ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཨ་བྷི་དྷརྨ་ཀོ་ཥ་ཨུ་པཱ་ཡི་ཀ་ནཱ་མ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 146 · folio 222a
གཙུག་ལག་ཁང་དུ་འོངས་པ་ཡང་བསྒྲག་པར་བྱའོ། །དེར་སྒྲིབ་པ་དང་བཅས་ནས་འཁོར་ལོ་ལ་འཛེག་པར་བྱའོ། །དེར་ཚད་པ་དང་ཆར་པས་གནོད་ན་གཙུག་ལག་ཁང་བྱའོ། །དེར་སྐྱེ་བོ་མང་པོའི་ཚོགས་འདུས་པས་བསྒྲིབས་ཤིང་མི་མཐོང་ན་སྒོ་བཞི་གདོད་པར་
བྱ་ཞིང་སྒོ་བཞིའི་སྟེང་དུ་འཛེགས་ཏེ་བསྒྲག་པར་བྱའོ། །གོས་ཀྱི་རྙེད་པ་མང་དུ་བྱུང་བས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་རྒྱལ་བྱེད་ཀྱི་ཚལ་གང་བར་བྱས་སོ། །དེར་མ་བྱིན་པར་ལེན་པ་དག་གིས་ཕྲོགས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟློག་པར་བྱའོ། །གཞན་གྱི་ལྟུང་
བ་དག་སྡུད་པ་ཡང་འགེགས་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཡང་ཕྲོགས་པ་དག་བཟློག་པར་བྱའི་གང་བཅིངས་པ་དག་ནི་བཟློག་པར་མི་བྱའོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་
ཚུལ་ཁྲིམས་ཕུན་སུམ་ཚོགས་པ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ། ཤེས་རབ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བའི་ཡེ་ཤེས་ཕུན་སུམ་ཚོགས་པ། འདུད་པར་བྱ་བ། རབ་ཏུ་འདུད་པར་བྱ་བ། ཐལ་མོ་སྦྱར་བར་བྱ་བ། འདུན་པར་
བྱ་བ། འཇིག་རྟེན་གྱི་བླ་ན་མེད་པའི་ཡོན་གནས་དེ་དག་ལ་གོས་ཀྱི་ཕྲེང་བ་འདི་དག་བདག་འབུལ་ལོ་ཞེས་སྨྲས་སོ། །དེ་ནས་སོ་སོའི་སྐྱེ་བོ་དག་འདི་སྐད་དུ་བདག་ཅག་འཆིང་བ་མཐའ་དག་པ་རྣམས་ཀྱིས་འདི་དག་མི་འཐོབ་པོ་ཞེས་སྨྲས་སོ། །དེ་ནས་སློབ་པ་དག་འདི་སྐད་དུ། བདག་ནི་ཀུན་ཏུ་
སྦྱོར་བ་དག་གིས་ལྷག་མ་དང་བཅས་པས་བདག་ཅག་གིས་ཀྱང་མི་འཐོབ་པོ་ཞེས་སྨྲས་སོ། །མི་སློབ་པ་དག་འདི་སྙམ་དུ་ཞེས་བྱ་བ་ནས། སྐབས་དེ་བཅོམ་ལྡན་འདས་ལ་གསོལ་བ་ཞེས་བྱ་བ་ནས་རྒྱས་པར་རོ། །ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་འདི་སྐད་དུ་ཁྱེད་ཅག་ངའི་དྲུང་ན་
བསམ་པ་ཐག་པ་ནས་མྱ་ངན་ལས་འདས་པའི་བསམ་པས་ཚངས་པར་སྤྱད་པ་སྤྱོད་དམ་ཞེས་སྨྲོས་ཤིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྣམས་ལ་སྨྲས་པ་དང་། དེ་དག་གིས་སྨྲས་པ། བཙུན་པ་ཀུན་དགའ་བོ་དེ་བཞིན་ནོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་
Vol. 146 · folio 222b
འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་གིས་ངའི་དྲུང་ན་བསམ་པ་ཐག་པ་ནས་མྱ་ངན་ལས་འདས་པ་འདོད་ཅིང་ཚངས་པར་སྤྱད་པ་སྤྱོད་པ་དག་ལ་ཁ་ཟས་རོ་བརྒྱ་པ་དང་། བརྒྱ་སྟོང་རི་བའི་གོས་དང་། གཞལ་ཡས་ཁང་ལྔ་བརྒྱ་དག་
གཞང་མོད་ཀྱི། འོན་ཀྱང་དགེ་སློང་དག་ཡོངས་སུ་ལོངས་སྤྱོད་པ་ནི་ལྔ་སྟེ། བདག་པོས་ཡོངས་སུ་ལོངས་སྤྱོད་པ་དང་། སྐལ་བས་ཡོངས་སུ་ལོངས་སྤྱོད་པ་དང་། རྗེས་སུ་གནང་བས་ཡོངས་སུ་ལོངས་སྤྱོད་པ་དང་། བུ་ལོན་གྱིས་ཡོངས་སུ་ལོངས་སྤྱོད་པ་དང་། རྐུ་བས་ཡོངས་སུ་ལོངས་
སྤྱོད་པ་རྣམས་སོ། །དེ་ལ་བདག་པོས་ཡོངས་སུ་ལོངས་སྤྱོད་པ་ནི་དགྲ་བཅོམ་པའོ། །སྐལ་བས་ཡོངས་སུ་ལོངས་སྤྱོད་པ་ནི་སློབ་པའོ། །རྗེས་སུ་གནང་བས་ཡོངས་སུ་ལོངས་སྤྱོད་པ་ནི་སོ་སོའི་སྐྱེ་བོ་དགེ་བའི་ཆོས་ཅན་རྣམས་སོ། །བུ་ལོན་གྱིས་ཡོངས་སུ་ལོངས་སྤྱོད་པ་ནི་ཡང་ཡང་ལྷུང་
བ་དག་གོ། །རྐུ་བས་ཡོངས་སུ་ལོངས་སྤྱོད་པ་ནི་ཚུལ་ཁྲིམས་འཆལ་པ་རྣམས་ཏེ། རྩ་བའི་ལྟུང་བ་བྱུང་ཞིང་དགེ་སྦྱོང་མ་ཡིན་པ་ལ་དགེ་སྦྱོང་དུ་ཁས་འཆེ་བ་རྣམས་ལ་ནི་རྗེས་སུ་མ་གནང་སྟེ། དགེ་སློང་ཚུལ་ཁྲིམས་འཆལ་པ་དགེ་འདུན་གྱི་ཟས་ལ་ཁམ་སུ་གཅིག་ཙམ་དང་། གནས་ས་ཕྱི་རྟིང་
གང་ཙམ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་རྗེས་སུ་གནང་གིས་བྱུང་བ་དག་ཡང་དག་པར་བགོ་བར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་འཆལ་པ་བསྐྲད་པར་བྱའོ་ཞེས་གསུངས་ན་གང་གིས་བསྐྲད་
པར་བགྱི། ཉེ་བ་འཁོར་དགེ་འདུན་གྱིས་སོ། །ཇི་ལྟར་བསྐྲད་པར་བགྱི། དེའི་སྣོད་དག་གདོན་པར་བྱའོ། །འདུག་རྟེན་དག་གཞན་དུ་བསྐྱུར་བར་བྱ་ཞིང་། །ལྷུང་བཟེད་ཀྱི་གཞི་རྟེན་ཡང་གཞན་དུ་བསྐྱུར་ཞིང་། བར་བུར་གྱི་སྣོད་ཀྱང་གཞན་དུ་བསྐྱུར་བར་བྱའོ། །བཙུན་པ་གལ་ཏེ་སྐྲོད་པ་ན་
ཀ་བ་ལ་འཇུ་ན་ཇི་ལྟར་བསྐྱུར་བར་བྱ། ཀ་བ་གཅད་པར་བྱའོ། །དེ་གང་གིས་སླར་བསབ་པར་བྱ། དགེ་འདུན་གྱིས་སོ། །གལ་ཏེ་དེ་སྒོ་སྐྱེས་ལ་འཇུ་ན། སྒོ་སྐྱེས་བཏོན་པར་བྱའོ། །གང་གིས་དེ་སླར་བསབ་པར་བྱ། །དགེ་འདུན་གྱིས་སོ། །འདུལ་བའི་གླེང་གཞི་གཉིས་པའི་སྡོམ་གྱི་ཚིགས་
Vol. 146 · folio 223a
སུ་བཅད་པ་བདུན་པ་དང་པོ་ལས་དེ་སྐད་དུ་འདོན་ཏོ། །ཤིང་རུལ་དག་ནི་བསལ་བར་བགྱི། ཞེས་བྱ་བ་ལ། བཅོམ་ལྡན་འདས་ཙམ་པ་ན་རྫིང་གི་འགྲམ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ཀྱི་ཚེ་དགེ་སློང་གི་དགེ་འདུན་གྱི་མདུན་དུ་
གདན་ཇི་ལྟ་བ་བཞིན་བཤམས་པ་ལ་བཞུགས་ཏེ། དགེ་སློང་གི་དགེ་འདུན་ལ་གཟིགས་ཏེ་ཅང་མི་གསུང་བར་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྔན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ག་ན་བ་དེར་ཐལ་མོ་སྦྱར་ཞིང་ཕྱག་བྱས་ནས་བཅོམ་
ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དགེ་སློང་གི་དགེ་འདུན་འདུས་ཤིང་ཚོགས་ནས་མཆིས་ལགས་ཏེ། བཅོམ་ལྡན་འདས་སོ་སོར་ཐར་པའི་མདོ་འདོན་དུ་གསོལ། བདེ་བར་གཤེགས་པ་སོ་སོར་ཐར་པའི་མདོ་འདོན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་
འདས་ཅང་མི་གསུང་བར་བཞུགས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ཡང་རང་གི་སྟན་ལ་ཇི་ལྟ་བ་བཞིན་འདུག་གོ། །དེ་ནས་མཚན་མོའི་ཐུན་དང་པོ་འདས་ཤིང་ཐུན་བར་པ་ལ་བབ་པ་ན་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་
མཚན་མོའི་ཐུན་དང་པོ་འདས་ཤིང་ཐུན་བར་མ་ལ་བབ་ལགས་(གྱིས‚ཀྱིས)། བཅོམ་ལྡན་འདས་སོ་སོར་ཐར་པའི་མདོ་འདོན་དུ་གསོལ། བདེ་བར་གཤེགས་པ་སོ་སོར་ཐར་པའི་མདོ་འདོན་དུ་གསོལ། དེ་སྐད་ཅེས་གསོལ་ཀྱང་བཅོམ་ལྡན་འདས་ཅང་མི་གསུང་བར་བཞུགས་ཏེ། ཚེ་དང་ལྡན་
པ་ཀུན་དགའ་བོ་ཡང་རང་གི་སྟན་ལ་འདུག་གོ། །དེ་ནས་མཚན་མོ་ཐུན་དང་པོ་འདས་ཤིང་བར་མ་ཡང་འདས་ལ། ཐུན་ཐ་མ་སྣང་བ་བྱུང་བར་ཆས་ཤིང་རིང་པོ་མི་ཐོགས་པར་སྐྱ་རེངས་འཆར་བའི་དུས་ན་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
བཙུན་པ་མཚན་མོའི་ཐུན་དང་པོ་འདས་ཤིང་བར་མ་ཡང་འདས་ལ། ཐུན་ཐ་མ་ལ་བབ་སྟེ་སྣང་བ་བྱུང་བར་ཆས་ཤིང་ད་ནི་རིང་པོ་མི་ཐོགས་པར་སྐྱ་རེངས་འཆར་བའི་དུས་ལ་བབ་ཀྱིས། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ཡུན་རིང་དུ་བཞུགས་ཀྱིས། བཅོམ་ལྡན་འདས་སོ་སོར་ཐར་
Vol. 146 · folio 223b
པའི་མདོ་འདོན་དུ་གསོལ། བདེ་བར་གཤེགས་པ་སོ་སོར་ཐར་པའི་མདོ་འདོན་དུ་གསོལ། ཀུན་དགའ་བོ་དགེ་སློང་གི་དགེ་འདུན་གྱི་འཁོར་ཡོངས་སུ་མ་དག་པ་དེ་སྲིད་དུ་དགག་གིས་ཁྱོད་རང་གི་སྟན་ལ་ཇི་ལྟ་བ་བཞིན་འདུག་ཅིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རང་གི་སྟན་ལ་ཇི་ལྟ་
བ་བཞིན་དུ་འདུག་གོ། །དེའི་ཚེ་ན་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་འཁོར་འདུས་པ་དེའི་ནང་ན་འདུས་ཤིང་འདུག་པར་གྱུར་ཏེ། དེ་ནས་ཚེ་དང་ལྡན་པ་མོད་གལ་གྱི་བུ་ཆེན་པོ་འདི་སྙམ་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་གང་ལ་དགོངས་ནས། ཀུན་དགའ་བོ་དགེ་སློང་
གི་དགེ་འདུན་གྱི་འཁོར་ཡོངས་སུ་མ་དག་པ་དེ་སྲིད་དུ་དགག་གིས་ཁྱོད་རང་གི་སྟན་ལ་ཇི་ལྟ་བ་བཞིན་འདུག་ཅིག་ཅེས་གསུངས། བདག་གིས་དགེ་སློང་གི་དགེ་འདུན་ཐམས་ཅད་ལ་བལྟ་བར་བྱའོ་སྙམ་ནས། དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་སེམས་ཏིང་ངེ་འཛིན་གང་ལ་མཉམ་
པར་གཞག་ན་དགེ་སློང་གི་དགེ་འདུན་ཐམས་ཅད་སྣང་བར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དགེ་སློང་གི་དགེ་འདུན་ཐམས་ཅད་ལ་བལྟས་པ་ནི་དགེ་སློང་གཞན་ཞིག་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཅན་ནང་རུལ་པ་དུང་གི་
སྒྲ་ལྟར་ཀུན་དུ་སྤྱོད་པ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་བ་ཞིག་དགེ་སློང་གི་དགེ་འདུན་གྱི་ནང་དུ་འདུག་པ་མཐོང་ངོ་། མཐོང་ནས་སྟན་ལས་ལངས་ཏེ་དགེ་སློང་དེའི་དཔུང་པ་ནས་བཟུང་སྟེ། སྒོའི་ཕྱི་རོལ་དུ་བཏོན་
ཏེ། འདི་སྐད་ཅེས་སྐྱེས་བུ་རྨོངས་པ་ཉམས་པ་ཁྱོད་ཕར་སོང་འདི་ནི་ཁྱོད་དགེ་སློང་གི་ཐ་མ་སྟེ། དེང་ནས་བཟུང་སྟེ་དགེ་སློང་གི་གནས་ཁང་ངམ་ལོངས་སྤྱོད་ལ་ཇི་ལྟར་སྔར་བཞིན་དུ་ལོངས་སྤྱོད་པར་མ་བྱེད་ཅིག་ཅེས་སྨྲས་སོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་དགེ་སློང་དེ་སྒོའི་ཕྱི་
རོལ་དུ་བཏོན་ནས་སྒོ་ལྕགས་བཅུག་ཅིང་ལྡེ་མིག་དག་བསྡམས་ནས། བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གང་ལ་དགོངས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་
Vol. 146 · folio 224a
སྐད་ཅེས་ཀུན་དགའ་བོ་དགེ་སློང་གི་དགེ་འདུན་ཡོངས་སུ་མ་དག་པ་དེ་སྲིད་དུ་དགག་གིས་ཞེས་བཀའ་སྩལ་པའི་དགེ་སློང་དེ་བདག་གིས་དཔུང་པ་ནས་བཟུང་སྟེ། སྒོའི་ཕྱི་རོལ་དུ་བཏོན་ལགས་སོ། །འདི་སྐད་ཅེས་སྐྱེས་བུ་རྨོངས་པ་ཉམས་པ་ཁྱོད་ཕར་སོང་།
འདི་ནི་ཁྱོད་ཀྱི་དགེ་སློང་གི་ཐ་མ་སྟེ། དེ་ནས་བཟུང་སྟེ་དགེ་སློང་གི་གནས་ཁང་ངམ་ལོངས་སྤྱོད་ལ་ཇི་ལྟར་སྔར་བཞིན་དུ་ལོངས་སྤྱོད་པར་མ་བྱེད་ཅིག་ཅེས་སྨྲས་ཏེ། དེ་སྒོའི་ཕྱི་རོལ་དུ་བསྐྲད་ནས་སྒོ་ལྕགས་བཅུག་སྟེ་ལྡེ་མིག་བསྡམས་ཏེ་མཆིས་ལགས་ཀྱིས་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་
འདུན་བཞུགས་ནས་རིང་དུ་ལོན་གྱིས། བཅོམ་ལྡན་འདས་སོ་སོར་ཐར་པའི་མདོ་འདོན་དུ་གསོལ། བདེ་བར་གཤེགས་པ་སོ་སོར་ཐར་པའི་མདོ་འདོན་དུ་གསོལ། མཽད་གལ་གྱི་བུ་སྐྱེས་བུ་རྨོངས་པ་དེས་བསོད་ནམས་མ་ཡིན་པ་མང་དུ་བསགས་པ་མཐོང་ངམ། སྟོན་པ་དང་། དགེ་སློང་གི་
དགེ་འདུན་མཚན་ཐོག་ཐག་གཙེས་པ་མཐོང་ངམ། ཇི་ལྟར་ད་ལྟ་སྐྱེས་བུ་རྨོངས་པ་དེས་བསོད་ནམས་མ་ཡིན་པ་མང་དུ་བསགས་ནས་སོང་ངོ་། །མཽད་གལ་གྱི་བུ་དེ་ལྟ་བས་ན་ཁྱེད་ཅག་ཉིད་ཀྱིས་དང་པོར་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པར་བྱ་ཞིང་དེ་བཞིན་གཤེགས་པས་ཕྱིས་ཟླ་བ་
ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མཽད་གལ་གྱི་བུ་དགེ་སློང་གི་འཁོར་ཡོངས་སུ་མ་དག་པར་དེ་བཞིན་གཤེགས་པས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་བཏོན་ན་སྐྱེས་བུ་རྨོངས་པ་དེའི་མགོ་ཚལ་པ་བདུན་དུ་འགས་པར་འགྱུར་རོ། །མཽད་གལ་
གྱི་བུ་འདི་ལྟ་སྟེ། འདི་ནི་དགེ་སློང་ཚངས་པར་སྤྱོད་པ་གཞོན་ཞིང་རབ་ཏུ་གཞོན་པ་རྣམས་དང་དེ་འདི་ལྟར་འགྲོ་བ་དང་འོངས་པ་དང་ལྟ་བ་དང་རྣམ་པར་ལྟ་བ་དང་། བསྐུམ་པ་དང་བརྐྱང་བ་དང་ཆོས་གོས་སྣམ་སྦྱར་ལེན་པ་དང་། ལྷུང་བཟེད་ལེན་པ་ལ་འདྲ་སྟེ། ཇི་ཙམ་ན་དགེ་འདུན་གྱི་སྤོབས་པའི་
ལྟུང་བ་གང་རུང་བ་ཞིག་འགལ་བར་བྱེད་པ་ན། དེ་ཡང་དགེ་འདུན་གྱི་སྦོམ་པོ་གང་ཡང་རུང་བ་དག་གསལ་བར་བྱེད་པར་འགྱུར་རོ། །དེ་ལ་དགེ་སློང་རྣམས་འདི་སྙམ་དུ་དགེ་སྦྱོང་སུན་འབྱིན་པར་བྱེད་པ་འབྱུང་བར་འགྱུར་ཏེ། དགེ་སྦྱོང་གི་སྲེ་ད་སྟེ་དེས་དགེ་སློང་འདུས་པ་འདི་དག་ཡང་དག་པར་
Vol. 146 · folio 224b
རངས་པ་ལྟ་བུས་ཉམས་པར་བྱས་ཤིང་དགེ་སྦྱོང་སུན་འབྱིན་པར་མ་གྱུར་ཅིག་སྙམ་སྟེ། འདི་ལྟ་སྟེ། ཞིང་པའི་ཁྱིམ་བདག་དག་ནས་ཀྱི་ཞིང་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་ནས་ཀྱི་སྐྱོན་དུ་གྱུར་པ་དེ་དང་འདྲ་བའི་སྲེ་ད་རྩ་བ་ནས་འདོན་པར་བྱེད་དེ། འདི་ལྟ་སྟེ། ནས་གཞན་དང་སྡོང་བུ་དང་
འདབ་མ་དང་། ཡལ་ག་དག་འདྲ་ཞིང་། འདི་ལྟ་སྟེ། ཇི་སྲིད་དུ་མགོ་བོ་མ་བྱུང་གི་བར་དུ་ནས་གཞན་དང་འདྲ་ཞིང་། མགོ་བོ་བྱུང་བར་གྱུར་པ་ན་ཞིང་པའི་ཁྱིམ་བདག་དེ་འདི་སྙམ་དུ་འདི་ནི་ནས་རླག་པར་བྱེད་པ་སྟེ་ནས་ཀྱི་སྲེ་ད་བྱུང་ངོ་སྙམ་ནས་ཁྱིམ་བདག་ཞིང་པ་དེས་ཞིང་པ་གཞན་དག་ཀྱང་
རླག་པར་བྱེད་པར་འགྱུར་དུ་འོང་ངོ་ཞེས་འདི་དག་རྩ་བ་ནས་བཅད་ཅིང་བསྐྱུར་བར་འགྱུར་ཏེ། དེ་བཞིན་དུ་དེ་འགྲོ་བ་དང་འོང་བ་དང་ཆོས་གོས་སྣམ་སྦྱར་དང་ལྷུང་བཟེད་ལེན་པ་དག་ལ་འདྲ་བར་འགྱུར་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དགེ་སློང་དག་པ་གཞན་དག་ཀྱང་སུན་འབྱིན་པར་འགྱུར་དུ་འོང་ཞེས་
བྱ་བའི་བར་དུའོ། །འདི་ལྟ་སྟེ། ཞིང་པའི་ཁྱིམ་བདག་དག་དབྱར་འདས་ཏེ་སྟོན་གྱི་དུས་ན་ཆུ་འགྲམ་གྱི་ཡུར་བ་དག་འཆོས་པར་འདོད་ན། སྟ་རེ་རྣོན་པོ་དག་ཐོགས་ཏེ་ནགས་ཀྱི་ནང་དུ་ཞུགས་ནས་དེ་དེ་ན་ཤིང་དག་རྡུང་བར་བྱེད་རབ་ཏུ་རྡུང་བར་བྱེད། ཀུན་དུ་རྡུང་བར་བྱེད་དེ། དེ་ན་ཤིང་གང་དག་
བརྡུངས་ཤིང་རབ་ཏུ་བརྡུངས་པ་ཀུན་དུ་བརྡུངས་པ་ན། སྒྲ་བརྟན་ཞིང་སྒྲ་ཟབ་ལ་རྔའི་སྒྲ་ལྟ་བུ་དེ་དག་ཁྱིམ་བདག་ཞིང་པ་དེས་འདོར་བར་བྱེད་དོ། །དེ་ན་ཤིང་གང་དག་བརྡུངས་རབ་ཏུ་བརྡུངས་ཀུན་དུ་བརྡུངས་པ་ན་སྒྲ་མི་བརྟན་ཞིང་སྒྲ་མི་ཟབ་ལ་རྔའི་སྒྲ་ལྟ་བུ་མི་འདོན་པ་དེ་དག་ཁྱིམ་བདག་ཞིང་པ་དེས་རྩ་
བ་ནས་བཅད་དེ་མགོ་བོ་དག་བླངས་ཏེ། གང་ཡང་རུལ་ཅིང་སྙིང་པོ་མེད་པར་གྱུར་པ་དག་དོར་ནས་ཆུའི་ཡུར་བ་དག་འཚོ་བར་བྱེད་དོ། །དེ་བཞིན་དུ་ལེན་པ་དག་ལས་འདྲ་སྟེ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་དགེ་སྦྱོང་སུན་འབྱིན་པར་བྱེད་པ་བྱུང་ཞིང་། དགེ་སྦྱོང་གི་སྲེ་ད་དང་དགེ་སྦྱོང་ཤིང་རུལ་པ་ལྟ་བུའོ་
ཞེས་བྱ་བ་ནས་འདིས་དགེ་སློང་གཞན་དག་ཀྱང་སུན་འབྱིན་པར་གྱུར་ཞེས་བྱ་བའི་བར་སྔ་མ་བཞིན་འགྲོ་བ་དང་འོང་བ་དང་སྣམ་སྦྱར་གྱི་བར་དུའོ། །འདི་ལྟ་སྟེ། ཁྱིམ་བདག་ཞིང་པ་དག་འབྲས་ཀྱི་ཕུང་པོ་འཕྱར་བར་བྱེད་པ་ན། འབྲས་གང་དག་བརྟན་པར་གནས་ཤིང་སྙིང་པོ་དང་བཅས་པ་དེ་དག་
Vol. 146 · folio 225a
ཕྱོགས་གཅིག་ཏུ་གནས་པར་འགྱུར། གང་ཕུབ་མ་དང་སྙིང་པོ་མེད་པ་དེ་དག་རླུང་གིས་ཕྱོགས་གཅིག་ཏུ་བྱེད་པར་འགྱུར་ཏེ། འདིས་གཞན་དག་ཀྱང་རླག་པར་བྱེད་པར་འགྱུར་རོ་ཞེས་ཁྱིམ་བདག་ཞིང་པ་དེས་བཙས་ཤིང་བསྲུངས་ནས་འཇིག་པར་བྱེད་དོ། །དེ་བཞིན་དུ་ལྷུང་
བཟེད་ལེན་པ་དག་ལ་འདྲ་བར་འགྱུར་ཞེས་བྱ་བ་ནས། དགེ་སློང་སུན་འབྱིན་པར་བྱེད་པ་འབྱུང་ངོ་། །དགེ་སྦྱོང་གི་སྲེ་ད་དང་། དགེ་སྦྱོང་ཤིང་རུལ་བ་ལྟ་བུ་དང་། དགེ་སློང་སྙིང་པོ་མེད་པ་ཞེས་བྱ་བ་ནས་གཞན་དག་ཀྱང་སུན་འབྱིན་པར་འགྱུར་དུ་འོང་ངོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུའོ། །སྟོན་པས་
གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁ་ན་མ་ཐོ་བཅས་ཤིང་འཁྱོག །སྒྱུ་དང་སེར་སྣ་དང་བཅས་ཤིང་། །དབེན་པར་སོང་སྟེ་ཉེ་བར་སྤྱོད། །སྡིག་པར་ལྟ་ཞིང་མ་གུས་པ། །བརྫུན་དུ་སྨྲ་ཞིང་མི་ཤེས་པ། །སྡིག་པ་འདོད་ཅིང་ཁྲོ་བ་དང་། །ལྷན་ཅིག་གནས་པ་ཤེས་བྱས་ནས། །དེ་དག་འདྲེ་ཞིང་
འགྲོགས་པ་དག །རྟག་ཏུ་རབ་ཏུ་སྤང་བར་བྱ། །དགེ་སློང་མིན་པ་དགེ་སློང་དུ། །སྨྲ་བ་སྲེ་ད་བསལ་བར་གྱིས། །ཤིང་རུལ་དག་ནི་བསལ་བར་གྱིས། །སྙིང་པོ་མེད་པ་དོར་བར་གྱིས། །སྡིག་འདོད་རྣམ་པར་སྤངས་ནས་ནི། །སྤྱོད་ལམ་ཕུན་སུམ་ཚོགས་པ་དང་། །དག་ཅིང་རབ་ཏུ་དག་པ་དང་། །
ལྷན་ཅིག་གནས་པར་སེམས་པས་ན། །དེ་དག་འདུས་ཤིང་ཚོགས་པ་རྣམས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་གསུངས་སོ། །འདི་ལྟར་དགེ་སྦྱོང་ནི་རྣམ་པ་བཞི་སྟེ་ཞེས་བྱ་བ་ལ། དྲུག་ན་དྲུག་པའི་མདོའི་སྡོམ་གྱི་ཚིགས་སུ་བཅད་པ་དང་པོ་ལས་འདི་ལྟར་འདོན་ཏེ། དེ་ནས་བཅོམ་
ལྡན་འདས་ཕྲེང་བ་ཅན་ནས་ལྗོངས་རྒྱུ་ཞིང་སྡིག་པ་ཅན་དུ་གཤེགས་ནས་ཛ་ལོ་ཀའི་ཚལ་ན་བཞུགས་སོ། །སྡིག་པ་ཅན་གྱི་གྱད་རྣམས་ཀྱིས་བཅོམ་ལྡན་འདས་ཕྲེང་བ་ཅན་ནས་ལྗོངས་རྒྱུ་ཞིང་སྡིག་པ་ཅན་དུ་གཤེགས་ཏེ་ཛ་ལོ་ཀའི་ཚལ་ན་བཞུགས་སོ་ཞེས་ཐོས་ཏེ། ཐོས་ནས་འདུས་ཤིང་ཚོགས་
ཏེ། རབ་ཏུ་འདུས་ཤིང་ཚོགས་ནས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། སྡིག་པ་ཅན་གྱི་གྱད་རྣམས་ལ་བཅོམ་ལྡན་འདས་ཀྱིས་ཆོས་དང་ལྡན་པའི་
Vol. 146 · folio 225b
གཏམ་གྱིས་ཡང་དག་པར་སྟོན་པ་དང་། ཡང་དག་པར་བསྐུལ་བ་དང་། ཡང་དག་པར་དགའ་བ་དང་། ཡང་དག་པར་གསལ་བ་མཛད་དོ། །དེའི་ཚེ་ན་འཁོར་འདུས་པ་དེའི་ནང་ནས་མགར་བའི་བུ་ཙུན་ད་ཞེས་བྱ་བ་འདུས་པར་གྱུར་ཅིང་འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྡིག་
པ་ཅན་གྱི་གྱད་རྣམས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན་ཅིང་ཡང་དག་པར་བསྐུལ་ཡང་དག་པར་དགའ་བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །སྡིག་པ་ཅན་གྱི་གྱད་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རང་སྟེ། བཅོམ་ལྡན་
འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་། །མགར་བའི་བུ་ཙུན་ད་དེ་ཉིད་དུ་འདུག་གོ། །དེ་ནས་མགར་བའི་བུ་ཙུན་ད་སྡིག་པ་ཅན་གྱི་གྱད་དག་སོང་ནས་ཡུན་རིང་དུ་ལོན་པ་དང་། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་
འདས་གང་ན་བ་དེར་ཐལ་མོ་སྦྱར་ཞིང་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་བདག་གི་ཁྱིམ་དུ་གདུགས་ཚོད་གསོལ་བར་ཅི་གནང་། བཅོམ་ལྡན་འདས་ཀྱིས་མགར་བའི་བུ་ཙུན་ད་ལ་ཅང་མི་གསུང་བས་གནང་བར་
མཛད་དོ། །དེ་ནས་མགར་བའི་བུ་ཙུན་ད་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ནས་སོང་ངོ་། །དེ་ནས་མགར་བའི་བུ་ཙུན་ད་དེ་ཉིད་ཀྱི་མཚན་མོ་ཤིང་ཐོག་དང་འབྲུ་དག་བཙོས་ཤིང་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་
འདུན་ལ་གཙང་ཞིང་བསོད་པའི་ཁ་ཟས་དང་སྟོན་མོ་དག་བཤམས་ཏེ། གདན་དག་བཤམས་ཆུ་སྣོད་དག་བཞག་ཅིང་བཙུན་པ་གདུགས་ཚོད་ཀྱི་དུས་ལ་བབ་ཀྱིས་ད་ནི་བཅོམ་ལྡན་འདས་དུས་མཁྱེན་པར་མཛད་དུ་གསོལ་ཞེས་དུས་ཚོད་རྗོད་པར་བྱེད་པའི་ཕོ་ཉ་དག་བཏང་ངོ་། །དེ་ནས་བཅོམ་ལྡན་
འདས་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། དགེ་སློང་གི་དགེ་འདུན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་དགེ་སློང་གི་དགེ་འདུན་གྱི་ཚོགས་ཀྱིས་མངོན་སུམ་དུ་བྱས་ཏེ། མགར་བའི་བུ་ཙུན་དའི་གདུགས་ཚོད་གང་ན་བ་དེར་གཤེགས་སོ། །ཉེ་བར་གཤེགས་ནས་དགེ་སློང་གི་དགེ་འདུན་
Vol. 146 · folio 226a
གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་མགར་བའི་བུ་ཙུན་དས་སངས་རྒྱས་དང་དགེ་སློང་གི་དགེ་འདུན་མངོན་པར་ཕྱོགས་ཤིང་བདེ་བར་བཞུགས་པར་རིག་ནས་རྒྱ་ཤུག་གི་འབྲས་བུ་ཕུན་སུམ་ཚོགས་པ་དང་ལེགས་པར་སྦྱར་བའི་འབྲུ་དག་གིས་རང་
གི་ལག་ནས་འབུལ་ཞིང་སྟོབས་པར་བྱེད་དོ། །དགེ་སློང་གི་དགེ་འདུན་ལ་ཡང་གཙང་ཞིང་བསོད་པའི་ཁ་ཟས་དག་རང་གི་ལག་གིས་འབུལ་ཞིང་སྟོབས་པར་བྱེད་དོ། །དེའི་ཚེ་ན་དགེ་སློང་སྡིག་པ་ཅན་དགེ་སློང་གཞན་ཞིག་གི་རྨོག་བརྐུས་ཏེ་མཆན་ཁུང་དུ་བཅུག་སྟེ། དགེ་སློང་སྡིག་པ་ཅན་དེ་སངས་
རྒྱས་ཀྱི་མཐུས་སངས་རྒྱས་དང་ཙུན་དས་མཐོང་ངོ་། །དེ་ནས་མགར་བའི་བུ་ཙུན་དས་རྣམ་གྲངས་དུ་མར་རྒྱ་ཤུག་གི་འབྲས་བུ་ཕུན་སུམ་ཚོགས་པ་དང་ལེགས་པར་སྦྱར་བའི་འབྲུ་དག་གིས་རང་གི་ལག་ནས་འབུལ་ཞིང་སྟོབས་པར་བྱེད་ཅིང་དགེ་སློང་གི་དགེ་འདུན་ལ་ཡང་གཙང་ཞིང་བསོད་པའི་བཟའ་
བ་དང་བཏུང་བས་རང་གི་ལག་ནས་འབུལ་ཞིང་བསྟབས་པར་བྱས་ནས་བཅོམ་ལྡན་འདས་ཀྱིས་གསོལ་ཞིང་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས། སྟན་དམའ་བ་ཞིག་བླངས་ཏེ་བཅོམ་ལྡན་འདས་ཀྱི་མདུན་དུ་འདུག་སྟེ་ཚིགས་སུ་བཅད་པའི་དབྱངས་ཀྱིས་དྲི་བ་ཞུས་པ། ཕ་རོལ་རྒལ་
ཅིང་སོམ་ཉི་སྤངས། །ཐུབ་པ་རབ་ཟད་རྣམ་འདྲེན་མཆོག །ཁ་ལོ་སྒྱུར་མཆོག་འཇིག་རྟེན་ན། །དགེ་སྦྱོང་དུ་མཆིས་བདག་འདྲིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སྦྱོང་བཞི་སྟེ་ལྔ་པ་མེད། །དེ་དག་གསལ་བར་ངས་ཤེས་བྱ། །ལམ་གྱིས་རྒྱལ་དང་ལམ་སྟོན་དང་། ལམ་
ཕྱིར་འཚོ་དང་ལམ་སུན་འབྱིན། །གསོལ་པ། ལམ་གྱིས་རྒྱལ་བ་གང་ལ་བརྗོད། །ཇི་ལྟར་མཚུངས་མེད་ལམ་སྟོན་ཡིན། །ལམ་ཕྱིར་འཚོ་བ་དྲིས་པས་གསུངས། །ལམ་སུན་འབྱིན་པ་གསལ་བར་མཛོད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་ཞིག་ཐེ་ཚོམ་ཟུག་རྔུ་སྤངས། །
གཞན་གྱིས་བཀྲི་མིན་མྱ་ངན་འདས། །འཇིག་རྟེན་ལྷར་བཅས་སྟོན་པ་ཡི། །སངས་རྒྱས་ལམ་གྱིས་རྒྱལ་ཞེས་བརྗོད། །བླང་དང་སྤང་བྱ་མཆོག་རིག་ནས། །ཆོས་རྣམས་དེ་བཞིན་སྟོན་ཅིང་འབྱེད། །ཐུབ་པ་དཀྲི་མིན་ཐེ་ཚོམ་ཆད། །ལམ་སྟོན་དགེ་སྦྱོང་གཉིས་པ་ཡིན། །གང་ཞིག་ཆོས་གནས་
Vol. 146 · folio 226b
ལེགས་སྟོན་ཅིང་། །དྲན་པའི་བདག་ཉིད་ལམ་ཕྱིར་འཚོ། །ཁ་ན་མ་ཐོ་མེད་གནས་སློབ། །དགེ་སློང་གསུམ་པ་ལམ་ཕྱིར་འཚོ། །འཕགས་པའི་རྟགས་ཀྱིས་གཡོགས་བྱས་ནས། །འགྲན་ཅིང་ཁྱིམ་སུན་འབྱིན་པ་དང་། །འཆལ་ཅིང་མ་དུལ་སྒྱུ་དང་བཅས། །གཟུགས་བརྙན་བཞིན་སྤྱོད་
ལམ་སུན་འབྱིན། །ཁྱིམ་པ་ཐོས་ལྡན་འཕགས་ཉན་ཐོས། །བློ་བཟང་འདི་ལྟར་བསམས་བྱས་ནས། །ཐམས་ཅད་འདི་ལྟར་མ་ཡིན་ཞེས། །ཤེས་ནས་མ་དད་པར་མི་བྱ། །ཇི་ལྟར་གདུག་བཅས་གདུག་བཅས་མིན། །དག་དང་མ་དག་མཉམ་པར་བྱེད། །གཅིག་གིས་སྡིག་པའི་ལས་བྱས་
ནས། །སྡིག་བྲལ་གཞན་ལའང་སྐྱེ་བོ་དོགས། །ཁ་དོག་གཟུགས་དང་མཚན་ཉིད་བཟང་། །མཐོང་ནས་གཞན་ལ་ཆེས་མིན་བྱ། །མ་དུལ་ཕལ་ཆེར་འཇིག་རྟེན་ན། །ཤིན་ཏུ་དུལ་བའི་རྟགས་ཀྱིས་སྤྱོད། །གསེར་གྱི་གཟུགས་བརྙན་སྙིང་པོ་ལྕགས། །ཕྱི་རོལ་གསེར་གཡོགས་སུན་
འབྱིན་ལྟར། །ནང་དུ་གདུག་བཅས་ཕྱི་རོལ་དུ། །འཁོར་དང་བཅས་ཤིང་འཕགས་ལྟར་སྤྱོད། །དེ་ནས་བཅོམ་ལྡན་འདས་མགར་བའི་བུ་ཙུན་དའི་སྦྱིན་པ་ལ་རྗེས་སུ་ཐུགས་རངས་ཤིང་ཐུགས་རངས་པར་མཛད་དེ། དུལ་ཞིང་ཁོན་དང་མི་ལྡན་པའི། །སྦྱིན་བདག་བསོད་ནམས་རབ་འཕེལ་ཏེ། །
དགེ་ཞིང་སྡིག་པ་རབ་སྡངས་ནས། །ཉོན་མོངས་ཟད་ཅིང་ལོག་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་མགར་བའི་བུ་ཙུན་ད་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྐུལ་ཞིང་དགའ་བར་མཛད་ནས་བཞེངས་ཏེ་གཤེགས་སོ་ཞེས་གསུངས་སོ། །བསླབ་པ་བྱིན་པ་ཞེས་བྱ་བ་ལ། །
ཕྲན་ཚེགས་ཀྱི་སྒོ་གཉིས་པའི་སྡོམ་གྱི་ཚིགས་སུ་བཅད་པ་ལྔ་པ་ལས་དགའ་བྱེད་ལ་བརྟེན་ཏེ་བསླབ་པ་བཅས་པའི་དབང་དུ་མཛད་ནས་འདུལ་བ་ལས་ཚིག་ལེའུར་བྱས་པ་བཀོད་པ། གལ་ཏེ་ཉེས་པར་གྱུར་པ་ལ། །འཆབ་སེམས་གཅིག་ཀྱང་མ་སྐྱེས་ན། །ཕམ་པ་བྱུང་བར་གྱུར་ཀྱང་ནི། །
ཕམ་པར་འགྱུར་བ་མ་ཡིན་ནོ། །མདོ་སྡེ་དང་འདུལ་བ་ལས་ཞེས་བྱ་བ་ལ་རེ་ཞིག་མདོ་སྡེ་ནི་སངས་རྒྱས་ཀྱི་རྣམ་པར་བཤད་པའི་སྡོམ་གྱི་ཚིགས་སུ་བཅད་པ་བཞི་པའི་དང་པོ་ལས་ཏེ། མཛོད་ཀྱི་གནས་འདི་ཉིད་དུ། །གཞན་ལའང་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །
Vol. 146 · folio 227a
ཅེས་བྲིས་པར་བལྟ་བར་བྱའོ། །འདུལ་བ་ལས་ཀྱང་དེ་ལྟ་བུ་བསྙིལ་བར་བྱའོ་ཞེས་གསུངས་སོ་ཞེས་བྱ་བ་ལ་རབ་ཏུ་བྱུང་བའི་གཞིའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པ་བསླབ་པའི་གནས་བཞི་པ་ལས་ཏེ། བྱ་རོག་སྐྲོད་དང་སུན་འབྱིན་དང་། །རྐུན་མའི་གནས་དང་
མ་ནིང་དང་། ཞེས་འབྱུང་ལ། ཕྲན་ཚེགས་ཀྱི་སྒོ་བདུན་པ་སྡོམ་གྱི་ཚིགས་སུ་བཅད་པ་བཞི་པ་ལས་ཀྱང་། མཚན་གཉིས་དེ་བཞིན་མཚན་གཅིག་དང་། ཞེས་འབྱུང་ལ། དེ་ཉིད་ཀྱི་ཕྱིར་རབ་ཏུ་འབྱིན་པའི་དུས་ན་བརྟག་པའི་ཕྱིར་མཁན་པོས་འདི་ལྟར་དྲི་བར་བྱ་སྟེ། ཁྱོད་ཟ་མ་མ་ཡིན་ནམ།
མ་ནིང་མ་ཡིན་ནམ། མཚན་གཉིས་པ་མ་ཡིན་ནམ་ཞེས་དྲི་ཞིང་དེ་ཁས་ལེན་ན་ཁྱོད་མི་སྐྱེ་བའི་ཆོས་ཅན་ཡིན་གྱིས་སོང་ཤིག་ཅེས་བརྗོད་པར་བྱའོ་ཞེས་འབྱུང་ངོ་། །གང་ཡང་མདོ་ལས་ཇི་སྐད་དུ་དགེ་སློང་དག་སྒོ་ང་ལས་སྐྱེས་པའི་ཀླུ་ནི་ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་
ནའོ། །དགེ་སློང་དག་སྒོ་ང་ལས་སྐྱེས་པའི་ཀླུ་ནི་ཟླ་བ་ཕྱེད་ཕྱེད་ཅིང་གནས་ནས་བྱུང་སྟེ་ཤིན་ཏུ་ཡོངས་སུ་དག་པའི་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་ལ་ཉེ་བར་གནས་པར་བྱེད་དེ། ལུས་ས་ལ་བསྐྱུར་ཅིང་གནས་ཏེ་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་གང་ལ་ཡང་གནོད་པར་མི་བྱེད་དོ། །དེ་ཅིའི་
ཕྱིར་ཞེ་ན། དགེ་སློང་དག་སྒོ་ང་ལས་སྐྱེས་པའི་ཀླུ་འདི་སྙམ་དུ་བདག་སྔོན་མིར་གྱུར་པ་ན་ཤིན་ཏུ་ཡོངས་སུ་དག་ཅིང་ཕུན་སུམ་ཚོགས་པའི་བསྙེན་གནས་ཡན་ལག་བརྒྱད་པ་མ་བསྲུངས་པས་ད་ལྟར་སྒོ་ང་ལས་སྐྱེས་པའི་ཀླུ་རྣམས་དང་སྐལ་བ་མཉམ་པར་སྐྱེས་སོ། །གལ་ཏེ་བདག་སྔོན་མིར་གྱུར་
པ་ན་ཤིན་ཏུ་དག་ཅིང་ཕུན་སུམ་ཚོགས་པའི་གསོ་སྦྱོང་ཡན་ལག་བརྒྱད་པ་དང་བཅས་ན། བདག་ད་ལྟར་སྒོ་ང་ལས་སྐྱེས་པའི་ཀླུ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་མི་འགྱུར་རོ། །དེ་ལྟ་བས་ན་བདག་སྔོན་མིར་གྱུར་པ་ན་ཕུན་སུམ་ཚོགས་ཤིང་ཤིན་ཏུ་ཡོངས་སུ་དག་པའི་གསོ་སྦྱོང་ཡན་ལག་
བརྒྱད་པ་མ་བསྲུངས་པས་ད་ལྟར་བདག་སྒོ་ང་ལས་སྐྱེས་པའི་ཀླུ་རྣམས་དང་སྐལ་བ་མཉམ་པར་སྐྱེས་སོ་སྙམ་དུ་སེམས་སོ་ཞེས་གསུངས་སོ། །སྒོ་ང་ལས་སྐྱེས་པ་ཇི་ལྟ་བ་བཞིན་དུ་མངལ་ནས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་ཡང་དེ་བཞིན་ནོ། །དེ་ནི་མདོ་ལས་འབྱུང་
Vol. 146 · folio 227b
བའི་ལས་རྣམས་བཤད་པར་བྱ་སྟེ་ཞེས་བྱ་བ་ལ། དགེ་བ་ལ་སོགས་པའི་ལས་རྣམས་བསྟན་པའི་དབང་དུ་མཛད་ནས་གསུམ་ཚན་གསུམ་པའི་སྡོམ་གྱི་ཚིགས་སུ་བཅད་པ་བདུན་པའི་ལྷག་མ་ལས་བསྟན་པ་འཆད་པ་པོ་ཉིད་ཀྱིས་ཇི་ལྟར་རིགས་པར་མདོ་ལས་ཉེ་བར་བསྡུ་བར་བྱ་སྟེ། དེ་
ཡང་འདི་སྐད་དུ་འདོན་ཏེ། ཡོན་སྐྱོན་སྙིགས་མ་སྙིགས་མ་ཅན། །ཉེས་པར་སྤྱད་པ་རྣམ་གསུམ་དང་། །གཙང་ཐུབ་ལུས་བསོད་བསོད་མིན་དང་། །འདས་སོགས་བདེ་གཤེགས་གསལ་བར་མཛད། །གནས་གསུམ་གྱིས་ནི་བསྡུས་པ་དང་། །ཆེད་དུ་བསམ་བརྗོད་གསུམ་དག་དང་། །ལས་
རྣམས་གསུམ་དང་འདས་དང་དགེ། །སློབ་དང་མཐོང་དང་འདོད་དག་གཟུགས། །མཐོང་བའི་ཆོས་ལ་བདེ་བ་དང་། །ཡིད་བདེ་བ་དང་སྡུག་བསྔལ་དང་། །ལོག་ལྟ་སྤང་བྱ་ཆུང་ངུ་དང་། །སེར་སྣ་དང་ནི་སེར་སྣ་མེད། །བརྣབ་སེམས་བརྣབ་སེམས་མེད་པ་དག །ཚོགས་སུ་ཡང་དག་བསྡེབས་པ་
ཡིན། །ཡོན་པོ་ནི་རྣམ་པ་གསུམ་སྟེ། ལུས་ཀྱི་ཡོན་པོ་དང་། ངག་གི་ཡོན་པོ་དང་། ཡིད་ཀྱི་ཡོན་པོའོ། །སྐྱོན་ནི་རྣམ་པ་གསུམ་སྟེ། ལུས་ཀྱི་སྐྱོན་དང་། ངག་གི་སྐྱོན་དང་། ཡིད་ཀྱི་སྐྱོན་ནོ། །སྙིགས་མ་ཅན་ནི་རྣམ་པ་གསུམ་སྟེ། ལུས་ཀྱི་སྙིགས་མ་ཅན་དང་། ངག་གི་སྙིགས་མ་ཅན་དང་།
ཡིད་ཀྱི་སྙིགས་མ་ཅན་ནོ། །སྙིགས་མ་ནི་རྣམ་པ་གསུམ་སྟེ། ལུས་ཀྱི་སྙིགས་མ་དང་། ངག་གི་སྙིགས་མ་དང་། ཡིད་ཀྱི་སྙིགས་མ་རྣམས་སོ། །ཉེས་པར་སྤྱད་པ་ནི་རྣམ་པ་གསུམ་སྟེ། འདོད་ཆགས་ཀྱི་ཉེས་པར་སྤྱོད་པ་དང་། ཞེ་སྡོང་གི་ཉེས་པར་སྤྱོད་པ་དང་། གཏི་མུག་གི་ཉེས་པར་སྤྱོད་
པའོ། །གཙང་བྱེད་ནི་རྣམ་པ་གསུམ་སྟེ། ལུས་གཙང་བྱེད་དང་། ངག་གཙང་བྱེད་དང་། ཡིད་གཙང་བྱེད་དོ། །ཐུབ་པ་ནི་རྣམ་པ་གསུམ་སྟེ། ལུས་ཐུབ་པ་དང་། ངག་ཐུབ་པ་དང་། ཡིད་ཐུབ་པའོ། །འདུ་བྱེད་ནི་རྣམ་པ་གསུམ་སྟེ། ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་
འདུ་བྱེད་དོ། །འདུ་བྱེད་རྣམ་པ་གསུམ་ལས་ཆོས་རྣམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་བཤད་པ། གཞན་ཡང་འཕགས་པ་ཉན་ཐོས་འདི་ན་འདི་ལྟར་སློབ་སྟེ། གཟུགས་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་སྟེ། འབྱུང་བ་
Vol. 146 · folio 228a
ཆེན་པོ་བཞི་གང་ཡིན་པ་དེ་ཡང་མི་རྟག་པ་འདུས་བྱས་པ་བསམས་པས་བསྒྲུབས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ་ཞེས་རིག་ནས་མི་གཡོ་བ་ལ་མོས་པ་ཅན་དུ་འགྱུར་ཏེ། དེ་དེ་ལྟར་རྟོགས་ནས་དེ་ལ་ལན་མང་དུ་བསྒྲུབས་ཤིང་གནས་སོ། །སྐྱེ་མཆེད་ལ་སེམས་
མངོན་པར་དང་སྟེ། སེམས་མངོན་པར་དང་བས་ད་ལྟར་འཕགས་པ་ཉན་ཐོས་མི་གཡོ་བ་ལ་སྙོམས་པར་འཇུག་ཅིང་ཤེས་རབ་རྣམ་པར་གྲོལ་བར་འགྱུར་རོ། །གང་ཞིག་བསྒྲུབས་པས་རྣམ་པར་ཤེས་པ་མི་གཡོ་བར་འགྲོ་བར་འགྱུར་བ་འདི་ནི་གནས་ཡོད་ཅིང་སྐབས་ཡོད་དེ། འདི་ནི་
མི་གཡོ་བར་ཉེ་བར་འགྲོ་བའི་ལས་གཉིས་པ་བསྟན་པའོ། །གཞན་ཡང་འཕགས་པ་ཉན་ཐོས་འདི་ནི་འདི་ལྟར་ཡང་དག་པར་སོ་སོར་སློབ་སྟེ། མཐོང་བའི་ཆོས་ཀྱི་འདོད་པ་གང་ཡིན་པ་དང་། ཕ་རོལ་གྱི་འདོད་པ་གང་ཡིན་པ་དང་། མཐོང་བའི་ཆོས་ཀྱི་གཟུགས་གང་ཡིན་པ་དང་།
ཕ་རོལ་གྱི་གཟུགས་གང་ཡིན་པ་དང་། མཐོང་བའི་ཆོས་ཀྱི་འདོད་པའི་འདུ་ཤེས་དང་། ཕ་རོལ་གྱི་འདོད་པའི་འདུ་ཤེས་དང་། མཐོང་བའི་ཆོས་ཀྱི་གཟུགས་ཀྱི་འདུ་ཤེས་དང་། ཕ་རོལ་གྱི་གཟུགས་ཀྱི་འདུ་ཤེས་འདི་དག་ནི་མི་རྟག་པ་འདུས་བྱས་པ་བསམས་པས་བསྒྲུབས་པ་རྟེན་ཅིང་
འབྲེལ་བར་འབྱུང་བ་ཡིན་ནོ་ཞེས་རིག་ནས་མི་གཡོ་བ་ལ་མོས་པ་ཅན་དུ་འགྱུར་ཏེ། དེ་དེ་ལྟར་རྟོགས་ནས་དེ་ལ་ལན་མང་དུ་བསྒྲུབས་ཤིང་གནས་སོ། །སྐྱེ་མཆེད་ལ་སེམས་མངོན་པར་དང་སྟེ། སེམས་མངོན་པར་དང་བས་ད་ལྟར་འཕགས་པ་ཉན་ཐོས་མི་གཡོ་བ་ལ་སྙོམས་པར་འཇུག་པའི་
ཤེས་རབ་རྣམ་པར་གྲོལ་བར་འགྱུར་རོ། །གང་ཞིག་བསྒྲུབས་པས་རྣམ་པར་ཤེས་པ་མི་གཡོ་བར་ཉེ་བར་འགྲོ་བར་འགྱུར་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དེ། འདི་ནི་མི་གཡོ་བར་ཉེ་བར་འགྲོ་བའི་ལས་གསུམ་པ་བསྟན་པའོ། །གཞན་ཡང་འཕགས་པ་ཉན་ཐོས་འདི་ན་འདི་
ལྟར་ཡང་དག་པར་སོ་སོར་སློབ་སྟེ། མཐོང་བའི་ཆོས་ཀྱི་འདོད་པ་གང་ཡིན་པ་དང་། ཕ་རོལ་གྱི་འདོད་པ་གང་ཡིན་པ་དང་། མཐོང་བའི་ཆོས་ཀྱི་གཟུགས་གང་ཡིན་པ་དང་། ཕ་རོལ་གྱི་གཟུགས་གང་ཡིན་པ་དང་། མཐོང་བའི་ཆོས་ཀྱི་འདོད་པའི་འདུ་ཤེས་གང་ཡིན་པ་དང་། ཕ་རོལ་གྱི་
Vol. 146 · folio 228b
འདོད་པའི་འདུ་ཤེས་གང་ཡིན་པ་དང་། མཐོང་བའི་ཆོས་ཀྱི་གཟུགས་ཀྱི་འདུ་ཤེས་གང་ཡིན་པ་དང་། ཕ་རོལ་གྱི་གཟུགས་ཀྱི་འདུ་ཤེས་གང་ཡིན་པ་དང་། མི་གཡོ་བའི་འདུ་ཤེས་གང་ཡིན་པའི་འདུ་ཤེས་འདི་དག་མི་རྟག་པ་འདུས་བྱས་པ་བསམས་པས་བསྒྲུབས་པ་རྟེན་ཅིང་འབྲེལ་
པར་འབྱུང་བ་ཡིན་ནོ་ཞེས་རིག་ནས་ཅི་ཡང་མེད་པ་ལ་མོས་པར་འགྱུར་ཞིང་། དེ་དེ་ལྟར་རྟོགས་ཏེ་དེ་ལན་མང་དུ་བསྒྲུབས་ཤིང་གནས་སོ། །སྐྱེ་མཆེད་ལ་སེམས་མངོན་པར་དང་སྟ། སེམས་མངོན་པར་དང་བས་ད་ལྟར་འཕགས་པ་ཉན་ཐོས་ཅི་ཡང་མེད་པ་ལ་སྙོམས་པར་འཇུག་ཅིང་ཤེས་རབ་
རྣམ་པར་གྲོལ་བར་འགྱུར་རོ། །གང་ཞིག་བསྒྲུབས་པས་རྣམ་པར་ཤེས་པ་ཅི་ཡང་མེད་པར་འགྲོ་བར་འགྱུར་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དེ། འདི་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལམ་དང་པོ་བསྟན་པའོ། །གཞན་ཡང་འཕགས་པ་ཉན་ཐོས་འདི་ན་འདི་ལྟར་སོ་
སོར་ཡང་དག་པར་སློབ་སྟེ། བདག་འགའ་ཞིག་ཏུ་འགའ་ཡང་ཅུང་ཟད་མེད་དོ། །བདག་གི་འགའ་ཞིག་ཏུ་འགའ་ཡང་ཅུང་ཟད་མེད་དོ་ཞེས་རིག་ནས་ཅི་ཡང་མེད་པ་ལ་མོས་པར་འགྱུར་ཏེ། དེ་དེ་ལྟར་རྟོགས་ནས་དེ་ལ་ལན་མང་དུ་བསྒྲུབས་ཤིང་གནས་ཏེ། སྐྱེ་མཆེད་ལ་སེམས་མངོན་པར་དང་
སྟེ། སེམས་མངོན་པར་དང་བས་ད་ལྟར་འཕགས་པ་ཉན་ཐོས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་ཅིང་ཤེས་རབ་རྣམ་པར་གྲོལ་བར་འགྱུར་རོ། །གང་ཞིག་བསྒྲུབས་པས་རྣམ་པར་ཤེས་པ་ཅི་ཡང་མེད་པར་འགྲོ་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །འདི་ནི་ཅི་ཡང་མེད་
པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལས་གཉིས་པ་བསྟན་པའོ། །གཞན་ཡང་འཕགས་པ་ཉན་ཐོས་འཇིག་རྟེན་ནི་སྟོང་པའོ། །འཇིག་རྟེན་ནི་སྟོང་པ་སྟེ། ཀྱེ་མ་འཇིག་རྟེན་འདི་ནི་སྟོང་པའོ་ཞེས་སོ་སོར་རབ་ཏུ་རྟོག་སྟེ་འདི་ལྟ་སྟེ། རྟག་པ་དང་བརྟན་པ་དང་། གཡུང་དྲུང་དང་། མི་འགྱུར་བའི་
ཆོས་ཅན་གྱིས་སྟོང་ཞིང་བདག་དང་བདག་གི་དང་བྲལ་བའོ་ཞེས་རིག་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་མོས་པར་འགྱུར་ཏེ། དེ་དེ་ལྟར་རྟོགས་ནས་དེ་ལ་ལན་མང་དུ་བསྒྲུབས་ཤིང་གནས་པའོ། །སྐྱེ་མཆེད་ལ་སེམས་མངོན་པར་དང་སྟེ། སེམས་མངོན་པར་དང་བས་ད་ལྟར་འཕགས་པ་ཉན་
Vol. 146 · folio 229a
ཐོས་ཅི་ཡང་མེད་པ་ལ་སྙོམས་པར་འཇུག་ཅིང་ཤེས་རབ་རྣམ་པར་གྲོལ་བར་འགྱུར་རོ། །གང་ཞིག་བསྒྲུབས་པས་རྣམ་པར་ཤེས་པ་ཅི་ཡང་མེད་པར་འགྲོ་བར་འགྱུར་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །འདི་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དུ་འགྲོ་བའི་
ལས་གསུམ་པ་བསྟན་པའོ། །གཞན་ཡང་འཕགས་པ་ཉན་ཐོས་འདི་ན་འདི་ལྟར་ཡང་དག་པར་སོ་སོར་སློབ་སྟེ། མཐོང་བའི་ཆོས་ཀྱི་འདོད་པ་གང་ཡིན་པ་དང་། ཕ་རོལ་གྱི་འདོད་པ་གང་ཡིན་པ་དང་མཐོང་བའི་ཆོས་ཀྱི་གཟུགས་གང་ཡིན་པ་དང་། ཕ་རོལ་གྱི་གཟུགས་གང་ཡིན་པ་
དང་། མཐོང་བའི་ཆོས་ཀྱི་འདོད་པའི་འདུ་ཤེས་གང་ཡིན་པ་དང་། ཕ་རོལ་གྱི་འདོད་པའི་འདུ་ཤེས་གང་ཡིན་པ་དང་། མཐོང་བའི་ཆོས་ཀྱི་གཟུགས་ཀྱི་འདུ་ཤེས་གང་ཡིན་པ་དང་། ཕ་རོལ་གྱི་གཟུགས་ཀྱི་འདུ་ཤེས་གང་ཡིན་པ་དང་། མི་གཡོ་བའི་འདུ་ཤེས་གང་ཡིན་པ་དང་ཅི་
ཡང་མེད་པའི་འདུ་ཤེས་གང་ཡིན་པ་འདི་དག་ནི་མི་རྟག་པ་འདུས་བྱས་པ་བསམས་པས་བསྒྲུབས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ནོ་ཞེས་རིག་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་མོས་པར་འགྱུར་ཏེ། དེ་དེ་ལྟར་རྟོགས་ནས་དེ་ལ་ལན་མང་དུ་བསྒྲུབས་ཤིང་གནས་
ཏེ། སྐྱེ་མཆེད་ལ་སེམས་མངོན་པར་དང་སྟེ། སེམས་མངོན་པར་དང་བས་ད་ལྟར་འཕགས་པ་ཉན་ཐོས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་ཅིང་ཤེས་རབ་རྣམ་པར་གྲོལ་བར་འགྱུར་རོ། །གང་ཞིག་བསྒྲུབས་ནས་རྣམ་པར་ཤེས་པ་འདུ་ཤེས་མེད་འདུ་ཤེས་མེད་
མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་དོ། །འདི་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལས་བསྟན་པའོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་རྒྱབ་ན་རྔ་ཡབ་ཐོགས་ཏེ། བཅོམ་ལྡན་འདས་ལ་རྔ་ཡབ་གཡོབ་ཅིང་
འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་དགེ་སློང་འདི་སྙམ་དུ་བདག་མེད་དོ། །བདག་གི་མེད་དོ། །བདག་འབྱུང་བར་མ་གྱུར་ཅིག་བདག་གི་འབྱུང་བར་མ་གྱུར་ཅིག་ཅེས་བཙུན་པ་དེ་ལྟར་རྟོགས་པའི་དགེ་སློང་
Vol. 146 · folio 229b
མཐོང་བའི་ཆོས་འདི་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རམ། ཀུན་དགའ་བོ་གཅིག་ཏུ་ངེས་པ་མ་ཡིན་ཏེ། ཁ་ཅིག་ནི་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལ་ཁ་ཅིག་ནི་མྱ་ངན་ལས་འདའ་བར་མི་འགྱུར་རོ། །བཙུན་པ་འདི་ན་རྒྱུ་གང་དང་རྐྱེན་གང་གིས་འདི་ལྟར་རྟོགས་
པའི་དགེ་སློང་ཁ་ཅིག་མཐོང་བའི་ཆོས་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ལ། ཁ་ཅིག་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བར་འགྱུར་བ་ལགས། ཀུན་དགའ་བོ་འདི་ན་དགེ་སློང་འདི་ལྟར་རྟོགས་པར་འགྱུར་ཏེ། བདག་མེད་དོ། །བདག་གི་མེད་དོ། །བདག་འབྱུང་བར་མ་
གྱུར་ཅིག །བདག་གི་འབྱུང་བར་མ་གྱུར་ཅིག་ཅེས་གང་ཡོད་ཅིང་གང་བྱུང་བ་དེ་སྤོངས་ཤིང་བཏང་སྙོམས་སུ་བྱ་བ་འཐོབ་སྟེ། དེ་བཏང་སྙོམས་ལ་ཞེན་ཅིང་ངེས་པར་བྱེད་དེ། ཀུན་དགའ་བོ་དགེ་སློང་འདི་ནི་ཉེ་བར་ལེན་པ་དང་བཅས་ཤིང་མཐོང་བའི་ཆོས་འདི་ཉིད་ལ་ཡོངས་སུ་མྱ་ངན་ལས་མི་
འདའ་བ་ཞེས་བྱའོ། །བཙུན་པ་ཅི་འཕགས་པ་ཉན་ཐོས་དེའི་དུས་ན་ཉེ་བར་ལེན་པ་གང་གིས་ཉེ་བར་ལེན་པ་དང་བཅས་པ་ལགས། །འདི་ལྟ་སྟེ། སྲིད་པའི་རྩེ་མོ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་འདུ་བྱེད་ལྷག་མས་སོ། །བཙུན་པ་འཕགས་པ་ཉན་ཐོས་དེའི་དུས་ན་ཉེ་བར་
ལེན་པ་གང་གིས་ཉེ་བར་ལེན་པ་དང་བཅས་པའི་ཉེ་བར་ལེན་པ་འདི་ནི་མཆོག །ཉེ་བར་ལེན་པ་འདི་ནི་གཙོ་བོ་སྟེ། འདི་ལྟ་སྟེ། སྲིད་པའི་རྩེ་མོ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་འདུ་བྱེད་ལྷག་མའོ། །ཀུན་དགའ་བོ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ། འཕགས་པ་ཉན་ཐོས་དེའི་དུས་
ན་ཉེ་བར་ལེན་པ་གང་གིས་ཉེ་བར་ལེན་པ་དང་བཅས་པའི་ཉེ་བར་ལེན་པ་དེ་ནི་མཆོག་ཉེ་བར་ལེན་པ་དེ་ནི་གཙོ་བོ་སྟེ། འདི་ལྟ་སྟེ། སྲིད་པའི་རྩེ་མོ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་འདུ་བྱེད་ལྷག་མའོ། །ཀུན་དགའ་བོ་འདི་ན་དགེ་སློང་འདི་ལྟར་རྟོགས་པར་འགྱུར་ཏེ། བདག་མེད་དོ། །
བདག་གི་མེད་དོ། །བདག་འབྱུང་བར་མ་གྱུར་ཅིག །བདག་གི་འབྱུང་བར་མ་གྱུར་ཅིག་ཅེས་གང་ཡོད་ཅིང་གང་བྱུང་བ་དེ་སྤོང་ཞིང་བཏང་སྙོམས་སུ་བྱ་བ་ཐོབ་སྟེ། དེ་བཏང་སྙོམས་ལ་རོ་མི་མྱོང་ཞིང་མི་ཞེན་ཅིང་ངེས་པར་མི་བྱེད་དེ། ཀུན་དགའ་བོ་དགེ་སློང་འདི་ནི་ཉེ་བར་ལེན་པ་དང་བཅས་ཤིང་ཡོངས་སུ་
Vol. 146 · folio 230a
མྱ་ངན་ལས་འདའ་བ་ཞེས་བྱའོ། །ཀུན་དགའ་བོ་རྒྱུ་འདི་དང་རྐྱེན་འདིས་དགེ་སློང་ཁ་ཅིག་ནི་མཐོང་བའི་ཆོས་ཉིད་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ལ། ཁ་ཅིག་ནི་མྱ་ངན་ལས་འདའ་བར་མི་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་མི་གཡོ་བར་
ཉེ་བར་འགྲོ་བའི་ལམ་བསྟན་ཅིང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལམ་ཡང་བསྟན། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལམ་ཡང་བསྟན། ཉེ་བར་ལེན་པ་མེད་པར་མྱ་ངན་ལས་འདའ་བ་ཡང་བསྟན་ལགས་ཀྱི། བཙུན་པ་འཕགས་པའི་
རྣམ་པར་གྲོལ་བའི་ལམ་བསྟན་དུ་གསོལ། ཀུན་དགའ་བོ་འདི་ནི་དགེ་སློང་འདི་ལྟར་སོ་སོར་ཡང་དག་པར་སློབ་སྟེ། མཐོང་བའི་ཆོས་ཀྱི་འདོད་པ་གང་ཡིན་པ་དང་། ཕ་རོལ་གྱི་འདོད་པ་གང་ཡིན་པ་དང་། མཐོང་བའི་ཆོས་ཀྱི་གཟུགས་གང་ཡིན་པ་དང་། ཕ་རོལ་གྱི་གཟུགས་གང་ཡིན་པ་
དང་། མཐོང་བའི་ཆོས་ཀྱི་འདོད་པའི་འདུ་ཤེས་གང་ཡིན་པ་དང་། ཕ་རོལ་གྱི་འདོད་པའི་འདུ་ཤེས་གང་ཡིན་པ་དང་། མཐོང་བའི་ཆོས་ཀྱི་གཟུགས་ཀྱི་འདུ་ཤེས་གང་ཡིན་པ་དང་། ཕ་རོལ་གྱི་གཟུགས་ཀྱི་འདུ་ཤེས་གང་ཡིན་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་གང་ཡིན་པ་དང་། འདུ་ཤེས་
མེད་འདུ་ཤེས་མེད་མིན་སྐྱེ་མཆེད་གང་ཡིན་པ་འདི་ཙམ་ནི་འཇིག་ཚོགས་ཏེ། ཇི་ཙམ་དུ་འཇིག་ཚོགས་གང་ཡིན་པ་དེ་ཙམ་དུ་སྐྱེ་བར་འགྱུར། ན་བར་འགྱུར། རྒ་བར་འགྱུར། འཆི་འཕོ་ཞིང་སྐྱེ་བར་འགྱུར་ཏེ། འདི་འཆི་བ་ཞེས་བྱའོ། །འཆི་བ་མེད་པ་གང་ཞེ་ན། ཉེ་བར་ལེན་པ་སྤངས་པ་ངེས་པར་
བྱུང་བ། སྲེད་པ་ཟད་པ་འདོད་ཆགས་དང་བྲལ་བ་འགོག་པ་སྟེ། ཀུན་དགའ་བོ་ངས་འཕགས་པའི་ཆོས་འདུལ་བ་མི་གཡོ་བར་ཉེ་བར་འགྲོ་བའི་ལམ་བསྟན་ཅིང་ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལམ་ཡང་བསྟན་ཅིང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལམ་
ཡང་བསྟན། ཉེ་བར་ལེན་པ་མེད་པ་མྱ་ངན་ལས་འདས་པ་བསྟན་ཅིང་། འཕགས་པའི་རྣམ་པར་གྲོལ་བ་ཡང་བསྟན་ཏེ། ཀུན་དགའ་བོ་འདི་ནི་སྟོན་པས་དགེ་སློང་རྣམས་ལ་བྱ་བ་བྱེད། ཐུགས་རྗེ་དང་རྗེས་སུ་བརྩེ་བས་དོན་དུ་འདོད་པ་དང་ཕན་པར་འདོད་དེ་བདག་གིས་བྱས་སོ། །ད་ནི་ཁྱེད་
Vol. 146 · folio 230b
ཅག་རྣམས་ཀྱིས་བྱ་བ་དགོན་པ་དང་། ཤིང་དྲུང་དང་། ཁང་པ་སྟོང་པ་དང་། རི་དང་རིའི་ཕུག་དང་། སོག་མའི་སྤྱིལ་བུ་དང་། བླ་གབ་མེད་པ་དང་། དུར་ཁྲོད་དང་ནགས་དག་ཏུ་མལ་སྟན་རྙིང་པ་དག་ལ་དགེ་སློང་དག་བསམ་གཏན་བྱ་ཞིང་བག་མེད་པར་མི་བྱ་སྟེ། ཕྱིས་འགྱོད་པར་
གྱུར་ཏ་རེ། འདི་ངའི་རྗེས་སུ་བསྟན་པའོ་ཞེས་གསུངས་སོ། །བར་སྡོམ་ལ། མི་རྟག་རྣམ་གསུམ་བདག་དང་ཅུང་ཟད་མེད། མཐོང་ཆོས་བདག་དང་ལྟ་དང་ཇི་ཙམ་བསྟན། །དེ་ལ་མདོ་དང་པོས་ནི་བསམ་གཏན་གྱི་ལམ་བསྟན་ཅིང་། མདོ་གཉིས་པ་ལ་སོགས་པས་ནི་གཟུགས་མེད་
པའི་སྙོམས་པར་འཇུག་པ་བསྟན་པར་ཤེས་པར་བྱའོ། །མིག་གི་གཟུགས་རྣམས་མཐོང་ནས་གཟུགས་ལ་སོ་སོར་ཡང་དག་པར་རྟོག་པར་བྱེད་དོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་རྣམ་གྲངས་གང་གིས་རྣམ་གྲངས་གང་ལ་བརྟེན་ཏེ་དགེ་སློང་དད་པ་
གཞན་དུ་གྱུར་ཅིང་། འདོད་པ་ཡང་གཞན་དུ། ཐོས་པ་ཡང་གཞན་དུ་རྣམ་པ་ཡོངས་སུ་སྤྱོད་པ་ཡང་གཞན་དུ་མཐོང་བའི་བསམ་གཏན་ལ་བཟོད་པ་ཡང་གཞན་དུ་གྱུར་ལ། སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་ཡང་དག་པ་ཉིད་དུ་ལུང་སྟོན་པ་དེ་ལྟ་བུ་ཡོད་དམ། བཙུན་པ་བཅོམ་ལྡན་
འདས་ཆོས་ཀྱི་རྩ་བ། བཅོམ་ལྡན་འདས་ཆོས་ཀྱི་སྤྱན་ཞེས་བྱ་བ་ནས་བཤད་པར་བྱའོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་རྣམ་གྲངས་གང་གིས་རྣམ་གྲངས་གང་ལ་བརྟེན་ཏེ་དགེ་སློང་དད་པ་གཞན་དུ་གྱུར་ཅིང་ཞེས་བྱ་བ་ནས། སྔ་མ་བཞིན་དུ་སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་ཡང་
དག་པ་ཉིད་དུ་ལུང་བསྟན་པ་དེ་ལྟ་བུ་ཡོད་དོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དགེ་སློང་དག་རྣམ་གྲངས་གང་གིས་རྣམ་གྲངས་གང་ལ་བརྟེན་ཏེ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་ཡང་དག་པ་ཉིད་དུ་ལུང་སྟོན་པར་འགྱུར་བ་དེ་གང་ཞེ་ན། དགེ་སློང་དག་འདི་
ནི་དགེ་སློང་མིག་གིས་གཟུགས་རྣམས་མཐོང་ནས་གཟུགས་ལ་སོ་སོར་ཡང་དག་པར་རྟོག་པར་བྱེད་ཀྱི། གཟུགས་རྣམས་ལ་འདོད་ཆགས་པར་ཡང་དག་པར་སོ་སོར་རྟོག་པར་ནི་མི་བྱེད་དེ། ནང་གི་བདག་ཉིད་ཀྱི་མིག་གི་རྣམ་པར་ཤེས་པ་གཟུགས་རྣམས་ལ་ཆགས་པ་མེད་ཅིང་ནང་གི་
Vol. 146 · folio 231a
བདག་ཉིད་ཀྱི་མིག་གི་རྣམ་པར་ཤེས་པ་གཟུགས་རྣམས་ལ་ཆགས་པ་མེད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །དགེ་སློང་དག་འདི་ན་དགེ་སློང་རྣ་བས་སྒྲ་ལ། སྣས་དྲི་ལ། ལྕེས་རོ་ལ། ལུས་ཀྱིས་རེག་བྱ་ལ། ཡིད་ཀྱིས་ཆོས་རྣམས་རྣམ་པར་
ཤེས་ནས་ཆོས་ལ་སོ་སོར་ཡང་དག་པར་རྟོག་པར་བྱེད་ཀྱི། ཆོས་ལ་འདོད་ཆགས་པར་སོ་སོར་ཡང་དག་པར་རྟོག་པར་མི་བྱེད་དེ། ནང་གི་བདག་ཉིད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་རྣམས་ལ་ཆགས་པ་མེད་ཅིང་། ནང་གི་བདག་ཉིད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་རྣམས་ལ་ཆགས་
པ་མེད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །གང་ཡང་དགེ་སློང་དེ་མིག་གིས་གཟུགས་རྣམས་མཐོང་ནས་ཞེས་བྱ་བ་ནས། སྔ་མ་བཞིན་དུ་སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་ཡང་དག་པ་ཉིད་དུ་ལུང་སྟོན་པར་འགྱུར་བ་ཡོད་དོ་ཞེས་བྱ་བའི་བར་དུའོ། །གང་ཡང་དགེ་སློང་
དེ་རྣ་བས་སྒྲ་ནས་སྔ་མ་བཞིན་དུ་ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་ནས་ཆོས་སོ་སོར་ཡང་དག་པར་རྟོག་པར་བྱེད་ཀྱི། ཆོས་ལ་འདོད་ཆགས་པར་སོ་སོར་ཡང་དག་པར་རྟོག་པར་མི་བྱེད་དེ། ནང་གི་བདག་ཉིད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་རྣམས་ལ་ཆགས་པ་མེད་ཅིང་། ནང་གི་བདག་
ཉིད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་རྣམས་ལ་ཆགས་པ་མེད་དོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་ན། དགེ་སློང་དག་འདི་ཇི་སྙམ་དུ་སེམས། ཆོས་འདི་དད་པ་དང་། འདོད་པ་དང་། ཐོས་པ་དང་། རྣམ་པ་ཡོངས་སུ་དཔྱོད་པ་དང་། མཐོང་བའི་བསམ་གཏན་ལ་བཟོད་པས་རིག་
པར་བྱ་བ་ཡན་སྙམ་མམ། བཙུན་པ་མ་ལགས་སོ། །ཆོས་འདི་ནི་ཡང་དག་པ་ཇི་ལྟ་བ་ཉིད་དུ་ཡང་དག་པའི་ཤེས་རབ་ཀྱིས་མཐོང་ཞིང་རིག་པར་བྱ་བ་ཡིན་ནོ། །བཙུན་པ་དེ་བཞིན་ནོ། །དགེ་སློང་དག་འདི་ནི་རྣམ་གྲངས་གང་གིས་དང་རྣམ་གྲངས་གང་ལ་བརྟེན་ནས་དད་པ་ཡང་གཞན་དུ་
ཞེས་བྱ་བ་ནས། སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་ཡང་དག་པ་ཉིད་དུ་ལུང་སྟོན་པ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ་ཞེས་གསུངས་སོ། །གང་གི་ཚེ་བདེ་བའི་ཚོར་བ་མྱོང་བ་དེའི་ཚེ་ཞེས་བྱ་བ་ལ། གང་ལས་ཉེ་བར་བསྟན་ཅེ་ན། གླེང་གཞི་ནི་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས་
Vol. 146 · folio 231b
འདོན་ཏེ། ཀུན་དགའ་བོ་ཇི་ཙམ་གྱིས་ན་བདག་ཉིད་ཡང་དག་པར་རྗེས་སུ་མཐོང་ཞིང་བདག་ཉིད་ཡང་དག་པར་རྗེས་སུ་མཐོང་བ་ཞེས་བྱ། བཙུན་པ་བཅོམ་ལྡན་འདས་ཆོས་རྣམས་ཀྱི་རྩ་བ། བཅོམ་ལྡན་འདས་ཆོས་རྣམས་ཀྱི་སྤྱན་ཏེ། བཅོམ་ལྡན་འདས་དགེ་སློང་རྣམས་དོན་འདི་
བསྟན་ན་དགེ་སློང་རྣམས་ཀྱིས་ཐོས་ནས་ལེགས་པར་འཛིན་པར་འགྱུར་རོ། །ཀུན་དགའ་བོ་དེའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ཀུན་དགའ་བོ་འདི་ནི་ཚོར་བ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ཞིང་ཡང་དག་པར་རྗེས་སུ་མཐོང་ངོ་། །ཀུན་
དགའ་བོ་གཞན་ཡང་འདི་ན་ཁ་ཅིག་ཚོར་བ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་བདག་ནི་རིག་ཅིང་ཚོར་བའི་ཆོས་ཅན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་ཞིང་ཡང་དག་པར་རྗེས་སུ་མཐོང་ངོ་། །ཀུན་དགའ་བོ་གཞན་ཡང་འདི་ན་ཁ་ཅིག་ཚོར་བ་བདག་ཡིན་ནོ་ཞེས་
ཡང་དག་པར་རྗེས་སུ་མི་མཐོང་ཞིང་བདག་ནི་རིག་ཅིང་ཚོར་བའི་ཆོས་ཅན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི་འོན་ཀྱང་བདག་ནི་སོ་སོར་མྱོང་བ་མ་ཡིན་པའོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་ཞིང་ཡང་དག་པར་རྗེས་སུ་མཐོང་སྟེ། ཀུན་དགའ་བོ་དེ་ལ་ཚོར་བ་བདག་ཡིན་ནོ་ཞེས་ཡང་དག་པར་
རྗེས་སུ་མཐོང་ཞིང་ཡང་དག་པར་རྗེས་སུ་མཐོང་བ་དེ་ལ་འདི་སྐད་དུ་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་དག་ཚོར་བ་ནི་གསུམ་པོ་འདི་དག་སྟེ། བདེ་བ་དང་། སྡུག་བསྔལ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའོ། །ཚེ་དང་ལྡན་པ་དག་གང་གི་ཚེ་བདེ་བའི་ཚོར་བ་མྱོང་བ་དེའི་ཚེ་ཚོར་བ་
གཉིས་པོ་སྡུག་བསྔལ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་དག་འགག་པར་འགྱུར་རོ། །ཁྱོད་གང་གི་ཚེ་བདེ་བའི་ཚོར་བ་མྱོང་བ་ན་བདེ་བའི་ཚོར་བ་དེ་ཡང་མི་རྟག་སྟེ། འགག་པའི་ཆོས་ཅན་ཏེ། བདེ་བའི་ཚོར་བ་འགགས་པ་ན་བདག་དང་བྲལ་ཞིང་བདག་འོང་བ་མེད་
པར་གྱུར་ཏམ་ཅི། །ཚེ་དང་ལྡན་པ་དག་གང་གི་ཚེ་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེའི་ཚེ་ཚོར་བ་གཉིས་པོ་བདེ་བ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་དག་འགག་པར་འགྱུར་རོ། །ཁྱོད་གང་གི་ཚེ་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བ་ན་སྡུག་བསྔལ་གྱི་ཚོར་བ་དེ་ཡང་མི་
Vol. 146 · folio 232a
རྟག་ཅིང་འགག་པའི་ཆོས་ཅན་ཏེ། སྡུག་བསྔལ་གྱི་ཚོར་བ་འགགས་པ་ན་བདག་དང་བྲལ་ཞིང་བདག་འོང་བ་མེད་པར་གྱུར་ཏམ། ཚེ་དང་ལྡན་པ་དག་གང་གི་ཚེ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་མྱོང་བ་དེའི་ཚེ་ཚོར་བ་གཉིས་པོ་བདེ་བ་དང་
སྡུག་བསྔལ་གྱི་ཚོར་བ་གཉིས་པོ་དག་འགག་པར་འགྱུར་རོ། །ཁྱོད་གང་གི་ཚེ་བདེ་བའི་ཚོར་བ་མྱོང་བ་ན་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་དེ་ཡང་མི་རྟག་ཅིང་འགག་པའི་ཆོས་ཅན་ཏེ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་འགགས་པ་
ན་བདག་དང་བྲལ་ཞིང་འོང་བ་མེད་པར་གྱུར་ཏམ་ཞེས་སོ། །ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། །དེ་འདི་ལྟར་བདེ་བ་དང་སྡུག་བསྔལ་འདྲེས་ཤིང་འཆོལ་བའི་ཚོར་བ་མྱོང་བ་ལ་ཚོར་བ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མཐོང་བ་དེ་དགེའམ། བཙུན་པ་མ་ལགས་སོ། །ཀུན་
དགའ་བོ་རྣམ་གྲངས་འདིས་ན་ཚོར་བ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་ལྟ་ཞིང་ཡང་དག་པར་རྗེས་སུ་ལྟ་བ་འདི་ནི་ངས་མི་བཟོད་དོ། །ཀུན་དགའ་བོ་དེ་ལ་ཁ་ཅིག་ཚོར་བ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་མོད་ཀྱི་འོན་ཀྱང་བདག་ནི་རིག་ཅིང་ཚོར་བའི་ཆོས་ཅན་ནོ་ཞེས་
ཡང་དག་པར་རྗེས་སུ་ལྟ་ཞིང་ཡང་དག་པར་རྗེས་སུ་ལྟ་བ་དེ་ལ་འདི་སྐད་དུ་བརྗོད་པར་བྱ་སྟེ། གང་ཡང་ཚོར་བ་མེད་པ་དེ་ལ་ཚོར་བ་པོ་མི་དམིགས་སོ། །ཀུན་དགའ་བོ་གང་ཚོར་བ་མེད་པ་དེ་ལ་ཚོར་བ་པོ་མི་དམིགས་ན་བདག་ནི་རིག་ཅིང་ཚོར་བའི་ཆོས་ཅན་ནོ་ཞེས་སྨྲ་བ་དེ་དག་དགེ་བ་ཡིན་ནམ། བཙུན་
པ་མ་ལགས་སོ། །ཀུན་དགའ་བོ་རྣམ་གྲངས་འདིས་ན་བདག་རིག་ཅིང་ཚོར་བའི་ཆོས་ཅན་ནོ་ཞེས་ཡང་དག་པར་རྗེས་སུ་ལྟ་བ་འདི་ནི་ངས་མི་བཟོད་དོ། །ཀུན་དགའ་བོ་དེ་ལ་ཚོར་བ་བདག་ཡིན་ནོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། ཡང་དག་པར་རྗེས་སུ་མི་མཐོང་ལ། བདག་ནི་རིག་ཅིང་ཚོར་
བའི་ཆོས་ཅན་ནོ་ཞེས་ཡང་དག་པར་རྗེས་སུ་ལྟ་བ་འདི་ནི་ངས་མི་བཟོད་རྗེས་སུ་མི་མཐོང་མོད་ཀྱི། འོན་ཀྱང་བདག་ནི་སོ་སོར་མྱོང་བ་མེད་པའོ་ཞེས་ཡང་དག་པར་རྗེས་སུ་ལྟ་ཞིང་ཡང་དག་པར་རྗེས་སུ་མཐོང་བ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་དག་གང་ལ་ཚོར་བ་
Vol. 146 · folio 232b
པོ་མི་དམིགས་སོ། །ཀུན་དགའ་བོ་གང་ལ་ཚོར་བ་མེད་པ་དེ་ལ་ཚོར་བ་པོ་མི་དམིགས་ཀྱང་བདག་ཅེས་བྱ་བར་འགྱུར་རམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་བདག་ཏུ་རློམ་པ་ཐམས་ཅད་དུ་མི་བདེན་ན་བདག་ནི་སོ་སོར་རིག་པ་མེད་པའོ་ཞེས་ཡང་དག་པར་རྗེས་སུ་མཐོང་བ་
ན་དགེ་བ་ཡིན་ནམ། བཙུན་པ་མ་ལགས་སོ། །ཀུན་དགའ་བོ་རྣམ་གྲངས་འདིས་ན་བདག་ནི་སོ་སོར་རིག་པ་མེད་པའོ་ཞེས་ཡང་དག་པར་རྗེས་སུ་མཐོང་ཞིང་ཡང་དག་པར་རྗེས་སུ་མཐོང་བ་འདི་ནི་ངས་མི་བཟོད་དོ། །ཀུན་དགའ་བོ་འདི་ཙམ་གྱིས་ན་བདག་ཡང་དག་པར་རྗེས་སུ་མཐོང་
ཞིང་ཡང་དག་པར་རྗེས་སུ་མཐོང་བ་ཞེས་བྱའོ། །ཇི་ལྟར་དགེ་སློང་གི་དགེ་འདུན་ལ་བུད་མེད་ཅེས་བརྗོད་པ་ཞེས་བྱ་བ་ལ། གང་གི་ཚེ་བཅོམ་ལྡན་འདས་ཀྱི་གསུང་ཀཽ་ཤཱམྦཱི་པའི་དགེ་སློང་རྣམས་ཀྱིས་ལན་གསུམ་གྱི་བར་དུ་ཕྱིར་བཟློག་པ་དང་། དེའི་ཚེ་དགེ་སློང་རྣམས་ཀྱིས་ཐེ་ཚོམ་ཐམས་
ཅད་གཅོད་པར་མཛད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། དེ་བཞིན་གཤེགས་པས་ཕྲིན་ལས་ཅི་ཞིག་མཛད་ནས་ལས་དེའི་རྣམ་པར་སྨིན་པས་བཅོམ་ལྡན་འདས་ཀྱིས་དགེ་བའི་གསུང་། ཕན་པའི་གསུང་། གཟུང་བར་འོས་པའི་ཚིག་དག་ཀྱང་ཀཽ་ཤཱམྦཱི་པའི་དགེ་སློང་རྣམས་
ཀྱིས་ལན་གསུམ་གྱི་བར་དུ་ཕྱིར་བཟློག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་ཏེ། སྔོན་གཞན་གྱིས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་བ་ཞེས་བྱ་བ་ནས། ལུས་ཅན་རྣམས་ལ་འབྲས་བུར་
སྨིན། ཞེས་བྱ་བའི་བར་དུའོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ།
ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཕམ་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ན་ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དེ་ཕྱུག་པོའི་བུར་གྱུར་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་རབ་ཏུ་བྱུང་ངོ་། །རབ་
Vol. 146 · folio 233a
ཏུ་བྱུང་ནས་སྡེ་སྣོད་གསུམ་པར་གྱུར་ཏོ། །དེ་ནས་དགེ་སློང་གི་དགེ་འདུན་ལ་རྩོད་པ་བྱུང་སྟེ། དེས་རྩོད་པ་དེ་ཆེར་འཕེལ་བར་བྱས་སོ། །ཇི་ཙམ་ན་དགེ་སློང་མདོ་སྡེ་འཛིན་པ་ཞིག་གིས་དེ་བཏོན་ནས་རྩོད་པ་དེ་ཞི་བར་བྱས་པ་དང་། དེས་བུད་མེད་རྣམས་ཀྱི་རྩོད་པ་ཞི་བར་བྱས་
སམ་ཞེས་དགེ་སློང་གི་དགེ་འདུན་ལ་བུད་མེད་ཅེས་སྨྲས་སོ། །ངག་གི་ཉེས་པར་སྤྱད་པ་དེས་དེའི་སྐྱེས་པའི་དབང་པོ་ནུབ་ཅིང་བུད་མེད་ཀྱི་དབང་པོ་བྱུང་བར་གྱུར་ཅིང་སྐྱེ་བ་ལྔ་བརྒྱར་བུད་མེད་དུ་སྐྱེས་ཤིང་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱིས་དེའི་བུད་མེད་ཀྱི་
དངོས་པོ་བཟློག་ཅིང་སྐྱེས་པའི་དངོས་པོ་ཐོབ་པར་བྱས་སོ། །ང་ཉིད་དེའི་ཚེ་དེའི་དུས་ན་ཕྱུག་པོའི་བུར་གྱུར་ཅིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྡེ་སྣོད་གསུམ་པར་གྱུར་ཀྱང་ངས་དགེ་འདུན་ལ་ངག་གི་ཉེས་པར་སྤྱོད་པ་སྨྲས་པས་ལས་དེའི་རྒྱུས་ཀཽ་ཤཱམྦཱི་པའི་དགེ་སློང་རྣམས་ཀྱིས་ལན་གསུམ་
གྱི་བར་དུ་ངའི་ཚིག་ཕྱིར་བཟློག་གོ། །འདི་ཉིད་ཕྲན་ཚེགས་ལས་སངས་རྒྱས་མང་པོའི་རྟོགས་པ་བརྗོད་པར་ཚིགས་སུ་བཅད་པར་བྱས་ཏེ། དེ་ནས་སངས་རྒྱས་མི་ཕམ་པའི། །སྔོན་བྱུང་སྡེ་སྣོད་གསུམ་པར་གྱུར། །དགེ་སློང་དགེ་འདུན་རྩོད་པ་ན། །དགེ་འདུན་བུད་མེད་ཅེས་བརྗོད་པའི། །ངག་གི་
ཉེས་པར་སྤྱད་བྱས་པས། །བུད་མེད་ཉིད་དུ་ཉེ་བར་སོང་། །སླར་ཡང་སེམས་རབ་དད་པ་ཡིས། །སྐྱེས་པའི་དངོས་པོ་ཉིད་དུ་གྱུར། །ཞེས་གསུངས་སོ། །ཇི་ལྟར་ཉུང་རུམ་ཞེས་བྱ་བ་ལ། རྒྱལ་པོ་ཀ་ན་ཀའི་ཉུང་རུམ་ལོང་བ་ཞེས་བྱ་བ་ཅིག་ཡོད་དོ་ཞེས་གྲག་སྟེ། དེ་ལམ་ན་འགྲོ་བ་ན་བ་ལང་ལྔ་
བརྒྱའི་ཁྱུ་ཞིག་ཁྲིད་དེ་འགྲོ་བ་མཐོང་ནས། འདི་དག་ཅི་བྱེད་ཅེས་དྲིས་པ་དང་། སྨྲས་པ་དབང་པོ་དག་གདོན་པའི་ཕྱིར་རོ། །དེ་འདི་སྙམ་དུ་བདག་ཀྱང་སྔོན་བྱས་པའི་ལས་ཀྱི་རྣམ་པར་སྨིན་པས་འདི་ལྟ་བུར་གྱུར་ལ། འདི་ཡང་འདི་ལྟ་བུར་གྱུར་ཏེ། མི་དེས་ལས་འདི་བྱས་པས་སྐྱེ་བ་མང་པོར་
རྣམ་པ་འདི་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བསམ་པའི་ཁྱད་པར་དྲག་པོ་མངོན་དུ་བྱས་ནས་བ་ལང་ཉོས་ཏེ་གྲོལ་བར་བྱས་སོ། །དེ་ནས་ཉུང་རུམ་དེའི་སྐྱེས་པའི་དབང་པོ་བྱུང་བར་གྱུར་ཏོ། །རྒྱལ་པོས་ཐོས་ནས་རབ་ཏུ་དགའ་སྟེ་དེ་ཉིད་བུད་མེད་ཀྱི་སྲུང་མར་གཞག་གོ། །ཇི་
Vol. 146 · folio 233b
ལྟར་པི་ལིན་ཏའི་བུའི་གཏམ་རྒྱུད་ཅེས་བྱ་བ་ལ། བཅོམ་ལྡན་འདས་བཅོམ་བརླག་གི་ཨ་མྲའི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བྲམ་ཟེ་མོ་པི་ལིན་ཏའི་བུ་དྲུག་དུས་ལས་འདས་པར་གྱུར་ཏོ། །དེ་དེ་དག་དུས་བྱས་པས་སྒྲེན་མོར་བྱུང་སྟེ། སྨྱོ་ཞིང་སེམས་གཡེངས་ནས་དེ་དང་དེར་
འཁྱམས་ཞིང་བཅོམ་བརླག་གི་ཨ་མྲའི་ཚལ་གང་ན་བ་དེར་སོང་དོ། །དེའི་ཚེ་བཅོམ་ལྡན་འདས་དགེ་སློང་བརྒྱ་ཕྲག་དུ་མའི་འཁོར་གྱིས་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཅིང་བཞུགས་སོ། །བྲམ་ཟེ་མོ་པི་ལིན་ཏས་ཐག་རིང་པོ་ནས་བཅོམ་ལྡན་འདས་མཐོང་ནས་ངོ་ཚ་ཞིང་འཛེམ་པ་དང་བཅས་
པས་གཟུགས་བསྡུས་ཏེ་དྲན་པ་རྙེད་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བྲམ་ཟེ་མོ་པི་ལིན་ཏ་རིང་པོ་ནས་གཟིགས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བྲམ་ཟེ་མོ་པི་ལིན་ཏ་ལ་བླ་གོས་བྱིན་ཏེ། དགབ་པར་གྱིས་ཤིག་དང་ཆོས་བཤད་པར་བྱའོ། །
དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བྲམ་ཟེ་མོ་པི་ལིན་ཏ་ལ་བླ་གོས་བྱིན་ཞིང་བྲམ་ཟེ་མོ་པི་ལིན་ཏ་ཆོས་གོས་བླ་གོས་ཀྱིས་གཡོགས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ་ཉེ་བར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་
གཅིག་ཏུ་འདུག་ནས་བྲམ་ཟེ་མོ་པི་ལིན་ཏ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན་པར་མཛད། ཡང་དག་པར་བསྐུལ་བར་མཛད། ཡང་དག་པར་དགའ་བར་མཛད། ཡང་དག་པར་རབ་ཏུ་གསལ་བར་མཛད་དེ། གང་སངས་རྒྱས་བཅོམ་ལྡན་
འདས་དུས་དང་པོར་བྱ་བ་འདི་ལྟ་སྟེ། སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། མཐོ་རིས་ཀྱི་གཏམ་དང་། འདོད་པ་རྣམས་རོ་ཆུང་ཞིང་ཉེས་དམིགས་དང་བཅས་པ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་། ཐར་པ་དང་དབེན་པའི་རྗེས་སུ་བསྔགས་
པ་དང་། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་རྒྱས་པར་གསལ་བར་མཛད་དེ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགའ་བའི་སེམས་དང་། དགེ་བའི་སེམས་དང་རབ་ཏུ་དགའ་བའི་སེམས་དང་། སྒྲིབ་པ་དང་བྲལ་བའི་སེམས་དང་། ཆོས་ཁྱད་པར་ཅན་བསྟན་པའི་སྣོད་དུ་མཁྱེན་
Vol. 146 · folio 234a
པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཁྱད་པར་ཅན་སྟོན་པར་མཛད་པ་འདི་ལྟ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་སྟེ། འཕགས་པའི་བདེན་པ་བཞི་རྒྱས་པར་རབ་ཏུ་གསལ་བར་མཛད་དེ། དཔེར་ན་ཁྲུས་མཁན་གྱི་གོས་
ཤིན་ཏུ་དག་པ་ཚོས་སུ་བཅུག་ན་ཚོན་རྩི་ལེན་པ་དེ་བཞིན་དུ་བྲམ་ཟེ་མོ་པི་ལིན་ཏ་སྟན་དེ་ཉིད་ལ་འདུག་བཞིན་དུ་འཕགས་པའི་བདེན་པ་བཞི་མངོན་དུ་གྱུར་ཏེ། འདི་ལྟ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་རྣམས་མངོན་པར་རྟོགས་སོ། །དེ་ནས་བྲམ་ཟེ་མོ་པི་ལིན་
ཏ་ཆོས་མཐོང་། ཆོས་ཐོབ། ཆོས་རིག །ཆོས་ཀྱི་རྣམ་གྲངས་ཁོང་དུ་ཆུད། ཆོས་ལ་ཐེ་ཚོམ་དང་ཡིད་གཉིས་ལས་བརྒལ་ཏེ། སྟོན་པའི་བསྟན་པ་ལ་གཞན་གྱི་དྲིང་མི་འཇོག་ཅིང་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་ཐལ་མོ་སྦྱར་ནས་ཕྱག་བྱེད་
ཅིང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་མངོན་པར་འཕགས་སོ། །རབ་ཏུ་འཕགས་སོ། །བདག་འདི་ནས་བཟུང་སྟེ་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དགེ་བསྙེན་དུ་གཟུང་དུ་གསོལ། །
དེང་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྲོག་དང་བསྡོས་ཏེ་སོང་ཞིང་སྐྱབས་སུ་འགྲོ་ལ་མངོན་པར་དད་དོ། །དེ་ནས་བྲམ་ཟེ་མོ་པི་ལིན་ཏ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་དྲུང་
ནས་སོང་ངོ་། །དེ་ནས་དུས་གཞན་ཞིག་ན་བྲམ་ཟེ་མོ་པི་ལིན་ཏའི་བུ་བདུན་པ་དུས་ལས་འདས་པར་གྱུར་ཏོ། །དེ་དུས་ལས་འདས་པ་ན་མྱ་ངན་མི་བྱེད་དེ། སྨྲེ་སྔགས་འདོན་པ་དང་། བྲང་རྡུང་བ་དང་། སྨྲེ་བར་མི་བྱེད་ཅིང་། རྨོངས་པ་མེད་དོ། །དེ་ནས་བ་ར་དྷྭ་ཛའི་རིགས་ཀྱི་བྲམ་ཟེས་བྲམ་ཟེ་མོ་པི་
ལིན་ཏ་ལ་འདི་སྐད་ཅེས་སྨྲས་སོ། །སྔོན་གྱི་རབ་ཏུ་དགའ་བ་ཡི། །བུ་དག་དྲན་པར་གྱུར་པ་ན། གདུང་བ་དང་ནི་སྡུག་བསྔལ་ཞིང་། །ཉིན་མཚན་ཟས་དག་གཅོད་པར་བྱེད། །བདུན་པ་དག་ནི་རྣམ་པ་ཐམས་ཅད་དུ། །ཁྱོད་རང་གིས་ནི་ཟོས་སམ་ཅི། །པི་ལིན་ཏས་སྨྲས་པ། ཅི་
Vol. 146 · folio 234b
སྟེ་ཡང་ཡང་གདུང་བར་བྱ། །བུ་དང་ཚ་བོ་སྟོང་ཕྲག་དང་། །གཉེན་བཤེས་ཚོགས་ནི་བརྒྱ་ཕྲག་དང་། །ཡུན་རིངས་དུས་ནས་ངས་ཟོས་ཤིང་། །བྲམ་ཟེ་ཁྱོད་ཀྱིས་ཀྱང་དེ་བཞིན། །བུ་དང་ཚ་བོ་ཚད་མེད་དག །ཕན་ཚུན་དུ་ནི་ཟོས་ནས་ནི། །ཕྱིར་ཡང་སྐྱེ་བ་དག་ཏུ་འགྱུར། །མྱ་ངན་དང་ནི་
སྨྲེ་བ་དང་། །ཡོངས་སུ་གདུང་བ་སུ་ཞིག་བྱེད། །སྐྱེ་བ་དང་ནི་འཆི་བ་ལས། །ངེས་པར་འབྱུང་བར་ཤེས་པར་གྱིས། །ངས་ནི་སྐྱེ་དང་འཆི་བ་ལས། །ངེས་པར་འབྱུང་བར་རབ་ཤེས་ཤིང་། །སངས་རྒྱས་ཀྱིས་ནི་རབ་བསྟན་པས། །རབ་ཏུ་གདུང་བ་མེད་པར་བྱས། །པི་ལིན་ཏ་ཁྱོད་ཅི་ཡི་ཕྱིར། །
རྨད་དུ་བྱུང་བའི་གཏམ་དག་སྒྲོགས། །ཆོས་གང་ཞིག་གིས་རྟོགས་ཤིང་ཤེས། །ཅི་ཞིག་རབ་ཏུ་ཞིག་གྱུར་ནས། །པི་ལིན་ཏ་ཁྱོད་རྨད་བྱུང་བའི། །གཏམ་དག་རབ་ཏུ་སྨྲ་བར་བྱེད། །བྲམ་ཟེ་བཅོམ་བརླག་ཨ་མྲའི་ཚལ། །རྫོགས་པའི་སངས་རྒྱས་བཞུགས་ནས་སུ། །ཐུབ་པ་སྡུག་
བསྔལ་ཐམས་ཅད་དག །སྤོང་བར་བྱེད་པའི་ཆོས་རྟོགས་ཏེ། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འདའ་བ་དང་། །ཞི་བ་མྱ་ངན་འདས་འགྲོ་བའི། །འཕགས་ལམ་ཡན་ལག་བརྒྱད་པ་དང་། །ཡང་དག་རྗེས་སྟོན་བཅོམ་ལྡན་འདས། །དེ་ཡི་བསྟན་
ལ་བདག་རབ་དགའ། །དེ་ཡི་ཆོས་དག་ཤེས་ནས་སུ། །བུ་ཡི་མྱ་ངན་མེད་པར་འགྱུར། །བདག་ཀྱང་ཨ་མྲའི་ཚལ་དུ་འགྲོ། །བདག་གི་བུ་ཡི་མྱ་ངན་དག །བཅོམ་ལྡན་འདས་ཀྱིས་སེལ་བར་འགྱུར། །བྲམ་ཟེ་རྫོགས་སངས་ཁ་བ་དང་། །གསེར་གྱི་མདོག་འདྲའི་པགས་པ་ཅན། །
རྣམ་པར་འདྲེན་པ་ཆུ་བོ་བརྒལ། །མ་དུལ་བ་དག་འདུལ་བར་བྱེད། །དེ་ནས་བྲམ་ཟེ་དེ་མྱུར་དུ། །ཤིང་རྟ་རྟ་ལ་ཞོན་ནས་ནི། །དགའ་ཞིང་རབ་ཏུ་དང་བ་ཡིས། །བཅོམ་བརླག་ཨ་མྲའི་ནགས་སུ་སོང་། །བྲམ་ཟེས་སངས་རྒྱས་མཐོང་ནས་ནི། །སེམས་དག་རབ་ཏུ་དང་བར་འགྱུར། །
མངོན་པར་དད་པའི་སེམས་བཅས་པས། །སྟོན་པའི་དྲུང་དུ་ཉེ་བར་སོང་། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འདའ་བ་དང་། །ཞི་བ་མྱ་ངན་འདས་འགྲོ་བའི། །འཕགས་ལམ་ཡན་ལག་བརྒྱད་པ་དག །དེ་ཡིས་ཐོས་ནས་དམ་པའི་ཆོས། །
Vol. 146 · folio 235a
དེ་ཉིད་དུ་ནི་མངོན་པར་རྟོགས། །དེ་ཡི་ཆོས་རྣམས་ཤེས་ནས་སུ། །རབ་ཏུ་བྱུང་བའི་དངོས་པོ་འདོད། །བྲམ་ཟེ་དེ་ནི་རབ་བྱུང་ནས། །བག་ཡོད་བཞིན་དུ་སྤྱོད་པ་ནི། །ཉིན་ཞག་གསུམ་གྱིས་གསུམ་རིག་པར། །ཐུབ་པ་ཡིས་ནི་ལུང་བསྟན་ཏོ། །བྲམ་ཟེ་གསུམ་རིག་གྱུར་
ནས་ནི། །ཁ་ལོ་སྒྱུར་ལ་འདི་སྐད་སྨྲས། །ཁྱོད་མྱུར་སོང་ལ་ཤིང་རྟ་འདིས། །བྲམ་ཟེ་མོ་ལ་བྱིན་པར་གྱིས། །པི་ལིན་ཏ་ལ་འདི་སྐད་བརྗོད། །ཁྱོད་སེམས་རབ་ཏུ་དགའ་བར་གྱིས། །བྲམ་ཟེ་སངས་རྒྱས་མཐོང་ནས་ནི། །སེམས་རབ་མངོན་པར་དང་བར་འགྱུར། །སེམས་རབ་མངོན་པར་དང་བ་
ཡིས། །སྟོན་པའི་དྲུང་དུ་ཉེ་བར་ཕྱིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྲེད་པ་རྣམ་པ་དྲུག་ཅེས་བྱ་བ་ལ། གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་སྤྱོད་པ་ནི་རྣམ་པ་དྲུག་སྟེ། གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་སྤྱོད་པ་དྲུག་གང་ཞེ་ན། ཤན་པ་ལ་སོགས་པ་
དང་། མཚམས་མེད་པ་ལྔ་དང་། ཚུལ་ཁྲིམས་འཆལ་པ་རྣམ་པ་ལྔ་དང་། ཚུལ་ཁྲིམས་འཆལ་པ་བདུན་དང་། ཚུལ་ཁྲིམས་འཆལ་པ་རྣམ་པ་བརྒྱད་དང་། ཚུལ་ཁྲིམས་འཆལ་པ་བཅུ་རྣམས་སོ། །དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་སྤྱོད་པ་ནི་རྣམ་
པ་བདུན་ཏེ། དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་སྤྱོད་པ་བདུན་གང་ཞེ་ན། ཚུལ་ཁྲིམས་རྣམ་པ་ལྔ་དང་། ཚུལ་ཁྲིམས་རྣམ་པ་བདུན་དང་། ཚུལ་ཁྲིམས་རྣམ་པ་བརྒྱད་དང་། ཚུལ་ཁྲིམས་རྣམ་པ་བཅུ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པ་བཞིའོ། །
མི་གནག་མི་དཀར་ལ་རྣམ་པར་སྨིན་པ་མེད་པའི་ལས་སྤྱོད་པ་བཅུ་སྟེ། གཞན་དུ་མ་བསྟན་ཏོ། །གོང་དུ་བྲིས་པ་དེ་ལས་ནག་པོ་དྲུག་དཀར་པོ་བདུན་དཀར་པོ་ཡང་མ་ཡིན་ནག་པོ་ཡང་མ་ཡིན་པ་བཅུ། དཀར་ནག་འདྲེས་མའི་ནི་ཅུང་ཟད་ཀྱང་མ་བསྟན་ཏོ། །མདོ་ཐམས་ཅད་ལ་དབྱང་པར་བྱའོ། །
དེ་ལ་མདོ་ནི་འདི་ལྟར་བརྗོད་པར་བྱ་སྟེ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ལས་ནི་རྣམ་པ་བཞི་སྟེ། གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་ཀྱང་ཡོད། དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་ཀྱང་
Vol. 146 · folio 235b
ཡོད། དཀར་གནག་ལ་རྣམ་པར་སྨིན་པ་དཀར་གནག་གི་ལས་ཀྱང་ཡོད། དཀར་པོ་ཡང་མ་ཡིན་ནག་པོ་ཡང་མ་ཡིན་ལ་རྣམ་པར་སྨིན་པ་མེད་ཅིང་ལས་དེ་དག་ཟད་པར་བྱ་བའི་ཕྱིར་འཇུག་པའི་ལས་ཀྱང་ཡོད་དོ། །གནག་ལ་རྣམ་པར་སྨིན་པ་གནག་པའི་ལས་གང་ཞེ་ན། ཚུལ་ཁྲིམས་
འཆལ་བ་རྣམ་པ་བཅུའོ། །དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་གང་ཞེ་ན། གཟུགས་མེད་པ་བཞིའོ། །དཀར་ནག་ལ་རྣམ་པར་སྨིན་པ་དཀར་ནག་གི་ལས་གང་ཞེ་ན། ཇི་ལྟར་གནོད་པ་དང་བཅས་པའི་ལུས་ཀྱི་འདུ་བྱེད་ཅིང་ཉེ་བར་སྩོགས་པ་དང་། གནོད་པ་མེད་པའི་
ལུས་ཀྱི་འདུ་བྱེད་ཅིང་ཉེ་བར་སྩོགས་པའོ། །དཀར་པོ་ཡང་མ་ཡིན་ནག་པོ་ཡང་མ་ཡིན་ལ་ལས་དེ་དག་ཟད་པར་བྱ་བའི་ཕྱིར་འཇུག་པ་གང་ཞེ་ན། འདི་ན་དགེ་སློང་འཕགས་པའི་ལམ་ཡན་ལག་བརྒྱད་སྒོམ་པར་བྱེད་པའོ་ཞེས་གསུངས་སོ། །དེ་ལྟར་ན་གཟུགས་མེད་པ་ན་སྤྱོད་པ་དང་
གཟུགས་མེད་པས་བསྡུས་པ་ཡང་མདོ་ལས་དཀར་ལ་རྣམ་པར་སྨིན་པ་དཀར་བའི་ལས་སུ་བཤད་པ་ཡིན་ནོ། །སྟོང་པ་ཉིད་ཆེན་པོའི་མདོ་ལས་ཞེས་བྱ་བ་ལ། ལུང་བར་མ་ལས། དགེ་སྦྱོང་དགེ་སྦྱོང་མཉམ་གཉིས་དང་། །དམིགས་བཅས་ཡོངས་ཤེས་རྗེས་འབྲང་དང་། ཆེན་པོ་བཞི་
བཅུ་སྟོང་ཉིད་གཉིས། །ཚོམས་སུ་ཡང་དག་བསྡེབས་ནས་བརྗོད། །ཅེས་བྱ་བའི་སྡོམ་གྱི་མཐའི་མདོ་ལས་འདི་ལྟར་འདོན་ཏེ། །གང་གི་ཕྱིར་འཕགས་པ་ཉན་ཐོས་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་རང་གི་སེམས་ཀྱིས་སོ་སོར་བརྟག་པར་བྱ་སྟེ། ཅི་ཉེ་བར་ལེན་པའི་ཕུང་པོ་ལྔ་
རྣམས་ལ་བདག་ཏུ་མངོན་པའི་ང་རྒྱལ་དང་། བདག་ཏུ་འདུན་པའི་ཕྲ་རྒྱས་མ་སྤངས་ཤིང་ཡོངས་སུ་མ་ཤེས་ལ་མ་འགགས་ཤིང་རིང་དུ་མ་བྱས་པ་ཡོད་དམ། འོན་ཏེ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་རྣམས་ལ་བདག་ཏུ་མངོན་པའི་ང་རྒྱལ་དང་། བདག་ཏུ་འདུན་པའི་ཕྲ་རྒྱས་
མ་སྤངས་ཤིང་ཡོངས་སུ་མ་ཤེས་ལ་མ་འགགས་ཤིང་རིང་དུ་མ་བྱས་པ་མེད། ཀུན་དགའ་བོ་དགེ་སློང་དེ་གལ་ཏེ་འདི་ལྟར་རང་གི་སེམས་ལ་སོ་སོར་རྟོག་པར་བྱེད་པ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་རྣམས་ལ་བདག་ཏུ་མངོན་པའི་ང་རྒྱལ་དང་། བདག་ཏུ་འདུན་པའི་ཕྲ་
Vol. 146 · folio 236a
རྒྱས་མ་སྤངས་ཤིང་ཡོངས་སུ་མ་ཤེས་ལ་མ་འགགས་ཤིང་རིང་དུ་མ་བྱས་པ་ཡོད་དོ་ཞེས་རྣམ་པར་ཤེས་ནས། འཕགས་པ་ཉན་ཐོས་ངས་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་སྐྱེ་བ་དང་འཇིག་པ་ཡང་དག་པར་རྗེས་སུ་ལྟ་ཞིང་གནས་ཏེ། འདི་ལྟ་སྟེ་འདི་ནི་གཟུགས།
འདི་ནི་གཟུགས་ཀུན་འབྱུང་བ། འདི་ནི་གཟུགས་འགག་པ། འདི་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད། འདི་ནི་རྣམ་པར་ཤེས་པ། འདི་ནི་རྣམ་པར་ཤེས་པ་ཀུན་འབྱུང་བ། འདི་ནི་རྣམ་པར་ཤེས་པ་འགག་པ་ཞེས་དེ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་སྐྱེ་བ་དང་འཇིག་པར་ཡང་ཡང་
དག་པར་རྗེས་སུ་ལྟ་ཞིང་གནས་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་བདག་ཏུ་མངོན་པའི་ང་རྒྱལ་དང་བདག་ཏུ་འདུན་པའི་ཕྲ་རྒྱས་མ་སྤངས་ཤིང་ཡོངས་སུ་མ་ཤེས་ལ་མ་འགགས་ཤིང་རིང་དུ་མ་བྱས་པ་དེ་འབྱུང་བར་མ་འགྱུར་རོ། །ཀུན་དགའ་བོ་གལ་ཏེ་དགེ་སློང་འདི་ལྟར་རང་གི་སེམས་ལ་
སོ་སོར་རྟོག་པ་ཤེས་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ལ་བདག་ཏུ་མངོན་པའི་ང་རྒྱལ་དང་། བདག་ཏུ་འདུན་པའི་ཕྲ་རྒྱས་མ་སྤངས་ཤིང་ཡོངས་སུ་མ་ཤེས་ལ་མ་འགགས་ཤིང་རིང་དུ་མ་བྱས་པ་མེད་ཅིང་། ཀུན་དགའ་བོ་དེ་དེ་ལ་དྲན་པ་དང་ཤེས་བཞིན་དང་ལྡན་ཏེ་ཆོས་འདི་ནི་གཅིག་ཏུ་དཀར་བ།
གཅིག་ཏུ་དགེ་བ། གཅིག་ཏུ་ཁ་ན་མ་ཐོ་བ་མེད་པ། མེ་འདའ་ཞིང་བདུད་སྡིག་པ་ཅན་གྱིས་ཡང་དག་པར་མི་འཕྲོགས་པ། ཀུན་ནས་ཉོན་མོངས་པ་སྡིག་པ་མི་དགེ་བའི་ཆོས་ཡང་སྲིད་པར་ནད་དང་རྣམ་པར་སྨིན་པ་སྡུག་བསྔལ་བ་སྐྱེ་བ་དང་རྒ་བ་དང་འཆི་བས་མི་འཕྲོགས་པ་ཞེས་བྱའོ། །བསྟན་
བཅོས་ལས་ཞེས་བྱ་བ་ལ་རབ་ཏུ་བྱེད་པའི་རྐང་པའི་བསྡུ་བ་བསྟན་པའི་རབ་ཏུ་བྱེད་པ་དྲུག་པའི་སྒོ་ལས། ཉེས་སྦྱར་ཡོངས་སུ་ཤེས་པར་བྱ། །ཞེས་བྱ་བ་ལས་སོ། །ཉེས་པར་སྤྱད་པ་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །ཉེས་པར་སྤྱད་པ་ནི་རྣམ་པ་གསུམ་
སྟེ། ལུས་ཀྱིས་ཉེས་པར་སྤྱད་པ་དང་། ངག་གིས་ཉེས་པར་སྤྱད་པ་དང་། ཡིད་ཀྱིས་ཉེས་པར་སྤྱད་པའོ། །ལེགས་པར་སྤྱད་པ་ནི་རྣམ་པ་གསུམ་སེ། ལུས་ཀྱིས་ལེགས་པར་སྤྱད་པ་དང་། ངག་གིས་ལེགས་པར་སྤྱད་པ་དང་། ཡིད་ཀྱིས་ལེགས་པར་སྤྱད་པའོ། །ལུས་ཀྱིས་ཉེས་པར་སྤྱོད་པ་བྱས་ཤི་
Vol. 146 · folio 236b
ངག་གིས་ཉེས་པར་སྤྱོད་པ་དང་། ཡིད་ཀྱིས་ཉེས་པར་སྤྱོད་པ་བྱས་ན་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །ལུས་ཀྱིས་ལེགས་པར་སྤྱོད་པ་བྱས་ཤིང་ངག་གིས་ལེགས་པར་སྤྱོད་པ་དང་། ཡིད་ཀྱིས་ལེགས་པར་སྤྱོད་པ་བྱས་ན་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་གསུངས་སོ། །བསགས་
པའི་ལས་མདོ་ལས་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བོས་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་ལ་ཉེ་བར་བསགས་པ་དག་གི་རྣམ་པར་སྨིན་པ་ནི་སོ་སོར་མྱོང་བར་འགྱུར་རོ་ཞེས་སྨྲའོ། །དེ་ཡང་མཐོང་བའི་ཆོས་ཉིད་ལ་དང་
སྐྱེས་ནས་དང་། ལན་གྲངས་གཞན་ན་མྱོང་བར་འགྱུར་བའོ། །དགེ་སློང་དག་ལས་མ་བྱས་ལ་མ་བསགས་ཤིང་ཉེ་བར་མ་བསགས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་སོ་སོར་མྱོང་བར་མི་འགྱུར་རོ་ཞེས་ང་སྨྲའོ། །དགེ་སློང་དག་དེ་ལ་ལུས་ཀྱི་སྡིག་པ་མི་དགེ་བའི་ལས་རྣམ་པ་གསུམ་དང་། ངག་གི་བཞི་དང་།
ཡིད་ཀྱི་གསུམ་བྱས་ཤིང་བསགས་ལ་ཉེ་བར་བསགས་པས་རྣམ་པར་སྨིན་པ་སྡུག་བསྔལ་ཞིང་མི་དགེ་བ་འབྱིན་པར་འགྱུར་ཏེ། དགེ་སློང་དག་ཇི་ལྟར་ན་ལུས་ཀྱི་སྡིག་པ་མི་དགེ་བའི་ལས་རྣམ་པ་གསུམ་བྱས་ཤིང་བསགས་ལ་ཉེ་བར་བསགས་པས་རྣམ་པར་སྨིན་པ་སྡུག་བསྔལ་ཞིང་མི་དགེ་
བ་འབྱིན་པར་འགྱུར་བ་གང་ཞེ་ན། ཁ་ཅིག་སྲོག་གཅོད་ཅིང་ལག་པ་ཁྲག་དང་བཅས་པ། བཅོམ་ཞིང་རབ་ཏུ་སྤོང་ལ་ངོ་ཚ་བ་མེད་ཅིང་སྙིང་རྗེ་མེད་པ་གྲོག་སྦུར་ཡན་ཆད་ཀྱི་སྲོག་ཆགས་འབྱུང་པོ་ཐམས་ཅད་ཀྱི་སྲོག་ཉེ་བར་བཟུང་སྟེ། སྲོག་གཅོད་པ་ལས་མ་ལོག་པར་གྱུར་པ་དག་གོ། །ཁ་ཅིག་
མ་བྱིན་པར་ལེན་ཏེ་གྲོང་ངམ་དགོན་པར་སོང་ནས་གཞན་གྱིས་མ་བྱིན་པ་རྐུ་བའི་གྲངས་སུ་གཏོགས་པ་སྟེ། མ་བྱིན་པར་ལེན་པ་ལས་མ་ལོག་པར་གྱུར་པ་དག་གོ། །ཁ་ཅིག་འདོད་པས་ལོག་པར་གཡེམ་པ་མས་བསྲུངས་པའམ། ཕས་བསྲུངས་པའམ། མིང་པོས་བསྲུངས་པའམ།
སྲིང་མོས་བསྲུངས་པའམ། གྱོས་པོས་བསྲུངས་པའམ། སྒྱུག་མོས་བསྲུངས་པའམ། གཉེན་གྱིས་བསྲུངས་པའམ། རིགས་ཀྱིས་བསྲུངས་པའམ། རུས་ཀྱིས་བསྲུངས་པའམ། ཆད་པ་དང་བཅས་པ་དང་སྒྲིབ་པ་དང་བཅས་པའི་གཞན་གྱི་བུད་མེད་གཞན་གྱིས་ཡོངས་སུ་བཟུང་
Vol. 146 · folio 237a
བ་ལ་ཕྲེང་བ་འཕངས་ཏེ། དེ་དང་ལྷན་ཅིག་སྟོབས་ཀྱིས་མནན་ཏེ་འདོད་པ་སྤྱོད་པར་བྱེད་ཅིང་འདོད་པས་ལོག་པར་གཡེམ་པ་ལས་མ་ལོག་པར་གྱུར་པ་དག་གོ། །དགེ་སློང་དག་ལུས་ཀྱི་སྡིག་པ་མི་དགེ་བ་རྣམ་པ་གསུམ་པོ་འདི་དག་བྱས་ཤིང་བསགས་པས་རྣམ་པར་སྨིན་པ་སྡུག་
བསྔལ་ཞིང་མི་དགེ་བ་འབྱིན་པར་འགྱུར་རོ། །དགེ་སློང་དག་ཇི་ལྟར་ན་ངག་གི་སྡིག་པ་མི་དགེ་བའི་ལས་རྣམ་པ་བཞི་བྱས་ཤིང་བསགས་པ་ཉེ་བར་བསགས་པས་རྣམ་པར་སྨིན་པ་མི་དགེ་ཞིང་སྡུག་བསྔལ་བ་འབྱིན་པར་འགྱུར་བ་དེ་གང་ཞེ་ན། ཁ་ཅིག་བརྫུན་དུ་སྨྲ་སྟེ་དེ་རྒྱལ་པོའི་ཕོ་བྲང་དུ་འགྲོའམ།
བློན་པོའི་ཁང་པར་འགྲོའམ། ཚོགས་ཀྱི་ནང་དུ་འགྲོའམ། འཁོར་གྱི་ནང་དུ་འགྲོ་བ་ན་དབང་པོ་འདྲི་སྟེ། ཀྱེ་སྐྱེས་བུ་ཤེས་པ་དེ་སྨྲོས་ཤིག །མི་ཤེས་པ་དེ་མ་སྨྲ་ཤིག །དེ་མཐོང་བ་དེ་སྨོས་ཤིག །མ་མཐོང་བ་དེ་མ་སྨྲ་ཤིག །དེས་དབང་པོ་དྲིས་པ་ན་དེ་མི་ཤེས་བཞིན་དུ་བདག་གིས་ཤེས་སོ་
ཞེས་སྨྲ། མ་མཐོང་བཞིན་དུ་བདག་གིས་མཐོང་ངོ་ཞེས་བདག་གི་ཕྱིར་དང་གཞན་གྱི་ཕྱིར་དང་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་ཤེས་བཞིན་དུ་བརྫུན་དུ་སྨྲ་སྟེ། བརྫུན་དུ་སྨྲ་བ་ལས་མ་ལོག་པར་གྱུར་པའོ། །ཁ་ཅིག་ཕྲ་མ་ཅན་དུ་གྱུར་ཏེ། རབ་ཏུ་འབྱེད་པ། དེ་ལས་ཐོས་ནས་འདི་དག་ལ་སྨྲ། འདི་དག་
ལས་ཐོས་ནས་དབྱེ་བར་གྱུར་ཅིག་ཅེས་འདི་ལ་སྨྲས་ཏེ་ཚོགས་འབྱེད་པར་གྱུར་ཏེ། དད་པ་དང་མི་མཐུན་ཞིང་མ་དུལ་ལ་རྗེས་སུ་མི་མཐུན་པ་བས་ཚིག་སྨྲ་ཞིང་ཕྲ་མ་ལས་མ་ལོག་པར་གྱུར་པའོ། །ཁ་ཅིག་ཚིག་རྩུབ་མོ་སྨྲ་བ་ཅན་དུ་གྱུར་ཏེ། ཚིག་གང་སྙན་པ་དང་། བདེ་བ་དང་སྙིང་དུ་འོང་བ་དགའ་
བ་ཕ་རོལ་མགུ་བ། གསལ་བ། རྣམ་པར་ཤེས་པར་བྱ་བ། མཉན་པར་བྱ་བ་རྗེས་སུ་མཐུན་པ། སྐྱེ་བོ་མང་པོ་དགའ་བ། སྐྱེ་བོ་མང་པོ་ལ་སྡུག་པ། སྐྱེ་བོ་མང་པོ་རབ་ཏུ་དགའ་བར་བྱེད་པ། སྐྱེ་བོ་མང་པོ་ཡིད་དུ་འོང་བ། མཉམ་པར་བཞག་པ། ཏིང་ངེ་འཛིན་སྒྲུབ་པར་བྱེད་པ་དེ་ལྟ་བུའི་
ཚིག་སྤངས་ཏེ། ཚིག་གང་བརླང་ཞིང་རྩུབ་པ། ཕ་རོལ་གྱི་གནང་གཅོད་པ། ཕ་རོལ་གྱི་རྗེས་སུ་མི་མཐུན་པ། སྐྱེ་བོ་མང་པོ་མི་འདོད་པ། སྐྱེ་བོ་མང་པོ་ལ་མི་སྡུག་པ། སྐྱེ་བོ་མང་པོ་མི་དགའ་ཞིང་། །སྐྱེ་བོ་མང་པོ་ཡིད་དུ་མི་འོང་བ། མཉམ་པར་མ་བཞག་པ། ཏིང་ངེ་འཛིན་མ་ཡིན་
Vol. 146 · folio 237b
པ་སྒྲུབ་པར་བྱེད་པ་དེ་ལྟ་བུའི་ཚིག་སྨྲ་ཞིང་ཚིག་རྩུབ་མོ་ལས་མ་ལོག་པར་གྱུར་པའོ། །ཁ་ཅིག་ཚིག་འཁྱལ་པ་ཅན་དུ་གྱུར་ཏེ། དེ་ཡང་ཚིག་མ་ཡིན་པར་སྨྲ་བ། མི་བདེན་པར་སྨྲ་བ། དེ་ཁོ་ན་ཉིད་མ་ཡིན་པར་སྨྲ་བ། དོན་མ་ཡིན་པར་སྨྲ་བ། མ་ཞི་བར་སྨྲ་བ་སྟེ་འཁྲུགས་ཤིང་དུས་མ་
ཡིན་པར་སྨྲ་བ། ཉེ་བར་བརྟགས་པ་མ་ཡིན་པ། །ཆོས་མ་ཡིན་པ་དང་། དོན་མ་ཡིན་པ་སྡུད་པར་བྱེད་པ། ངག་འཁྱལ་པ་ལས་མ་ལོག་པར་གྱུར་པའོ། །དགེ་སློང་དག་དེ་ལྟར་ན་ངག་གི་སྡིག་པ་མི་དགེ་བའི་ལས་རྣམ་པ་བཞི་བྱས་ཤིང་བསགས་ལ་ཉེ་བར་བསགས་པས་རྣམ་པར་
སྨིན་པ་མི་དགའ་ཞིང་སྡུག་བསྔལ་བ་འབྱིན་པར་འགྱུར་རོ། །དགེ་སློང་དག་ཇི་ལྟར་ན་ཡིད་ཀྱི་ལས་རྣམ་པ་གསུམ་བྱས་ཤིང་བསགས་ཏེ་ཉེ་བར་བསགས་པ་རྣམ་པར་སྨིན་པ་སྡུག་བསྔལ་ཞིང་མི་དགེ་བ་དེ་གང་ཞེ་ན། ཁ་ཅིག་བརྣབ་སེམས་ཅན་དུ་གྱུར་ཏེ། འདོད་པ་རྣམས་ལ་ཡང་དག་
པར་ཆགས་པ་དྲག་པོ་སྟེ། གཞན་གྱི་རྫས་དང་། གཞན་གྱི་ནོར་དང་། གཞན་གྱི་ཉེ་བར་མཁོ་བ་རྣམས་ལ་བརྣབ་སེམས་སྐྱེ་བ་དེ་གཞན་གྱི་དེ་བདག་གིར་གྱུར་ཀྱང་ཅི་མ་རུང་ཞེས་བརྣབ་སེམས་ལས་མ་ལོག་པར་གྱུར་པའོ། །ཁ་ཅིག་གནོད་སེམས་ཅན་དུ་གྱུར་ཏེ་གདུག་པའི་ཡིད་ཀྱིས་རྣམ་པར་
རྟོག་པ་འདི་སྙམ་དུ་སེམས་ཅན་ཁྱེད་རྣམས་ཉམས་ཤིང་ཕམ་ལ་དོན་མ་ཡིན་པ་ཕོངས་པ་ཐོབ་པར་གྱུར་ཅིག་ཅེས་གནོད་སེམས་ལས་མ་ལོག་པར་གྱུར་པའོ། །ཁ་ཅིག་ལོག་པར་ལྟ་བ་ཅན་དུ་གྱུར་ཏེ། དེ་ལྟ་བ་ཕྱིན་ཅི་ལོག་པས་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་སྟེ། སྦྱིན་པ་མེད་དོ། །མཆོད་སྦྱིན་
མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །ཕ་མེད་དོ། །མ་མེད་དོ། །སེམས་ཅན་རྫུས་ཏེ་བྱུང་བ་རྣམས་མེད་དོ། །འཇིག་
རྟེན་ན་དགྲ་བཅོམ་པ་ཡང་དག་པར་སོང་ཞིང་ཡང་དག་པར་རྟོགས་པ་འཇིག་རྟེན་འདི་དང་ཕ་རོལ་དུ་མཐོང་བའི་ཆོས་ཉིད་ལ་རང་ཉིད་ཀྱིས་མངོན་པར་ཤེས་ལ་ཕུན་སུམ་ཚོགས་པ་མངོན་སུམ་དུ་བྱས་ཏེ། བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་
Vol. 146 · folio 238a
ཤེས་སོ་ཞེས་བྱ་བ་མེད་དོ་ཞེས་ལོག་པར་ལྟ་བ་ལས་མ་ལོག་པར་གྱུར་པ་དག་གོ། །དགེ་སློང་དག་འདི་ལྟར་ཡིད་ཀྱི་སྡིག་པ་མི་དགེ་བའི་ལས་རྣམ་པ་གསུམ་བྱས་ཤིང་བསགས་ལ་ཉེ་བར་བསགས་པས་རྣམ་པར་སྨིན་པ་མི་དགའ་ཞིང་སྡུག་བསྔལ་བ་དག་འབྱིན་པར་
འགྱུར་རོ། །དགེ་སློང་དག་དེ་ལ་འཕགས་པ་ཉན་ཐོས་ལུས་ཀྱི་མི་དགེ་བའི་ཆོས་རྣམས་སྤོང་ཞིང་ལུས་ཀྱི་དགེ་བའི་ཆོས་རྣམས་སྒོམ་པར་བྱེད་དོ། །ངག་དང་ཡིད་ཀྱི་མི་དགེ་བའི་ཆོས་རྣམས་སྤོང་ཞིང་ངག་དང་ཡིད་ཀྱི་དགེ་བའི་ཆོས་རྣམས་སྒོམ་པར་བྱེད་དོ། །བྱམས་པ་དང་ལྷན་ཅིག་པའི་
སེམས་ཁོ་ན་མེད་པ་འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ་ཐམས་ཅད་དུ་སོང་བ་ཚད་མེད་པ་ལེགས་པར་བསྒོམས་པས་ཕྱོགས་གཅིག་ཏུ་ཁྱབ་པར་བྱས་ནས་ཡོངས་སུ་རྫོགས་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་དང་། དེ་བཞིན་དུ་བཞི་པ་
དང་། སྟེང་དང་འོག་དང་ལོགས་ཀྱི་འཇིག་རྟེན་འདི་ཐམས་ཅད་ཀྱི་ཐམས་ཅད་དུ་བྱམས་པ་དང་ལྷན་ཅིག་པའི་སེམས་ཁོ་ན་མེད་ཅིང་འགྲན་ཟླ་མེད་པ་གནོད་པ་མེད་པ་ཡངས་པ་ཐམས་ཅད་དུ་སོང་བ་ཚད་མེད་པ་ལེགས་པར་བསྒོམས་པས་ཁྱབ་པར་བྱས་ནས་ཡོངས་སུ་རྫོགས་པར་བྱས་ནས་
གནས་སོ། །དེ་འདི་སྙམ་དུ་སྔོན་བདག་གི་སེམས་མ་བསྒོམས་ཤིང་ཆུང་ངུར་གྱུར་པ་དེ་ལྟར་བདག་གི་ཚད་མེད་ཅིང་ལེགས་པར་བསྒོམ་པར་བྱའོ་སྙམ་པའོ། །དགེ་སློང་དག་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པའི་སེམས་བག་མེད་པ་མི་སྲིད་ཅིང་མི་ལྟུང་ལ་མི་གནས་ཤིང་བགྲང་བར་
ཡང་མི་འགྱུར་རོ། །དགེ་སློང་དག་ཁྱེའུ་དང་བུ་མོ་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་སྒོམ་པར་བྱེད་པ་ཡང་སྡིག་པ་མི་དགེ་བའི་ལས་འདི་ལྟ་སྟེ་ལུས་དང་ངག་དང་ཡིད་ཀྱི་ལས་བྱེད་ཅིང་ཉེ་བར་སོགས་པར་འགྱུར་རམ། གཞན་དག་ལས་ཡུན་རིང་པོ་དོན་མ་ཡིན་པ་མི་ཕན་པ་དང་སྡུག་བསྔལ་
དེ་ལྟ་དེ་ལྟར་སྟོན་པར་འགྱུར་རམ། བཙུན་པ་མ་ལགས་སོ། །དགེ་སློང་དག་ལེགས་སོ། །ལེགས་སོ། །དགེ་སློང་དག་སྐྱེས་པའམ། བུད་མེད་དམ། ཁྱིམ་པའམ། རབ་ཏུ་བྱུང་བས་ཀྱང་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །དགེ་སློང་དག་དེ་ཅིའི་ཕྱིར་ཞེ་ན། །
Vol. 146 · folio 238b
སྐྱེས་པ་དང་བུད་མེད་དང་ཁྱིམ་པ་དང་རབ་ཏུ་བྱུང་བ་དག་ཀྱང་ལུས་འདི་བཏང་ནས་ཕ་རོལ་དུ་འགྲོ་བར་འགྱུར་ཏེ། དགེ་སློང་དག་སེམས་ཀྱི་རྗེས་སུ་འགྲོ་བར་སེམས་ལ་བརྟེན་པ་སེམས་ཀྱིས་བཅིངས་པ་སམས་ལ་བརྟེན་ཏེ་འཇུག་པའོ། །དགེ་སློང་དག་འགའ་ཞིག་འདི་སྐད་དུ་ངའི་ལུས་
འདི་ཉིད་ཀྱིས་སྔོན་སྡིག་པ་མི་དགེ་བའི་ལས་བྱས་ཤིང་བསགས་ལ་ཉེ་བར་བསགས་པ་དེ་ཐམས་ཅད་འདི་ལ་མྱོང་བར་གྱུར་ཅིག་སྐྱེས་ནས་དང་ལན་གྲངས་གཞན་ལ་མྱོང་བར་མ་གྱུར་ཅིག་ཅེས་དགེ་སློང་དག་དེ་ལྟར་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་དང་ལྡན་ན་ཕྱིར་མི་ལྡོག་པར་
གནས་ཤིང་བླ་ན་མེད་པའི་ཆོས་སོ་སོར་རིག་པར་གྱུར་ཏེ། དེ་ལ་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་ལུས་ཀྱི་སྡིག་པ་མི་དགེ་བ་རྣམས་སྤོང་ཞིང་ལུས་ཀྱི་དགེ་བའི་ལས་རྣམས་སྒོམ་པར་བྱེད་དོ། །ངག་དང་ཡིད་ཀྱི་སྡིག་པ་མི་དགེ་བའི་ལས་རྣམས་སྤོང་ཞིང་ངག་དང་ཡིད་ཀྱི་དགེ་
བའི་ལས་རྣམས་སྒོམ་པར་བྱེད་དོ། །དེ་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དང་ལྷན་ཅིག་པའི་སེམས་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དགེ་སློང་དག་དེ་ལྟར་བཏང་སྙོམས་ཀྱི་སེམས་ཏིང་ངེ་འཛིན་དང་ལྡན་ན་ཕྱིར་མི་ལྡོག་པར་གནས་ཤིང་བླ་ན་མེད་པའི་ཆོས་སོ་སོར་རིག་པར་འགྱུར་རོ་ཞེས་བྱ་
བའི་བར་དུ་གསུངས་སོ། །དགེ་སློང་དག་སྲོག་གཅོད་པ་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་སྲོག་གཅོད་པ་ནི་རྣམ་པ་གསུམ་སྟེ། བརྣབ་སེམས་ལས་སྐྱེས་པ་དང་། གནོད་སེམས་ལས་སྐྱེས་པ་དང་། གཏི་མུག་ལས་སྐྱེས་པའོ། །དགེ་
སློང་དག་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་མོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་ལོག་པར་ལྟ་བ་ནི་རྣམ་པ་གསུམ་སྟེ། བརྣབ་སེམས་ལས་སྐྱེས་པ་དང་། གནོད་སེམས་ལས་
སྐྱེས་པ་དང་། ལོག་པར་ལྟ་བ་ལས་སྐྱེས་པའོ། །དགེ་སློང་དག་སྲོག་གཅོད་པ་སྤང་བ་ནི་རྣམ་པ་གསུམ་སྟེ། མ་ཆགས་པ་ལས་སྐྱེས་པ་དང་། །ཞེ་སྡང་མེད་པ་ལས་སྐྱེས་པ་དང་། གཏི་མུག་མེད་པ་ལས་སྐྱེས་པའོ། །དགེ་སློང་དག་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་
Vol. 146 · folio 239a
པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་མོ་དང་། ཚིག་འཁྱལ་བ་དང་། བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དང་། ལོག་པར་ལྟ་བ་མེད་པ་ནི་རྣམ་པ་གསུམ་སྟེ། མ་ཆགས་པ་ལས་སྐྱེས་པ་དང་། །ཞེ་སྡང་མེད་པ་ལས་སྐྱེས་པ་དང་། གཏི་
མུག་མེད་པ་ལས་སྐྱེས་པའོ་ཞེས་གསུངས་སོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཀྱང་། ཚེ་དང་དྲོད་དང་རྣམ་ཤེས་ཀྱིས། །ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་འཁྲུག་པ་ཅན་ན་ཆུ་བོ་གང་གཱའི་འགྲམ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་
བོས་ཏེ། དགེ་སློང་དག་འདི་ལྟ་སྟེ། ཆུ་བོ་གང་གཱའི་རྒྱུན་གྱིས་དབུ་བའི་ཕུང་པོ་ཆེན་པོ་ཁྱེར་ནས་འགྲོ་བ་དེ་མིག་དང་ལྡན་པའི་སྐྱེས་བུས་མཐོང་སྟེ། བསམས་ཤིང་ཚུལ་བཞིན་དུ་བརྟགས་ཏེ། དེས་མཐོང་ཞིང་བསམས་ཏེ། ཚུལ་བཞིན་དུ་བརྟགས་པ་ན་མི་བདེན་པར་སྣང་ཞིང་། བརྫུན་
པ་སླུ་བ་གསོག་ཏུ་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དབུ་བ་རྡོས་པ་ལ་སྙིང་པོ་ཅི་ཡང་མེད་པའི་ཕྱིར་རོ། །དགེ་སློང་དག་དེ་བཞིན་དུ་གཟུགས་ཅི་ཡང་རུང་བ་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བའམ། དམན་པའམ།
གྱ་ནོམ་པའམ། ཐག་རིང་བའམ། ཐག་ཉེ་བ་དེ་དག་དགེ་སློང་གིས་མཐོང་སྟེ། བསམས་བཞིན་དུ་ཚུལ་བཞིན་བརྟགས་ཏེ། དེས་དེ་མཐོང་ཞིང་བསམས་ཏེ། ཚུལ་བཞིན་བརྟགས་པ་ན་མི་བདེན་པར་སྣང་ཞིང་། བརྫུན་པ་སླུ་བ་གསོག་ཏུ་སྣང་ངོ་། །སྙིང་པོ་མེད་པ་དང་། ནད་དང་།
འབྲས་དང་། ཟུག་རྔུ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་ཕུང་པོ་ལ་ཅི་ཡང་མེད་པའི་ཕྱིར་རོ། །དགེ་སློང་དག་འདི་ལྟ་སྟེ། ལྟས་ཆར་ཆེན་པོ་ཕབ་པ་ན་ཆུ་ལས་ཆུ་བུར་དུ་བྱུང་བ་དག་གཞན་སྐྱེ་ཞིང་གཞན་
འགག་སྟེ། དེ་མིག་དང་ལྡན་པའི་སྐྱེས་བུས་མཐོང་སྟེ། བསམས་ཤིང་ཚུལ་བཞིན་བརྟགས་ཏེ། དེས་དེ་མཐོང་ཞིང་བསམས་ཏེ་ཚུལ་བཞིན་དུ་བསམས་པ་ན་མི་བདེན་པར་སྣང་ཞིང་། བརྫུན་པ་སླུ་བ་གསོག་ཏུ་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཆུ་བུར་ལ་སྙིང་པོ་ཅི་ཡང་མེད་པའི་ཕྱིར་རོ། །
Vol. 146 · folio 239b
དགེ་སློང་དག་དེ་བཞིན་དུ་ཚོར་བ་གང་ཅི་ཡང་རུང་བའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བའམ། དམན་པའམ། གྱ་ནོམ་པའམ། ཐག་རིང་བའམ་ཐག་ཉེ་བའི་བར་དུ་སྟེ། དེ་དག་དགེ་སློང་དག་གིས་མཐོང་ཞིང་བསམས་
ཤིང་ཚུལ་བཞིན་བརྟགས་པ་དང་། དེས་དེ་མཐོང་ཞིང་བསམས་ཏེ་ཚུལ་བཞིན་བརྟགས་པ་ནི་མི་བདེན་པར་སྣང་ཞིང་བརྫུན་པ་སླུ་བ་གསོག་དང་ནད་དང་། འབྲས་དང་། ཟུག་རྔུ་དང་། གནོད་པར་སྣང་ཞིང་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་སྣང་ངོ་། །
དེ་ཅིའི་ཕྱིར་ཞེ་ན། ཚོར་བའི་ཕུང་པོ་ལ་སྙིང་པོ་ཅི་ཡང་མེད་པའི་ཕྱིར་རོ། །དགེ་སློང་དག་འདི་ལྟ་སྟེ། སོ་ག་ཐ་མའི་དུས་ལ་བབ་པ་ན་ནམ་མཁའ་སྤྲིན་དང་བྲལ་ཞིང་། ཉི་མ་གུང་གི་དུས་ན་བྱེ་མ་ལ་སྨིག་རྒྱུ་གཡོ་བདག་དེ་མིག་དང་ལྡན་པའི་སྐྱེས་བུས་མཐོང་སྟེ་བསམས་ཤིང་ཚུལ་བཞིན་
བརྟགས་ཏེ། དེས་དེ་མཐོང་ཞིང་བསམས་ཏེ་ཚུལ་བཞིན་བརྟགས་པ་ན་མི་བདེན་པར་སྣང་ཞིང་བརྫུན་པ་སླུ་བ་གསོག་ཏུ་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྨིག་རྒྱུ་ལ་སྙིང་པོ་ཅི་ཡང་མེད་པའི་ཕྱིར་རོ། །དགེ་སློང་དག་དེ་བཞིན་དུ་འདུ་ཤེས་གང་ཅི་ཡང་རུང་བ་འདས་པའམ། མ་འོངས་པའམ།
ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བའམ། དམན་པའམ། གྱ་ནོམ་པའམ། ཐག་རིང་བའམ། ཐག་ཉེ་བའི་བར་དུ་སྟེ། དགེ་སློང་དག་གིས་མཐོང་སྟེ། བསམས་ཤིང་ཚུལ་བཞིན་བརྟགས་ཏེ། དེས་དེ་མཐོང་ཞིང་བསམས་ཏེ། ཚུལ་བཞིན་དུ་བསམས་
པ་ན་མི་བདེན་པར་སྣང་ཞིང་། བརྫུན་པ་སླུ་བ་གསོག་དང་ནད་དང་འབྲས་དང་ཟུག་རྔུ་དང་གནོད་པར་སྣང་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདུ་ཤེས་ཀྱི་ཕུང་པོ་ལ་སྙིང་པོ་ཅི་ཡང་མེད་པའི་ཕྱིར་རོ། །དགེ་སློང་དག་འདི་ལྟ་སྟེ།
མིག་དང་ལྡན་པའི་སྐྱེས་བུ་སྙིང་པོ་དོན་དུ་གཉེར་ཞིང་སྙིང་པོ་ཚོལ་བ་དག་སྟ་རེ་རྣོན་པོ་ཐོགས་ནས་ནགས་སུ་ཞུགས་ཏེ། དེས་ཆུ་ཤིང་གི་ཕུང་པོ་ཆེན་པོ་དྲང་ཞིང་ལེགས་པར་སྐྱེས་ལ་མི་རྩུབ་པ་དག་མཐོང་ནས་དེས་དེ་རྩ་བ་ནས་བཅད་དེ་འདབ་མ་འདབ་མར་ཕྱེ་བ་ན་དེས་དེ་ལ་འབྲས་བུ་ཡང་མ་མཐོང་
Vol. 146 · folio 240a
ན་སྙིང་པོ་ལྟ་སྨོས་ཀྱང་ཅི་དགོས། སྐྱེས་བུ་མིག་དང་ལྡན་པ་དེས་མཐོང་སྟེ་བསམས་ཤིང་ཚུལ་བཞིན་བརྟགས་ཏེ། དེས་དེ་མཐོང་ཞིང་བསམས་ཏེ་ཚུལ་བཞིན་བརྟགས་པ་ན་མི་བདེན་ཞིང་བརྫུན་པ་སླུ་བ་གསོག་ཏུ་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཆུ་ཤིང་ལ་སྙིང་པོ་ཅི་
ཡང་མེད་པའི་ཕྱིར་རོ། །དགེ་སློང་དག་དེ་བཞིན་དུ་འདུ་བྱེད་གང་ཅི་ཡང་རུང་བ་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བའམ། དམན་པའམ། གྱ་ནོམ་པའམ། ཐག་རིང་བ་དང་ཐག་ཉེ་བའི་བར་དུ་སྟེ། དགེ་སློང་དག་
གིས་དེ་དག་མཐོང་སྟེ་བསམས་ཤིང་ཚུལ་བཞིན་བརྟགས་ཏེ། དེས་དེ་མཐོང་ཞིང་བསམས་ཏེ་ཚུལ་བཞིན་བརྟགས་པ་ན་མི་བདེན་པར་སྣང་ཞིང་བརྫུན་པ་སླུ་བ་གསོག་དང་ནད་དང་འབྲས་དང་ཟུག་རྔུ་དང་གནོད་པར་སྣང་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་།
བདག་མེད་པར་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདུ་བྱེད་ཀྱི་ཕུང་པོ་ལ་སྙིང་པོ་ཅི་ཡང་མེད་པའི་ཕྱིར་རོ། །དགེ་སློང་དག་འདི་ལྟ་སྟེ། སྒྱུ་མ་མཁན་ནམ་སྒྱུ་མ་མཁན་གྱི་སློབ་མ་མཁས་པ་དག་ལམ་གྱི་བཞི་མདོ་ཆེན་པོར་འདུག་སྟེ། སྒྱུ་མ་བཞི་སྤྲུལ་པ་སྟོན་པར་བྱེད་དེ། འདི་ལྟ་སྟེ།
གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། རྐང་ཐང་པའི་ཚོགས་ཏེ། དེ་དག་མིག་དང་ལྡན་པའི་སྐྱེས་བུས་མཐོང་སྟེ། མཐོང་ནས་བསམས་ཤིང་ཚུལ་བཞིན་བརྟགས་ཏེ། དེས་དེ་མཐོང་ཞིང་བསམས་ཏེ་ཚུལ་བཞིན་བསམས་པ་ན་མི་བདེན་པར་
སྣང་ཞིང་བརྫུན་པ་སླུ་བ་གསོག་ཏུ་སྣང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སྒྱུ་མ་ལ་སྙིང་པོ་ཅི་ཡང་མེད་པའི་ཕྱིར་རོ། །དགེ་སློང་དག་དེ་བཞིན་དུ་རྣམ་པར་ཤེས་པ་གང་ཅི་ཡང་རུང་བ་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ་ཕྱིའི་འམ། རགས་པའམ། ཕྲ་བ་
བའམ། དམན་པའམ། གྱ་ནོམ་པའམ། ཐག་ཉེ་བའམ་ཐག་རིང་བའི་བར་དུ་སྟེ། དེ་དག་དགེ་སློང་དག་གིས་མཐོང་སྟེ་བསམས་ཤིང་ཚུལ་བཞིན་བསམས་ཏེ། དེས་དེ་མཐོང་ཞིང་བསམས་ཏེ། ཚུལ་བཞིན་བརྟགས་པ་ན་མི་བདེན་པ་བརྫུན་པ་སླུ་བ་གསོག་དང་ནད་དང་འབྲས་
Vol. 146 · folio 240b
དང་ཟུག་རྔུ་དང་གནོད་པར་སྣང་ཞིང་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་སྣང་སྟེ། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པའི་ཕུང་པོ་ལ་སྙིང་པོ་ཅི་ཡང་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཅིང་བདེ་བར་གཤེགས་པས་དེ་སྐད་
གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །གཟུགས་ནི་དབུ་བ་རྔོས་པ་འདྲ། ཚོར་བ་ཆུའི་ཆུ་བུར་བཞིན། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། འདུ་བྱེད་ཆུ་ཤིང་ལྟ་བུ་ཡིན། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཇི་ལྟ་ཇི་ལྟར་ཚུལ་
བཞིན་དུ། །རབ་ཏུ་བརྟགས་ཤིང་བརྟགས་པ་ན། སྐྱེ་བ་དང་ནི་འཇིག་པ་དང་། །སླུ་བ་དང་ནི་གསོག་ཏུ་སྣང་། །ཤེས་རབ་དམན་པ་རྣམས་ལ་ནི། །ཕུང་པོ་འདི་དག་རྣམ་མ་བསྟན། །ཆོས་གསུམ་པོ་ནི་རབ་སྤངས་ན། ལུས་དང་བྲལ་ཞིང་སྤོང་བར་འགྱུར། །ཚེ་དང་དྲོད་དང་རྣམ་ཤེས་
ཀྱིས། །གང་ཚེ་ལུས་འདི་འདོར་བྱེད་ཅིང་། །བོར་ནས་དེ་ཚེ་གནས་པ་ནི། །སེམས་མེད་ཇི་ལྟར་ཤིང་བཞིན་ནོ། །འདི་ན་འདི་འདྲའི་རྒྱུད་འདི་དག །སྒྱུ་མ་བྱིས་པ་འདྲིད་པ་སྟེ། །གནོད་པར་བྱེད་པའི་ཟུག་རྔུ་སྟེ། མངོན་པར་རློམ་པ་ཙམ་མེད་དོ། །དགེ་སློང་དེ་ལྟར་ཕུང་པོ་རྣམས། །རབ་ཏུ་
བརྟགས་ཤིང་བརྩོན་འགྲུས་རྩོམ། །ཉིན་མོ་དང་ནི་མཚན་མོ་དག །དྲན་དང་ཤེས་བཞིན་དང་ལྡན་ན། །འདུ་བྱེད་ཞི་ཞིང་རབ་ཞི་བའི། །གོ་འཕང་རབ་ཏུ་རྟོགས་པར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་དག་ཡིད་དགའ་ཞིང་བཅོམ་ལྡན་འདས་
ཀྱིས་གསུངས་པ་ལ་མངོན་པར་དགའོ། །ཚིགས་སུ་བཅད་པ་འདི་དག་སྔར་དགེ་སློང་མ་ཆོས་སྦྱིན་གྱི་མདོར་སྔར་བྲིས་ཟིན་མོད་ཀྱི། །དེ་ལྟ་ནའང་བཅོམ་ལྡན་འདས་ཀྱི་གསུང་འདི་མདོའི་ཁུངས་དཔེར་ཉེ་བར་བཀོད་དོ། །ཐ་སྙད་བཅུ་དྲུག་ཅེས་བྱ་བ་ལ། མདོ་གཅིག་ནས་མི་སྣང་ངོ་། །བརྒྱད་
ཚན་བརྒྱད་པའི་སྒོ་དང་པོའི་སྡོམ་གྱི་ཚིགས་སུ་བཅད་པ་བདུན་པ་དང་བཅུ་པ་དང་བཅུ་གཅིག་པའི་མདོ་ཇི་ལྟར་བསྟན་པ་གོ་རིམས་བཞིན་དུ་འདོན་ཏོ། །མདོ་སྡེ་སྨྲ་བ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དེ་ནས་ཚེ་དང་ལྡན་པ་མཆོད་བྱེད་ཀྱི་མ་ཅན་དགོངས་ཀ་ནང་དུ་ཡང་དག་འཇོག་
Vol. 146 · folio 241a
ལས་ལངས་ཏེ། བཅོམ་ལྡན་འདས་ག་ན་བ་དེར་ཉེ་བར་སོང་ཞིང་ཉེ་བར་སོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་མདོར་བསྡུས་པ་དེ་ལྟར་ཆོས་ལེགས་པར་བཤད་དུ་གསོལ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་སྲིད་པ་འདི་ལས་
གཞན་མི་ཤེས་སོ་ཞེས་བྱ་བའི་བར་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཆོད་བྱེད་ཀྱི་མ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མཆོད་བྱེད་ཀྱི་མ་ཅན་ཁྱོད་རྒས་པ་ན་ཚོད་དུ་ཕྱིན་པ་ངའི་དྲུང་ནས་མདོར་བསྡུས་པ་ཉན་པར་འདོད་ན་འདི་ན་གསར་བུ་
རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ་ཆོས་འདུལ་བ་འདི་ལ་རིང་པོ་མ་ལོན་པ་དག་ཇི་ལྟར་བྱེད་པར་འགྱུར། བཙུན་པ་བདག་རྒས་ཤིང་འཁོགས་ལ་ན་ཚོད་དུ་ཕྱིན་པ་ཡིན་ཡང་བཅོམ་ལྡན་འདས་ལས་མདོར་བསྡུས་པའི་གདམས་ངག་ཉན་པར་འདོད་དོ། །བཅོམ་ལྡན་འདས་བདག་ལ་མདོར་བསྡུས་
པ་དེ་ལྟར་ཆོས་ལེགས་པར་བསྟན་དུ་གསོལ་ཞེས་བྱ་བ་ནས། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བའི་བར་དུའོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཆོད་བྱེད་ཀྱི་མ་ཅན་གྱིས་ལན་གཉིས་ལན་གསུམ་དུ་དེ་སྐད་ཅེས་གསོལ་པ་དང་ཚེ་དང་ལྡན་པ་མཆོད་བྱེད་ཀྱི་མ་ཅན་ལ་ཁྱོད་རྒས་
ཤིང་འཁོགས་ལ་ན་ཚོད་དུ་ཕྱིན་པ་ང་ལས་གདམས་ངག་མདོར་བསྡུས་པ་ཉན་པར་འདོད་ན་འདི་ནི་གསར་བུ་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ། ཆོས་འདུལ་བ་འདི་ལ་རིང་པོ་མ་ལོན་པ་དག་ཇི་ལྟར་བྱེད་པར་འགྱུར་ཞེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ལ་ཡང་ལན་གཉིས་ལན་གསུམ་དུ་
ཚེ་དང་ལྡན་པ་མཆོད་བྱེད་ཀྱི་མ་ཅན་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་རྒས་ཤིང་འཁོགས་ལ་ན་ཚོད་དུ་ཕྱིན་པ་ཡིན་ཡང་བཅོམ་ལྡན་འདས་ལས་གདམས་ངག་ཉན་པར་འདོད་དེ། བཅོམ་ལྡན་འདས་བདག་ལ་མདོར་བསྡུས་པ་དེ་ལྟར་ཆོས་ལེགས་པར་བསྟན་དུ་གསོལ་ཞེས་བྱ་བ་ནས་
སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བའི་བར་དུའོ། །བཀའ་སྩལ་པ། མཆོད་བྱེད་ཀྱི་མ་ཅན་ཁྱོད་ཀྱིས་ལན་གསུམ་གྱི་བར་དུ་དོན་འདི་མ་གོ་བས་མཆོད་བྱེད་ཀྱི་མ་ཅན་དེའི་ཕྱིར་ཁྱོད་ཉིད་ལ་དྲི་བར་བྱ་སྟེ། ཇི་ལྟར་བཟོད་པ་དེ་བཞིན་དུ་ལུང་སྟོན་ཅིག། །མཆོད་བྱེད་ཀྱི་མ་ཅན་འདི་ཇི་སྙམ་
Vol. 146 · folio 241b
དུ་སེམས། ཁྱོད་ཀྱིས་མིག་གིས་གཟུགས་དག་མ་མཐོང་ཞིང་སྔོན་མཐོང་བར་མ་གྱུར་མ་མཐོང་ན་གཞི་དེ་ལས་ཁྱོད་ལ་འདི་ལྟ་བུའི་དངོས་པོ་མཐོང་བར་བྱའོ་ཞེས་འདུན་པའམ། ཆགས་པའམ། འཆུམས་པའམ། དགའ་བའམ། ཆགས་ཞེན་ནམ། ལྷག་པར་ཆགས་པར་འགྱུར་
བ་སྐྱེའམ། བཙུན་པ་མ་ལགས་སོ། །མཆོད་བྱེད་ཀྱི་མ་ཅན་འདི་ཇི་སྙམ་དུ་སེམས། ཁྱོད་ཀྱི་རྣ་བས་སྒྲ་དང་། སྣས་དྲི་དང་། ལྕེས་རོ་དང་། ལུས་ཀྱིས་རེག་བྱ་དང་། ཡིད་ཀྱིས་ཆོས་གང་རྣམ་པར་མ་ཤེས་ཤིང་སྔོན་རྣམ་པར་ཤེས་པར་མ་གྱུར་ལ་རྣམ་པར་མ་ཤེས་ན། གཞི་དེ་ལས་ཁྱོད་ལ་
འདི་ལྟ་བུའི་དངོས་པོ་རྣམ་པར་ཤེས་པར་བྱའོ་ཞེས་འདུན་པའམ། ཆགས་པའམ། འཆུམས་པའམ། དགའ་བའམ། ཆགས་ཞེན་ནམ། ལྷག་པར་ཆགས་པར་འགྱུར་བ་སྐྱེ་འམ། བཙུན་པ་མ་ལགས་སོ། །མཆོད་བྱེད་ཀྱི་མ་ཅན་ལེགས་སོ་ལེགས་སོ། །འདི་ལྟར་མཐོང་བ་ནི་
མཐོང་བ་ཙམ། ཐོས་པ་ནི་ཐོས་པ་ཙམ། བྱེ་བྲག་ཕྱེད་པ་ནི་བྱེ་བྲག་ཕྱེད་པ་ཙམ། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་ཙམ་སྟེ། མཆོད་བྱེད་ཀྱི་མ་ཅན་གང་གིས་ན་དེ་དང་དེས་ཁྱོད་མ་ཡིན་ཞིང་གང་གིས་ན་ཁྱོད་ཀྱིས་དེ་དང་དེ་ལ་མ་ཡིན་ལ་དེ་དང་དེས་ཁྱོད་ལ་མ་ཡིན་ཞིང་འདི་ན་མ་ཡིན་ཞིང་
བར་བར་ན་མ་ཡིན་པ་འདི་ཉིད་སྡུག་བསྔལ་མཐར་བྱས་པ་ཞེས་བྱའོ། །བཅོམ་ལྡན་འདས་རྣམ་པར་ཤེས་སོ། །བདེ་བར་གཤེགས་པ་རྣམ་པར་ཤེས་སོ། །མཆོད་བྱེད་ཀྱི་མ་ཅན་ངས་མདོར་བསྡུས་ཤིང་རྣམ་པར་མ་ཕྱེ་བར་བཤད་པས་ཇི་ལྟ་ཇི་ལྟར་དོན་རྒྱས་པར་ཤེས་པར་འགྱུར། དེ་ནས་
དེའི་ཚེ་ཚེ་དང་ལྡན་པ་མཆོད་བྱེད་ཀྱི་མ་ཅན་གྱིས་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །གཟུགས་རྣམས་མཐོང་ནས་དྲན་ཉམས་ཤིང་། །རྒྱུ་བའི་རྒྱུ་མཚན་ཡིད་བྱས་ནས། །སེམས་ནི་ཡང་དག་ཆགས་མྱོང་ནས། །དེ་ལ་ལྷག་པར་ཞེན་ཅིང་གནས། །དེ་ལས་རང་བཞིན་དུ་མ་ཡི། །
ཚོར་བ་རྣམས་ནི་སྐྱེ་ཞིང་འབྱུང་། །བརྣབ་སེམས་དང་ནི་གནོད་སེམས་ཀྱིས། །སེམས་ནི་རབ་ཏུ་བཅོམ་པར་འགྱུར། །གཟུགས་དག་ཉེ་བར་བསགས་པ་ན། །མྱ་ངན་འདས་པ་རིང་ཞེས་བརྗོད། །སྲིད་བཅས་མྱ་ངན་འདས་མིན་ཞེས། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །གཟུགས་ལ་
Vol. 146 · folio 242a
མངོན་པར་མི་དགའ་ཞིང་། །གཟུགས་རྣམས་མཐོང་ནས་དྲན་ལྡན་ན། །སེམས་ནི་ཡང་དག་ཆགས་མི་འགྱུར། །དེ་ལས་ལྷག་པར་ཆགས་མི་འགྱུར། །དེ་ལས་རང་བཞིན་དུ་མ་ཡི། །ཆར་བ་སྐྱེ་ཞིང་འབྱུང་མི་འགྱུར། །བརྣབ་སེམས་དང་ནི་གནོད་སེམས་ཀྱིས། །
སེམས་འདི་རྣམ་པར་བཅོམ་མི་འགྱུར། །གཟུགས་དག་ཉེ་བར་མི་སྩོགས་ན། །མྱ་ངན་འདས་པ་ཞེས་བརྗོད་དོ། །སྲེད་ཟད་མྱ་ངན་འདས་པ་ཞེས། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །གཟུགས་དང་དེ་བཞིན་ཚོར་བའི་ཡང་། །ཇི་ལྟར་གནས་པ་
བཞིན་མཐོང་ན། །ཟད་ཅིང་ཉེ་བར་མི་སོགས་ཏེ། དེ་བཞིན་དྲན་དང་ལྡན་པར་སྤྱོད། །དེ་བཞིན་སྒྲ་དང་དྲི་དང་ནི། །རོ་དང་རེག་བྱ་རྣམས་དང་ནི། །ཆོས་རྣམས་མཐོང་ནས་དྲན་ཉམས་ཤིང་། །དགའ་བའི་རྒྱུ་མཚན་ཡིད་བྱས་པས། །སེམས་ནི་ཡང་དག་ཆགས་མྱོས་ནས། །དེ་ལ་ལྷག་
པར་ཞེན་པར་འགྱུར། །དེ་ལ་རང་བཞིན་དུ་མ་ཡི། །ཚོར་བ་རྣམས་ནི་སྐྱེ་ཞིང་འབྱུང་། །བརྣབ་སེམས་དང་ནི་གནོད་སེམས་ཀྱིས། །སེམས་འདི་རབ་ཏུ་བཅོམ་པར་འགྱུར། །ཆོས་དག་ཉེ་བར་སོགས་པས་ན། །མྱ་ངན་འདས་པ་རིང་ཞེས་བརྗོད། །སྲིད་བཅས་མྱ་ངན་འདས་མིན་ཞེས། །
ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཆོས་ལ་མངོན་པར་མི་དགའ་ཞིང་། །ཆོས་རྣམས་མཐོང་ནས་དྲན་ལྡན་ན། །སེམས་ནི་ཡང་དག་ཆགས་མི་འགྱུར། །དེ་ལ་ལྷག་པར་ཆགས་མི་འགྱུར། །དེ་ལས་རང་བཞིན་དུ་མ་ཡི། །ཚོར་བ་འབྱུང་ཞིང་སྐྱེ་མི་འགྱུར། །བརྣབ་སེམས་
དང་ནི་གནོད་སེམས་ཀྱིས། །སེམས་འདི་རྣམ་པར་བཅོམ་མི་འགྱུར། །ཆོས་དག་ཉེ་བར་མི་སོགས་པ། །མྱ་ངན་འདས་པ་ཞེས་བརྗོད་དོ། །སྲེད་ཟད་མྱ་ངན་འདས་པ་ཞེས། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །གཟུགས་དང་དེ་བཞིན་ཚོར་བའི་ཡང་། །ཇི་ལྟར་གནས་པ་བཞིན་
མཐོང་ན། །ཟད་ཅིང་ཉེ་བར་མི་སོགས་ཏེ། དེ་བཞིན་དྲན་དང་ལྡན་པར་སྤྱོད། །བཙུན་པ་འདི་ལྟར་བཅོམ་ལྡན་འདས་ཀྱིས་མདོར་བསྡུས་ཤིང་རྣམ་པར་མ་ཕྱེ་བར་བཤད་པའི་དོན་རྒྱས་པར་བདག་གིས་འཚལ་ཏོ། །མཆོད་བྱེད་ཀྱི་མ་ཅན་ལེགས་སོ་ལེགས་སོ། །མཆོད་བྱེད་ཀྱི་
Vol. 146 · folio 242b
མ་ཅན་ཁྱོད་ཀྱིས་ངས་མདོར་བསྡུས་ཏེ་རྣམ་པར་མ་ཕྱེ་བར་བཤད་པའི་དོན་ཁྱོད་ཀྱིས་ཤེས་པ་ལེགས་སོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་རྣམས་མཐོང་ན་ཞེས་བྱ་བ་ནས། དེ་བཞིན་དྲན་དང་ལྡན་པར་སྤྱོད། །ཅེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་རྒྱས་པར་རོ། །དེ་ནས་ཚེ་དང་ལྡན་པ་མཆོད་
བྱེད་ཀྱི་མ་ཅན་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ་ཞེས་བྱ་བའི་བར་དུའོ། །དེ་ནས་ཚེ་དང་ལྡན་པ་མཆོད་བྱེད་ཀྱི་མ་ཅན་བཅོམ་ལྡན་འདས་ལས་མདོར་བསྡུས་པའི་གདམས་ངག་ཐོས་ནས་དགྲ་བཅོམ་པ་སེམས་རྣམ་པར་གྲོལ་བའི་བར་དུ་གྱུར་ཏོ་ཞེས་གསུངས་སོ། །མདོ་
ལས་ཇི་སྐད་དུ་འདོད་པ་ལ་འདུན་པའི་དབང་དུ་བྱས་ནས་ཞེས་བྱ་བ་ལ། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་དབྱུ་གུ་གསུམ་པའི་མདོ་དེ་དང་དེ་ལས་འདོན་པ་ལྟ་བུ་སྟེ། དེ་འཕགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ཡང་དག་པར་ལྡན་ཞིང་འདིས་དབང་པོའི་སྒོ་བསྡམས་ཤིང་ཡང་དག་
པའི་དྲན་པ་དང་ཤེས་བཞིན་འདི་དག་དང་ལྡན་ཞིང་རྣམ་པར་དབེན་པའི་མལ་ཆ་དང་སྟན་ལ་བརྟེན་ཏེ་དགོན་པ་དང་ཤིང་དྲུང་དང་ཁང་པ་སྟོང་པར་གནས་པའམ། དེ་དགོན་པའམ། ཤིང་དྲུང་ངམ། ཁང་པ་སྟོང་པར་སོང་སྟེ། སྐྱིལ་མོ་ཀྲུང་བཅས་ཤིང་ལུས་དྲང་པོར་བསྲང་སྟེ། དྲན་པ་
མངོན་དུ་ཕྱགས་པར་བཞག་ནས་འདུག་སྟེ། སེམས་ལ་འཇིག་རྟེན་གྱི་བརྣབ་སེམས་སྤངས་ཏེ་བརྣབ་སེམས་དང་བྲལ་བར་ལན་མང་དུ་གནས་ཤིང་སེམས་ལ་བརྣབ་སེམས་རྣམ་པར་སྦྱོང་བར་བྱེད་དོ། །གནོད་སེམས་དང་། རྨུགས་པ་དང་། གཉིད་དང་། རྒོད་པ་དང་། འགྱོད་པ་དང་། །
འཇིག་རྟེན་གྱི་ཐེ་ཚོམ་སྤངས་ཤིང་སོམ་ཉི་ལས་བརྒལ་ཅིང་ཐེ་ཚོམ་ལས་བརྒལ་ཏེ། དགེ་བའི་ཆོས་རྣམས་ལ་ཐེ་ཚོམ་མེད་ཅིང་ཐེ་ཚོམ་ལས་སེམས་རྣམ་པར་སྦྱོར་བར་བྱེད་དེ། དེ་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཤེས་རབ་ཉམ་ཆུང་བར་བྱེད་པ་གེགས་ཀྱི་ཕྱོགས་མྱ་ངན་ལས་འདས་པ་མ་
ཡིན་པ་སྒྲུབ་པར་བྱེད་པའི་སྒྲིབ་པ་ལྔ་པོ་སྤངས་ནས་འདོད་པ་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་ཞེས་བྱ་བ་ནས་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་སོ་ཞེས་བྱ་བའི་བར་དུའོ། །མེད་པར་ལྟ་བས་རྩ་བ་གཅོད། །ཅེས་བྱ་བ་ལ། གང་གིས་དགེ་བའི་རྩ་བ་
Vol. 146 · folio 243a
ཀུན་དུ་གཅོད་ཅིང་ཇི་ལྟར་ཀུན་དུ་གཅོད་ལ་རྣམ་པ་གང་གིས་ཀུན་དུ་གཅོད་ཅེ་ན། སྨྲས་པ། གང་ཟག་ཁ་ཅིག་གིས་ཕ་དང་མ་བསམས་བཞིན་དུ་སྲོག་དང་ཕྲལ་ནས་འགྱོད་པ་དང་ལྷན་ཅིག་པའི་སེམས་ཆ་ཙམ་ཡང་མི་བསྐྱེད་ལ་ཁ་ཅིག་གིས་ཕ་དང་མ་བསམས་
བཞིན་དུ་སྲོག་དང་ཕྲལ་བར་བྱས་ནས་འགྱོད་པ་ཆ་ཤས་ཙམ་སྐྱེད་པར་བྱེད་དོ། །དེ་ན་དགེ་སྦྱོང་ངམ། འཇིག་རྟེན་རྒྱང་པན་པའི་རིགས་ཅན་མེད་དོ་ཞེས་སྨྲ་བ་རྒྱུ་མེད་པར་སྨྲ་བ་དེ་དང་དེ་དག་དགེ་བ་དང་མི་དགེ་བའི་ལས་རྣམས་ཞིག་ཅིང་ཆད་ནས་མེད་པ་ཡིན་ནོ་ཞེས་འདོགས་ཏེ་དེ་དེ་དང་
དེའི་དྲུང་དུ་ཉེ་བར་སོང་ནས་དྲི་བ་འདི་འདྲི་སྟེ། དགེ་བ་ནི་གང་ཞིག་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་ནི་གང་ཞིག་ཡིན། ཁ་ན་མ་ཐོ་བ་མེད་པ་ནི་གང་ཞིག་ཡིན། ཅི་ཞིག་བྱས་ན་དགེ་བར་འགྱུར་ཞིང་སྡིག་པར་མི་འགྱུར་ཞེས་དྲིས་པ་དང་། དེས་དེ་འགྱོད་པ་མ་སྐྱེས་པ་མི་སྐྱེད་ཅིང་
འགྱོད་པ་སྐྱེས་པ་དག་ཀྱང་མྱུར་དུ་སེལ་བར་བྱེད་དེ། འདི་སྐད་དུ་སྲོག་གཅོད་པ་ནི་འབྲས་བུ་དང་བྲལ་བ་སྟེ། འབྲས་བུ་མེད་པ། དོན་མེད་པ། སྐྱེ་བ་མེད་པ། རོ་མེད་པ། བསྔགས་པ་མེད་པ་སྟེ། སྲོག་གཅོད་པ་ལ་རྣམ་པར་སྨིན་པའི་འབྲས་བུ་མེད་དོ། །མ་བྱིན་པར་ལེན་པ་དང་།
འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་མོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ནི་འབྲས་བུ་དང་བྲལ་བ་སྟེ། འབྲས་བུ་མེད་པ་དོན་མེད་པ། སྐྱེ་བ་མེད་པ་རོ་མེད་པ་བསྔགས་པ་མེད་པ་སྟེ།
ལོག་པར་ལྟ་བ་མེད་ཅིང་ལོག་པར་ལྟ་བའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་བརྗོད་ལ། དེ་དེ་ལ་འདོད་ཅིང་བཟོད་ལ་ཡང་དག་པར་གསལ་བར་བྱེད་དོ། །གང་གི་ཚེ་དེ་འདོད་ཅིང་བཟོད་ལ་གསལ་བར་བྱེད་པ་འདི་ཙམ་གྱིས་ན་གང་ཟག་གཡོན་གྱི་ལམ་དུ་ཞུགས་པ་ཞེས་བྱ་སྟེ། འདི་
ལྟ་སྟེ་ལོག་པར་ལྟ་བ་ཅན། ལོག་པར་རྟོག་པ་དང་། ལོག་པའི་ལས་ཀྱི་མཐའ་དང་། ལོག་པའི་འཚོ་བ་ལོག་པའི་ཏིང་ངེ་འཛིན་ཅན་ཞེས་བྱའོ། །དེ་འདི་ལྟ་བུའི་གཡོན་པའི་ལམ་ལ་ཞུགས་པས་ཉེས་པར་སྤྱོད་པ་རྣམ་པ་གསུམ་འཕེལ་ཞིང་དྲག་པོར་འགྱུར་ཞིང་མང་པོར་འགྱུར་རོ། །
Vol. 146 · folio 243b
ལེགས་པར་སྤྱོད་པ་རྣམ་པ་གསུམ་འབྲི་ཞིང་སྲབ་མོར་འགྱུར་ཞིང་ཡང་བར་འགྱུར་རོ། །མི་དགེ་བའི་རྩ་བ་རྣམ་པ་གསུམ་འཕེལ་ཞིང་དྲག་པོར་འགྱུར་ཞིང་སྡུག་བསྔལ་མང་པོར་འགྱུར་རོ། །དགེ་བའི་རྩ་བ་རྣམ་པ་གསུམ་འབྲི་ཞིང་སྲབ་མོར་འགྱུར་ཞིང་ཡང་བར་འགྱུར་ལ་གསེང་
ཚགས་ཅན་དུ་འགྱུར་རོ། །མི་དགེ་བའི་ལས་ཀྱི་ལམ་བཅུ་མངོན་པར་འཕེལ་ཞིང་དྲག་པོར་འགྱུར་ཞིང་སྟུག་ལ་མང་པོར་འགྱུར་རོ། །དགེ་བ་བཅུའི་ལས་ཀྱི་ལམ་ཕྲ་ཞིང་སྲབ་མོར་འགྱུར་ཞིང་གསེང་ཚགས་ཅན་དུ་འགྱུར་ཏེ། གཡོན་ཕྱོགས་ཀྱི་ལམ་འཕེལ་ཞིང་དྲག་པོར་འགྱུར་
ཞིང་སྟུག་ལ་མང་པོར་འགྱུར་རོ། །གཡས་ཕྱོགས་ཀྱི་ལམ་འབྲི་ཞིང་སྲབ་མོར་འགྱུར་ལ་ཡང་ཞིང་གསེང་ཚགས་ཅན་དུ་འགྱུར་རོ། །དེ་མང་དུ་སྲོག་གཅོད་པ་ཅན་དུ་འགྱུར་ཞིང་མ་བྱིན་པར་ལེན་པ་འདོད་པས་ལོག་པར་གཡེམ་པ། བརྫུན་དུ་སྨྲ་བ། ཕྲ་མ་སྨྲ་བ། ཚིག་རྩུབ་མོ་
སྨྲ་བ། ཚིག་ཀྱལ་པ་སྨྲ་བ། བརྣབ་སེམས་དང་གནོད་སེམས་དང་ལོག་པར་ལྟ་བ་ཅན་དུ་འགྱུར་ཏེ། དེ་འདི་ལྟ་བུའི་མ་དུལ་བས་མང་དུ་གནས་པར་འགྱུར་ཞིང་མ་བསྡམས་པས་མང་དུ་གནས་པར་འགྱུར་ཏེ། རེས་འགའ་ཞིག་ཅི་ཞིག་ལྟར་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་
རྣམས་མངོན་དུ་འགྱུར་རོ། །དེ་ནས་ཡང་མི་དགེ་བ་ཉིད་མང་དུ་ཀུན་དུ་སྤྱོད་དེ་གང་ཡང་ཕལ་ཆེར་གཡོན་ཕྱོགས་པ་སྟེ། དབྱར་ཕྱི་མ་སྟོན་གྱི་དུས་ལ་བབ་པ་ན་གློག་ཆེན་པོ་བྱུང་བས་སྣང་བ་དང་ཅུང་ཟད་སྣང་བ་དང་། གཟུགས་མཐོང་བར་བྱས་ནས་མྱུར་དུ་ནུབ་པ་དེ་བཞིན་དུ་དེ་འདི་ལྟ་བུའི་མ་
དུལ་བ་དང་མ་བསྡམས་པ་ལན་མང་དུ་གནས་པར་འགྱུར་ཏེ། བརྒྱ་ལ་རེས་འགའ་ཞིག་ན་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མངོན་དུ་འགྱུར་ཞིང་དེ་ནས་ཡང་མི་དགེ་བ་ཉིད་དུ་སྦྱོར་བར་འགྱུར་ཏེ། གང་ཡང་ཕལ་ཆེར་གཡོན་ཕྱོགས་པ་སྟེ། འདི་ལྟ་སྟེ་ཚ་བས་
གདུངས་ཤིང་ཚ་བས་ཉེན་པའི་སྐྱེས་བུ་སྐོམ་ཞིང་ངལ་ལ་ཚད་པས་ཉེན་པ་དག་ཁྲོན་པ་བསིལ་མོའི་ནང་དུ་ཞུགས་ཏེ་མྱུར་དུ་དེ་ནས་བྱུང་ན་དེའི་ཆུ་དང་ཆུའི་ཐིགས་པ་རགས་པ་དག་མྱུར་བ་མྱུར་བར་རྒལ་ལ་ལྟུང་བར་འགྱུར་ཞིང་འདི་ལྟར་བ་སྤུའི་བུ་ག་ན་ཆུ་ཕྲ་མོ་དག་ཡོད་པ་དེ་བཞིན་དུ་མ་དུལ་ཞིང་
Vol. 146 · folio 244a
མ་བསྡམས་པ་ལན་མང་དུ་གནས་པ་འདིའི་བརྒྱ་ལ་རེས་འགའ་ཞིང་དགེ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མངོན་དུ་འགྱུར་རོ། །དེ་ནས་ཡང་མི་དགེ་བ་ཉིད་མང་དུ་ཀུན་དུ་སྤྱོད་པར་འགྱུར་ཏེ། གང་ཡང་ཕལ་ཆེར་གཡོན་ཕྱོགས་པར་འགྱུར་རོ། །
དེ་སྲོག་ཆགས་ཁྱད་པར་ཅན་བསམས་བཞིན་དུ་སྲོག་དང་ཕྲལ་བ་ལ་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་མེད་དོ་ཞེས་དུས་གཞན་དུ་ཡང་དེ་འགྱོད་པའི་སེམས་ཆ་ཙམ་ཡང་སྐྱེད་པར་མི་བྱེད་དེ། གང་ཡང་གང་ཟག་ཁྱད་པར་ཅན་སྲོག་དང་ཕྲལ་བ་ལ་དགེ་བ་དང་མི་དགེ་བའི་
ལས་ཀྱི་རྣམ་པར་སྨིན་པ་མེད་དོ་ཞེས་འགྱོད་པའི་སེམས་ཅུང་ཟད་ཙམ་ཡང་སྐྱེད་པར་མི་བྱེད་དེ། འདི་ཙམ་གྱིས་ན་གང་ཟག་འདིའི་ཁམས་གསུམ་པའི་དགེ་བའི་རྩ་བ་ཀུན་དུ་ཆད་པ་ཞེས་བརྗོད་པར་བྱའོ། །གང་ཟག་འདིའི་དགེ་བའི་རྩ་བ་མཐོང་བའི་ཆོས་ཉིད་ལ་ཉིང་མཚམས་སྦྱོར་
བའི་སྐལ་བ་མེད་པ་སྟེ། གང་ཟག་འདིའི་དགེ་བའི་རྩ་བ་རྣམས་དམྱལ་བ་དག་ནས་འཆི་འཕོ་བའམ་སྐྱེ་བ་ན་ངེས་པར་ཉིང་མཚམས་སྦྱོར་བར་འགྱུར་རོ། །གང་ཡང་འདི་ལྟ་བུ་གང་ཟག་བསམས་བཞིན་དུ་སྲོག་དང་ཕྲལ་བ་དང་། གང་ཡང་སྲོག་ཆགས་གྲོག་སྦུར་དག་སྲོག་དང་ཕྲལ་
ན་གང་ཞིག་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་ཞེ་ན། ཀུན་ནས་དཀྲིས་པ་མཉམ་ན་རྣམ་པར་སྨིན་པ་མཉམ་པར་འགྱུར་རོ། །འདི་སྐད་དུ་ཟེར་བ་ཡང་ཡོད་དེ། སྲོག་ཆགས་གྲོག་སྦུར་དག་བསམས་བཞིན་དུ་སྲོག་དང་ཕྲལ་ན་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་གྱི། གང་ཟག་འདི་ལྟ་བུ་ནི་མ་ཡིན་ཏེ།
དེ་ཅིའི་ཕྱིར་ཞེ་ན། སྨྲས་པ་སྲོག་ཆགས་གྲོག་སྦུར་དག་གི་དགེ་བའི་རྩ་བ་ཀུན་དུ་མ་ཆད་ལ་གང་ཟག་འདིའི་དགེ་བའི་རྩ་བ་ཀུན་དུ་ཆད་པའི་ཕྱིར་རོ་ཞེས་ཕྲ་རྒྱས་བཏགས་པའི་དབུགས་འབྱུང་བ་བརྒྱད་པ་དང་། རྣམ་པར་ཤེས་པའི་ཚོགས་ཀྱི་ཕུང་པོ་ལྔ་པ་ལས་འདོན་ཏོ། །ཚུལ་ཁྲིམས་ཀྱི་
ཕུང་པོ་ལས་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་ཁྲིམས་ཀྱི་ཕུང་པོའི་དབྱུ་གུ་གསུམ་པའི་མདོ་ལས་འདི་ལྟར་འདོན་ཏེ། ཇི་ལྟར་ཡང་དབྱུ་གུ་གསུམ་པ་དགེ་སྦྱོང་ངམ་བྲམ་ཟེ་དད་པས་བྱིན་པ་ལོངས་སྤྱོད་ཅིང་རྣམ་པ་དུ་མ་ལྟ་བུའི་ཕྱིར་རྗེས་སུ་སྦྱོར་བས་མངོན་པར་བརྩོན་པས་གནས་ཏེ།
Vol. 146 · folio 244b
འདི་ལྟ་སྟེ་གླང་པོ་ཆེ་འཐབ་པ་དང་། རྟ་འཐབ་པ་དང་། ཤིང་རྟ་འཐབ་པ་དང་། རྐང་ཐང་འཐབ་པ་དང་། རྡོ་བས་འཐབ་པ་དང་། ཁུ་ཚུར་འཐབ་པ་དང་། ཁྱུ་མཆོག་འཐབ་པ་དང་། བ་ལང་འཐབ་པ་དང་། ར་འཐབ་པ་དང་། ལུག་འཐབ་པ་དང་། ཁྱིམ་བྱ་འཐབ་པ་དང་། ཆུ་སྐྱར་
འཐབ་པ་དང་། ཁྱིམ་བྱ་དང་ཆུ་སྐྱར་འཐབ་པ་དང་། སྐྱེས་བུ་འཐབ་པ་དང་། བུད་མེད་འཐབ་པ་དང་། གཞོན་ནུ་འཐབ་པ་དང་། གཞོན་ནུ་མ་འཐབ་པ་དང་། ཁང་པ་དང་། ཁང་བཟངས་དང་། རྒྱལ་མཚན་གྱི་མཆོག་དང་དཔུང་གི་མཆོག་བཤམས་པ་ལ་ལྟ་བ་ཉམས་སུ་མྱོང་བར་བྱེད།
དགེ་སྦྱོང་ངམ་བྲམ་ཟེ་དེ་དག་རྣམ་པ་འདི་ལྟ་བུའི་ལྟ་བ་ལ་བརྩོན་པའི་སྦྱོར་བས་སྦྱོར་ཞིང་གནས་པ་དང་བྲལ་བར་བྱའོ་ཞེས་གསུངས་སོ། །གང་ཡང་གནས་བརྟན་མ་འགགས་པས་ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོ་དང་ཡང་དག་པར་ལྡན་པ་ལས། འཁོར་ལོ་གཉིས་དང་།
མཚན་གཉིས་དང་། །ཆུ་རལ་ལྷ་ཡི་ཕོ་ཉ་དང་། །ཨ་ཏག་བི་དྷེཾ་གི་དང་ནི། །དངོས་དང་ཕྱིས་ཀྱི་མདོ་དག་གོ། །ཞེས་བྱ་བའི་མདོ་ཐ་མ་ལས། བཅོམ་ལྡན་འདས་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བཞུགས་ཏེ། དེ་ནས་དགེ་སློང་རབ་ཏུ་མང་པོ་དག་ཉེ་བར་གནས་པའི་ཕྱིར་འདུས་
ཤིང་ཚོགས་པར་གྱུར་ཏེ་འདུག་པ་དག་བར་སྐབས་སུ་འདི་ལྟ་བུའི་གཏམ་བརྗོད་པ་བྱུང་སྟེ། ཚེ་དང་ལྡན་པ་དག་ཁྱིམ་པ་གོས་དཀར་པོ་ཅན་གང་གི་ཁྱིམ་དུ་ཉི་མ་རེ་རེ་ཞིང་ཀཱརྵཱ་པ་ཎ་བརྒྱ་རྙེད་པ་དང་། གང་གིས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ལྟུང་བ་དང་བྲལ་
བ་ལ་བསོད་སྙོམས་གཅིག་ཡོངས་སུ་ལོངས་སྤྱོད་པར་ཕུལ་ན་གང་ཞིག་གིས་ཡིན། །དེ་ན་གཅིག་གིས་སྨྲས་ན། ཚེ་དང་ལྡན་པ་དག་ཁྱིམ་པ་གོས་དཀར་པོ་ཅན་གང་གི་ཁྱིམ་དུ་ཉི་མ་རེ་རེ་ཞིང་ཀཱརྵཱ་པ་ནི་བརྒྱ་རྙེད་པ་བས་གང་གིས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ལྟུང་བ་
དང་བྲལ་བ་ལ་བསོད་སྙོམས་གཅིག་ཡོངས་སུ་ལོངས་སྤྱོད་པར་ཕུལ་ན་མཆོག་ཏུ་འགྱུར་རོ། །གཞན་གྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱིམ་པ་གོས་དཀར་པོ་ཅན་གང་གི་ཁྱིམ་དུ་ཉི་མ་རེ་རེ་ཞིང་ཀཱརྵཱ་པ་ཎ་བརྒྱ་རྙེད་པ་པས་ཀཱརྵཱ་པ་ཎ་སྟོང་རྙེད་ཀྱང་ཅི་ཞིག་བྱ། གང་གིས་དགེ་སློང་ཚུལ་
Vol. 146 · folio 245a
ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ལྟུང་བ་དང་བྲལ་བ་ལ་བསོད་སྙོམས་གཅིག་ཡོངས་སུ་ལོངས་སྤྱོད་པར་ཕུལ་ན་མཆོག་ཏུ་འགྱུར་རོ། །དེའི་ཚེ་ན་ཚེ་དང་ལྡན་པ་མ་འགགས་པ་འཁོར་འདུས་པ་དེའི་ནང་དུ་འདུས་ཤིང་འཚོགས་པར་གྱུར་པ་འདུག་སྟེ། དེ་
ནས་ཚེ་དང་ལྡན་པ་མ་འགགས་པས་དགེ་སློང་རྣམས་ལ་བོས་ཏེ། ཚེ་དང་ལྡན་པ་དག་ཁྱིམ་པ་གོས་དཀར་པོ་ཅན་གང་གི་ཁྱིམ་དུ་ཉི་མ་རེ་རེ་ཞིང་ཀཱཪྵ་པ་ཎ་བརྒྱ་དང་སྟོང་དང་སྟོང་ཕྲག་བརྒྱ་རྙེད་ཀྱང་ཅི་ཞིག་བྱ། གང་གིས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ལྟུང་བ་དང་
བྲལ་བ་ལ་བསོད་སྙོམས་གཅིག་ཡོངས་སུ་སྤྱད་པར་ཕུལ་ན་ཆེས་མཆོག་ཏུ་འགྱུར་ཏེ། ཚེ་དང་ལྡན་པ་དག་བཱ་རཱ་ཎ་སཱི་འདི་ཉིད་དུ་སྐྱེས་བུ་དབུལ་པོ་རྩ་ཐུ་བ་ཞིག་ཏུ་གྱུར་པ་མངོན་པར་དྲན་ཏེ། དེ་ནང་པར་ལངས་ཏེ་ཟོར་བ་ཐོགས་ནས་རྩྭ་ཐུ་བའི་ཕྱིར་བཱ་རཱ་ཎ་སཱི་ནས་འགྲོ་སྟེ། དེའི་ཚེ་ན་རང་སངས་
རྒྱས་སྟེང་གནས་ཞེས་བྱ་བ་ཞིག་བཱ་རཱ་ཎ་སཱི་ན་ཉེ་བར་བརྟེན་ཅིང་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་སྔ་དྲོ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ་བསོད་སྙོམས་ཀྱི་ཕྱིར་བཱ་རཱ་ཎ་སཱིར་ཞུགས་སོ། །བཅོམ་ལྡན་འདས་དེ་ཞུགས་པ་བདག་འགྲོ་བས་མཐོང་ཞིང་བདག་འགྲོ་བ་དང་
ཡང་བཅོམ་ལྡན་འདས་དེ་ཞུགས་པས་མཐོང་ངོ་། །དེ་ནས་ང་མྱུར་བར་རྩྭ་ཁུར་བུ་གང་ཁྱེར་ནས་བཱ་རཱ་ཎ་སཱིར་ཞུགས་སོ། །བཅོམ་ལྡན་འདས་དེ་ཇི་ལྟར་བཱ་རཱ་ཎ་སཱིར་ལྷུང་བཟེད་བཀྲུས་ཏེ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དེ་བཞིན་དུ་ཕྱིར་བྱུང་བར་གྱུར་ཏེ། བསོད་སྙོམས་གཅིག་ཀྱང་མ་
བརྙེས་སོ། །བཅོམ་ལྡན་འདས་དེ་བྱུང་ནས་གཤེགས་པས་བདག་ཞུགས་པ་མཐོང་ནས་འདི་སྙམ་དུ་སྐྱེས་བུ་འདི་འགྲོ་བ་ཡང་བདག་ཞུགས་པས་མཐོང་ཞིང་ད་ལྟར་སྐྱེས་བུ་ཞུགས་པ་ཡང་བདག་འགྲོ་བས་མཐོང་བ་ལས་ན་སྐྱེས་བུ་འདིས་ངེས་པར་ཟས་ཀྱི་བྱ་བ་མ་བྱས་སོ་ཞེས་དགོངས་ནས་ངའི་
ཕྱི་བཞིན་ཕྱི་བཞིན་དུ་འབྲངས་སོ། །དེ་ནས་བདག་རང་གི་ཁང་པར་ཕྱིན་ནས་རྩྭའི་ཁུར་བུ་ཕྱོགས་གཅིག་ཏུ་བཞག་ནས་རྒྱབ་ཏུ་བལྟས་པ་དང་། བཅོམ་ལྡན་འདས་དེ་སྒོའི་དྲུང་ན་བཞུགས་པ་མཐོང་ངོ་། །མཐོང་ནས་བདག་འདི་སྙམ་དུ་བཅོམ་ལྡན་འདས་འདི་བདག་འགྲོ་བས་མཐོང་ཞིང་བདག་
Vol. 146 · folio 245b
འགྲོ་བ་ཡང་བཅོམ་ལྡན་འདས་འདི་ཞུགས་པས་མཐོང་། བདག་ཞུགས་པ་ཡང་འདི་འགྲོ་བས་མཐོང་ལ། འདི་འགྲོ་བས་ཀྱང་བདག་ཞུགས་པ་མཐོང་ལ་ད་ལྟར་འདི་སྒོ་དྲུང་ན་བཞུགས་པ་མཐོང་བ་ལས་ན་འཕགས་པ་འདིས་ངེས་པར་ཟས་ཀྱི་བྱ་བ་མ་བྱས་ཀྱིས་གང་བདག་གི་ཕྱིར་
བཞག་པའི་ཟས་དེ་དག་བཅོམ་ལྡན་འདས་འདི་ལ་བསོད་སྙོམས་འབུལ་བར་བྱའོ་སྙམ་ནས་དེ་ནས་བདག་གིས་མྱུར་བ་མྱུར་བར་བཅོམ་ལྡན་འདས་ཀྱི་གདན་བཤམས་ཏེ། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་བཅོམ་ལྡན་འདས་གདན་བཤམས་པ་ཇི་ལྟ་བ་བཞིན་དུ་བཞུགས་སུ་
གསོལ་ཞེས་སྨྲས་ནས་བཅོམ་ལྡན་འདས་གདན་བཤམས་པ་ཇི་ལྟ་བ་བཞིན་དུ་བཞུགས་པ་དང་། དེ་ནས་ངས་བདག་གི་ཕྱིར་བཞག་པའི་ཟས་དག་བཅོམ་ལྡན་འདས་དེ་ལ་བསོད་སྙོམས་ཕུལ་བ་དང་བཅོམ་ལྡན་འདས་དེས་བདག་ལ་འདི་སྐད་ཅེས་ཀྱེ་སྐྱེས་བུ་དེ་ལས་ཕྱེད་བདག་ལ་
བསོད་སྙོམས་ཕུལ་ལ་ཕྱེད་ཁྱོད་བཟའ་བར་གྱིས་ཤིག་དང་། འོ་སྐོལ་གཉིས་ཀའི་བཀྲེས་པ་ཟློག་པར་འགྱུར་རོ་ཞེས་སྨྲས་སོ། །བདག་གིས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ནི་ཁྱིམ་ན་གནས་ཤིང་གཞི་བདག་སྟེ། བདག་ཅག་ལ་ཏིལ་དང་འབྲས་དང་མྱོང་གུ་ཡོད་ལ་མ་ཤ་
ཡང་ཡོད་ཅིང་། བཙུན་པ་བདག་ཅག་ནི་དུས་དང་དུས་མ་ཡིན་པར་ཡང་ཟ་བ་ལགས་ཀྱིས་བཅོམ་ལྡན་འདས་ནི་དུས་སུ་གསོལ་ཞིང་དུས་སུ་བཞེད་ལ་དུས་སྲུང་བ་ལགས་ཀྱིས་བཅོམ་ལྡན་འདས་ཐུགས་བརྩེ་བར་དགོངས་ལ་བདག་ལས་བསོད་སྙོམས་འདི་བཞེས་སུ་གསོལ། དེ་ནས་
བཅོམ་ལྡན་འདས་དེས་ཐུགས་བརྩེ་བས་བདག་ལས་བསོད་སྙོམས་དེ་བཞེས་སོ། །དེ་ནས་བཅོམ་ལྡན་འདས་དེ་བསོད་སྙོམས་བཞེས་ཏེ་ལྷུང་བཟེད་ཐོགས་ནས་དེ་བཞིན་དུ་ནམ་མཁའ་ལ་གཤེགས་སོ། །ཚེ་དང་ལྡན་པ་དག་ངས་མངོན་པར་ཤེས་ཏེ། བདག་ནི་བསོད་སྙོམས་གཅིག་
པོ་དེའི་རྣམ་པར་སྨིན་པས་ལན་བདུན་གྱི་བར་དུ་སུམ་ཅུ་རྩ་གསུམ་གྱི་ལྷ་བཟང་པོའི་རིགས་སུ་སྐྱེས་ཤིང་ལན་བདུན་གྱི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞི་ལས་རྣམ་པར་རྒྱལ་བ་ཆོས་ཅན་ཆོས་ཀྱི་རྒྱལ་པོ། །རིན་པོ་ཆེ་སྣ་བདུན་དང་ལྡན་པར་གྱུར་ཏེ། དེ་ལ་བདག་གི་རིན་
Vol. 146 · folio 246a
པོ་ཆེ་སྣ་བདུན་ནི་འདི་ལྟ་བུའི་རང་བཞིན་དག་བྱུང་སྟེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། དམག་དཔོན་རིན་པོ་ཆེ་རྣམས་སོ། །དཔའ་
བ་རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པའི་བུ་སྟོང་དུ་ཚང་བ་ཡང་བྱུང་བར་གྱུར་ཏོ། །རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་འདི་མ་ལུས་པར་གནོད་པ་མེད་ཅིང་འཚེ་བ་མེད་པ་ལ་དབྱུག་པ་དང་། མཚོན་ཆ་མེད་ལ་ཆོས་ཀྱིས་རྣམ་པར་
རྒྱལ་ནས་གནས་པར་གྱུར་ཏོ། །བདག་ནི་བསོད་སྙོམས་གཅིག་པོ་དེའི་རྣམ་པར་སྨིན་པས་ད་ལྟར་ཤཱཀྱའི་རིགས་ཕྱུག་པོ་རྣམས་སུ་སྐྱེས་ཏེ་བརྒྱ་ཕྲག་དུ་མ་དང་། སྟོང་ཕྲག་དུ་མ་དང་། བརྒྱ་སྟོང་ཕྲག་དུ་མའི་གསེར་དང་ས་ལེ་སྦྲམ་དག་བཏང་ནས་རབ་ཏུ་བྱུང་ན། དངོས་པོ་ངན་པ་
གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །བདག་ནི་བསོད་སྙོམས་གཅིག་པོ་དེའི་རྣམ་པར་སྨིན་པས་དོན་དུ་གཉེར་བ་དང་ཚེགས་ཆུང་ངུས་ཆོས་གོས་ཡོངས་སུ་ལོངས་སྤྱོད་ཅིང་བསོད་སྙོམས་དང་། ན་བའི་གསོས་སྨན་དང་། མལ་ཆ་དང་། སྟན་དང་། འཚོ་བའི་ཡོ་བྱད་དག་དོན་དུ་
གཉེར་བ་དང་ཚེགས་ཆུང་ངུས་ཡོངས་སུ་ལོངས་སྤྱོད་དོ། །ཚེ་དང་ལྡན་པ་དག་བདག་གིས་བཅོམ་ལྡན་འདས་དེ་དེ་ལྟར་མཐུ་དང་བྱིན་རླབས་ཆེ་བར་ཤེས་ནས་བྱ་བ་མང་དུ་བྱེད་པར་འགྱུར་བའི་གནས་ཡོད་ཅིང་སྐབས་ཡོད་དོ། །གང་ཡང་ཉེས་པར་སྤྱད་པ་རྣམ་པ་གསུམ་ལས་བཅོམ་ལྡན་
འདས་ཀྱིས་ཞེས་བྱ་བ་ལ། དབྱངས་དང་བཅས་དང་ཉེ་བ་འཁོར། །བརྒྱ་བྱིན་གྱིས་ལན་ས་ག་དང་། །སུམ་ཅུ་དཔེ་དང་དེ་ཡི་ཕྱེད། །ཚོམས་སུ་ཡང་དག་བསྡེབས་པ་ཡིན། །ཞེས་བྱ་བའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་ཉེ་བ་འཁོར་གྱི་མདོ་ལས་ཏེ། དེ་ནས་ཁྱིམ་བདག་ཉེ་བར་
འཁོར་གཅེར་བུ་པ་གཉེན་གྱི་བུས་བརྩོན་པར་བྱས་པས་ན་ལེན་དྲར་འོངས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་སྟེ། ཉེ་བར་སོང་ནས་བཅོམ་ལྡན་འདས་དང་ལྷན་ཅིག་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་
Vol. 146 · folio 246b
བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་ཉེ་བ་འཁོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་གལ་ཏེ་སྐབས་འབྱེད་ན་ཕྱོགས་འགའ་ཞིག་འདྲིའོ། །ཁྱིམ་བདག་ཇི་ལྟར་བཟོད་པ་བཞིན་དུ་དྲིས་ཤིག། གཽ་ཏ་
མ་གཅེར་བུ་དཀའ་ཐུབ་ཅན་ཡུན་རིང་པོ་ནས་འོངས་སམ། ཁྱིམ་བདག་འོངས་སོ། །གཽ་ཏ་མ་ཡུན་རིང་པོའི་གཅེར་བུ་དཀའ་ཐུབ་ཅན་དང་གཽ་ཏ་མ་ལྷན་ཅིག་བར་སྐབས་སུ་གཏམ་གཞན་བརྗོད་པ་དག་བྱུང་བར་གྱུར་ཏམ། ཁྱིམ་བདག་བྱུང་ངོ་། །གཽ་ཏ་མ་དེའི་ཕྱིར་གཽ་ཏ་མ་དང་ཡུན་
རིང་པོར་གཅེར་བུ་དཀའ་ཐུབ་ཅན་ལྷན་ཅིག་བར་སྐབས་སུ་གཞན་བརྗོད་པ་བྱུང་བ་དེ་དག་ཐམས་ཅད་རྒྱས་པར་བདག་ལ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུན་རིང་པོར་གཅེར་བུ་དཀའ་ཐུབ་ཅན་དང་བར་སྐབས་སུ་གཏམ་གཞན་བརྗོད་པ་དེ་ཐམས་ཅད་ཁྱིམ་བདག་
ཉེ་བར་འཁོར་ལ་རྒྱས་པར་བཤད་དོ། །བཤད་ནས་ཁྱིམ་བདག་ཉེ་བར་འཁོར་ཡིད་དགའ་ཞིང་རབ་ཏུ་དགའ་ནས་ལུས་ཀྱི་སྟོད་བཏེག་ནས་ལག་པ་གཡས་པ་བརྐྱང་ནས་ཆེད་དུ་བརྗོད་པ་འདི་སྐད་དུ་ཆེད་དུ་བརྗོད་དེ། དཀའ་ཐུབ་ཅན་ལེགས་སོ། །ཇི་ལྟར་སྟོན་པའི་ཉན་ཐོས་མཁས་པ་
གསལ་བ་དུལ་བ་མི་འཇིགས་པར་སྨྲ་བ། སྟོན་པའི་བསྟན་པ་ཤེས་པས་ལས་ཀྱིས་ཉེས་པར་སྤྱོད་པ་ཐམས་ཅད་ལས་ཁ་ན་མ་ཐོ་བ་ཆེན་པོ་ཉིད་དུ་བཅས་ཤིང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་ནི་དེ་ལྟར་མ་ཡིན་ཏེ། ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་རོ་དང་འདྲ་བས་ཅི་ཞིག་བྱེད་པར་འགྱུར་
ཞེས་ལུས་ཀྱི་ཉེས་པར་སྤྱད་པ་ལས་བརྩམས་ཏེ་རགས་པ་ཉིད་དུ་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཉེ་བར་འཁོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་ཁྱིམ་བདག་ཁྱོད་བདག་དང་ལྷན་ཅིག་འདི་ན་བར་སྐབས་ཀྱི་གཏམ་བརྗོད་པ་ནི་དེ་གལ་ཏེ་ཁྱོད་ཀྱིས་བདེན་
པར་རྟོག་ཅིང་བཟོད་ལ་མི་ཁྲོ་འམ། བདག་གཽ་ཏ་མ་ཁྱོད་དང་ལྷན་ཅིག་བར་སྐབས་ཀྱི་གཏམ་གཞན་བརྗོད་པ་ན་བདག་བཅོམ་ལྡན་འདས་ལ་བདེན་པར་རྟོག་ཅིང་བཟོད་ལ་མི་ཁྲོའོ། །ཁྱིམ་བདག་འདི་ལྟ་སྟེ་གཅེར་བུ་པ་ཐུན་བཞི་པ་ཐུན་བཞི་པའི་སྡོམ་པ་ཅན་དེ་འགྲོ་བ་ན་སྲོག་ཆགས་
Vol. 146 · folio 247a
ཕྲ་ཞིང་ཕྲ་མོའི་ཚོགས་དག་མང་པོ་དག་འཚོ་བ་དང་ཕྲལ་ཏེ། གཅེར་བུ་པ་གཉེན་གྱི་བུ་དེའི་འབྲས་བུ་ནི་ཅི་ཞིག་རྣམ་པར་སྨིན་པ་ནི་ཅི་ཞིག་ཡིན་པར་ཤེས། གཽ་ཏ་མ་བསམས་བཞིན་དུ་བྱས་པས་ཁ་ན་མ་ཐོ་བ་ཆེན་པོར་མི་འགྱུར་རོ། །གལ་ཏེ་བསམས་བཞིན་
དུ་ན་ནི་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་རོ། །ཁྱིམ་བདག་བསམས་བཞིན་དུ་ཞེས་བྱ་བ་གང་ལ་བྱ། གཽ་ཏ་མ་ཡིད་ཀྱི་ལས་སོ། །ཁྱིམ་བདག་ཡིད་ཀྱིས་བྱས་པ་ཡིད་ཀྱིས་བྱས་པ་ཞེས་ལུང་སྟོན་ན་སྔ་མ་དང་ཕྱི་མ་མི་མཐུན་ཞིང་ཕྱི་མ་དང་སྔ་མ་མི་མཐུན་པར་འགྱུར་རོ། །འཁོར་གྱི་ནང་
དུ་འདི་ལྟ་བུའི་ངོ་བོ་བཤད་དེ། ལུས་ཀྱིས་ཉེས་པར་སྤྱོད་པ་ཐམས་ཅད་ལས་ཁ་ན་མ་ཐོ་བ་ཆེན་པོ་སྟེ། ངག་གིས་ཉེས་པར་སྤྱོད་པ་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་ནི་དེ་ལྟ་མ་ཡིན་ཏེ། ངག་གིས་ཉེས་པར་སྤྱོད་པ་རོ་དང་འདྲ་བ་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་རོ་དང་འདྲ་བ་དག་གིས་ཅི་ཞིག་བྱེད་
པར་འགྱུར་ཞེས་ལུས་ཀྱིས་ཉེས་པར་སྤྱོད་པ་ལས་བརྩམས་ཏེ། ཁ་ན་མ་ཐོ་བ་རགས་པ་ཉིད་དུ་བསྟན་ཏོ། །འདི་ལྟ་སྟེ་ཁྱིམ་བདག་གཅེར་བུ་པ་ཐུན་བཞི་པ་ཐུན་བཞི་པའི་སྡོམ་པ་ཅན་ཆུ་དྲོན་མོ་རྡེག་ཅིང་ཆུ་གྲང་མོ་མི་འདོད་པ་དེ་འཆི་བའི་དུས་ན་ཆུ་གྲང་མོ་འདོད་ཀྱང་ཆུ་གྲང་མོ་མ་རྙེད་ནས་
དུས་བྱེད་པར་འགྱུར་རོ། །གཅེར་བུ་པ་གཉེན་གྱི་བུ་དེའི་འགྲོ་བ་ནི་གང་སྐྱེ་བ་ནི་གང་། འཇིག་རྟེན་ཕ་རོལ་དུ་གདགས་པ་ནི་གང་། གཽ་ཏ་མ་ཡིད་ཆགས་པ་ཞེས་བྱ་བ་ནི་ལྷ་གང་ན་བ་དེར་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེའི་སེམས་དེ་ལ་བཅིངས་བཞིན་དུ་དུས་ལས་འདས་
པའི་ཕྱིར་རོ། །ཁྱིམ་བདག་ཡིད་ཀྱིས་བྱས་པ་ཡིད་ཀྱིས་བྱས་པ་ཞེས་ལུང་སྟོན་ན་སྔ་མ་དང་ཕྱི་མ་མི་མཐུན་ཞིང་ཕྱི་མ་དང་སྔ་མ་མི་མཐུན་པར་འགྱུར་ཏེ། འཁོར་གྱི་ནང་དུ་འདི་ལྟ་བུའི་རང་བཞིན་བཤད་དེ། ལུས་ཀྱིས་ཉེས་པར་སྤྱོད་པ་ཐམས་ཅད་ལས་ཁ་ན་མ་ཐོ་བ་ཆེན་པོ་སྟེ། ངག་གིས་ཉེས་པར་སྤྱོད་པ་དང་།
ཡིད་ཀྱིས་ཉེས་པར་སྤྱོད་པ་ནི་དེ་ལྟ་མ་ཡིན་ཏེ། ངག་གིས་ཉེས་པར་སྤྱོད་པ་རོ་དང་འདྲ་བ་དང་། ཡིད་ཀྱིས་ཉེས་པར་སྤྱོད་པ་རོ་དང་འདྲ་བ་དག་གིས་ཅི་ཞིག་བྱེད་པར་འགྱུར་ཞེས་ལུས་ཀྱིས་ཉེས་པར་སྤྱོད་པ་ལས་བརྩམས་ཏེ་ཁ་ན་མ་ཐོ་བ་རགས་པ་ཉིད་དུ་བསྟན་ཏོ། །ཁྱིམ་བདག་འདི་ལྟ་སྟེ། ན་
Vol. 146 · folio 247b
ལེནྡྲ་འདི་ལྟར་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བར་གྱུར་ལ། དེ་ནས་ལག་ན་རལ་གྲི་དང་ཕུབ་ཐོགས་པའི་སྐྱེས་བུ་འགའ་ཞིག་འོངས་ནས་འདི་སྐད་དུ་འདི་ལྟར་ན་ལེནྡྲ་འདི་ལྟར་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བ་
འདི་ཉིན་ཞག་གཅིག་ལ་བརླག་ཅིང་ཉམས་པར་བྱའོ། །དོན་མ་ཡིན་པས་ཕོངས་པར་བྱའོ་ཞེས་སྨྲ་ན་ཁྱིམ་བདག་འདི་ལྟ་བུ་སེམས་པའི་སྐྱེས་བུ་སྟོབས་དང་ལྡན་པ་དེས་ན་ལེནྡྲ་འདི་ལྟར་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བ་འདི་ཉིན་ཞག་གཅིག་ལ་
བརླག་པ་དང་ཉམས་པ་དང་དོན་མ་ཡིན་པས་ཕོངས་པར་བྱ་བར་ནུས་སམ། གཽ་ཏ་མ་མ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། ན་ལེནྡྲ་འདི་ལྟར་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བ་འདི་ཚེགས་ཆུང་ངུས་སྐྱེས་བུ་གཅིག་གིས་བརླག་པ་དང་ཉམས་པ་དང་
དོན་མ་ཡིན་པས་ཕོངས་པར་བྱ་བར་མི་ནུས་ཏེ། གཉིས་དང་གསུམ་དང་བདུན་གྱིས་ཀྱང་བརླག་པ་དང་ཉམས་པ་དང་། དོན་མ་ཡིན་པས་ཕོངས་པར་བྱ་བར་མི་ནུས་ཏེ། གཞན་དུ་ན་སྐྱེས་བུ་དེ་ནི་ཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་ལགས་སོ། །ཁྱིམ་བདག་འདི་ལྟ་
སྟེ། ན་ལེནྡྲ་འདི་ལྟར་འབྱོར་ཅིང་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བར་གྱུར་ལ་ཕྱི་རོལ་དུ་མུ་སྟེགས་པའི་དྲང་སྲོང་རྫུ་འཕྲུལ་དང་ལྡན་པ་སེམས་ལ་དབང་ཐོབ་པ་འགའ་ཞིག་འོངས་ནས་འདི་སྐད་དུ་ན་ལེནྡྲ་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་
པོས་གང་བ་དེ་ཡིད་སྐད་ཅིག་ཙམ་ཁྲོས་པས་བརླག་པར་བྱའོ། །ཉམས་པ་དང་དོན་མ་ཡིན་པས་ཕོངས་པར་བྱའོ། །ཐལ་བར་བྱའོ་ཞེས་སྨྲ་ན། ཁྱིམ་བདག་འདི་ཅི་སྙམ་དུ་སེམས། སྟོབས་དང་ལྡན་པའི་ཕྱི་རོལ་མུ་སྟེགས་པའི་དྲང་སྲོང་རྫུ་འཕྲུལ་དང་ལྡན་པ་སེམས་ལ་
དབང་ཐོབ་པ་དེས་ན་ལེནྡྲ་འདི་ལྟར་འབྱོར་པ་རྒྱས་པ་བདེ་བ་ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བ་འདི་སྐད་ཅིག་ཙམ་ཡིད་ཁྲོས་པས་བརླག་པ་དང་ཉམས་པ་དང་དོན་མ་ཡིན་པས་ཕོངས་པ་དང་ཐལ་བར་བྱ་བར་ནུས་སམ། གཽ་ཏ་མ་ཕྱི་རོལ་མུ་སྟེགས་པའི་དྲང་སྲོང་རྫུ་འཕྲུལ་དང་ལྡན་
Vol. 146 · folio 248a
པ་སེམས་ལ་དབང་ཐོབ་པ་དེས་ན་ལེནྡྲ་ཙམ་ཡིད་ཁྲོས་པས་ཀྱང་ན་ལེནྡྲ་དང་གྲོང་དང་གྲོང་ཁྱེར་གྱི་ཕྱོགས་གཅིག་དང་། ལྗོངས་དང་ལྗོངས་ཀྱི་ཕྱོགས་གཅིག་ཀྱང་སྲེག་པར་བྱེད་པར་འགྱུར་ན། རོ་དང་འདྲ་བའི་ན་ལེནྡྲ་ལྟ་སྨོས་ཀྱང་ཅི་དགོས། །ཁྱིམ་
བདག་ཡིད་ཀྱིས་བྱས་པ་ཡིད་ཀྱིས་བྱས་པ་ཞེས་ལུང་སྟོན་ན་སྔ་མ་དང་ཕྱི་མ་མི་མཐུན་ཞིང་ཕྱི་མ་དང་སྔ་མ་མི་མཐུན་ཏེ། འཁོར་གྱི་ནང་དུ་འདི་ལྟ་བུའི་རང་བཞིན་བཤད་དེ། ལུས་ཀྱིས་ཉེས་པར་སྤྱད་པ་ཐམས་ཅད་ཁ་ན་མ་ཐོ་བ་ཆེན་པོ་སྟེ། ངག་གིས་ཉེས་པར་སྤྱད་པ་དང་། ཡིད་ཀྱིས་ཉེས་པར་
སྤྱད་པ་ནི་དེ་ལྟ་མ་ཡིན་ཏེ། ངག་གིས་ཉེས་པར་སྤྱད་པ་རོ་དང་འདྲ་བ་དང་། ཡིད་ཀྱིས་ཉེས་པར་སྤྱད་པ་རོ་དང་འདྲ་བ་དག་གིས་ཅི་ཞིག་བྱེད་པར་འགྱུར་ཞེས་ལུས་ཀྱིས་ཉེས་པར་སྤྱད་པ་ལས་བརྩམས་ཏེ་རགས་པ་ཉིད་དུ་བསྟན་ཏོ། །ཁྱིམ་བདག་དབྱིག་པ་ཅན་གྱི་དགོན་པ་དང་། ཀ་ལིང་ཀའི་
དགོན་པ་དང་། མ་ཏང་ཀའི་དགོན་པ་དེ་སྟོང་པར་གྱུར་ཅིང་དགོན་པར་གྱུར་པ་དག་འགའ་ཞིག་ལས་ཐོས་སམ། གཽ་ཏ་མ་ཐོས་ལགས་སོ། །དབྱིག་པ་ཅན་གྱི་དགོན་པ་དང་། ཀ་ལིང་ཀའི་དགོན་པ་དང་མ་ཏང་ཀའི་དགོན་པ་དེ་དག་ཅིས་སྟོང་པར་གྱུར་ཅིང་དགོན་པར་གྱུར། དེ་སྐད་
ཅེས་བཀའ་སྩལ་པ་དང་། ཁྱིམ་བདག་ཉེ་བ་འཁོར་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཉེ་བ་འཁོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་ལུང་སྟོན་ཅིག །ལུང་སྟོན་ཅིང་། །ཅིའི་ཕྱིར་ཁ་རོག་འདུག །འཁོར་གྱི་ནང་དུ་འདི་ལྟ་
བུའི་རང་བཞིན་དག་སྨྲ་སྟེ། གཽ་ཏ་མ་དང་བདག་ལྷན་ཅིག་བར་སྐབས་ཀྱི་གཏམ་བརྗོད་པ་ན་གཽ་ཏ་མ་ལ་བདག་བདེན་པར་རྟོག་ཅིང་བཟོད་ལ་མི་ཁྲོའོ་ཞེས་སྨྲས་ནས་ཁ་རོག་པར་འདུག་གམ། གཽ་ཏ་མ་བདག་དོན་འདི་ཉིད་སེམས་ཤིང་ཁ་རོག་འདུག་སྟེ། ཇི་ལྟར་ད་ལྟར་བདག་གཅེར་
བུ་པ་བྱིས་པ་རྨོངས་པ་མི་གསལ་བ་མི་མཁས་པས་ཡུན་རིང་པོར་བདག་བསླུས་སོ། །བསྒྲིབས་ཤིང་འཁྲུལ་དུ་བཅུག་སྟེ། འདི་སྐད་དུ་ལུས་ཀྱིས་ཉེས་པར་སྤྱོད་པ་ཐམས་ཅད་ལ་ཁ་ན་མ་ཐོ་བ་ཆེན་པོ་སྟེ། ངག་གིས་ཉེས་པར་སྤྱོད་པ་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་ནི་དེ་ལྟ་མ་ཡིན་ནོ། །
Vol. 146 · folio 248b
ངག་གིས་ཉེས་པར་སྤྱོད་པ་རོ་དང་འདྲ་བ་དང་། ཡིད་ཀྱིས་ཉེས་པར་སྤྱོད་པ་རོ་དང་འདྲ་བ་དག་གིས་ཅི་ཞིག་བྱེད་པར་འགྱུར་ཞེས་ལུས་ཀྱིས་ཉེས་པར་སྤྱོད་པ་ལ་བརྩམས་ཏེ། ཁ་ན་མ་ཐོ་བ་རགས་པ་ཉིད་དུ་བསྟན་ཏོ། །གཽ་ཏ་མ་དྲང་སྲོང་རྣམས་ཡིད་ཁྲོས་པས་དེ་ལྟར་གྱུར་ཏོ་ཞེས་ཐོས་
སོ། འདི་ནས་བཟུང་སྟེ་གཽ་ཏ་མ་ལ་མངོན་པར་དད་དོ། །ལོག་པར་ལྟ་བ་ཁ་ན་མ་ཐོ་བ་ཆེན་པོ་ཡིན་ནོ་ཞེས་བྱ་བ་ལ། གླེང་གཞི་ནི་མཉན་དུ་ཡོད་པ་ནའོ། །དགེ་སློང་དག་མེད་པར་ལྟ་བ་ནི་ཁ་ན་མ་ཐོ་བ་ཆེན་པོ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལོག་པར་ལྟ་བ་ཅན་གྱི་སྐྱེས་བུའི་ལུས་ཀྱི་
ལས་དང་། དེ་བཞིན་དུ་ལྟ་བའི་ངག་དང་ཡིད་ཀྱི་ལས་དང་དོན་དུ་གཉེར་བ་དང་། སྨོན་ལམ་དང་དེའི་རྗེས་སུ་འཇུག་པའི་ཆོས་འདུ་བྱེད་ཐམས་ཅད་ཀྱང་མི་འདོད་པ་མངོན་པར་འགྲུབ་པར་བྱེད་པ། མི་སྡུག་པ་དང་། མི་དགའ་བ་དང་། ཡིད་དུ་མི་འོང་བ་དང་། ཡིད་དུ་མི་
འཐད་པ་དང་། མངོན་པར་མི་དགའ་བ་ཉིད་སྒྲུབ་པར་བྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལྟ་བ་དེ་ནི་སྡིག་པ་ཅན་ཏེ་འདི་ལྟར་ལོག་པར་ལྟ་བའོ། །འདི་ལྟ་སྟེ་ནིམ་པའི་ས་བོན་ནམ། ཀུ་བ་ཁན་ཏེ་མའི་ས་བོན་ནམ། ཀེ་ཤ་ཏའི་ས་བོན་དག་ཞིང་བཟང་ཞིང་གཤིན་པའི་ས་ཕྱོགས་སུ་
བཏབ་ན་གང་དང་གང་སའི་བཅུད་ནི་སས་ལེན་ཅིང་། ཆུའི་ནི་ཆུས། མེའི་ནི་མེས། རླུང་གི་ནི་རླུང་གིས་བླངས་ནས་དེ་ཐམས་ཅད་ཁ་བ་དང་ཚ་བ་དང་རོ་མེད་པ་ཅན་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ས་བོན་རོ་ཁ་བ་དང་ཚ་བ་དང་རོ་མེད་པ་ཅན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་
ལོག་པར་ལྟ་བ་ནི་མཆོག་ཏུ་ཁ་ན་མ་ཐོ་བ་ཆེན་པོའོ། །ལོག་པར་ལྟ་བ་ཅན་གྱི་སྐྱེས་བུའི་ལུས་ཀྱི་ལས་དང་། དེ་བཞིན་དུ་ལྟ་བའི་ངག་དང་ཡིད་ཀྱི་ལས་དང་། དོན་དུ་གཉེར་བ་དང་། སྨོན་ལམ་དང་དེའི་རྗེས་སུ་མཐུན་པའི་ཆོས་འདུ་བྱེད་ཐམས་ཅད་ཀྱང་མི་འདོད་པ་མངོན་པར་འགྲུབ་པར་
བྱེད། མི་སྡུག་པ་དང་། མི་དགའ་བ་དང་། ཡིད་དུ་མི་འོང་བ་དང་། ཡིད་དུ་མི་འཐད་པ་མངོན་པར་འགྲུབ་པར་བྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལྟ་བ་དེ་ནི་སྡིག་པ་ཅན་ཏེ་འདི་ལྟར་ལོག་པར་ལྟ་བའོ། །དགེ་སློང་དག་ཡང་དག་པའི་ལྟ་བ་ནི་ཁ་ན་མ་ཐོ་བ་མེད་པའི་མཆོག་སྟེ། དེ་ཅིའི་ཕྱིར་
Vol. 146 · folio 249a
ཞེ་ན། ཡང་དག་པར་ལྟ་བ་ཅན་གྱི་སྐྱེས་བུའི་ལུས་ཀྱི་ལས་དང་། ངག་དང་ཡིད་ཀྱི་ལས་ཀྱང་དེའི་དོན་དུ་གཉེར་བ་དང་། སྨོན་ལམ་དང་། དེའི་རྗེས་སུ་མཐུན་པའི་ཆོས་འདུ་བྱེད་ཐམས་ཅད་ཀྱང་འདོད་པ་མངོན་པར་འགྲུབ་པར་བྱེད་པ་སྡུག་པ་དང་དགའ་བ་དང་
ཡིད་དུ་འོང་བ་དང་ཡིད་དུ་འཐད་པ་མངོན་པར་འགྲུབ་པར་བྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ལྟ་བ་དེ་ནི་དགེ་བའོ། །འདི་ལྟ་སྟེ། བུ་རམ་ཤིང་གི་ས་བོན་ནམ། འབྲས་ཀྱི་ས་བོན་ནམ། རྒུན་འབྲུའི་ས་བོན་དག་ཞིང་བཟང་ཞིང་གཤིན་པ་ལ་བཏབ་ན་དེའི་གང་དང་གང་གི་
སའི་བཅུད་ནི་སས་ལེན་ཅིང་། ཆུའི་ནི་ཆུས། མེའི་ནི་མེས། རླུང་གི་ནི་རླུང་གིས་བླངས་ནས་དེ་ཐམས་ཅད་མི་ཁ་ཞིང་མི་ཚ་ལ་རོ་དང་བཅས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ས་བོན་མི་ཁ་ཞིང་མི་ཚ་ལ་རོ་དང་བཅས་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཡང་དག་པར་
ལྟ་བ་ནི་ཁ་ན་མ་ཐོ་བ་མེད་པའི་མཆོག་ཡིན་ནོ། །ཡང་དག་པའི་ལྟ་བ་ཅན་གྱི་ལུས་ཀྱི་ལས་དང་། དེ་བཞིན་དུ་ལྟ་བའི་ངག་དང་ཡིད་ཀྱི་ལས་དང་དེའི་དོན་དུ་གཉེར་བ་དང་། སྨོན་ལམ་དང་དེའི་རྗེས་སུ་མཐུན་པའི་འདུ་བྱེད་ཀྱི་ཆོས་ཐམས་ཅད་ཀྱང་འདོད་པ་མངོན་པར་འགྲུབ་པར་
བྱེད་པ། སྡུག་པ་དང་དགའ་བ་དང་ཡིད་དུ་འོང་བ་དང་ཡིད་དུ་འཐད་པ་སྒྲུབ་པར་བྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཡང་། ལྟ་བ་དེ་ནི་དགེ་བའོ། །སྨན་པའི་ཆོས་ནི་བསྟན་མི་བྱ། །བག་མེད་པ་དང་གནས་མི་བྱ། །འཇིག་རྟེན་འཕེལ་བར་མི་བྱ་སྟེ། །ལོག་པར་ལྟ་ཅན་
འདོད་མི་བྱ། །འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་པ། །དེ་ནི་སྐྱེ་བ་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཇི་སྐད་དུ་གྲོང་དཔོན་ངས་འདི་ནས་བཟུང་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་
དགེ་སློང་གི་དགེ་འདུན་མང་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་དང་། དགེ་བསྙེན་སྟོང་དང་། སློང་མོ་ཟ་བ་ལྔ་བརྒྱ་ཙམ་དང་ཐབས་ཅིག་ཏུ་གྲོང་ནས་གྲོང་དུ་དང་། གྲོང་ཁྱེར་ནས་གྲོང་ཁྱེར་དང་ལྗོངས་ནས་ལྗོངས་སུ་རྒྱུ་ཞིང་ན་ལེནྡྲ་གང་ན་བ་དེར་གཤེགས་ནས་ན་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words