྱུར་བ་ཡིན་ནོ། །མི་སྐྱེ་བའི་ཆོས་ཅན་གང་ཡིན་པ་དེ་ཡང་རྐྱེན་

མ་ཚང་བ་ལས་མི་སྐྱེ་བ་ཉིད་ཡིན་པས་ཆེས་ཤིན་ཏུ་དེ་དང་མཚུངས་པ་ཡིན་ནོ། །ནུབ་ཕྱོགས་པ་རྣམས་ཀྱི་ལྟར་ན་རྣམ་པ་ལྔ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཇི་ལྟར་ཞེ་ན། རྣམ་པ་གསུམ་ནི་སྔ་མ་བཞིན་ནོ། །མི་སྐྱེ་ཆོས་ཅན་ནི་རྣམ་པར་ཤེས་པ་དང་ལྡན་པ་དང་ལྡན་པ་མ་ཡིན་པ་སྟེ། ཇི་

ལྟར་མིག་ད་ལྟར་བ་ཅུང་ཟད་ཅིག་ནི་རྣམ་པར་ཤེས་པ་དང་ལྡན་པ་ཡིན་ལ། འགའ་ཞིག་ནི་མི་ལྡན་པ་ཡིན་པ་དེ་བཞིན་དུ་མི་སྐྱེ་བའི་ཆོས་ཅན་ཡང་ཡིན་ནོ། །ཡིད་མི་སྐྱེ་བའི་ཆོས་ཅན་ཁོ་ན་དེ་དང་འདྲ་བ་ཡིན་ཏེ། སྐྱེས་པ་གདོན་མི་ཟ་བར་དམིགས་པ་འཛིན་པ་ཡིན་ནོ། །འདི་ལྟར་དམིགས་པ་

མེད་པའི་རྣམ་པར་ཤེས་པ་སྐྱེ་བ་ནི་ཡོད་པ་མ་ཡིན་ཏེ། གཉིས་ལ་བརྟེན་ནས་རྣམ་པར་ཤེས་པ་འབྱུང་ངོ་ཞེས་བྱ་བའི་ཕྱིར་རོ། །རང་གི་དབང་པོའི་བྱེད་པས་ཞེས་བྱ་བ་ལ། རང་གི་དབང་པོའི་བྱེད་པ་སྨོས་པས་ནི། སྐལ་བ་མཉམ་པའི་རྒྱུ་ལ་སོགས་པའི་བྱེད་པ་གསལ་བར་བྱ་བའི་ཕྱིར་རོ། །

གཅིག་གི་མིག་བརྟེན་པ་དང་བཅས་པ་གང་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ལྷ་སྦྱིན་གྱི་མིག་བརྟེན་པ་དང་བཅས་པ་གང་ཡིན་པ་དེ་ནི་ནག་པོ་ལ་སོགས་པ་ཐམས་ཅད་ཀྱི་ཡང་ཡིན་ནོ། །དེ་དང་མཚུངས་པ་རྣམས་ཀྱང་དེ་བཞིན་ཞེས་བྱ་བ་ལ། གཅིག་གི་མིག་དེ་དང་མཚུངས་པ་

Vol. 144 · folio 81a

གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་ཡང་ཡིན་ཏེ། ཡིད་ཀྱི་བར་དུ་ཡང་དེ་དང་འདྲའོ། །ཅིའི་ཕྱིར་ཞེ་ན། ཐུན་མོང་མ་ཡིན་པའི་ཕྱིར་རྒྱུད་གཅིག་གིས་བརྟེན་པ་དང་བཅས་པ་དང་། དེ་དང་མཚུངས་པ་ཉིད་དུ་རྣམ་པར་འཇོག་གོ། །གཟུགས་ནི་གང་ཞིག་ལྟ་

བ་དེའི་བརྟེན་པ་དང་བཅས་པ་ཡིན་ལ། གང་མི་ལྟ་བ་དེའི་ནི་དེ་དང་མཚུངས་པ་ཡིན་ནོ། །དེའི་ཕྱིར་ཞེ་ན། ཐུན་མོང་མ་ཡིན་པའི་ཕྱིར་རྒྱུད་གཅིག་གི་དབང་གིས་གཟུགས་བརྟེན་པ་དང་བཅས་པ་དང་། དེ་དང་མཚུངས་པ་ཉིད་དུ་རྣམ་པར་གཞག་གོ། །གཟུགས་གང་ལ་གཅིག་ལྟ་

བ་དེ་ལས་ཞེས་རྒྱ་ཆེར་འབྱུང་བ་ལ། གཟུགས་ནི་ཐུན་མོང་ཡིན་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་དུ་མ་བསྐྱེད་པའི་ནུས་པ་ཡོད་དོ། །དེའི་ཕྱིར་དེ་ནི་རྒྱུད་དུ་མའི་དབང་གིས་རྣམ་པར་གཞག་པའི་ཕྱིར་གང་གིས་ལྟ་བ་དེའི་བརྟེན་པ་དང་བཅས་པ་ཡིན་གྱི། ཐམས་ཅད་ཀྱི་ནི་མ་

ཡིན་ནོ། །ལྷ་སྦྱིན་གྱིས་མིག་གིས་ནི་གཞན་ནམ་ཡང་ལྟ་བ་མ་ཡིན་ནོ། །བསྒྲེ་བ་ནི། གཟུགས་ཇི་ལྟ་བ་དེ་བཞིན་དུ་སྒྲ་དང་ཞེས་རྒྱས་པར་སྨོས་སོ། །སྒྲ་ནི་དེ་ལྟ་ཡིན་དུ་ཆུག་ན་ཞེས་བྱ་བ་ནི་རྒོལ་བ་པོ་རྗེས་སུ་ཡིད་མ་རང་བའོ། །དྲི་ལ་སོགས་པ་ནི་གང་དག་གཅིག་གིས་འཛིན་

པ་དེ་དག་གཞན་གྱིས་མི་འཛིན་ཏོ། །ཇི་ལྟར་ཞེ་ན། ཕྲད་ནས་འཛིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེའི་མིག་ལ་སོགས་པ་བཞིན་དུ་དེ་དག་ཀྱང་ཐུན་མོང་མ་ཡིན་ནོ། །འདི་ལ་སྨྲས་པ། གཅིག་གི་སྣ་ལ་སོགས་པའི་རྣམ་པར་ཤེས་པ་སྐྱེད་པར་འགྱུར་བའི་དྲི་ལ་སོགས་པ་གང་

དག་ཡིན་པ་ཞེས་བྱ་བ་ལ། རེས་འགའ་ཞིག་རྐྱེན་ཉེ་ན་དེ་དག་ཉིད་ཐུན་མོང་ཡིན་པའི་ཕྱིར་གཞན་གྱི་སྣ་ལ་སོགས་པའི་ཡུལ་དུ་སྐྱེས་པ་ན། དེ་དག་གི་རྣམ་པར་ཤེས་པ་སྐྱེད་པར་འགྱུར་བ་སྲིད་པ་དེ་ནི་ཡོད་ཀྱི། གཞན་གྱི་མིག་གིས་གཞན་ལྟ་བ་ནི་ནམ་ཡང་ཡོད་པ་མ་ཡིན་ཏེ། ཐུན་མོང་

མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཆོས་ཀྱི་ཁམས་ཀྱང་ཐུན་མོང་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་བཞིན་དུ་རྒྱུད་དུ་མའི་དབང་གིས་བརྟེན་པ་དང་བཅས་པ་དང་། དེ་དང་མཚུངས་པ་ཉིད་དུ་ཅིའི་ཕྱིར་རྣམ་པར་མི་འཇོག་ཅེ་ན། གཟུགས་ནི་ད་ལྟར་བྱུང་བ་ཁོ་ན་མཐོང་གི་འདས་པ་དང་། མ་འོངས་

Vol. 144 · folio 81b

པ་དང་། མི་སྐྱེ་བའི་ཆོས་ཅན་ནི་མ་ཡིན་ཏེ། རེག་བྱའི་བར་དུ་ཡང་དེ་དང་འདྲའོ། །དེའི་ཕྱིར་གཟུགས་ལ་སོགས་པ་རྣམས་ཀྱི་བརྟེན་པ་དང་བཅས་པ་དང་། དེ་དང་མཚུངས་པའི་ངོ་བོ་རྒྱུད་དུ་མའི་དབང་གིས་བྱ་བ་བྱེད་པ་ལས་རྣམ་པར་གཞག་གོ། །ཆོས་ཞེས་བྱ་བ་ལ་ནི་རྣམ་པར་རྟོག་

པ་དེ་ལྟ་བུ་ཡོད་པ་མ་ཡིན་ཏེ། དེ་ནི་དུས་གསུམ་དང་། དུས་སུ་མ་གཏོགས་པ་ལ་ཡང་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དག་གི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། ཇི་ལྟར་བརྟེན་པ་དང་བཅས་པ་དང་། དེ་དང་མཚུངས་པ་ཉིད་

ཡིན་ཞེ་ན། དེའི་ཕྱིར་སྐྱེ་བ་དང་མི་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་སྨོས་ཏེ། དམིགས་པ་མེད་པའི་རྣམ་པར་ཤེས་པ་ནི་སྐྱེ་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། ཡིད་ཀྱི་ཁམས་ཇི་ལྟ་བ་བཞིན་ནོ་ཞེས་དཔེར་བརྗོད་པ་སྨོས་སོ། །སྐྱེ་བའི་ཆོས་ཅན་གྱི་ཡིད་ནི་བརྟེན་

པ་དང་བཅས་པ་ཡིན་ལ། མི་སྐྱེ་བའི་ཆོས་ཅན་ནི་དེ་དང་མཚུངས་པ་ཡིན་པ་དེ་བཞིན་དུ་འདིར་ཡང་ཡིན་ནོ། །བརྟེན་པ་དང་བཅས་པའི་དོན་ཅི་ཞེ་ན། བརྟེན་པ་ནི་བརྟེན་པའོ། །དེ་འདི་དག་ལ་ཡོད་པས་བརྟེན་པ་དང་བཅས་པ་རྣམས་སོ། །དེ་ཡང་དབང་པོ་དང་། ཡུལ་དང་།

རྣམ་པར་ཤེས་པ་རྣམས་ཕན་ཚུན་བརྟེན་པ་གང་ཡིན་པ་སྟེ། རྟེན་དང་ཡུལ་དང་ཡུལ་ཅན་གྱི་དངོས་པོར་ཕན་ཚུན་རྗེས་སུ་མཐུན་པ་ཉིད་ཅེས་བྱ་བའི་དོན་ཏོ། །ཡང་ན་བྱེད་པ་ལ་བརྟན་པ་སྟེ། གང་ཞིག་གང་གིས་བྱེད་པ་ཡིན་པ་དེ་ལ་དེ་རྗེས་སུ་མཐུན་པའི་ངོ་བོའོ། །དཔེར་ན་མིག་གི་དབང་

པོའི་བྱེད་པ་ལྟ་བ་ཡིན་པ་དང་། རྣམ་པར་ཤེས་པའི་རྣམ་པར་ཤེས་པ་དང་། གཟུགས་ཀྱི་དེ་དག་གི་ཡུལ་གྱི་དངོས་པོར་གནས་པ་ཡོད་པ་ལྟ་བུ་སྟེ། དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །ཡང་ན་འབྲས་བུ་རེག་པ་འདྲ་བའི་ཕྱིར་ཏེ། རྟེན་མཚུངས་པ་ཡིན་ནོ་ཞེས་བྱ་བར་སྦྱར་

རོ། འདི་ལྟར་རེག་པ་ནི་དེ་དག་ལ་རག་ལས་པའི་ཕྱིར་ཡུལ་དང་། དབང་པོ་དང་། རྣམ་པར་ཤེས་པ་བརྟེན་པས་བརྟེན་པ་ཡིན་ཏེ། དེའི་ཕྱིར་བརྟེན་པ་མཚུངས་པ་དག་སྟེ། རེག་པ་མཚུངས་ཞེས་བྱ་བའི་དོན་ཏོ། །དེ་དག་གི་རེག་པ་ནི་སེམས་ལས་བྱུང་བའི་ཆོས་འབྲས་བུ་མཚུངས་

Vol. 144 · folio 82a

པ་དེས་ན་རྒྱུན་དངོས་པོར་མཚུངས་པའི་ཕྱིར་ཏེ། འདྲ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གང་དག་བརྟེན་པ་དང་བཅས་པ་མ་ཡིན་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་དག་ནི་བརྟན་པ་དང་བཅས་པ་དེ་དག་དང་འདྲ་བས་དེ་དང་མཚུངས་པ་དག་གོ། །ཚུལ་གང་གིས་

ཤེ་ན། བཤད་པ། རིགས་མཐུན་པས་མཚུངས་པའི་ཕྱིར་ཏེ། དེ་དང་འདྲ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་དག་གཉིས་ཀ་ཡང་ལྟ་བ་དང་། སྐྱེ་མཆེད་གཅིག་དང་། ཁམས་གཅིག་ཡིན་ནའོ། །ཡང་ན་ཕན་ཚུན་རྒྱུ་ཡིན་པའི་རིགས་འདྲ་བ་སྟེ། ཕན་ཚུན་འབྲེལ་པའི་

ཕྱིར་དང་། ཕན་ཚུན་འདྲེན་པར་བྱ་བའི་ཕྱིར་རོ། །མཐོང་བས་སྤང་བར་བྱ་བའི་ཁམས་རྣམས་ནི་དུ་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། དེ་ལ་གང་དག་མཐོང་བས་སྤོང་བར་འགྱུར་བ་དེ་དག་ནི་མཐོང་བས་སྤང་བར་བྱ་བ་རྣམས་སོ། །གང་དག་བསྒོམ་པས་སྤོང་བར་འགྱུར་བ་དེ་དག་ནི་བསྒོམ་

པས་སྤང་བར་བྱ་བ་རྣམས་སོ། །ཟག་པ་མེད་པ་དག་ནི་སྤང་བར་བྱ་བ་མ་ཡིན་པའོ། །ཡང་རྣམ་པ་དགུ་ཆར་ཡང་རྡོ་བཅག་པའི་ཚུལ་དུ་ལམ་རྣམ་པ་གཅིག་གིས་སྤོང་བ་དེ་དག་ནི་མཐོང་བས་སྤང་བར་བྱ་བའོ། །རྣམ་པ་དགུ། ལམ་རྣམ་པ་དགུས་པདྨའི་རྩ་བའི་ཐག་པའི་ཚུལ་དུ་སྤོང་བ་

གང་དག་ཡིན་པ་དེ་དག་ནི་བསྒོམ་པས་སྤང་བར་བྱ་བ་སྟེ། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་རྣམ་པར་གཞག་པ་ནི། ཟག་པ་དང་བཅས་པས་མཐོང་བས་སྤང་བར་བྱ་བ་དག་ཀྱང་ཡོད་དོ། །བསྒོམ་པས་སྤང་བར་བྱ་བ་དག་ཀྱང་ཡོད་ཅེས་རྒྱས་པར་མདོ་ཉིད་ལས་གསུངས་སོ། །རེ་ཞིག་

གཟུགས་ཅན་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གཟུགས་ཅན་མ་ཡིན་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །བཅུ་ཞེས་བྱ་བ་ནི་ཆོས་ཀྱི་ཁམས་གསལ་བར་བྱ་བའི་ཕྱིར་རོ། །ལྔ་ཡང་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མ་གཏོགས་པ་མིག་ལ་སོགས་པའི་རྣམ་པར་ཤེས་པའི་

ཁམས་དག་གོ། །འདི་ལྟ་བུ་ཅི་ཞིག་ཏུ་ངེས་པར་གཟུང་ཞེ་ན། ཁམས་ལྔ་པོ་དག་ནི་བསྒོམ་པས་སྤང་བར་བྱ་བ་ཁོ་ནའོ་ཞེས་བྱ་བར་ངེས་པར་གཟུང་གི །དེ་དག་ཁོ་ན་བསྒོམ་པས་སྤང་བར་བྱ་བའོ་ཞེས་ནི་མ་ཡིན་ཏེ། ཐ་མའི་རྣམ་གསུམ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལ་གཟུགས་ཅན་བཅུ་པོ་

Vol. 144 · folio 82b

དག་ནི་བསྒོམ་པས་སྤང་བར་བྱ་བ་ཉིད་ཡིན་ཏེ། བདེན་པ་དག་ལ་ལོག་པར་རྟོགས་པ་མེད་པའི་ཕྱིར་རོ། །ཇི་ལྟར་ལོག་པར་རྟོགས་པ་མེད་ཅེ་ན། དམིགས་པ་མེད་པའི་ཕྱིར་རོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་པོ་དག་ནི་དམིགས་པ་དང་བཅས་པ་ཉིད་ཡིན་དུ་ཟིན་ཡང་ཁ་ཕྱིར་

བལྟས་པར་འཇུག་པའི་ཕྱིར་བསྒོམ་པས་སྤང་བར་བྱ་བ་ཉིད་དོ། །མཐོང་བས་སྤང་བར་བྱ་བ་རྣམས་ནི་ཁ་ནང་དུ་བལྟས་པས་འཇུག་སྟེ། ངེས་པར་རྟོག་པས་འཇུག་པའི་ཕྱིར་རོ། །སྤང་བར་བྱ་བ་མ་ཡིན་པ་ཡང་མ་ཡིན་ཏེ། ཟག་པ་དང་བཅས་པའི་ཕྱིར་རོ། །ཡང་གི་སྒྲ་ནི་བསྡུ་བའི་

དོན་ཏོ། །ཐ་མའི་གསུམ་རྣམ་གསུམ་ཞེས་བྱ་བ་ལ། འདོན་པའི་གོ་རིམས་ཀྱིས་མཐའ་ན་ཡོད་པའི་ཕྱིར་ཐ་མའོ། །ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་ནི་ཁམས་གསུམ་གྱི་བདེན་པ་མཐོང་བས་སྤང་བར་བྱ་བ་དག་གོ། །དེ་དག་དང་ལྷན་ཅིག་འབྱུང་བ་སྨོས་པས་ནི་དེ་དག་དང་མཚུངས་པར་

ལྡན་པ་སེམས་དང་སེམས་ལས་བྱུང་བ་རྣམས་དང་། དེ་དག་གི་མཚན་ཉིད་དང་། ཕྲ་རྒྱས་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་ཐོབ་པ་སྡུད་དོ། །དེ་དག་གི་ཐོབ་པ་ཞེས་བྱ་བ་ནི་གང་དག་སྔར་སྐྱེས་པ་དང་། ཕྱི་ནས་སྐྱེ་བ་དེ་དག་སྡུད་དོ། །རྗེས་སུ་འབྲང་བ་དང་བཅས་པ་ཞེས་བྱ་བ་ནི་དེ་དག་གི་

རྗེས་སུ་འབྲང་བ་རྗེས་ཀྱི་ཐོབ་པ་དང་མཐུན་པའི་མཚན་ཉིད་རྣམས་སོ། །དེ་ལ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་དང་མཚུངས་པར་ལྡན་པའི་རྣམ་པར་ཤེས་པ་ནི་ཡིད་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །ལྷག་མ་མཚུངས་པར་ལྡན་པ་ཕྲ་རྒྱས་དག་དང་ལྷན་ཅིག་པ་རྣམས་

དང་ལྡན་པ་མ་ཡིན་པ་རྣམས་ཀྱི་ཆོས་ཀྱི་ཁམས་ཏེ། ཁམས་གསུམ་པོ་འདི་དག་ནི་མཐོང་བས་སྤང་བར་བྱ་བ་རྣམས་སོ། །ཟག་པ་དང་བཅས་པ་ལྷག་མ་རྣམས་ནི་བསྒོམ་པས་སྤང་བར་བྱ་བ་དག་ཡིན་ནོ་ཞེས་བྱ་བ་དག་འབྱུང་སྟེ། མ་མཐོང་བ་ཟག་པ་མེད་པ་རྣམས་ནི་སྤང་བར་བྱ་བ་མ་ཡིན་པ་དག་

གོ་ཞེས་བྱ་བ་ནི་ལམ་གྱི་བདེན་པ་དང་། འདུས་མ་བྱས་ཀྱིས་བསྡུས་པའི་ཁམས་གསུམ་པོ་དེ་ཉིད་དེ། ཉེས་པ་མེད་པ་ནི་སྤང་བར་མི་འོས་ལ། ཆོས་ཟག་པ་མེད་པ་རྣམས་ཀྱང་ཉེས་པ་མེད་པ་ཡིན་ནོ། །སོ་སོའི་སྐྱེ་བོ་ཉིད་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཁ་ཅིག་ན་རེ་གང་གི་ཕྱིར་སོ་སོའི་སྐྱེ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words