སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ

Sanskrit title (Tibetan script, as in the text) པྲ་ཏི་མོཀྵ་སཱུ་ཏྲ་ཊཱིཀ་བི་ན་ཡ་ས་མུཙྪ་ཡ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 153 · folio 141a

བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་ཟས་མ་སྤངས་པ་ཉིད་ལ་ལྟུང་བ་མེད་དོ། །ལྷག་པོར་མ་བྱས་པ་ཉིད་ལ་ལྟུང་བ་མེད་དོ། །དེར་འདུ་ཤེས་མེད་པ་

ཉིད་ལ་ལྟུང་བ་མེད་དོ། །ལྷག་པོར་བྱ་མི་དགོས་པ་ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་དང་། དུས་ཀུན་ཏུ་རུང་བ་ལ་ལྟུང་བ་མེད་དོ། །མ་བསྟབས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་

ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་སྤངས་པ་ལ་སྟོབས་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །ཉེས་རྩོམ་མི་བྱའོ། །ཀླན་ཀ་མི་བཙལ་ལོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། སྤངས་པ་ལ་སྟོབས་

པའི་ལྟུང་བྱེད་དེ་སུམ་ཅུ་ལྔ་པ་བཤད་ཟིན་ཏོ།། །།འདུས་ཤིང་ཟ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། བཅས་པ་དང་། གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་ལྷ་

སྦྱིན་དགེ་སློང་རབ་ཏུ་མང་པོ་དག་དང་ལྷན་ཅིག་ཀུན་དགའ་ར་བའི་ནང་ན་འདུས་ཤིང་ཟས་ཟ་ན་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཀུན་དགའ་ར་བའི་ནང་ན་འདུས་ཤིང་ཟས་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་

ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ལྷ་སྦྱིན་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་

གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འདུས་ཤིང་ཟ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་ལྷ་སྦྱིན་འཁོར་དང་བཅས་

Vol. 153 · folio 141b

པ། ཉོན་མོངས་པ་ནི་མི་མཐུན་པ་འདོད་པ། ཉེས་པ་ནི་འདུས་ཤིང་ཟ་བའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དགེ་སློང་རབ་ཏུ་མང་པོ་ན་བ་དག་སྨན་པའི་གན་དུ་སོང་སྟེ་སྨྲས་པ། བཞིན་བཟངས་

ཁོ་བོ་ཅག་ལ་སྨན་སྟོན་ཅིག །དེས་སྨྲས་པ། འཕགས་པ་དག་ཞལ་སུས་གསོལ་ཅིག །སུས་སྦྱིན་པར་འགྱུར། བདག་གིས་གསོལ་ལོ། །ཅི་དགེ་འདུན་ཐམས་ཅད་དམ། མ་ལགས་ཏེ་དགེ་སློང་བསྙུང་བ་ཇི་སྙེད་པ་དག་གོ། །བཞིན་བཟངས་བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་

གཞི་བཅའ་བ་མཛད་དོ། །འཕགས་པ་དག་ཁྱེད་ཀྱི་སྟོན་པ་ཐུགས་རྗེ་ཅན་ལགས་པས་དེ་ཉིད་རྐྱེན་དུ་མཛད་ནས་གནང་བར་འགྱུར་བ་དེ་ལྟ་བུའི་གནས་མཆིས་པར་འགྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་

བས་ན་ན་བའི་དུས་མ་གཏོགས་སོ། །དགེ་སློང་དག་གིས་དགེ་འདུན་གྱི་དང་མཆོད་རྟེན་གྱི་ལས་དག་ཀྱང་བྱས་ནས་དེ་དག་བཀྲེས་པས་གློས་ཕབ་སྟེ་ཉལ་ཞིང་དགེ་བའི་ཕྱོགས་ལ་ཏྲོན་བྱེད་པར་མི་ནུས་པ་ན། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གཙུག་ལག་ཁང་དུ་ལྷགས་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་

བསྟན་པ་ལ་གཅིག་པུ་བརྩོན་པར་བགྱི་བ་ལགས་ན། ཅིའི་སླད་དུ་གློས་ཕབ་སྟེ་གཟིམས་ཤིང་དགེ་བའི་ཕྱོགས་ལ་ཏྲོན་མི་མཛད། དེ་དག་གིས་སྨྲས་པ། ཁོ་བོ་ཅག་བཀྲེས་སོ། །ཅིའི་སླད་དུ་ཞལ་སུས་མི་གསོལ། སུས་སྦྱིན་པར་འགྱུར། བདག་ཅག་གིས་གསོལ་ལོ། །ཅི་དགེ་འདུན་ཐམས་ཅད་ལ་

གསོལ་ལམ། མ་ལགས་ཏེ་ཁྱེད་ཅག་ཁོ་ན་ལ་གསོལ་ལོ། །བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ལས་

ཀྱི་དུས་མ་གཏོགས་སོ། །དགེ་སློང་དག་འགྲོན་པ་དོན་མཐུན་དང་ལྷན་ཅིག་འགྲོན་ལམ་དུ་འདོང་བ་ན་ཅི་ཙམ་ན་རི་བྲགས་ཤིག་ཏུ་ཕྱིན་ནས་དེ་དག་གིས་སྨྲས་པ། བཞིན་བཟངས་དག་ཁོ་བོ་ཅག་རི་བྲགས་སུ་བསོད་སྙོམས་ལ་རྒྱུའི་བར་དུ་རེ་ཞིག་ཡུད་ཙམ་ཞིག་སྡོད་ཅིག །དོན་མཐུན་གྱིས་སྨྲས་པ། འཕགས་

Vol. 153 · folio 142a

པ་དག་ཤུལ་འདི་ན་ཆོམ་རྐུན་པའི་འཇིགས་པ་མཆིས་ཀྱི་ཚུར་གཤེགས་དང་། བདག་ཅག་ཉིད་ཀྱིས་བསོད་སྙོམས་གསོལ་ལོ། །ཅི་གཅིག་གིས་ཐམས་ཅད་སྦྱིན་ནམ་མ་ལགས་ཏེ། ལ་ལས་བཞི་ལའོ། །ལ་ལས་ལྔ་ལའོ། །བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་

བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་དགེ་སློང་དེ་དག་གིས་ཤས་ཆེར་ཟན་བཅད་པར་བྱས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ལམ་གྱི་དུས་མ་གཏོགས་སོ། །དགེ་སློང་རབ་ཏུ་མང་པོ་དག་འགྲོན་པ་དོན་མཐུན་

དང་ལྷན་ཅིག་གྲུར་ཞུགས་ཏེ་ལྗོངས་རྒྱུར་འདོང་བ་ན་རི་བྲགས་ཤིག་ཏུ་ཕྱིན་ནས་དེ་དག་གིས་སྨྲས་པ། བཞིན་བཟངས་དག་ཁོ་བོ་ཅག་རི་བྲགས་སུ་བསོད་སྙོམས་ལ་རྒྱུ་བའི་བར་དུ་རེ་ཞིག་ཡུད་ཙམ་ཞིག་སྡོད་ཅིག །དོན་མཐུན་གྱིས་སྨྲས་པ། འཕགས་པ་དག་གྲུའི་ཤུལ་འདི་ན་ཆོམ་རྐུན་པའི་

འཇིགས་པ་མཆིས་ཀྱི་ཚུར་གཤེགས་དང་བདག་ཅག་ཉིད་ཀྱིས་བསོད་སྙོམས་གསོལ་ལོ། །ཅི་གཅིག་གིས་ཐམས་ཅད་སྦྱིན་ནམ། མ་ལགས་ཏེ་ལ་ལས་བཞི་ལའོ། །ལ་ལས་ལྔ་ལའོ། །བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་

དགེ་སློང་དེ་དག་གིས་ཤས་ཆེར་ཟན་བཅད་པར་བྱས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གྲུར་ཞུགས་པའི་དུས་མ་གཏོགས་སོ། །བཅོམ་ལྡན་འདས་ཀྱིས་གཙུག་ཕུད་ཀྱི་དུས་སྟོན་དང་། དུས་སྟོན་ཆེན་པོ་

དང་། ལོ་ལྔའི་དུས་སྟོན་བྱའོ་ཞེས་བཀའ་སྩལ་ནས། དེ་ན་དགེ་སློང་རྣམས་ཀྱི་འདུས་པ་ཆེན་པོར་བྱུང་བར་གྱུར་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་དགེ་སློང་རྣམས་ལ་སྨྲས་པ། འཕགས་པ་དག་ཚུར་གཤེགས་གདུགས་ཚོད་གསོལ་ཅིག །དགེ་སློང་རྣམས་ཀྱིས་སྨྲས་པ། ཅི་དགེ་

འདུན་ཐམས་ཅད་ལ་གསོལ་ལམ། འཕགས་པ་དག་བདག་ཅག་ལ་དགེ་འདུན་ཐམས་ཅད་གསོལ་བའི་འབྱོར་པ་གང་ལགས་པ་དེ་ལྟ་བུ་ག་ལ་མཆིས་ཏེ། འདི་ལྟར་ལ་ལས་ཉི་ཤུ་ལ་གསོལ་ལོ། །ལ་ལས་སུམ་ཅུ་ལ་གསོལ་ལོ། །བཞིན་བཟངས་དག་བཅོམ་ལྡན་འདས་ཀྱིས་འདུས་ཤིང་

Vol. 153 · folio 142b

བཟའ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་འདུས་པ་ཆེན་པོའི་དུས་མ་གཏོགས་སོ། །གང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོས། བདེན་པ་དག་མ་མཐོང་

བ་དེའི་ཚེ་ན་འོད་མའི་ཚལ་ཀུན་དུ་འཚོ་དག་ལ་ཕུལ་བར་གྱུར་ཏོ། །གང་གི་ཚེ་བདེན་པ་དག་མཐོང་བ་དེའི་ཚེ་ན་འོད་མའི་ཚལ་ཀུན་དུ་འཚོ་དག་ལས་ཕྲོགས་ཏེ་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལ་ཕུལ་ལོ། །རྒྱལ་པོ་གཟུགས་ཅན་སྙིང་པོའི་ཞང་པོ་ཀུན་ཏུ་འཚོ་དག་གི་ནང་དུ་རབ་ཏུ་བྱུང་ནས་རྒྱལ་པོས་

སྨྲས་པ། འཕགས་པ་དག་འདི་བདག་གི་ཞང་པོ་ལགས་ཀྱི་ཇི་སྲིད་དུ་འགྱུར་བ་བསྟེན་པར་མི་བགྱིད་ཀྱི་བར་དུ་འདི་གཅིག་པུ་གཞག་ཏུ་གསོལ། གང་གི་ཚེ་འགྱུར་བ་བསྟེན་པར་འགྱུར་བ་དེའི་ཚེ། བདག་གིས་འདི་ཡང་བསྐྲད་པར་བགྱིའོ་ཞེས་རྒྱལ་པོ་གཟུགས་ཅན་སྙིང་པོས་ཀུན་དུ་འཚོ་དེ་ལ་ཁ་ཟས་ཀྱི་

མཁོ་བ་སྟོབས་པར་བྱེད་དོ། །དགེ་སློང་དག་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བའི་རྗེས་སུ་བརྩོན་པར་གནས་པ་དེ་དག་ཀུན་དུ་འཚོ་དེས་མཐོང་ནས་དེ་ཤིན་ཏུ་དད་པ་སྐྱེས་ཏེ། དེས་དགེ་སློང་རྣམས་ལ་སྨྲས་པ། བདག་གིས་ཀྱང་དགེ་སློང་རྣམས་ཀྱི་གདུགས་ཚོད་བགྱིའོ། །དེ་ལྟར་

གྱིས་ཤིག །ཅི་དགེ་འདུན་ཐམས་ཅད་ཀྱི་བྱེད་དམ། མ་ལགས་ཏེ། བདག་གིས་རྒྱལ་པོས་ཞལ་ཟས་ཀྱི་མཁོ་བ་སྟོབས་པར་བགྱིད་པ་ལྟར་བདག་ལ་དགེ་འདུན་ཐམས་ཅད་ཀྱི་གདུགས་ཚོད་བགྱིད་པའི་འབྱོར་བ་དག་གང་ལགས་པ་དེ་ལྟ་བུ་མ་མཆིས་ཏེ། འདི་ལྟར་དགེ་སློང་ཉི་ཤུའམ། ཉི་ཤུ་རྩ་

ལྔའི་གདུགས་ཚོད་བགྱིའོ། །དགེ་སློང་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་འདུས་ཤིང་ཟ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སྦྱོང་གི་

ཟས་ཀྱི་དུས་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་

Vol. 153 · folio 143a

མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། འདུས་ཤིང་ཟ་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་

ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །གྲུར་ཞུགས་པ་དང་། འདུས་པ་ཆེན་པོ་དང་། དགེ་སྦྱོང་གི་ཟས་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ་ཞེས་གནང་བ་མཛད་དེ། ཡུལ་ནི་རྒྱལ་པོའི་ཁབ། གང་ཟག་ནི་ཆོས་འདི་པའི་དགེ་སློང་རབ་ཏུ་མང་པོ་དག །ཉོན་མོངས་

པ་དང་ཉེས་པ་ནི་མེད་དོ། །དེ་ལ་འདུས་ཤིང་ཟ་ན་ཞེས་བྱ་བ་ནི་མི་མཐུན་པར་ཟ་ནའོ། །དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་ན་བ་ཟས་གཅིག་གིས་འཚོ་བར་མི་ནུས་

པའོ། །ལས་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གིས་དགེ་འདུན་གྱི་འམ། མཆོད་རྟེན་གྱི་ལས་ཐ་ན་ཕྱག་དར་རེ་ལྡེ་ཙམ་མམ། དཀྱིལ་འཁོར་བ་མལ་ཙམ་བྱས་པའོ། །ལམ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་དཔག་ཚད་ཕྱེད་དུ་སོང་བའམ་དེའི་ཕྱེད་དུ་སོང་སྟེ་ཕྱིར་འོངས་པའོ། །

གྲུར་ཞུགས་པ་དུས་སོ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགེ་སློང་གྲུར་ཞུགས་ཏེ་དཔག་ཚད་ཕྱེད་དུ་སོང་བའམ་དེའི་ཕྱེད་དུ་སོང་སྟེ་ཕྱིར་འོངས་པའོ། །འདུས་པ་ཆེན་པོ་དུས་སོ་ཞེས་བྱ་བ་ནི་སྤགས་པའོ། །དགེ་སྦྱོང་གི་ཟས་དུས་ཏེ་ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་པའི་རབ་ཏུ་བྱུང་བ་དག་འཁོད་ན་དེ་ཡང་དགེ་སྦྱོང་

ཞེས་བྱ་བའི་གྲངས་སུ་འགྲོའོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི་བསླབ་པའི་གཞི་བཅའ་བ་མཛད་པ་དེ་ལ་དེ་ནི་གནང་བ་དང་མཐུན་པའི་ཆོས་ཡིན་པའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་

མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་ན་བ་མ་ཡིན་པ་དང་། ལས་མ་བྱས་པ་དང་། ལམ་དུ་མ་སོང་བ་དང་། གྲུར་མ་ཞུགས་པ་དང་སོ་སོར་ངེས་པའི་ཟས་ཀྱི་གནས་

Vol. 153 · folio 143b

ཅན་དག་ལས་གཞན་པ་དགེ་འདུན་དུ་ལོངས་པའི་དགེ་སློང་ཅིག་ཅར་དུ་ཟ་བས་མཚམས་ཀྱི་ནང་དུ་དགེ་འདུན་གཞིའི་འདུག་གནས་སུ་ཟ་བ་ལས་ལོགས་ཤིག་ཏུ་འདུག་སྟེ་དུས་སྟོན་ཆེན་པོ་མ་ཡིན་པ་དང་། དགེ་སློང་གི་ཟས་མ་ཡིན་པ་ཟས་གང་ཡང་རུང་བ་ཆུང་ཟད་ཀྱིས་གཞིའི་འདུག་གནས་སུ་ཟ་བའམ་

འདུས་ཏེ་ཟ་བ་གང་ཡང་རུང་བ་ཅིག་ལ་མ་བསྲུལ་བར་དེར་འདུ་ཤེས་པས་དུས་སུ་རུང་བའི་ཟས་ཟོས་ན་འདུས་ཤིང་ཟ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་ན་བ་མ་ཡིན་པ་དང་། ལས་མ་བྱས་པ་དང་། ལམ་དུ་མ་སོང་བ་དང་། གྲུར་མ་ཞུགས་པ་ཉིད་ལ་ན་སྨད་པ་མེད་དོ། །ན་བའི་ཚད་ནི་དགེ་

སློང་ན་བ་ཟས་གཅིག་གིས་འཚོ་བར་མི་ནུས་པའོ། །ལས་ཀྱི་ཚད་ནི་དགེ་སློང་གིས་དགེ་འདུན་གྱི་འམ་མཆོད་རྟེན་གྱི་ལས་ཐ་ན་ཕྱག་དར་རེ་ལྡེ་ཙམ་མམ། དཀྱིལ་འཁོར་བ་མལ་ཙམ་བྱས་པའོ། །ལམ་གྱི་ཚད་ནི་དགེ་སློང་དཔག་ཚད་ཕྱེད་དུ་སོང་བའམ་དེའི་ཕྱེད་དུ་སོང་སྟེ་ཕྱིར་འོངས་པའོ། །གྲུར་ཞུགས་

པའི་ཚད་ནི་དགེ་སློང་གྲུར་ཞུགས་ཏེ་དཔག་ཚད་ཕྱེད་དུ་སོང་བའམ་དེའི་ཕྱེད་དུ་སོང་སྟེ་ཕྱིར་འོངས་པའོ། །དགེ་སློང་ན་བ་མ་ཡིན་པ་དང་། ལས་མ་བྱས་པ་དང་། ལམ་དུ་མ་སོང་བ་དང་། གྲུར་མ་ཞུགས་པ་དེ་དག་སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ལས་གཞན་པ་ཉིད་ལ་ན་སྨད་པ་མེད་དོ། །སོ་སོར་

ངེས་པའི་ཟས་ཀྱི་གནས་ཅན་དག་ཅེས་བྱ་བ་ནི་གནས་གང་ན་ཟས་ཐ་དད་པ་ཉིད་དུ་ངེས་པ་དེ་ནི། སོ་སོར་ངེས་པའི་ཟས་སོ། །དགེ་སློང་གང་དག་ལ་གནས་དེ་ཡོད་པ་དེ་དག་ནི་སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ཅེས་བྱའོ། །དེ་ཡང་མཚམས་གཅིག་གི་ནང་ན་དགེ་འདུན་གྱི་ཟས་ཀྱི་འདུ་བའི་སྒོ་ཐ་དད་

པ་ཉིད་ཀྱིས་ཟན་ལྷན་ཅིག་མ་ཡིན་པ་ཉིད་དང་། སྦྱིན་བདག་གཅིག་ཉིད་ཡིན་ཀྱང་ཟས་ཀྱི་གནས་སོ་སོར་ངེས་པར་བྱས་པས་ཟན་ལྷན་ཅིག་མ་ཡིན་པ་ཉིད་དང་། སྦྱིན་བདག་ཐ་དད་པས་ཟས་ཀྱི་གནས་སོ་སོར་ངེས་པར་བྱས་པས་ཟན་ལྷན་ཅིག་མ་ཡིན་པ་དག་ནི་སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་

ཅེས་བྱ་སྟེ། དེ་དག་ལ་ལྟུང་བ་འདི་རྣམ་པར་མི་གཞག་པས་དེ་དག་ལས་གཞན་པ་ཞེས་སྨོད་དེ། དེ་དག་ལས་བཟློག་པ་མཚམས་ཀྱི་ནང་ན་དགེ་འདུན་གྱི་ཟས་ཀྱི་འདུ་བའི་སྒོ་ཡང་ཐ་མི་དད་ལ། ཟན་ཡང་ལྷན་ཅིག་ཉིད་དུ་ངེས་པར་བྱས་པ་ལས་ཟན་ལྷན་ཅིག་བྱས་པ་མ་ཡིན་པ་ཉིད་དུ་ཟ་བ་དང་།

Vol. 153 · folio 144a

སྦྱིན་བདག་ཀྱང་གཅིག་ཉིད་ཡིན་ལ་དེས་ཟས་ཀྱི་གནས་ཀྱང་གཅིག་པ་ཉིད་དུ་ངེས་པར་བྱས་པ་ལས་ཟན་ལྷན་ཅིག་མ་ཡིན་པ་ཉིད་དུ་ཟ་བ་དང་། སྦྱིན་བདག་ཐ་དད་པ་ཡིན་དུ་ཟིན་ཀྱང་ཟན་དེ་དག་གི་ཟས་དང་ཟས་ཀྱི་གནས་གཅིག་པ་ཉིད་དུས་ངེས་པར་བྱས་པ་

ལས་ཟན་ལྷན་ཅིག་མ་ཡིན་པ་དེ་ཉིད་དུ་ཟ་བ་དག་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ལས་གཞན་པ་དེ་ཡང་དགེ་འདུན་དུ་ལོངས་པའི་དགེ་སློང་ཅིག་ཅར་དུ་ཟ་བ་ལ་ན་སྨད་པ་མེད་དོ། །དགེ་འདུན་དུ་མ་ལོངས་པ་དང་། དགེ་སློང་མ་ཡིན་པ་དང་། དུས་གཅིག་

ཏུ་ཅིག་ཅར་མི་ཟ་བ་ལ་ལྟུང་བ་འདི་རྣམ་པར་མི་གཞག་པས་དགེ་འདུན་དུ་ལོངས་པའི་དགེ་སློང་ཅིག་ཅར་དུ་ཟ་བ་ཞེས་སྨོས་ཏེ། དེ་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །མཚམས་གཅིག་གི་ནང་དུ་འདུས་ཤིང་ཟ་བ་ལ་ན་སྨད་པ་མེད་དོ། །དགེ་འདུན་གཞིའི་འདུག་གནས་སུ་ཟ་བ་ལས་ལོགས་ཤིག་ཏུ་

འདུག་སྟེ་ཟ་བ་ལ་ན་སྨད་པ་མེད་དོ། །དུས་སྟོན་ཆེན་པོ་དང་དགེ་སྦྱོང་གི་ཟས་མ་ཡིན་པའི་ཟས་ལ་ན་སྨད་པ་མེད་དོ། །དུས་སྟོན་ཆེན་པོ་ཞེས་བྱ་བ་ནི་གཙུག་ཕུད་ཀྱི་དུས་སྟོན་དང་། དུས་སྟོན་ཆེན་པོ་དང་། ལོ་ལྔའི་དུས་སྟོན་ལྟ་བུའི་ཚེ་མཚམས་ཀྱི་ནང་དུ་དགེ་འདུན་ལ་དུས་སྟོན་ཆེན་པོ་བྱུང་བ་ན་དགེ་སློང་

གི་དགེ་འདུན་དུ་ལོངས་པ་དག་གིས་རང་རང་གི་སྐལ་བ་སྤགས་ཏེ་མནོས་ནས་མཚམས་ཀྱི་ནང་གི་སྐྱེད་མོས་ཚལ་ལ་སོགས་པ་དག་ཏུ་ཁྱེར་ཏེ་དགེ་འདུན་གཞིའི་འདུག་གནས་སུ་ཟ་བ་ལས་ལོགས་ཤིག་ཏུ་འདུས་ཏེ་ཚོམས་སོ་སོ་ཐ་དད་པར་ཟ་བ་ལ་ལྟུང་བ་འདི་རྣམ་པར་མ་བཞག་པས་དུས་སྟོན་ཆེན་པོ་མ་

ཡིན་པ་ཞེས་སྨོས་ཏེ། དུས་སྟོན་ཆེན་པོ་དེ་ལྟ་བུ་མ་ཡིན་པའི་ཟས་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །དགེ་སྦྱོང་གི་ཟས་ཞེས་བྱ་བ་ནི་དགེ་འདུན་གྱི་མཚམས་ཀྱི་ནང་ན་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཞང་པོ་ཀུན་དུ་འཚོ་དག་གི་ནང་དུ་རབ་ཏུ་བྱུང་བ་འདི་ལས་ཕྱི་རོལ་པའི་རབ་ཏུ་བྱུང་བའི་དགེ་སྦྱོང་

འདུག་པས་དགེ་འདུན་གཞིའི་འདུག་གནས་སུ་ཟ་བ་ལས་ལོགས་ཤིག་ཏུ་དགེ་སྦྱོང་ཉི་ཤུ་འམ་ཉི་ཤུ་རྩ་ལྔའི་ཚོགས་ཀྱི་ཟན་སྦྱར་བ་ལྟ་བུ་ལ་ལྟུང་བ་འདི་རྣམ་པར་མི་གཞག་པས་དགེ་སྦྱོང་གི་ཟས་མ་ཡིན་པ་ཞེས་སྨོས་ཏེ། དགེ་སྦྱོང་གི་ཟས་དེ་ལྟ་བུ་མ་ཡིན་པ་ཟས་གཞན་ལ་ལྟུང་བ་འདི་རྣམ་པར་

Vol. 153 · folio 144b

གཞག་གོ། །ཟས་གང་ཡང་རུང་བ་ཆུང་ཟད་ཀྱིས་གཞིའི་འདུག་གནས་སུ་ཟ་བའམ་འདུས་ཤིང་ཟ་བ་གང་ཡང་རུང་བ་ཅིག་ལ་མ་བསྲུལ་བར་འདུས་ཤིང་ཟ་བ་ལ་ན་སྨད་པ་མེད་དོ། །ཟས་བྲིམས་པ་ཐ་ན་ལན་ཚྭ་ཚུམས་གང་ངམ། ལྡམ་ལྡུམ་སྲང་གཅིག་ཙམ་ཡན་ཆད་གང་ཡང་རུང་བ་དགེ་འདུན་

གཞིའི་འདུག་གནས་སུ་ཟ་བ་ལ་འདུས་ཤིང་ཟ་བས་ཕུལ་ཡང་རུང་། འདུས་ཤིང་ཟ་བ་ལ་དགེ་འདུན་གཞིའི་འདུག་གནས་སུ་ཟ་བས་ཕུལ་ཡང་རུང་སྟེ། དེའི་ཚེ་ན་ཟན་གཅིག་པ་ཉིད་ཡིན་པས་དེ་ལ་ལྟུང་བ་འདི་རྣམ་པར་མི་གཞག་པས་གང་ཡང་རུང་བ་ཆུང་ཟད་ཀྱིས་གཞིའི་འདུག་གནས་སུ་ཟ་བའམ་

འདུས་ཤིང་ཟ་བ་གང་ཡང་རུང་བ་ཅིག་ལ་མ་བསྲུལ་བ་ཞེས་བྱ་བ་སྨོས་ཏེ། དེ་ལྟར་མ་བསྲུལ་བར་འདུས་ཤིང་ཟ་བ་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །མཚམས་ཀྱི་ནང་ཉིད་ལ་དེར་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །ཟན་ལྷན་ཅིག་མ་ཡིན་པ་ཉིད་ལ་དེར་འདུ་ཤེས་

པ་དང་། ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །དུས་སུ་རུང་བའི་ཟས་བཟའ་བ་ལྔ་དང་བཅའ་བ་ལྔའི་ཁོངས་སུ་གཏོགས་པ་གང་ཡང་རུང་བ་ཟོས་པ་ལ་ན་སྨད་པ་མེད་དོ། །ལྟུང་བ་འདི་གནས་དང་གང་ཟག་ལས་རྣམ་པར་གཞག་པ་ནི་དགེ་འདུན་གྱི་མཚམས་གཅིག་གི་ནང་ན་ཟས་ཀྱི་བཀད་ས་

གཞིའི་འདུག་གནས་གཅིག་དང་ཁང་ཁྱིམ་དག་ཡོད་ཅིང་དགེ་འདུན་གྱི་བཀད་ས་ལན་འགའ་ནི་གཞིའི་འདུག་གནས་སུ་བྱེད། ལན་འགའ་ནི་ཁང་ཁྱིམ་དག་ཏུ་བྱེད་ལ། དེ་གཉིས་གང་དུ་བྱེད་ཀྱང་དེར་དགེ་འདུན་ཟན་ལྷན་ཅིག་པ་དག་འོང་བར་བྱ་བ་ཉིད་ཡིན་པ་ལས་དེ་ན་གལ་ཏེ་གཞིའི་འདུག་གནས་

སུ་བཀད་ས་བྱེད་པའི་ཚེ་ན་ཁང་ཁྱིམ་དག་ཏུ་འདུས་ཤིང་ཟ་བ་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །གལ་ཏེ་ཁང་ཁྱིམ་དག་ཏུ་བཀད་ས་བྱེད་པའི་ཚེ་ན་གཞིའི་འདུག་གནས་སུ་འདུས་ཤིང་ཟ་བ་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །དེའི་ཕྱིར་དེ་གཉིས་ལས་དགེ་འདུན་གཞི་པོར་གྱུར་པ་གང་ཡིན་པ་དེས་ཟན་གྱི་

དུས་སུ་དགེ་སློང་འདུས་ཤིང་ཟ་བ་དག་འདིར་འོངས་སམ་ཞེས་དྲི་བར་བྱ་སྟེ། མ་དྲིས་པར་ཟ་ན་ཉེས་བྱས་སོ། །འདུས་ཤིང་ཟ་བ་གང་ཡིན་པ་དེས་ཀྱང་ཟན་གྱི་དུས་སུ་དགེ་འདུན་གཞི་པོ་དག་འདིར་འོངས་སམ་ཞེས་དྲི་བར་བྱ་སྟེ། མ་དྲིས་པར་ཟ་ན་ལྟུང་བྱེད་དུ་འགྱུར་རོ། །འདུས་ཤིང་ཟ་བའི་ལྟུང་བྱེད་ཀྱི་རྒྱུ་

Vol. 153 · folio 145a

ནི་ཟན་ལྷན་ཅིག་མ་ཡིན་པ་ཉིད་ཡིན་ཏེ། དེ་ཡང་མཚམས་གཅིག་གི་ནང་ན་དགེ་འདུན་གྱི་ཟས་ཀྱི་འདུ་བའི་སྒོ་ཐ་དད་པ་ཉིད་ཀྱིས་ཟན་ལྷན་ཅིག་མ་ཡིན་པ་ཉིད་དང་། སྦྱིན་བདག་གཅིག་ཉིད་ཡིན་ཡང་དེས་ཟས་ཀྱི་གནས་སོ་སོར་ངེས་པར་བྱས་པས་ཟན་ལྷན་ཅིག་མ་ཡིན་པ་ཉིད་དང་།

སྦྱིན་བདག་ཐ་དད་པས་ཟས་ཀྱི་གནས་སོ་སོར་ངེས་པར་བྱས་པས་ཟན་ལྷན་ཅིག་མ་ཡིན་པ་ཉིད་དག་ནི་ལྟུང་བའི་རྒྱུ་ཡིན་པས་དེ་དག་ལ་ནི་ལྟུང་བ་འདི་རྣམ་པར་མི་གཞག་གོ། །དེ་དག་ལས་བཟློག་པ་མཚམས་ཀྱི་ནང་ན་དགེ་འདུན་གྱི་ཟས་ཀྱི་འདུ་བའི་སྒོ་ཡང་ཐ་མི་དད་ལ། ཟན་ཡང་ལྷན་ཅིག་ཉིད་དུ་ངེས་པར་བྱས་པ་

ལས་ཟན་ལྷན་ཅིག་མ་ཡིན་པ་ཉིད་དུ་ཟ་བ་དང་། སྦྱིན་བདག་ཀྱང་གཅིག་ཉིད་ཡིན་ལ། དེས་ཟས་ཀྱི་གནས་ཀྱང་གཅིག་པ་ཉིད་དུ་ངེས་པར་བྱ་བ་ལས་ཟན་ལྷན་ཅིག་མ་ཡིན་པ་ཉིད་དུ་ཟ་བ་དང་། སྦྱིན་བདག་ཐ་དད་པ་ཡིན་དུ་ཟིན་ཡང་དེ་དག་གིས་ཟས་དང་ཟས་ཀྱི་གནས་གཅིག་པ་ཉིད་དུ་ངེས་པར་བྱས་པ་ལས་

ཟན་ལྷན་ཅིག་མ་ཡིན་པ་ཉིད་དུ་ཟ་བ་དག་ནི་ལྟུང་བའི་རྒྱུ་ཡིན་པས་དེ་དག་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །འདིའི་བྱེད་པ་པོ་ནི་སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ལས་གཞན་པའི་དགེ་སློང་གི་དགེ་འདུན་དུ་གྱུར་པ་མཚམས་ཀྱི་ནང་ན་གནས་པ་དག་གི་ཟན་ལྷན་ཅིག་མ་ཡིན་པ་ཉིད་ལ་འདུ་ཤེས་གཙོ་

ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་བཅུས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་ན་བའམ་ལས་བྱས་པ་འམ་ལམ་དུ་སོང་བའམ་གྲུར་ཞུགས་པ་མ་ཡིན་པ་ཉིད་དང་། སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ལས་གཞན་པ་ཉིད་དང་། དགེ་འདུན་དུ་ལོངས་པའི་དགེ་སློང་ཅིག་

ཅར་ཟ་བ་དང་། མཚམས་ཀྱི་ནང་ཉིད་དང་། དགེ་འདུན་གཞིའི་འདུག་གནས་སུ་ཟ་བ་ལས་ལོགས་ཤིག་ཏུ་འདུས་པ་དང་། དུས་སྟོན་ཆེན་པོ་མ་ཡིན་པ་དང་། དགེ་སྦྱོང་གི་ཟས་མ་ཡིན་པ་དང་། ཟས་གང་ཡང་རུང་བ་ཆུང་ཟད་ཀྱིས་གཞིའི་འདུག་གནས་སུ་ཟ་བའམ་འདུས་ཤིང་ཟ་བ་གང་ཡང་རུང་བ་

ཞིག་ལ་མ་བསྲུལ་བ་དང་། དེར་འདུ་ཤེས་པ་དང་། དུས་སུ་རུང་བའི་ཟས་ཟོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པ་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་འདུས་ཤིང་ཟ་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །

Vol. 153 · folio 145b

དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དགེ་སློང་ཉམས་པ་དང་མ་ཆགས་པ་དག་ལ་ཉེས་བྱས་སོ། །མཚམས་ཀྱི་ནང་མ་ཡིན་པ་ཉིད་ལ་མཚམས་ཀྱི་ནང་ཉིད་དུ་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །ཟས་ལྷན་ཅིག་པ་ཉིད་ལ་ལྷན་ཅིག་མ་ཡིན་པ་ཉིད་དུ་

འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །དགེ་འདུན་གཞི་པོར་གྱུར་པ་དང་འདུས་ཤིང་ཟ་བ་གཉིས་ཀས་ཟན་གྱི་དུས་སུ་དགེ་སློང་མ་ལྷགས་པ་དག་འདིར་འོངས་སམ་ཞེས་དྲི་བར་བྱ་སྟེ། མ་དྲིས་པར་ཟ་ན་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ཉིད་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་

སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དགེ་སློང་ན་བ་དང་ལས་བྱས་པ་དང་ལམ་དུ་སོང་བ་དང་། གྲུར་ཞུགས་པ་ལ་ལྟུང་བ་མེད་དོ། །དགེ་སློང་སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ལ་ལྟུང་བ་མེད་དོ། །དགེ་འདུན་

དུ་མ་ལོངས་པ་དང་། གསུམ་ཟ་ཞིང་གཅིག་ལས་བྱས་པ་དང་། གསུམ་བསྙེན་པར་རྫོགས་ཤིང་གཅིག་བསྙེན་པར་མ་རྫོགས་པ་ལ་ལྟུང་བ་མེད་དོ། །དགེ་སློང་གི་དགེ་འདུན་གཞིའི་འདུག་གནས་སུ་ཟ་བ་ལས་ལོགས་ཤིག་ཏུ་འདུས་པ་དག་ཅིག་ཅར་དུ་མི་ཟ་བ་ལ་ལྟུང་བ་མེད་དོ། །མཚམས་ཀྱི་ཕྱི་རོལ་དུ་

ལྟུང་བ་མེད་དོ། །དགེ་འདུན་གཞིའི་འདུག་གནས་སུ་ཟ་བ་ལས་ལོགས་ཤིག་ཏུ་མ་འདུས་པ་ལ་ལྟུང་བ་མེད་དོ། །འདུས་པ་ཆེན་པོ་ལ་ལྟུང་བ་མེད་དོ། །དགེ་སྦྱོང་གི་ཟས་ལ་ལྟུང་བ་མེད་དོ། །ཟས་འབྲིམ་པ་ཐ་ན་ལན་ཚྭ་ཚུམས་གང་ངམ་ལྡམ་ལྡུམ་སྲང་གཅིག་ཙམ་ཡན་ཆད་ཟས་གང་ཡང་རུང་བ་ཅུང་ཟད་

ཀྱིས་གཞིའི་འདུག་གནས་སུ་ཟ་བའམ་འདུས་ཤིང་ཟ་བ་གང་ཡང་རུང་བ་ཞིག་ལ་བསྲུལ་ཞིང་ཕུལ་བ་ལ་ལྟུང་བ་མེད་དོ། །དེར་ཤེས་པ་ལ་ལྟུང་བ་མེད་དོ། །དུས་སུ་རུང་བའི་ཟས་ལས་གཞན་པ་ཐུན་ཚོད་དུ་རུང་བ་ལ་སོགས་པ་དང་ཟས་རུང་བ་མ་ཡིན་པ་ལ་ལྟུང་བ་མེད་དོ། །མ་ཟོས་ཤིང་མགུལ་

དུ་མ་མིད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་འདུས་ཤིང་ཟ་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་

Vol. 153 · folio 146a

པར་བསླབ་པར་བྱའོ། །དགེ་འདུན་གཞི་པོར་གྱུར་པ་དང་འདུས་ཤིང་ཟ་བ་གང་ཡིན་པས་ཀྱང་ཟན་གྱི་དུས་སུ་ཕན་ཚུན་ནས་དེ་དག་འདིར་འོངས་སམ་ཞེས་དྲི་བར་བྱའོ། །དགེ་སློང་འགྲོ་བར་ཆས་པ་དང་། གློ་བུར་དུ་འོངས་པ་དང་ནད་པ་དང་ནད་གཡོག་དང་ལས་སུ་བསྐོས་པ་ལས་

གཞན་པས་ཇི་སྲིད་དུ་ཚངས་པ་མཚུངས་པར་སྤྱོད་པ་དགེ་སློང་ངམ་དགེ་སློང་མ་དེར་གཏོགས་པ་ཐམས་ཅད་ཀྱིས་ཟན་མ་བརྩམས་ཀྱི་བར་དུ་གཡོས་མལ་དང་སྤྱི་བུངས་ལས་རང་གི་སྐལ་བ་མནོས་ཏེ་བཟའ་བར་མི་བྱའོ། །དགེ་སློང་གཉིས་སམ་གསུམ་ཞིག་མགྲོན་དུ་བོས་ན་དེར་ཡང་གཡོས་མལ་དང་སྤྱི་བུངས་

ནས་མནོས་ཏེ་བཟའ་བར་མི་བྱའོ། །གཙུག་ལག་ཁང་ན་དགེ་སློང་གཅིག་པུ་ཞིག་གནས་ན་དེས་ཀྱང་ཟན་ནར་མ་བཀད་ས་ལས་གཞན་དུ་བཟའ་བར་མི་བྱའོ། །དགེ་སློང་གཅིག་པུ་ཞིག་མགྲོན་དུ་བོས་པར་གྱུར་ན་དེས་ཀྱང་སྦྱིན་བདག་གིས་བསྐོས་པ་མ་གཏོགས་པ་གཡོས་མལ་དང་སྤྱི་བུངས་ལ་མནོས་ཏེ་བཟའ་

བར་མི་བྱའོ། །མགྲོན་དུ་བོས་པར་འགྲོ་མི་ནུས་པའི་རྐྱེན་བྱུང་ན་ཡོན་བདག་གིས་སྤངས་པ་མ་གཏོགས་པར་ཚུས་ཟན་མནོད་པར་མི་བྱའོ། །དགེ་སློང་དང་དགེ་སློང་མ་ནི་ལྷན་ཅིག་བཀད་ས་གཅིག་ཏུ་ཟན་བཟར་ཡང་རུང་ངོ་། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །འདུས་ཤིང་ཟ་བའི་ལྟུང་བྱེད་དེ་སུམ་ཅུ་དྲུག་པ་

བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་ཉི་ཤུ་བརྒྱད་པ། དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་

ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེའི་ཚོགས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱེད་དེ། དེའི་ཚེ་ན་དེ་དག་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །བུད་མེད་ནི་སྲེད་པ་

སྤྱད་པ་ཡིན་པས་བུད་མེད་ཀྱིས་དེ་དག་མཐོང་ནས་བྲང་བརྡུངས་ཏེ་སྨྲས་པ། འདི་དག་སྐྱེས་པ་གང་དག་གིས་འདི་དག་སྐྱེས་མ་ཐག་གི་ཁ་ལན་ཚྭས་འགེངས་པར་མ་ནུས་པ་དང་། བརླ་ཕྲག་ཏུ་ཁྲོན་པ་བཅུག་སྟེ། འབྲང་བར་མི་ནུས་པ་དེ་དག་གིས་ཅི་ཐོབ། བཅུ་བདུན་སྡེ་དག་ཉམ་ང་བར་གྱུར་ནས་

Vol. 153 · folio 146b

སྨྲས་པ། བདག་ཅག་གིས་ཟན་བཅད་པར་གྱུར་པ་ནི་བླའི། ཚིག་ངན་པ་འདི་ལྟ་བུ་དག་ཐོས་པར་གྱུར་པ་ནི་མི་རུང་ངོ་ཞེས་དེ་དག་དེ་ཉིད་ནས་ཕྱིར་ལོག་སྟེ། ཟན་བཅད་པ་བྱས་ནས། དེ་དག་གིས་ཇི་སྲིད་དུ་ལུས་ལས་མདངས་མ་ཡལ་བ་དེ་སྲིད་དུ་དགེ་བའི་ཕྱོགས་ལ་ཏྲོན་བྱས་ནས་གང་གི་ཚེ་ལུས་

ལས་མདངས་ཡལ་བ་དེའི་ཚེ་ན་གློས་ཕབ་སྟེ་ཉལ་ལོ། །གྲོང་ཁྱེར་བ་སྐྱེད་མོས་ཚལ་ལ་དགའ་བ་དག་བཟའ་བ་དང་བཏུང་བ་དག་ཁྱེར་ཏེ་མཉན་ཡོད་ཀྱི་ཕྱི་རོལ་རྒྱལ་བྱེད་ཀྱི་ཚལ་དུ་དོང་ནས་འཆའ་བར་བྱེད། ཟ་བར་བྱེད་འཐུང་བར་བྱེད་པ་ན་བཅུ་བདུན་སྡེ་དག་གིས་དེ་དག་མཐོང་ནས་ལྟོ་བ་ལ་ཉུག་པར་བྱེད་

པ་ན། དེ་དག་གིས་སྨྲས་པ། འཕགས་པ་དག་གསོལ་བཞེད་དམ། འདོད་དོ། །དེ་དག་གིས་བཅུ་བདུན་སྡེ་དག་ལ་བཟའ་བ་དང་བཏུང་བ་བྱིན་པ་དང་། དེ་དག་གིས་ལོངས་སྤྱད་ནས་ཟུང་དུ་བསྡེབས་ཏེ་འཆག་ཅིང་ཁ་ཏོན་བྱ་བར་བརྩམས་པ་དང་། ཉེ་དགས་དེ་དག་ཁ་ཏོན་བྱེད་པ་མཐོང་ནས་སྨྲས་པ།

ཀྱེ་མའོ་བཅུ་བདུན་སྡེ་དག་གིས་ཤིན་ཏུ་བརྩོན་འགྲུས་བརྩམས་སོ། །བཙུན་པ་ཉེ་དགའ་བཅོམ་ལྡན་འདས་ཀྱིས་བདེ་ན་ཆོས་མངོན་པར་རྗོད་པར་བྱེད་དོ། །སྦྱིན་པ་པོ་དང་སྦྱིན་བདག་གིས་ལེན་པ་པོ་ལ་ཟས་བྱིན་ན་གནས་ལྔ་སྦྱིན་པར་བྱེད་དེ། ཚེ་སྦྱིན་པ་དང་། ཁ་དོག་སྦྱིན་པ་དང་། སྟོབས་སྦྱིན་

པ་དང་། སྤོབས་པ་སྦྱིན་པ་དང་། བརྩོན་འགྲུས་སྦྱིན་པ་ནི་བདེ་བར་འགྱུར་རོ་ཞེས་བཀའ་སྩལ་པ་ནི་ལེགས་པར་གསུངས་པ་ཡིན་ཏེ། ཟོས་ན་སྤོབས་པ་དང་ལྡན་པར་འགྱུར་གྱི་མ་ཟོས་ན་མི་འགྱུར་རོ། །ཁྱོད་ཀྱི་ས་ཟོས་སམ། ཟོས་སོ། །ཁྱེད་དུས་མ་ཡིན་པར་ཟར་རུང་ངམ། གལ་ཏེ་

དུས་སུ་མ་རྙེད་ན་ཁོ་བོ་ཅག་གིས་ལྟོགས་ཏེ་འཆི་བར་བྱ་འམ་ཅི་ཞེས་ཟེར་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དུས་མ་ཡིན་པར་བཅའ་བ་དང་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་

ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། བཅུ་བདུན་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་

Vol. 153 · folio 147a

པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དུས་མ་ཡིན་པར་

བཅའ་བ་འམ་བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་བཅུ་བདུན་སྡེ། ཉོན་མོངས་པ་ནི་སྦྱོར་མི་བཟོད་པ། ཉེས་པ་ནི་དུས་མ་ཡིན་པར་ཟ་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་བཅུ་བདུན་སྡེ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དུས་

མ་ཡིན་པར་ཞེས་བྱ་བ་ནི་དུས་མ་ཡིན་པ་གཉིས་ཏེ། སྐྱ་རེངས་མ་ཤར་བ་དང་། བྱེད་ཡོལ་བར་རོ། །བཅའ་བ་འམ་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དང་བཟའ་བ་ལྔ་པོ་དག་གོ། །འཆའ་འམ་ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་

ཇི་ལྟར་འགྱུར་ཞེ་ན་འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་

སློང་མི་ན་བས་འཛམ་བུའི་གླིང་ལ་སོགས་པ་གནས་གང་ན་བདག་ཉིད་གནས་པའི་རང་གི་ཉི་མ་ཕྱེད་ཡོལ་ཕན་ཆད་ནས་ཕྱི་དེ་ཉིན་པར་གྱི་སྐྱ་རེངས་དང་པོ་མ་ཤར་བར་ཤེས་བཞིན་དུ་བཅའ་བ་དང་བཟའ་བ་འཆོས་སམ་ཟོས་ན་དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་

མི་ན་བ་ལ་ན་སྨད་པ་མེད་དོ། །འཛམ་བུའི་གླིང་ལ་སོགས་པ་གནས་གང་ན་དགེ་སློང་བདག་ཉིད་གནས་པའི་རང་གི་ཉི་མ་ཕྱེད་ཡོལ་ཕན་ཆད་ནས་ཕྱི་དེ་ཉིན་པར་སྐྱ་རེངས་དང་པོ་མ་ཤར་ཚུན་ཆད་ནི་དགེ་སློང་གི་ཟས་ཀྱི་དུས་མ་ཡིན་པས་དེའི་བར་གྱི་དུས་ཐམས་ཅད་ལ་ན་སྨད་པ་མེད་དོ། །འཛམ་བུའི་

གླིང་ལ་སོགས་པའི་གླིང་བཞི་གང་ན་གནས་ཀྱང་རང་གི་དུས་མ་ཡིན་པ་ལ་ན་སྨད་པ་མེད་དོ། །མཐོ་རིས་དང་ངན་སོང་དག་ཏུ་ནི་འདུ་ཤེས་ཀྱིས་རྣམ་པར་གཞག་པ་ལ་ན་སྨད་པ་མེད་དོ། །རང་གི་དུས་མ་ཡིན་པ་ལ་དེར་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །དུས་སུ་རུང་བའི་

Vol. 153 · folio 147b

ཟས་བཅའ་བ་ལྔ་དང་བཟའ་བ་ལྔའི་ཁོངས་སུ་གཏོགས་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ཟོས་ཤིང་མིད་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་དུས་མ་ཡིན་པ་དེ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་

མི་ན་བ་དང་། དུས་མ་ཡིན་པ་ཉིད་དང་། དེར་འདུ་ཤེས་པ་དང་། དུས་སུ་རུང་བའི་ཟས་ཟོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་

སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དུས་ལ་དུས་མ་ཡིན་པར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །ཟས་རུང་བ་མ་ཡིན་པ་ཉིད་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་

དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དགེ་སློང་ན་བ་ལ་ལྟུང་བ་མེད་དོ། །དུས་ཉིད་དུ་ལྟུང་བ་མེད་དོ། །དེར་འདུ་ཤེས་མེད་པ་ལ་ལྟུང་བ་མེད་དོ། །དུས་སུ་རུང་བའི་ཟས་ལས་གཞན་པ་དུས་མ་ཡིན་པར་རུང་བ་འབྲས་བུ་ལྔ་དང་བུ་རམ་དང་སྦྲང་རྩི་

དང་ཁ་ར་དང་བཏུང་བ་དང་ཐུན་ཚོད་དུ་རུང་བ་ལ་སོགས་པ་ལ་ལྟུང་བ་མེད་དོ། །མ་ཟོས་ཤིང་མགུལ་དུ་མ་མིད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་

གནས་སྐབས་ཐམས་ཅད་དུ་དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དགེ་སློང་ན་བས་སྨན་པས་བསྟན་པའི་ཟས་རུང་བ་བསྟེན་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་དེ་སུམ་ཅུ་བདུན་པ་བཤད་ཟིན་

ཏོ།། །།གསོག་འཇོག་གི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ནག་པོའི་ཀུན་དུ་སྤྱོད་པ་ནི་གྲོང་ངམ། གྲོང་རྡལ་གང་ན་ཉེ་བར་བརྟེན་ཅིང་གནས་པ་ན་དེ་སྔ་དྲོ་ཤམ་

Vol. 153 · folio 148a

ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། གྲོང་ངམ་གྲོང་རྡལ་དེ་ཉིད་དུ་ལུས་ཤིན་ཏུ་བསྲུངས་པ་དང་། དབང་པོ་རྣམས་ཀྱིས་ཤིན་ཏུ་བསྡམས་པ་དང་། དྲན་པ་ཤིན་ཏུ་ཉེ་བར་གཞག་པས་བསོད་སྙོམས་ལ་འཇུག་ཅིང་གལ་ཏེ་འབྲས་ཆན་གཤེར་བ་རྙེད་ན་ནི་

ལྷུང་བཟེད་ཀྱིས་ལེན་པར་བྱེད། གལ་ཏེ་འབྲས་ཆན་སྐམ་པོ་རྙེད་ན་ནི་ལྷུང་བཟེད་ཀྱི་སྣོད་ཀྱིས་ལེན་པར་བྱེད་དེ། དེ་གྲོང་ངམ་གྲོང་རྡལ་དེར་བསོད་སྙོམས་བརྒྱུས་ནས་གཙུག་ལག་ཁང་དུ་སོང་སྟེ། འབྲས་ཆན་གཤེར་བ་ནི་ཟ་བར་བྱེད། འབྲས་ཆན་སྐམ་པོ་ནི་བསྐམས་ནས་རྫ་མ་སོ་བཏང་བ་བཀང་སྟེ་

འཇོག་པར་བྱེད་ཅིང་། དེ་རླུང་ལྡང་བ་འམ་ཡུལ་ངན་བྱུང་བ་འམ་ཆར་པ་འབབ་པ་འམ་ལྷགས་པ་འབྱུང་བ་གང་དག་བྱུང་བར་གྱུར་པ་ན་འབྲས་ཆན་སྐམ་པོ་ཆུ་དྲོན་མོས་སྤངས་ཏེ་ཟོས་ནས་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་བདེ་བ་དག་ཉམས་སུ་མྱོང་བར་

བྱེད་དོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ་གཙུག་ལག་ཁང་དུ་རྒྱུ་ཞིང་གཤེགས་པ་ན་ཚེ་དང་ལྡན་པ་ནག་པོའི་གཙུག་ལག་ཁང་ག་ལ་བ་དེར་གཤེགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་ནག་པོའི་གཙུག་ལག་ཁང་དུ་

འབྲས་ཆན་སྐམ་པོ་རབ་ཏུ་མང་པོ་དག་བཏིང་ཞིང་འདུག་པ་བཅོམ་ལྡན་འདས་ཀྱིས་གཟིགས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་རྒྱས་པར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་དག་གསོག་འཇོག་བྱས་པ་ཟ་འམ།

བཙུན་པ་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཚེ་དང་ལྡན་པ་ནག་པོ་ལ་རྨས་ནས། མི་བརྩོན་པ་དང་། མི་སྦྱོར་བ་དང་། མ་བརྟགས་པར་སྤྱོད་པ་རྣམ་པར་སྨད་པ་མཛད་དེ། བརྩོན་པ་དང་།

སྦྱོར་བ་དང་། བརྟགས་ཏེ་སྤྱོད་པའི་བསྔགས་པ་བརྗོད་ནས་བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བཅའ་བ་དང་བཟའ་བ་གསོག་འཇོག་བྱས་པ་འཆའ་འམ་ཟ་ན་ལྟུང་

Vol. 153 · folio 148b

བྱེད་དོ་ཞེས་བཅའ་བ་མཛད་དོ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཚེ་དང་ལྡན་པ་ནག་པོ། ཉོན་མོངས་པ་ནི་བག་ཆགས་མ་བྱང་བས་སོ་སོར་མ་བརྟགས་པ། ཉེས་པ་ནི་ཟས་གསོག་འཇོག་བྱས་པ་ཟ་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཚེ་དང་ལྡན་པ་ནག་པོའམ་གཞན་ཡང་དེ་ལྟ་བུ་གང་

ཡིན་པའོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དང་བཟའ་བ་ལྔ་པོ་དག་གོ། །གསོག་འཇོག་བྱས་པ་ཞེས་བྱ་བ་ནི་གསོག་འཇོག་བྱས་པ་རྣམ་པ་གཉིས་ཏེ། སྔ་དྲོ་བྱིན་ལེན་བྱས་པ་ཕྱི་དྲོའི་བར་དུ་གསོག་འཇོག་བྱས་པ་དང་། ཕྱི་དྲོ་བྱིན་ལེན་བྱས་པ་ཐུན་ཚོད་ལས་ཡོལ་བར་གསོག་འཇོག་བྱས་པའོ།

འཆའ་འམ་ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །སྔར་གསོག་

འཇོག་གི་སྤང་བའི་ལྟུང་བྱེད་བསྟེན་པ་དང་། གསོག་འཇོག་གི་ལྟུང་བྱེད་འདིའི་མཚན་ཉིད་གཞན་ཐམས་ཅད་ནི་འདྲའོ། །ཁྱད་པར་དུ་ནི་སྔ་མ་ནི་སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་བཟའ་བའི་ཕྱིར་འཆང་བ་སྐྱ་རེངས་བརྒྱད་པ་ཤར་ཏེ་གསོག་འཇོག་ཏུ་གྱུར་པ་ལ་སྤང་བའི་ལྟུང་བྱེད་དུ་རྣམ་པར་

གཞག་གོ། །འདིའི་དུས་སུ་རུང་བའི་ཟས་བཅའ་བ་ལྔ་དང་བཟའ་བ་ལྔ་གསོག་འཇོག་ཏུ་གྱུར་པ་ཟོས་པ་ལ་ལྟུང་བྱེད་འབའ་ཞིག་ཏུ་རྣམ་པར་གཞག་གོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་དུས་སུ་རུང་བའི་ཟས་བཅའ་བ་ལྔ་དང་བཟའ་བ་ལྔ་ལས་གང་ཡང་རུང་བ་བྱིན་

ལེན་བྱས་པ་མ་ཞིག་པར་བཟའ་བའི་ཕྱིར་འཆང་བ་ཕྱེད་ཡོལ་ལས་འདས་ནས་གསོག་འཇོག་ཏུ་གྱུར་པ་ལ་དེར་འདུ་ཤེས་པས་ཟོས་ན་གསོག་འཇོག་གི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དུས་སུ་རུང་བའི་ཟས་བྱིན་ལེན་བྱས་པ་ནི་བྱིན་ལེན་མ་ཞིག་པར་བཟའ་བའི་ཕྱིར་འཆང་ན་ཕྱེད་ཡོལ་ན་

གསོག་འཇོག་ཏུ་གྱུར་པས་དུས་སུ་རུང་བའི་ཟས་ཀྱང་གསོག་འཇོག་བྱས་པ་ཡིན་ལ་དགེ་སློང་གིས་ཀྱང་དེར་འདུ་ཤེས་པ་དང་ཡིད་གཉིས་ཟ་བས་དེ་ཟོས་པ་ལ་ན་སྨད་པ་མེད་དོ། །དུས་སུ་རུང་བའི་ཟས་ནི་སྔ་དྲོ་བའི་ཟས་བཅའ་བ་ལྔ་དང་བཟའ་བ་ལྔའི་ཁོངས་སུ་གཏོགས་པ་ནད་པ་དང་ནད་པ་མ་

Vol. 153 · folio 149a

ཡིན་པ་ཐམས་ཅད་ཀྱིས་རང་གི་གུང་ཚིགས་ཀྱི་དུས་ཚུན་ཆད་དུ་བྱེ་བྲག་མེད་པར་བསྟེན་པར་བྱ་བ་གང་ཡིན་པའོ། །དེ་གསོག་འཇོག་ཏུ་གྱུར་པ་ནི་དུས་སུ་རུང་བའི་ཟས་ཀྱི་དུས་ནི་སྐྱ་རེངས་ཤར་བ་ནས་བརྩམས་ནས་གུང་ཚིགས་ཀྱི་སྐད་ཅིག་མའི་བར་དེ། དུས་དེར་དུས་སུ་རུང་

བའི་ཟས་བྱིན་ལན་བྱས་པ་བྱིན་ལེན་དེ་ཉིད་མ་ཞིག་པར་ཕྱི་དྲོའི་དུས་སུ་གུང་ཚིགས་ལས་ཡོལ་བར་ཐལ་བ་ནི་གསོག་འཇོག་བྱས་པ་ཡིན་ཏེ། བྱིན་ལེན་དེ་ཞིག་ན་ནི་གསོག་འཇོག་བྱས་པར་མི་འགྱུར་རོ། །འདིའི་བྱེད་པ་པོ་ནི་དུས་སུ་རུང་བའི་ཟས་གསོག་འཇོག་ཏུ་གྱུར་པ་དེ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་

པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་བཞིས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དུས་སུ་རུང་བའི་ཟས་དང་། གསོག་འཇོག་ཏུ་གྱུར་པ་དང་། དེར་འདུ་ཤེས་པ་དང་། ཟོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་གསོག་

འཇོག་གི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཐུན་ཚོད་དུ་རུང་བའི་བཏུང་བ་བྱིན་ལེན་བྱས་པ་མ་ཞིག་པར་བཏུང་བའི་ཕྱིར་འཆང་ན་ཐུན་ཚོད་ལས་འདས་ན་གསོག་འཇོག་ཏུ་འགྱུར་བས་དེ་

འཐུངས་པ་ལ་ཉེས་བྱས་སོ། །ཐུན་ཚོད་དུ་རུང་བའི་བཏུང་བ་ནི་ཤིང་ཐོག་ཙོ་ཙ་དང་། ཆུ་ཤིང་གི་འབྲས་བུ་དང་། རྒྱ་ཤུག་དང་། ཨ་ཤྭད་ཐ་དང་། ཨུ་དུམ་བཱ་ར་དང་། རྩུབ་འགྱུར་དང་། རྒུན་ཆུ་དང་། འབྲ་གོའི་བཏུང་བ་རྣམ་པ་བརྒྱད་དང་། བཅོས་པའི་ཆང་དང་། འབྲུའི་ཆང་དང་། ཞོག་ཆུ་དང་།

དར་བའི་དོངས་མ་དང་། རྩབ་མོ་ཆུས་བཏབ་པ་ཚགས་ཀྱིས་བཙགས་པ་ཤིན་ཏུ་སླ་བ་བཞིན་སྣང་བ་འདམ་བུའི་ཉག་མའི་མདོག་ལྟ་བུ་རྣམ་པ་ལྔ་དང་། བལ་པོ་སེའུ་དང་། མ་དུ་ལུང་ག་དང་། རྩ་བ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་འབྲས་བུ་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པ་དག་ལས་

སྦྱོར་བའི་བཏུང་བ་ཤིན་ཏུ་སླ་བ་དག་དང་། བུ་རམ་ཤིང་ལ་སོགས་པའི་རོ་དང་ཕྱེ་མ་ཆང་གི་རླངས་པའི་དྲིས་བསྒོས་པ་དང་སྦྱར་བའི་བཏུང་བ་དག་དང་། སྨན་རྩབས་རྩ་བ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་ཆུས་སྦངས་ཤིང་བསྐུས་པའི་ཁུ་བ་སྐྱུར་བག་ཅན་ཤིན་ཏུ་སླ་

Vol. 153 · folio 149b

བ་དག་ཡིན་ཏེ། བཏུང་བ་དེ་དག་ཀྱང་ཁྱིམ་པའམ་དགེ་ཚུལ་གྱིས་སྦྱར་ཅིང་བཙགས་ལ་ཕྱི་དྲོའི་བཏུང་བ་ཉིད་དུ་མ་གྱུར་གྱི་བར་དུ་བསྙེན་པར་རྫོགས་པ་མཚན་མཐུན་པས་མ་རེག་པར་བྱས་ཏེ། གང་གི་ཚེ་རུང་བ་ཉིད་དུ་གྱུར་པ་དེའི་ཚེ་བྱིན་ལེན་བྱས་པ་ནད་པས་ཐུན་ཚོད་དུ་རུང་བ་ཉིད་དུ་བྱིན་

གྱིས་མ་བརླབས་པས་ནི་དུས་དང་དུས་མ་ཡིན་པར་ཡང་ན་བ་མ་ཡིན་པ་ཐམས་ཅད་ཀྱིས་ཀྱང་བཏུང་དུ་རུང་བ་ཉིད་ཡིན་ནོ། །དེ་དག་བྱིན་ལེན་བྱས་པ་ནད་པས་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབས་པ་ནི་ནད་པ་འབའ་ཞིག་གིས་བཏུང་ལ་ཐ་ན་ཐུན་ཚོད་དུ་རུང་བ་ཞེས་བྱའོ། །བཏུང་བ་དེ་དག་གལ་ཏེ་

དུས་སུ་རུང་བའི་རྫས་ལས་སྦྱོར་ན་ནི་བསྙེན་པར་མ་རྫོགས་པས་སྦྱར་ཞིང་བཙགས་ཏེ། ཆུ་གྲང་མོས་བཏབ་ལ་བྱིན་ལེན་བསྟབས་པར་བྱའོ། །གལ་ཏེ་དུས་མ་ཡིན་པར་རུང་བའི་རྫས་ལས་སྦྱར་ན་ནི་བསྙེན་པར་རྫོགས་པས་ཀྱང་རྫས་དེ་ཉིད་བྱིན་ལེན་བྱས་ཏེ་སྦྱར་ཏེ་བཙགས་ལ་གང་གི་ཚེ་མཐུན་པའི་

ཚེ་ན་ཆུ་གྲང་མོས་གདབ་པའི་བསྟབས་པ་དང་བྱིན་ལེན་སྟོབས་སུ་བཅུག་ནས་བཏུང་དུ་ཡང་རུང་ངོ་། །དུས་སུ་རུང་བའི་རྫས་ལས་སྦྱར་བའི་བཏུང་བ་དེ་ནི་བཏུང་བའི་མཐའ་ཡང་ཐུན་ཚོད་གཅིག་གི་མཐའ་ཚུན་ཆད་དུ་བཏུང་བར་བྱ་བ་ཡིན་གྱི། དེ་ལས་རིང་དུ་བཞག་ན་ཟས་ཀྱི་འགྱུར་བ་བསྟེན་པས་

གལ་ཏེ་སྐ་བ་ལ་སོགས་པར་གྱུར་ན་གསོག་འཇོག་གི་ཉེས་པ་བསྟེན་པར་ཡང་འགྱུར་རོ། །དུས་མ་ཡིན་པར་རུང་བའི་རྫས་ལས་སྦྱོར་བའི་བཏུང་བ་ནི་རྫས་དེའི་བཟའ་བའི་དུས་ཀྱི་མཐའ་ཞག་བདུན་པའམ། འཚོ་བའི་བར་དུ་བཅང་བ་གང་ཡིན་པ་དེ་སྲིད་དུ་བཏུང་བ་དེ་ཡང་གཞག་ཅིང་བཏུང་དུ་

རུང་ངོ་། །དེ་ལ་ཡང་ཐུན་ཚོད་དུ་རུང་བར་བྱིན་གྱིས་མ་བརླབས་པའི་དབང་དུ་མཛད་དེ་གསུངས་པ་ཡིན་གྱི་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབས་པ་ནི་རང་གི་ཚོགས་ཇི་ལྟ་བ་བཞིན་དུ་བྱའོ། །ཐུན་ཚོད་དུ་རུང་བའི་ལྟུང་བ་བྱིན་གྱིས་བརླབས་པའི་ཆོ་ག་དང་། སྔགས་ནི་འདི་ཡིན་ཏེ། ཐུན་ཚོད་

དུ་རུང་བའི་རྒྱུ་བའི་རྫས་དེ་དག་གང་ཟག་བསྙེན་པར་མ་རྫོགས་པ་མཁས་པ་གང་ཡང་རུང་བའི་ས་གཞིར་སྦྱར་ཅིང་བཙགས་ནས་བཟའ་བར་བྱ་བ་རུང་བ་མ་ཡིན་པ་ལག་ཉར་བླངས་པ་དང་། ནང་དུ་བཙོས་པ་དང་། ནང་དུ་ཞག་ལོན་པ་དང་། དགེ་སློང་གིས་བཙོས་པ་ལ་སོགས་པ་དང་མ་

Vol. 153 · folio 150a

འདྲེས་པར་བྱས་ལ། དགེ་སློང་ནད་པས་ཀྱང་སྔ་དྲོ་ལག་པ་བསྙལ་ཏེ་བྱིན་ལེན་བྱས་ལ། དེ་དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་གནས་པ་ཅིག་གི་མདུན་དུ་ཙོག་པུར་འདུག་སྟེ། གཉི་གས་ལྷུང་བཟེད་དམ་སྐོམ་

སྣོད་ལག་མཐིལ་གཡོན་པར་བཞག་སྟེ། གཡས་པས་སྟེང་ནས་བཀབ་ནས་ནད་པས་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་སྨན་ཐུན་ཚོད་དུ་རུང་བ་འདི་དག་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་བགྱི་བར་ཐུན་ཚོད་དུ་

རུང་བར་བྱིན་གྱིས་བརླབ་པོ། །ལན་གསུམ་དུ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །ནད་པས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ཕྱིན་ཆད་ཉི་མ་ཕྱེད་ཡོལ་ནས་དེ་ཉིད་ཀྱི་མཚན་མོའི་ཐུན་ཚོད་དང་པོའི་མཐའི་བར་དུ་བྱིན་ལེན་མ་ཞིག་པར་བྱས་ཏེ། རང་གིས་བསྟེན་ཅིང་བཏུང་

བར་བྱའོ། །མཚན་མོའི་ཐུན་ཚོད་དང་པོ་མཐའི་ཚུད་ཆད་དུ་འཐུངས་ཟིན་ཅིང་ལྷག་མ་མེད་ན་དེར་ཟད། ཡོད་ན་ཡང་བཏུང་བའི་ཕྱིར་འཆང་ན་ཐུན་ཚོད་དང་པོ་ལས་འདས་ན་གསོག་འཇོག་ཏུ་འགྱུར་ཞིང་དེ་འཐུངས་ན་ཉེས་བྱས་སོ། །དགེ་སློང་མི་ན་བས་ནི་ཐུན་ཚོད་དུ་རུང་བའི་བཏུང་བ་བྱིན་གྱིས་བརླབ་ཏུ་ཡང་མི་རུང་

ལ། གཞན་གྱིས་བྱིན་གྱིས་བརླབས་པ་བཏུང་དུ་ཡང་མི་རུང་ངོ་། །དགེ་སློང་ན་བ་མ་ཡིན་པས་ཐུན་ཚོད་དུ་རུང་བར་བྱིན་གྱིས་མ་བརླབས་པ་དུས་དང་དུས་མ་ཡིན་པར་ན་བ་དང་། ན་བ་མ་ཡིན་པས་ཀྱང་བཏུང་དུ་རུང་བ་དེ་དག་ལས་གང་ཡང་རུང་བ་གལ་ཏེ་བྱིན་ལེན་བྱས་པ་མ་ཞིག་པར་བཏུང་བའི་ཕྱིར་འཆང་

ན་ཐུན་ཚོད་ལས་འདས་ན་དེ་ཡང་གསོག་འཇོག་ཏུ་འགྱུར་ཞིང་དེ་འཐུངས་ན་ཡང་ཉེས་བྱས་སོ། །སྨན་ཞག་བདུན་པར་བྱིན་གྱིས་བརླབས་པ་བཟའ་བའི་ཕྱིར་འཆང་ན་སྐྱ་རེངས་བརྒྱད་པ་ཤར་ཏེ་གསོག་འཇོག་ཏུ་འགྱུར་བ་དེ་ཟོས་པ་ཡང་སྐབས་འདིའི་ཉེས་བྱས་ཏེ། སྨན་ཞག་བདུན་པ་ནི་ཞུན་མར་དང་། འབྲུ་

མར་དང་། སྦྲང་རྩི་དང་། བུ་རམ་དང་། བུ་རམ་གྱི་དབུ་བ་དག་གོ། །ཞུན་མར་ཞེས་བྱ་བ་ནི་མར་བཞུས་པ་སྟེ། བདུད་རྩི་ཡང་དེའི་ཁོངས་སུ་གཏོགས་པའོ། །འབྲུ་མར་ཞེས་བྱ་བ་ནི་འབྲུ་མར་ཉིད་དོ། །ཞག་རྣམ་པ་ལྔ་པོ་ཉའི་ཞག་དང་། རི་བོང་གི་ཞག་དང་། ཆུ་སྲིན་བྱིས་པ་གསོད་

Vol. 153 · folio 150b

ཀྱི་ཞག་དང་། དོམ་གྱི་ཞག་དང་། ཕག་གི་ཞག་དུས་སུ་བསྐོལ། དུས་སུ་བཙགས། དུས་སུ་བྱིན་ལེན་བྱས། དུས་སུ་བྱིན་གྱིས་བརླབས་པ་དེ་དག་ཀྱང་འདིའི་ཁོངས་སུ་གཏོགས་སོ། །སྦྲང་རྩི་ཞེས་བྱ་བ་ནི་སྦྲང་བུའི་སྦྲང་རྩིའོ། །བུ་རམ་དང་བུ་རམ་གྱི་དབུ་བ་ཞེས་བྱ་བ་ནི་བུ་རམ་ཉིད་དེ། ཧྭགས་

དང་། ལི་ཁ་ར་ལ་སོགས་པ་ཡང་འདིའི་ཁོངས་སུ་གཏོགས་སོ། །སྨན་ཞག་བདུན་པ་བྱིན་ལེན་བྱས་པ་དང་། བྱིན་གྱིས་བརླབས་པ་དེ་དག་ནི་དགེ་སློང་ནད་པས་ཞག་བདུན་གྱི་མཐའི་དུས་ཚུན་ཆད་དུ་རང་གིས་བྱིན་ལེན་བྱས་ཤིང་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་ཉིད་ཡིན་གྱི་མི་ན་བས་ན་བྱིན་གྱིས་

བརླབ་ཏུ་ཡང་མི་རུང་ལ། གཞན་གྱིས་བྱིན་གྱིས་བརླབས་པ་དག་བཟར་ཡང་མི་རུང་ངོ་། །སོས་པ་ཉིད་ན་དེ་དག་ནད་པའི་ཕྱིར་སློང་ན་སྦྱིན་ནོ། །སློང་བ་མེད་ན་དགེ་འདུན་གྱི་སྨན་ཁང་དུ་གཞག་པར་བྱའོ། །དེ་དག་ཞག་བདུན་པར་བྱིན་གྱིས་བརླབ་པའི་ཆོ་ག་དང་སྔགས་ནི་འདི་ཡིན་ཏེ། སྨན་དེ་དག་

སྨན་པ་དང་། སྨན་པ་རབ་ཏུ་བྱུང་བ་དང་། སྨན་གཡོག་བསྙེན་པར་མ་རྫོགས་པ་མཁས་པ་གང་ཡང་རུང་བས་རུང་བའི་ས་གཞིར་སྔ་དྲོ་བསྐོལ་ཞིང་བཙགས་ན་བཟའ་བར་བྱ་བ་རུང་བ་མ་ཡིན་པ། ལག་ཉར་བླངས་པ་དང་། ནང་དུ་བཙོས་པ་དང་། ནང་དུ་ཞག་ལོན་པ་དང་། དགེ་སློང་གིས་བཙོས་

པ་ལ་སོགས་པ་དང་མ་འདྲེས་པར་བྱས་ལ། དགེ་སློང་ནད་པས་ཀྱང་སྔ་དྲོ་ལག་པ་བསྙལ་ཏེ་བྱིན་ལེན་བྱས་ལ། དགེ་སློང་བསྙེན་པར་མ་རྫོགས་པ་རང་བཞིན་དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་གནས་པ་ཅིག་གི་མདུན་དུ་ཙོག་པུར་འདུག་སྟེ། གཉི་གས་ལྷུང་བཟེད་དམ་

སྨན་སྣོད་ལག་མཐིལ་གཡོན་པར་བཞག་ལ་གཡས་པས་ཁ་ནས་བཀབ་སྟེ་ནད་པས་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ་བདག་དགེ་སློང་མིང་འདི་ཞེས་བགྱི་བའི་སྨན་ཞག་བདུན་པ་འདི་དག་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིར་བགྱི་བར་ཞག་བདུན་པར་བྱིན་

གྱིས་བརླབ་པོ། །ལན་གསུམ་དུ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །ནད་པས་ལེགས་སོ་ཞེས་བརྗོད་པར་བྱའོ། །དེ་ཕྱིན་ཆད་ཞག་བདུན་གྱི་བར་དུ་བྱིན་ལེན་མ་ཞིག་པར་བྱས་ཏེ་རང་གིས་བསྟེན་ཅིང་བཟའ་བར་བྱའོ། །ཞག་བདུན་པར་བྱིན་གྱིས་

Vol. 153 · folio 151a

བརླབས་པའི་ཉི་མ་འདས་སོ་ཅོག་དགེ་སློང་ལ་ཉི་མ་རེ་རེ་ཞིང་དེང་ཕན་ཆད་དུ་ཉི་མ་དང་པོ་འདས་ཏེ། དེང་ནི་ཉི་མ་གཉིས་པ་ལགས་སོ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །ཞག་བརྒྱད་པའི་སྐྱ་རེངས་མ་ཤར་ཚུན་ཆད་དུ་ཟོས་ཟིན་ཅིང་ལྷག་མ་མེད་ན་དེར་ཟད། ཡོད་ན་ནད་པའི་

ཕྱིར་སློང་བ་ལ་སྦྱིན་པའམ། དགེ་འདུན་གྱི་སྨན་ཁང་དུ་གཞག་པའམ་བསམ་པ་ཐག་པ་ནས་ལྟོས་པ་མེད་པའི་སེམས་ཀྱིས་གཞན་ལ་གཏང་བར་བྱའོ། །དེ་ལྟར་མ་བྱས་པར་བཟའ་བའི་ཕྱིར་འཆང་ན་སྐྱ་རེངས་བརྒྱད་པ་ཤར་ན་གསོག་འཇོག་ཏུ་འགྱུར་ཞིང་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིར་ཡང་འགྱུར་ལ། དེ་

ཟོས་ན་གསོག་འཇོག་གི་ལྟུང་བྱེད་འདི་ཉིད་ཀྱི་སྐབས་ཀྱི་ཉེས་བྱས་སུ་འགྱུར་རོ། །བཟའ་བར་བྱ་བ་རུང་བ་མ་ཡིན་པ་ལག་ཉར་བླངས་པ་དང་། ནང་དུ་ཞག་ལོན་པ་དང་། ནང་དུ་བཙོས་པ་དང་། དགེ་སློང་གིས་བཙོས་པ་དང་། རུང་བ་མ་ཡིན་པ་མི་ཤ་ལ་སོགས་པ་དང་། རུང་བ་མ་ཡིན་པ་དང་

འདྲེས་པ་དང་། བརྟག་པ་གཞན་དང་འདྲེས་པ་དཔེར་ན་དུས་སུ་རུང་བའི་ཟས་དང་འདྲེས་པའི་ཐུན་ཚོད་དུ་རུང་བ་ལ་སོགས་པ་ལྟ་བུའི་སྐྱོན་གྱིས་རུང་བ་མ་ཡིན་པ་ཉིད་དུ་གྱུར་པ་དག་ནི་བཟའ་བའི་ཕྱིར་འཆང་ན་ཉིན་ཞག་གཅིག་ལོན་ན་གསོག་འཇོག་ཏུ་འགྱུར་བས་དེ་དག་ཟོས་པ་ལ་ཡང་ཉེས་བྱས་སོ། །

དེ་ལ་ལག་ཉར་བླངས་པ་ཞེས་བྱ་བ་ནི་བྱིན་ལེན་མ་བྱས་པར་དགེ་སློང་རང་གིས་བླངས་པ་དང་རེག་པའི་ཟས་ཏེ། དེ་ནི་བྱིན་ལེན་མ་བྱས་པར་དགེ་སློང་གིས་རེག་པ་ཉིད་ཀྱིས་ན་ཕྱིས་བྱིན་ལེན་བྱར་ཡང་མི་རུང་ལ། བྱིན་ལེན་བྱས་སུ་ཟིན་ཀྱང་དགེ་སློང་གིས་བཟར་རུང་བ་ཉིད་མ་ཡིན་པས་གསོག་འཇོག་

བྱས་པའི་ཆ་ལ་བསྟན་པ་ཡིན་ནོ། །དགེ་སློང་སྡོམ་པས་མཉམ་པ་ལྟ་བ་ཐ་མི་དད་པ་དག་གིས་གསོག་འཇོག་བྱས་པ་དང་། བྱིན་ལེན་བྱས་པ་དང་། ལག་ཉར་བླངས་པ་དེ་དག་ནི་གཅིག་པ་ཉིད་ཡིན་ནོ། །དགེ་སློང་མ་སྡོམ་པས་མཉམ་པ་ལྟ་བ་ཐ་མི་དད་པ་དག་གིས་གསོག་འཇོག་བྱས་

པ་དང་། བྱིན་ལེན་བྱས་པ་དང་། ལག་ཉར་བླངས་པ་དག་ཀྱང་གཅིག་པ་ཉིད་ཡིན་ནོ། །དགེ་སློབ་མ་སྡོམ་པས་མཉམ་པ་ལྟ་བ་ཐ་མི་དད་པ་དག་གིས་གསོག་འཇོག་བྱས་པ་དང་། བྱིན་ལེན་བྱས་པ་དང་། ལག་ཉར་བླངས་པ་དག་ཀྱང་གཅིག་པ་ཉིད་ཡིན་ནོ། །སྡོམ་པ་མཆོག་

Vol. 153 · folio 151b

དང་ལྡན་པའི་དགེ་སློང་མ་དང་། བསླབ་པ་བྱིན་པ་མོ་དང་། སྡོམ་པ་མཆོག་མ་ཡིན་པ་དང་ལྡན་པའི་དགེ་སློང་མས་ནི་གསོག་འཇོག་བྱས་པ་དང་། བྱིན་ལེན་བྱས་པ་དང་ལག་ཉར་བླངས་པ་དག་གཅིག་པ་ཉིད་ཡིན་ནོ། །ལག་ཉར་བླངས་པ་ལ་སོགས་པའི་རྫས་དེ་དག་ཡང་ཕྱིར་བླང་ངོ་སྙམ་པའི་

ལྟོས་པ་དང་བཅས་པས་གཞན་ལ་བྱིན་པས་ནི་བཏང་བ་ཉིད་མ་ཡིན་ནོ། །ཆུད་ཟ་བའི་རྐྱེན་དག་ཉེ་བར་འགྱུར་བའམ། བསྙེན་པར་མ་རྫོགས་པ་དག་མེད་དམ། འདྲུབ་པར་བྱེད་པ་གཞན་དག་མེད་པ་ལ་སོགས་པའི་རྐྱེན་དེ་ལྟ་བུ་དག་མེད་པར་ཞིང་ས་དག་ལས་འབྲས་ལ་སོགས་པའི་ཐོག་ཤས་མནོད་

པའི་ཕྱིར་དེ་ལ་དགེ་སློང་གིས་རེག་པ་དང་། འབྲས་ལ་སོགས་པ་མནོས་པ་དག་བང་བ་ལ་སོགས་པར་བྲུབ་པའི་ཕྱིར་དགེ་སློང་གིས་རེག་པ་ཡང་ལག་ཉར་བླངས་པ་དག་ཡིན་ནོ། །རྐྱེན་དེ་ལྟ་བུ་དག་ཡོད་དུ་ཟིན་ཀྱང་བཟའ་བར་བྱ་བ་བཀལ་བའི་ཤིང་རྟའི་ཁ་ལོ་བའི་སྟན་ཉིད་ལ་དགེ་སློང་གིས་རེག་པ་ནི་

ལག་ཉར་བླངས་པ་ཉིད་ཡིན་ནོ། །རྐྱེན་དེ་ལྟ་བུ་དག་ཡོད་དུ་ཟིན་ཀྱང་འབྲས་ལ་སོགས་པས་གང་བའི་ཤིང་རྟའི་ཁ་ལོ་བའི་སྟན་ཉིད་ལ་དགེ་སློང་གིས་རེག་པ་ཡང་ལག་ཉར་བླངས་པ་ཉིད་ཡིན་ནོ། །རྐྱེན་དེ་ལྟ་བུ་དག་ཡོད་དུ་ཟིན་ཡང་ཟས་ཀྱིས་སྟོང་བའི་ཤིང་རྟར་ནད་པ་དང་ནད་པ་མ་ཡིན་པ་དག་བཞོན་ཞིང་དགལ་

བ་ལ་ཡང་ཁ་ལོ་བའི་སྟན་ཉིད་ལ་དགེ་སློང་གིས་རེག་ན་དེ་རུང་བའི་ས་གཞི་ཉིད་མ་ཡིན་ནོ། །རྐྱེན་དེ་ལྟ་བུ་དག་ཡོད་དུ་ཟིན་ཀྱང་བཟའ་བར་བྱ་བ་བཅུག་པའི་གྲུ་དང་། འབྲས་ལ་སོགས་པས་གང་བའི་གྲུ་དང་། གྲུར་ནད་པ་དང་མི་ན་བ་གཞུག་པ་ལ་ཡང་རུ་སྐྱ་ལ་དགེ་སློང་གིས་རེག་ན་ལག་ཉར་བླངས་པ་ཉིད་

ཡིན་ནོ། །གྲུར་གཞན་དག་གཞུག་པ་ལ་ཡང་དེ་བཞིན་ནོ། །རུ་སྐྱ་འཛིན་པའི་སྟན་ཡང་དེ་བཞིན་ནོ། །དགེ་འདུན་དང་གང་ཟག་གི་བཟའ་བ་ལ་སོགས་པ་སྨན་དག་ཐབ་ཏུ་བསྐོལ་བའི་ཚེ་ལུད་པ་ན་དང་པོར་ཤིང་ད་བྲི་བ་དང་མེ་བསད་པ་དང་། གོས་ཀྱི་ཐུ་བ་ལ་སོགས་པས་རླུང་གཡབ་པས་འབད་པར་བྱ་བའི་

ཐབས་ཀྱིས་ཞི་བར་ནུས་པའི་ཐབས་གཞན་ཡོད་བཞིན་དུ་དགེ་སློང་གིས་བསྐྱམ་པ་དང་། དབྱུང་བ་དང་། གཟར་བུའི་ལས་དང་དཔོག་པ་དག་བྱེད་པ་ཡང་ལག་ཉར་བླངས་པ་ཉིད་ཡིན་ནོ། །ནང་དུ་ཞག་ལོན་པ་ཞེས་བྱ་བ་ནི་ཀུན་དགའ་ར་བའི་ནང་དུ་བློ་མཐུན་པར་མ་བྱས་ཤིང་རུང་བ་མ་ཡིན་པའི་ས་གཞིར་ཞག་ལོན་

Vol. 153 · folio 152a

པ་གང་ཡིན་པའོ། །ནང་དུ་བཙོས་པ་ཞེས་བྱ་བ་ནི་ཀུན་དགའ་ར་བའི་ནང་དུ་བློ་མཐུན་པར་མ་བྱས་ཤིང་རུང་བ་མ་ཡིན་པའི་ས་གཞིར་བཙོ་བ་བསྲེག་པ་ལ་སོགས་པའི་གཡོས་དང་། མེས་རུང་བར་བྱས་པ་གང་ཡིན་པའོ། །འདིར་ནང་དུ་ཞག་ལོན་པ་དང་། ནང་དུ་བཙོས་

པ་ཞེས་བྱ་བ་ནི་གཉི་གའི་སྐབས་ནས་ནང་དུ་ཞེས་བྱ་བའི་སྒྲ་སྨོས་པ་ནི་སྤྱིར་འདྲ་སྟེ། ཀུན་དགའ་ར་བའི་ནང་དང་དགེ་འདུན་གྱི་མཚམས་གསོལ་བ་ལ་སོགས་པས་བཅད་པ་དང་། རྩིག་པ་ལ་སོགས་པའི་རང་མཚམས་དང་། དགེ་སློང་གི་གནས་དང་། དེ་དག་གི་ཉེ་འཁོར་དང་བཅས་པ་ཇི་སྐད་དུ་ཆོས་གོས་ཀྱི་

མཚམས་སྔར་བསྟན་པ་ལྟ་བུ་དག་ལས་དགེ་འདུན་གྱི་རུང་བའི་ཁང་པ་དང་། རུང་བའི་ས་གཞིར་བློ་མཐུན་པར་བྱས་པ་མ་ཡིན་པ་གང་ཡང་རུང་བ་ཐམས་ཅད་སྤྱིར་གཟུང་ངོ་། །སྦྱིན་བདག་གིས་ནང་དེ་དག་ཏུ་ཟས་ཕུལ་ཏེ་ཞག་ལོན་པ་འམ་བཙོས་པ་རང་འོངས་ཏེ་བྲིམ་མོ་ཞེས་ཟེར་བ་ཡང་ནང་དུ་ཞག་ལོན་པ་དང་།

ནང་དུ་བཙོས་པ་ཉིད་ཡིན་ནོ། །དགེ་སློང་གིས་གྲོང་ཁྱེར་དུ་དགེ་སློང་གི་དོན་དུ་བང་མཛོད་ལ་སོགས་པ་བྱས་ཤིང་དེ་དག་གི་ནང་དུ་དགེ་སློང་ཉིན་མཚན་དུ་གནས་པ་ཡང་དགེ་སློང་གི་གནས་ཉིད་ཡིན་པས་དེར་ཞག་ལོན་པ་དང་བཙོས་པ་ཡང་ནང་དུ་ཞག་ལོན་པ་དང་ནང་དུ་བཙོས་པ་ཉིད་ཡིན་ནོ། །གཙུག་ལག་

ཁང་སྟོང་པར་དགེ་སློང་ཞིག་ཞག་འགའ་ཙམ་གནས་འཆའ་བར་བྱེད་ན་ཡང་དགེ་སློང་གི་གནས་ཉིད་ཡིན་པས་དེར་ཞག་ལོན་པ་དང་བཙོས་པ་ཡང་ནང་དུ་ཞག་ལོན་པ་དང་ནང་དུ་བཙོས་པ་ཉིད་ཡིན་ནོ། །ཤིང་ཐོག་ལ་སོགས་པ་འབྲས་བུ་དང་། སྙེ་མ་དང་། ཐོ་གུ་ལ་སོགས་པ་རང་གི་སྐྱེ་བའི་རྒྱུན་གྱི་རྩ་བ་དང་

མ་བྲལ་བའི་རྩ་བ་ཉིད་དུ་རུང་བ་མ་ཡིན་པའི་ས་ནས་སྐྱེས་པའི་འབྲས་བུ་ལ་སོགས་པ་རུང་བའི་ས་ན་འདུག་པ་དེར་ཞག་ལོན་པ་ཡང་ནང་དུ་ཞག་ལོན་པ་ཉིད་ཡིན་ནོ། །ཤིང་ཐོག་ལ་སོགས་པ་འབྲས་བུ་དང་། སྙེ་མ་དང་། ཐོ་གུ་ལ་སོགས་པ་རང་གི་སྐྱེ་བའི་རྒྱུན་གྱི་རྩ་བ་དང་མ་བྲལ་བའི་རྩ་བ་ཉིད་རུང་བ་མ་ཡིན་པའི་

ས་ནས་སྐྱེས་པའི་འབྲས་བུ་ལ་སོགས་པ་མེས་མ་བརྩལ་བར་རང་བྲུལ་བ་རུང་བའི་ས་ན་འདུག་པ་དེར་ཞག་ལོན་པ་ཡང་ནང་དུ་ཞག་ལོན་པ་ཉིད་ཡིན་ནོ། །མཚམས་ཀྱི་ནང་དུ་སྐྱེས་པའི་དངོས་པོའི་མཚམས་ཀྱི་ཕྱི་རོལ་དུ་འཕེལ་བར་གྱུར་པ་དཔེར་ན་ཀུ་སྨན་ད་ལ་སོགས་པ་ལྟ་བུ་དང་། ནང་དུ་ཞག་ལོན་པའི་འོ་

Vol. 153 · folio 152b

མ་ཕྱི་རོལ་དུ་ཞོར་གྱུར་པ་ལྟ་བུ་ཡང་ནང་དུ་ཞག་ལོན་པ་ཉིད་ཡིན་ནོ། །མཚམས་ཀྱི་ནང་དུ་ཞག་ལོན་པའི་བཞོན་པ་ལས་འོ་མ་བྱུང་བ་གང་ཡིན་པ་དེ་ཡང་ནང་དུ་ཞག་ལོན་པ་ཉིད་ཡིན་ནོ། །མེས་རུང་བར་བྱེད་པ་ནི་བཙོས་པ་ཉིད་ཡིན་པས་ནང་དུ་གཞན་གྱིས་ཀྱང་མེས་རུང་བར་མི་བྱ་ལ། དགེ་སློང་གིས་ནི་

ཕྱི་ནང་གང་དུ་ཡང་མེས་རུང་བར་མི་བྱའོ། །བཙོས་པའི་སྣོད་རུང་བ་མ་ཡིན་པའི་ཕྱོགས་ན་འདུག་ན་དེས་ཀྱང་བཙོ་བར་བྱ་བའི་རྫས་དེ་རུང་བ་ཡིན་པའི་ས་དེར་བཙོས་པ་ཉིད་ཡིན་པས་ནང་དུ་བཙོས་པ་ཉིད་ཡིན་ནོ། །བརྒྱུད་པའི་ཚུལ་གྱིས་ཀྱང་དེ་ལྟར་འགྱུར་ཏེ། དཔེར་ན་རླུང་མ་ཡིན་པའི་སར་མེ་མདག་གི་

སྟེང་དུ་སྒྱེད་པོ་ལ་སོགས་པ་འམ། ལྕགས་སྒྱེད་རྐང་གསུམ་ལ་སོགས་པ་བཙུགས་པའི་སྟེང་དུ་ཕྲུ་བ་ལ་སོགས་པ་སྣོད་བཞག་པའི་ནང་དུ་ཤ་ལ་སོགས་པ་བཙོས་ན་དེ་ཡང་རུང་བ་མ་ཡིན་པའི་སར་བཙོས་པ་ཉིད་ཡིན་པར་འགྱུར་བ་ལྟ་བུ་སྟེ། དེ་ཡང་ནང་དུ་བཙོས་པ་ཉིད་ཡིན་ནོ། །མེ་མདག་ནི་སྣོད་

དང་འདྲ་བ་ཉིད་ཡིན་པས་མེ་མདག་མཚམས་ཀྱི་ནང་དུ་འདུག་པ་དེ་དག་གི་སྟེང་དུ་བསྲེག་པར་བྱ་བའི་རྫས་སྲེག་པ་ཡང་ནང་དུ་བཙོས་པ་ཉིད་ཡིན་ནོ། །མཚམས་དང་གནས་ཀྱི་ཉེ་འཁོར་འདོམ་གང་ཚུན་ཆད་ཀྱང་གནས་ཉིད་ཡིན་པས་དེར་ཞག་ལོན་པ་དང་བཙོས་པ་ཡང་ནང་དུ་ཞག་ལོན་པ་དང་། ནང་དུ་བཙོས་

པ་ཉིད་ཡིན་ནོ། །གནས་སྟེང་མ་གཡོགས་པ་ལ་ནི་སྟེང་དུ་ནམ་མཁའ་ལ་མགོ་བོས་སླེབས་པ་མན་ཆད་གནས་ཉིད་ཡིན་པས་དེར་ཞག་ལོན་པ་དང་བཙོས་པ་ཡང་ནང་དུ་ཞག་ལོན་པ་དང་ནང་དུ་བཙོས་པ་ཉིད་ཡིན་ནོ། །གནས་སྟེང་གཡོགས་པ་ལ་ནི་ནང་གི་ནམ་མཁའ་ཐམས་ཅད་གནས་ཉིད་ཡིན་པས་དེར་ཞག་

ལོན་པ་དང་བཙོས་པ་ཡང་ནང་དུ་ཞག་ལོན་པ་དང་ནང་དུ་བཙོས་པ་ཉིད་ཡིན་ནོ། །འོག་ཁང་གི་སྟེང་གི་ཡང་ཐོག་གཞན་ཡང་འོག་ཁང་དེ་ཉིད་ཀྱི་གནས་ཡིན་པས། དེར་ཞག་ལོན་པ་དང་བཙོས་པ་ཡང་ནང་དུ་ཞག་ལོན་པ་དང་། ནང་དུ་བཙོས་པ་ཉིད་ཡིན་ནོ། །གནས་སྟོང་པར་བྱས་པ་ཞིག་ཏུ་གལ་ཏེ་དགེ་

སློང་རེ་ཞིག་གནས་པར་གྱུར་ན་དེ་ཡང་དགེ་སློང་གི་གནས་ཉིད་ཡིན་པས་དེ་ར་ཞག་ལོན་པ་དང་ནང་དུ་བཙོས་པ་ཉིད་ཡིན་ནོ། །དགེ་སློང་གི་གནས་སམ། དགེ་སློང་གི་དགེ་འདུན་གྱི་གནས་ན་དགེ་ཚུལ་ཙམ་གནས་སུ་ཟིན་ཀྱང་དེ་དགེ་སློང་གི་གནས་ཉིད་ཡིན་པས་དེར་ཞག་ལོན་པ་དང་བཙོས་པ་ཡང་ནང་དུ་

Vol. 153 · folio 153a

ཞག་ལོན་པ་དང་ནང་དུ་བཙོས་པ་ཉིད་ཡིན་ལ་དགེ་སློང་གིས་བཙོས་པ་ཞེས་བྱ་བ་ནི་མཚམས་ཀྱི་ནང་ཡང་རུང་ཕྱི་རོལ་ཡང་རུང་སྟེ་དགེ་འདུན་གྱི་རུང་བའི་ཁང་པ་དང་ས་གཞིར་ཡང་རུང་དགེ་སློང་གི་གནས་དང་གཞན་དུ་ཡང་རུང་སྟེ། དགེ་སློང་བསྙེན་པར་རྫོགས་པ་ཅན་མ་ཉམས་པས་བཙོ་བ་དང་སྲེག་པ་

ལ་སོགས་པས་གཡོས་སུ་བྱས་པའོ། །དགེ་སློང་གིས་བཙོས་པ་ཡང་དགེ་སློང་ཁོ་ནས་བཟའ་བར་བྱ་བ་མ་ཡིན་གྱི། དགེ་སློང་མ་རྣམས་ཀྱིས་བཟའ་བར་མི་བྱ་བ་ནི་མ་ཡིན་ནོ། །དགེ་སློང་མས་བཙོས་པ་ཡང་དགེ་སློང་མ་ཁོ་ནས་བཟའ་བར་བྱ་བ་མ་ཡིན་གྱི། དགེ་སློང་རྣམས་ཀྱིས་བཟའ་བར་མི་

བྱ་བ་ནི་མ་ཡིན་ནོ། །ནང་དུ་བཙོས་པ་དང་དགེ་སློང་གིས་བཙོ་བ་ཞེས་བྱ་བ་གཉིས་ཀའི་སྐབས་ནས་བཙོས་པ་ཞེས་བྱ་བའི་སྒྲ་སྨོས་པའི་མཚན་ཉིད་ནི་སྤྱིར་འདྲ་སྟེ། རྗེན་པ་བཙོས་པ་གང་ཡིན་པ་དེ་ནི་བཙོས་པ་ཞེས་བྱའོ། །དེ་ཡང་ཏིལ་དང་འབྲས་དང་ཤ་ལ་སོགས་པ་མི་སྙི་བ་རྣམས་ཀྱི་རྗེན་པ་ཉིད་

ནི་བཤུར་བ་ལ་སོགས་པས་སུམ་ཆ་བངས་པ་ཉིད་ཀྱི་མདུན་རོལ་ཕན་ཆད་དེ། དེ་ཕྱིན་ཆད་ནི་རྗེན་པ་ཉིད་མ་ཡིན་ནོ། །རྫས་སྙི་བ་རྣམས་ཀྱི་རྗེན་པ་ཉིད་ནི་ཁ་དོག་གྱུར་པའི་མདུན་རོལ་ཕན་ཆད་དེ། དེ་ཕྱིན་ཆད་རྗེན་པ་ཉིད་མ་ཡིན་ནོ། །འོ་མ་ལ་སོགས་པ་ཁུ་བ་རྣམས་ཀྱི་རྗེན་པ་ཉིད་ནི་ལན་

གཉིས་ཁོལ་བར་གྱུར་པ་ཉིད་ཀྱི་མདུན་རོལ་ཕན་ཆད་དེ། དེ་ཕྱིན་ཆད་ནི་རྗེན་པ་ཉིད་མ་ཡིན་ནོ། །ལྷུང་བཟེད་དང་ལྷུང་བཟེད་ཆུང་ངུ་དང་། ཁ་གཟར་དང་། ཁམ་ཕོར་དང་། ཚྭ་ཁུག་དང་། ལྷུང་བཟེད་ཀྱི་སྣོད་དང་། གོས་དང་། མན་ཤེལ་དང་། ཁྲི་དང་། ཁྲིའུ་དང་། འཁར་བ་དང་།

ཕྲུ་བ་དང་། བུམ་པ་དང་། རིལ་བ་དང་། ལྡེ་མིག་དང་། ལྡེ་མིག་ཀྱོག་པོ་གསོག་འཇོག་བྱས་པས་འབགས་པ་ཟ་ན་ཉེས་བྱས་སོ། །ཁ་དྲི་མ་ཅན་གྱིས་བཟའ་བ་དང་། བཏུང་བ་དག་ཟོས་སམ་འཐུངས་ན་ཉེས་བྱས་སོ། །ལན་ཚྭ་དང་། འགྱུར་བྱེད་དང་། རྙོག་པ་དག་ལས་ལན་ཚྭ་ཚ་ཆུར་

གྱུར་པ་དང་། འགྱུར་བྱེད་འགྱུར་བྱེད་ཀྱི་ཆུར་གྱུར་པ་དང་། རྙོག་པ་རྙོག་ཆུར་གྱུར་པ་གསོག་འཇོག་བྱས་པ་འམ་བྱིན་ལེན་མ་བྱས་པར་འཐུངས་པ་ལ་ཉེས་བྱས་སོ། །ལག་ཉར་བླངས་པ་ལ་སོགས་པའི་རྫས་ལྟོས་པ་མེད་པར་བཏང་བ་ལ་ཡང་ལྟོས་པ་དང་བཅས་པ་ཉིད་ཡིན་ན་དེ་བྱིན་ལེན་

Vol. 153 · folio 153b

བྱས་ཏེ་ཟོས་པ་ལ་ཉེས་བྱས་སོ། །བཟའ་བ་དང་བཅའ་བ་གསོག་འཇོག་མ་བྱས་པ་ལ་དགེ་སློང་གིས་གསོག་འཇོག་བྱས་པར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བས་ཟོས་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་

ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་འཚོ་བའི་བར་དུ་བཅང་བ་བྱིན་གྱིས་བརླབས་པ་རྣམས་ནི་དུས་ཐམས་ཅད་དུ་ཟ་བ་ལ་ཉེས་པ་མེད་དོ། །འཚོ་བའི་བར་དུ་བཅང་བ་བྱིན་གྱིས་མ་བརླབས་པ་རྣམས་ནི་སྔ་དྲོ་བ་དང་ཕྱི་དྲོ་བའི་དུས་

ཀྱིས་ཕྱིར་བསྡུས་པ་ཡིན་ནོ། །འཚོ་བའི་བར་དུ་བཅང་བ་ནི། རྩ་བ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་། ཚི་བ་དང་། འགྱུར་བྱེད་དང་། ལན་ཚྭ་དང་། སྨན་ཁུ་དང་། དུག་སྨན་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པ་མ་ཡིན་པ་དག་གོ། །དེ་ལ་རྩ་བ་ནི་གླ་སྒང་དང་། ཤུ་དག་

དང་། ཡུང་བ་དང་། སྒེའུ་གཤེར་དང་། བོང་ང་དཀར་པོ་ལ་སོགས་པ་དག་གོ། །སྡོང་བུ་ནི་ཙན་དན་དང་། སྦྱི་མོ་དང་། ཤུག་པ་དང་། སླེ་ཏྲེས་དང་། ཐང་ཤིང་དང་། སྐྱེར་པ་ལ་སོགས་པ་དག་གོ། །འདབ་མ་ནི་བ་ཤ་ཀ་དང་། ཀོ་ཤ་ཏི་ཀ་དང་། པ་ཏོ་ལ་དང་། ནིམ་པ་དང་། སཔྟ་པརྞའི་འདབ་མ་ལ་སོགས་པ་དག་གོ། །

མེ་ཏོག་ནི་བ་ཤ་ཀ་དང་། ནིམ་པ་དང་། དྷ་ཏ་ཀི་དང་། ཀླུ་ཤིང་དང་། པད་མའི་ཟེ་བ་ལ་སོགས་པ་དག་གོ། །འབྲས་བུ་ནི་ཨ་རུ་ར་དང་། སྐྱུ་རུ་ར་དང་། བ་རུ་ར་དང་། ནེ་ལ་ཤམ་དང་། པི་པི་ལིང་ལ་སོགས་པ་དག་གོ། །ཚི་བ་ནི་ཤིང་ཀུན་དང་། སྲ་རྩི་དང་། རྒྱ་སྐྱེགས་དང་། སྤྲ་ཚིལ་དང་། ཤིང་མ་ཞོ་ལ་

སོགས་པ་དག་གོ། །འགྱུར་བྱེད་ནི་ཏིལ་གྱི་དང་། རྒྱ་སྐྱེགས་ཤིང་གི་དང་། ས་ཚུར་གྱི་དང་། ནས་ཀྱི་དང་། ནས་ཀྱི་གྲ་མའི་དང་། བ་ཤ་ཀའི་དང་། ཐལ་བའི་འགྱུར་བྱེད་ལ་སོགས་པ་དག་གོ། །ལན་ཚྭ་ནི་རྒྱམ་ཚ་དང་། ཁ་རུ་ཚ་དང་། ཚད་མར་དང་། རྒྱ་མཚོའི་ཚ་དང་། བ་ཚ་ལ་སོགས་པ་དག་གོ། །སྨན་

ཁུ་ནི་ཤིང་ཨ་མྲ་དང་། ནིམ་པ་དང་། ཀོ་ཤམ་པ་དང་། ཤི་རི་ཤ་དང་། འཛམ་བུ་ལ་སོགས་པའི་སྨན་ཁུ་དག་གོ། །དུག་སྨན་ནི་ནུ་ཞོས་འཚོ་བའི་བེའུའི་ལྕི་བ་དང་། གཅིན་དང་། ཤིང་ཀཉྩ་དང་། ཀ་པི་ཏ་ལ་དང་། ཨ་ཤྭད་ཐ་དང་། ཨུ་དུམ་བཱ་ར་དང་། ནྱ་གྲོ་དྷ་ལ་སོགས་པའི་ཐལ་བ་དང་།

Vol. 153 · folio 154a

ས་གཞི་སོར་བཞིའི་འོག་ནས་བརྐོས་པའི་ས་དག་གོ། །འཚོ་བའི་བར་དུ་བཅང་བའི་སྨན་བྱིན་གྱིས་བརླབས་པའི་ཆོ་ག་དང་སྔགས་ནི་འདི་ཡིན་ཏེ། འཚོ་བའི་བར་དུ་བཅང་བའི་སྨན་དེ་དག་གང་ཟག་བསྙེན་པར་མ་རྫོགས་པ་མཁས་པ་གང་ཡང་རུང་བས་རུང་བའི་ས་གཞིར་བཤམས་

ཤིང་བསྡོགས་ནས་བཟའ་བར་བྱ་བ་རུང་བ་མ་ཡིན་པ་ལག་ཉར་བླངས་པ་དང་། ནང་དུ་བཙོས་པ་དང་། ནང་དུ་ཞག་ལོན་པ་དང་། དགེ་སློང་གིས་བཙོས་པ་ལ་སོགས་པ་དང་མ་འདྲེས་པར་བྱས་ལ་དགེ་སློང་ནད་པས་ཀྱང་སྔ་དྲོ་ལག་པ་བསྙལ་ཏེ་བྱིན་ལེན་བྱས་ལ། དགེ་སློང་བསྙེན་པར་རྫོགས་པ་རང་བཞིན་

དུ་གནས་པ་ལྟ་བ་དང་མཚན་མཐུན་པ་མཚམས་ཀྱི་ནང་ན་གནས་པ་ཅིག་གི་མདུན་དུ་ཙོག་པུར་འདུག་སྟེ་གཉི་གས་ལྷུང་བཟེད་དམ་སྨན་སྣོད་ལག་མཐིལ་གཡོན་པར་གཞག་སྟེ། གཡས་པས་སྟེང་ནས་བཀབ་ནས་ནད་པས་འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། །བདག་

དགེ་སློང་མིང་འདི་ཞེས་བགྱི་བའི་སྨན་འཚོ་བའི་བར་དུ་བཅང་བ་འདི་དག་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིར་བགྱིད་པར་འཚོ་བའི་བར་དུ་བཅང་བར་བྱིན་གྱིས་བརླབ་བོ། །ལན་གསུམ་བཟླས། དེའི་རྗེས་ལ་ཉན་པས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ། ནད་པས་ཀྱང་ལེགས་སོ་ཞེས་

བརྗོད་པར་བྱའོ། །དེ་ཕྱིན་ཆད་བདག་ཉིད་ཇི་སྲིད་འཚོ་བའི་བར་དུ་འམ་སྨན་དེ་དག་ཇི་སྲིད་མ་ཟད་ཀྱི་བར་དུ་བྱིན་ལེན་མ་ཞིག་པར་བགྱིས་ཏེ། རང་གིས་བསྟེན་ཞིང་བཟའ་བར་བྱའོ། །དགེ་སློང་མི་ན་བས་ནི་འཚོ་བའི་བར་དུ་བཅང་བའི་སྨན་བྱིན་གྱིས་བརླབ་ཏུ་ཡང་མི་རུང་ལ། གཞན་གྱིས་བྱིན་གྱིས་བརླབས་པ་ཡང་

བཟའ་བར་ཡང་མི་རུང་ངོ་། །སོས་པ་ཉིད་ན་དེ་དག་ནད་པའི་ཕྱིར་སློང་ན་སྦྱིན་ནོ། །སློང་བ་མེད་ན་དགེ་འདུན་གྱི་སྨན་ཁང་དུ་གཞག་པར་བྱའོ། །བདག་པོ་དག་གི་གནས་འདིར་དགེ་སློང་སུ་ཡང་གནས་པར་མི་བྱའོ་ཞེས་གཙུག་ལག་ཁང་གི་ཕྱོགས་ཀྱི་གནས་འགའ་ཞིག་སྤངས་པ་ནི་དགེ་སློང་གི་གནས་ཉིད་མ་ཡིན་པ་དེར་

ཞག་ལོན་པ་དང་བཙོས་པ་ལ་ནང་དུ་ཞག་ལོན་པ་དང་། ནང་དུ་བཙོས་པའི་ཉེས་པ་མེད་དོ། །གཙུག་ལག་ཁང་སྟོང་པར་དགེ་སློང་ཞིག་ཞག་འགའ་ཙམ་གནས་འཆའ་བར་བྱེད་ན་ཡང་དགེ་སློང་གི་གནས་ཉིད་ཡིན་པ་ལས་དགེ་སློང་དེ་དེ་ནས་སོང་ན་ནི་དགེ་སློང་གི་གནས་ཉིད་མ་ཡིན་པས་དེར་ཞག་ལོན་པ་དང་

Vol. 153 · folio 154b

བཙོས་པ་ལ་ནང་དུ་ཞག་ལོན་པ་དང་། ནང་དུ་བཙོས་པའི་ཉེས་པ་མེད་དོ། །སྦྱིན་བདག་གིས་རུང་བ་མ་ཡིན་པའི་གཞིར་ཞག་ཏུ་བཞག་པ་དང་། བཙོས་པ་འབུལ་བར་བྱེད་པ་ལ་ནི་ཉེས་པ་མེད་དོ། །ས་བོན་མཚམས་ཀྱི་ནང་དུ་ཞག་ལོན་པ་དང་མཚམས་ཀྱི་ཕྱི་རོལ་དུ་བཏབ་པ་ལས། རྩ་བ་དང་། མྱུ་གུ་

དང་། འབྲས་བུ་ལ་སོགས་པ་སྐྱེས་པ་གང་ཡིན་པ་དེ་ནི་ནང་དུ་ཞག་ལོན་པ་ཉིད་མ་ཡིན་ཞིང་། དེ་དེར་བཙོས་ན་ཡང་ནང་དུ་བཙོས་པ་ཉིད་མ་ཡིན་པས་དེ་ལ་ཉེས་པ་མེད་དོ། །འཚོད་པར་བྱེད་པའི་མེ་མཚམས་ཀྱི་ནང་རོལ་ན་འདུག་པ་ཉིད་ཀྱིས་བཙོ་བར་བྱ་བའི་རྫས་མཚམས་ཀྱི་ཕྱི་རོལ་ན་འདུག་པ་འཚེད་པར་བྱེད་པ་

ནི་ནང་དུ་བཙོས་པ་ཉིད་མ་ཡིན་པས་དེ་ལ་ཉེས་པ་མེད་དོ། །མེ་ལྕེ་ནི་ནམ་མཁའ་དང་འདྲ་བ་ཉིད་ཡིན་པས་མཚམས་ཀྱི་ནང་ན་འབར་བའི་མེ་ལྕེ་ལ་བསྲེག་པ་ནི་ནང་དུ་བཙོས་པ་ཉིད་མ་ཡིན་པས་དེ་ལ་ཉེས་པ་མེད་དོ། །མཚམས་ཀྱི་ནང་ན་འདུག་པའི་མེ་ལྕེ་ལས་འགའ་ཞིག་གིས་བོང་བ་ལ་སོགས་པ་དག་གིས་མེ་

ཕྱིར་བྱུང་བ་དང་། རླུང་ལ་སོགས་པའི་དབང་གིས་མེ་རང་བྱུང་བ་དག་ནི་མཚམས་ཀྱི་ནང་གི་དེའི་ངོ་བོ་ཉིད་ཀྱང་མ་ཡིན་ལ། ས་དེར་གཏོགས་པ་ཉིད་ཀྱང་མ་ཡིན་པས་མེ་དེ་དག་གིས་བཙོས་པ་ལ་ཉེས་པ་མེད་དོ། །གཞན་གནས་པ་ཉིད་ནི་གཞན་གྱི་གནས་ཉིད་མ་ཡིན་པས་གནས་གཅིག་ན་ཁྱིམ་པ་དང་དགེ་སློང་གཉི་ག་གནས་

ན་དེ་དགེ་སློང་གི་གནས་ཉིད་མ་ཡིན་པས་དེར་ཞག་ལོན་པ་དང་བཙོས་པ་ལ་ཉེས་པ་མེད་དོ། །གནས་གཅིག་ན་ཁྱིམ་པ་དང་དགེ་སློང་གཉི་ག་གནས་པ་ལས་ཁྱིམ་པ་མེད་ཀྱང་ཁྱིམ་པའི་རྫས་ཡོད་ན་དགེ་སློང་གི་གནས་ཉིད་མ་ཡིན་པས་དེར་ཞག་ལོན་པ་དང་བཙོས་པ་ལ་ཉེས་པ་མེད་དོ། །དགེ་ཚུལ་རྣམས་ཀྱི་གང་ཟག་གི་

གནས་དང་། དགེ་ཚུལ་གྱི་ཚོགས་སྤྱིར་དབང་བའི་གནས་དེ་ནི་དགེ་སློང་གི་གནས་ཉིད་མ་ཡིན་པས་དེར་ཞག་ལོན་པ་དང་བཙོས་པ་ལ་ཉེས་པ་མེད་དོ། །ལག་ཉར་བླངས་པ་དང་ནང་དུ་ཞག་ལོན་པ་དང་། ནང་དུ་བཙོས་པ་དང་། དགེ་སློང་གིས་བཙོས་པ་དེ་དག་མུ་གེ་བྱུང་བ་ལ་སོགས་པའི་དུས་སུ་སྔ་དྲོའི་ཟས་སྔ་དྲོ་དེ་ལ་

ལག་ཉར་བླངས་པ་ལ་སོགས་པ་སྔ་དྲོ་དེ་ཉིད་ལ་ཟ་བ་དང་། ཕྱི་དྲོའི་ཟས་ཕྱི་དྲོ་དེ་ལ་ལག་ཉར་བླངས་པ་ལ་སོགས་པ་ཡང་ཕྱི་དྲོ་དེ་ཉིད་ཐུན་ཚོད་ཀྱི་མཐའ་ཚུད་ཆད་དུ་ཟ་བ་ལ་ཉེས་པ་མེད་དོ། །ཁ་དྲི་མ་ཅན་གྱིས་བཟའ་བ་དང་བཏུང་བ་དག་ཟོས་སམ་འཐུངས་ན་ཉེས་བྱས་སུ་གསུངས་པས། ཁ་བཀྲུ་སྟེ་བཟའ་

Vol. 153 · folio 155a

བར་བྱ་བ་རུང་བ་དག་ཟོས་པ་དང་འཐུངས་པ་ལ་ནི་ལྟུང་བ་མེད་དོ། །ཅི་ཙམ་གྱིས་ན་ཁ་དག་པ་ཡིན་ཞེ་ན་ཁའི་ཕྱི་རོལ་མཆུ་གཉིས་ནི་ལྕི་བའམ་སས་ཀུན་ནས་བཀྲུས་ཏེ་ཆུས་བཤལ་ན་དག་པ་ཡིན་ནོ། །ཁའི་ནང་ན་ཆུ་མཁུར་བ་དོ་འམ་གསུམ་གྱིས་བཤལ་ན་དག་པ་ཡིན་ནོ། །ལྷུང་བཟེད་

ནི་བསམ་པ་དག་པས་ལན་གཉིས་སམ་གསུམ་བཀྲུ་བཤལ་བྱས་ན་སྒྲ་མི་སྙན་ཀྱང་དག་པ་ཉིད་ཡིན་ནོ། །ལྷུང་བཟེད་ཀྱི་རྩི་ལངས་པས་འབགས་པ་ལ་ཉེས་པ་མེད་དོ། །ལྷུང་བཟེད་བཟའ་བར་བྱ་བ་ལ་རེག་ཀྱང་འབགས་པ་མེད་ན་དེ་ལ་ཡང་ཉེས་པ་མེད་དོ། །ལྷུང་བཟེད་འདག་རྫས་སམ་ལྕི་བའམ་ས་གང་

ཡང་རུང་བས་ལན་གསུམ་བཀྲུས་པ་ལ་སྣུམ་པ་ཉིད་ཡོད་པ་ལ་ཉེས་པ་མེད་དོ། །ལྷུང་བཟེད་དག་པར་བྱས་པ་ལ་སྣུམ་བག་གམ་ཚོན་རྩིའི་བག་ལངས་པར་གྱུར་ན་སྟེང་གི་སྣུམ་བག་ལ་སོགས་པ་བསལ་ཏེ་སྤྱད་པ་ལ་ཉེས་པ་མེད་དོ། །ལྷུང་བཟེད་ཀྱི་ཕྱོགས་ཟས་ལ་སོགས་པས་འབགས་པའི་ཕྱོགས་དེ་ཉི་ཚེ་

བཀྲུས་ནས་སྤྱད་པ་ལ་ཉེས་པ་མེད་དོ། །ལན་ཚྭ་ཚ་ཆུར་གྱུར་པ་དང་། འགྱུར་བྱེད་འགྱུར་བྱེད་ཀྱི་ཆུར་གྱུར་པ་དང་། རྙོག་པ་རྙོག་ཆུར་གྱུར་པ་དེ་ནད་པ་དང་། ནད་པ་མ་ཡིན་པ་ཐམས་ཅད་ལ་དུས་མ་ཡིན་པར་བྱིན་ལེན་བྱས་ན་མ་བཙགས་པར་འཐུངས་པ་ལ་ལྟུང་བ་མེད་དོ། །ལན་ཚྭ་དང་འགྱུར་བྱེད་རང་གི་བྱ་བ་མི་

བྱེད་པ་དག་ལ་ནི་གསོག་འཇོག་བྱས་པའམ་བྱིན་ལེན་མ་བྱས་པར་སྤྱད་པ་ལ་ལྟུང་བ་མེད་དོ། །ཁྲོན་པ་ལ་སོགས་པའི་འབྱུང་ཁུང་དག་ཏུ་ཟས་ལ་སོགས་པ་བཏབ་པ་མི་མངོན་པ་ནི་ཡོད་པའི་གྲངས་ཉིད་མ་ཡིན་པས་དེ་བསྩལ་ཏེ་འཐུངས་པ་ལ་ལྟུང་བ་མེད་དོ། །ཟས་ཀྱི་ཕྱོགས་གཅིག་ཏུ་རུང་བ་མ་ཡིན་པའམ། བྱིན་

ལེན་མ་བྱས་པས་འདྲེན་པར་གྱུར་ན་ཕྱོགས་དེ་ཉི་ཚེ་བསལ་བར་བྱ་བ་ཉིད་ཡིན་གྱི་ལྷག་མ་གཞན་ཟོས་པ་ལ་ལྟུང་བ་མེད་དོ། །ཁྭའི་མཆུས་རེག་པ་ཉིད་ལ་ནི་ཕྱོགས་དེ་ཉིད་དང་། དེའི་ཐན་འཁོར་ཡང་བསྩལ་བར་བྱ་བ་ཉིད་ཡིན་ནོ། །རིང་བ་ལ་སོགས་པ་དང་འབྲེལ་པའི་འོ་མ་ལ་སོགས་པའི་རྒྱུན་གྱིས་ལྷུང་བཟེད་ལ་

རེག་པ་ནི་དེ་ལ་རེག་པ་ཉིད་མ་ཡིན་ནོ། །ནོར་བ་དང་བརྗེད་པས་རེག་པ་དང་། དེ་གཉིས་ཀྱི་སྤོས་པ་ཕྱིར་གཞག་པའི་ཆེད་དུ་གནས་ཀྱི་ཐག་ཤིན་ཏུ་ཉེ་བར་ཁྱེར་བ་ནི་ལག་ཉར་བླངས་པ་ཉིད་མ་ཡིན་ནོ། །གཡེལ་བས་ལག་ཉར་བླངས་པ་ཉིད་དང་། བྱིན་ལེན་བླངས་པ་ཉིད་ནི་དེ་གཉི་ག་མ་ཡིན་ནོ། །བྱིན་ལེན་སྟོབས་

Vol. 153 · folio 155b

པའི་གང་ཟག་གིས་བཟའ་བར་བྱ་བ་འཛིན་གྱི་བར་དུ་མ་བྲལ་བ་ལ་ཡང་ལག་ཉར་བླངས་པ་དང་བྱིན་ལེན་བྱས་པ་ཉིད་མེད་དོ། །བྱིན་ལེན་སྟོབས་པ་དེས་གཟུང་བའི་ཐག་པ་ལ་སོགས་པ་དང་། ཟས་སུ་འབྲེལ་པ་ཉིད་ལ་ཡང་ལག་ཉར་བླངས་པ་བྱིན་ལེན་བྱས་པ་ཉིད་མེད་དོ། །སྡོམ་པ་མཆོག་མ་ཡིན་པ་དང་ལྡན་

པའི་དགེ་སློབ་མ་དང་། སྡོམ་པ་མཆོག་དང་ལྡན་པའི་དགེ་སློང་མ་དང་། བསླབ་པ་བྱིན་པ་མོར་ནི་གསོག་འཇོག་བྱས་པ་དང་། བྱིན་ལེན་བྱས་པ་དང་། ལག་ཉར་བླངས་པ་དག་གཅིག་པ་ཉིད་མ་ཡིན་ནོ། །སྐྱེས་པ་དང་བུད་མེད་དག་ནི་ཕན་ཚུན་ཁྱིམ་པ་དང་འདྲ་སྟེ། དཔེར་ན་ཁྱིམ་པས་གསོག་འཇོག་བྱས་པ་

དང་། བྱིན་ལེན་བྱས་པ་དང་། ལག་ཉར་བླངས་པ་དག་དགེ་སློང་གི་ཡང་མ་ཡིན་པ་དང་། དགེ་སློང་མའི་ཡང་མ་ཡིན། བསླབ་པ་བྱིན་པའི་ཡང་མ་ཡིན། དགེ་སློབ་མའི་ཡང་མ་ཡིན་པ་དེ་བཞིན་དུ་དགེ་སློང་མ་དང་། བསླབ་པ་བྱིན་པ་དང་དགེ་སློང་མ་མཚན་མི་མཐུན་པ་དག་གིས་གསོག་འཇོག་བྱས་པ་དང་།

བྱིན་ལེན་བྱས་པ་དང་། ལག་ཉར་བླངས་པ་དག་ཀྱང་གཅིག་པ་ཉིད་མ་ཡིན་ནོ། །དགེ་སློང་དབང་བའི་བཟའ་བར་བྱ་བ་ལ་དགེ་ཚུལ་དག་གིས་རེག་པ་ལ་ལག་ཉར་བླངས་པ་ལ་སོགས་པའི་ཉེས་པ་མེད་དོ། །དགེ་ཚུལ་དབང་བའི་བཟའ་བར་བྱ་བ་ལ་དགེ་སློང་དག་གིས་རེག་པ་ལ་ལག་ཉར་བླངས་པ་ལ་སོགས་

པའི་ཉེས་པ་མེད་དོ། །དགེ་སློང་མ་དང་དགེ་ཚུལ་མ་ལ་ཡང་དེ་བཞིན་ནོ། །དགེ་ཚུལ་དབང་བ་གང་ཡིན་པ་དེ་དགེ་སློང་གིས་སྦེད་པར་བྱེད་དུ་ཟིན་ཀྱང་དེས་དགེ་སློང་དེ་ཉིད་དང་། དགེ་སློང་གཞན་དག་ལ་ཡང་རུང་བ་མ་ཡིན་པ་ཉིད་ཀྱི་ཉེས་པ་མེད་དོ། །དགེ་ཚུལ་མ་དང་དགེ་སློང་མ་ལ་ཡང་དེ་བཞིན་ནོ། །གསོག་འཇོག་

བྱས་པ་དང་། ལག་ཉར་བླངས་པ་དང་། ནང་དུ་ཞག་ལོན་པ་དང་། ནང་དུ་བཙོས་པ་དང་། དགེ་སློང་གིས་བཙོས་པ་ལ་སོགས་པ་དག་བསམ་པ་ཐག་པ་ནས་ཚིག་བཞིན་བྱེད་པ་གཞན་ལ་བཏང་ན་རུང་བ་མ་ཡིན་པ་ཉིད་དང་བྲལ་བར་འགྱུར་བས་དེ་དག་མ་བླངས་པར་གཞན་གྱིས་ཕྱིར་བྱིན་ཏེ་ཟོས་པ་ལ་ཉེས་པ་མེད་

དོ། །ཞིང་བ་དག་ལས་འབྲས་ལ་སོགས་པའི་ཐོག་ཤས་མནོད་པའི་ཕྱིར་དེ་ལ་དགེ་སློང་གིས་རེག་པ་དང་འབྲས་ལ་སོགས་པ་མནོས་པ་དག་བང་བ་ལ་སོགས་པ་བྲུབ་པའི་ཕྱིར་དགེ་སློང་གིས་རེག་པ་ལ་ཆུད་ཟ་བའི་རྐྱེན་དག་ཉེ་བར་གྱུར་པའམ་བསྙེན་པར་མ་རྫོགས་པ་དག་མེད་དམ། འདྲུབ་པར་བྱེད་པ་གཞན་

Vol. 153 · folio 156a

དག་མེད་པ་ལ་སོགས་པའི་རྐྱེན་དེ་ལྟ་བུ་དག་ཡོད་ན་དེ་དེ་དག་ལ་དགེ་སློང་གིས་རེག་པ་ལ་ལག་ཉར་བླངས་པའི་ཉེས་པ་མེད་དོ། །བཟའ་བར་བྱ་བ་བཀལ་བའི་ཤིང་རྟ་ལ་ཡང་གལ་ཏེ་རྐྱེན་དེ་ལྟ་བུ་དག་ཡོད་པར་གྱུར་ན་དེའི་ཚེ་ཁ་ལོ་པའི་སྟན་འབའ་ཞིག་མ་གཏོགས་པ་ཉིད་ཀྱི་ཤིང་རྟ་ལ་དགེ་སློང་

གིས་རེག་པ་ལ་ལག་ཉར་བླངས་པའི་ཉེས་པ་མེད་དོ། །གལ་ཏེ་རྐྱེན་དེ་ལྟ་བུ་དག་ཡོད་ན་འབྲས་ལ་སོགས་པས་གང་བའི་ཤིང་རྟའི་ཁ་ལོ་པའི་སྟན་མ་གཏོགས་པ་ཉིད་ཀྱི་ཤིང་རྟ་ལ་དགེ་སློང་གིས་རེག་པ་ལ་ཡང་ལག་ཉར་བླངས་པའི་ཉེས་པ་མེད་དོ། །རྐྱེན་དེ་ལྟ་བུ་ཡོད་པར་གྱུར་ན་བཟའ་བར་བྱ་བ་བཅུག་པའི་གྲུ་

དང་། འབྲས་ལ་སོགས་པས་གང་བའི་གྲུ་དང་། གྲུར་ནད་པ་དང་། མི་ན་བ་ཞུགས་པ་ལ་ཡང་རུ་སྐྱ་མ་གཏོགས་པ་ཉིད་ཀྱི་གྲུ་ལ་དགེ་སློང་གིས་རེག་པ་ལག་ཉར་བླངས་པའི་ཉེས་པ་མེད་དོ། །རུ་སྐྱ་འཛིན་པའི་སྟན་ཡང་དེ་བཞིན་ནོ། །དགེ་འདུན་དང་གང་ཟག་གིས་བཟའ་བ་ལ་སོགས་པ་སྨན་དག་ཐབ་ཏུ་སྐོལ་

པའི་ཚེ་ལུད་པ་ན། དང་པོར་ཤིང་དབྲི་བ་དང་། མེ་བསད་པ་དང་། གོས་ཀྱི་ཐུ་བ་ལ་སོགས་པས་རླུང་གཡབ་པས་འབད་པར་བྱ་བའི་ཐབས་ཀྱིས་ཞི་བར་མ་གྱུར་ན་དེའི་ཚེ་དགེ་སློང་གིས་བསྐྱམ་པ་དང་། དབྱུང་བ་དང་། གཟར་བུའི་ལས་དང་། དབོག་པ་དག་ལ་ལག་ཉར་བླངས་པའི་ཉེས་པ་མེད་དོ། །དགེ་སློང་ཆུ་ཀླུང་རྒལ་

བའི་ཕྱིར་རམ་ལམ་བརྒྱགས་ཁྱེར་བའི་ཁུར་ཙ་བ་བསྙག་པའི་ཕྱིར་ཆོག་མ་འབྱོར་ཏམ། ལམ་བརྒྱགས་གཞན་མེད་ན་ལག་ཉར་བླངས་པའི་ལམ་བརྒྱགས་བཟར་རུང་སྟེ་དེ་ལ་ཉེས་པ་མེད་དོ། །དགེ་སློང་ལམ་དུ་ཞུགས་པས་ལམ་བརྒྱགས་ཁྱེར་བའི་ཁུར་ཙ་བ་མེད་ན་སྦྱིན་བདག་སྤྲོ་བར་བྱའོ། །ཁྱེར་བ་མེད་ན་རང་གིས་

བསྐུར་རོ། །རང་གིས་ཁྱེར་བའི་ལམ་བརྒྱགས་དེ་ཉིད་ལས་གཞན་ལ་སྦྱིན་པས་ལམ་བརྒྱགས་བརྗེ་ཞིང་བཟའ་བར་བྱའོ། །དེ་ཡང་མ་གྲུབ་ན་དེ་བཟའ་བར་བྱ་བ་ཉིད་དོ། །བྱིན་ལེན་སྟོབས་པ་མེད་ན་བྱིན་ལེན་མ་བྱས་པ་རང་གིས་ཁྱེར་བ་དེ་འམ། གཞན་ཡང་བཟའ་བར་བྱ་བ་ཉིད་ཡིན་ཏེ། རང་གིས་ཁྱེར་བ་དང་། བྱིན་ལེན་

མ་བྱས་པ་དེ་གཉིས་བཟའ་བ་ཡང་དགེ་སློང་གང་གིས་སྔར་ཉིན་གཅིག་ཟན་བཅད་པ་བྱས་པ་དེས་བཟའ་བར་བྱ་བ་ཉིད་ཡིན་ཏེ། དེ་བཟའ་བའི་ཚད་ནི་ཉི་མ་དང་པོ་ལ་སྤར་གང་ངོ་། །ཉི་མ་གཉིས་པ་ལ་སྤར་བ་དོའོ། །ཉི་མ་གསུམ་པ་ལ་ནི་ཇི་ཙམ་གྱིས་ཆོག་པ་བཟའ་བར་བྱ་བ་ཉིད་དེ། དེ་ལ་ཉེས་པ་མེད་དོ། །

Vol. 153 · folio 156b

དགེ་སློང་ཟན་མེད་པ་ཤིན་ཏུ་བཀྲེས་པ་ཉིད་ཡིན་ན་ཤིང་ཐོག་དང་། རྩ་བ་རུང་བར་མ་བྱས་པ་དང་། བྱིན་ལེན་མ་བྱས་པ་དང་། ལག་ཉར་བླངས་པ་དག་ཀྱང་དུས་མ་ཡིན་པར་ཡང་བཟའ་བར་བྱ་བ་ཉིད་ཡིན་ལ། རང་གིས་ཀྱང་བཏོགས་པ་ཉིད་དང་། དབྱུང་བ་ཉིད་དང་། བཙོ་བ་བསྒྲུབ་པར་བྱ་བ་ཉིད་

ཀྱང་བྱར་རུང་ལ། གཞན་བྱེད་དུ་གཞུག་ཏུ་ཡང་རུང་སྟེ། དེ་ལ་ཉེས་པ་མེད་དོ། །དགེ་སློང་ཟན་མེད་པ་ཤིན་ཏུ་བཀྲེས་པ་ཉིད་དེས་བྱིན་ལེན་མ་བསྟབས་པ་དང་། རུང་བར་མ་བྱས་པ་དང་། དུས་མ་ཡིན་པར་ཟ་བ་ལ་སོགས་པ་རུང་བར་བྱ་བ་དག་ལ་རྩོམ་འདོད་པ་ན་བྱང་གི་སྒྲ་མི་སྙན་ན་གྲགས་པའི་ཡིད་ལ་

བྱེད་པ་བྱས་པ་ལ་ཉེས་པ་མེད་དོ། །འདབ་མ་དག་སྣོད་ཉིད་དུ་སྤྱོད་པ་ན་བྱིན་ལེན་མ་བྱས་པ་ཉིད་ལ་ཉེས་པ་མེད་དོ། །སྣོད་ཉིད་དུ་སྤྱོད་པ་འདི་ལ་འདབ་མ་དག་ཤིང་ལྗོན་པ་ལ་སོགས་པ་དག་ལས་བརྔས་པ་དང་མ་བརྔས་པ་དག་ནི་བྱིན་ལེན་བསྟབས་པ་ཉིད་ཀྱི་ཕྱིར་ཁྱད་པར་མེད་དོ། །འདབ་མ་བརྔས་པ་དག་ཡོད་ན་

དེ་ཉིད་སྤྱད་དོ། །བརྔས་པ་གཞན་མེད་ན་མ་བརྔས་པ་དག་ཀྱང་སྤྱད་དེ་དེ་ལ་ཉེས་པ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་གསོག་འཇོག་

གི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །བུམ་པ་ལ་སོགས་པ་སྣུམ་ཅན་དག་སྣུམ་མེད་པར་བྱ་བའི་ཕྱིར་ཆུའི་རྫིང་བུ་ཟབ་མོའི་ནང་དུ་ཉ་འམ་རུས་སྦལ་ལམ་སྦལ་བའམ་ཆུ་སྲིན་བྱིས་པ་གསོད་དམ་ཉ་ཁྱི་བ་དག་གིས་མ་ལུས་པར་བལྡགས་ཀྱི་བར་དུ་གཞག་པར་བྱའོ། །བུམ་

པ་ལ་སོགས་པ་སྣུམ་ཅན་དག་ཡང་ན་མེར་བསྲེགས་པས་ཀྱང་སྣུམ་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟར་མ་ལུས་པར་བལྡགས་པ་དང་བསྲེགས་པ་དག་འདག་རྫས་སམ་ལྕི་བས་བཀྲུ་བར་བྱའོ། །ཆུ་རྙོག་པ་ཅན་ནི་གཞན་གྱི་གཟུགས་བརྙན་འབྱུང་གི་བར་དུ་དང་བར་བྱའོ། །ཀ་ཏ་ཀའི་འབྲས་བུས་ཆུ་

ཤིན་ཏུ་དང་བར་འགྱུར་རོ། །འགྱུར་བྱེད་ཀྱིས་ཀྱང་ཆུ་ཤིན་ཏུ་དང་བར་འགྱུར་རོ། །ཟན་གྱིས་ཀྱང་ཆུ་ཤིན་ཏུ་དང་བར་འགྱུར་རོ། །ཟན་དེ་མི་འཇིག་པར་བྱ་བའི་ཕྱིར་སྣུམ་གྱིས་བསྐུའོ། །ལག་ཉར་བླངས་པ་ལ་སོགས་པའི་རྫས་ལྟོས་པ་མེད་པར་བཏང་བ་དེ་བཟའ་བའི་ཕྱིར་བླང་བར་མི་བྱའོ། །ལག་ཉར་

Vol. 153 · folio 157a

བླངས་པ་ལ་སོགས་པའི་རྫས་ལྟོས་པ་མེད་པར་བཏང་བ་དེ་ཤེས་བཞིན་དུ་ཕྱིར་བླང་བར་མི་བྱའོ། །དགེ་སློང་གི་ལམ་བརྒྱགས་ཁྱེར་བའི་ཁུར་ཙ་བ་མེད་ན་སྦྱིན་བདག་གིས་དེ་བསྐུར་བར་སྤྲོ་བར་བྱའོ། །སྦྱིན་བདག་སྤྲོ་བར་བྱ་བར་མ་གྲུབ་སྟེ། ཁྱེར་བ་མེད་ན་རང་གིས་ལམ་བརྒྱགས་

བསྐུར་བར་བྱའོ། །རང་གིས་ཁྱེར་བའི་ལམ་བརྒྱགས་དེ་ཉིད་ལས་གཞན་ལ་སྦྱིན་པས་ལམ་བརྒྱགས་བརྗེ་ཞིང་གཞན་བཟའ་བར་བྱའོ། །དགེ་སློང་ཟན་མེད་པ་ཤིན་ཏུ་བཀྲེས་པ་ཉིད་ན་བྱིན་ལེན་མ་བསྟབས་པ་དང་། དུས་མ་ཡིན་པར་ཟ་བ་ལ་སོགས་པ་རུང་བར་བྱ་བ་དག་ལ་རྩོམ་འདོད་པ་ན་བྱང་གི་སྒྲ་མི་སྙན་

ན་གྲགས་པའི་ཡིད་ལ་བྱེད་པ་བྱའོ། །ལག་པ་བསྙལ་བ་དང་འདབ་མ་དག་ཡོད་ན་སྐྱོགས་ཀྱིས་སྐོམ་མི་བཏུང་ངོ་། །མེད་ན་མ་བསྒྲིབས་པར་མི་བྱའོ། །སྐྱོགས་དེ་ཆུ་དང་བཅས་པ་ཉིད་དམ། ཆུ་མེད་པ་ཉིད་ན་ཡང་ཁ་མ་བཅད་པ་ཉིད་དུ་མི་གཞག་གོ། །དེའི་ཁ་གབ་ནི་རྣམ་པ་གསུམ་སྟེ། ཤིང་ལས་

བྱས་པ་དང་། རྡོ་ལས་བྱས་པ་དང་། ས་ལས་བྱས་པ་སྟེ་དེ་བཅང་ངོ་། །སྐྱོགས་གཞི་ཤིང་ལས་བྱས་པའམ། རྡོ་ལས་བྱས་པ་བཅང་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །གསོག་འཇོག་གི་ལྟུང་བྱེད་དེ་སུམ་ཅུ་བརྒྱད་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་

ཀུན་ལས་བཏུས་པ། བམ་པོ་ཉི་ཤུ་དགུ་པ། བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བཅས་པ་དང་། གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་

སོ། །ཚེ་དང་ལྡན་པ་ནག་པོ་ཆེན་པོ་ནི་ཐམས་ཅད་དུར་ཁྲོད་པ་དང་ལྡན་པ་ཡིན་ཏེ། དེའི་ལྷུང་བཟེད་ཀྱང་དུར་ཁྲོད་པ་ཡིན། ཆོས་གོས་ཀྱང་དུར་ཁྲོད་པ་ཡིན། བསོད་སྙོམས་ཀྱང་དུར་ཁྲོད་པ་ཡིན། གནས་མལ་ཡང་དུར་ཁྲོད་པ་ཡིན་ཏེ། གང་གི་ཚེ་སྐྱེ་བོ་ཕལ་པོ་ཆེ་ལ་མི་ངས་བྱུང་བ་དེའི་ཚེ་ན་ཚེ་

དང་ལྡན་པ་ནག་པོ་ཆེན་པོ་ཚོ་བ་དང་། པགས་པ་དང་། ཤ་དང་ཁྲག་རྒྱས་པར་གྱུར་ཅིང་དེ་ཡང་དང་ཡང་དུ་གྲོང་དུ་བསོད་སྙོམས་ལ་འཇུག་པར་མི་བྱེད་ལ། གང་གི་ཚེ་སྐྱེ་བོ་ཕལ་པོ་ཆེ་ལ་མི་ངས་མ་བྱུང་བ་དེའི་ཚེ་ན་ཚེ་དང་ལྡན་པ་ནག་པོ་ཆེན་པོ་རིང་བ་དང་ཉམ་ཆུང་བ་དང་སྐེམ་པ་དང་སྐམ་པ་དང་།

Vol. 153 · folio 157b

ལུས་མ་ཐོབ་པར་གྱུར་ཅིང་། དེ་ཡང་དང་ཡང་དུ་གྲོང་དུ་བསོད་སྙོམས་ལ་འཇུག་པར་བྱེད་དེ། སྒོ་བས་དེ་མཚན་མར་བཟུང་ནས་འཕགས་པ་ནག་པོ་ཆེན་པོ་འདི་མི་ཤ་མི་ཟའམ་སྙམ་ཞིང་། ཐམས་ཅད་དུ་ཡང་འཕགས་པ་ནག་པོ་ཆེན་པོ་མི་ཤ་ཟ་འོ་ཞེས་སྒྲ་གྲགས་སོ། །མཉན་ཡོད་ན་བྲམ་ཟེ་ཞིག་

འདུག་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེའི་བུ་མོ་ཞིག་བྱུང་ནས་བསྲིང་ཞིང་བསྐྱེད་དེ་ཆེན་མོར་གྱུར་ཏོ། །དུས་གཞན་ཞིག་ན་བྲམ་ཟེ་དེ་དུས་ལ་བབ་ནས་ཉེ་དུ་རྣམས་ཀྱིས་གོས་སྔོན་པོ་དང་།

སེར་པོ་དང་དམར་པོ་དང་དཀར་པོ་དག་གིས་ཁྱོགས་སྤྱིལ་བརྒྱན་ནས་དུར་ཁྲོད་དུ་ཁྱེར་ཏེ་བསྲེགས་ཤིང་དོང་ནས། དེའི་ཆུང་མ་དང་བུ་མོ་གཉིས་མཐའ་གཅིག་ཏུ་དོང་སྟེ་བསྡད་པ་དང་། ཚེ་དང་ལྡན་པ་ནག་པོ་ཆེན་པོ་དེའི་གདོང་དུ་ལྟ་ཞིང་སྡོད་པ་མཐོང་ནས་བུ་མོས་སྨྲས་པ། ཡུམ་འཕགས་པ་ནག་པོ་ཆེན་པོ་

འདི་བྱ་རོག་མོ་ཞར་མ་བཞིན་དུ་ངེས་པར་རྟོག་ཅིང་སྡོད་དོ་ཞེས་ངག་གི་ལས་རྩུབ་པོ་ཡང་སྨྲས་པར་གྱུར་ཏོ། །མཉན་ཡོད་ན་བྲམ་ཟེའི་ཁྱེའུ་དག་གིས་འཕགས་པ་ནག་པོ་ཆེན་པོ་མི་ཤ་ཟའོ་ཞེས་ཐོས་ནས་དེ་དག་གིས་དེ་བགམ་པའི་ཕྱིར་དེའི་ཚེ་གཅིག་ཤི་བའི་ཆ་ལུགས་སུ་བྱས་ནས་ཡུང་དང་འབྲུ་མར་གྱིས་བསྐུས་ཏེ་

ཁྱོགས་སྤྱིལ་དུ་བཞག་ནས་མཉན་ཡོད་ནས་ཕྱིར་དབྱུང་བར་བརྩམས་པ་དང་། ཚེ་དང་ལྡན་པ་ནག་པོ་ཆེན་པོ་ཡང་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ཏེ། དེས་དེ་མཐོང་ནས་བསམས་པ། བདག་དགང་དཀའ་བ་འདིའི་དོན་དུ་གྲོང་དུ་བསོད་སྙོམས་ལ་ཞུགས་ཏེ། ཅི་རུང་ཕྱིར་ལོག་ལ་ཟས་ལྔ་པོ་འདི་དག་ཉིད་

བཟའ་བར་བྱའོ་སྙམ་ནས་དེ་ཕྱིར་ལོག་གོ། །དེ་དག་གིས་དེ་དུར་ཁྲོད་དུ་བོར་ཏེ་མཐའ་གཅིག་ཏུ་དོང་ནས་ཚང་ཚིང་དང་ལྷབ་ལྷུབ་དག་གི་ནང་དུ་མགོ་བཅུམ་སྟེ་བསྡད་དོ། །དེར་ཝ་ཞིག་གིས་བགྲོད་པར་བརྩམས་པ་དང་། ཚེ་དང་ལྡན་པ་ནག་པོ་ཆེན་པོས་བསམས་པ། ཝས་ཟས་ལྔ་པོ་དག་ཟོས་ཤིང་བདག་གི་ཟན་ཆད་

པར་གྱུར་ན་མི་རུང་ངོ་སྙམ་དུ་རིག་ནས་དེས་མྱུར་བ་མྱུར་བར་འགྲོ་བར་བརྩམས་པ་དང་། བྲམ་ཟེའི་ཁྱེའུ་དེ་སྐྲག་སྟེ། ཁོ་བོ་ཟོས་ཁོ་བོ་ཟོས་ཞེས་ངུ་བར་བརྩམས་སོ། །བྲམ་ཟེའི་ཁྱེའུ་དེ་དག་དབྱུག་པ་ཐོགས་ཏེ་མྱུར་བ་མྱུར་བར་དོང་ནས། དེ་དག་གིས་སྨྲས་པ། འཕགས་པ་དྲང་སྲོང་གི་རྒྱལ་མཚན་ཐོགས་ཤིང་

Vol. 153 · folio 158a

སྡིག་པའི་ལས་རྩུབ་མོ་འདི་དང་འདི་ལྟ་བུ་ལྷག་པར་སྤྱོད་དམ། དེས་སྨྲས་པ། ཇི་བྱས། མི་ཤ་ཟའོ། །བཞིན་བཟངས་དག་ཁྱོད་ཀྱིས་ཁོ་བོ་མཚོན་ཐོགས་ཏེ་ཤ་གཅོད་ཅིང་ཟ་བ་མཐོང་ངམ་དེ་དག་གིས་སྨྲས་པ། འོ་ན་ཅིའི་སླད་དུ་མྱུར་བ་ཁོ་ནར་བྱོན། བཞིན་བཟངས་དག་ཁོ་བོ་

ལ་བློ་སྐྱེས་ཏེ། ཝ་འདིས་ཟས་ལྔ་པོ་དག་ཟོས་ཤིང་བདག་གི་ཟན་ཆད་པར་གྱུར་ན་མི་རུང་ངོ་སྙམ་དུ་རིག་ནས་མྱུར་བ་མྱུར་བར་འོངས་སོ། །འཕགས་པ་ཟས་ལྔ་པོ་དག་གསོལ་ལམ། མི་ཤ་གསོལ་ནི་མ་འཚལ་གྱི། འདི་ལྟར་ཐམས་ཅད་དུ་འཕགས་པ་ནག་པོ་ཆེན་པོ་མི་ཤ་གསོལ་ཞེས་ནི་གྲགས་པར་གྱུར་ཏོ་ཞེས་

ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཉེས་དམིགས་གང་ཅུང་ཟད་ཅི་བྱུང་བ་དེ་ནི་དགེ་སློང་དག་བྱིན་ལེན་བྱེད་དུ་མ་བཅུག་པར་ཟ་བ་ལས་གྱུར་པ་ཡིན་པས་དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ། ཟ་ན་དེ་ཉིད་དབང་

པོར་འགྱུར་རོ་སྙམ་དུ་དགོངས་ནས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ལ་བྱིན་ལེན་བྱེད་དུ་བཅུག་སྟེ་བཟའ་བར་བྱའོ། །བྱིན་ལེན་ནི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། ལུས་ཀྱིས་ལུས་སུ་དང་། ལུས་དང་འབྲེལ་པས་ལུས་སུ་དང་། ལུས་ཀྱིས་ལུས་དང་འབྲེལ་པ་དང་། ལུས་དང་འབྲེལ་པས་ལུས་དང་འབྲེལ་པར་

དང་། གཞག་པའི་ཆོ་ག་ཉིད་ནི་ལྔ་པའོ། །རུང་བ་ནི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། མེས་རུང་བ་དང་། མཚོན་གྱིས་རུང་བ་དང་། སེན་མོས་རུང་བ་དང་། རྙིངས་པས་རུང་བ་དང་། ནེ་ཙོས་རྨ་ཕྱུང་བས་རུང་བ་དང་ལྔ་པའོ། །གཞན་ཡང་རུང་བ་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། ཕྱུང་བ་དང་། གཤེགས་པ་དང་

བཅད་པ་དང་། ཕུག་པ་དང་། ས་བོན་གྱི་ཆོས་ཉིད་མེད་པ་ཉིད་ནི་རྣམ་པ་ལྔ་པའོ། །ལག་པ་བཀན་པར་བྱིན་ལེན་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། མན་ཤེལ་དང་། ཁྲི་དང་ཁྲིའུ་དང་། ཐུ་བ་དང་། ལྷུང་བཟེད་ཀྱི་གཞི་འདི་ཉིད་ནི་ལྔ་པའོ། །མེས་རུང་བར་བྱ་བ་ནི་ཕུང་པོར་བྱས་ཏེ། མེས་གནས་གཉིས་སམ་

གསུམ་དུ་རེག་པར་བྱས་ན་ཐམས་ཅད་དུ་རུང་བར་འགྱུར་རོ། །མཚོན་དང་སེན་མོས་ནི་རེ་རེ་ནས་སོ། །ཁྱིམ་པ་རྣམས་མི་སྙོམས་པར་འདྲིམ་ན་དགེ་ཚུལ་དག་འདྲིམ་དུ་གཞུག་པར་བྱའོ། །དེ་དག་ཀྱང་མི་སྙོམས་ན་དགེ་སློང་དག་གིས་ལག་པ་དག་བསྙལ་ཏེ་བྱིན་ལེན་བྱས་ནས་བྲིམ་པར་བྱའོ། །འོན་ཀྱང་མ་

Vol. 153 · folio 158b

སྙོམས་ན་བྲིམ་པར་བྱ་བ་གཅེས་པ་དང་བར་མ་དང་། ཐ་མ་དག་སོ་སོར་བྱའོ། །འདྲིམ་པར་བྱེད་པའི་སྐལ་བ་ནི་མཁན་པོ་དང་སློབ་དཔོན་ནམ། དྲུང་ན་འདུག་པ་དག་གིས་འདྲིམ་དུ་གཞུག་པར་བྱའོ། །སྟན་ལས་མ་འཕགས་པས་ཅི་ཙམ་ནུས་པ་དེ་ཙམ་དག་བྱིན་ལེན་བྱེད་དུ་གཞུག་གོ། །འདྲིལ་བ་དག་སྟན་ལས་

མ་འཕགས་པས་ལེན་ནུས་པ་དག་ནི་བྱིན་ལེན་བྱེད་དུ་གཞུག་མི་དགོས་ལ། མི་ནུས་པ་དག་ནི་ཡང་བྱིན་ལེན་བྱེད་དུ་གཞུག་པར་བྱའོ། །ཁྱིམ་པ་དག་ཀྱང་འདྲིམ་དུ་གཞུག་པར་བྱ་ཞིང་། དགེ་སློང་གིས་དང་པོར་བཟུང་ཞིང་ཁྱིམ་པས་ཕྱིས་བཟུང་བར་བྱའོ། །དགེ་སློང་དག་ལས་བླངས་པ་གང་དག་ཡིན་པ་དེ་དག་

གི་བྱིན་ལེན་ནི་དེ་ཉིད་ལན་ནོ། །ཁྱིམ་པ་དག་ལས་བླངས་པ་གང་དག་ཡིན་པ་དེ་དག་ནི་བྱིན་ལེན་བྱེད་དུ་གཞུག་གོ། །དང་པོ་དགེ་སློང་དག་གིས་གཏང་བར་བྱ་ཞིང་། ཕྱིས་ཁྱིམ་པ་དག་གིས་གཏོང་བར་བྱ་སྟེ། ཕྱི་དེ་ཉིན་པར་དགེ་འདུན་ལ་བྲིམ་པར་བྱའོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་དགེ་འདུན་ལ་ཞུན་མར་གྱི་

བུམ་པ་ལ་སོགས་པ་དག་དབུལ་ན་བླང་བར་བྱ་ཞིང་། བླངས་ནས་དགེ་འདུན་ལ་བྲིམ་པར་བྱའོ། །དེ་དག་གི་ཆོས་གོས་དག་སྣུམ་པར་འགྱུར་བ་ལྟ་ན་བར་དུ་རྩྭ་དང་ལོ་མ་དག་བཅུག་སྟེ་བྲིམ་པར་བྱའོ། །དེ་དག་བཟུང་སྟེ་འགྲེང་བ་ན་ངལ་བར་གྱུར་པ་ལྟ་ན་གཞག་པར་བྱའོ། །གཞག་པ་ན་འདྲིལ་བ་ལྟ་ན་འོག་གཞི་ལ་གཞག་

པར་བྱའོ། །སྣོད་ཕུལ་བ་དག་ཀྱང་བླང་ཞིང་ཆུའི་རྫིང་བུ་ཟབ་མོའི་ནང་དུ་ཞག་བདུན་ནམ་བརྒྱད་གཞུག་པར་བྱ་ཞིང་། གང་གི་ཚེ་ཉ་འམ་རུས་སྦལ་ལམ་སྦལ་པའམ་ཆུ་སྲིན་བྱིས་པ་གསོད་དམ། ཉ་ཁྱི་བ་དག་གིས་མ་ལུས་པར་ལྡགས་པར་གྱུར་བ་དེའི་ཚེ་ན་རུང་བའི་ཁང་པར་བཅུག་སྟེ་སྤྱད་པར་བྱའོ། །རྣམ་པ་ལྔས་

ནི་བྱིན་ལེན་བྱེད་དུ་མ་བཅུག་པར་བརྗོད་པར་བྱ་སྟེ། ལྔ་གང་ཞེ་ན། མཚམས་ཀྱི་ཕྱི་རོལ་ན་འདུག་པ་དང་། མི་འཐོབ་པའི་ཕྱོགས་ནས་དང་། གློ་ནས་དང་། རྒྱབ་ནས་དང་། ལག་པ་ཁས་ཕུབ་པས་བྱིན་ལེན་བྱེད་དུ་འཇུག་པའོ། །རྣམ་པ་ལྔས་ནི་བྱིན་ལེན་བྱེད་དུ་བཅུག་པར་བརྗོད་པར་བྱ་སྟེ། ལྔ་གང་

ཞེ་ན། སྔ་མ་ལས་བཟློག་པ་དག་གིས་སོ། །བཅོམ་ལྡན་འདས་ཀྱིས་བྱིན་ལེན་བྱེད་དུ་བཅུག་སྟེ། བཟའ་བར་བྱའོ་ཞེས་བཀའ་སྩལ་ནས། དྲུག་སྡེ་དག་བྱིན་ལེན་བྱེད་དུ་བཅུག་པ་དང་། བྱིན་ལེན་བྱེད་དུ་མ་བཅུག་པ་ཡང་ཟ་བར་བྱེད་ནས་དགེ་སློང་དོན་ཉུང་ངུ་དག་བཅོམ་ལྡན་འདས་ཀྱིས་བྱིན་ལེན་

Vol. 153 · folio 159a

བྱེད་དུ་བཅུག་སྟེ་བཟའ་བར་བྱའོ་ཞེས་བཀའ་སྩལ་ན། ཅིའི་ཕྱིར་དགེ་སློང་དག་བྱིན་ལན་བྱེད་དུ་བཅུག་པ་དང་། བྱེད་དུ་མ་བཅུག་པར་ཡང་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་

གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་

བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་མ་བྱིན་པར་ཁ་ནས་མིད་པའི་ཟས་ཟ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་

ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་བཀའ་དང་བསླབ་པ་ལ་གཡེལ་བ། ཉེས་པ་ནི་བྱིན་ལེན་བྱེད་དུ་མ་བཅུག་པར་ཟ་བའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དགོན་པ་པ་དགོན་

པ་ན་གནས་པ་རྣམས་ལ་ཆུ་དང་སོ་ཤིང་གི་བྱིན་ལེན་སྟོབས་པ་མེད་ནས་དེ་དག་གིས་དགོན་པའི་གནས་མལ་དག་བོར་ཏེ། གྲོང་མཐའི་གནས་མལ་དག་ཏུ་ཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ་མཛད་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་

རྨས་པ། ཀུན་དགའ་བོ་ཅིའི་ཕྱིར་དགེ་སློང་དགོན་པ་པ་དག་གིས་དགོན་པའི་གནས་མལ་དག་བོར་ཏེ་གྲོང་མཐའི་གནས་མལ་དག་ཏུ་ཞུགས། ཚེ་དང་ལྡན་པ་ཀུན་དགའ་བོས་སྐབས་དེ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཆུ་དང་སོ་ཤིང་མ་གཏོགས་

སོ། །གླང་པོ་ཆེ་ཅང་ཤེས་དང་སྤྲེའུ་ཅང་ཤེས་དང་དོམ་ཅང་ཤེས་དག་ཡོད་ནས་དེ་དག་གིས་དགེ་སློང་རྣམས་ལ་ཤིང་ཐོག་དག་དབུལ་བ་ན་དགེ་སློང་རྣམས་འགྱོད་པས་དེ་དག་མི་ལེན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་ལེན་པ་ཡོད་པ་དེ་ལ་སྟོབས་པ་ཡང་ཡོད་པས། དེ་ལྟ་བས་ན་དེ་

Vol. 153 · folio 159b

དག་གིས་བསྟབས་པ་ནི་བྱིན་ལེན་བྱས་པར་བརྗོད་པར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་

འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་མ་བྱིན་པར་ཁ་ནས་མིད་པའི་ཟས་

ཟ་བ་ན་ཆུ་དང་སོ་ཤིང་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་གནང་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དགེ་སློང་དགོན་པ་པ་དག །ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །མ་བྱིན་པར་ཞེས་བྱ་བ་ནི་དེ་ལ་སྐྱེས་པའམ་

བུད་མེད་དམ་མ་ནིང་གང་གིས་ཀྱང་མ་བྱིན་པར་རོ། །ཁ་ནས་མིད་པའི་ཟས་ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དང་། བཟའ་བ་ལྔ་པོ་དག་གོ། །ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ཆུ་དང་སོ་ཤིང་མ་གཏོགས་ཏེ་ཞེས་བྱ་བ་ནི་ཆུ་དང་སོ་ཤིང་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་

བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་

བྱང་གི་སྒྲ་མི་སྙན་པའི་དུས་དང་ཆུ་དང་སོ་ཤིང་མ་གཏོགས་པའི་བཟའ་བར་བྱ་བ་བྱིན་ལེན་མ་བསྟབས་པ་ཉིད་ལ་དེར་འདུ་ཤེས་པས་ཁར་ཟོས་ན་བྱིན་ལེན་མ་བྱས་པར་ཟོས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་མ་བརླབས་པ་ལ་ན་སྨད་པ་མེད་དོ། །དགེ་སློང་

བྱང་གི་སྒྲ་མི་སྙན་པའི་གླིང་ཉིད་ན་འདུག་པ་དང་། གླིང་དང་གནས་འདི་དང་གཞན་དུ་ཡང་བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་བརླབས་ན་བྱིན་ལེན་མ་བྱས་པར་ཟོས་ཀྱང་ལྟུང་བ་མེད་པས། དེ་མ་གཏོགས་པ་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །ཆུ་དང་སོ་ཤིང་མ་གཏོགས་པའི་བཟའ་བར་བྱ་བ་ལ་

Vol. 153 · folio 160a

ན་སྨད་པ་མེད་དོ། །ཆུ་དང་སོ་ཤིང་ནི་བྱིན་ལེན་མ་བསྟབས་པར་ཟོས་ཀྱང་ལྟུང་བ་མེད་པས། དེ་མ་གཏོགས་པའི་བཟའ་བར་བྱ་བ་ཐམས་ཅད་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །བྱིན་ལེན་མ་བསྟབས་པ་ལ་ན་སྨད་པ་མེད་དོ། །བྱིན་ལེན་གྱི་མཚན་ཉིད་ནི་མངོན་སུམ་

དུ་མཚམས་ཀྱི་ནང་དུ་འཐོབ་པའི་ཕྱོགས་ན་འདུག་པས་ལག་པ་བཀན་པས་ལུས་སམ་དེ་དང་འབྲེལ་པར་གྱེན་དུ་འདེགས་ནུས་པ་བསྙེན་པར་མ་རྫོགས་པ་མི་མ་ཡིན་པ་ལས་ཀྱང་སྦྱིན་པར་འདོད་པས་ཡན་ལག་གིས་སམ། དེ་དང་འབྲེལ་པས་བྱིན་པ་མནོས་པ་ནི་བྱིན་ལེན་ཡིན་ཏེ། དེ་ལྟ་བུར་བྱིན་ལེན་བསྟབས་པ་ལ་

ལྟུང་བ་མེད་པས། དེ་ལྟར་བྱིན་ལེན་མ་བསྟབས་པ་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །དེ་ལ་མངོན་སུམ་དུ་ཞེས་བྱ་བ་ནི་དྲང་ཐད་ནས་བླངས་ན་བྱིན་ལེན་ཡིན་གྱི། གློ་འམ་རྒྱབ་ནས་བླངས་པ་ནི་བྱིན་ལེན་མ་ཡིན་ནོ། །མཚམས་ཀྱི་ནང་དུ་ཞེས་བྱ་བ་ནི་མཚམས་ཀྱི་ནང་ན་གནས་པའི་དགེ་སློང་གིས་བླངས་ན་བྱིན་ལེན་ཡིན་

གྱི། སྒོ་འཕར་ལ་སོགས་པས་བར་དུ་གཅོད་པའི་མཚམས་ཀྱི་ཕྱི་རོལ་ན་གནས་པས་བླངས་པ་ནི་མ་ཡིན་ནོ། །འཐོབ་པའི་ཕྱོགས་ན་འདུག་པ་ཞེས་བྱ་བ་ནི་ཕྱོགས་གང་དུ་བྱིན་ལེན་འཐོབ་པའི་ཕྱོགས་དེ་ན་འདུག་པའི་དགེ་སློང་གིས་བླངས་ན་བྱིན་ལེན་ཡིན་གྱི། ཁང་སྟེངས་ལ་སོགས་པ་ན་འདུག་པ་ལས་འོག་ན་འདུག་

པའི་དགེ་སློང་གིས་བླངས་པ་ནི་མ་ཡིན་ནོ། །ལག་པ་བཀན་པ་ཞེས་བྱ་བ་ནི་དགེ་སློང་ལག་པ་གཉིས་བཀན་པས་དེ་བླངས་ན་བྱིན་ལེན་ཡིན་གྱི། གཞན་གྱིས་ནི་མ་ཡིན་ནོ། །དེ་དག་གི་མཚན་ཉིད་ནི་རྣམ་པ་ལྔས་ནི་བྱིན་ལེན་བྱེད་དུ་མ་བཅུག་པར་བརྗོད་པར་བྱ་སྟེ། ལྔ་གང་ཞེ་ན། མཚམས་ཀྱི་ཕྱི་རོལ་ན་འདུག་པ་དང་། མི་འཐོབ་པའི་

ཕྱོགས་ནས་དང་། གློ་ནས་དང་། རྒྱབ་ནས་དང་། ལག་པ་ཁས་ཕུབ་པས་བྱིན་ལེན་བྱེད་དུ་འཇུག་པའོ། །རྣམ་པ་ལྔས་ནི་བྱིན་ལེན་བྱེད་དུ་བཅུག་པར་བརྗོད་པར་བྱ་སྟེ། ལྔ་གང་ཞེ་ན་སྔ་མ་ལས་བཟློག་པ་དག་གིས་སོ་ཞེས་གསུངས་པ་ཡིན་ནོ། །ལུས་སམ་ཞེས་བྱ་བ་ནི་ལག་པ་ལ་སོགས་པར་མནོས་པའོ། །དེ་དང་འབྲེལ་པར་

ཞེས་བྱ་བ་ནི་ལག་པ་དང་འབྲེལ་པའི་ལྷུང་བཟེད་ལ་སོགས་པས་མནོས་པ་སྟེ། དེ་གཉིས་སུ་མནོས་པ་ནི་བྱིན་ལེན་ཡིན་གྱི། གཞན་གྱིས་མནོས་པ་ནི་མ་ཡིན་ནོ། །གྱེན་དུ་འདེགས་ནུས་པ་ལ་ཞེས་བྱ་བ་ནི་གང་གིས་སྦྱིན་པར་བྱ་བའི་ཟས་དེ་གྱེན་དུ་འདེགས་ནུས་པ་སྟེ། དེ་ལས་མནོས་ན་བྱིན་ལེན་ཡིན་གྱི། དེ་ལས་གཞན་

Vol. 153 · folio 160b

པ་ལས་ནི་མ་ཡིན་ནོ། །བསྙེན་པར་མ་རྫོགས་པ་ལས་ཞེས་བྱ་བ་ནི་བསྙེན་པར་མ་རྫོགས་པ་ལས་མནོས་པ་བྱིན་ལེན་ཡིན་གྱི། དགེ་སློང་ལས་ནི་མ་ཡིན་ནོ། །མི་མ་ཡིན་པ་ལས་ཀྱང་ཞེས་བྱ་བ་ནི་གླང་པོ་ཆེ་ཅང་ཤེས་དང་། རྟ་ཅང་ཤེས་དང་། སྤྲེའུ་ཅང་ཤེས་དང་། དོམ་ཅང་ཤེས་ལ་སོགས་པ་གང་ལ་ལེན་པ་

དང་སྟོབས་པ་ཡོད་པ་དག་ལས་ཀྱང་མནོས་ན་བྱིན་ལེན་ཡིན་པའོ། །སྦྱིན་པར་འདོད་པས་ཞེས་བྱ་བ་ནི་སྦྱིན་པར་འདོད་པས་བྱིན་པ་མནོས་པ་བྱིན་ལེན་ཡིན་གྱི་སྦྱིན་པར་མི་འདོད་པ་དང་། དབང་མེད་པ་ལ་སོགས་པས་བྱིན་པ་ནི་མ་ཡིན་ནོ། །ཡན་ལག་གིས་སམ་ཞེས་བྱ་བ་ནི་ལག་པས་སོ། །དེ་དང་འབྲེལ་པས་བྱིན་པ་ཞེས་བྱ་བ་ནི་ལག་པ་

དང་འབྲེལ་པའི་རིལ་བ་ལ་སོགས་པ་ནས་ཟས་ལ་སོགས་པ་བྱིན་པའོ། །མནོས་པ་ནི་བྱིན་ལེན་ཡིན་ཏེ་ཞེས་བྱ་བ་ནི་དགེ་སློང་ཇི་སྐད་སྨོས་པའི་རྣམ་པ་དེ་ལྟ་བུས་བྱིན་ལེན་སྟོབས་པ་ཇི་སྐད་སྨོས་པའི་རྣམ་པ་དེ་ལྟ་བུ་ལ་སོགས་པ་མནོས་པ་ནི་བྱིན་ལེན་བྱས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །འཐོབ་པའི་ཕྱོགས་ན་གནས་པས་ཞེས་

སྨོས་པའི་ཁྱད་པར་གཞན་བསྟན་པའི་ཕྱིར་སྤྲེའུ་རྣམས་ཀྱི་སྤྱོད་ཡུལ་ནི་ཡལ་ག་དག་ཡིན་པས་ཡལ་ག་དེ་ནས་སྤྲེའུས་བྱིན་ལེན་བསྟབས་པ་ནི་འཐོབ་པའི་ཕྱོགས་ན་གནས་པ་ཉིད་ཡིན་ནོ་ཞེས་གསུངས་སོ། །ལག་པ་བཀན་པས་ཞེས་སྨོས་པའི་ཁྱད་པར་གཞན་བསྟན་པའི་ཕྱིར་ལག་པ་བཀན་པའི་བྱིན་ལེན་རྣམ་པ་ལྔ་སྟེ། ལྔ་

གང་ཞེ་ན། མན་ཤེལ་དང་། ཁྲི་དང་། ཁྲིའུ་དང་། ཐུ་བ་དང་། ལྷུང་བཟེད་ཀྱི་གཞི་ཉིད་ནི་ལྔ་པའོ་ཞེས་གསུངས་སོ། །ལུས་སམ་དེ་དང་འབྲེལ་པར་ཞེས་བྱ་བ་དང་། ཡན་ལག་གིས་སམ། དེ་དང་འབྲེལ་པས་ཞེས་སྨོས་པའི་ཁྱད་པར་གཞན་བསྟན་པའི་ཕྱིར་བྱིན་ལེན་ནི་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། ལུས་

ཀྱིས་ལུས་སུ་དང་། ལུས་དང་འབྲེལ་པས་ལུས་སུ་དང་། ལུས་ཀྱིས་ལུས་དང་འབྲེལ་པ་དང་། ལུས་དང་འབྲེལ་པས་ལུས་དང་འབྲེལ་པ་དང་། གཞག་པའི་ཆོ་ག་ཉིད་ནི་ལྔ་པའོ། །ཇི་ལྟར་ལུས་ཀྱིས་ལུས་སུ་ཞེ་ན། ལུས་ཀྱིས་སྦྱིན་པར་བྱེད་ཅིང་ལུས་སུ་ལེན་པར་བྱེད་པའོ། །ཇི་ལྟར་ལུས་དང་འབྲེལ་པས་ལུས་སུ་ཞེ་ན།

ལྷུང་བཟེད་ཀྱིས་སྦྱིན་པར་བྱེད་ཅིང་ལུས་སུ་ལེན་པར་བྱེད་པའོ། །ཇི་ལྟར་ལུས་ཀྱིས་ལུས་དང་འབྲེལ་པར་ཞེ་ན། ལུས་ཀྱིས་སྦྱིན་པར་བྱེད་ཅིང་ལྷུང་བཟེད་དུ་ལེན་པར་བྱེད་པའོ། །ཇི་ལྟར་ལུས་དང་འབྲེལ་པས་ལུས་དང་འབྲེལ་པར་ཞེ་ན། ལྷུང་བཟེད་ཀྱིས་སྦྱིན་པར་བྱེད་ཅིང་ལྷུང་བཟེད་དུ་ལེན་པར་བྱེད་པའོ། །ཇི་ལྟར་གཞག་

Vol. 153 · folio 161a

པའི་ཆོ་ག་ཉིད་ལྔ་པ་ཡིན་ཞེ་ན། སྨད་པར་བྱ་བའི་ཡུལ་གྱི་མི་དག་ཡོད་དེ། དེ་དག་གི་ཕ་མ་དང་ཕུ་ནུ་དང་བུ་སྲིང་ཡང་སྨད་པར་བྱ་བ་ཉིད་ཡིན་པས་དགེ་སློང་དེར་འགྲོ་བ་དེས་དཀྱིལ་འཁོར་བྱས་ཏེ་འདིར་ཞོག་ཤིག་ཅེས་བརྗོད་པར་བྱ་ཞིང་། དེ་དག་གིས་དེར་གང་གཞག་པ་དེ་ལ་བྱང་གི་སྒྲ་མི་སྙན་གྱི་དུས་

བྱིན་གྱིས་བརླབས་ཏེ་བཟའ་བར་བྱ་ཞིང་དེ་ལ་འགྱོད་པར་མི་བྱའོ་ཞེས་གསུངས་སོ། །ལྷུང་བཟེད་དང་ལྷུང་བཟེད་ཀྱི་གཞི་དག་ནི་འདྲ་བ་ཉིད་དོ། །བྱིན་ལེན་བྱས་པ་ཞིག་པ་ཉིད་ལ་ན་སྨད་པ་མེད་དོ། །བྱིན་ལེན་བྱས་པའི་ཟས་འདྲིལ་ཞིང་གནས་ནས་གུད་དུ་སོང་བ་གང་ཡིན་པ་དེ་ནི་དགེ་སློང་རང་སྟན་ལས་མ་འཕགས་པས་ལེན་ནུས་པ་ཉིད་

ཡིན་ན་བྱིན་ལེན་མ་ཞིག་པ་ཡིན་ལ། གཞན་དུ་ཞིག་པ་ཁོ་ན་ཡིན་ནོ། །སྦྲང་བུ་དང་། གྲོག་སྦུར་དང་། བྱི་ཕྲུག་བྱུང་མ་ཐག་པའི་ཚད་པས་ཀྱང་ཆུང་བའི་སྐྱེ་བོ་ཕྲ་མོ་དག་གིས་རེག་པ་ན་བྱིན་ལེན་མ་ཞིག་པ་ཡིན་ལ། བྱི་བ་དང་བྱི་མངས་ལ་སོགས་པའི་བྱི་བ་དང་། དེ་ཙམ་ཡན་ཆད་ཀྱི་སྲོག་ཆགས་གཞན་གྱིས་རེག་པ་དགེ་སློང་

རང་དང་མ་འབྲེལ་བས་ནི་བྱིན་ལེན་ཞིག་པ་ཁོ་ན་ཡིན་ནོ། །དགེ་སློང་གིས་མ་བཏང་བ་ལ་དགེ་སློང་མ་དང་བསྙེན་པར་མ་རྫོགས་པའི་མི་གཞན་གྱིས་རེག་པས་ནི་བྱིན་ལེན་མ་ཞིག་པ་ཡིན་ལ། དགེ་སློང་གིས་བཏང་བ་ལ་དེ་དག་གིས་རེག་པས་ནི་བྱིན་ལེན་ཞིག་པ་ཁོ་ན་ཡིན་ནོ། །བྱིན་ལེན་བསྟབས་ཟིན་པ་ཁོ་ན་ལ་ཡང་སྟོབས་པར་

བྱེད་པ་ནི་མི་རིགས་པ་ཉིད་མ་ཡིན་ཏེ། འདི་ལས་གཞན་དག་གིས་རེག་པར་མ་གྱུར་ཏམ་སྙམ་པའི་ཐེ་ཚོམ་བསལ་བའི་ཕྱིར་རོ། །བྱང་གི་སྒྲ་མི་སྙན་པའི་དུས་དང་ཆུ་དང་སོ་ཤིང་མ་གཏོགས་པའི་བཟའ་བར་བྱ་བའི་བྱིན་ལེན་མ་བསྟབས་པ་ཉིད་ལ་དེར་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །རྣ་བ་ལ་སོགས་

པ་སྒོ་གཞན་མ་གཏོགས་པ་ཁར་ཟོས་པ་ལ་ན་སྨད་པ་མེད་དོ། །ཁར་ཟོས་ཤིང་མགུལ་དུ་མིད་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་བྱང་གི་སྒྲ་མི་སྙན་པའི་དུས་དང་ཆུ་དང་སོ་ཤིང་མ་གཏོགས་པའི་བཟའ་བར་བྱ་བ་བྱིན་ལེན་མ་བསྟབས་པ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་དྲུག་གིས་

དངོས་གཞིའི་ལྟུང་བར་འགྱུར་ཏེ་བྱང་གི་སྒྲ་མི་སྙན་པའི་དུས་མ་གཏོགས་པ་དང་། ཆུ་དང་སོ་ཤིང་མ་གཏོགས་པའི་བཟའ་བར་བྱ་བ་དང་། བྱིན་ལེན་གྱི་མཚན་ཉིད་མངོན་སུམ་དུ་མཚམས་ཀྱི་ནང་དུ་འཐོབ་པའི་ཕྱོགས་ན་འདུག་པས་ལག་པ་བཀན་པས་ལུས་སམ་དེ་དང་འབྲེལ་པར་གྱེན་དུ་འདེགས་ནུས་པ་བསྙེན་པར་མ་

Vol. 153 · folio 161b

རྫོགས་པ་མི་མ་ཡིན་པ་ལས་ཀྱང་སྦྱིན་པར་འདོད་པས་ཡན་ལག་གིས་སམ་དེ་དང་འབྲེལ་པས་བྱིན་ལ། མནོས་པ་ལྟ་བུའི་བྱིན་ལེན་མ་བསྟབས་པ་ཉིད་དང་། དེར་འདུ་ཤེས་པ་དང་། ཁར་བཅུག་པ་དང་ཟོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་བྱིན་

ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་མི་རློབ་པ་ཉིད་ཀྱི་ཚེ་ན་ཉེས་བྱས་སོ། །བྱང་གི་སྒྲ་མི་སྙན་པའི་གླིང་ཉིད་དང་། བཟའ་བར་བྱ་

བ་བྱིན་ལེན་བསྟབས་པ་ཉིད་ལ་དེ་གཉིས་མ་ཡིན་པར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །ཁ་ཉིད་མ་གཏོགས་པ་རྣ་བ་ལ་སོགས་པའི་སྒོ་གཞན་དུ་འཇུག་པ་ལ་ཉེས་བྱས་སོ། །ཁ་ནས་མགུལ་དུ་མིད་པ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་

སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་བྱང་གི་སྒྲ་མི་སྙན་གྱི་གླིང་ཉིད་དང་། གཞན་དུ་དེའི་དུས་བྱིན་གྱིས་བརླབས་པ་ལ་ལྟུང་བ་མེད་དོ། །ཆུ་དང་སོ་ཤིང་ལ་ལྟུང་བ་མེད་དོ། །བྱིན་ལེན་མ་བསྟབས་པ་ཉིད་དང་དེ་མ་ཞིག་པ་ཡིན་པ་ལ་ལྟུང་བ་མེད་དོ། །

དེར་འདུ་ཤེས་མེད་པ་ལ་ལྟུང་བ་མེད་དོ། །བྱིན་ལེན་བྱས་ཟིན་པའི་ཟས་གཞན་མེད་དམ་བྱིན་ལེན་སྟོབས་པའི་མི་ལ་སོགས་པ་མེད་ན་ཟས་དེ་སྦྱིན་བདག་གིས་བསམ་པ་ཐག་པས་བཏང་བ་ཡིན་ན་རང་གིས་བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་བརླབས་ཤིང་བླངས་ཏེ་ཟོས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་

པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །བྱིན་ལེན་བྱེད་དུ་བཅུག་སྟེ་བཟའ་བར་

བྱའོ། །རུང་བ་ལྔ་པོ་མེས་རུང་བ་དང་མཚོན་གྱིས་རུང་བ་དང་སེན་མོས་རུང་བ་དང་། རྙིངས་པས་རུང་བ་དང་། ནེ་ཙོས་རྨ་ཕྱུང་བས་རུང་བ་ཉིད་དག་བཟའ་བར་བྱའོ། །གཞན་ཡང་རུང་བ་ལྔ་པོ། དབྱུང་བ་དང་། གཤེགས་པ་དང་། བཅད་པ་དང་། ཕུག་པ་དང་། ས་བོན་གྱི་ཆོས་ཉིད་མེད་པ་ཉིད་དག་བཟའ་བར་

Vol. 153 · folio 162a

བྱའོ། །ཆུ་གྲང་མོས་རུང་བར་བྱས་པ་དག་ཀྱང་བསྟེན་པར་བྱའོ། །རུང་བ་དེ་དག་སློབ་མ་དང་ཉེ་གནས་དག་གིས་ཅང་མི་སྨྲ་བས་སོ་སོར་བརྟག་པར་བྱའོ། །མེས་རུང་བར་བྱ་བ་ནི་ཕུང་པོར་བྱས་ཏེ་མེས་གནས་གཉིས་སམ་གསུམ་དུ་རེག་པར་བྱས་ན་ཐམས་ཅད་དུ་རུང་བར་འགྱུར་རོ། །མཚོན་དང་སེན་མོས་

ནི་རེ་རེ་ནས་སོ། །ཁྱིམ་པ་རྣམས་མི་སྙོམས་པར་འདྲིམ་ན་དགེ་ཚུལ་དག་འདྲིམ་དུ་གཞུག་པར་བྱའོ། །དེ་དག་ཀྱང་མི་སྙོམས་ན་དགེ་སློང་དག་གིས་ལག་པ་བསྙལ་ཏེ་བྱིན་ལེན་བྱས་ནས་བྲིམ་པར་བྱའོ། །དགེ་སློང་བྱིན་ལེན་བྱས་པས་བྲིམ་པ་ཉིད་ནི་རུང་བ་ཉིད་ཡིན་ནོ། །འོན་ཀྱང་མ་སྙོམས་ན་བྲིམ་པར་བྱ་བའི་ཟས་གཅེས་པ་དང་

བར་མ་དང་། ཐ་མ་དག་སོ་སོར་བྱའོ། །ཨ་མྲ་ཞིམ་པོ་རྣམས་ལོགས་ཤིག་ཏུ་བཙལ་ཏེ་བྲིམ་པར་བྱའོ། །འདྲིམ་པར་བྱེད་པའི་སྐལ་བ་ནི་མཁན་པོ་དང་སློབ་དཔོན་གྱིས་མནོས་པར་བྱའོ། །དེ་གཉིས་རྒན་པའི་ཕྱིར་གཅེས་པ་དེར་འོང་བ་འདྲིམ་པར་བྱེད་པའི་སྐལ་བ་མི་འཐོབ་པ་ཡིན་ན་འདྲིམ་པར་བྱེད་པ་ཉིད་ཀྱི་གྲལ་གྱི་དྲུང་ན་འདུག་

པ་དག་གིས་དེའི་སྐལ་བ་མནོས་པར་བྱའོ། །འདྲིམ་པར་བྱེད་པ་དུ་མ་ཉིད་ཡིན་ན་དྲུང་ན་འདུག་པའི་དགེ་སློང་སྟན་ལས་མ་འཕགས་པ་གང་ཡིན་པ་དེས་དེ་དག་གི་སྐལ་བ་ཅི་ཙམ་ལེན་ནུས་པ་དེ་ཙམ་མནོད་པར་བྱ་ཞིང་གཞན་ནི་གཞན་དག་གིས་གནོད་པར་བྱའོ། །འདྲིལ་བ་དག་སྟན་ལས་མ་འཕགས་པས་ལེན་ནུས་པ་

དག་ནི་བྱིན་ལེན་བྱེད་དུ་གཞུག་མི་དགོས་ལ། མི་ནུས་པ་དག་ནི་ཡང་བྱིན་ལེན་བྱེད་དུ་གཞུག་པར་བྱའོ། །དགེ་སློང་གིས་བྱིན་ལེན་བྱས་པ་ཁྱིམ་པ་དག་ཀྱང་འདྲིམ་དུ་གཞུག་པར་བྱ་ཞིང་། བྱིན་ལེན་འཇིག་པ་སྤང་བའི་ཕྱིར་དགེ་སློང་གིས་དང་པོར་བཟུང་ཞིང་ཁྱིམ་པས་ཕྱིས་གཟུང་བར་བྱའོ། །དགེ་སློང་གིས་

བྱིན་ལེན་བྱས་པ་ཁྱིམ་པ་དག་ཀྱང་འདྲིམ་དུ་བཅུག་པ་དེ་དགེ་སློང་དག་ལས་བླངས་པ་གང་དག་ཡིན་པ་དེ་དག་གི་བྱིན་ལེན་ནི་སྔར་དགེ་སློང་གིས་བྱིན་ལེན་བྱས་པ་དེ་ཉིད་ཡིན་ནོ། །ཁྱིམ་པ་དག་ལས་བླངས་པ་གང་དག་ཡིན་པ་དེ་དག་ནི་བྱིན་ལེན་བྱེད་དུ་གཞུག་གོ། །འཇུག་ལྷག་གསོག་འཇོག་བྱས་པར་མི་འགྱུར་

བར་བྱ་བའི་ཕྱིར་དང་པོར་དགེ་སློང་དགེ་སློང་དག་གིས་གཏང་བར་བྱ་ཞིང་ཕྱིས་ཁྱིམ་པ་དག་གིས་གཏང་བར་བྱ་སྟེ། ཕྱི་དེ་ཉིན་པར་དགེ་འདུན་ལ་བྲིམ་པར་བྱའོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་དགེ་འདུན་ལ་ཞུན་མར་གྱི་བུམ་པ་ལ་སོགས་པ་དག་འབུལ་ན་བླང་བར་བྱ་ཞིང་། བླངས་ནས་དགེ་

Vol. 153 · folio 162b

འདུན་ལ་བྲིམ་པར་བྱའོ། །དེ་དག་གིས་ཆོས་གོས་དག་སྣུམ་པར་གྱུར་པ་ལྟན་བར་དུ་རྩྭ་འམ་ལོ་མ་དག་བཅུག་སྟེ་བྲིམ་པར་བྱའོ། །དེ་དག་བཟུང་སྟེ་འགྲེང་བ་ན་ངལ་བར་འགྱུར་བ་ལྟ་ན་གཞག་པར་བྱའོ། །གཞག་པ་ན་འདྲིལ་བ་ལྟ་ན་འོག་གཞི་ལ་གཞག་པར་བྱའོ། །སྣོད་ཕུལ་བ་དག་ཀྱང་བླང་ཞིང་ཆུའི་

རྫིང་བུ་ཟབ་མོའི་ནང་དུ་ཞག་བདུན་ནམ་བརྒྱད་གཞུག་པར་བྱ་ཞིང་། གང་གི་ཚེ་ཉའམ་རུས་སྦལ་ལམ་སྦལ་པའམ་ཆུ་སྲིན་བྱིས་པ་གསོད་དམ། ཉ་ཁྱི་བ་དག་གིས་མ་ལུས་པར་ལྡོགས་པར་གྱུར་པ་དེའི་ཚེ་ན་རུང་བའི་ཁང་པར་བཅུག་སྟེ་སྤྱད་པར་བྱའོ། །དགེ་སློང་ནད་པས་རང་གི་ཁར་ཟན་བཅུག་སྟེ་མནོད་

པ་བསྙེན་པར་རྫོགས་པ་ལས་ཀྱང་མནོད་པར་བྱའོ། །དེ་མེད་ན་བསྙེན་པར་མ་རྫོགས་པ་ལས་ཀྱང་མནོད་པར་བྱའོ། །ནད་པ་བསྙེན་པར་མ་རྫོགས་པས་ནི་དེ་གཉིས་བསྟབས་པ་བཟའ་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་དེ་སུམ་ཅུ་དགུ་པ་བཤད་ཟིན་ཏོ།། །།

བསོད་པ་སློང་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བཅས་པ་དང་གནང་བའི་དབང་གིས་རྣམ་པ་གཉིས་ཏེ། བཅས་པའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་ནང་དུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་སེར་སྐྱའི་གནས་སུ་བྱོན་ནས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །ཤཱཀྱ་མིང་

ཆེན་གྱིས་དེ་ཐོས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ཤཱཀྱ་མིང་ཆེན་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་

དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། །ཡང་དག་པར་རབ་ཏུ་དགའ་བར་མཛད་

ནས་ཅང་མི་གསུང་ངོ་། །དེ་ནས་ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་སང་བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང་ཞེས་སྤྱན་དྲངས་ནས་གཤེགས་ཏེ་གདུགས་ཚོད་གསོལ་ནས་ཤཱཀྱ་མིང་ཆེན་ལ་ཆོས་བསྟན་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེའི་

Vol. 153 · folio 163a

ནང་པར་དྲུག་སྡེ་དག་སྔར་ལངས་ཏེ་སྦྱིན་བདག་གི་ཁྱིམ་དུ་དོང་བ་དང་། དེ་དག་གིས་སྨྲས་པ། འཕགས་པ་དག་འདི་ཉིད་དུ་གདུགས་ཚོད་གསོལ་ཅིག །དྲུག་སྡེ་དག་གིས་སྨྲས་པ། ཁོ་བོ་ཅག་མགྲོན་དུ་བོས་སོ། །སུས་ཤཱཀྱ་མིང་ཆེན་གྱིས་སོ། །འོ་ན་སང་གདུགས་ཚོད་གསོལ་

ཅིག །དེ་ལྟར་བྱའོ་ཞེས་དྲུག་སྡེ་དག་གིས་སྦྱིན་བདག་དེ་དག་ཕྱི་དེ་ཉིན་པར་གྱི་ཟན་དྲུག་ཅུ་སྦྱོར་དུ་བཅུག་ནས་ཤཱཀྱ་མིང་ཆེན་གྱི་ཁྱིམ་དུ་དོང་བ་དང་། ཅི་ཙམ་ན་ཁ་ཟས་སྟ་གོན་བྱས་པ་ཡང་མེད། གནས་མལ་བཤམས་པ་ཡང་མེད་པར་མཐོང་ནས། དྲུག་སྡེ་དག་གིས་ཤཱཀྱ་མིང་ཆེན་གྱི་ཞོ་ཤས་འཚོ་བ་

དག་ལ་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ནས་སྙིང་ལས་ཆུང་ངུར་འཁོད་ཅིང་གདུགས་ཚོད་ཀྱང་སྟ་གོན་མི་བྱེད། གནས་མལ་ཀྱང་ཤོམ་པར་མི་བྱེད་ན་ཇི་ལྟར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱི་གདུགས་ཚོད་གཅོད་པར་བྱེད་དམ།

དེ་དག་གིས་སྨྲས་པ། འཕགས་པ་དག་ཁྱེད་ཅག་གཅིག་པུ་དག་རྣལ་བར་གྱུར་ཏམ་ཅི། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གསོལ་ཏེ་གཤེགས་ལགས་སོ། །དྲུག་སྡེ་དག་གིས་སྨྲས་པ། ཇི་ཁོ་བོ་ཅག་གི་ཟན་གཅད་པར་བྱའམ་དེ་དག་གིས་སྨྲས་པ། འཕགས་པ་དག་བདག་

ཅག་གིས་ཤཱཀྱ་མིང་ཆེན་ལ་སྦྲན་གྱི་བར་དུ་རེ་ཞིག་ཡུད་ཙམ་ཞིག་གཞེས་ཤིག་ཅེས་དེ་དག་དོང་སྟེ་ཤཱཀྱ་མིང་ཆེན་ལ་སྨྲས་པ། འཕགས་པ་དྲུག་སྡེ་དག་གཟོད་མཆིས་ཏེ་འཚལ་མ་སློང་ངོ་། །ཤཱཀྱ་མིང་ཆེན་གྱིས་སྨྲས་པ། དེང་ལ་ལྷག་རོལ་ཆུང་ཟད་ཅིག་གདའ་བ་དེ་བྱིན་ཅིག །དེ་དག་དོང་སྟེ་སྨྲས་པ།

འཕགས་པ་དག་བཞུགས་ལ་གསོལ་ཅིག་ཅེས་དེ་དག་གིས་བྲིམ་པར་བརྩམས་པ་དང་། དྲུག་སྡེ་དག་གིས་སྨྲས་པ། ཤཱཀྱ་མིང་ཆེན་གྱིས་ཁ་ཤིན་ཏུ་ཆེན་པོས་བཅོམ་ལྡན་འདས་ཀྱིས་སང་བདག་གི་སྡུམ་པར་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་གདུགས་ཚོད་གསོལ་བར་ཅི་གནང་ཞེས་སྤྱན་དྲངས་ན།

གལ་ཏེ་ཟན་འདི་འདྲ་བས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲང་དུ་རུང་ན་ནི་ཉེ་དགས་ཀྱང་ཉི་མ་རེ་རེ་ཞིང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་འདྲེན་པར་འགྱུར་རོ། །འདི་ལྟར་བཀྲེན་པ་འདི་ལ་ཅི་བདོག་གི་དེང་ལ་ཁྱིམ་བདག་ཆེ་གེ་མོའི་ཁྱིམ་ནས་འོ་མ་ལོང་ཤིག །ཆེ་

Vol. 153 · folio 163b

གེ་མོའི་ཁྱིམ་ནས་ཞོ་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་མར་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་ཉ་ཤ་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་ཤ་ལོང་ཤིག །ཆེ་གེ་མོའི་ཁྱིམ་ནས་ཤ་སྐམ་དག་ལོང་ཤིག་ཅེས་དེ་དག་གིས་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་དེར་ཟོས་ནས་གཙུག་

ལག་ཁང་དུ་དོང་བ་དང་། དགེ་སློང་རྣམས་ཀྱིས་དེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཀྱིས་ཟན་གར་ཟོས། དེ་ཉིད་དུའོ། །ཁྱེད་ཅག་དེ་ན་མ་མཐོང་ངོ་། །ཁོ་བོ་ཅག་ཕྱིས་ལྷགས་སོ། །ཁྱེད་ཅག་གིས་ཟན་ཇི་ལྟ་བུ་ཟོས། འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་དང་ཤ་སྐམ་པོ་དག་གོ། །དགེ་སློང་རྣམས་

ཀྱིས་སྨྲས་པ། ཁོ་བོ་ཅག་གིས་ཟན་དེ་ལྟ་བུ་མ་ཐོབ་པོ། །དྲུག་སྡེ་དག་གིས་སྨྲས་པ། བཀྲེན་པ་དེ་ལ་ཟན་དེ་ལྟ་བུ་ག་ལ་ཡོད། ཁོ་བོ་ཅག་གིས་ཁྱིམ་དུ་འགྲོ་བའི་ཁྱིམ་དག་ནས་བླངས་ཏེ་དེར་ཟོས་སོ། །ཁྱེད་ཅག་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་བཟར་རུང་ངམ། རུང་ཡང་སྲིད་མི་

རུང་ཡང་སྲིད་དེ་ཇི་ཁོ་བོ་ཅག་གིས་ལྟོགས་ཏེ་འཆི་བར་བྱ་འམ་ཞེས་ཟེར་ནས་དགེ་སློང་དོན་ཉུང་དུ་དག་ཅིའི་ཕྱིར་དགེ་སློང་དག་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་འཆའ་བ་དང་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་

ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་

པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་ཟས་བསོད་པ་གང་དག་

གསུངས་པ་འདི་ལྟ་སྟེ། འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་དང་ཤ་སྐམ་དག་སྟེ། ཡང་དགེ་སློང་གང་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་འཆའ་འམ་ཟ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་སེར་སྐྱའི་གནས། གང་ཟག་ནི་དྲུག་སྡེ། ཉོན་མོངས་

Vol. 153 · folio 164a

པ་ནི་རང་ཉམས་དང་ལྟོ་འདུན། ཉེས་པ་ནི་མི་ན་བས་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་ཟ་བའོ། །གནང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གནས་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་ན་བ་ཞིག་གིས་སྨན་

པ་ལ་དྲིས་པ། བཞིན་བཟངས་ཇེ་ཁོ་བོ་ལ་སྨན་སྟོན་ཅིག །འཕགས་པ་འོ་མ་གསོལ་ཅིག །བཞིན་བཟངས་ཁོ་བོ་ལ་འོ་མ་སུས་སྦྱིན་པར་འགྱུར། འཕགས་པ་ཁྱིམ་གཞན་དག་ནས་སློངས་ཤིག །བཞིན་བཟངས་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མཛད་དོ། །འཕགས་པ་ཁྱོད་ཀྱི་སྟོན་པ་ཐུགས་

རྗེ་ཅན་ལགས་པས་དེ་ཉིད་རྐྱེན་དུ་མཛད་ནས་གནང་བར་འགྱུར་བ་གང་ལགས་པ་དེ་ལྟ་བུའི་གནས་མཆིས་པར་འགྱུར་རོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ན་བའི་དུས་མ་གཏོགས་སོ། །དེ་བཞིན་དུ་དགེ་སློང་ན་

པ་གཞན་ལ་ཞོ་དང་མར་དང་ཉ་ཤ་དང་ཤ་དང་ཤ་སྐམ་པོ་དག་ཁྱིམ་གཞན་དག་ནས་སློང་དུ་གནང་བའི་བར་དུ་སྔ་མ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་།

དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། །དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་དགེ་

སློང་རྣམས་ཀྱི་ཟས་བསོད་པར་གང་དག་གསུངས་པ་འདི་ལྟ་སྟེ། འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་དང་ཤ་སྐམ་དག་སྟེ། ཡང་དགེ་སློང་གང་མི་ན་བར་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་འཆའ་འམ་ཟ་ན་ལྟུང་བྱེད་དོ་ཞེས་གནང་བ་མཛད་དོ། །ཡུལ་ནི་སེར་སྐྱའི་གནས།

གང་ཟག་ནི་དགེ་སློང་ནད་པ་དག །ཉོན་མོངས་པ་དང་ཉེས་པ་ནི་མེད་དོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ། །དགེ་སློང་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །ཟས་བསོད་པ་གང་དག་གསུངས་པ་

Vol. 153 · folio 164b

ཞེས་བྱ་བ་ནི་རབ་ཏུ་བསྟན་པའོ། །འདི་ལྟ་སྟེ་འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་དང་ཤ་སྐམ་དག་སྟེ་ཞེས་བྱ་བ་ནི་ཟས་བསོད་པ་དག་གོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །མི་ན་བར་ཞེས་བྱ་བ་ནི་ན་བ་མ་གཏོགས་པར་རོ། །བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་

ནི་བདག་ཉིད་ལ་བསྔོས་ཏེའོ། །ཟས་བསོད་པ་དེ་ལྟ་བུ་དག་ཅེས་བྱ་བ་ནི་འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་དང་ཤ་སྐམ་དག་གོ། །གཞན་གྱི་ཁྱིམ་དག་ནས་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ནས་སོ། །བླངས་ཏེ་ཞེས་བྱ་བ་ནི་གསོལ་ཏེའོ། །འཆའ་འམ་ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །ལྟུང་

བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་

རྣམ་པར་གཞག་པ་ནི་དགེ་སློང་མི་ན་བས་ཇི་བདེར་བསྟབས་པ་མ་བྱས་པས་སྦྱིན་པར་བྱེད་པ་ཉེ་དུ་མ་ཡིན་པ་ཁྱིམ་པ་ཉིད་ལས་ཟས་བསོད་པ་འོ་མ་འམ། ཞོ་འམ་མར་རམ། ཉ་ཤའམ། ཤའམ། ཤ་སྐམ་ལྟ་བུ་རང་གིས་བླངས་ཏེ་ཟོས་པ་དང་ངན་པའམ་བསོད་པའམ་ཐ་མལ་པའམ། བཟང་པོ་འཐོབ་པ་ན་ཟས་

བསོད་པ་སྔ་མ་ལྟ་བུ་རང་གིས་བླངས་ཏེ་ཟོས་ན་བསོད་པ་སློང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་མི་ན་བ་ལ་ན་སྨད་པ་མེད་དོ། །ན་བ་ལ་ནི་རང་སློང་བ་དང་། བསླངས་པ་འཐོབ་པ་ཟོས་པ་དང་། གཞན་སློང་དུ་བཅུག་པ་དང་། གཞན་སློང་དུ་བཅུག་པ་ཐོབ་པ་ཟོས་པ་དང་། དེ་དག་མ་ཟོས་པ་ཐོབ་པ་

ཐམས་ཅད་ལ་ལྟུང་བ་མེད་པའི་ཕྱིར་རོ། །དགེ་སློང་ཅི་བདེར་བསྟབས་པ་མ་བྱས་པ་ལ་ན་སྨད་པ་མེད་དོ། །དགེ་སློང་བསོད་སྙོམས་ལ་རྒྱུ་བ་ཁྱིམ་དག་ཏུ་ཉེ་བར་ཕྱིན་པ་ན་བུད་མེད་ཟས་ཁྱེར་ཏེ་ཕྱིས་བྱུང་བས་དགེ་སློང་ལ་ཅང་མི་སྨྲ་བའམ་ཁོ་བོ་ལ་འདི་མི་དགོས་སོ་ཞེས་ཕྱིར་སྤོང་བ་ལ། བུད་མེད་ཀྱིས་འཕགས་པ་འོ་ན་

ཅི་སློང་ཞེས་འདྲི་ན་བསྟབས་པ་ཡིན་པས་དེ་ལ་ཅི་འདོད་པ་བསླངས་ཀྱང་ལྟུང་བ་མེད་དོ། །སྦྱིན་བདག་ལ་ཅི་འདོད་པ་སློངས་ཤིག་ཅེས་ཅི་བདེར་བྱས་པར་གྱུར་པ་ན་ཡང་དེ་ལ་ཅི་འདོད་པ་བསླངས་ཀྱང་ལྟུང་བ་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །སྦྱིན་པར་བྱེད་པ་ཉེ་དུ་མ་ཡིན་པ་ཁྱིམ་པ་ཉིད་ལ་ན་སྨད་པ་མེད་དོ། །

Vol. 153 · folio 165a

ཞུ་བ་ལས་བཙུན་པ་དགེ་སློང་གིས་བྲོ་མ་འཚལ་བར་བདག་ཉིད་ཀྱི་སླད་དུ་ཁྱིམ་དག་ནས་ཟས་བསོད་པ་བསླངས་ཏེ་འཆའ་འམ་འཚལ་བ་དེ་ལ་ལྟུང་བར་མི་འགྱུར་བ་མཆིས་སམ། ཡོད་དེ་ཉེ་དུ་ལས་བསླངས་ཏེ་ཟ་ན་ལྟུང་བ་མེད་དོ། །གལ་ཏེ་རྟགས་འདི་པ་སྦྱིན་བདག་ཡིན་ན་དེའི་ཚེ་ཡང་ལྟུང་བ་མེད་དོ། །

གལ་ཏེ་ཕྱི་རོལ་པ་རབ་ཏུ་བྱུང་བ་སྦྱིན་བདག་ཡིན་ན་ནི་ཉེས་བྱས་སོ་ཞེས་གསུངས་པའི་ཕྱིར་རོ། །ཟས་བསོད་པ་འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་དང་ཤ་སྐམ་ལྟ་བུ་ཐམས་ཅད་དམ་དེ་དག་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །སོ་སོར་ཐར་པ་དང་དེ་རྣམ་པར་འབྱེད་པ་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་ཟས་

བསོད་པ་གང་དག་གསུངས་པ་འདི་ལྟ་སྟེ། འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་དང་ཤ་སྐམ་དག་སྟེ། ཡང་དགེ་སློང་གང་མི་ན་བར་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བསླངས་ཏེ་འཆའ་འམ་ཟ་ན་ལྟུང་བྱེད་དོ་ཞེས་གསུངས་པའི་ཕྱིར་རོ། །འོ་མ་ལ་སོགས་པ་དེ་དག་ཀྱང་མཚོན་པ་ཙམ་དུ་ཟད་དེ་རྣམ་པ་དེ་

ལྟ་བུ་དག་དང་མར་ཁུ་ལ་སོགས་པའི་ཟས་བསོད་པ་གཞན་དག་ཀྱང་དེ་བཞིན་ནོ། །རང་གིས་བླངས་ཏེ་ཟོས་པ་ལ་ན་སྨད་པ་མེད་དོ། །དགེ་སློང་མི་ན་བས་ཟས་བསོད་པ་དེ་དག་རང་གིས་བླངས་པ་ཙམ་དང་། གཞན་སློང་དུ་བཅུག་པ་ཉིད་དང་། གཞན་སློང་དུ་བཅུག་པ་ཐོབ་པ་ཟོས་པ་ནི་ཉེས་བྱས་ལ། དེ་མ་ཟོས་པ་ནི་ཉེས་

བྱས་ཕྲ་མོར་གསུངས་པའི་ཕྱིར་རོ། །ཟས་ངན་པའམ་བསོད་པའམ་ཐ་མལ་པའམ་བཟང་པོ་ཐོབ་པ་ན་གལ་ཏེ་ཟས་བསོད་པ་སྔ་མ་དག་ལྟ་བུའི་ཡུལ་ལ་རང་གིས་བླངས་ཏེ་ཟོས་པ་ལ་ན་སྨད་པ་མེད་དོ། །གང་གི་ཕྱིར་འདིར་ཅི་བདེར་བསྟབས་པ་ཁོ་ན་འབའ་ཞིག་ལ་ལྟུང་བ་མེད་པ་དེའི་ཕྱིར་དགེ་སློང་ཅི་བདེར་བསྟབས་པ་མ་

བྱས་པ་དེས་ཟས་ངན་པའམ། བསོད་པའམ་ཐ་མལ་པའམ་བཟང་པོ་ཐོབ་པ་ན་གལ་ཏེ་ཟས་བསོད་པ་སྔ་མ་དག་ལྟ་བུའི་ཡུལ་ལ་རང་གིས་བསླངས་ཏེ་ཟོས་ན་དངོས་གཞིར་འགྱུར་རོ། །དེ་ལ་ཟས་ངན་པ་ཞེས་བྱ་བ་ནི་འོ་མ་ལ་སོགས་པ་ལས་གཞན་པ་འབྲུ་མར་ལ་སོགས་པའོ། །བསོད་པ་ཞེས་བྱ་བ་ནི་འོ་མ་ལ་སོགས་པའོ། །

ཐ་མལ་པ་ཞེས་བྱ་བ་ནི་འོ་མ་དེ་ཉིད་ར་ལ་སོགས་པའི་ཡིན་པའོ། །བཟང་པོ་ཞེས་བྱ་བ་ནི་འོ་མ་དེ་ཉིད་བ་ལ་སོགས་པའི་ཡིན་པའོ། །ཡང་ན་ངན་པ་ཞེས་བྱ་བ་ནི་རའི་འོ་མའོ། །བསོད་པ་ཞེས་བྱ་བ་ནི་འབྲས་ཀྱི་འོ་ཐུག་མར་དང་ཤ་ཀ་ར་དང་བསྲེས་པའོ། །ཐ་མལ་པ་ཞེས་བྱ་བ་ནི་བའི་འོ་མའོ། །བཟང་པོ་ཞེས་བྱ་

Vol. 153 · folio 165b

བ་ནི་གོང་མ་སྲེག་ལ་སོགས་པའི་ཤ་བལ་པོ་སེའུའི་ཁུ་བ་ན་ལེ་ཤམ་ལ་སོགས་པ་སྤོད་ཀྱི་བྱེ་བྲག་དང་སྦྱར་བའོ། །འདིའི་བྱེད་པ་པོ་ནི་དགེ་སློང་མི་ན་བ་ཅི་བདེར་བསྟབས་པ་མ་བྱས་པ་ཉིད་དང་། སྦྱིན་པར་བྱེད་པ་ཉེ་དུ་མ་ཡིན་པ་ཁྱིམ་པ་ཉིད་དང་ཟས་བསོད་པ་དག་ནི་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་

དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་མི་ན་བ་ཉིད་དང་། ཅི་བདེར་བསྟབས་པ་མ་བྱས་པ་ཉིད་དང་། ཟས་བསོད་པ་ཉིད་དང་། སྦྱིན་པར་བྱེད་པ་ཉེ་དུ་མ་ཡིན་པ་ཁྱིམ་པ་ཉིད་དང་། རང་གིས་བླངས་ཏེ་ཟོས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་

སྟེ་ཇི་སྲིད་དུ་ཟས་བསོད་པ་སློང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དགེ་སློང་མི་ན་བས་རང་གིས་བླངས་པ་ཙམ་ལ་ཉེས་བྱས་སོ། །དགེ་སློང་མི་ན་བས་གཞན་སློང་དུ་བཅུག་པ་དང་། དེ་

ཐོབ་པ་ཟོས་པ་ལ་ཉེས་བྱས་སོ། །དགེ་སློང་མི་ན་བས་གཞན་སློང་དུ་བཅུག་ཅིང་ཟ་བར་མི་བྱེད་ན་ཉེས་བྱས་ན་སྨད་དོ། །སྦྱིན་པར་བྱེད་པ་ཕྱི་རོལ་པའི་རབ་ཏུ་བྱུང་བ་ལ་ཉེས་བྱས་སོ། །བཟའ་བར་བྱ་བ་ངན་པ་རང་གིས་བསླངས་ཏེ་ཟ་ན་སྦྱོར་བ་དང་དངོས་གཞི་གཉིས་ཀ་ལ་ཉེས་བྱས་སོ། །བཟའ་བར་བྱ་བ་ངན་པ་གཞན་

སློང་དུ་བཅུག་པ་དང་། དེ་ཟོས་པ་ལ་ཉེས་བྱས་ན་སྨད་པའོ། །ངན་པ་ཐོབ་པ་ན་བསོད་པ་སློང་བ་ལ་ཉེས་བྱས་སོ། །བསོད་པ་ཐོབ་པ་ན་ངན་པ་སློང་བ་དང་དེ་ཐོབ་པ་ཟོས་པ་ལ་ཉེས་བྱས་སོ། །ངན་པ་མི་འཐོབ་པར་བསོད་པ་སློང་ན་ཐམས་ཅད་དུ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ།

སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དགེ་སློང་ན་བ་ལ་ལྟུང་བ་མེད་དོ། །སྦྱིན་བདག་གིས་ཅི་བདེར་བསྟབས་པ་ལ་ལྟུང་བ་མེད་དོ། །སྦྱིན་བདག་ཉེ་དུ་དང་རྟགས་འདི་པའི་རབ་ཏུ་བྱུང་བ་ལ་ལྟུང་བ་མེད་དོ། །

ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་བསོད་པ་སློང་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །རང་ཉམས་དང་

Vol. 153 · folio 166a

ལྟོ་འདུན་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །བསོད་པ་སློང་བའི་ལྟུང་བྱེད་དེ་བཞི་བཅུ་པ་བཤད་ཟིན་ཏོ།། །།སྡོམ་ལ། སྲོག་ཆགས་བཅས་དང་ཉལ་སར་འདུག །འགྲེང་དང་གཅེར་བུ་དམག་དང་ནི། །ཞག་གཉིས་བཤམ་དཀྲུགས་འགྲོ་བ་དང་། །རྡེག་དང་གཟས་དང་གནས་ངན་

ལེན། །ཅེས་བྱ་བ་ནི་བཅུ་པ་ལྔ་པ་ཡིན་ཏེ། སྡོམ་ལ་ཞེས་བྱ་བའི་ཚིག་གི་དོན་དང་དགོས་པ་ནི་སྔ་མ་བཞིན་ནོ། །བཅུ་པ་ལྔ་པ་འདིས་ཀྱང་ལྟུང་བྱེད་ཀྱི་ཆོས་བཅུ་བསྟན་ཏེ། སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱད་པ་དང་། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བ་དང་།

གཅེར་བུ་ལ་སྦྱིན་པ་དང་། དམག་ལ་ལྟ་བ་དང་། དམག་གི་ནང་ན་གནས་ལྟ་བ་དང་། དཔུང་གི་ཡན་ལག་ཉམས་སུ་མྱོང་བ་དང་། རྡེག་པ་དང་། གཟས་པ་དང་། གནས་ངན་ལེན་འཆབ་པའི་ལྟུང་བྱེད་དོ། །དེ་ལ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤཱ་མ་

བཱི་ན་གདང་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་འདུན་པ་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ནས། དེ་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་འདུན་པ་ཁྱོད་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་མ་སྤྱོད་ཅིག །དེས་སྨྲས་པ། ཁོ་བོ་ལ་འགའ་ཞིག་གིས་བགྲངས་

ཏེ་གཏད་དམ་ཅི་ཤར་གྱི་རྒྱ་མཚོ་ཆེན་པོར་འདོང་ན་ཅི་ཉེས། ལྷོ་དང་ནུབ་དང་བྱང་གི་རྒྱ་མཚོ་ཆེན་པོར་འདོང་ན་ཅི་ཉེས། འབབ་ཆུ་དང་མཚོ་དང་ལྟེང་ཀ་དག་ཏུ་འཇུག་ན་ཅི་ཉེས་ཞེས་ཟེར་བ་ན། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ཅེས་སྨོད་པར་བྱེད། ཕྱར་ཀ་

གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། འདུན་པ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་

མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་

Vol. 153 · folio 166b

གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་ཀཽ་ཤཱམ་བཱི། གང་ཟག་ནི་འདུན་པ། ཉོན་མོངས་པ་ནི་བག་མེད་པ། ཉེས་པ་ནི་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འདུན་པའམ་གཞན་ཡང་དེ་ལྟ་བུ་གང་

ཡིན་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རིག་པར་གྱུར་པའམ། གཞན་དག་གིས་བརྗོད་པས་སོ། །སྲོག་ཆགས་དང་བཅས་པའི་ཞེས་བྱ་བ་ནི་སྲོག་ཆགས་དང་བཅས་པ་རྣམ་པ་གཉིས་ཏེ། གང་དག་མི་སྔར་སྣང་བར་འགྱུར་བ་དང་གང་དག་ཆུ་ཚུགས་ཀྱིས་ཟིན་པར་འགྱུར་བའོ། །ཆུ་ལ་སྤྱོད་ན་ཞེས་བྱ་བ་ནི་ཆུ་

ལ་སྤྱོད་པ་གཉིས་ཏེ། ནང་གི་དང་ཕྱི་རོལ་གྱིའོ། །ནང་གི་སྤྱོད་པ་ནི་ཁྲུས་བྱེད་པ་དང་། འཐུང་བ་དང་། སོ་ཤིང་འདོར་བ་དང་། ལག་པ་དང་རྐང་པ་འཁྲུ་བའོ། །ཕྱི་རོལ་གྱི་སྤྱོད་པ་ནི་ལྷུང་བཟེད་འཁྲུ་བ་དང་། ལྷུང་བཟེད་ཆུང་ངུ་འཁྲུ་བ་དང་། ཆོས་གོས་དག་འཁྲུ་བ་དང་། ཚོན་གྱི་ལས་བྱེད་པ་དང་། གཙུག་ལག་ཁང་དུ་

ཆག་ཆག་འདེབས་པ་དང་། ཞལ་ཞལ་སྐུད་པ་དང་། ལྕི་བ་སར་པའི་བྱུག་པས་ཉུག་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དྭགས་ངན་སོང་དང་། ངན་འགྲོ་དང་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་

མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཚོགས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །སྔར་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་བསྟན་པ་དང་། འདིར་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་བསྟན་པ་དེ་གཉིས་ནི་སྤྱིའི་མཚན་ཉིད་ནི་འདྲའོ། །བྱེ་བྲག་

ཏུ་ན་སྔ་མ་ནི་རང་སྤྱོད་པ་མ་ཡིན་པ་གཞན་སྤྱོད་པའི་དོན་ཉིད་ལ་འཇུག་པ་དང་། འཇུག་ཏུ་འཇུད་པ་དེ་གཉིས་ཀྱི་ཡུལ་ལ་རྣམ་པར་གཞག་གོ། །འདི་ནི་རང་སྤྱོད་པའི་དོན་ཉིད་ལ་འཇུག་པ་དང་འཇུག་ཏུ་འཇུད་པ་དེ་གཉིས་ཀྱི་ཡུལ་ལ་རྣམ་པར་གཞག་གོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་།

སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་རང་སྤྱོད་པའི་དོན་ལ་ལུས་ཀྱི་ཉེ་བར་སྤྱད་པའི་མཚན་ཉིད་དང་། དེའི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words