ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཨ་བྷི་དྷརྨ་ཀོ་ཥ་ཨུ་པཱ་ཡི་ཀ་ནཱ་མ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 146 · folio 249b
ལེནྡྲའི་ཨ་མྲས་བསྐོར་བའི་ཚལ་ན་བཞུགས་སོ། །དེའི་ཚེ་ན་མུ་གེ་ཆེན་པོ་རྒལ་བར་དཀའ་ཞིང་སློང་མོ་བས་ཟས་དག་རྙེད་པར་དཀའ་བ་བྱུང་བར་གྱུར་ཏོ། །དེ་ནས་གཅེར་བུ་པའི་དགེ་བསྙེན་གྲོང་དཔོན་ལག་ན་རལ་གྲི་ཐོགས་པ་ཞིག་གཅེར་བུ་པ་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་
སོང་ནས་གཅེར་བུ་པའི་རྐང་པ་ལ་མགོ་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་། གྲོང་དཔོན་ལག་ན་རལ་གྲི་ཐོགས་པ་དེ་ལ་གཅེར་བུ་པ་དག་གིས་འདི་སྐད་ཅེས་སྨྲས་སོ། །གྲོང་དཔོན་གང་གི་ཕྱིར་ངོས་གཉིས་ལ་བུག་པ་ཡོད་པའི་ལྕགས་
ཀྱི་ཐུ་ལུམ་ལྟ་བུའི་དགེ་སྦྱོང་གཽ་ཏ་མས་དྲི་བ་དྲིས་ནས་ལུང་བསྟན་པར་ཡང་མི་ནུས་བསྟན་པར་བྱ་བ་མ་ཡིན་པར་ཡང་མི་ནུས་པའི་རྩོད་པ་དག་བྱ་བར་ནུས་སམ། འཕགས་པ་དག་ཇི་ལྟར་ན་ངོས་གཉིས་ལ་བུག་པ་གཉིས་ཡོད་པའི་ལྕགས་ཀྱི་ཐུ་ལུམ་ལྟ་བུའི་དགེ་སྦྱོང་གཽ་ཏ་མས་
དྲི་བ་དྲིས་ན་ལུང་བསྟན་པར་ཡང་མི་ནུས། ལུང་བསྟན་པར་བྱ་བ་མ་ཡིན་པར་ཡང་མི་ནུས་པའི་རྩོད་པ་དག་ཇི་ལྟར་ལགས། གྲོང་དཔོན་ཁྱོད་དགེ་སྦྱོང་གཽ་ཏ་མ་གང་ན་བ་དེར་ཉེ་བར་སོང་ལ་ཉེ་བར་སོང་ནས་འདི་སྐད་ཅེས་སྨྲོས་ཤིག །དགེ་སྦྱོང་གཽ་ཏ་མ་ཁྱོད་ཁྱིམ་གྱི་སྐྱེ་བ་སེམས་
སམ་ཁྱིམ་གྱི་བསྔགས་པ་དག་རྗོད་པར་བྱེད་དམ། གལ་ཏེ་དེ་མ་ཡིན་ནོ་ཞེས་ཟེར་ན་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་ལྟར་ན་གཽ་ཏ་མ་ཁྱོད་དང་ཕྱིས་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཁྱད་པར་ཅི་ཞིག་ཡོད། གལ་ཏེ་དེ་དེ་བཞིན་ནོ་ཞེས་ཟེར་ན་འདི་སྐད་དུ་བརྗོད་པར་བྱ་སྟེ།
དགེ་སྦྱོང་གཽ་ཏ་མ་ཁྱོད་ད་ལྟར་མུ་གེ་ཆེན་པོ་རྒལ་བར་དཀའ་ཞིང་སློང་མོ་པས་ཟས་དག་རྙེད་པར་དཀའ་བ་བྱུང་བ་ན་དགེ་སློང་གི་དགེ་འདུན་མང་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་དང་དགེ་བསྙེན་སྟོང་དང་སློང་མོ་ཟ་བ་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་གྲོང་ནས་གྲོང་དུ་གྲོང་ཁྱེར་
ནས་གྲོང་ཁྱེར་དུ་ལྗོངས་ནས་ལྗོངས་སུ་རྒྱུ་ཞིང་གཽ་ཏ་མ་ཁྱིམ་རྣམས་ལ་སེར་བ་བཞིན་དུ་རྒྱུ་ཞིང་གནོད་པ་བྱེད་ལ་ཁྱིམ་གྱི་སྐྱེ་བོ་འཇོམས་པར་བྱེད་དེ། གཽ་ཏ་མ་འདི་ནི་མི་རིགས་པ་འདི་ནི་མི་འདྲ་བ་འདི་ནི་མི་འཐད་པའོ་ཞེས་གྲོང་དཔོན་འདི་སྐད་དུ་སྨྲས་ན་ངོས་གཉིས་ན་བུ་ག་ཡོད་པའི་
Vol. 146 · folio 250a
ལྕགས་ཀྱི་ཐུ་ལུམ་ལྟ་བུ་འདི་དགེ་སྦྱོང་གཽ་ཏ་མས་དྲིས་ན་ལུང་བསྟན་པར་ཡང་མི་ནུས་བསྟན་པར་བྱ་བ་མ་ཡིན་པར་ཡང་མི་ནུས་པའི་རྩོད་པར་འགྱུར་རོ། །འཕགས་པ་དག་ནུས་ལགས་སོ། །དེ་ནས་གཅེར་བུ་པའི་ཉན་ཐོས་གྲོང་དཔོན་ལག་ན་རལ་གྲི་ཐོགས་
པ་གཅེར་བུ་པས་བསྐུལ་ནས་ན་ལེནྡྲ་གང་ན་བ་དེར་སོང་སྟེ། བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་ནས་བཅོམ་ལྡན་འདས་དང་ལྷན་ཅིག་ཡང་དག་པར་དགའ་བར་འགྱུར་བ་དང་ཡང་དག་པར་བདེ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་
གོ། ཕྱོགས་གཅིག་ཏུ་འདུག་ནས་གྲོང་དཔོན་ལག་ན་རལ་གྲི་ཐོགས་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་ཁྱོད་ཁྱིམ་རྣམས་ཀྱི་སྐྱེ་བ་རྟོག་པར་བྱེད་དམ། ཁྱིམ་དག་གི་བསྔགས་པ་རྗོད་པར་བྱེད་དམ། གྲོང་དཔོན་དེ་བཞིན་གཤེགས་པ་ནི་
ཡུན་རིང་མོ་ནས་ཁྱིམ་རྣམས་ཀྱི་སྐྱེ་བ་བརྟག་པར་མཛད་ཅིང་ཁྱིམ་རྣམས་ཀྱི་བསྔགས་པ་བརྗོད་པར་མཛད་དོ། །གཽ་ཏ་མ་ཁྱོད་ད་ལྟར་མུ་གེ་ཆེན་པོ་རྒལ་བར་དཀའ་ཞིང་སློང་མོ་བ་དག་གིས་ཟས་དག་རྙེད་པར་དཀའ་བ་བྱུང་བ་ན་དགེ་སློང་གི་དགེ་འདུན་མང་པོ་བརྒྱ་ཕྲག་ཕྱེད་དང་
བཅུ་གསུམ་གྱི་དགེ་སློང་དང་། དགེ་བསྙེན་སྟོང་དང་། སློང་མོ་པ་ལྔ་བརྒྱ་ཙམ་དང་ཐབས་ཅིག་ཏུ་གྲོང་ནས་གྲོང་དང་གྲོང་ཁྱེར་ནས་གྲོང་ཁྱེར་དང་། ལྗོངས་ནས་ལྗོངས་སུ་རྒྱུ་ཞིང་། ཁྱིམ་རྣམས་ལ་སེར་བ་བཞིན་དུ་གནོད་པར་བྱེད་དམ། ཁྱིམ་གྱི་སྐྱེ་བ་བཅོམ་པར་བྱེད་
དམ། གཽ་ཏ་མ་འདི་ནི་མི་རིགས་པ་འདི་ནི་མི་འདྲ་བ་འདི་ནི་མི་འཐད་པའོ། །གྲོང་དཔོན་ངས་འདི་ནས་བཟུང་སྟེ་བསྐལ་པ་དགུ་བཅུ་རྩ་གཅིག་ཡང་དག་པར་རྗེས་སུ་དྲན་ཏེ། ཟས་སྦྱིན་པ་སྟེར་བར་བྱ་བའི་ཕྱིར་ཁྱིམ་གང་ལ་ཡང་མི་བདེ་བ་དང་ཉམ་ང་བ་དང་གནོད་པར་མངོན་
པར་མི་མཁྱེན་ཏོ། །གྲོང་དཔོན་འོན་ཀྱང་ཁྱེད་ཀྱིས་མཐོང་ངམ། ཁྱིམ་རྣམས་ཕྱུག་པ་དང་ནོར་མང་པོ་དང་། ཡོ་བྱད་རབ་ཏུ་མང་བ་དང་། ཕའི་ནོར་མང་བ་དང་། ནོར་དང་གསེར་དང་ས་ལེ་སྦྲམ་དང་། མཛོད་དང་བང་བ་དང་ཁྱིམ་གྱི་ཚོགས་མང་པོ་དང་། བྲན་ཕོ་དང་བྲན་མོ་
Vol. 146 · folio 250b
དང་ལས་བྱེད་པའི་སྐྱེས་བུ་མང་པོ་དང་། གཉེན་བཤེས་དང་། སྣག་གི་གཉན་མཚམས་མང་པོ་དང་ལྡན་པ་དག་མཐོང་ངམ། དེ་དག་ནི་ཡུན་རིང་པོའི་དགེ་བ་ལས་བྱུང་བ། བདེན་པ་ལས་བྱུང་བ། ཉེ་བར་ཞི་བ་ལས་བྱུང་བའོ། །གྲོང་དཔོན་བརྒྱད་པོ་འདི་དག་ནི་ཁྱིམ་
རྣམས་འཇིག་ཅིང་སྐྱེ་བར་མི་འགྱུར་བའི་རྐྱེན་བརྒྱད་དེ། བརྒྱད་གང་ཞེ་ན། གྲོང་དཔོན་རྒྱལ་པོ་ནི་ཁྱིམ་འཇོམས་པར་བྱེད་པའོ། །རྐུན་པོ་དང་། མེ་དང་། ཆུ་དང་། གཏེར་དང་། ལས་ཀྱི་མཐའ་དང་། མི་དགའ་བས་སྒྲོ་འདོགས་པ་དང་། བུད་མེད་གང་གིས་ཁྱིམ་དང་།
ཁྱིམ་གྱི་ཡན་ལག་རྣམས་དོན་མ་ཡིན་པས་ཕོངས་པར་བྱེད་ཅིང་སྐྱེར་མི་སྟེར་བའོ། །གྲོང་དཔོན་མི་རྟག་པ་ཞེས་བྱ་བ་བརྒྱད་པོ་ཡང་ངས་བསྟན་པར་བྱས་ཏེ། གྲོང་དཔོན་གང་ཁ་ཅིག་རྒྱུ་དང་རྐྱེན་བརྒྱད་པོ་སྤངས་ནས་འདི་སྐད་དུ་དགེ་སྦྱོང་གཽ་ཏ་མ་ནི་ཁྱིམ་རྣམས་ལ་གནོད་
པར་རྟོག་ཅིང་སྐྱོ་བར་མི་རྟོག་པའོ་ཞེས་སྨྲ་ན། དེའི་ཚིག་དེ་ལྟ་བ་མ་སྤངས་ཤིང་འདོད་པ་དང་བཟོད་པ་དང་ལོག་པའི་རྣམ་པར་རྟོག་པ་མ་སྤངས་པ་སྟེ། མདའ་ཐུར་དུ་འཕངས་པ་ལྟར་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་
རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། གྲོང་དཔོན་ལག་ན་རལ་གྲི་ཐོགས་པ་ངུ་ཤིང་མཆི་མ་འཛག་སྟེ། དེ་ནས་གྲོང་དཔོན་ལག་ན་རལ་གྲི་ཐོགས་པ་ངུ་ཞིང་མཆི་མ་འཛག་བཞིན་དུ་བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ནས་
ཕྱག་བྱེད་ཅིང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྡིག་པ་བགྱིས་སོ། །བདེ་བར་གཤེགས་པ་སྡིག་པ་བགྱིས་སོ། །ཇི་ལྟར་བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པར་གྱུར་པས་གཽ་ཏ་མ་ལ་མི་བདེན་པ་གསོག་བརྫུན་དུ་སྨྲ་བས་སྨད་པར་བགྱིས་སོ། །གཽ་ཏ་
མ་དེ་བདག་གིས་སྡིག་པར་མཐོང་ཞིང་སྡིག་པར་ཤེས་ནས་མཐོལ་ལགས་ཏེ། གཽ་ཏ་མ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། གྲོང་དཔོན་བདེན་ཏེ་སྡིག་པ་ལ་སྡིག་པར་མཐོང་ནས་སྡིག་པར་བཤགས་སམ། ཇི་ལྟར་བྱིས་པ་མི་གསལ་བ་མི་མཁས་པར་གྱུར་པས་
Vol. 146 · folio 251a
གཽ་ཏ་མ་ལ་མི་བདེན་པ་གསོག་བརྫུན་དུ་སྨྲ་བས་སྨད་པར་བྱས་པ་དེ་གང་གི་ཕྱིར་གྲོང་དཔོན་ཁྱོད་ཀྱིས་མི་རིགས་པར་མཐོང་ཞིང་མཐོང་ནས་བཤགས་ཏེ། ཕྱིས་མི་བྱེད་པའི་སྡོམ་པ་འཛིན་ན་མི་འཕེལ་ཞིང་སྤོང་ལ་དགེ་བའི་ཆོས་རྣམས་ཉམས་པར་མི་
འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། གྲོང་དཔོན་གང་ཁ་ཅིག་སྡིག་པ་ལ་སྡིག་པར་མཐོང་ཞིང་ཤེས་ནས་མཐོལ་ཞིང་ཕྱིས་མི་བྱེད་པའི་སྡོམ་པ་འཛིན་ན་མི་འཕེལ་ཞིང་སྤོང་ལ་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་རོ། །དེ་ནས་གྲོང་དཔོན་ལག་ན་རལ་གྲི་ཐོགས་པ་བཅོམ་ལྡན་
འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་། །བསོད་ནམས་བྱ་བའི་དངོས་པོ་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བསོད་ནམས་བྱ་བའི་དངོས་པོ་ནི་གསུམ་པོ་
འདི་དག་སྟེ། གསུམ་གང་ཞེ་ན། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོའོ། །སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་
དངོས་པོ་གང་ཞེ་ན། ཁ་ཅིག་སྦྱིན་པ་པོར་གྱུར་ཏེ། དགེ་སྦྱོང་ངམ་བྲམ་ཟེ་དང་སྙིང་རྗེ་བ་དང་སློང་བ་དང་ལམ་དུ་ཞུགས་པ་དག་ལ་འདི་ལྟ་སྟེ་ཟས་དང་སྟོན་མོ་དང་གོས་དང་ཕྲེང་བ་དང་དྲི་དང་བྱུག་པ་དང་ཁྲི་དང་སྒྲོན་མ་དག་སྦྱིན་པར་བྱེད་པ་སྟེ། འདི་ནི་སྦྱིན་པ་ལས་བྱུང་བའི་བསོད་
ནམས་བྱ་བའི་དངོས་པོ་ཞེས་བྱའོ། །ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཞེ་ན། འདི་ན་ཁ་ཅིག་སྲོག་གཅོད་པ་སྤོང་ཞིང་སྲོག་གཅོད་པ་ལས་ལོག་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་
ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤོང་ཞིང་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་ལོག་པར་གྱུར་པའོ། །འདི་ནི་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱའོ། །བསྒོམས་
Vol. 146 · folio 251b
པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཞེ་ན། འདི་ན་ཁ་ཅིག་བྱམས་པ་དང་ལྷན་ཅིག་པར་གྱུར་པའི་སེམས་ཁོན་མེད་པ་འགྲན་ཟླ་མེད་པ་གནོད་པ་མེད་པ་ཡངས་པ་ཐམས་ཅད་དུ་ཁྱབ་པ་ཚད་མེད་པ་ལེགས་པར་བསྒོམས་པས་ཕྱོགས་གཅིག་ཏུ་རྒྱས་པར་ཁྱབ་
པར་བྱས་ནས་བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་གཉིས་པ་དང་གསུམ་པ་དང་བཞི་པ་དང་སྟེང་དང་འོག་དང་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་བྱམས་པ་དང་། ལྷན་ཅིག་པའི་སེམས་ཁོན་མེད་པ་འགྲན་ཟླ་མེད་པ་གནོད་པ་མེད་པ། ཡངས་པ་ཐམས་ཅད་དུ་ཁྱབ་པ་ཚད་
མེད་པ་ལེགས་པར་བསྒོམས་པས་རྒྱས་པར་ཁྱབ་པར་བྱས་ཏེ་བསྒྲུབས་ནས་གནས་སོ། །སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དང་ལྷན་ཅིག་པར་གྱུར་པའི་སེམས་ཁོན་མེད་པ་འགྲན་ཟླ་མེད་པ་གནོད་པ་མེད་པ། ཡངས་པ་ཐམས་ཅད་དུ་སོང་བ་ཚད་མེད་པ་ལེགས་པར་བསྒོམས་
པས་ཕྱོགས་གཅིག་ཏུ་རྒྱས་པར་ཁྱབ་པར་བྱས་ཏེ་བསྒྲུབས་ནས་གནས་སོ། །དེ་བཞིན་དུ་གཉིས་པ་དང་གསུམ་པ་དང་བཞི་པ་དང་སྟེང་དང་། འོག་དང་ཐད་ཀའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བཏང་སྙོམས་དང་ལྷན་ཅིག་པའི་སེམས་ཁོན་མེད་པ་འགྲན་ཟླ་མེད་པ་གནོད་
པ་མེད་པ་ཡངས་པ་ཐམས་ཅད་དུ་སོང་བ་ཚད་མེད་པ་ལེགས་པར་བསྒོམས་པས་ཁྱབ་པར་བྱས་ཏེ་བསྒྲུབས་ནས་གནས་སོ། །འདི་ནི་བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱའོ། །དགེ་སློང་དག་དེ་ལ་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་
དངོས་པོ་བསྟེན་ཅིང་བསྒོམས་ཏེ་ལན་མང་དུ་བྱས་པས་ལོངས་སྤྱོད་ཆེན་པོ་ཐོབ་པར་འགྱུར་རོ། །ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བསྟེན་ཅིང་བསྒོམས་ཏེ་ལན་མང་དུ་བྱས་ན་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་
བའི་དངོས་པོ་བསྟེན་ཅིང་བསྒོམས་ཏེ་ལེན་མང་དུ་བྱས་ན་བྲལ་བ་འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཐོག་མ་ཐ་མར་བདེ་འབྱུང་བའི། །
Vol. 146 · folio 252a
ཆོས་ཉིད་རྗེས་སུ་བསླབ་པར་བྱ། །སྦྱིན་པ་དང་ནི་ཚུལ་ཁྲིམས་དང་། །བྱམས་པའི་སེམས་ནི་བསྒོམ་པར་བྱ། །ཆོས་གསུམ་དག་ནི་བསྒོམ་བྱས་ནས། །རྟག་ཏུ་བདེ་བ་ཐོབ་ཅིང་ལྡན། །མཁས་པ་གནོད་མེད་བདེ་བ་ཡི། འཇིག་རྟེན་དག་ཏུ་སྐྱེ་བར་
འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་སོ། །སྦྱིན་བདག་ཁྱད་འཕགས་དད་སོགས་ཀྱིས། ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །
དགེ་སློང་དག་སྐྱེས་བུ་དམ་པའི་སྦྱིན་པ་ནི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། དགེ་སློང་མཐུ་དམ་པ་དད་པས་སྦྱིན་པ་སྦྱིན་པར་བྱེད། གུས་པར་བྱས་ཏེ་དང་། རང་གི་ལག་ནས་དང་། དུས་སུ་དང་། གཞན་ལ་མི་གནོད་པར་སྦྱིན་པ་སྦྱིན་པར་བྱེད་དོ། །དགེ་སློང་དག་དད་པས་སྦྱིན་པའི་
སྦྱིན་པ་པོའི་འབྲས་བུ་རྣམ་པར་སྨིན་པ་གང་ཞེ་ན། ཀུན་དགའ་བོ་དད་པས་སྦྱིན་ན་ཕྱུག་པོར་འགྱུར་ཏེ། ནོར་མང་ཞིང་ལོངས་སྤྱོད་ཆེ་བ་དང་། ཉེ་བར་མཁོ་བ་མང་པོ་དང་། ནང་མི་མང་པོ་དང་། ནོར་དང་འབྲུ་དང་གསེར་དང་ས་ལེ་སྦྲམ་དང་། བང་མཛོད་ཀྱི་ཚོགས་མང་པོ་
དང་། གཡོག་པོ་དང་གཡོག་མོ་དང་ལས་བྱེད་པའི་མི་མང་པོ་དང་། གྲོགས་པོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་མང་པོ་དང་ལྡན་པར་འགྱུར་རོ། །དགེ་སློང་དག་དད་པས་སྦྱིན་པའི་སྦྱིན་པ་པོའི་འབྲས་བུ་རྣམ་པར་སྨིན་པ་དེ་ལྟར་འགྱུར་རོ། །དགེ་སློང་དག་གུས་པར་
བྱས་ཏེ་སྦྱིན་པའི་སྦྱིན་བདག་གི་འབྲས་བུ་རྣམ་པར་སྨིན་པ་གང་ཞེ་ན། གུས་པར་བྱས་ཏེ་སྦྱིན་པ་སྦྱིན་ན་ཕྱུག་པོར་འགྱུར་རོ་ཞེས་བྱ་བ་ནས་གྲོགས་པོ་དང་མཛའ་བོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་མང་པོ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྟེ། ཕ་དང་མ་དང་།
བུ་དང་། གཡོག་པོ་དང་། གཡོག་མོ་དང་ལས་བྱེད་པའི་མི་རྣམས་ཀྱིས་གུས་པར་བྱེད་པར་འགྱུར་ཞིང་གྲོགས་པོ་དང་། མཛའ་བོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་དང་རྒྱལ་པོ་དང་། ལྷ་དང་། སྔོན་འདྲིས་པ་དང་། དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱིས་གུས་པར་
Vol. 146 · folio 252b
བྱེད་པར་འགྱུར་བ་སྟེ། དགེ་སློང་དག་གུས་པར་བྱས་ཏེ་སྦྱིན་པ་ནི་སྦྱིན་པ་པོ་འབྲས་བུ་རྣམ་པར་སྨིན་པ་དེ་ལྟར་འགྱུར་རོ། །དགེ་སློང་དག་རང་གི་ལག་ནས་སྦྱིན་པའི་སྦྱིན་པ་པོའི་འབྲས་བུ་རྣམ་པར་སྨིན་པ་གང་ཞེ་ན། རང་གི་ལག་ནས་སྦྱིན་པ་སྦྱིན་ན་ཕྱུག་པོར་འགྱུར་རོ་ཞེས་
བྱ་བ་ནས་གྲོགས་པོ་དང་མཛའ་བོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་མང་པོ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྟེ། ཁྱིམ་གྱི་ལོངས་སྤྱོད་རྒྱ་ཆེན་པོ་ལ་སེམས་མངོན་པར་དགའ་བར་འགྱུར་ཞིང་གོས་ཀྱི་ལོངས་སྤྱོད་རྒྱ་ཆེན་པོ་ཐོབ་པ་དང་། ཟས་ཀྱི་ལོངས་སྤྱོད་རྒྱ་ཆེན་པོ་དང་།
མལ་ཆ་དང་སྟན་གྱི་ལོངས་སྤྱོད་རྒྱ་ཆེན་པོ་དང་། ཡིད་ཀྱི་ལོངས་སྤྱོད་རྒྱ་ཆེན་པོ་དང་། གཟུགས་དང་སྒྲ་དང་དྲི་དང་རོ་དང་། རེག་བྱའི་ལོངས་སྤྱོད་རྒྱ་ཆེན་པོ་ལ་སེམས་མངོན་པར་དགའ་བར་འགྱུར་རོ། །དགེ་སློང་དག་རང་གི་ལག་ནས་སྦྱིན་པའི་སྦྱིན་པ་པོའི་འབྲས་བུ་རྣམ་པར་
སྨིན་པ་དེ་ལྟར་འགྱུར་རོ། །དགེ་སློང་དག་དུས་སུ་སྦྱིན་པའི་སྦྱིན་པ་པོའི་འབྲས་བུ་རྣམ་པར་སྨིན་པ་གང་ཞེ་ན། དུས་སུ་སྦྱིན་ན་ཕྱུག་པོར་འགྱུར་རོ་ཞེས་བྱ་བ་ནས་གྲོགས་པོ་དང་མཛའ་བོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་མང་པོ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྟེ།
དེའི་ལོངས་སྤྱོད་ཉམས་ཤིང་ཞིག་པ་དག་ཀྱང་ཕྱིར་སྐྱེ་བར་འགྱུར་ཏེ། དགེ་སློང་དག་འདི་ནི་དུས་སུ་སྦྱིན་པར་བྱེད་པའི་སྦྱིན་པ་པོའི་འབྲས་བུ་རྣམ་པར་སྨིན་པ་ཡིན་ནོ། །དགེ་སློང་དག་གཞན་ལ་མི་གནོད་པར་སྦྱིན་པར་བྱེད་པའི་སྦྱིན་པ་པོའི་འབྲས་བུ་རྣམ་པར་སྨིན་པ་གང་ཞེ་ན།
གཞན་ལ་མི་གནོད་པར་བྱེད་པའི་སྦྱིན་པ་སྦྱིན་ན་ཕྱུག་པོར་འགྱུར་རོ་ཞེས་བྱ་བ་ནས། གྲོགས་པོ་དང་མཛའ་བོ་ནས་ཉེ་དུ་དང་སྣག་གི་གཉེན་མཚམས་མང་པོ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྟེ། གང་གིས་ལོངས་སྤྱོད་མང་སྟེ་བརྩོན་འགྲུས་ཀྱིས་མང་པོ་བསགས་ཤིང་
རྡུལ་དང་དྲི་མས་ལུས་ལ་ཁྱབ་སྟེ་ཆོས་དང་ལྡན་ཞིང་ཆོས་ཀྱི་རྙེད་པ་དེ་དག་རྒྱལ་པོའམ། རྐུན་པོའམ། མེའམ། ཆུའམ། མི་དགའ་བའི་ཆད་པ་དག་ལས་གང་གིས་ཀྱང་འཕྲོགས་པར་ནུས་པ་མ་ཡིན་ཏེ། དགེ་སློང་དག་གཞན་ལ་མི་གནོད་པར་སྦྱིན་པ་བྱེད་ན་སྦྱིན་པ་པོའི་
Vol. 146 · folio 253a
འབྲས་བུ་རྣམ་པར་སྨིན་པ་དེ་ལྟར་འགྱུར་རོ། །མཁས་པས་དད་གུས་རང་ལ་གནས། །དུས་སུ་མི་གནོད་སྦྱིན་བྱེད་ན། །སྦྱིན་བདག་སྦྱིན་པ་ཡངས་ཤིང་ཆེ། །སྐལ་པ་ཆེན་པོ་འབྱུང་བར་འགྱུར། །ཞེས་བཀའ་སྩལ་ཏོ། །ཁ་དོག་ལ་སོགས་ཕུན་
ཚོགས་དངོས། །ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བཞི་པོ་འདི་དག་སྦྱིན་པ་སྟེ། བཞི་གང་ཞེ་ན། ཁ་དོག་དང་དྲི་དང་རོ་དག་ཕུན་སུམ་ཚོགས་པ་མ་ཡིན་པའི་སྦྱིན་པ་ཡང་ཡོད་ལ་ཁ་དོག་ཕུན་སུམ་ཚོགས་པ་ཡིན་ལ་དྲི་དང་རོ་ཕུན་སུམ་ཚོགས་
པ་མ་ཡིན་པའི་སྦྱིན་པ་ཡང་ཡོད། ཁ་དོག་དང་དྲི་ཕུན་སུམ་ཚོགས་པ་ཡིན་ལ་རོ་ཕུན་སུམ་ཚོགས་པ་མ་ཡིན་པའི་སྦྱིན་པ་ཡང་ཡོད། ཁ་དོག་དང་དྲི་དང་རོ་ཕུན་སུམ་ཚོགས་པའི་སྦྱིན་པ་ཡང་ཡོད་དོ། །དེ་ལ་གལ་ཏེ་འདི་ལྟ་བུའི་སྦྱིན་པ་ཁ་དོག་དང་དྲི་དང་རོ་ཕུན་སུམ་ཚོགས་པ་མ་
ཡིན་པ་འདི་ལྟ་བུའི་ངོ་བོའི་སྦྱིན་པ་དག་སྦྱིན་པར་བྱེད་ན་ཕྱུག་པོར་འགྱུར་ཏེ། ནོར་མང་ཞིང་ལོངས་སྤྱོད་ཆེ་བ་དང་། ཉེ་བར་མཁོ་བ་མང་བ་དང་། ཕའི་ནོར་མང་བ་དང་། ནོར་དང་འབྲུ་དང་གསེར་དང་། ས་ལེ་སྦྲམ་དང་བང་བ་དང་མཛོད་མང་པོ་དང་ལྡན་པར་འགྱུར་རོ། །བྲན་ཕོ་དང་
བྲན་མོ་དང་ལས་བྱེད་པའི་མི་མང་པོ་དང་། གྲོགས་པོ་དང་མཛའ་བོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་མང་པོ་དང་ལྡན་པར་འགྱུར་གྱི། མཛེས་ཤིང་གཟུགས་བཟང་བར་མི་འགྱུར་ཏེ། གྲགས་པ་དང་སྟོབས་ཆེ་བ་དང་། སྐྱེ་བོ་མང་པོ་དགའ་བ་དང་ཡིད་དུ་འོང་བར་མི་འགྱུར་
རོ། །དགེ་སློང་དག་འདི་ལྟ་བུའི་སྦྱིན་པ་སྦྱིན་བདག་གི་འབྲས་བུ་རྣམ་པར་སྨིན་པ་འདི་ལྟ་བུར་རེ་བར་བྱའོ། །དེ་ལ་གལ་ཏེ་འདི་ལྟ་བུའི་སྦྱིན་པ་ཁ་དོག་ཕུན་སུམ་ཚོགས་པ་ཡིན་ཞིང་དྲི་དང་རོ་ཕུན་སུམ་ཚོགས་པ་མ་ཡིན་པ་འདི་ལྟ་བུའི་ངོ་བོའི་སྦྱིན་པ་དག་སྦྱིན་པར་བྱེད་ན་ཕྱུག་པོར་
འགྱུར་རོ་ཞེས་བྱ་བ་ནས། གྲོགས་པོ་དང་མཛའ་བོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་མང་པོ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྟེ། མཛེས་ཤིང་གཟུགས་བཟང་བར་འགྱུར་གྱི། གྲགས་པ་དང་། སྟོབས་ཆེན་པོ་དང་། སྐྱེ་བོ་མང་པོ་དགའ་བ་དང་ཡིད་དུ་འོང་བར་
Vol. 146 · folio 253b
མི་འགྱུར་རོ། །དགེ་སློང་དག་འདི་ལྟ་བུའི་ངོ་བོའི་སྦྱིན་པ་སྦྱིན་པར་བྱེད་ན་རྣམ་པར་སྨིན་པ་འདི་ལྟ་བུར་རེ་བར་བྱའོ། །དེ་ལ་གལ་ཏེ་འདི་ལྟ་བུའི་སྦྱིན་པ་ཁ་དོག་དང་། དྲི་ཕུན་སུམ་ཚོགས་པ་ཡིན་ལ། རོ་ཕུན་སུམ་ཚོགས་པ་མ་ཡིན་པ་དེ་ལྟ་བུའི་ངོ་
བོའི་སྦྱིན་པ་དག་སྦྱིན་པར་བྱེད་ན་ཕྱུག་པོར་འགྱུར་རོ་ཞེས་བྱ་བ་ནས། མཛའ་བོ་དང་གྲོགས་པོ་དང་སྣག་གི་གཉེན་མཚམས་མང་པོ་དང་ལྡན་པར་འགྱུར་ཞིང་མཛེས་ཤིང་གཟུགས་བཟང་བ་དང་། གྲགས་པ་དང་སྟོབས་ཆེ་བ་ཅན་དུ་འགྱུར་གྱི། སྐྱེ་བོ་མང་པོ་དགའ་བ་དང་།
ཡིད་དུ་འོང་བར་མི་འགྱུར་ཏེ། དགེ་སློང་དག་འདི་ལྟ་བུའི་ངོ་བོ་སྦྱིན་པ་སྦྱིན་པར་བྱེད་ན་རྣམ་པར་སྨིན་པ་འདི་ལྟ་བུར་རེ་བར་བྱའོ། །དེ་ལ་གལ་ཏེ་འདི་ལྟ་བུའི་སྦྱིན་པ་ཁ་དོག་དང་དྲི་དང་རོ་ཕུན་སུམ་ཚོགས་པ་འདི་ལྟ་བུའི་ངོ་བོའི་སྦྱིན་པ་དག་སྦྱིན་པར་བྱེད་ན་ཕྱུག་པོར་འགྱུར་རོ་ཞེས་བྱ་
བ་ནས། གྲོགས་པོ་དང་མཛའ་བོ་དང་ཉེ་དུ་དང་སྣག་གི་གཉེན་མཚམས་མང་པོ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་དུ་སྟེ། མཛེས་ཤིང་གཟུགས་བཟང་བ་དང་། གྲགས་པ་དང་། སྟོབས་ཆེ་བ་དང་། སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་བར་འགྱུར་ཏེ། དགེ་སློང་དག་འདི་ལྟ་བུའི་
ངོ་བོའི་སྦྱིན་པ་དག་སྦྱིན་པར་བྱེད་ན་རྣམ་པར་སྨིན་པ་འདི་ལྟ་བུར་རེ་བར་བྱའོ། །རྣམ་པ་དུ་མ་ཕུན་ཚོགས་ཤིང་། །སེར་སྣ་མེད་པར་སྦྱིན་བྱེད་ན། །རྣམ་པ་དུ་མ་ཕུན་ཚོགས་པའི། །རྣམ་པར་སྨིན་པ་སོ་སོར་བསྟེན། །མིག་གིས་ཡིད་འོང་གཟུགས་མཐོང་ཞིང་། །སྒྲ་དང་དྲི་དང་
དེ་བཞིན་རོ། །ལུས་ཀྱིས་ཡིད་འོང་རེག་བྱ་དག །སོ་སོར་ཀུན་དུ་བསྟེན་པར་འགྱུར། །ལས་ཀྱི་རྣམ་སྨིན་ལས་སྐྱེས་པའི། །ཡིད་ཀྱིས་ཆོས་རྣམས་ཤེས་པ་དང་། །ཡིད་དུ་འོང་བ་ཤེས་འགྱུར་གྱི། །ནམ་ཡང་ཡིད་དུ་མི་འོང་མིན། །རྣམ་པ་དུ་མ་ཕུན་ཚོགས་ཤིང་། །སེར་
སྣ་མེད་པར་སྦྱིན་བྱེད་ན། །རྣམ་པ་དུ་མ་ཕུན་ཚོགས་པའི། །རྣམ་པར་སྨིན་པ་སོ་སོར་བསྟེན། །ལྔ་ཚན་ལྔ་པའི་དམིགས་པ་དང་། །མི་དམིགས་པའི་ཚིགས་སུ་བཅད་པ་དང་། མུ་བཞི་པའི་མདོའི་ཚིག་ལས་འདི་དག་ཉེ་བར་བཀོད་པའོ། །བཅོམ་ལྡན་འདས་ཀྱིས་ཇི་
Vol. 146 · folio 254a
སྐད་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་བརྒྱ་ལ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་སེར་སྐྱའི་གཞི་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ན་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མའི་གོས་སར་པ་གསེར་གྱི་མདོག་ལྟ་བུ་ཟུང་གཉིས་
ཁྱེར་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ་ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་སྐྱེ་དགུའི་བདག་མོ་ཆེན་མོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
བཙུན་པ་གོས་སར་པ་གསེར་གྱི་མདོག་ལྟ་བུ་ཟུང་འདི་གཉིས་བཅོམ་ལྡན་འདས་ཀྱིས་མནབས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱི་ཕྱིར་རང་ཉིད་ཀྱིས་བགྱིས་པ་ལགས་ཀྱིས། འདི་དག་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་བཞེས་སུ་གསོལ། །གཽ་ཏ་མའི་འདི་དག་
དགེ་འདུན་ལ་ཕུལ་ཅིག །དགེ་འདུན་ལ་ཕུལ་ན་ང་དང་དགེ་འདུན་གྱིས་ལོངས་སྤྱད་པ་བྱས་པར་འགྱུར་རོ། །ལན་གཉིས་ལན་གསུམ་དུ་བཅོམ་ལྡན་འདས་ལ་སྐྱེ་དགུའི་བདག་མོ་ཆེན་མོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་གོས་སར་པ་གསེར་གྱི་མདོག་ལྟ་བུ་ཟུང་གཉིས་
པོ་འདི་བཅོམ་ལྡན་འདས་ཀྱིས་མནབས་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱི་ཕྱིར་རང་ཉིད་ཀྱིས་བགྱིས་པ་ལགས་ཀྱིས་བཅོམ་ལྡན་འདས་ཐུགས་བརྩེ་བའི་སླད་དུ་འདི་དག་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་ཀྱང་ལན་གཉིས་ལན་གསུམ་དུ་སྐྱེ་དགུའི་བདག་མོ་
ཆེན་མོ་གཽ་ཏ་མི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཽ་ཏ་མའི་དགེ་འདུན་ལ་ཕུལ་ཅིག །དགེ་འདུན་ལ་ཕུལ་ན་ང་དང་དགེ་འདུན་གྱིས་ལོངས་སྤྱོད་པ་བྱས་པར་འགྱུར་རོ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་རྒྱབ་ལོགས་ན་རླུང་ཡབ་ཐོགས་ཏེ། བཅོམ་
ལྡན་འདས་ལ་རླུང་ཡབ་གཡོབ་ཅིང་འདུག་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མའི་ནི་བཅོམ་ལྡན་འདས་ལ་ཕན་པ་མང་པོ་བྱེད་པ་སྟེ། བཅོམ་ལྡན་འདས་
Vol. 146 · folio 254b
བཙས་མ་ཐག་ཏུ་ཡུམ་སྒྱུ་མ་དུས་ལས་འདས་ཏེ། རང་གི་ནུ་མ་བསྣུན་ཅིང་གསོས་ཆེར་བསྐྱེད་པ་ལགས་ཀྱིས། བཅོམ་ལྡན་འདས་ཐུགས་བརྩེ་བར་དགོངས་ཏེ་གོས་སར་པ་གསེར་གྱི་མདོག་ལྟ་བུ་ཟུང་གཉིས་པོ་འདི་སྐྱེ་དགུའི་བདག་མོ་ཆེན་མོ་ལས་བཞེས་སུ་གསོལ། ཀུན་
དགའ་བོ་དེ་དེ་བཞིན་ཏེ། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མའི་ནི་ང་ལ་ཕན་པ་མང་པོ་བྱེད་པ་བཙས་མ་ཐག་ཏུ་ཡུམ་སྒྱུ་མ་དུས་ལས་འདས་ཏེ་རང་གི་ནུ་མ་བསྣུན་ཞིང་གསོས་ཆེར་བསྐྱེད་པ་ཡིན་མོད་ཀྱི། འོན་ཀྱང་ང་ཡང་སྐྱེ་དགུའི་བདག་མོ་ཆེན་མོ་ལ་ཕན་པ་མང་པོ་བྱེད་པ་སྟེ། དེ་ཅིའི་
ཕྱིར་ཞེ་ན། ཀུན་དགའ་བོ་དགེ་བའི་བཤེས་གཉེན་ང་དང་ཕྲད་པས་སྐྱེ་དགུའི་བདག་མོ་ཆེན་མོ་སངས་རྒྱས་ལ་མངོན་པར་དད་ཅིང་ཆོས་དང་དགེ་འདུན་ལ་མངོན་པར་དད་པ་དང་། སངས་རྒྱས་ལ་སྐྱབས་སུ་སོང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་། སངས་རྒྱས་ལ་མཐའ་གཅིག་
ཏུ་ངེས། ཆོས་དང་དགེ་འདུན་ལ་མཐའ་གཅིག་ཏུ་ངེས། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཐེ་ཚོམ་དང་ཡིད་གཉིས་དང་བྲལ། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་ལམ་ལ་ཐེ་ཚོམ་དང་ཡིད་གཉིས་དང་བྲལ། བདེན་པ་མཐོང་ཞིང་ཕྱིར་མི་འོང་བའི་འབྲས་བུ་
རྟོགས་ཏེ། ཀུན་དགའ་བོ་གང་ཟག་གང་ཞིག་གང་ཟག་གང་ཞིག་དང་ཕྲད་པས་སངས་རྒྱས་ལ་མངོན་པར་དད། ཆོས་དང་དགེ་འདུན་ལ་མངོན་པར་དད་། སངས་རྒྱས་ལ་སྐྱབས་སུ་སོང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་། སངས་རྒྱས་ལ་མཐའ་གཅིག་ཏུ་ངེས།
ཆོས་དང་དགེ་འདུན་ལ་མཐའ་གཅིག་ཏུ་ངེས། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཐེ་ཚོམ་དང་ཡིད་གཉིས་དང་བྲལ། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ལ་ཐེ་ཚོམ་དང་ཡིད་གཉིས་དང་བྲལ། བདེན་པ་མཐོང་ཞིང་ཕྱིར་མི་འོང་བའི་འབྲས་བུ་མངོན་
པར་རྟོགས་ཏེ། གང་ཟག་དེ་ལ་གང་ཟག་འདིས་ཇི་སྲིད་འཚོའི་བར་དུ་འདི་ལྟ་སྟེ། ཆོས་གོས་དང་བསོད་སྙོམས་དང་མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། ཉེ་བར་བྱས་པ་ཐམས་ཅད་ཀྱིས་ལན་གླན་པར་སླ་བ་མ་ཡིན་ནོ། །ཀུན་དགའ་བོ་དགེ་འདུན་དུ་གྱུར་པའི་
Vol. 146 · folio 255a
ཡོན་གནས་བདུན་དང་གང་ཟག་ནི་བཅུ་བཞི་ཡོད་དེ། དགེ་འདུན་དུ་གྱུར་པ་ཡོན་གནས་བདུན་གང་ཞེ་ན། སངས་རྒྱས་ལ་མངོན་དུ་ཕྱོགས་ཏེ་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་བྱིན་ན་དགེ་འདུན་ཡོན་གནས་ཡིན་ནོ། །དགེ་སློང་གི་དགེ་འདུན་ལ་སྦྱིན་
པ་བྱིན་ན་དགེ་འདུན་ཡོན་གནས་ཡིན་ནོ། །དགེ་སློང་མའི་དགེ་འདུན་ལ་སྦྱིན་པ་སྦྱིན་པར་བྱེད་ན་ཡང་དགེ་འདུན་ཡོན་གནས་ཡིན་ནོ། །གཉི་གའི་དགེ་འདུན་ལ་སྦྱིན་པ་སྦྱིན་པར་བྱེད་ན་དགེ་འདུན་ཡོན་གནས་ཡིན་ནོ། །དགེ་སློང་གི་དགེ་འདུན་འདི་ཙམ་གཤེགས་ཤིག་ཅེས་
སྦྱིན་པ་སྦྱིན་པར་བྱེད་ན་ཡང་དགེ་འདུན་ཡོན་གནས་ཡིན་ནོ། །དགེ་སློང་མའི་དགེ་འདུན་འདི་ཙམ་གཤེགས་ཤིག་ཅེས་སྦྱིན་པ་སྦྱིན་པར་བྱེད་ན་ཡང་དགེ་འདུན་ཡོན་གནས་ཡིན་ནོ། །གཉི་གའི་དགེ་འདུན་ལ་འདི་ཙམ་གཤེགས་ཤིག །ཅེས་སྦྱིན་པ་སྦྱིན་པར་བྱེད་ན་དགེ་
འདུན་ཡོན་གནས་ཡིན་ནོ་ཞེས་བྱ་བ་དང་། ཀུན་དགའ་བོ་མ་འོངས་པའི་དུས་ན་སའི་རིགས་ཞེས་བྱ་བ་ལ་མགུལ་པ་ཆོས་གོས་ཚལ་བུ་ཐོགས་པ་དག་འབྱུང་བར་འགྱུར་ཏེ། དེ་ལ་ཡང་བྲམ་ཟེ་དང་ཁྱིམ་བདག་གང་ཞིག་གིས་དགེ་འདུན་མངོན་པར་བྱས་ནས་བསམས་
ཤིང་དགེ་འདུན་དུ་དམིགས་ནས་སྦྱིན་པ་དག་གཏོང་བར་འགྱུར། བསོད་ནམས་དག་བྱེད་པར་འགྱུར་ཏེ། དེ་ཡང་བསོད་ནམས་ཀྱི་སྒོར་འགྱུར་རོ་ཞེས་ང་སྨྲའོ། །ད་ལྟར་གྱི་དགེ་འདུན་ལ་བཟོད་པ་ཕུན་སུམ་ཚོགས་པ། མཛེས་པ་ཕུན་སུམ་ཚོགས་པ། ཞི་བ་ཕུན་སུམ་
པ། དུལ་བ་ཕུན་སུམ་ཚོགས་པ། སྤྱོད་ཡུལ་ཕུན་སུམ་ཚོགས་པ། སྤྱོད་ལམ་ཕུན་སུམ་ཚོགས་པ། སྤྱོད་ཡུལ་དང་སྤྱོད་ལམ་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ། ཤེས་རབ་ཕུན་སུམ་ཚོགས་པ། རྣམ་
པར་གྲོལ་བ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པ་སྦྱིན་པའི་འོས་སུ་གྱུར་པ། རབ་ཏུ་སྦྱིན་པའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བར་བྱ་བ་ཕྱག་གི་འོས་སུ་གྱུར་པ། འཇིག་རྟེན་གྱི་བླ་ན་མེད་པའི་ཡོན་གནས་ལ་ལྟ་སྨོས་ཀྱང་ཅི་ཞིག་དགོས་
Vol. 146 · folio 255b
ཀུན་དགའ་བོ་ཕྱི་རོལ་པ་ལ་སྦྱིན་པ་དང་། ལེགས་པར་སྦྱིན་པ་དང་། མཆོད་སྦྱིན་དང་། སྦྱིན་པའི་ཞིང་དུ་གྱུར་པ་ཇི་ལྟར་དགེ་སློང་གི་དགེ་འདུན་ཡང་དག་པར་རྗེས་སུ་ངས་མ་མཐོང་ངོ་། །ཀུན་དགའ་བོ་འཕགས་པའི་དགེ་འདུན་ལ་བྱ་བ་ཆུང་ངུ་བྱས་ཀྱང་མ་འོངས་པའི་དུས་ན་འབྲས་
བུ་ཆེན་པོ་དང་རྗེས་སུ་བསྔགས་པ་ཆེ་ཞིང་རྒྱ་ཆེ་བར་འགྱུར་རོ། །གང་ཟག་རྣམ་པ་བཅུ་བཞི་གང་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །རང་སངས་རྒྱས་ལ་སྦྱིན་པ་སྦྱིན་
པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །དགྲ་བཅོམ་པ་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །ཕྱིར་མི་འོང་བ་ལ་སྦྱིན་པ་
སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །ལན་ཅིག་ཕྱིར་འོང་བ་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །ལན་ཅིག་ཕྱིར་
འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །རྒྱུན་དུ་ཞུགས་པ་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ལ་སྦྱིན་པ་སྦྱིན་པར་
བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །ཕྱིའི་དྲང་སྲོང་འདོད་པ་ལས་འདོད་ཆགས་དང་བྲལ་བ་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པ་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །ཚུལ་
ཁྲིམས་འཆལ་པའི་སྐྱེས་བུ་གང་ཟག་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །དུད་འགྲོར་སོང་བའི་སྲོག་ཆགས་ལ་སྦྱིན་པ་སྦྱིན་པར་བྱེད་ན་གང་ཟག་སོ་སོ་ཡོན་གནས་ཡིན་ནོ། །ཀུན་དགའ་བོ་དེ་ལ་དུད་འགྲོར་སོང་བའི་སྲོག་ཆགས་དག་ལ་སྦྱིན་པ་སྦྱིན་པར་བྱེད་
Vol. 146 · folio 256a
ན་རྣམ་པར་སྨིན་པ་བརྒྱ་འགྱུར་དུ་རེ་བར་བྱའོ། །ཚུལ་ཁྲིམས་འཆལ་པའི་སྐྱེས་བུ་གང་ཟག་ལ་སྦྱིན་པ་སྦྱིན་ན་རྣམ་པར་སྨིན་པ་སྟོང་འགྱུར་དུ་རེ་བར་བྱའོ། །ཚུལ་ཁྲིམས་དང་ལྡན་པའི་སྐྱེས་བུ་གང་ཟག་ལ་སྦྱིན་པ་སྦྱིན་པར་བྱེད་ན་རྣམ་པར་སྨིན་པ་འབུམ་འགྱུར་
དུ་རེ་བར་བྱའོ། །ཕྱིའི་དྲང་སྲོང་འདོད་པ་ལས་འདོད་ཆགས་དང་བྲལ་བ་རྣམས་ལ་སྦྱིན་པ་སྦྱིན་པར་བྱེད་ན་རྣམ་པར་སྨིན་པ་བྱེ་བ་འབུམ་འགྱུར་དུ་རེ་བར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ལ་སྦྱིན་པ་སྦྱིན་པར་བྱེད་ན་རྣམ་པར་སྨིན་པ་ཚད་མེད་དོ། །
རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ལ་བྱིན་ན་ཆེས་ཚད་མེད་དོ། །དེ་བས་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ལ་བྱིན་ན་ཆེས་ཚད་མེད་དོ། །དེ་བས་ཀྱང་ལན་ཅིག་ཕྱིར་འོང་བ་ལ་བྱིན་ན་ཆེས་ཚད་མེད་དོ། །དེ་བས་ཀྱང་ཕྱིར་མི་འོང་བའི་འབྲས་བུ་
མངོན་དུ་བྱ་བའི་ཕྱིར་ཞུགས་པ་ལ་བྱིན་ན་ཆེས་ཚད་མེད་དོ། །དེ་བས་ཀྱང་ཕྱིར་མི་འོང་བ་ལ་བྱིན་ན་ཆེས་ཚད་མེད་དོ། །དེ་བས་ཀྱང་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ལ་བྱིན་ན་ཆེས་ཚད་མེད་དོ། །དེ་བས་ཀྱང་དགྲ་བཅོམ་པ་ལ་བྱིན་ན་ཆེས་ཚད་མེད་དོ། །རང་
སངས་རྒྱས་དང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འབུལ་བར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། ཀུན་དགའ་བོ་སྦྱིན་པ་བཞི་པོ་འདི་དག་ནི་སྦྱིན་པ་དག་པར་བྱེད་པ་བཞི་སྟེ། བཞི་གང་ཞེ་ན། སྦྱིན་པ་པོ་ཡོངས་སུ་དག་ལ་ལེན་པ་པོ་
ཡོངས་སུ་མ་དག་པའི་སྦྱིན་པ་ཡང་ཡོད། ལེན་པ་ཡོངས་སུ་དག་ལ་སྦྱིན་པ་པོ་ཡོངས་སུ་མ་དག་པའི་སྦྱིན་པ་ཡང་ཡོད། སྦྱིན་པ་པོ་ཡང་ཡོངས་སུ་མ་དག་ཅིང་ལེན་པ་པོ་ཡང་ཡོངས་སུ་མ་དག་པའི་སྦྱིན་པ་ཡང་ཡོད། སྦྱིན་པ་པོ་ཡོངས་སུ་དག་པ་ལ་ལེན་པ་པོ་ཡོངས་སུ་དག་
པའི་སྦྱིན་པ་ཡང་ཡོད་དོ། །སྦྱིན་པ་པོ་ཡོངས་སུ་མ་དག་པ་ལ་ལེན་པ་པོ་ཡོངས་སུ་མ་དག་པའི་སྦྱིན་པ་གང་ཞེ་ན། ཀུན་དགའ་བོ་འདི་ནི་སྦྱིན་པའི་བདག་པོ་ཚུལ་ཁྲིམས་དང་ལྡན་པ་སྡོམ་པས་བསྡམས་ཤིང་། ལུང་མཐོང་ལ་འབྲས་བུ་མཐོང་ནས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ་སྦྱིན་
Vol. 146 · folio 256b
པ་ཡང་ཡོད་དོ། །སྦྱིན་པ་སྦྱིན་ན་འབྲས་བུ་རྣམ་པར་སྨིན་པ་ཡོད་དོ་ཞེས་སྨྲ་ལ། ལེན་པ་པོ་ཚུལ་ཁྲིམས་འཆལ་ཅིང་སྡོམ་པས་མ་བསྡམས་ལ་ལུང་མ་མཐོང་ལ་འབྲས་བུ་མ་མཐོང་ནས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། སྦྱིན་པ་མེད་དོ། །སྦྱིན་པ་སྦྱིན་ན་འབྲས་བུ་རྣམ་པར་སྨིན་པ་
མེད་དོ་ཞེས་སྨྲ་བ་སྟེ། འདི་ནི་སྦྱིན་པ་པོ་ཡོངས་སུ་དག་ལ་ལེན་པ་པོ་ཡོངས་སུ་མ་དག་པའི་སྦྱིན་པ་ཞེས་བྱའོ། །ལེན་པ་པོ་ཡོངས་སུ་དག་ལ་སྦྱིན་པ་པོ་ཡོངས་སུ་མ་དག་པའི་སྦྱིན་པ་གང་ཞེ་ན། ཀུན་དགའ་བོ་འདི་ནི་སྦྱིན་པའི་བདག་པོ་ཚུལ་ཁྲིམས་
འཆལ་ཅིང་སྡོམ་པས་མ་བསྡོམས་ཤིང་ལུང་མ་མཐོང་ལ་འབྲས་བུ་མ་མཐོང་ནས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། སྦྱིན་པ་མེད་དོ། །སྦྱིན་པ་བྱིན་པ་ལ་འབྲས་བུ་རྣམ་པར་སྨིན་པ་མེད་པའོ་ཞེས་སྨྲ་ལ། ལེན་པ་པོ་ཚུལ་ཁྲིམས་དང་ལྡན་པ་སྡོམ་པས་བསྡམས་ཤིང་ལུང་
མཐོང་ལ་འབྲས་བུ་མཐོང་ནས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། སྦྱིན་པ་ཡོད་དོ། །སྦྱིན་པ་བྱིན་པ་ལ་འབྲས་བུ་རྣམ་པར་སྨིན་པ་ཡོད་དོ་ཞེས་སྨྲ་སྟེ། འདི་ནི་ལེན་པ་པོ་ཡོངས་སུ་དག་ལ་སྦྱིན་པ་པོ་ཡོངས་སུ་མ་དག་པའི་སྦྱིན་པ་ཞེས་བྱའོ། །སྦྱིན་པ་པོ་ཡང་ཡོངས་སུ་མ་
དག་ལ་ལེན་པ་པོ་ཡང་ཡོངས་སུ་མ་དག་པའི་སྦྱིན་པ་གང་ཞེ་ན། ཀུན་དགའ་བོ་འདི་ནི་སྦྱིན་པ་པོ་ཚུལ་ཁྲིམས་འཆལ་ཅིང་སྡོམ་པས་མ་བསྡམས་ལ་ལུང་མ་མཐོང་ཞིང་འབྲས་བུ་མ་མཐོང་ནས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། སྦྱིན་པ་མེད་དོ། །སྦྱིན་པ་བྱིན་པ་ལ་འབྲས་
བུ་རྣམ་པར་སྨིན་པ་མེད་དོ་ཞེས་སྨྲ་ལ། ལེན་པ་པོ་ཡང་ཚུལ་ཁྲིམས་འཆལ་ཅིང་སྡོམ་པས་མ་བསྡམས་ལ་ལུང་མ་མཐོང་ནས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། སྦྱིན་པ་མིད་དོ། །སྦྱིན་པ་བྱིན་པ་ལ་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་སྨྲ་སྟེ། འདི་ནི་སྦྱིན་པ་པོ་ཡང་ཡོངས་
སུ་མ་དག་ལ་ལེན་པ་པོ་ཡང་ཡོངས་སུ་མ་དག་པའི་སྦྱིན་པ་ཞེས་བྱའོ། །སྦྱིན་པ་པོ་ཡང་ཡོངས་སུ་དག་ལ་ལེན་པ་པོ་ཡང་ཡོངས་སུ་དག་པའི་སྦྱིན་པ་གང་ཞེ་ན། ཀུན་དགའ་བོ་འདི་ནི་སྦྱིན་པ་པོ་ཚུལ་ཁྲིམས་དང་ལྡན་ལ་སྡོམ་པས་བསྡམས་ཤིང་ལུང་མཐོང་ལ་འབྲས་བུ་མཐོང་ནས་
Vol. 146 · folio 257a
འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། སྦྱིན་པ་ཡོད་དོ། །སྦྱིན་པ་བྱིན་པ་ལ་འབྲས་བུ་རྣམ་པར་སྨིན་པ་ཡོད་དོ་ཞེས་སྨྲ་ལ། ལེན་པ་པོ་ཡང་ཚུལ་ཁྲིམས་དང་ལྡན་ལ་སྡོམ་པས་བསྡམས་ཤིང་ལུང་མཐོང་ལ་འབྲས་བུ་མཐོང་ནས་འདི་ལྟར་ལྟ་ཞིང་འདི་
སྐད་དུ་སྨྲ་སྟེ། སྦྱིན་པ་ཡོད་དོ། །སྦྱིན་པའི་འབྲས་བུ་རྣམ་པར་སྨིན་པ་ཡོད་དོ་ཞེས་སྨྲ་སྟེ། འདི་ནི་སྦྱིན་པ་པོ་ཡང་ཡོངས་སུ་དག་ལ་ལེན་པ་པོ་ཡང་ཡོངས་སུ་དག་པའི་སྦྱིན་པ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ཤིང་། བདེ་བར་གཤེགས་པས་
དེ་སྐད་ཅེས་བཀའ་སྩལ་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་ཞིག་ཁྲིམས་ལྡན་ཆོས་ཤེས་དང་། །ལས་འབྲས་རྣམ་པར་སྨིན་དད་པས། །ཚུལ་ཁྲིམས་སྤངས་ལ་སྦྱིན་བྱེད་ན། །སྦྱིན་འདི་སྦྱིན་བདག་དག་ཅེས་བྱ། །གང་ཞིག་ཁྲིམས་བྲལ་
ཆོས་ནི་ཤེས། །ལས་འབྲས་རྣམ་སྨིན་དད་མི་བྱེད། །ཚུལ་ཁྲིམས་ལྡན་ལ་སྦྱིན་བྱེད་ན། །སྦྱིན་འདི་ལེན་པ་དག་ཅེས་བྱ། །གང་ཞིག་ཁྲིམས་དྲལ་ཆོས་མི་ཤེས། །ལས་འབྲས་རྣམ་སྨིན་དད་མི་བྱེད། །ཚུལ་ཁྲིམས་སྤངས་ལ་སྦྱིན་བྱེད་ན། །སྦྱིན་འདི་འབྲས་བུ་ཆེར་མི་བརྗོད། །
གང་ཞིག་ཁྲིམས་ལྡན་ཆོས་ཤེས་དང་། །ལས་འབྲས་རྣམ་པར་སྨིན་དད་པས། །ཚུལ་ཁྲིམས་ལྡན་ལ་སྦྱིན་བྱེད་ན། །སྦྱིན་འདི་འབྲས་བུ་ཆེ་ཞེས་བརྗོད། །ལས་འབྲས་རྣམ་སྨིན་མངོན་དད་པས། །བྲན་ཕོ་བྲན་མོའམ་བཀྲེན་པའམ། །རང་མིན་ཀུན་བཅས་སྦྱིན་བྱེད་ན། །སྦྱིན་
འདི་སྐྱེས་བུ་དམ་པས་བསྔགས། །གང་ཞིག་ལུས་ངག་བསྡམས་དག་ཉིད། །ལག་བརྐྱང་བསོད་སྙོམས་སྤྱོད་པ་ཡི། །འདོད་ཆགས་བྲལ་ལ་ཆགས་བྲལ་གྱིས། །སྦྱིན་ན་ཟང་ཟིང་སྦྱིན་པའི་མཆོག །ཅེས་གསུངས་སོ། །བར་སྡོམ་ལ། དྲན་ཞིང་བཟོད་ལྡན་
སྙོམ་ལས་མེད། །སྤྱོད་དང་གསོང་སྨྲ་ཚུལ་ཁྲིམས་ལྡན། །དེ་བཞིན་དུ་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་བྱ་བ་ལ། ལུང་བར་མའི་མདོ་བདུན་པ་ལས་འདོན་པ་མཛོད་ཀྱི་གནས་འདི་ཉིད་དུ་འཕེལ་དང་ཞེས་བྱ་བ་དེར་ཇི་སྐད་དུ་བྲིས་པར་བལྟ་
Vol. 146 · folio 257b
བར་བྱའོ། །ཕན་འདོགས་པའི་ཁྱད་པར་ལས་ནི་ཕ་དང་མ་སྟེ་ཞེས་བྱ་བ་ལ། མཛའ་བོའི་བུ་མོའི་སྐྱེས་པའི་རབས་ལས་གསུངས་ཏེ། འདི་ལྟར་དེས་ཀཱཪྵཱ་པ་ཎ་བཞི་དང་བརྒྱད་དང་བཅུ་དྲུག་དང་སུམ་ཅུ་རྩ་གཉིས་བྱིན་པ་དང་། རྡོག་པ་བསྣུན་པས་དེ་ལ་བཙུན་མོ་རྣམས་
ཀྱིས་བསྙེན་བཀུར་བྱས་པ་དང་། མགོ་ལ་འཁོར་ལོ་འཁོར་བའི་བདེ་བ་དང་སྡུག་བསྔལ་ཕན་པ་དང་། གནོད་པའི་འབྲས་བུ་ཉམས་སུ་མྱོང་ངོ་ཞེས་བྱ་བ་ལ་སོགས་པ་བཤད་དོ། །སེམས་ཅན་ཕལ་ཆེར་ཕན་པ་བྱས་ན་གནོད་པ་བྱེད་ལ་དེའི་འབྲས་བུ་མི་འདོད་པ་ཉིད་དུ་ཡང་དག་
པར་མཐོང་ནས་དེ་སྤང་བར་བྱ་བའི་ཕྱིར་དོམ་དང་རི་དགས་སུ་སྐྱེས་པའི་རབས་དཔེར་རྗོད་པར་བྱེད་དེ། བྱང་ཆུབ་སེམས་དཔའ་དོམ་དུ་གྱུར་པ་ན་ཞག་བདུན་གྱི་བར་དུ་ཆར་པ་དང་རླུང་བྱུང་སྟེ། ཤིང་ཐུན་ཞིག་རང་གི་ཕུག་ཏུ་བཅུག་སྟེ། ལུས་ལ་འཁྱུད་ཅིང་གྲང་བ་བསལ་ཏེ་རྩ་བ་དང་
འབྲས་བུའི་ཁ་ཟས་དག་བྱིན་ཏེ། ཆར་པ་དང་རླུང་ཞི་བ་དང་ཐལ་མོ་སྦྱར་ནས་དེས་སྨྲས་པ། ཇོ་བོ་བདག་གིས་ཕན་པའི་ལན་ཅི་བྱ་བ་གསུངས་ཤིག །དེས་སྨྲས་པ། བདག་ལ་ཕན་པའི་ལན་ཅུང་ཟད་ཀྱང་བྱ་མི་དགོས་ཀྱིས་གཞན་དུ་ན་གཞན་ལ་མ་སྨྲ་བར་གར་འདོད་པར་སོང་
ཤིག་ཅེས་སྨྲའོ། །དེས་ཤ་ཆ་གཉིས་ལ་ཆགས་པའི་དབང་གིས་རྔོན་པ་ལ་སྨྲས་ཏེ། ཤ་འགྱེད་པར་བྱེད་པའི་སྐལ་བ་ལེན་པར་འདོད་ནས་ལག་པ་བརྐྱང་པ་ས་ལ་ལྷུང་བར་གྱུར་ཏོ། །ཡང་བྱང་ཆུབ་སེམས་དཔའ་རི་དགས་གསེར་གྱི་ལོགས་ཞེས་བྱ་བར་གྱུར་པ་ན།
སྐྱེས་བུ་གཞན་ཞིག་འཆིང་བ་དམ་པོས་བཅིངས་ཏེ་ཆུ་བོས་ཁྱེར་བ་ཉམ་ཐག་པའི་སྨྲེ་སྔགས་འདོན་པ་ཞིག་བཏོན་པ་དང་། དེས་སྨྲས་པ། ཕན་པའི་ལན་ཅི་འདོད་པ་སྨྲོས་ཤིག །ཁྱོད་ཀྱིས་ང་འདི་ན་འདུག་པ་སུ་ལ་ཡང་མ་སྨྲ་ཤིག་དང་འདི་ཙམ་གྱིས་ཕན་པའི་ལས་བྱས་པར་
འགྱུར་རོ། །དེ་ནོར་ལ་ཆགས་པས་རྒྱལ་པོ་དབང་པོའི་སྡེ་ཚོལ་བཞིན་པ་ལ། ལྷ་རི་དགས་ཀྱི་དབང་པོ་དེ་བདག་གིས་མཐོང་ངོ་ཞེས་ལག་པ་བརྐྱང་བ་དང་། ལས་དྲག་ཅིང་རྩུབ་པ་རྣམས་ཀྱི་འབྲས་བུ་ནི་མྱུར་དུ་འབྱུང་བས་ལག་པ་ས་ལ་ལྟུང་བར་གྱུར་ཏོ། །སྐྱེས་པའི་རབས་
Vol. 146 · folio 258a
གཉིས་པོ་འདི་དག་ནི་འདུལ་བ་གཞི་ལས་ཇི་ལྟར་ལྷ་སྦྱིན་བྱས་པ་མི་ཤེས་ཤིང་བྱས་པ་མི་རིག་པ་དེ་ཉོན་ཅིག་ཅེས་བྱ་བར་བརྒྱ་བྱིན་དབང་པོ་སྡེ་ཆེན་པོ་ཞེས་བྱ་བའི་སྡོམ་དུ་རྒྱས་པར་འདོན་ཏོ། །མཆོག་ནི་གྲོལ་བས་གྲོལ་བ་ལ། །ཞེས་བྱ་བ་ལ།
གཽ་ཏ་མའི་མདོའི་མཐའ་ལས་ཚིགས་སུ་བཅད་པ་ཉེ་བར་བཀོད་ལ། རྟོགས་པ་བརྗོད་པ་ལས་ཀྱང་འདི་ལྟར་འབྱུང་སྟེ། བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་ཏེ། དེ་ནས་ལྗོངས་གཞན་ཞིག་ནས་དགེ་སློང་ཞིག་མཉན་ཡོད་དུ་འོངས་སོ། །དེ་སྤྱོད་ཡུལ་ལ་མི་
མཁས་པ་ཞིག་པས་ངའི་བསོད་སྙོམས་གང་ལས་རྙེད་པར་འགྱུར་ཞེས་རྟོག་པ་ན་ཏིང་ངེ་འཛིན་མ་རྙེད་པར་གྱུར་ཏོ། །དེ་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་སེམས་ལས་ཆུང་ངུས་དགེ་ཕྱོགས་ལ་སྦྱོར་ཅིག་དང་། ངས་ཁྱོད་ལ་བསོད་སྙོམས་སྦྱིན་
པར་བྱའོ། །དེ་ནས་དགེ་སློང་དེ་དག་འདོད་ཆགས་དང་མ་བྲལ་བར་གྱུར་པས་ཇི་ལྟར་འདིའི་བསོད་སྙོམས་ཟ་ཞེས་བརྩོན་འགྲུས་བརྩམས་པ་དང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བསོད་སྙོམས་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རིམས་ནད་ཅེས་བྱ་བའི་རྒྱལ་པོ་བྱུང་སྟེ། དེ་རྣམ་པར་རྒྱལ་བར་བྱེད་པའི་ཡོན་གནས་ཞིག་བྱུང་སྟེ་དེ་ལྷ་རྣམས་ཀྱིས་འདི་སྐད་དུ་རྒྱལ་པོ་ཆེན་པོ་འདི་ན་རྣམ་པར་རྒྱལ་བར་བྱེད་པའི་ཡོན་གནས་ཞིག་ཡོད་དེ། དེ་ལ་
བསོད་སྙོམས་དག་ཕུལ་ཅིག་ཅེས་སྨྲས་པ་དང་དེ་གང་ན་གནས་ཞེས་མི་ཤེས་ནས་ཇི་ཙམ་ན་རྒྱལ་པོས་གྲོང་ཁྱེར་སྟོང་ཕྲག་དྲུག་ཅུ་ལོ་སྟོང་ཕྲག་དྲུག་ཅུར་སྦྱིན་པ་དག་བྱིན་ཡང་རང་སངས་རྒྱས་དེ་ལ་བསོད་སྙོམས་གཅིག་ཀྱང་མ་ཕུལ་ཏེ་དེ་ནི་སྔ་དྲོ་བསླངས་ནས་དེའི་འོག་ཏུ་ཟའི།
དུས་མ་ཡིན་པར་ནི་མི་ཟ་བའི་ཕྱིར་རོ། །དགེ་སློང་དག་གང་ཡང་རྒྱལ་པོ་དེས་གྲོང་ཁྱེར་སྟོང་ཕྲག་དྲུག་ཅུ་ལ་ལོ་སྟོང་ཕྲག་དྲུག་ཅུར་སྦྱིན་པ་དག་བྱིན་པ་བས་གང་ཡང་ཤཱ་རིའི་བུས་དགེ་སློང་འདི་ལ་སྦྱིན་པ་བྱིན་པ་དེ་ནི་སྦྱིན་པ་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་
Vol. 146 · folio 258b
བའི་བར་དུ་རྒྱས་པར་འབྱུང་ངོ་། །བརྒྱད་པ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །སྦྱིན་པ་ནི་རྣམ་པ་བརྒྱད་དེ། བརྒྱད་གང་ཞེ་ན། ཉེ་བ་ལ་སྦྱིན་པ་དང་། འཇིགས་པ་ལ་སྦྱིན་པ་དང་། བདག་ལ་སྦྱིན་པས་སྦྱིན་པ་དང་། བདག་ལ་སྦྱིན་པར་འགྱུར་བས་སྦྱིན་
པ་དང་། སྔོན་བདག་གི་ཕ་དང་མེས་པོ་དག་གིས་བྱིན་པར་སྦྱིན་པ་དང་། མཐོ་རིས་ཀྱི་དོན་དུ་སྦྱིན་པ་དང་། གྲགས་པའི་དོན་དུ་སྦྱིན་པ་དང་། །སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། དོན་གྱི་མཆོག་ཐོབ་པར་བྱ་བའི་ཕྱིར་སྦྱིན་པ་སྦྱིན་པ་སྟེ།
དེ་ལ་གལ་ཏེ་སེམས་ཀྱི་རྒྱན་གྱི་དོན་དང་། སེམས་ཀྱི་ཡོ་བྱད་དང་རྣལ་འབྱོར་གྱི་མཆོག་དང་། དོན་གྱི་མཆོག་ཐོབ་པར་བྱ་བའི་དོན་དུ་སྦྱིན་པ་འདི་ནི་སྦྱིན་པའི་མཆོག་ཅེས་བརྗོད་དོ། །གཙོ་བོ་ཞེས་བརྗོད་དོ། །བླ་མ་ཞེས་བརྗོད་དོ། །འདི་ལྟ་སྟེ་བ་ལས་འོ་མ། འོ་མ་ལས་ཞོ། །
ཞོ་ལས་མར་སར། མར་སར་ལས་མར། མར་ལས་མར་གྱི་སྙིང་པོ་ནི་མཆོག་ཅེས་བྱ་བར་བརྗོད་དོ། །གཙོ་བོ་ཞེས་བརྗོད་དོ། །བླ་མ་ཞེས་བརྗོད་དོ། །དེ་བཞིན་དུ་གལ་ཏེ་སེམས་ཀྱི་རྒྱན་གྱི་དོན་དང་། སེམས་ཀྱི་ཡོ་བྱད་ཀྱི་དོན་ཞེས་བྱ་བས་ནི་སྔ་མ་བཞིན་དུ་བླ་མ་ཞེས་བརྗོད་
དེ་ཞེས་བྱ་བའི་བར་དུ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་བུའི་རང་བཞིན་གྱི་སྦྱིན་པ་སྦྱིན་པར་བྱེད་ན་སེམས་རབ་ཏུ་དང་བར་འགྱུར་རོ། །སེམས་རབ་ཏུ་དང་བ་ལས་དགའ་བ་སྐྱེ་བར་འགྱུར་རོ། །དགའ་བ་ལས་རབ་ཏུ་དགའ་བ་སྐྱེ་བར་འགྱུར་རོ། །རབ་ཏུ་དགའ་བ་ལས་ལུས་
སེམས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་སེམས་ཤིན་ཏུ་སྦྱངས་ན་བདེ་བ་མྱོང་བར་འགྱུར་རོ། །བདེ་བ་ལས་སེམས་མཉམ་པར་འཇོག་པར་འགྱུར་རོ། །སེམས་མཉམ་པར་གཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བར་འགྱུར་
རོ། །ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ན་སྐྱོ་བར་འགྱུར་རོ། །སྐྱོ་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། །འདོད་ཆགས་དང་བྲལ་ན་གྲོལ་བར་འགྱུར་རོ། །གྲོལ་ན་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་ཏེ། བདག་གི་
Vol. 146 · folio 259a
སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བར་འགྱུར་རོ། །གང་ཕྱིར་དུས་དང་དྲང་པོ་དང་། །རྣམ་པ་དུ་མ་ཕུན་ཚོགས་པའི། །སེར་སྣ་མེད་པས་སྦྱིན་བྱེད་ན། །སྦྱིན་བདག་
འབྲས་བུ་ཆེན་པོར་འགྱུར། །སྦྱིན་པ་ལེགས་པར་སྦྱིན་ནོ་ཞེས། །སེམས་ནི་རབ་ཏུ་དང་བར་འགྱུར། །སེམས་རབ་དང་བའི་མཁས་པ་ལ། །དགའ་བ་ཡང་དག་སྐྱེ་བར་འགྱུར། །དགའ་བ་དེ་ལས་རབ་དགའ་སྐྱེ། །རབ་ཏུ་དགའ་བདེ་ལུས་སེམས་ནི། །ཤིན་ཏུ་སྦྱངས་
པ་སྐྱེ་བར་འགྱུར། །དྲན་ལྡན་ཤིན་ཏུ་སྦྱངས་པ་ལ། །བདེ་བ་ཡང་དག་མྱོང་བར་འགྱུར། །སེམས་བདེ་ཏིང་ངེ་འཛིན་ལ་ནི། །སེམས་རྩེ་གཅིག་ཏུ་འཇོག་པར་འགྱུར། །སེམས་མཉམ་འཇོག་ལ་ཇི་ལྟ་བཞིན། །ཡང་དག་ཤེས་ཤིང་མཐོང་བར་འགྱུར། །ཡང་དག་
མཐོང་ནས་ལུས་ལ་བློ། །སྐྱོ་བ་ཡང་དག་སྐྱེ་བར་འགྱུར། །ལུས་ལ་སྐྱོ་བའི་དྲན་ལྡན་ནི། །ཡང་དག་འདོད་ཆགས་བྲལ་བར་འགྱུར། །འདོད་ཆགས་ཞེ་སྡང་གཏི་མུག་ལས། །ཆགས་དང་བྲལ་བའི་མཁས་པ་ནི། །ཚངས་པར་སྤྱོད་པ་རབ་བསྟེན་ཅིང་། །བདག་གི་
སྐྱེ་བ་ཟད་མཐོང་འགྱུར། །སྲིད་པ་འདི་ལས་མི་ཤེས་ཞེས། །འདི་ལྟར་བསྔགས་པ་ཆེན་པོར་འགྱུར། །གང་ཡང་དམིགས་པ་མེད་བཅས་ནས། །མི་གཡོའི་གོ་འཕང་ཐོབ་པར་འགྱུར། །ཞེས་གསུངས་སོ། །མདོ་ལས་ཇི་སྐད་དུ་གང་ཟག་བཞི་པོ་འདི་དག་ནི་ཚངས་པའི་
བསོད་ནམས་སྐྱེད་པ་ཞེས་བྱ་བ་ལ། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། གང་ཟག་བཞི་པོ་འདི་དག་ནི་ཚངས་པའི་བསོད་ནམས་སྐྱེད་པ་སྟེ།
བཞི་གང་ཞེ་ན། གང་ཟག་གང་གིས་སྔོན་མ་བྱས་པའི་ས་ཕྱོགས་སུ་དེ་བཞིན་གཤེགས་པའི་སྐུ་གདུང་དང་བཅས་པའི་མཆོད་རྟེན་རབ་ཏུ་གནས་པར་བྱེད་དེ། གང་ཟག་འདི་ནི་ཚངས་པའི་བསོད་ནམས་སྐྱེད་པ་དང་པོ་ཡིན་ནོ། །གཞན་ཡང་གང་ཟག་གང་གིས་སྔོན་མ་བྱས་
Vol. 146 · folio 259b
པའི་ས་ཕྱོགས་སུ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་གཙུག་ལག་ཁང་རབ་ཏུ་གནས་པར་བྱེད་པ་སྟེ། གང་ཟག་འདི་ནི་ཚངས་པའི་བསོད་ནམས་སྐྱེད་པ་གཉིས་པ་ཡིན་ནོ། །གཞན་ཡང་གང་ཟག་གང་གིས་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་བྱེ་བ་སྡུམ་
པར་བྱེད་པ་སྟེ། གང་ཟག་འདི་ནི་ཚངས་པའི་བསོད་ནམས་སྐྱེད་པ་གསུམ་པ་ཡིན་ནོ། །གཞན་ཡང་གང་ཟག་གང་གིས་བྱམས་པ་དང་ལྷན་ཅིག་པར་གྱུར་པའི་སེམས་ཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ་རྒྱ་ཆེ་བ་ཚད་མེད་པ། ལེགས་པར་
བསྒོམས་ཏེ་ཕྱོགས་གཅིག་ཏུ་ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་བཞིན་དུ་བཞི་པ་དང་། སྟེང་དང་། འོག་དང་། ལོགས་ཀྱི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་དུ་བྱམས་པ་དང་ལྷན་ཅིག་པའི་སེམས་
ཁོན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ་ཡངས་པ་རྒྱ་ཆེ་བ་ཚད་མེད་པ་ལེགས་པར་བསྒོམས་ཏེ་ཕྱོགས་གཅིག་ཏུ་ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་སོ། །དེ་བཞིན་དུ་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དང་ལྷན་ཅིག་པར་གྱུར་པའི་སེམས་ཞེས་བྱ་བ་ནས་སྔ་མ་
བཞིན་དུ་གང་ཟག་འདི་ནི་ཚངས་པའི་བསོད་ནམས་སྐྱེད་པ་བཞི་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ་ཞེས་གསུངས་སོ། །ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །ཞེས་བྱ་བ་ལ་སོགས་པ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །སྦྱིན་པ་ནི་རྣམ་པ་གཉིས་ཏེ། ཆོས་ཀྱི་སྦྱིན་པ་དང་། ཟང་
ཟིང་གི་སྦྱིན་པའོ། །སྦྱིན་པ་འདི་ནི་ཆུང་ངུ་སྟེ། འདི་ལྟ་སྟེ། ཟང་ཟིང་གི་སྦྱིན་པའོ། །སྦྱིན་པ་འདི་ནི་མཆོག་ཏུ་གྱུར་པ་སྟེ་འདི་ལྟ་སྟེ་ཆོས་ཀྱི་སྦྱིན་པའོ་ཞེས་གསུངས་སོ། །ཆོས་མངོན་པ་མཛོད་ཀྱི་རྣམ་པར་བཤད་པ་ཉེ་བར་མཁོ་བ་ལས། གནས་བཞི་པ་ཕལ་ཆེར་མདོ་དང་སྦྱར་
བ་རྫོགས་སོ།། ༄༅༅། །འདི་ན་ཁ་ཅིག་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ངས་ཁྱེད་ལ་ཐ་མའི་ཆ་དང་མཐུན་པའི་
Vol. 146 · folio 260a
ཀུན་ཏུ་སྦྱོར་བ་ལྔ་བསྟན་པར་བྱ་ཡིས་དེ་ལེགས་པར་ཟུང་ཤིག །དེའི་ཚེ་ཚེ་དང་ལྡན་པ་མཆོད་བྱེད་ཀྱི་མ་ཅན་འཁོར་འདུས་ཤིང་ཚོགས་པར་གྱུར་པ་དེའི་ནང་ན་འདུག་པར་གྱུར་ཏེ། དེ་ནས་ཚེ་དང་ལྡན་པ་མཆོད་བྱེད་ཀྱི་མ་ཅན་སྟན་
ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ཞིང་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱི་བསྟན་པའི་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་པོ་བདག་གིས་
བཟུང་ལགས་སོ། །མཆོད་བྱེད་ཀྱི་མ་ཅན་ཁྱོད་ཀྱིས་ཇི་ལྟ་ཇི་ལྟར་ངས་བསྟན་པའི་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་པོ་དག་བཟུང་། བཙུན་པ་འདོད་པ་ལ་འདུན་པ་ནི་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བའོ་ཞེས་བཅོམ་ལྡན་འདས་ཀྱིས་བཤད་པ་དེ་བདག་གིས་
གཟུང་ངོ་། །བཙུན་པ་གནོད་སེམས་དང་། འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཙོམ་ནི་ཐ་མའི་ཆ་དང་མཐུན་པའོ་ཞེས་བཅོམ་ལྡན་འདས་ཀྱིས་བཤད་པ་དེ་བདག་གིས་བཟུང་སྟེ། བཙུན་པ་འདི་ལྟར་བཅོམ་ལྡན་འདས་
ཀྱིས་བཤད་དཔའི་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་རྣམས་བདག་གིས་བཟུང་ལགས་སོ། །མཆོད་བྱེད་ཀྱི་མ་ཅན་གཞན་མུ་སྟེགས་ཅན་ཀུན་དུ་རྒྱུ་འདི་ལྟར་བྱིས་པའི་དཔེས་སྨོད་ཅིང་བཤུང་བར་སེམས་ཏེ། དེ་ཅིའི་ཕྱིར་ཞེ་ན། མཆོད་བྱེད་ཀྱི་མ་ཅན་བྱིས་པ་གཞོན་ནུ་
ནད་པ་མལ་སྟན་ལ་ཉལ་བ་བདག་གིས་འདོད་པ་ཞེས་བྱ་བ་ཡང་མི་སེམས་ན། འདོད་པའི་འདོད་ཆགས་ཀྱིས་སེམས་ཀུན་ནས་དཀྲིས་པ་ལྟ་སྨོས་ཀྱང་ཅི་དགོས། འོན་ཀྱང་འདོད་པའི་འདོད་ཆགས་ཀྱི་བག་ལ་ཉལ་དང་ནི་རྗེས་སུ་འབྲེལ་བ་ཡིན་ནོ། །བྱིས་པ་གཞོན་ནུ་ནད་པ་མལ་སྟན་
ལ་ཉལ་བ་རྣམས་ཀྱིས་སེམས་ཅན་ཞེས་བྱ་བ་ཡང་མི་ཤེས་ན། གནོད་སེམས་ཀྱིས་སེམས་ཀུན་ནས་དཀྲིས་ཏེ་གནས་པ་ལྟ་སྨོས་ཀྱང་ཅི་དགོས། འོན་ཀྱང་གནོད་སེམས་ཀྱི་བག་ལ་ཉལ་དང་ནི་རྗེས་སུ་འབྲེལ་པ་ཡིན་ནོ། །བྱིས་པ་གཞོན་ནུ་མལ་སྟན་ལ་ཉལ་བ་རྣམས་ཀྱིས་ལུས་
Vol. 146 · folio 260b
ཞེས་བྱ་བ་ཡང་མི་ཤེས་ན། འཇིག་ཚོགས་ལ་ལྟ་བས་སེམས་ཀུན་ནས་དཀྲིས་ཏེ་གནས་པ་ལྟ་སྨོས་ཀྱང་ཅི་དགོས། འོན་ཀྱང་འཇིག་ཚོགས་ལ་ལྟ་བ་བག་ལ་ཉལ་བ་དང་ནི་རྗེས་སུ་འབྲེལ་བ་ཡིན་ནོ། །བྱིས་པ་གཞོན་ནུ་ནད་པ་མལ་སྟན་ལ་ཉལ་བ་རྣམས་ཀྱིས་ཚུལ་ཁྲིམས་
ཞེས་བྱ་བ་ཡང་མི་ཤེས་ན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པས་སེམས་ཀུན་ནས་དཀྲིས་ཏེ་གནས་པ་ལྟ་སྨོས་ཀྱང་ཅི་དགོས། འོན་ཀྱང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་བག་ལ་ཉལ་དང་ནི་རྗེས་སུ་འབྲེལ་པ་ཡིན་ནོ། །བྱིས་པ་གཞོན་
ནུ་ནད་པ་མལ་སྟན་ལ་ཉལ་བ་རྣམས་ཀྱིས་ཐེ་ཚོམ་ཞེས་བྱ་བ་ཡང་མི་ཤེས་ན་ཐེ་ཚོམ་གྱི་ཕྲ་རྒྱས་ཀྱིས་སེམས་ཀུན་ནས་དཀྲིས་ཏེ་གནས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གཞན་མུ་སྟེགས་ཅན་གྱི་ཀུན་དུ་རྒྱུ་དག་སྨོད་ཅིང་བཤུང་བར་བྱེད་ན། དེ་ལ་ཁྱོད་ཇི་སྙམ་དུ་སེམས། དེ་སྐད་ཅེས་བཀའ་
སྩལ་པ་དང་། ཚེ་དང་ལྡན་པ་མཆོད་བྱེད་ཀྱི་མ་ཅན་ཁ་རོག་པར་འདུག་ཅིང་ཞུམ་པར་གྱུར་ཅིང་ཕྲག་བ་བཅུམ་བར་གྱུར་ཅིང་འོག་ཏུ་བལྟས་ཏེ་སྤོབས་པ་མེད་པར་གྱུར་ནས། སེམས་བཞིན་དུ་གནས་པར་གྱུར་ཏོ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྐུ་རྒྱབ་ན་རླུང་
ཡབ་ཐོགས་ཏེ་བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་པར་གྱུར་ཏེ་དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གང་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཐ་མའི་ཚེ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་བསྟེན་པའི་དུས་ནི་བཅོམ་
ལྡན་འདས་འདི་ལགས་ཏེ། བདེ་བར་གཤེགས་པ་འདི་ལགས་སོ། །བཅོམ་ལྡན་འདས་ལས་ཐོས་ནས་དགེ་སློང་རྣམས་ཀྱིས་འཛིན་པར་འགྱུར་ལགས་སོ། །ཀུན་དགའ་བོ་དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་བཤད་པར་བྱའོ། །ཀུན་དགའ་བོ་འདི་ན་ཁ་
ཅིག་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་སེམས་ཀྱིས་ལན་མང་དུ་གནས་ཏེ། འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་སྐྱེས་པ་རྣམས་ལ་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་ཏེ། དེས་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་
Vol. 146 · folio 261a
དཀྲིས་པ་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་དེ་དག་ལ་ཡང་དག་པའི་སྟོབས་ཀྱིས་སྤོང་བར་མི་བྱེད་དོ། །ཀུན་དགའ་བོ་འདི་ན་ཁ་ཅིག་གནོད་སེམས་དང་། འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་།
ཐེ་ཚོམ་གྱིས་ཀུན་ནས་དཀྲིས་པའི་སེམས་ཀྱིས་ལན་མང་དུ་གནས་ཏེ། ཐེ་ཚོམ་གྱིས་ཀུན་ནས་དཀྲིས་པ་སྐྱེས་པ་རྣམས་ལས་ཕྱིས་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་ཏེ། དེས་ཐེ་ཚོམ་གྱིས་ཀུན་ནས་དཀྲིས་པ་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་དེ་དག་
ཡང་དག་པའི་སྟོབས་ཀྱིས་སྤོང་བར་བྱེད་དོ། །ཀུན་དགའ་བོ་ལམ་གང་ཞིག་རྟོགས་པས་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤོང་བར་འགྱུར་བའི་ལམ་དེ་དེས་མ་རྟོགས་པར་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤོང་བར་འགྱུར་བ་གང་ཡིན་པ་འདི་ནི་གནས་མ་
ཡིན་ཞིང་གོ་སྐབས་མེད་དོ། །འདི་ལྟ་སྟེ། ཀུན་དགའ་བོ་མིག་དང་ལྡན་པའི་སྐྱེས་བུ་སྙིང་པོ་ཚོལ་ཞིང་དོན་དུ་གཉེར་བ་དག་སྟ་རེ་རྣོན་པོ་ཐོགས་ནས་ནགས་སུ་ཞུགས་ཏེ། དེས་དེ་ན་ཤིང་ཆེན་པོ་རྩ་བ་དང་ལྡན་པ། ལོ་མ་དང་ལྡན་པ། ཡལ་ག་དང་ལྡན་པ། འདབ་མ་དང་མེ་
ཏོག་དང་འབྲས་བུ་དང་ལྡན་པ་ཞིག་མཐོང་ནས་འདི་སྐད་དུ་ངས་ཤིང་འདིའི་རྩ་བ་མ་བཅད་ཅིང་རྩེ་མོ་མ་བཅད་པར་ཡལ་ག་དང་འདབ་མ་དང་། མེ་ཏོག་དང་སྙིང་པོ་དག་ཁྱེར་ནས་འགྲོ་བར་བྱའོ་ཞེས་ཟེར་ན། དེ་སྐད་དུ་མ་སྨྲ་ཅིག་ཅེས་བརྗོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་
གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །གང་ཡང་སྐྱེས་བུ་འདིས་ཤིང་གི་རྩ་བ་མ་བཅད་པར་ཡལ་ག་དང་འདབ་མ་དང་མེ་ཏོག་དང་སྙིང་པོ་ཁྱེར་ནས་འགྲོ་བར་འགྱུར་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །ཀུན་དགའ་བོ་དེ་བཞིན་དུ་ལམ་གང་ཞིག་རྟོགས་པས་ཐ་
མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤོང་བར་འགྱུར་བའི་ལམ་དེ་དེས་མ་རྟོགས་པར་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤོང་བར་འགྱུར་བ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །ཀུན་དགའ་བོ་ལམ་གང་ཞིག་རྟོགས་པས་ཐ་མའི་ཆ་དང་མཐུན་པའི་
Vol. 146 · folio 261b
ཀུན་དུ་སྦྱོར་བ་ལྔ་སྤོང་བར་འགྱུར་བའི་ལམ་དེ་དེས་རྟོགས་ན། ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་ལྔ་སྤོང་བར་འགྱུར་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །ཀུན་དགའ་བོ་འདི་ལྟ་སྟེ། མིག་དང་ལྡན་པའི་སྐྱེས་བུ་སྙིང་པོ་ཚོལ་ཞིང་དོན་དུ་གཉེར་བ་དག་སྟ་རེ་
རྣོན་པོ་ཐོགས་ནས་ནགས་སུ་ཞུགས་ཏེ་དེས་དེ་ན་ཤིང་ཆེན་པོ་རྩ་བ་དང་ལྡན་པ་དང་། སྡོང་པོ་དང་ལྡན་པ་ཡལ་ག་དང་འདབ་མ་དང་འབྲས་བུ་དང་ལྡན་པ་ཞིག་མཐོང་ནས་དེ་འདི་སྐད་དུ་ངས་ཤིང་འདིའི་རྩ་བ་བཅད་དེ་རྩེ་མོ་བཅད་ནས་ཡལ་ག་དང་ལོ་མ་དང་མེ་ཏོག་དང་སྙིང་པོ་དག་
ཁྱེར་ནས་འགྲོ་བར་བྱའོ་ཞེས་ཟེར་ན། དེ་བཞིན་ནོ་ཞེས་བརྗོད་པར་བྱ་སྟེ། དེ་ཅིའི་ཕྱིར་ན། འདི་ནི་གནས་ཡིན་ཞིང་སྐབས་ཡོད་དོ། །གང་ཡང་སྐྱེས་བུ་དེས་ཤིང་གི་རྩ་བ་བཅད་ཅིང་རྩེ་མོ་དག་བཅད་ནས་ཡལ་ག་དང་འདབ་མ་དང་མེ་ཏོག་དང་སྙིང་པོ་དག་ཁྱེར་ནས་འགྲོ་བ་འདི་ནི་
གནས་ཡིན་ཞིང་གོ་སྐབས་ཡོད་དོ། །ཀུན་དགའ་བོ་དེ་བཞིན་དུ་འདིས་ལམ་ཐོབ་པར་རྟོགས་པས་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་སྤང་བར་འགྱུར་བའི་ལམ་དེ་དེས་རྟོགས་ནས་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་སྤོང་བར་འགྱུར་བ་འདི་ནི་གནས་
ཡིན་ཞིང་གོ་སྐབས་ཡོད་དོ། །ཀུན་དགའ་བོ་ལམ་ནི་གང་རྟོགས་པས་ཐ་མའི་ཆ་དང་མཐུན་པའི་ཀུན་དུ་སྦྱོར་བ་རྣམས་སྤོང་བ་གང་ཞེ་ན། ཀུན་དགའ་བོ་འདི་ན་ཁ་ཅིག་འདོད་པའི་འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པའི་སེམས་ཀྱིས་ལན་མང་དུ་མི་གནས་ཏེ། འདོད་པའི་འདོད་
ཆགས་ཀྱིས་ཀུན་དུ་དཀྲིས་པ་སྐྱེས་པ་རྣམས་ལས་ཕྱིས་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེས་འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས་དེ་དག་སྟོབས་ཀྱིས་སོ་སོར་ལེགས་པར་བཏུལ་ཏེ་ཕྲ་རྒྱས་དང་བཅས་པ་སྤོང་བར་བྱེད་དོ། །ཀུན་དགའ་བོ་འདི་
ན་ཁ་ཅིག་གནོད་སེམས་དང་། འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་ཐེ་ཚོམ་གྱིས་ཀུན་ནས་དཀྲིས་པའི་སེམས་ཀྱིས་ལན་མང་དུ་མི་གནས་ཏེ། ཐེ་ཚོམ་གྱིས་ཀུན་ནས་དཀྲིས་པ་སྐྱེས་པ་རྣམས་ལས་ཕྱིས་ངེས་པར་འབྱུང་བ་
Vol. 146 · folio 262a
ཡང་དག་པ་ཇི་ལྟ་བ་བཞིན་ཤེས་ཏེ། དེས་ཐེ་ཚོམ་གྱིས་ཀུན་ནས་དཀྲིས་པ་དེ་སྟོབས་ཀྱིས་སོ་སོར་བཏུལ་ཏེ་ཕྲ་རྒྱས་དང་བཅས་པ་སྤོང་བར་བྱེད་དོ་ཞེས་བྱ་བའི་མདོའི་དུམ་བུ་ལུང་བར་མ་ལས། གསོ་སྦྱོང་ཅན་དང་ཏ་ལ་ཅན། །དགའ་དང་ཐ་མའི་ཆ་མཐུན་
བཅས། །ཞེས་བྱ་བའི་ཐ་མའི་ཆ་དང་མཐུན་པའི་མདོ་ལས་བྱུང་ངོ་། །གང་ཡང་མདོ་ལས་ནི་ཉོན་མོངས་པ་ཉིད་ཕྲ་རྒྱས་སུ་བཤད་དེ་ཞེས་བྱ་བ་ལ། དྲུག་ཚན་དྲུག་པའི་སྐྱེ་མཆེད་དྲུག་བསྟན་པའི་སྒོ་གཉིས་པ་ལས། དགའ་དང་ཀུན་དགའ་ལས་གདམས་པ། །ཞེས་བྱ་བའི་
སྡོམ་གྱི་ཚིགས་སུ་བཅད་པ་བསྟན་པ་མཛོད་ཀྱི་གནས་གསུམ་པར་རྟེན་ཅིང་འབྲེལ་པར་འབྱུང་བའི་སྐབས་སུ། རེག་དྲུག་འདུས་ཏེ་བྱུང་བ་ཡིན། ཞེས་བྱ་བར་བྲིས་པ་བཞིན་བལྟ་བར་བྱ་སྟེ། དེ་ལས་འདི་ལྟར་འདོན་ཏེ། དགེ་སློང་དག་མིག་དང་གཟུགས་ལ་བརྟེན་ནས་
མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཞིང་གསུམ་འདུས་པའི་རེག་པ་དང་རེག་པ་ལ་བརྟེན་ནས་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བར་འགྱུར་རོ། །དགེ་སློང་དག་དེ་ལ་བདེ་བའི་ཚོར་བ་ལ་རེག་ན་མངོན་
པར་དགའ་ཞིང་མངོན་པར་བརྗོད་པ་དང་ཞེན་པ་དང་ལྷག་པར་ཞེན་ཅིང་གནས་པར་འགྱུར་ཏེ། འདིའི་བདེ་བའི་ཚོར་བ་ལ་འདོད་ཆགས་རྒྱས་པར་འགྱུར་རོ། །དགེ་སློང་དག་དེ་ལ་སྡུག་བསྔལ་གྱི་ཚོར་བ་ལ་རེག་ན་མངོན་པར་མི་དགའ་ཞིང་ཁྲོ་ལ་གནོད་སེམས་དང་ཡོངས་
སུ་གདུག་ཅིང་མི་དགའ་ཞིང་གནས་པར་འགྱུར་ཏེ། འདིའི་སྡུག་བསྔལ་གྱི་ཚོར་བ་ལ་གནོད་སེམས་རྒྱས་པར་འགྱུར་རོ་ཞེས་གང་གིས་ཚོར་བ་གང་གི་ཀུན་འབྱུང་བ་དང་མི་སྣང་བ་དང་རོ་མྱང་བ་དང་ཉེས་དམིགས་དང་ངེས་པར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་
ཏེ། འདིའི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ལ་མ་རིག་པ་རྒྱས་པར་འགྱུར་རོ། །མདོ་ལས་འདོད་ཆགས་རྣམ་པ་གཉིས་སུ་ཕྱེ་ནས་བཤད་དེ་ཞེས་བྱ་བ་ལ་བདུན་ཚན་བདུན་པ་ལས། ཟག་བདུན་ཡིད་བདུན་རྣམ་ཤེས་གནས། སྲིད་དང་ཕྲ་རྒྱས་
Vol. 146 · folio 262b
བདུན་གཅིག་བྱས། །ཞེས་འབྱུང་བའི་ཕྲ་རྒྱས་ཀྱི་མདོ་ལས། ཇི་ལྟར་མངོན་པ་མཛོད་ཀྱི་གནས་གསུམ་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྐབས་སུ་ཀུན་སྦྱོར་སོགས་ཆིག་ཕྱིར་ཞེས་བྱ་བར་བྲིས་པར་ལྟ་བར་བྱའོ། །འདི་ལྟར་ལས་རྣམ་པར་འབྱེད་པ་ཆེན་པོའི་མདོ་ལས་
འདོད་ཆགས་དང་བྲལ་བ་རྣམས་ལ་འོག་མ་འདོད་པ་ལ་དམིགས་པའི་ལྟ་བ་ཀུན་དུ་འབྱུང་བར་གསུངས་ཞེས་བྱ་བ་ལ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་སྨྱུག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ། དེའི་ཚེ་ཚེ་དང་
ལྡན་པ་དྲན་པ་རྒྱལ་པོའི་ཁབ་ཀྱི་དགོན་པའི་དབྱར་ཁང་ན་འདུག་པར་གྱུར་ཏེ། ཀུན་དུ་རྒྱུ་པོ་ཏ་ལའི་བུ་ཚེ་དང་ལྡན་པ་དྲན་པ་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་ཚེ་དང་ལྡན་པ་དྲན་པ་དང་ལྷན་ཅིག་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་བདེ་བར་འགྱུར་
བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀུན་ཏུ་རྒྱུ་པོ་ཏ་ལའི་བུས་ཚེ་དང་ལྡན་པ་དྲན་པ་ལ་འདི་སྐད་ཅེས་སྨྲས་སོ། །དྲན་པ་དྲིས་པ་ལུང་སྟོན་པ་ལ་སྐབས་འབྱེད་ན་བདག་ཕྱོགས་འགའ་ཞིག་འདྲིའོ། །པོ་ཏ་ལའི་བུ་དྲིས་
ཤིག་དང་། ཐོས་ནས་རིག་པར་བྱའོ། །དྲན་པ་གང་ལས་ལུས་ཀྱི་ལས་ཀྱི་འབྲས་བུ་མེད་ཅིང་ངག་གི་ལས་ཀྱི་འབྲས་བུ་མེད་པ། ཡིད་ཀྱི་ལས་ཀྱི་འབྲས་བུ་མེད་པ་དེ་ལྟ་བུའི་ཏིང་ངེ་འཛིན་དང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་དགེ་སློང་ཅུང་ཟད་ཅིག་ཡོད་དོ་ཞེས་ང་སྨྲའོ་ཞེས་
བདག་གིས་དགེ་སྦྱོང་གཽ་ཏ་མ་ལས་མངོན་སུམ་དུ་ཐོས་ནས་མངོན་སུམ་དུ་བཟུང་སྟེ། དྲན་པ་འདི་ལ་ཁྱོད་ཇི་སྐད་དུ་སྨྲ། པོ་ཏ་ལའི་བུ་གང་ཡང་ལུས་ཀྱི་ལས་ཀྱི་འབྲས་བུ་མེད་ཅིང་ངག་གི་ལས་ཀྱི་འབྲས་བུ་མེད་ལ་ཡིད་ཀྱི་ལས་ཀྱི་འབྲས་བུ་མེད་པ་དེ་ལྟ་བུའི་ཏིང་ངེ་འཛིན་དང་ཏིང་ངེ་
འཛིན་ལ་སྙོམས་པར་ཞུགས་པའི་དགེ་སློང་ཅུང་ཟད་ཅིག་ཡོད་དོ་ཞེས་སྨྲའོ་ཞེས་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་བདག་གིས་མི་ཤེས་མོད་ཀྱི། འོན་ཀྱང་གང་གི་ལས་བྱས་ཤིང་བསགས་པ་ཉེ་བར་བསགས་པ་དག་གི་རྣམ་པར་སྨིན་པ་སོ་སོར་མི་མྱོང་བ་མ་ཡིན་ནོ་ཞེས་
Vol. 146 · folio 263a
ང་སྨྲ་སྟེ། དེ་ཡང་མཐོང་བའི་ཆོས་དང་སྐྱེས་ནས་དང་ལན་གྲངས་གཞན་ལའོ། །ལས་མ་བྱས་ཤིང་མ་བསགས་ལ་ཉེ་བར་མ་བསགས་པ་དག་གི་རྣམ་པར་སྨིན་པ་ནི་སོ་སོར་མྱོང་བར་མི་འགྱུར་རོ་ཞེས་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་བདག་གིས་འདི་ལྟར་
ཤེས་སོ། །དྲན་པ་ཁྱོད་དགེ་སྦྱོང་གཽ་ཏ་མ་ལས་དགེ་སྦྱོང་དུ་ཁས་བླངས་ནས་ཇི་ཙམ་ལོན། པོ་ཏ་ལའི་བུ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་ལོ་གསུམ་ལྷག་ཙམ་ལོན་ནོ། །དྲན་པ་ད་ལྟར་འདི་ན་གནས་བརྟན་རྒྱལ་པོས་གནང་བ་རབ་ཏུ་བྱུང་ནས་རིང་དུ་ལོན་པ། དང་པོ་
ཉིད་ནས་ཚངས་པར་སྤྱོད་པ་སྤྱད་པ་བསྟན་བཅོས་སྨྲ་ཞིང་རྣམ་པར་འབྱེད་ཤེས་པ། ཚངས་པར་སྤྱོད་པ་དགེ་སློང་རྣམས་ཀྱིས་ཅི་ཞིག་བྱེད་པར་འགྱུར། ད་ལྟར་འདི་ན་ཁྱོད་གསར་བུ་ཡང་དགེ་སྦྱོང་གཽ་ཏ་མ་ལ་ལེགས་པ་ཤིན་ཏུ་རྗེས་སུ་སྲུང་བར་སེམས་སམ། དྲན་པ་ལས་བྱས་ཤིང་བསགས་ལ་ཉེ་བར་
བསགས་པ་དག་གིས་ནི་ཞིག་མྱོང་བར་འགྱུར། པོ་ཏ་ལའི་བུ་ལས་བསམས་བཞིན་བྱས་ཤིང་བསགས་ལ་ཉེ་བར་བསགས་པས་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ནས་ཀུན་དུ་རྒྱུ་པོ་ཏ་ལའི་བུ་ཚེ་དང་ལྡན་པ་དྲན་པས་བཤད་པ་ལ་དགའ་བར་ཡང་མི་བྱེད་ཁྲོ་བར་ཡང་མི་བྱེད་པར་སྟན་ལས་ལངས་ཏེ་སོང་ངོ་། །དེའི་ཚེ་ན་ཚེ་
དང་ལྡན་པ་སྐུལ་བྱེད་ཆེན་པོ་ཚེ་དང་ལྡན་པ་དྲན་པ་དང་མི་རིང་བ་ཞིག་ན་ཤིང་ལྗོན་པ་གཞན་ཞིག་གི་དྲུང་ན་ཉིན་པར་གནས་པའི་ཕྱིར་འདུག་གོ། །དེ་ནས་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོས་ཚེ་དང་ལྡན་པ་དྲན་པ་དང་། ཀུན་དུ་རྒྱུ་པོ་ཏ་ལའི་བུ་ལྷན་ཅིག་གཏམ་གཞན་རྒྱས་པར་བརྗོད་པ་རྣམས་ཐོས་སོ། །ཚེ་དང་
ལྡན་པ་སྐུལ་བྱེད་ཆེན་པོ་ཚེ་དང་ལྡན་པ་དྲན་པ་ཀུན་དུ་རྒྱུ་པོ་ཏ་ལའི་བུ་དང་ལྷན་ཅིག་གཏམ་གཞན་བརྗོད་པ་འདི་ལྟར་གྱུར་པ་ཐམས་ཅད་བཟུང་སྟེ་ཡིད་ལ་བྱས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཐབས་ཅིག་ཡང་དག་པར་
དགའ་བར་འགྱུར་བ་དང་། ཡང་དག་པར་བདེ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོས་ཚེ་དང་ལྡན་པ་དྲན་པ་ཀུན་དུ་རྒྱུ་པོ་ཏ་ལའི་བུ་དང་ལྷན་ཅིག་གཏམ་གཞན་བརྗོད་པ་ཇི་ལྟར་
Vol. 146 · folio 263b
གྱུར་པ་དེ་ཐམས་ཅད་རྒྱས་པར་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བསྙད་དོ། །དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོ་གཏམ་འདི་དག་དང་བཅོམ་ལྡན་འདས་གང་ན་བ་དེར་
འགྲོ་བར་གྱིས་ཤིག །བཅོམ་ལྡན་འདས་ག་ལ་བ་དེར་ཉེ་བར་སོང་ནས་བཅོམ་ལྡན་འདས་ལ་ཆོས་ཟབ་མོ་ཟབ་པར་སྣང་བ་འདི་ལྟ་བུའི་དོན་དྲན་པ་རྙེད་པར་འགྱུར། དེ་ནས་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོ་དང་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་
ཞིང་ཉེ་བར་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཀུན་དགའ་བོ་དང་སྐུལ་བྱེད་ཀྱི་བརྗོད་
པར་འདོད་པ་དག་ནི་བཅོམ་ལྡན་འདས་ལས་ཐོས་པར་འགྱུར་རོ། །ད་ལྟར་བདེ་བར་གཤེགས་པ་ལས་ཐོས་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་སྐུལ་བྱེད་ཆེན་པོས་ཚེ་དང་ལྡན་པ་དྲན་པ་ཀུན་དུ་རྒྱུ་པོ་ཏ་ལའི་བུ་དང་གཏམ་གཞན་བརྗོད་པ་དེ་ཐམས་ཅད་བཅོམ་ལྡན་འདས་ལ་
རྒྱས་པར་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དགེ་སློང་དྲན་པ་ལས་རྣམ་པར་འབྱེད་པ་ལུང་སྟོན་པ་ལ་ལྟོས། འདིས་ནི་དྲིས་པ་ཕྱོགས་གཅིག་ཏུ་ལུང་བསྟན་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་
བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཚེ་དང་ལྡན་པ་དྲན་པས་གང་ཅུང་ཟད་ཚོར་བ་དེ་ཐམས་ཅད་ནི་སྡུག་བསྔལ་བའོ་ཞེས་བྱ་བ་འདི་ལ་བསམས་ནས་ཀུན་དུ་རྒྱུ་པོ་ཏ་ལའི་བུ་ལ་བཤད་པའི་གནས་ཡོད་ཅིང་སྐབས་ཡོད་དེ། །སྐུལ་བྱེད་དགེ་སློང་ཀུན་དགའ་བོའི་
བསམ་པ་ལ་ལྟོས། ཀུན་དུ་རྒྱུ་པོ་ཏ་ལའི་བུ་ངས་མཐོང་བ་ཡང་དག་པར་རྗེས་སུ་མི་དྲན་ན་དེ་དང་ལྷན་ཅིག་བར་སྐབས་ཀྱི་གཏམ་བརྗོད་པ་འདི་ལྟ་བུ་ལྟ་སྨོས་ཀྱང་ཅི་དགོས། བཙུན་པ་ཇི་ལྟར་ན་ཚེ་དང་ལྡན་པ་དྲན་པས་ཀུན་དུ་རྒྱུ་པོ་ཏ་ལའི་བུས་དྲི་བ་དྲིས་པའི་ལུང་བསྟན་པ། ཡང་དག་པར་
Vol. 146 · folio 264a
ལུང་བསྟན་པར་བྱས་པར་འགྱུར་ལགས། ཀུན་དགའ་བོ་དགེ་སློང་དྲན་པས་ཀུན་དུ་རྒྱུ་པོ་ཏ་ལའི་བུའི་དྲི་བ་དྲིས་པ་ལ་འདི་ལྟར་ལུང་བསྟན་ན་ཡང་དག་པར་ལུང་བསྟན་པར་འགྱུར་ཏེ། པོ་ཏ་ལའི་བུ་བསམས་བཞིན་དུ་ལས་བྱས་ཤིང་ཉེ་བར་བསགས་ན་བདེ་བ་
མྱོང་བར་འགྱུར་རོ། །བསམས་བཞིན་དུ་སྡུག་བསྔལ་མྱོང་བར་འགྱུར་བའི་ལས་བྱས་ཤིང་ཉེ་བར་བསགས་ན་སྡུག་བསྔལ་མྱོང་བར་འགྱུར་རོ། །བསམས་བཞིན་དུ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ལས་བྱས་ཤིང་ཉེ་བར་བསགས་ན་བདེ་བ་ཡང་མ་ཡིན་སྡུག་བསྔལ་
བ་ཡང་མ་ཡིན་པ་མྱོང་བར་འགྱུར་རོ། །ཀུན་དགའ་བོ་ཀུན་དུ་རྒྱུ་པོ་ཏ་ལའི་བུས་ནི་དགེ་སློང་དྲན་པ་ལ་ཚོར་བ་གསུམ་ལས་བསམས་ཏེ་དྲིས་པ་དགེ་སློང་དྲན་པས་གང་ཅུང་ཟད་ཚོར་བ་དེ་ཐམས་ཅད་ནི་སྡུག་བསྔལ་བའོ་ཞེས་ནི་ཕྱོགས་གཅིག་ལུང་བསྟན་ཏོ། །བཙུན་པ་བཅོམ་ལྡན་འདས་
ཀྱིས་ཚེ་དང་ལྡན་པ་དྲན་པའི་སེམས་ལ་ཁྱབ་སྟེ་མཁྱེན་པ་ནི་ངོ་མཚར་ལགས་སོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དེ་མཁྱེན་པ་ལ་ངོ་མཚར་ཅི་ཞིག་ཡོད། ཀུན་དགའ་བོ་དེ་བཞིན་གཤེགས་པ་ལས་ལས་རྣམ་པར་འབྱེད་པ་ཆེན་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཉོན་ཅིག་དང་
བཤད་པར་བྱའོ། །ང་ལ་སེམས་མངོན་པར་དད་པར་གྱིས་ཤིག །སེམས་མངོན་པར་དང་ཞིང་རབ་ཏུ་དང་ནས་བྱ་བ་མང་དུ་བྱེད་པར་འགྱུར་བའི་གནས་ཡིན་ཞིང་སྐབས་ཡོད་དོ། །བཅོམ་ལྡན་འདས་དུས་ལ་བབ་ཅིང་བདེ་བར་གཤེགས་པ་དུས་ལ་བབ་སྟེ། བཅོམ་ལྡན་འདས་
ཀྱིས་དགེ་སློང་རྣམས་ལ་ལས་རྣམ་པར་འབྱེད་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་བཤད་ན་བཅོམ་ལྡན་འདས་ལས་ཐོས་ནས་དགེ་སློང་རྣམས་ཀྱིས་ལེགས་པར་འཛིན་པར་འགྱུར་རོ། །ཀུན་དགའ་བོ་དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ཀུན་
ཀུན་དགའ་བོ་འདི་ནི་ཁ་ཅིག་སྲོག་གཅོད་པ་དང་མ་བྲལ་བར་གྱུར་ཅིང་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་མོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་
Vol. 146 · folio 264b
བས་འབགས་ཤིང་མ་བྲལ་བར་གྱུར་པ་དག་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་སུ་སྐྱེ་བར་འགྱུར་བ་ཡང་ཡོད་ལ། གཞན་ཡང་ཀུན་དགའ་བོ་འདི་ན་ཁ་ཅིག་སྲོག་གཅོད་པ་དང་བྲལ་བར་གྱུར་ཅིང་། མ་བྱིན་པར་ལེན་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་།
ཚིག་རྩུབ་མོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བས་མ་འབགས་ཤིང་བྲལ་བར་གྱུར་པ་དག་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་ཡང་ཡོད་ལ། ཀུན་དགའ་བོ་
གཞན་ཡང་འདི་ན་ཁ་ཅིག་སྲོག་གཅོད་པ་དང་བྲལ་བར་གྱུར་པ་ནས་ལོག་པར་ལྟ་བས་མ་འབགས་ཤིང་བྲལ་བའི་བར་དུ་གྱུར་ལ་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་ཡང་ཡོད་དེ། ཀུན་དགའ་བོ་དེ་ལ་སྲོག་གཅོད་པ་དང་མ་བྲལ་བ་ནས། ལོག་
པར་ལྟ་བས་བསགས་ཤིང་མ་བྲལ་བའི་བར་དག་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བ་དག་ཕྱི་རོལ་མུ་སྟེགས་བྱེད་ཀྱི་དགེ་སྦྱོང་ངམ། བྲམ་ཟེ་ལྷའི་མིག་དང་གཞན་གྱི་སེམས་རིག་པ་དག་གིས་མཐོང་ནས། དེ་འདི་སྙམ་དུ་ལུས་ཀྱི་ཉེས་པར་སྤྱད་པ་མེད་དོ། །ལུས་ཀྱི་ཉེས་པར་སྤྱད་
པའི་རྣམ་པར་སྨིན་པ་མེད་དོ། །ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་མེད་དོ། །ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་མེད་དོ། །འདི་ལུས་ཀྱིས་སྲོག་གཅོད་པ་དང་མ་བྲལ་བ་ནས་ལོག་པར་ལྟ་བས་བསགས་ཤིང་མ་བྲལ་ལ་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་
འཇིག་རྟེན་དུ་སྐྱེས་པ་ངས་མཐོང་ལ། གཞན་ཡང་སྲོག་གཅོད་པ་དང་མ་བྲལ་བར་གྱུར་པ་ནས་ལོག་པར་ལྟ་བས་བསགས་ཤིང་མ་བྲལ་བར་གྱུར་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་དག་འབྱུང་བར་འགྱུར་ཏེ། གང་འདི་ལྟར་ལྟ་བ་ནི་ཡང་དག་པའི་ལྟ་བ་སྟེ། གཞན་
ནི་ལོག་པའོ་ཞེས་དགེ་སྦྱོང་ངམ་བྲམ་ཟེ་དེ་དག་ཇི་ལྟར་མཐོང་བ་དང་ཇི་ལྟར་རིག་པ་སྟོབས་ཀྱིས་རྣམ་པར་དཔྱད་དེ་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་དོ། །ཀུན་དགའ་བོ་དེ་ལ་སྲོག་གཅོད་པ་དང་བྲལ་བར་གྱུར་པ་ནས་ལོག་པར་ལྟ་བས་མ་
Vol. 146 · folio 265a
འབགས་ཤིང་བྲལ་བར་གྱུར་པའི་བར་དག་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེས་པར་གྱུར་པ་དག་ཕྱི་རོལ་མུ་སྟེགས་བྱེད་ཀྱི་དགེ་སྦྱོང་ངམ། བྲམ་ཟེ་ལྷའི་མིག་དང་གཞན་གྱི་སེམས་རིག་པ་དག་གིས་མཐོང་ནས། དེ་འདི་སྙམ་
དུ་ལུས་ཀྱིས་ལེགས་པར་སྤྱད་པ་མེད་དོ། །ལུས་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་མེད་དོ། །ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་མེད་དོ། །ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་མེད་དོ། །སེམས་ཅན་འདི་སྲོག་གཅོད་པ་དང་བྲལ་བར་གྱུར་པ་ནས་
ལོག་པར་ལྟ་བས་མ་འབགས་ཤིང་བྲལ་བའི་བར་དུ་གྱུར་ལ་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་པ་ངས་མཐོང་སྟེ། གཞན་དག་ཀྱང་སྲོག་གཅོད་པ་དང་མ་བྲལ་བ་ནས་ལོག་པར་ལྟ་བའི་བར་གྱིས་མ་འབགས་
ཤིང་བྲལ་བར་གྱུར་ཀྱང་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་དག་འབྱུང་བར་འགྱུར་ཏེ། འདི་ལྟར་ལྟ་བ་ནི་ཡང་དག་པའི་ལྟ་བ་སྟེ། གཞན་ནི་ལོག་པའོ་ཞེས་དགེ་སྦྱོང་ངམ་བྲམ་ཟེ་དེ་དག་ཇི་ལྟར་མཐོང་བ་དང་ཇི་ལྟར་རིག་པ་སྟོབས་ཀྱིས་
རྣམ་པར་དཔྱད་དེ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་དོ། །དེ་ལ་ཀུན་དགའ་བོ་སྲོག་གཅོད་པ་དང་མ་བྲལ་བར་གྱུར་པ་ནས། ལོག་པར་ལྟ་བས་འབགས་ཤིང་མ་བྲལ་བར་གྱུར་པའི་བར་དག་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་
པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་པ་དག་ཕྱི་རོལ་མུ་སྟེགས་བྱེད་ཀྱི་དགེ་སྦྱོང་ངམ་བྲམ་ཟེ་ལྷའི་མིག་དང་གཞན་གྱི་སེམས་ཤེས་པ་དག་གིས་མཐོང་ནས་དེ་འདི་སྙམ་དུ་ལུས་ཀྱིས་ཉེས་པར་སྤྱད་པ་ཡོད་དོ། །ལུས་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་ཡོད་དོ། །ངག་དང་ཡིད་ཀྱི་
ཉེས་པར་སྤྱད་པ་ཡོད་དོ། །ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་ཡོད་དོ། །སེམས་ཅན་འདི་སྲོག་གཅོད་པ་དང་མ་བྲལ་བར་གྱུར་པ་ནས་ལོག་པར་ལྟ་བས་འབགས་ཤིང་མ་བྲལ་བའི་བར་དུ་གྱུར་ལ་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་
Vol. 146 · folio 265b
ཅན་དམྱལ་བ་རྣམས་སུ་སྐྱེས་པ་ངས་མཐོང་ངོ་། །གཞན་དག་ཀྱང་སྲོག་གཅོད་པ་དང་མ་བྲལ་བ་ནས། ལོག་པར་ལྟ་བས་འབགས་ཤིང་མ་བྲལ་བའི་བར་དུ་གྱུར་ན་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འབྱུང་བར་འགྱུར་ཏེ། འདི་ལྟར་ལྟ་བ་
ནི་ཡང་དག་པའི་ལྟ་བ་སྟེ། གཞན་ནི་ལོག་པའོ་ཞེས་དགེ་སྦྱོང་ངམ་བྲམ་ཟེ་དེ་དག་ཇི་ལྟར་མཐོང་བ་དང་ཇི་ལྟར་རིག་པའི་སྟོབས་ཀྱིས་རྣམ་པར་དཔྱད་དེ། འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་དོ། །ཀུན་དགའ་བོ་དེ་ལ་སྲོག་གཅོད་པ་དང་བྲལ་
བར་གྱུར་པ་ནས་ལོག་པར་ལྟ་བས་མ་འབགས་ཤིང་བྲལ་བར་གྱུར་པ་དག་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་པར་གྱུར་པ་དག་ཕྱི་རོལ་མུ་སྟེགས་བྱེད་ཀྱི་དགེ་སྦྱོང་ངམ་བྲམ་ཟེ་ལྷའི་མིག་དང་གཞན་གྱི་སེམས་རིག་པས་མཐོང་ནས། དེ་འདི་སྙམ་དུ་
ལུས་ཀྱིས་ལེགས་པར་སྤྱད་པ་ཡོད་དོ། །ལུས་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་ཡོད་དོ། །ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་ཡོད་དོ། །ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་ཡོད་དོ། །སེམས་ཅན་འདི་སྲོག་གཅོད་པ་དང་བྲལ་བར་གྱུར་པ་ནས་ལོག་པར་
ལྟ་བས་མ་འབགས་ཤིང་བྲལ་བར་གྱུར་པས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་པ་བདག་གིས་མཐོང་སྟེ། གཞན་དག་སྲོག་གཅོད་པ་དང་བྲལ་བ་ནས། ལོག་པར་ལྟ་བའི་བར་གྱིས་མ་འབགས་ཤིང་བྲལ་བའི་བར་དུ་གྱུར་ན་བདེ་འགྲོ་མཐོ་རིས་
ཀྱི་འཇིག་རྟེན་དུ་སྐྱེ་བ་དག་འབྱུང་བར་འགྱུར་ཏེ། འདི་ལྟར་ལྟ་བ་ནི་ཡང་དག་པའི་ལྟ་བ་སྟེ། གཞན་ནི་ལོག་པའོ་ཞེས་དགེ་སྦྱོང་ངམ་བྲམ་ཟེ་དེ་དག་ཇི་ལྟར་མཐོང་བ་དང་། ཇི་ལྟར་རིག་པའི་སྟོབས་ཀྱིས་རྣམ་པར་དཔྱད་དེ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་རྗེས་སུ་ཐ་སྙད་
འདོགས་པར་བྱེད་དོ། །ཀུན་དགའ་བོ་དེ་ལ་དགེ་སྦྱོང་ངམ་བྲམ་ཟེ་གང་ཞིག་ལུས་ཀྱི་ཉེས་པར་སྤྱད་པ་མེད་དོ། །ལུས་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་མེད་དོ། །ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་མེད་དོ། །ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་མེད་དོ་ཞེས་འདི་ལྟར་
Vol. 146 · folio 266a
ལྟ་ཞིང་འདི་སྐད་དུ་སྨྲ་བ་དེ་དག་ངས་རྗེས་སུ་མ་གནང་ངོ་། །གང་ཡང་སེམས་ཅན་འདི་སྲོག་གཅོད་པ་དང་མ་བྲལ་བ་ནས། ལོག་པར་ལྟ་བའི་བར་གྱིས་འབགས་ཤིང་མ་བྲལ་བར་གྱུར་ལ་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་པར་གྱུར་
པ་བདག་གིས་མཐོང་ངོ་ཞེས་ཟེར་བ་འདི་ཡང་ངས་རྗེས་སུ་མ་གནང་ངོ་། །གང་ཡང་འདི་སྐད་དུ་གཞན་ཡང་སྲོག་གཅོད་པ་དང་མ་བྲལ་བ་ནས། ལོག་པར་ལྟ་བས་འབགས་ཤིང་མ་བྲལ་བར་གྱུར་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཞེས་ཟེར་བ་འདི་ཡང་ངས་རྗེས་སུ་མ་གནང་
ངོ་། །གང་ཡང་འདི་སྐད་དུ་གང་འདི་ལྟར་མཐོང་བ་ནི་ཡང་དག་པ་སྟེ། གཞན་ནི་ལོག་པའི་ཤེས་པའོ་ཞེས་ཟེར་བ་དེ་ཡང་ངས་རྗེས་སུ་མ་གནང་ངོ་། །གང་ཡང་དགེ་སྦྱོང་ངམ། བྲམ་ཟེ་དེ་དག་ཇི་ལྟར་མཐོང་བ་དང་ཇི་ལྟར་རིག་པའི་སྟོབས་ཀྱིས་རྣམ་པར་དཔྱད་ནས་འདི་ཉིད་བདེན་གྱི། གཞན་
ནི་གཏི་མུག་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་འདི་ཡང་ངས་རྗེས་སུ་མ་གནང་ངོ་། །ཀུན་དགའ་བོ་དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་སྐྱེས་བུ་དེའི་དབང་པོ་དང་ཤེས་པ་རྣམ་པ་གཞན་དུ་མཁྱེན་ཅིང་མ་འོངས་པའི་ཆོས་ཀུན་འབྱུང་བ་དག་རྣམ་པ་གཞན་དུ་མཁྱེན་པའི་ཕྱིར་
རོ། །ཀུན་དགའ་བོ་དེ་ལ་དེས་དགེ་སྦྱོང་ངམ། བྲམ་ཟེ་གཞན་ཞིག་ལུས་ཀྱིས་ལེགས་པར་སྤྱད་པ་མེད་དོ། །ལུས་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་མེད་དོ། །ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་མེད་དོ། །ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་མེད་དོ་ཞེས་
འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་བ་འདི་ཡང་ངས་རྗེས་སུ་མ་གནང་ངོ་། །གང་ཡང་འདི་སྐད་དུ་སེམས་ཅན་འདི་ནི་སྲོག་གཅོད་པ་དང་བྲལ་བར་གྱུར་བ་ནས། ལོག་པར་ལྟ་བའི་བར་གྱིས་མ་འབགས་ཤིང་བྲལ་བར་གྱུར་ལ་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་
ཅན་དམྱལ་བ་རྣམས་སུ་སྐྱེས་པ་ངས་མཐོང་ངོ་ཞེས་ཟེར་བ་འདི་ཡང་ངས་རྗེས་སུ་མ་གནང་ངོ་། །གང་ཡང་འདི་སྐད་དུ་གཞན་དག་ཀྱང་སྲོག་གཅོད་པ་དང་མ་བྲལ་བ་ནས་ལོག་པར་ལྟ་བའི་བར་གྱིས་མ་འབགས་ཤིང་བྲལ་བར་གྱུར་ཀྱང་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་
Vol. 146 · folio 266b
རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་ཟེར་བ་འདི་ཡང་ངས་རྗེས་སུ་མ་གནང་ངོ་། །གང་ཡང་འདི་སྐད་དུ་གང་འདི་ལྟར་མཐོང་བ་ནི་ཡང་དག་པར་མཐོང་བ་སྟེ། གཞན་ནི་ལོག་པའི་ཤེས་པའོ་ཞེས་ཟེར་བ་འདི་ཡང་ངས་རྗེས་སུ་མ་གནང་ངོ་། །གང་ཡང་དགེ་སྦྱོང་ངམ་བྲམ་ཟེ་དེ་དག་ཇི་ལྟར་མཐོང་བ་དང་
ཇི་ལྟར་རིག་པ་དང་སྟོབས་ཀྱིས་རྣམ་པར་དཔྱད་ན་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ་འདི་ཡང་ངས་རྗེས་སུ་མ་གནང་སྟེ། ཀུན་དགའ་བོ་དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་སྐྱེས་བུ་དེའི་དབང་པོ་དང་རྣམ་པར་ཤེས་པ་རྣམ་པ་གཞན་
དུ་མཁྱེན་ཅིང་མ་འོངས་པའི་ཆོས་ཀུན་འབྱུང་བ་དག་རྣམ་པ་གཞན་དུ་མཁྱེན་པའི་ཕྱིར་རོ། །ཀུན་དགའ་འོ་དེ་ལ་དགེ་སྦྱོང་ངམ་བྲམ་ཟེ་དེ་དག་གོ་ལུས་ཀྱིས་ཉེས་པར་སྤྱད་པ་མེད་དོ། །ལུས་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་མེད་དོ། །ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་མེད་དོ། །ངག་དང་
ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་མེད་དོ་ཞེས་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་བ་དེ་ཡང་ངས་རྗེས་སུ་མ་གནང་ངོ་། །གང་ཡང་འདི་སྐད་དུ་སྲོག་གཅོད་པ་དང་མ་བྲལ་བ་ནས། ལོག་པར་ལྟ་བའི་བར་གྱིས་འབགས་ཤིང་མ་བྲལ་བ་དག་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་
པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་ཟེར་བ་འདི་ནི་ངས་རྗེས་སུ་མ་གནང་ངོ་། །གང་ཡང་འདི་སྐད་དུ་གཞན་ཡང་སྲོག་གཅོད་པ་དང་བྲལ་བར་གྱུར་པ་ནས་ལོག་པར་ལྟ་བས་མ་འབགས་ཤིང་བྲལ་བར་གྱུར་པའི་བར་དག་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་
དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་དག་འབྱུང་བར་འགྱུར་རོ་ཞེས་ཟེར་བ་འདི་ཡང་ངས་རྗེས་སུ་མ་གནང་ངོ་། །གང་ཡང་འདི་སྐད་དུ་འདི་ལྟར་མཐོང་བ་དེ་ནི་ཡང་དག་པར་མཐོང་བ་སྟེ། གཞན་ནི་ལོག་པའི་ཤེས་པའོ་ཞེས་ཟེར་བ་འདི་ཡང་ངས་རྗེས་སུ་མ་གནང་ངོ་། །གང་ཡང་དགེ་སྦྱོང་ངམ་
བྲམ་ཟེ་དེ་དག་ཇི་ལྟར་མཐོང་བ་དང་ཇི་ལྟར་རིག་པའི་སྟོབས་ཀྱིས་རྣམ་པར་དཔྱད་དེ། འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་རྗེས་སུ་ཐ་སྙད་འདགས་པར་བྱེད་པ་འདི་ཡང་ངས་རྗེས་སུ་མ་གནང་ངོ་། །ཀུན་དགའ་བོ་དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་སྐྱེས་བུ་དེའི་དབང་པོ་
Vol. 146 · folio 267a
དང་རྣམ་པར་ཤེས་པ་གཞན་དུ་མཁྱེན་ཅིང་མ་འོངས་པའི་ཆོས་ཀུན་འབྱུང་བ་ཡང་རྣམ་པ་གཞན་དུ་མཁྱེན་པའི་ཕྱིར་རོ། །ཀུན་དགའ་བོ་དེ་ལ་དགེ་སྦྱོང་ངམ། བྲམ་ཟེ་གང་དག་ལུས་ཀྱིས་ལེགས་པར་སྤྱད་པ་ཡོད་དོ། །ལུས་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་
ཡོད་དོ། །ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་ཡོད་དོ། །ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་ཡོད་དོ་ཞེས་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་བ་དེ་དག་ངས་རྗེས་སུ་གནང་ངོ་། །གང་ཡང་དེ་འདི་སྐད་དུ་སེམས་ཅན་འདི་སྲོག་གཅོད་པ་དང་བྲལ་བ་ནས། ལོག་པར་ལྟ་བས་
མ་འབགས་ཤིང་བྲལ་བའི་བར་དུ་གྱུར་པ་དག་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་དག་ངས་མཐོང་ངོ་ཞེས་ཟེར་བ་འདི་ཡང་ངས་རྗེས་སུ་གནང་ངོ་། །གང་ཡང་འདི་སྐད་དུ་གཞན་དག་ཀྱང་སྲོག་གཅོད་པ་དང་བྲལ་བ་ནས། །ལོག་པར་ལྟ་བས་
མ་འབགས་ཤིང་བྲལ་བར་གྱུར་ན་དེ་ཐམས་ཅད་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་སུ་སྐྱེ་བར་འགྱུར་རོ་ཞེས་ཟེར་བ་དེ་ཡང་ངས་རྗེས་སུ་གནང་ངོ་། །གང་ཡང་འདི་སྐད་དུ་འདི་ལྟར་མཐོང་བ་དེ་ནི་ཡང་དག་པར་མཐོང་བ་སྟེ། གཞན་ནི་ལོག་པའི་ཤེས་པའོ་ཞེས་ཟེར་བ་དེ་དག་
ངས་རྗེས་སུ་གནང་ངོ་། །གང་ཡང་དགེ་སྦྱོང་ངམ་བྲམ་ཟེ་དེ་དག་ཇི་ལྟར་མཐོང་བ་དང་ཇི་ལྟར་རིག་པའི་སྟོབས་ཀྱིས་རྣམ་པར་འབྱེད་དེ། འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་ཟེར་བ་དེ་ཡང་ངས་རྗེས་སུ་གནང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་སྐྱེས་བུ་དེའི་དབང་
པོ་དང་། རྣམ་པར་ཤེས་པ་གཞན་དུ་མཁྱེན་ཅིང་མ་འོངས་པའི་ཆོས་ཀུན་འབྱུང་བ་ཡང་རྣམ་པ་གཞན་དུ་མཁྱེན་པའི་ཕྱིར་རོ། །ཀུན་དགའ་བོ་དེ་ལ་སྲོག་གཅོད་པ་དང་མ་བྲལ་བར་གྱུར་པ་ནས་ལོག་པར་ལྟ་བས་འབགས་ཤིང་མ་བྲལ་བར་གྱུར་པ་དག་ལུས་ཞིག་སྟེ་ཤི་བའི་འོག་ཏུ་
བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་ཡིན་ནམ། དེའི་རྒྱུ་དང་དེའི་རྐྱེན་གྱིས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་པ་མ་ཡིན་གྱི། འོན་ཀྱང་འདིས་སྔོན་དགེ་བའི་ལས་བྱས་ཤིང་བསགས་ལ་ལྡན་པ་དེ་ཉིད་རྐྱེན་ཏེ། འཆི་བའི་དུས་ན་ཡང་དག་པའི་ལྟ་བ་དང་ལྷན་
Vol. 146 · folio 267b
ཅིག་པར་གྱུར་པའི་དགེ་བའི་ཆོས་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་རྙེད་པར་འགྱུར་ཏེ། དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་ཡིན་ནོ། །གཞན་ཡང་གང་ཞིག་སྡིག་པ་མི་དགེ་བའི་ལས་བྱས་ཤིང་
ཉེ་བར་བསགས་པ་དེ་དག་ནི་རྣམ་གྲངས་གང་གིས་ཀྱང་སོ་སོར་མི་མྱོང་བ་མ་ཡིན་ནོ་ཞེས་ང་སྨྲའོ། །དེ་ཡང་མཐོང་བའི་ཆོས་ལའམ། སྐྱེས་ནས་སམ། ལན་གྲངས་གཞན་ལའོ། །ཀུན་དགའ་བོ་དེ་བཞིན་གཤེགས་པས་སྐྱེས་བུ་གང་ཟག་འདིའི་དབང་པོ་དང་ཤེས་པ་འདི་
ལྟར་མཁྱེན་ཅིང་མ་འོངས་པའི་ཆོས་ཀུན་འབྱུང་བ་དག་འདི་ལྟར་མཁྱེན་ཏོ། །ཀུན་དགའ་བོ་དེ་ལ་སྲོག་གཅོད་པ་དང་བྲལ་བར་གྱུར་པ་ནས། ལོག་པར་ལྟ་བས་མ་འབགས་ཤིང་བྲལ་བར་གྱུར་པའི་བར་དག་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་
ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བ་ཡིན་ནོ། །འདི་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་པ་མ་ཡིན་གྱི། འོན་ཀྱང་འདིས་སྔོན་མི་དགེ་བའི་ལས་བྱས་ཤིང་བསགས་ལ་ལྡན་པ་
དེ་ཉིད་རྐྱེན་ཡིན་ཏེ། འཆི་བའི་དུས་ན་ལོག་པའི་ལྟ་བ་དང་། ལྷན་ཅིག་པར་གྱུར་པའི་མི་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་རྙེད་པར་འགྱུར་ཏེ། དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་
དམྱལ་བ་རྣམས་སུ་སྐྱེས་པའོ། །གཞན་ཡང་གང་སྡིག་པ་མི་དགེ་བའི་ལས་བྱས་ཤིང་ཉེ་བར་བསགས་པ་དེ་དག་ནི་རྣམ་གྲངས་གང་གིས་ཀྱང་རྣམ་པར་སྨིན་པ་སོ་སོར་མི་མྱོང་བ་མ་ཡིན་ནོ་ཞེས་ང་སྨྲའོ། །དེ་ཡང་མཐོང་བའི་ཆོས་ལའམ། སྐྱེས་ནས་སམ། ལན་གྲངས་གཞན་ལ་
སྟེ། ཀུན་དགའ་བོ་དེ་བཞིན་གཤེགས་པས་སྐྱེས་བུ་གང་ཟག་འདིའི་དབང་པོ་དང་རྣམ་པར་ཤེས་པ་འདི་ལྟར་མཁྱེན་ཅིང་མ་འོངས་པའི་ཆོས་ཀུན་འབྱུང་བ་འདི་ལྟར་མཁྱེན་ཏོ། །ཀུན་དགའ་བོ་དེ་ལ་སྲོག་གཅོད་པ་དང་མ་བྲལ་བར་གྱུར་ཅིང་མ་བྱིན་པར་ལེན་པ་དང་། བརྫུན་
Vol. 146 · folio 268a
དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་མོ་དང་། ཚིག་འཁྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བས་འབགས་ཤིང་མ་བྲལ་བར་གྱུར་པ་དག་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་
བ་དེ་དག་ནི་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་པར་གྱུར་པ་ཡིན་ཏེ། དེ་བཞིན་གཤེགས་པས་སྐྱེས་བུ་གང་ཟག་འདིའི་དབང་པོ་དང་རྣམ་པར་ཤེས་པ་འདི་ལྟར་མཁྱེན་ཅིང་མ་འོངས་པའི་
ཆོས་ཀྱི་ཀུན་འབྱུང་བ་འདི་ལྟར་མཁྱེན་ཏོ། །ཀུན་དགའ་བོ་དེ་ལ་སྲོག་གཅོད་པ་དང་བྲལ་བར་གྱུར་ཅིང་མ་བྱིན་པར་ལེན་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་མོ་དང་། ཚིག་འཁྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བས་མ་འབགས་
ཤིང་བྲལ་བར་གྱུར་པ་དག་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་དེ་དག་ནི་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེས་པ་ཡིན་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པས་སྐྱེས་བུ་གང་
ཟག་འདིའི་དབང་པོ་དང་རྣམ་པར་ཤེས་པ་འདི་ལྟར་མཁྱེན་ཅིང་མ་འོངས་པའི་ཆོས་ཀུན་འབྱུང་བ་འདི་ལྟར་མཁྱེན་ཏོ། །ཀུན་དགའ་བོ་གང་ཟག་ནི་བཞི་པོ་འདི་དག་སྟེ། བཞི་གང་ཞེ་ན། གསོར་མི་རུང་བ་རུང་བར་སྣང་བ་དང་། གསོར་རུང་བ་མི་རུང་བར་སྣང་བ་དང་། གསོར་མི་རུང་
བ་ལ་གསོར་མི་རུང་བར་སྣང་བ་དང་། གསོར་རུང་བ་ལ་གསོར་རུང་བར་སྣང་བ་དང་ཞེས་གསུངས་སོ། །ཇི་སྐད་དུ་ཚངས་པའི་དྲ་བ་ལས་སྔོན་གྱི་མཐར་རྟོགས་པའི་རྟག་པར་སྨྲ་བ་རྣམས་དང་། ཕྱོགས་གཅིག་རྟག་པར་སྨྲ་བ་དང་། རྒྱུ་མེད་པ་ལས་ཀུན་དུ་འབྱུང་བར་སྨྲ་བ་ལས་
འདོད་ཆགས་དང་བྲལ་བ་རྣམས་ལ་འདོད་པའི་ཁམས་ལ་དམིགས་པའི་ལྟ་བ་ཀུན་དུ་འབྱུང་བར་གསུངས་ཞེས་བྱ་བ་ལ། ཚུལ་ཁྲིམས་ཀྱི་ཕུང་པོའི་མདོའི་མཐའ་ལས་འབྱུང་བ་མཛོད་ཀྱི་གནས་གསུམ་པར་ལྟ་བ་དྲུག་ཅུ་རྩ་གཉིས་ནི་ཇི་ལྟར་ཚངས་པའི་དྲ་བ་ལས་འབྱུང་བ་
Vol. 146 · folio 268b
བཞིན་ཏེ་ཞེས་བྱ་བ་དེར་བྲིས་པར་ཟད་དོ། །འཇིག་ཚོགས་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་འཇིག་ཚོགས་ལ་ལྟ་བ་དང་། འཇིག་ཚོགས་ཀུན་འབྱུང་བ་དང་། འཇིག་ཚོགས་འགོག་པ་དང་། འཇིག་ཚོགས་འགོག་
པར་འགྱུར་བའི་ལམ་དག་བསྟན་པར་བྱས། དེ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །འཇིག་ཚོགས་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཏེ། ལྔ་གང་ཞེ་ན། གཟུགས་ཉེ་བར་ལེན་པའི་ཕུང་པོ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་
དང་། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོའོ། །འཇིག་ཚོགས་ཀུན་འབྱུང་བ་གང་ཞེ་ན། དགའ་བའི་འདོད་ཆགས་དང་ལྷན་ཅིག་པར་གྱུར་པའི་སྲེད་པ་ཡང་སྲིད་པར་ཀུན་འབྱུང་བར་བྱེད་པ་དེ་དང་དེ་ལ་མངོན་པར་དགའ་བའོ། །འཇིག་ཚོགས་འགོག་པ་གང་ཞེ་ན། གང་གི་ཚེ་
འདིའི་དགའ་བའི་འདོད་ཆགས་དང་ལྷན་ཅིག་པར་གྱུར་པའི་སྲེད་པ་ཡང་སྲིད་པར་ཀུན་འབྱུང་བར་བྱེད་པ་དེ་དང་དེ་ལ་མངོན་པར་དགའ་བ་དག་མ་ལུས་པར་སྤངས་ཤིང་ངེས་པར་སྤངས་པ་ཟད་པ་འདོད་ཆགས་དང་བྲལ་བ་འགོག་པ་ཉེ་བར་ཞི་བ་ནུབ་པར་གྱུར་པའོ། །འཇིག་ཚོགས་
འགོག་པར་འགྲོ་བའི་ལམ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་དེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་།
ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ནོ། །དགེ་སློང་དག་འཇིག་ཚོགས་དང་། འཇིག་ཚོགས་ཀུན་འབྱུང་བ་དང་། འཇིག་ཚོགས་འགོག་པ་དང་། འཇིག་ཚོགས་འགོག་པར་འགྲོ་བའི་ལམ་དག་བསྟན་པར་བྱའོ་ཞེས་ངས་ཇི་སྐད་དུ་བཤད་པ་དེ་རྒྱས་པར་རབ་
ཏུ་བཤད་དོ་ཞེས་གསུངས་ཏེ། ཆོས་སྦྱིན་གྱི་མདོར་དོན་འདི་ཉིད་ཚིག་དང་། ཡི་གེ་དང་། ངེས་པའི་ཚིག་གཞན་གྱིས་བཤད་དོ། །དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་ཅུང་ཟད་བདག་གོ་ཞེས་ཡང་དག་པར་རྗེས་སུ་ལྟ་ཞིང་ཡང་དག་པར་རྗེས་སུ་མཐོང་བ་དེ་ཐམས་ཅད་ནི་ཉེ་
Vol. 146 · folio 269a
བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་བདག་གོ་ཞེས་ཡང་དག་པར་རྗེས་སུ་ལྟ་སྟེ། ལྔ་གང་ཞེ་ན། དགེ་སྦྱོང་ངམ་བྲམ་ཟེ་དེ་དག་གཟུགས་བདག་ཡིན་ནོ། །གཟུགས་བདག་དང་ལྡན་ནོ། །བདག་ལ་གཟུགས་ཡོད་དོ། །གཟུགས་ལ་བདག་ཡོད་དོ་ཞེས་
ཡང་དག་པར་རྗེས་སུ་ལྟ་ཞིང་ཡང་དག་པར་རྗེས་སུ་ལྟའོ། །དགེ་སྦྱོང་ངམ། བྲམ་ཟེ་དེ་དག་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བདག་ཡིན་ནོ། །རྣམ་པར་ཤེས་པ་བདག་དང་ལྡན་ནོ། །བདག་ལ་རྣམ་པར་ཤེས་པ་ཡོད་དོ། །རྣམ་པར་ཤེས་པ་
ལ་བདག་ཡོད་དོ་ཞེས་ཡང་དག་པར་རྗེས་སུ་ལྟ་ཞིང་ཡང་དག་པར་རྗེས་སུ་ལྟའོ། །དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དག་བདག་གོ་ཞེས་ཡང་དག་པར་རྗེས་སུ་ལྟ་སྟེ། བདག་གམ། བདག་གོ་ཞེས་བྱ་བ་ནི་མི་མཁས་པ་རྣམས་ཡིན་ནོ། །ངའི་ཞེས་བྱ་བ་
དང་། ངའི་མ་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་བ་དང་མ་བྲལ་ན་བདག་ཅེས་མཐོང་བ་དང་མ་བྲལ་བས་དབང་པོ་རྣམས་འཕོ་ཞིང་རེག་སྟེ། དགེ་སློང་དག་རེག་པའི་སྐྱེ་མཆེད་དྲུག་པོ་འདི་དག་གང་ཡང་རུང་བ་ཞིག་གི་རེག་པས་རེག་པའི་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་
པ་དག་བདེ་བ་དང་། སྡུག་བསྔལ་མྱོང་ཞིང་ཉེ་བར་ལེན་ཏེ། དྲུག་གང་ཞེ་ན། མིག་གི་འདུས་ཏེ་རེག་པའི་སྐྱེ་མཆེད་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའི་སྐྱེ་མཆེད་དེ། དགེ་སློང་དག་ཡིད་ཀྱི་ཁམས་དང་། ཆོས་དང་མ་རིག་པའི་ཁམས་
ཡོད་དེ། དགེ་སློང་དག་མ་རིག་པའི་འདུས་ཏེ་རེག་པས་རེག་ནས་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ལ་ངའི་ཞེས་བྱ་བ་དང་། ངའི་མ་ཡིན་ཞེས་བྱ་བ་དང་། བདག་འདི་ན་ཞེས་བྱ་བ་དང་། བདག་བཟང་ངོ་ཞེས་བྱ་བ་དང་། བདག་ངན་ནོ་ཞེས་བྱ་བ་དང་། བདག་དང་
འདྲའོ་ཞེས་བྱ་བ་ཚོར་བར་འགྱུར་རོ། །མ་མཐོང་ངོ་ཞེས་བྱ་བ་དང་། མ་ཤེས་ཞེས་བྱ་བ་མྱོང་བར་འགྱུར་ཞིང་དགེ་སློང་དག་རེག་པའི་སྐྱེ་མཆེད་དྲུག་ལ་གནས་པར་འགྱུར་རོ། །གཞན་ཡང་འཕགས་པ་ཉན་ཐོས་ཐོས་པ་དང་མི་ལྡན་ཞིང་མ་རིག་པ་དང་བྲལ་ཞིང་རིག་པ་སྐྱེས་པ་དག་མ་རིག་
Vol. 146 · folio 269b
པ་དང་བྲལ་ཞིང་རིག་པ་སྐྱེས་པས་ངའོ་ཞེས་བྱ་བ་དང་། ངའི་མ་ཡིན་ནོ་ཞེས་བྱ་བ་དང་། བདག་འདི་ན་ཞེས་བྱ་བ་དང་། བདག་བཟང་ངོ་ཞེས་བྱ་བ་དང་། བདག་ངན་ནོ་ཞེས་བྱ་བ་དང་། བདག་དང་འདྲའོ་ཞེས་བྱ་བར་ཚོར་བར་མི་འགྱུར་ཞིང་མ་མཐོང་ངོ་ཞེས་བྱ་བ་དང་། མ་ཤེས་སོ་
ཞེས་བྱ་བར་ཚོར་བར་མི་འགྱུར་ཞིང་གནས་སོ། །དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་དེ་སྔོན་གྱི་མ་རིག་པའི་འདུས་ཏེ་རེག་པའི་ཚོར་བ་དག་འགགས་པ་དང་ནུབ་པར་གྱུར་ཅིང་རིག་པའི་རེག་པས། ཚོར་བ་ཕྱི་མ་དག་སྐྱེ་ཞིང་འབྱུང་བར་འགྱུར་རོ་ཞེས་གསུངས་སོ། །ཕྱིན་ཅི་ལོག་
ནི་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་བཞི་པོ་འདི་དག་ནི་སེམས་ཅན་རྣམས་ཀྱི་སེམས་ཕྱིན་ཅི་ལོག་གིས་ཕྱིན་ཅི་ལོག་ཏུ་བྱེད་པ་སྟེ། སེམས་ཅན་རྣམས་ཀྱི་སེམས་ཕྱིན་
ཅི་ལོག་དང་། འདུ་ཤེས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་ཏུ་བྱེད་པ་དྲུ་བུ་འཛིངས་པ་ལྟ་བུ་ཐགས་འཛིངས་པ་ལྟ་བུ་སྐྱེ་ཞིང་འཇིག་པ་རྩྭ་མུཉྫ་དང་བལ་བ་ཛ་ལྟ་བུ་སྐྱེ་ཞིང་འཇིག་པ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་ཉིང་མཚམས་སྦྱོར་བར་བྱེད་པ། ཕ་རོལ་ནས་འདིར་ཉིང་
མཚམས་སྦྱོར་ཞིང་འཁོར་ལ་འཁོར་བར་འཇུག་པར་བྱེད་པ་དག་གོ །བཞི་གང་ཞེ་ན། མི་རྟག་པ་ལ་རྟག་གོ་ཞེས་སེམས་ཅན་རྣམས་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་སྟེ། ཕྱིན་ཅི་ལོག་འདིས་སེམས་ཅན་རྣམས་ཀྱི་སེམས་ཕྱིན་ཅི་ལོག་ཏུ་བྱེད་
པ་དྲུ་བུ་འཛིངས་པ་ལྟ་བུ། ཐགས་འཛིངས་པ་ལྟ་བུ། རྩྭ་མུཉྫ་དང་བལ་བ་ཛ་ལྟ་བུ་སྐྱེ་ཞིང་འཇིག་པ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་ཉིང་མཚམས་སྦྱོར་བ་ཕ་རོལ་ནས་འདིར་ཉིང་མཚམས་སྦྱོར་ཞིང་འཁོར་ལ་འཁོར་བར་འཇུག་པར་བྱེད་པ་དག་གོ། །སྡུག་བསྔལ་བ་ལ་བདེ་བའོ་ཞེས་
བྱ་བ་དང་མི་གཙང་བ་ལ་གཙང་ངོ་ཞེས་བྱ་བ་དང་། བདག་མེད་པ་ལ་བདག་གོ་ཞེས་བྱ་བ་སེམས་ཅན་རྣམས་ཀྱི་སེམས་ཕྱིན་ཅི་ལོག་དག་གིས་ཕྱིན་ཅི་ལོག་ཏུ་བྱེད་པ་སྟེ། སེམས་ཅན་རྣམས་ཀྱི་སེམས་ཕྱིན་ཅི་ལོག་དང་ལྟ་བ་ཕྱིན་ཅི་ལོག་ཏུ་བྱེད་པ་དྲུ་བུ་འཛིངས་པ་ལྟ་བུ་རྩྭ་མུཉྫ་དང་བལ་བ་ཛ་ལྟ་བུ་
Vol. 146 · folio 270a
སྐྱེ་ཞིང་འཇིག་པ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་ཉིང་མཚམས་སྦྱོར་བར་བྱེད་པ་ཕ་རོལ་ནས་འདིར་ཉིང་མཚམས་སྦྱོར་ཞིང་འཁོར་ལ་འཁོར་བར་འཇུག་པར་བྱེད་པ་དག་གོ། །གང་གི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་རྣམས་འཇིག་རྟེན་དུ་བྱུང་བ་དེའི་ཚེ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་ཆོས་སྟོན་པར་འགྱུར་ཞིང་། འདི་ནི་སྡུག་བསྔལ་ཀུན་འབྱུང་བ། །འདི་ནི་སྡུག་བསྔལ་འགོག་པ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཆོས་སྟོན་པར་འགྱུར་ཏེ། དགེ་སློང་དག་
གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཆོས་སྟོན་པ་ཐོས་ཤིང་། འདི་ནི་སྡུག་བསྔལ་ཀུན་འབྱུང་བ། །འདི་ནི་སྡུག་བསྔལ་འགོག་པ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་
མོ་ཞེས་ཆོས་སྟོན་པ་མཐོང་བ་དེ་དག་མི་རྟག་པ་ལ་རྟག་གོ་ཞེས་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་སྤོང་བར་འགྱུར་ཞིང་། སྡུག་བསྔལ་བ་ལ་བདེ་བའོ་ཞེས་བྱ་བ་དང་། མི་གཙང་བ་ལ་གཙང་ངོ་ཞེས་བྱ་བ་དང་། བདག་མེད་པ་ལ་བདག་གོ་ཞེས་
བྱ་བ་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་དག་སྤོང་བར་འགྱུར་རོ། །སེམས་ཅན་མི་རྟག་རྟག་འདུ་ཤེས། །སྡུག་བསྔལ་བ་ལ་བདེར་འདུ་ཤེས། །བདག་མེད་པ་ལ་བདག་དང་ནི། །མི་གཙང་གཙང་བའི་འདུ་ཤེས་ཅན། །ཕྱིན་ཅི་ལོག་གྱུར་སེམས་
ཅན་རྣམས། །སེམས་གཡེངས་འདུ་ཤེས་བྲལ་བར་གྱུར། །དེ་དང་ལྡན་པའི་སྐྱེ་བོ་རྣམས། །ཡིད་མི་བདེ་བ་ཉིད་མི་འགྱུར། །བེའུ་དག་མ་ཡི་ཕྱིར་འབྲང་བ། །སྐྱེ་དང་རྒ་བའི་རྗེས་སུ་འཇུག །གང་ཚེ་འཇིག་རྟེན་རྫོགས་སངས་རྒྱས། །ལྷ་མི་ཕན་པར་བཞེད་པ་པོ། །སྤྱན་ལྡན་ཉོན་
མོངས་ལས་རྒལ་བ། །དེ་བཞིན་གཤེགས་རྣམས་བྱུང་བ་ན། །སྡུག་བསྔལ་སྡུག་བསྔལ་འགོག་པ་དང་། །སྡུག་བསྔལ་ཀུན་དུ་འབྱུང་བ་དང་། །སྡུག་བསྔལ་ཡང་དག་འདའ་བ་ཡི། །ཞི་བ་མྱ་ངན་འདས་འགྲོ་བའི། །འཕགས་ལམ་ཡན་ལག་བརྒྱད་པ་དག། སྡུག་བསྔལ་ཐམས་
Vol. 146 · folio 270b
ཅད་འགོག་པའི་ཆོས། །ཉེ་བར་སྟོན་བྱེད་དེ་ཡི་ཚེ། །མི་རྟག་མི་རྟག་ཉིད་དུ་མཐོང་། །སྡུག་བསྔལ་སྡུག་བསྔལ་ཉིད་མཐོང་སྟེ། །བདག་མེད་པ་ལ་བདག་མེད་དང་། །མི་གཙང་མི་གཙང་ཉིད་དུ་རྟོགས། །དེ་ནི་འགྲུབ་བདེ་ཐོབ་འགྱུར་ཞིང་། །མཐོང་བའི་ཆོས་ལ་མྱ་ངན་འདས། །
འཇིགས་པ་ཐམས་ཅད་ལས་རྒལ་ཞིང་། །སྲེད་པ་ཀུན་དང་བྲལ་བར་འགྱུར། །ཞེས་གསུངས་སོ། །མདོ་ལས་ཀྱང་ཇི་སྐད་དུ་ཞེས་བྱ་བ་ལ། །གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་བཞི་པོ་འདི་དག་ནི་འཕགས་པའི་བདེན་པ་རྣམས་ཏེ། བཞི་གང་ཞེ་ན། སྡུག་བསྔལ་
འཕགས་པའི་བདེན་པ་དང་། །སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ། །གང་ཡང་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་
ལྟ་བ་བཞིན་རབ་ཏུ་ཤེས་ཤིང་འདི་ནི་སྡུག་བསྔལ་ཀུན་འབྱུང་བ། འདི་ནི་སྡུག་བསྔལ་འགོག་པ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ཏེ། དེས་དེའི་ཚེ་མི་རྟག་པ་ལ་རྟག་གོ་ཞེས་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་
ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་དེ་དག་སྤོང་བར་བྱེད་དོ། །སྡུག་བསྔལ་བ་ལ་བདེ་བའོ་ཞེས་བྱ་བ་དང་། མི་གཙང་བ་ལ་གཙང་བའོ་ཞེས་བྱ་བ་དང་། བདག་མེད་པ་ལ་བདག་གོ་ཞེས་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་པ་དག་སྤོང་
བར་བྱེད་དོ་ཞེས་གསུངས་སོ། །གང་ཡང་མདོ་ལས་གནས་བརྟན་ཀུན་དགའ་བོས་འཕགས་པ་ངག་གི་དབང་ཕྱུག་གི་དབང་དུ་མཛད་ནས་ཞེས་བྱ་བ་ལ་གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་ཕྱི་བཞིན་
འབྲང་བའི་དགེ་སྦྱོང་ཚེ་དང་ལྡན་པ་ངག་གི་དབང་ཕྱུག་དང་ལྷན་ཅིག་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ངག་གི་དབང་ཕྱུག་གིས་བུད་མེད་ཀྱི་ཚོགས་གཞོན་ནུ་མ་ཁ་དོག་དང་ལྡན་པ་དགའ་དགའ་ལྟ་བུ་གཞན་དང་གཞན་དག་མཐོང་ནས་འདོད་ཆགས་ཀྱི་
Vol. 146 · folio 271a
སེམས་སྐྱེས་ཏེ། དེ་ནས་ཚེ་དང་ལྡན་པ་ངག་གི་དབང་ཕྱུག་འདི་སྙམ་དུ་བདག་གིས་བུད་མེད་ཀྱི་ཚོགས་གཞོན་ནུ་མ་ཁ་དོག་དང་ལྡན་པ་དགའ་དགའ་ལྟ་བུ་གཞན་དང་གཞན་དག་མཐོང་ནས་ཆགས་པའི་སེམས་སྐྱེས་པ་ནི་བདག་གིས་མ་རྙེད་ཅིང་རྙེད་པ་མ་ཡིན་ལ་
ངན་པ་རྙེད་ཀྱིས་བཟང་པོ་མ་རྙེད་དོ་སྙམ་དུ་རིག་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །འདོད་པའི་འདོད་ཆགས་ཟིལ་ནོན་པས། །སེམས་ནི་ཡོངས་སུ་གདུངས་པར་གྱུར། །གཽ་ཏམ་བདག་ལ་ཐུགས་བརྩེ་བས། །ཉེ་བར་ཞི་བའི་ཐབས་གསུངས་ཤིག །འདུ་
ཤེས་ཕྱིན་ཅི་ལོག་པ་ཡིས། །ཁྱོད་ཀྱི་སེམས་ནི་ཡོངས་སུ་གདུངས། །སྡུག་པའི་མཚན་མར་འཛིན་སྤངས་ནས། །འདོད་ཆགས་ཉེ་བར་སྤོང་བར་འགྱུར། །མི་སྡུག་བསྒོམ་ལ་རྟག་ཏུ་ཁྱོད། །རྩེ་གཅིག་ལེགས་པར་འཇོག་པར་གྱིས། །མི་སྡུག་མེ་ཡིས་སྐམས་ནས་ནི། །ཡང་
དང་ཡང་དུ་སྲེག་མི་འགྱུར། །འདུ་བྱེད་དམན་པ་ཉིད་དང་ནི། །དེ་བཞིན་སྡུག་བསྔལ་བདག་མེད་མཐོང་། །ལུས་སུ་གཏོགས་པ་དྲན་བྱས་ནས། །ཤིན་ཏུ་སྐྱོ་བ་མང་བར་འགྱུར། །མཚན་མ་མེད་པ་བསྒོམ་བྱས་ནས། །ང་རྒྱལ་ཕྲ་རྒྱས་ཞི་བར་འགྱུར། །དེ་ནས་ང་རྒྱལ་མངོན་
རྟོགས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་གསུངས་སོ། །ཕྱི་རོལ་པའི་ལྟ་བར་གྱུར་པ་རྣམས་ཀྱི་ནང་ན་འདི་ཉིད་མཆོག་ཡིན་ཏེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ངས་མཆོག་ཏུ་གདགས་པ་བཅུ་བཤད་པར་བྱ་སྟེ། དེ་ལེགས་
པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །མཆོག་ཏུ་གདགས་པ་བཅུ་གང་ཞེ་ན། ཀོ་ས་ལའི་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཇི་སྲིད་དུ་རང་གི་ས་ལས་རྣམ་པར་རྒྱལ་ཏེ། ཀོ་ས་ལའི་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་ཅེས་གང་དུ་བཏགས་ནས་གྲགས་པ་འཇུག་པ་སྟེ། སེམས་ཅན་དེ་
དག་རྣམས་ལས་ཀོ་ས་ལའི་རྒྱལ་པོ་མཆོག་ཅེས་བྱ་སྟེ། ཀོ་ས་ལའི་རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་དེ་ཡང་མི་རྟག་པ་ཡོངས་སུ་འགྱུར་བ་གཞན་དུ་སྲིད་པ་སྟེ། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་འདི་ལྟར་རིག་ནས་དེའི་ཕྱིར་སྐྱོ་བར་འགྱུར་ཞིང་དེ་ལ་འདོད་ཆགས་དང་བྲལ་བ་
Vol. 146 · folio 271b
དང་། འདོད་ཆགས་དང་བྲལ་བ་དེ་ལས་གྲོལ་བ་དང་རྣམ་པར་གྲོལ་བར་འགྱུར་ཏེ། མཆོག་ལ་ཡང་སྐྱོ་བར་འགྱུར་ན་དམན་པ་ལ་ལྟ་སྨོས་ཀྱང་ཅི་ཞིག་དགོས་ཏེ། འདི་ནི་མཆོག་ཏུ་གདགས་པ་དང་པོའོ། །ཇི་སྲིད་དུ་ཉི་མས་མུན་པ་འཕྲོག་ཅིང་ཕྱོགས་སྣང་བར་བྱེད་པ་དེ་སྲིད་དུ་
སྟོང་གི་འཇིག་རྟེན་ཞེས་བྱ་སྟེ་ཉི་མ་སྟོང་དང་ཟླ་བ་སྟོང་དང་རིའི་རྒྱལ་པོ་རི་རབ་སྟོང་དང་། ཤར་གྱི་ལུས་འཕགས་སྟོང་དང་། ནུབ་ཀྱི་བ་ལང་སྤྱོད་སྟོང་དང་། བྱང་གི་སྒྲ་མི་སྙན་སྟོང་དང་། ལྷོའི་འཛམ་བུ་གླིང་སྟོང་དང་། རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་སྟོང་དང་། སུམ་ཅུ་རྩ་གསུམ་དང་
འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་སྟོང་རྣམས་དང་། ཚངས་པའི་འཇིག་རྟེན་སྟོང་རྣམས་ཏེ། འདི་ནི་སྟོང་གི་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་དེ་དག་ལས་ཚངས་པ་སྟོང་གི་
བདག་པོ་ནི་མཆོག་ཅེས་བརྗོད་པར་བྱའོ། །ཚངས་པ་སྟོང་གི་བདག་པོ་དེ་ཡང་མི་རྟག་པ། ཡོངས་སུ་འགྱུར་བ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་དམན་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདི་ནི་མཆོག་ཏུ་གདགས་པ་གཉིས་པའོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་འཇིག་
རྟེན་འདི་འཇིག་པར་འགྱུར་བའི་དུས་ཡོད་དེ། འཇིག་རྟེན་འཇིག་པ་ན་སེམས་ཅན་ཕལ་ཆེར་འོད་གསལ་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེ་ན་གཟུགས་ཅན་ཡིད་ལས་བྱུང་བ་དབང་པོ་མ་ཉམས་ཤིང་ཚང་བ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། ཁ་
དོག་དང་དབྱིབས་ལེགས་པ། རང་གི་འོད་ཅན། ནམ་མཁའ་ལ་འགྲོ་བ། །དགའ་བ་ཟ་ཞིང་དགའ་བའི་ཟས་ཅན། ཚེ་རིང་ཞིང་ཡུན་རིང་དུ་གནས་ཏེ། འོད་གསལ་གྱི་ལྷའི་རིས་སུ་སྐྱེས་ནས་རིང་དུ་མ་ལོན་པའི་ལྷ་དེ་དག་ལས་འོད་གསལ་གྱི་ལྷའི་རིས་སུ་སྐྱེས་པ་དེ་དག་མཆོག་ཅེས་
བརྗོད་པར་བྱའོ། །འོད་གསལ་གྱི་ལྷའི་རིས་སུ་སྔར་སྐྱེས་པ་དེ་རྣམས་ཀྱང་མི་རྟག་པ་ཡོངས་སུ་འགྱུར་བ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དམན་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ་འདི་ནི་མཆོག་ཏུ་གདགས་པ་གསུམ་པའོ། །ལམ་ནི་རྣམ་པ་བཞི་སྟེ། མངོན་པར་ཤེས་པ་བུལ་ལ་དཀའ་བའི་
Vol. 146 · folio 272a
ལམ་ཡང་ཡོད། མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་ཡང་ཡོད་དེ། དེ་དག་ལས་མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་འདི་ནི་མཆོག་ཅེས་བརྗོད་
པར་བྱ་སྟེ། དེ་བཞིན་དུ་སྒྲུབ་པའི་སེམས་ཅན་རྣམས་ཀྱང་མི་རྟག་པ་ཡོངས་སུ་འགྱུར་བ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་དམན་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདི་ནི་མཆོག་ཏུ་གདགས་པ་བཞི་པའོ། །འདུ་ཤེས་ནི་རྣམ་པ་བཞི་སྟེ། ཆུང་ངུ་དང་ལྷན་ཅིག་སྐྱེ་བ་དང་། རྒྱ་ཆེན་
པོ་དང་། ཚད་མེད་པ་དང་། ཅུང་ཟད་མེད་དོ་ཞེས་ཅུང་ཟད་མེད་པ་དང་ལྷན་ཅིག་སྐྱེས་པའི་འདུ་ཤེས་སོ། །དེ་དག་ལས་གང་འདུ་ཤེས་ནི་ཅུང་ཟད་ཀྱང་མེད་དོ་ཞེས་ཅུང་ཟད་མེད་པ་དང་ལྷན་ཅིག་སྐྱེས་པའི་འདུ་ཤེས་ནི་འདུ་ཤེས་འདི་དག་ལས་མཆོག་ཅེས་བརྗོད་པར་བྱ་ཞིང་། དེ་བཞིན་
དུ་འདུ་ཤེས་མེད་པའི་སེམས་ཅན་དེ་ཡང་མི་རྟག་པ་ཡོངས་སུ་འགྱུར་བ་ཞེས་བྱ་བ་དང་། སྔ་མ་བཞིན་དུ་དམན་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་དུ་སྟེ། འདི་ནི་མཆོག་ཏུ་གདགས་པ་ལྔ་པའོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི་རྣམ་པ་བརྒྱད་དེ། བརྒྱད་གང་ཞེ་ན།
ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཅུང་ངུ་ཁ་དོག་བཟང་པོ་དང་ཁ་དོག་དན་པ་རྣམས་ལ་ལྟ་བ་ན་གཟུགས་དེ་དག་ཟིལ་གྱིས་མནན་ཏེ་ཤེས། ཟིལ་གྱིས་མནན་ཏེ་མཐོང་ཞིང་འདི་ལྟ་བུའི་འདུ་ཤེས་ཅན་དུ་གྱུར་པ་སྟེ། འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ་ཞེས་
སྔར་མཛོད་ཀྱི་གནས་དང་པོར་བཤད་པ་བཞིན་ནོ། །དེ་དག་ལས་གང་གཟུགས་མེད་པར་འདུ་ཤེས་པར་ཕྱི་རོལ་གྱི་གཟུགས་དཀར་པོ་དཀར་པོ་ལྟ་བུར་སྟོན་པ་འོད་དཀར་པོ་འབྱུང་བ་འདི་ལྟ་སྟེ། སྐར་མ་པ་བ་སངས་ལྟ་བུ་སྟེ། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དེ་དག་ལས་ཟིལ་གྱིས་གནོན་པའི་
སྐྱེ་མཆེད་འདི་ནི་མཆོག་ཅེས་བརྗོད་དོ། །དེ་བཞིན་དུ་ཟིལ་གྱིས་གནོན་པའི་སེམས་ཅན་དེ་ཡང་མི་རྟག་པ་ཡོངས་སུ་འགྱུར་བ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་དམན་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་དུ་སྟེ། འདི་ནི་མཆོག་ཏུ་གདགས་པ་དྲུག་པའོ། །ཟད་པར་གྱི་སྐྱེ་མཆེད་ནི་
Vol. 146 · folio 272b
རྣམ་པ་བཅུ་སྟེ། བཅུ་གང་ཞེ་ན། ཟད་པར་ས་དང་ལྷན་ཅིག་སྐྱེས་པ་སྟེང་དང་འོག་དང་ལོགས་སུ་གཉིས་མེད་ཅིང་ཚད་མེད་པ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཟད་པར་རྣམ་པར་ཤེས་པའི་བར་དུ་སྟེ། ཟད་པར་གྱི་སྐྱེ་མཆེད་དེ་དག་ལས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཟད་པར་
གྱི་སྟེང་དང་འོག་དང་ལོགས་སུ་གཉིས་མེད་ཅིང་ཚད་མེད་པ་ཞེས་བྱ་བའི་བར་གྱི་སྐྱེ་མཆེད་འདི་ནི་མཆོག་ཅེས་བརྗོད་པར་བྱའོ། །དེ་བཞིན་དུ་ཟད་པར་གྱི་སྐྱེ་མཆེད་དེ་ལ་སྙོམས་པར་ཞུགས་པའི་སེམས་ཅན་རྣམས་ཀྱང་མི་རྟག་པ་ཡོངས་སུ་འགྱུར་བ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་
དམན་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་དུ་སྟེ། འདི་ནི་མཆོག་ཏུ་གདགས་པ་བདུན་པའོ། །ཕྱི་རོལ་པའི་ལྟ་བར་གྱུར་པ་རྣམས་ཀྱི་ནང་ན་མཆོག་ནི་བདག་འབྱུང་བར་མ་གྱུར་ཅིག །བདག་གི་འབྱུང་བར་མ་གྱུར་ཅིག་ཅེས་བྱ་བ་འདི་ཉིད་མཆོག་ཡིན་ཏེ། དེ་བཞིན་དུ་ལྟ་
བར་གྱུར་པའི་སེམས་ཅན་རྣམས་ཀྱང་མི་རྟག་པ་ཡོངས་སུ་འགྱུར་བ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་དམན་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་དུ་སྟེ། འདི་ནི་མཆོག་ཏུ་གདགས་པ་བརྒྱད་པའོ། །ཕྱི་རོལ་པའི་གཙང་ཞིང་དག་པར་སྨྲ་བ་རྣམས་ཀྱི་ནང་ན་མཆོག་ནི་འདི་ཡིན་ཏེ།
འདི་ལྟ་སྟེ། མཆོག་ཏུ་དག་པར་སྨྲ་བར་བཏགས་པ་སྲིད་པའི་རྩེ་མོ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་འདུ་བྱེད་ལྷག་མའོ། །དེ་བཞིན་དུ་ཡོངས་སུ་དག་པའི་སེམས་ཅན་དེ་ཡང་མི་རྟག་པ་ཡོངས་སུ་འགྱུར་བ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་དམན་པ་ལ་ལྟ་སྨོས་
ཀྱང་ཅི་དགོས་ཞེས་བྱ་བའི་བར་དུ་སྟེ། འདི་ནི་མཆོག་ཏུ་གདགས་པ་དགུ་པའོ། །མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་རྣམས་ཀྱི་ནང་ན་མཆོག་ནི་འདི་ལྟ་སྟེ། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པར་བཏགས་པ་རེག་པའི་སྐྱེ་མཆེད་དྲུག་མ་ལུས་པར་སྤངས་པ། ངེས་པར་སྤངས་
པ། བྱང་བར་གྱུར་པ། ཟད་པ། འདོད་ཆགས་དང་བྲལ་བ་འགོག་པ། ཉེ་བར་ཞི་བ། ནུས་པ་སྟེ། དེ་བཞིན་དུ་མྱ་ངན་ལས་འདས་པའི་སེམས་ཅན་དེ་ཡང་མི་རྟག་པ་ཡོངས་སུ་འགྱུར་ཞེས་བྱ་བ་ནས། སྔ་མ་བཞིན་དུ་དམན་པ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་དུ་སྟེ། འདི་ནི་མཆོག་
Vol. 146 · folio 273a
ཏུ་གདགས་པ་བཅུ་པའོ་ཞེས་གསུངས་སོ། །བར་སྡོམ་ལ། སྡེ་རབ་ཕམ་བྱེད་ཚངས་པ་དང་། །འོད་གསལ་ལམ་དུ་འདུ་ཤེས་དང་། །ཟིལ་གནོན་ཟད་པར་སྐྱེ་མཆེད་དང་། །ལྟ་བ་རྣམ་དག་མྱ་ངན་འདས། །གང་ཡང་མདོ་ལས་ལུང་དུ་མ་བསྟན་པའི་
དངོས་པོ་བཅུ་བཞི་འབྱུང་ཞེས་བྱ་བ་ལ། ལུང་རིང་པོའི་མདོ་དགུ་པ་ལས་དགེ་སློང་དག་གཞན་མུ་སྟེགས་ཅན་ཀུན་དུ་རྒྱུ་དག་འདི་སྐད་དུ་ཁྱེད་ཅག་གི་དགེ་སྦྱོང་གཽ་ཏ་མ་འཇིག་རྟེན་རྟག་གོ་ཞེས་བྱ་བ་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་པའོ་ཞེས་བྱ་བ་དང་། མི་རྟག་གོ་ཞེས་བྱ་བ་དང་། རྟག་
ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་ཅེས་བྱ་བ་དང་། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་བྱ་བ་དང་། མཐའ་དང་བཅས་པ་དང་། མཐའ་མེད་པ་དང་། མཐའ་དང་བཅས་པ་ཡང་ཡིན་ལ་མཐའ་མེད་པ་ཡང་ཡིན་ཞེས་བྱ་བ་དང་། མཐའ་དང་བཅས་པ་ཡང་མ་ཡིན་
མཐའ་མེད་པ་ཡང་མ་ཡིན་ཞེས་བྱ་བ་དང་། ལུས་དེ་ཉིད་སྲོག་ཅེས་བྱ་བ་དང་། ལུས་ལས་སྲོག་དེ་གཞན་ནོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་གྲོངས་ནས་ཡོད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་གྲོངས་ནས་མེད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་གྲོངས་ནས་
ཡོད་ཀྱང་ཡོད་ལ། མེད་ཀྱང་མེད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་གྲོངས་ནས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་བྱ་བ་ཇི་ལྟར་ལུང་སྟོན་པར་བྱེད་ཅེས་འདྲི་བར་འགྱུར་བའི་གནས་ཡོད་དོ། །དེ་ལ་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དགེ་སློང་དག་གང་གི་ཚེ་གཞན་མུ་
སྟེགས་ཅན་ཀུན་དུ་རྒྱུ་དག་འདི་སྐད་དུ་ཅིའི་ཕྱིར། ཁྱེད་ཅག་དགེ་སྦྱོང་གཽ་ཏ་མས་ཆོས་འདི་དག་ཕྱོགས་གཅིག་ཏུ་ལུང་མ་བསྟན་ཅེས་འདྲི་ན་འདི་སྐད་དུ་བརྗོད་པར་བྱ་སྟེ། འདི་དག་ནི་དོན་ལ་ཉེ་བར་མི་མཁོ་བ། ཆོས་ལ་ཉེ་བར་མི་མཁོ་བ། ཚངས་པར་སྤྱོད་པ་ལ་ཉེ་བར་མི་མཁོ་བ། མངོན་
པར་ཤེས་པ་དང་། མངོན་པར་རྟོགས་པ་དང་། མྱ་ངན་ལས་འདས་པ་མི་སྒྲུབ་པ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆ་གཅིག་ཙམ་ཡང་ལུང་མ་བསྟན་ཏོ་ཞེས་བརྗོད་པར་བྱའོ། །དགེ་སློང་དག་གཞན་མུ་སྟེགས་ཅན་གྱི་ཀུན་དུ་རྒྱུ་དག་འདི་སྐད་དུ་ཁྱེད་ཅག་གི་དགེ་སྦྱོང་གཽ་ཏ་མས་གཞན་
Vol. 146 · folio 273b
ཆ་ཤས་ཅི་ཞིག་ལུང་བསྟན་ཅེས་འདྲི་ན་འདི་སྐད་དུ་བརྗོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཕྱོགས་གཅིག་ཏུ་ལུང་བསྟན་ཏོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་། འདི་ནི་སྡུག་བསྔལ་འགོག་པ། འདི་ནི་སྡུག་བསྔལ་འགོག་པར་
འགྲོ་བའི་ལམ་འཕགས་པའི་བདེན་པའོ་ཞེས་བཅོམ་ལྡན་འདས་ཀྱིས་ཕྱོགས་གཅིག་ཏུ་ལུང་བསྟན་ཏོ་ཞེས་བརྗོད་པར་བྱའོ། །དགེ་སློང་དག་གཞན་མུ་སྟེགས་ཀུན་དུ་རྒྱུ་དག་འདི་སྐད་དུ་ཅིའི་ཕྱིར་ཁྱེད་ཅག་གི་དགེ་སྦྱོང་གཽ་ཏ་མས་ཆོས་འདི་དག་ཕྱོགས་གཅིག་ཏུ་ལུང་བསྟན་ཅེས་འདྲི་བའི་
གནས་ཡོད་ལ། དེ་ལ་འདི་སྐད་དུ་བརྗོད་པར་བྱ་སྟེ། ཆོས་འདི་དག་ནི་དོན་ལ་ཉེ་བར་མཁོ་བ། ཆོས་ལ་ཉེ་བར་མཁོ་བ། ཚངས་པར་སྤྱོད་པ་ལ་ཉེ་བར་མཁོ་བ། མངོན་པར་ཤེས་པ་དང་། མངོན་པར་རྟོགས་པ་དང་། མྱ་ངན་ལས་འདས་པ་སྒྲུབ་པར་བྱེད་པའོ། །དེའི་ཕྱིར་ཆོས་འདི་དག་
བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་སོ། །མགོ་གཅིག་ཏུ་ལུང་བསྟན་པ་དང་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དྲིས་པ་ལུང་བསྟན་པ་ནི་རྣམ་པ་བཞི་སྟེ། བཞི་གང་ཞེ་ན། མགོ་གཅིག་ཏུ་དྲིས་པ་ལུང་བསྟན་པ་དང་། རྣམ་པར་
ཕྱེ་སྟེ་དྲིས་པ་ལུང་བསྟན་པ་དང་། དྲི་བ་དྲིས་ཏེ་ལུང་བསྟན་པ་དང་། རྣམ་པར་གཞག་པ་ལུང་བསྟན་པའོ། །མགོ་གཅིག་ལུང་བསྟན་ཉིད་དང་ནི། །རྣམ་པར་ཕྱེ་བ་དེ་བཞིན་གཞན། །དྲིས་པ་ལུང་བསྟན་གསུམ་པ་སྟེ། །རྣམ་པར་གཞག་པ་བཞི་པའོ། །དྲིས་པ་ལུང་བསྟན་བཞི་པོ་དག །
དེ་དང་དེ་ལ་གོ་རིམས་བཞིན། །འདི་ལྟར་ཤེས་ཤིང་སྨྲ་བ་དག །དགེ་སློང་དེ་ཉིད་རིག་པ་ཡིན། །རྟོགས་པར་དཀའ་ཞིང་བཟོད་པར་དཀའ། །ཟབ་ཅིང་བལྟ་དཀའི་ཆོས་ཅན་ཡིན། །མཁས་པ་དོན་དང་དོན་མིན་དང་། །གཉི་ཀ་ཡང་དག་རིག་པས་ན། །དོན་མིན་ཡོངས་སུ་སྤོང་བྱེད་ཅིང་། །
དོན་དུ་གྱུར་པ་ཡོངས་སུ་འཛིན། །དོན་མངོན་རྟོགས་པའི་བསྟན་པ་དེ། །མཁས་པ་མྱ་ངན་འདའ་བར་འགྱུར། །ཞེས་གསུངས་སོ། །དགེ་སློང་དག་གཟུགས་འདས་པ་ཞིག་ཡོད་པར་མ་གྱུར་ན་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་གཟུགས་འདས་པ་དང་མ་འོངས་
Vol. 146 · folio 274a
པ་ཡང་མི་རྟག་ན། ད་ལྟར་བྱུང་བ་ལྟ་སྨོས་ཀྱང་ཅི་ཞིག་དགོས་ཏེ། དགེ་སློང་དག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདི་ལྟར་མཐོང་བ་དག་འདས་པའི་གཟུགས་ལ་བཏང་སྙོམས་སུ་བྱ་བ་ཐོབ་ཅིང་མ་འོངས་པའི་གཟུགས་ལ་མངོན་པར་མི་དགའ་ཞིང་ད་ལྟར་
བྱུང་བའི་གཟུགས་ལ་སྐྱོ་བ་དང་འདོད་ཆགས་དང་བྲལ་བ་དང་། འགོག་པ་ཐོབ་པར་འགྱུར་རོ། །དགེ་སློང་དག་གཟུགས་འདས་པ་ཞིག་མེད་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་བཏང་སྙོམས་སུ་བྱ་བ་ཡང་ཐོབ་པར་མི་འགྱུར་ན། གཟུགས་འདས་
པ་དག་ཡོད་དེ། དེའི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་གཟུགས་ལ་བཏང་སྙོམས་སུ་བྱ་བ་ཐོབ་པར་འགྱུར་རོ། །དགེ་སློང་དག་གལ་ཏེ་གཟུགས་མ་འོངས་པ་ཞིག་མེད་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་མ་འོངས་པའི་གཟུགས་ལ་མངོན་པར་མི་
དགའ་བ་ཡང་མི་འགྱུར་བ་ཞིག་ན། གཟུགས་མ་འོངས་པ་དག་ཡོད་དེ། དེའི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་མ་འོངས་པའི་གཟུགས་ལ་མངོན་པར་མི་དགའ་བར་འགྱུར་རོ། །དགེ་སློང་དག་གལ་ཏེ་གཟུགས་ད་ལྟར་བྱུང་བ་ཞིག་མེད་ན་འཕགས་པ་ཉན་ཐོས་ཐོས་པ་
དང་ལྡན་པ་དག་ད་ལྟར་བྱུང་བའི་གཟུགས་ལ་སྐྱེ་བ་དང་འདོད་ཆགས་དང་བྲལ་བ་དང་འགག་པ་ཐོབ་པར་ཡང་མི་འགྱུར་བ་ཞིག་ན། གཟུགས་ད་ལྟར་བྱུང་བ་དག་ཡོད་དེ། དེའི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་ད་ལྟར་བྱུང་བའི་གཟུགས་ལ་སྐྱོ་བ་དང་འདོད་ཆགས་དང་
བྲལ་བ་དང་འགོག་པ་ཐོབ་པར་འགྱུར་རོ། །དགེ་སློང་དག་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་འདས་པ་ཞིག་མེད་ན་ཞེས་བྱ་བ་སྔ་མ་བཞིན་ཏེ། དགེ་སློང་དག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་འདས་པའི་རྣམ་པར་ཤེས་པ་ལ་བཏང་སྙོམས་སུ་བྱ་
བ་ཐོབ་པར་ཡང་མི་འགྱུར་ན་ཞེས་བྱ་བ་སྔ་མ་བཞིན་དུའོ་ཞེས་གསུངས་སོ། །གཉིས་པ་བརྟེན་ཏེ་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་སྐྱེ་མཆེད་དྲུག་གི་དབང་པོའི་སྡོམ་གྱི་ཚིགས་སུ་བཅད་པ། རེག་དང་མིང་དང་འདོད་པ་དང་། །བག་མེད་པ་ནི་གཉིས་དག་དང་། ཞེས་བྱ་བའི་མདོ་གཉིས་
Vol. 146 · folio 274b
པར་བསྟན་པ་དག་མཛོད་ཀྱི་གནས་གསུམ་པར། རེག་དྲུག་འདུས་ཏེ་འབྱུང་བ་ཡིན། །ཞེས་བྱ་བ་དང་། ཆོས་གསུམ་པོ་འདི་དག་འབྲེལ་ཞིང་འདུས་ལ་ཚོགས་པའོ་ཞེས་བྱ་བ་དེར་བྲིས་པ་བལྟ་བར་བྱའོ། །གང་ཡང་ཀུན་དུ་རྒྱུ་ཐོར་ཚུགས་ཅན་རྣམས་ཀྱི་དབང་དུ་མཛད་ནས་ཞེས་
བྱ་བ་ལ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་སྨྱུག་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་ཏེ། དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བརྟེན་ཅིང་གནས་སོ། །དེ་ནས་བྲམ་ཟེ་ཀུན་དུ་རྒྱུ་ཐོར་ཚུགས་ཅན་མང་པོ་ཚེ་དང་ལྡན་པ་ཤཱ་རིའི་བུ་གང་
ན་བ་དེར་ཉེ་བར་འོངས་ཏེ། ཉེ་བར་འོངས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་ལྷན་ཅིག་ཡང་དག་པར་དགའ་བར་འགྱུར་བ་དང་། བདེ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་དེ་ནས་ཀུན་དུ་རྒྱུ་ཐོར་ཚུགས་ཅན་
མང་པོ་དེ་དག་གིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་ཁྱོད་ཅག་གི་སྟོན་པ་ཅི་ཞིག་སྨྲ་ཞིང་ཅི་ཞིག་འཆད་པར་བྱེད། ངའི་སྟོན་པ་འདི་སྐད་དུ་སྨྲ་ཞིང་འདི་སྐད་དུ་འཆད་དེ། ཁ་ཅིག་གིས་བྱས་ཤིང་ཉེ་བར་བསགས་ན་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་
ཞིག་སྟེ་ཤི་མ་ཐག་ཏུ་དམྱལ་བ་དག་ཏུ་སྐྱེ་བར་འགྱུར་བའི་མཚམས་མེད་པའི་ལས་ནི་ལྔ་པོ་འདི་དག་སྟེ། ལྔ་གང་ཞེ་ན། ཕ་གསོད་པ་དང་། མ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་
འབྱིན་པ་རྣམས་སོ། །ཤཱ་རིའི་བུ་ཅི་ལས་འདས་པ་ཟད་པ་འགགས་པ་བྲལ་བ་ཡོངས་སུ་གྱུར་པ་དག་མེད་ན་བསམས་བཞིན་དུ་ཕ་དང་མ་དང་དགྲ་བཅོམ་པ་སྲོག་དང་བྲལ་བ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དག་
དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་སྟེ་ཤི་མ་ཐག་ཏུ་སེམས་ཅན་དམྱལ་བར་སྐྱེ་བའི་གནས་མེད་དོ། །དེ་ནས་བྲམ་ཟེ་ཀུན་དུ་རྒྱུ་ཐོར་ཚུགས་ཅན་དེ་དག་ཚེ་དང་ལྡན་པ་ཤཱ་རིའི་བུས་བཤད་པ་ལ་མངོན་པར་དགའ་བར་ཡང་མི་བྱེད། ཁྲོ་བར་མི་བྱེད་པར་སྟན་ལས་ལངས་ཏེ་སོང་ངོ་། །
Vol. 146 · folio 275a
དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཀུན་དུ་རྒྱུ་ཐོར་ཚུགས་ཅན་དེ་དག་སོང་ནས་རིང་པོ་མ་ལོན་པར་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་ཕྱོགས་གཅིག་ཏུ་འདུག་པའི་བར་དུའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྲམ་ཟེ་ཀུན་དུ་རྒྱུ་
ཐོར་ཚུགས་ཅན་རྣམས་དང་ལྷན་ཅིག་གཏམ་གཞན་བརྗོད་པ་ཅི་ལྟར་གྱུར་པ་དེ་ཐམས་ཅད་རྒྱས་པར་བཅོམ་ལྡན་འདས་ལ་གསོལ་ཏེ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་བྲམ་ཟེ་ཀུན་དུ་རྒྱུ་
ཐོར་ཚུགས་ཅན་དེ་དག་གིས་མ་བསམས་ཤིང་རྗེས་སུ་མི་མཐུན་པ་སོ་སོར་བརྟགས་པའི་ཚིག་སྨྲས་ཏེ། བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པར་འདི་སྐད་དུ་ལས་གང་འདས་པ་ཟད་པ་འགགས་པ་བྲལ་བ་ཡོངས་སུ་གྱུར་པ་དེ་དག་ནི་མེད་དོ། །འདི་ན་ཁ་ཅིག་གིས་ཕ་དང་མ་དང་
དགྲ་བཅོམ་པ་བསམས་བཞིན་དུ་སྲོག་དང་བྲལ་བ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དག་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་མ་ཐག་ཁོ་ནར་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་འདི་ནི་གནས་མ་ཡིན་
ཞིང་གོ་སྐབས་མེད་དོ་ཞེས་ང་མི་སྨྲའོ། །ཤཱ་རིའི་བུ་དེ་ཅིའི་ཕྱིར་ཞེ་ན། ལས་གང་འདས་པ་ཟད་པ་འགགས་པ་བྲལ་བ་རྣམ་པར་གྱུར་པ་དེ་དག་ནི་ཡོད་དེ། མེད་པ་མ་ཡིན་ཏེ། འདི་ན་ཁ་ཅིག་གིས་ཕ་དང་མ་དང་དགྲ་བཅོམ་པ་བསམས་བཞིན་དུ་སྲོག་དང་ཕྲལ་བ་དང་། དགེ་འདུན་
གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དག་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་ཞིག་མ་ཐག་ཁོ་ནར་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །ཤཱ་རིའི་བུ་གང་གི་ཕྱིར་ལས་གང་འདས་པ་ཟད་པ་འགགས་པ་བྲལ་བ་ཡོངས་སུ་གྱུར་པ་དེ་
དག་ནི་ཡོད་ཅིང་མེད་པ་མ་ཡིན་ཏེ། འདི་ན་ཁ་ཅིག་གིས་ཕ་དང་མ་དང་དགྲ་བཅོམ་པ་བསམས་བཞིན་དུ་སྲོག་དང་ཕྲལ་བ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དག་ལུས་ཞིག་མ་ཐག་ཁོ་ནར་སེམས་ཅན་དམྱལ་བར་
Vol. 146 · folio 275b
སྐྱེ་བར་འགྱུར་རོ། །ཤཱ་རིའི་བུ་ལས་གང་འདས་པ་ཟད་པ་འགགས་པ་བྲལ་བ་ཡོངས་སུ་གྱུར་པ་དེ་དག་ནི་ཡོད་ལ་མེད་པ་མ་ཡིན་ཏེ། འདི་ན་ཁ་ཅིག་གིས་ལུས་ཀྱི་ལོག་པའི་ལམ་དང་ངག་དང་ཡིད་ཀྱི་ལོག་པའི་ལམ་དག་ཐོབ་པར་འགྱུར་ཏེ། ཤཱ་རིའི་བུ་ལས་གང་འདས་པ་ཟད་
པ་འགགས་པ་བྲལ་བ་རྣམ་པར་གྱུར་པ་དེ་དག་ནི་ཡོད་དེ། དེའི་ཕྱིར་འདི་ན་ཁ་ཅིག་ལུས་ཀྱི་ལོག་པའི་ལམ་དང་ངག་དང་ཡིད་ཀྱི་ལོག་པའི་ལམ་དག་ཐོབ་པར་འགྱུར་རོ། །ཤཱ་རིའི་བུ་ལས་གང་ཟད་པ་འགགས་པ་བྲལ་བ་རྣམ་པར་གྱུར་པ་དེ་དག་ནི་ཡོད་ལ་མེད་པ་མ་ཡིན་ཏེ།
འདི་ན་ཁ་ཅིག་ལུས་ཀྱིས་ཉེས་པར་སྤྱོད་པ་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དག་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་ཏེ། དེའི་ཕྱིར་ལས་འདས་པ་ཟད་པ་འགགས་པ་བྲལ་བར་གྱུར་པ་དེ་དག་ཡོད་དོ། །
ཤཱ་རིའི་བུ་ལས་འདས་པ་ཟད་པ་འགགས་པ་བྲལ་བ་འགགས་པ་ཡོངས་སུ་གྱུར་པ་དེ་དག་ནི་ཡོད་ལ་མེད་པ་མ་ཡིན་ཏེ། འདི་ན་ཁ་ཅིག་ལུས་ཀྱིས་ལེགས་པར་སྤྱོད་པ་དང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱོད་པ་དག་ལུས་ཞིག་སྟེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་
རྟེན་དུ་སྐྱེ་བར་འགྱུར་ཏེ། དེའི་ཕྱིར་ལས་འདས་པ་ཟད་པ་འགགས་པ་བྲལ་བར་གྱུར་པ་དེ་དག་ཡོད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་མདོ་ལས་ཞེས་བྱ་བ་ལ་སྐྱེ་མཆེད་དྲུག་གི་མདོ་ལས། བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་སྡོམ་གྱི་ཚིགས་སུ་བཅད་
པ་བདུན་པ་ལས་ཏེ། འདི་ཉིད་ཀྱི་མཛོད་ཀྱི་གནས་གསུམ་པར། བདག་མེད་ཕུང་པོ་ཙམ་ཉིད་དོ། །ཞེས་བྱ་བའི་འགྲེལ་པར་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ལས་ནི་ཡོད། རྣམ་པར་སྨིན་པ་ཡོད་དེ་ཞེས་བྱ་བ་བྲིས་པར་བལྟ་བར་བྱའོ། །གང་ཡང་བྱང་ཆུབ་སེམས་
དཔའ་ཇི་སྐད་དུ་ཞེས་བྱ་བ་ལ། ལུང་རིང་པོ་ཏིང་ངེ་འཛིན་དང་ཡང་དག་པར་ལྡན་པའི་མདོ་དང་པོ་ལས་འདོན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ལན་གཉིས་ཀྱི་བར་དུ་ཚེ་དང་ལྡན་པ་མ་འགགས་པ་ལ་བོས་ཏེ། མ་འགགས་པ་ཁྱེད་ཅག་ལྷན་ཅིག་འདུས་ཏེ་ཚོགས་ནས་
Vol. 146 · folio 276a
གནས་པ་རྣམས་མིའི་ཆོས་བླ་མ་ཅུང་ཟད་ཅིག་ཤེས་པ་ཡོད་ཅིང་། འཕགས་པའི་ཁྱད་པར་རྟོགས་ལ། ཤེས་པ་དང་མཐོང་བ་ལ་རིག་ནས་གནས་སམ། བཙུན་པ་དེ་བཞིན་ཏེ་བདག་ཅག་འདུས་ཏེ་ཚོགས་ཤིང་འདུག་པ་རྣམས་མིའི་
ཆོས་བླ་མ་ཅུང་ཟད་ཤེས་པ་ཡོད་ཅིང་འཕགས་པའི་ཁྱད་པར་རྟོགས་ལ་ཤེས་པ་དང་མཐོང་བ་ལ་རེག་ནས་གནས་པ་ན་གཟུགས་མཐོང་བའི་སྣང་བ་གཅིག་ཡང་དག་པར་ཤེས་ལ། དེ་ལ་གཟུགས་མཐོང་བའི་སྣང་བ་དེ་མྱུར་དུ་ནུབ་པར་གྱུར་ཏེ། བཙུན་པ་བདག་གིས་
གཟུགས་མཐོང་ཞིང་ཤེས་པ་དེའི་རྒྱུ་མཚན་ལེགས་པར་ཡིད་ལ་བྱས་ཏེ་རྟོགས་པར་ནུས་པ་མ་ཡིན་ལ། དེའི་རྒྱུ་མཚན་ཡང་ལེགས་པར་ཡིད་ལ་བྱས་ཏེ་གཟུང་བར་མི་ནུས་ལ། གང་ལས་གཟུགས་མཐོང་བའི་སྣང་བ་དེ་ནུབ་པའི་རྒྱུ་མཚན་ཡང་མི་ཤེས་སོ། །མ་
འགགས་པ་དེའི་ཕྱིར་གཟུགས་མཐོང་བའི་སྣང་བ་དེ་རྟོགས་པར་འགྱུར་བའི་རྒྱུ་མཚན་ལེགས་པར་ཡིད་ལ་གྱིས་ཤིག །དེའི་རྒྱུ་མཚན་ཡང་ལེགས་པར་ཡིད་ལ་གྱིས་ཤིག །རྒྱུ་མཚན་གང་གིས་གཟུགས་མཐོང་བའི་སྣང་བ་དེ་ནུབ་པར་གྱུར་པ་ཡང་ལེགས་པར་ཡིད་
ལ་གྱིས་ཤིག །མ་འགགས་པ་ང་ཡང་སྔོན་རྫོགས་པའི་བྱང་ཆུབ་མངོན་པར་མ་རྟོགས་པ་ན་གཟུགས་ཀྱི་སྣང་བ་གཅིག་ཡང་དག་པར་ཤེས་ཤིང་མཐོང་སྟེ། གཟུགས་མཐོང་བའི་སྣང་བ་དེ་མྱུར་དུ་ནུབ་པར་གྱུར་ཏོ། །མ་འགགས་པ་དེ་ལ་ང་འདི་སྙམ་དུ་གྱུར་ཏེ་ཅི་
བདག་གིས་གཟུགས་ཀྱི་སྣང་བ་ཡང་དག་པར་ཤེས་ཤིང་མཐོང་བ་དེ་ཡོད་པ་ཞིག་གམ། འོན་ཏེ་མེད་པ་ཞིག །བདག་གིས་གཟུགས་མཐོང་བ་དེ་ཡང་ཡོད་པ་ཞིག་གམ་འོན་ཏེ་མེད་པ་ཞིག །དེ་ལ་བདག་འདི་སྙམ་དུ་གྱུར་ཏེ། གང་ཡང་འཇིག་རྟེན་ན་མེད་པ་གང་
ཡིན་པ་དེ་ནི་བདག་གིས་ཤེས་པ་འམ་མཐོང་བའི་གནས་མེད་དོ། །ཡོད་པ་གང་ཡིན་པ་དེ་བདག་ལ་སྣང་ཞིང་ཡང་དག་པར་ཤེས་ཀྱི། མེད་པ་ནི་མ་ཡིན་ནོ། །གཟུགས་ཡོད་པ་གང་ཡིན་པ་དེ་མཐོང་གི །མེད་པ་ནི་མ་ཡིན་ནོ། །མ་འགགས་པ་དེ་ལ་ང་འདི་སྙམ་དུ་གྱུར་
Vol. 146 · folio 276b
ཏེ། ཅི་བདག་གི་སེམས་ལ་ཉེ་བའི་ཉོན་མོངས་བྱུང་བས་གཟུགས་མཐོང་བའི་སྣང་བ་དེ་ནུབ་པར་གྱུར་ཏོ། །དེ་ནས་ཡང་ང་འདི་སྙམ་དུ་བདག་གི་སེམས་ལ་ཐེ་ཚོམ་གྱི་ཉེ་བའི་ཉོན་མོངས་པ་སྐྱེས་ཏེ། ཐེ་ཚོམ་གྱི་ཉེ་བའི་ཉོན་མོངས་པ་དེ་སྒྲིབ་པའི་རྒྱུ་ཡིན་ཞིང་ཏིང་ངེ་
འཛིན་འཕོ་བར་བྱེད་པ་མིག་ཉམས་པར་བྱེད་པ་གཟུགས་མཐོང་བའི་སྣང་བ་ནུབ་པར་བྱེད་པའོ་ཞེས་གསུངས་སོ། །དགེ་སློང་དག་ཚུར་ཤོག་ངས་ནང་གདམས་ན་ནུབ་ཁྱད་པར་དུ་འགྲོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་ཆོས་གང་
དག་ལྷག་པར་མོས་པའི་གནས་མངོན་སུམ་དུ་བྱས་པ་དེ་དང་དེ་དག་མངོན་སུམ་དུ་བྱ་བའི་ཕྱིར་འཇུག་པ་ནི་མི་འཇིགས་པ་དང་ལྡན་པའི་དེ་བཞིན་གཤེགས་པས་མཁྱེན་ཏོ། །ངའི་ཉན་ཐོས་སྒྱུ་དང་གཡོ་མེད་ཅིང་དྲང་ལ་དྲང་པོའི་རང་བཞིན་ཅན་དག་ཚུར་ཤོག །ངས་
གདམས་པ་དང་། ངས་རྗེས་སུ་བསྟན་པ་དང་། ངས་ཆོས་དག་བསྟན་པར་བྱ་སྟེ། ནང་པར་གདམས་ན་དགོངས་ཀ་ཁྱད་པར་དུ་འགྲོ་ཞིང་དགོངས་ཀ་གདམས་ན་ནང་པར་ཁྱད་པར་དུ་འགྲོ་སྟེ། དེ་ཇི་ལྟར་ཁྱད་པར་ཅན་གྱི་ཆོས་ཡང་དག་པར་རྟོགས་པ་ན་ཡོད་པ་ཡང་ཡོད་
པར་ཤེས། མེད་པ་ཡང་མེད་པར་ཤེས། བླ་མ་དང་བཅས་པ་ལ་བླ་མ་དང་བཅས་པར་ཤེས། བླ་ན་མེད་པ་ལ་བླ་ན་མེད་པར་ཤེས། གང་ཡང་ཤེས་པར་བྱ་བ་དང་། མཐོང་བར་བྱ་བ་དང་། མངོན་པར་རྟོགས་པར་བྱ་བ་དང་། ཐོབ་པར་བྱ་བ་དེ་ཐམས་ཅད་ཤེས་པ་
དང་མཐོང་བར་འགྱུར་བའི་གནས་ཡོད་དོ། །དགེ་སློང་དག་སློབ་པའི་སྟོབས་རྣམ་པ་ལྔ་དང་། དེ་བཞིན་གཤེགས་པའི་སྟོབས་ནི་རྣམ་པ་བཅུ་སྟེ། སློབ་པའི་རྣམ་པ་ལྔ་གང་ཞེ་ན། དད་པ་སློབ་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། ངོ་ཚ་ཤེས་པའི་སྟོབས་དང་།
ཁྲེལ་ཡོད་པའི་སྟོབས་དང་། ཤེས་རབ་སློབ་པའི་སྟོབས་སོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན། དགེ་སློང་དག་འདི་ལ་དེ་བཞིན་གཤེགས་པས་གནས་ལ་གནས་དང་། གནས་མ་ཡིན་པ་ལ་གནས་མ་ཡིན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་
Vol. 146 · folio 277a
རབ་ཏུ་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་པས་གནས་ཡིན་པ་ལ་གནས་དང་། གནས་མ་ཡིན་པ་ལ་གནས་མ་ཡིན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདི་ནི་གང་དང་ཡང་དག་པར་ལྡན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་འཆའ་ཞིང་ཚངས་པའི་འཁོར་ལོ་བསྐོར་བ་ལ་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་པ་དེ་བཞིན་གཤེགས་པའི་སྟོབས་དང་པོའོ། །གཞན་ཡང་དེ་བཞིན་གཤེགས་པས་འདས་པ་དང་མ་
འོངས་པ་དང་། ད་ལྟར་བྱུང་བ་ཆོས་སྒྲུབ་པ་དང་གནས་པ་དང་། རྒྱུ་དང་དངོས་པོ་དང་རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་པས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཆོས་སྒྲུབ་པ་དང་གནས་པ་དང་རྒྱུ་དང་དངོས་
པོ་དང་རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་པ་འདི་ནི་གང་དང་ཡང་དག་པར་ལྡན་པས་ཞེས་བྱ་བ་ནས། འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་པ་ཞེས་བྱ་བའི་བར་དུ་སྟེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་གཉིས་པའོ། །གཞན་ཡང་དེ་བཞིན་གཤེགས་
པས་བསམ་གཏན་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་གཞག་པ་ཡོངས་སུ་དག་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་པས་བསམ་
གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རྣམ་པར་གཞག་པ་ཡོངས་སུ་དག་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདི་ནི་གང་དང་ལྡན་པས་ཞེས་བྱ་བ་ནས་སྔ་མ་བཞིན་ཏེ། འདི་ནི་དེ་བཞིན་
གཤེགས་པའི་སྟོབས་གསུམ་པའོ། །གཞན་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་དང་གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ་གང་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་
Vol. 146 · folio 277b
དང་གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདི་ནི་གང་དང་ལྡན་པས་ཞེས་བྱ་བ་ནས། སྔ་མ་བཞིན་དུ་སྟེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཞི་པའོ། །གཞན་ཡང་དེ་བཞིན་གཤེགས་
པས་སེམས་ཅན་གཞན་དང་གང་ཟག་གཞན་རྣམས་ཀྱི་མོས་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་དང་གང་ཟག་གཞན་རྣམས་ཀྱི་མོས་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་
ཏེ། གང་དང་ལྡན་པས་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྟེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་ལྔ་པའོ། །གཞན་ཡང་དེ་བཞིན་གཤེགས་པས་ཁམས་སྣ་ཚོགས་དང་། འཇིག་རྟེན་དུ་མ་དང་འཇིག་རྟེན་སྣ་ཚོགས་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་
པས་ཁམས་སྣ་ཚོགས་དང་། འཇིག་རྟེན་དུ་མ་དང་འཇིག་རྟེན་གྱི་ཁམས་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་འདི་ནི་གང་དང་ལྡན་པས་ཞེས་བྱ་བ་ནས། སྔ་མ་བཞིན་ཏེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་དྲུག་པའོ། །གཞན་ཡང་དེ་
བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏེ། གང་ཡང་དེ་བཞིན་གཤེགས་པས་ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་པ་ཞེས་བྱ་བ་ནས། གང་དང་ཡང་དག་པར་ལྡན་པ་ཞེས་བྱ་བའི་
བར་དུ་སྔ་མ་བཞིན་ཏེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་བདུན་པའོ། །གཞན་ཡང་དེ་བཞིན་གཤེགས་པས་སྔོན་གྱི་གནས་རྣམ་པ་དུ་མ་ཡང་དག་པར་རྗེས་སུ་དགོངས་ཏེ། འདི་ལྟ་སྟེ། སྐྱེ་བ་གཅིག་དང་། གཉིས་དང་། གསུམ་དང་། བཞི་དང་།
ལྔ་དང་། དྲུག་དང་། བདུན་དང་། བརྒྱད་དང་། དགུ་དང་། བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། ལྔ་བཅུ་དང་། དྲུག་ཅུ་དང་། བདུན་ཅུ་དང་། བརྒྱད་ཅུ་དང་། དགུ་བཅུ་དང་། བརྒྱ་དང་། སྟོང་དང་། སྐྱེ་བ་བརྒྱ་སྟོང་དང་། སྐྱེ་བ་སྟོང་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words