སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ

Sanskrit title (Tibetan script, as in the text) པྲ་ཏི་མོཀྵ་སཱུ་ཏྲ་ཊཱིཀ་བི་ན་ཡ་ས་མུཙྪ་ཡ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 153 · folio 167a

ངོ་བོ་ཉིད་ཁྲུས་དང་། བཏུང་བ་དང་། སོ་ཤིང་དོར་བ་དང་། ལག་པ་དང་རྐང་པ་བཀྲུ་བ་དང་། ལུས་ཀྱི་ཡོ་བྱད་བཟའ་བར་བྱ་བ་དང་། ལྷུང་བཟེད་དང་ཆོས་གོས་དང་གནས་དང་སོ་བཀྲུ་བ་དང་། མེ་ལ་སོགས་པ་དང་། ཡོ་བྱད་དེ་དག་ཏུ་ཉེ་བར་སྦྱར་བ་དང་། ལྕི་བ་དང་། ཚོན་དང་། རྩྭ་དང་། ཤིང་

ལ་སོགས་པ་དང་། ཉེ་བར་སྦྱར་བ་དེ་དག་ལ་ཆུ་ལ་སོགས་པ་དགོས་པ་འདི་ལྟ་སྟེ། བྱི་དོར་བྱ་བ་དང་། བཀྲུ་བ་དང་། ཁ་བསྒྱུར་བ་དང་། ཆག་ཆག་གདབ་པ་དང་། ཕྱག་དར་བྱ་བ་དང་། ཞལ་ཞལ་བྱ་བ་དང་། འུ་ཤ་དང་། ཐང་དང་། ཐུག་པ་དག་ཏུ་བྱ་བའི་ཆུ་དང་། ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་

དང་། འོ་མ་དང་། ཞོ་དང་། མར་དང་། ཚྭ་དང་། འབྲུའི་ཚ་དང་། ཞོ་ག་ཆུ་དང་། རྩབ་མོ་དང་། ཤིང་ཐོག་དང་། བཅའ་བར་བྱ་བ་ལ་སོགས་པ་ལ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་ལྟར་ནུས་པས་སྣང་བ་དག་གིས་སྲོག་ཆགས་དང་བཅས་པ་དང་། ཆུའི་སྲོལ་བཀག་པ་དང་། བསལ་བ་དག་དང་། ཤིང་དང་།

གཡེང་བ་དང་། ཆུར་གཞུག་པ་དང་། དྲང་བ་དང་། བཤལ་བ་དག་དང་། གོས་རིམ་པ་གཅིག་པ་ལས་གཞན་པ་སྤུ་ཅན་ལ་སོགས་པ་ཆུར་བཀྲུ་བ་དང་། གོས་རིམ་པ་གཅིག་པ་དེ་ཡང་སྲོག་ཆགས་ཀྱི་ཁམས་ལྷག་པར་མང་བའི་ཆུར་འཁྲུ་བ་ལྟ་བུའི་སྦྱོར་བ་དག་ལ་ཡང་སྲོག་ཆགས་དང་བཅས་པ་ཉིད་དུ་འདུ་ཤེས་པས་རང་ཉིད་

འཇུག་གམ་གཞན་འཇུག་ཏུ་འཇུད་ན། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་རེ་རེ་ཤི་བའི་མཐར་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་གིས་རང་སྤྱོད་པའི་དོན་དུ་ཆུ་ལ་སོགས་པ་དག་ལ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་ཤའི་མིག་གིས་ལྟར་སྣང་

བ་དག་ཡོད་པར་ཤེས་བཞིན་དུ་དེ་ལ་བདག་ཉིད་འཇུག་པ་དང་། གཞན་འཇུག་ཏུ་འཇུད་པས་སྲོག་ཆགས་ཇི་སྙེད་ཤི་བ་རེ་རེའི་མཐར་ལྟུང་བྱེད་ཀྱི་དངོས་གཞི་རེ་རེར་འགྱུར་བ་ལ་ན་སྨད་པ་མེད་དོ། །དེ་ལ་རང་སྤྱད་པའི་དོན་ཅེས་བྱ་བ་ནི་ལུས་ཀྱིས་ཉེ་བར་སྤྱད་པའོ། །དེ་ཡང་རྣམ་པ་གསུམ་སྟེ། མཚན་ཉིད་དང་ངོ་བོ་ཉིད་

དང་། ལུས་ཀྱི་ཡོ་བྱད་དོ། །མཚན་ཉིད་ནི་ལུས་ཀྱིས་ཉེ་བར་སྤྱད་པའི་མཚན་ཉིད་དོ། །ངོ་བོ་ཉིད་ནི་ལུས་ཀྱིས་ཉེ་བར་སྤྱད་པ་དེའི་ངོ་བོ་ཉིད་དེ། ཁྲུས་དང་བཏུང་བ་དང་སོ་ཤིང་དོར་བ་དང་ལག་པ་དང་རྐང་པ་དག་བཀྲུ་བའོ། །ལུས་ཀྱི་ཡོ་བྱད་ནི་བཟའ་བར་བྱ་བ་དང་ལྷུང་བཟེད་དང་ཆོས་གོས་དང་གནས་དང་སོ་བཀྲུ་

Vol. 153 · folio 167b

བ་དང་། མེ་ལ་སོགས་པ་སྟེ། བཟའ་བར་བྱ་བ་ཞེས་བྱ་བ་ནི་བཟའ་བ་དང་བཏུང་བ་ལ་སོགས་པའོ། །ལྷུང་བཟེད་དང་ཆོས་གོས་དང་གནས་དང་སོ་བཀྲུ་བ་དང་མེ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཁྲི་དང་ཁྲིའུ་དང་སྟན་ནང་ཚངས་ཅན་དང་ལ་བ་ལ་སོགས་པ་དག་བསྡུས་ཏེ། དེ་དག་ནི་ལུས་ཀྱི་ཡོ་བྱད་དག་ཡིན་པར་རིག་པར་

བྱའོ། །ལུས་ཀྱི་ཡོ་བྱད་དེ་དག་ཏུ་ཉེ་བར་སྦྱར་བ་ནི་ས་དང་ལྕི་བ་དང་ཚོན་དང་རྩྭ་དང་ཤིང་ལ་སོགས་པ་དག་ཡིན་པར་རིག་པར་བྱའོ། །ལུས་ཀྱི་ཡོ་བྱད་དེ་དག་ཏུ་ཉེ་བར་སྦྱར་བ་དེ་དག་ལ་ཆུ་ལ་སོགས་པ་དེ་ཇི་ལྟར་དགོས་ཤེ་ན་ཉེ་བར་སྦྱར་བ་དེ་དག་ས་ཆུ་ལ་སོགས་པ་དགོས་པ་འདི་ལྟ་སྟེ། བྱི་དོར་བྱ་བ་དང་། བཀྲུ་བ་དང་། ཁ་བསྒྱུར་

བ་དང་། ཆག་ཆག་གདབ་པ་དང་། ཕྱག་དར་བྱ་བ་དང་། ཞལ་ཞལ་བྱ་བ་དང་། འུ་ཤ་དང་། ཐང་དང་། ཐུག་པ་དག་ཏུ་བྱ་བའི་ཞེས་བྱ་བ་སྨྲས་ཏེ། བྱི་དོར་བྱ་བ་དང་། བཀྲུ་བ་དང་། ཁ་བསྒྱུར་བ་ཞེས་བྱ་བ་ནི་ལྷུང་བཟེད་ལ་སོགས་པའོ། །ཆག་ཆག་གདབ་པ་དང་། ཕྱག་དར་བྱ་བ་དང་། ཞལ་ཞལ་བྱ་བ་ཞེས་བྱ་བ་ནི་

གནས་ཁང་ལ་སོགས་པའོ། །འུ་ཤ་དང་ཐང་དང་། ཐུག་པ་དག་ཏུ་བྱ་བའི་ཞེས་བྱ་བ་ནི་བཟའ་བ་དང་བཏུང་བ་དག་ཏུ་བྱ་བའོ། །དེ་དག་ཏུ་བྱ་བའི་ཆུ་ལ་སོགས་པ་དག་གང་ཞེ་ན། ཆུ་དང་ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དང་། འོ་མ་དང་། ཞོ་དང་། མར་དང་། ཚྭ་དང་འབྲུའི་ཚ་དང་། ཞོ་

ག་ཆུ་དང་། རྩབ་མོ་དང་། ཤིང་ཐོག་དང་བཅའ་བར་བྱ་བ་ལ་སོགས་པ་ཞེས་བྱ་བ་སྨྲས་སོ། །དེ་དག་སྲོག་ཆགས་ཇི་ལྟ་བུ་དག་གིས་སྲོག་ཆགས་དང་བཅས་པ་ཉིད་ཡིན་ཞེ་ན། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་ལྟར་ནུས་པས་སྣང་བ་དག་གིས་སྲོག་ཆགས་དང་བཅས་པ་ཞེས་བྱ་བ་སྨྲས་སོ། །ཆུ་ལ་སོགས་

པ་དེ་དག་ཉི་ཚེ་སྲོག་ཆགས་དང་བཅས་པ་འབའ་ཞིག་འདིར་བཟུང་བར་མ་ཟད་ཀྱི། སྲོག་ཆགས་འཆི་བའི་སྦྱོར་བ་གཞན་དག་ཀྱང་བཟུང་བའི་ཕྱིར་ཆུའི་སྲོལ་དགག་པ་དང་བསལ་བ་དག་ཅེས་བྱ་བ་སྨོས་ཏེ། ཡུར་བ་ལ་སོགས་པ་ཆུའི་སྲོལ་དགག་པ་དང་བསལ་བ་དག་བྱ་བ་ལྟ་བུ་ཡང་སྲོག་ཆགས་འཆི་བའི་སྦྱོར་བ་

ཡིན་པས་དེ་དག་དུད་འགྲོའི་སྐྱེས་གནས་སུ་སྐྱེས་པའི་སྲོག་ཆགས་ལྟར་ནུས་པས་སྣང་བ་དག་གིས་སྲོག་ཆགས་དང་བཅས་པ་དག་ཀྱང་འདིར་གཟུང་ངོ་། །སྲོག་ཆགས་འཆི་བའི་སྦྱོར་བ་གཞན་དག་ཀྱང་གཟུང་བའི་ཕྱིར་ཤིང་དང་གཡེང་བ་དག་ཆུར་གཞུག་པ་དང་དྲང་བ་དང་བཤལ་བ་དག་ཅེས་བྱ་བ་སྨྲས་ཏེ།

Vol. 153 · folio 168a

ཤིང་ཆུའི་ནང་དུ་གཞུག་པ་དང་། ཆུའི་ནང་ཉིད་དུ་དྲང་བ་དང་། ཆུའི་ནང་ནས་སྐམ་སར་བཤལ་བ་དང་། ཆུ་ལོན་ལ་སོགས་པ་ཆུར་གཡེང་བ་དག་ཆུར་གཞུག་པ་དང་། ཆུའི་ནང་ཉིད་དུ་དྲང་བ་དང་། ཆུའི་ནང་ནས་སྐམ་སར་བཤལ་བ་དག་བྱ་བ་ལྟ་བུ་ཡང་སྲོག་ཆགས་འཆི་བའི་སྦྱོར་བ་

ཡིན་པས། དེ་དག་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་ལྟར་ནུས་པས་སྣང་བ་དག་གིས་སྲོག་ཆགས་དང་བཅས་པ་དག་འདིར་གཟུང་ངོ་། །ཤིང་དང་གཡེང་བ་དག་ཅེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ་དེ་ལྟ་བུ་དང་མཐུན་པ་གཞན་དག་ཀྱང་བསྡུའོ། །སྲོག་ཆགས་འཆི་བའི་སྦྱོར་བ་རྣམ་པ་གཞན་དག་ཀྱང་

གཟུང་བའི་ཕྱིར་གོས་རིམ་པ་གཅིག་པ་ལས་གཞན་པ་སྤུ་ཅན་ལ་སོགས་པ་ཆུར་བཀྲུ་བ་ཞེས་བྱ་བ་སྨོས་ཏེ། གོས་ཆིག་རྐྱང་ལས་གཞན་པ་ཉིས་རིམ་སྤུ་ཅན་དང་། ལྷན་པ་ཅན་ལ་སོགས་པ་དག་ཆུར་བཀྲུ་བ་དག་བྱ་བ་ལྟ་བུ་ཡང་སྲོག་ཆགས་འཆི་བའི་སྦྱོར་བ་ཡིན་པས་དེ་དག་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་

ཆགས་ལྟར་ནུས་པས་སྣང་བ་དག་གིས་སྲོག་ཆགས་དང་བཅས་པ་དག་ཀྱང་འདིར་གཟུང་ངོ་། །ཡང་སྲོག་ཆགས་འཆི་བའི་སྦྱོར་བ་རྣམ་པ་གཞན་དག་ཀྱང་གཟུང་བའི་ཕྱིར་གོས་རིམ་པ་གཅིག་པ་དེ་ཡང་སྲོག་ཆགས་ཀྱི་ཁམས་ལྷག་པར་མང་བའི་ཆུར་འཁྲུ་བ་ལྟ་བུའི་སྦྱོར་བ་དག་ལ་ཡང་སྲོག་ཆགས་དང་བཅས་པ་

ཉིད་དུ་འདུ་ཤེས་པས་རང་ཉིད་འཇུག་གམ། གཞན་འཇུག་ཏུ་འཇུད་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་རེ་རེ་ཤི་བའི་མཐར་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་ཞེས་བྱ་བ་སྨྲས་སོ། །རང་སྤྱོད་པའི་དོན་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དུད་

འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ཤའི་མིག་གིས་ལྟར་སྣང་བ་ལ་ན་སྨད་པ་མེད་དོ། །སྲོག་ཆགས་དང་བཅས་པ་ཉིད་ལས་དེར་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །རང་ཉིད་འཇུག་གམ་གཞན་འཇུག་ཏུ་བཅུག་པ་ལ་ན་སྨད་པ་མེད་དོ། །

སྲོག་ཆགས་རེ་རེ་ཤི་བའི་མཐར་ལྟུང་བྱེད་ཀྱི་དངོས་གཞི་རེ་རེར་འགྱུར་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་རང་སྤྱད་པའི་དོན་དུ་ཆུ་ལ་སོགས་པ་སྲོག་ཆགས་དང་བཅས་པ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རང་སྤྱད་པའི་དོན་གང་ཡང་

Vol. 153 · folio 168b

རུང་བ་དང་། དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་གང་ཡང་རུང་བ་དང་བཅས་པའི་ཆུ་ལ་སོགས་པ་དང་། དེར་འདུ་ཤེས་པ་དང་། རང་དང་གཞན་གྱིས་སྤྱད་པ་དང་། སྲོག་ཆགས་ཇི་སྙེད་ཤི་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ།

ཇི་སྲིད་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །སྲོག་ཆགས་དང་བཅས་པ་ཉིད་མ་ཡིན་པ་ལ་སྲོག་ཆགས་དང་བཅས་པ་ཉིད་དུ་འདུ་ཤེས་པ་དང་། ཡིད་

གཉིས་ཟ་བ་ལ་ཉེས་བྱས་སོ། །རང་སྤྱོད་པ་མ་ཡིན་པ་དང་དུད་འགྲོ་མ་ཡིན་པ་དག་ནི་ལྟུང་བ་གཞན་གྱི་ཡུལ་ཡིན་ནོ། །མ་ཤི་ན་སྦྱོར་བའི་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་

བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དེར་འདུ་ཤེས་མེད་པ་ལ་ལྟུང་བ་མེད་དོ། །རང་དང་གཞན་གྱིས་མ་སྤྱད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་

ཐམས་ཅད་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟན་པར་བསླབ་པར་བྱའོ། །སྲོག་ཆགས་དང་བཅས་པའི་ཆུ་ལེགས་པར་བཙག་པར་བྱའོ། །དེའི་དོན་དུ་དཔྱང་ཚགས་བཅང་བར་བྱའོ། །དཔྱང་ཚགས་དེ་ཇི་འདྲ་བ་ཞིག་ཅེ་ན་ཤིང་བུ་གསུམ་མདུང་ཁྱིམ་

ལྟ་བུར་ཡ་ཐོག་བསྣོལ་མལ་ལྕགས་གཟེར་གྱིས་སྦྲེལ་ལ། རྩ་བ་གསུམ་ཕྲལ་ཏེ་ས་ལ་གཟུགས་ཤིང་། དེའི་རྐེད་པར་ལྕགས་གཟེར་གྱི་ཟུངས་བཏབ་པ་ལ་དཔྱང་ཚགས་ཆུ་དགང་བར་བྱ་བ་དང་། བཙག་པར་བྱ་བའི་རས་བཟང་པོ་ལས་བྱས་པ་བཅང་བར་བྱའོ། །དེའི་འོག་ཏུ་དཔྱང་ཚགས་དེ་ནས་ཆུ་

འཛག་པ་ཟེད་པར་བྱེད་པའི་ཟེད་སྣོད་བུམ་པ་ལ་སོགས་པ་ས་ལ་གཞག་པར་བྱ་སྟེ། ཆུ་སྣོད་གཞན་གྱིས་དཔྱང་ཚགས་ཀྱི་ནང་དུ་ཆུས་དགང་བར་བྱ་ཞིང་དཔྱང་ཚགས་ནས་ཟགས་པའི་ཆུ་ཟེད་སྣོད་ཀྱིས་གཟུང་བར་བྱ་སྟེ་དེ་ནི་དཔྱང་ཚགས་ཞེས་བྱའོ། །དཔྱང་ཚགས་ཀྱིས་ཆུ་བཙགས་པའི་འོག་ཏུ་དཔྱང་

Vol. 153 · folio 169a

ཚགས་ཀྱི་ནང་ན་གནས་པའི་སྲོག་ཆགས་མི་འཆི་བར་དཔྱང་ཚགས་ཀྱི་ནང་ན་ཆུ་གནས་པར་བྱ་བའི་ཕྱིར་ཚགས་གཅལ་གཞུག་པར་བྱའོ། །ཚགས་གཅལ་དེ་ཅི་འདྲ་བ་ཞིག་ཅེ་ན། བྱེ་མའམ་ལྕི་བ་གང་ཡང་རུང་བ་གཅལ་དུ་གཞུག་པའོ། །ཡང་ན་ཚགས་གཅལ་ཞེས་བྱ་བ་ནི་ཚགས་རྟེན་

སྣོད་དུ་གཞུག་པའོ། །ཚགས་རྟེན་སྣོད་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། ས་ལས་བྱས་པ་ཡང་རུང་། ཟངས་མ་ལས་བྱས་པ་ཡང་རུང་བའི་སྣོད་ཁའི་ཐོན་ཀོར་གྱི་ཕྱོགས་ངོས་གཉིས་སམ་གསུམ་དུ་བུ་གུ་ཕུག་པ་ཤིང་བུ་གསུམ་རྐེད་བསྣོལ་དུ་གཟེར་བཏབ་པའམ། བཅིངས་པའི་རྩ་བ་ས་ལ་བཙུགས་པའི་ཡ་ཐོག་

གསུམ་ལ་ཐ་གུའམ་ལྕགས་ཐག་འཇམ་པོས་དཔྱངས་ཏེ་དེའི་ནང་དུ་དཔྱང་ཚགས་ཀྱི་ཞབས་གཞུག་པར་བྱའོ། །དེ་ཡང་ས་ལས་བྱས་པ་ནི་ཐ་གུས་གདགས་སོ། །ཟངས་མ་ལས་བྱས་པ་ནི་ལྕགས་ཐག་འཇམ་པོས་གདགས་སོ། །དེ་ནི་ཚགས་རྟེན་སྣོད་ཅེས་བྱ་སྟེ་དེ་བཅང་བར་བྱའོ། །ཆུ་ཚགས་གང་

ཡང་རུང་བ་དག་ཐགས་བཟང་བས་ཆུ་མི་འཛག་ན་ཆུ་ཚགས་དེ་ལ་ཤིང་ལེབ་ཀྱིས་དལ་བུས་དལ་བུས་གདབ་པར་བྱའོ། །བུམ་ཚགས་གཅེའུ་ཅན་ནི་ཚེགས་ཆུང་ཞིང་བྱ་སླ་བས་དེ་ལ་འདོད་པ་བསྐྱེད་པར་བྱའོ། །བུམ་ཚགས་གཅེའུ་ཅན་དེ་ཅི་འདྲ་བ་ཞིག་ཅེ་ན། ས་ལས་བྱས་པ་ཡང་རུང་ཟངས་མ་ལས་བྱས་པ་ཡང་རུང་བའི་སྣོད་

བུམ་པའི་དབྱིབས་ལྟ་བུ་ཁ་ཡངས་པ། ནང་པད་མའི་སྙིང་པོའི་ས་བོན་གྱི་གནས་ཀྱི་སྦུ་གུ་ལྟ་བུ་མང་པོ་དང་ལྡན་པ། སྦུ་གུ་དེ་རྣམས་ཀྱི་ཁ་ཕྱིར་བལྟས་པ་འོག་མ་རྣམས་གཅེའུ་སྦུབས་ཅན་བཅུག་པ། ནང་གི་ཞབས་སུ་བུ་གུ་དེ་དག་ནས་ཆུ་འཛག་པའི་སྟེང་དུ་གཅལ་ཐབས་སུ་ཆུ་ཚགས་སུ་རུང་བའི་རྫས་ཀྱི་རས་མས་གཡོགས་པ་སྟེ།

དེ་ནི་བུམ་ཚགས་གཅེའུ་ཅན་ཞེས་བྱ་སྟེ་དེ་བཅང་བར་བྱའོ། །དགེ་འདུན་དང་གང་ཟག་གིས་ཀྱང་ཆུ་ཚགས་ཉེ་བར་གཞག་པར་བྱ་སྟེ། ཆུ་ཚགས་ཞེས་བྱ་བ་ནི་ཆུ་ལ་སོགས་པ་ཀུན་ནས་འཛག་པར་བྱེད་པའི་ཆུ་ཚགས་རས་ལ་སོགས་པ་ལས་བྱས་པ་སྤྱི་ལ་བསྙེགས་སོ། །ཆུ་ཚགས་གྲུ་གསུམ་མམ་རིལ་བ་ཞབས་ཚགས་

ཅན་ནམ་བསལ་ཚགས་ཀྱང་ཉེ་བར་གཞག་པར་བྱའོ། །ཆུ་ཚགས་གྲུ་གསུམ་ཞེས་བྱ་བ་དེ་ཅི་འདྲ་བ་ཞིག་ཅེ་ན། རས་ལ་སོགས་པ་ཆུ་ཚགས་སུ་རུང་བའི་རྫས་ལས་ཁ་ལོགས་གྲུ་གསུམ་པ་ཞབས་འཕྱང་བ་བྱིན་གྱིས་ཕྲ་མོར་བཙེམས་པ་སྨྱིག་མའམ་ཁར་བ་ལ་སོགས་པའི་ཡང་མིག་གྲུ་གསུམ་ཡུ་བ་ཅན་ལ་བུ་གུ་ཕུག་

Vol. 153 · folio 169b

པ་ལས་དཔྱངས་པའོ། །རིལ་བ་ཞབས་ཚགས་ཅན་ཞེས་བྱ་བ་དེ་ཅི་འདྲ་བ་ཞིག་ཅེ་ན། ས་ལས་བྱས་པ་ཡང་རུང་། ཤིང་ལས་བྱས་པ་ཡང་རུང་ཟངས་མ་ལས་བྱས་པ་ཡང་རུང་བའི་སྣོད་རིལ་བའི་དབྱིབས་འདྲ་བ། ཞབས་རིལ་གྱིས་ཟོ་བ་ཞབས་མ་བཅུག་པ་འདྲ་བར་གསོད་ལྡོང་དུ་གཞག་པར་ཆུ་ཚགས་སུ་རུང་བའི་

རས་ཀྱིས་ནང་རོལ་ནས་ཞབས་ཐབས་སུ་སྦྱར་བ། ཁའི་མཐོངས་ཕྱེ་སྟེ་རླུང་གི་གསང་བཏོད་ལ། ཞབས་ཆུའི་འཇིངས་སུ་བཙིར་ཏེ་ཆུ་ནང་དུ་གཞིབ་ཐབས་སུ་བཙགས་ལ། ཕྱིར་དབྱུང་ཁར་ཁའི་མཐོངས་བཀག་སྟེ་རླུང་གི་གསང་བསུབས་ནས་ཆུ་རང་གང་དང་བཅས་ཏེ་དབྱུང་བའོ། །བསལ་ཚགས་ཞེས་བྱ་བ་དེ་ཅི་འདྲ་བ་ཞིག་ཅེ་ན།

དཔྱང་ཚགས་ལ་སོགས་པས་ཆུ་བཙགས་པའི་ནང་དུ་སྲོག་ཆགས་འཚིགས་པ་རྣམས་ཁྲོན་པའམ་ལུ་མ་འམ་འབབ་ཆུ་ལ་སོགས་པའི་འཇིངས་སུ་གང་ནས་བཅུས་པའི་གཞི་ཉིད་དུ་ཕྱིར་བསྐྱལ་བའི་སྣོད་ས་ལས་བྱས་པ་ཡང་རུང་། ཤིང་ངམ་ཟངས་མ་ལས་བྱས་པ་ཡང་རུང་ཟོ་བའམ་བུམ་པའི་དབྱིབས་འདྲ་བ་ཁ་དང་ཞབས་

ནས་དཔྱང་ཐག་རེ་རེ་བཏགས་པ་ཐུར་དུ་བཏང་བའི་ཚེ་ནི་ཁའི་དཔྱང་ཐག་བསྡམས་ཏེ་ཞབས་ཀྱི་དཔྱང་ཐག་ཀློད་དེ་འཇིངས་སུ་བོར་བའི་ཚེ་ནི་ཁའི་དཔྱང་ཐག་ཀློད་དེ། ཞབས་ཀྱི་དཔྱང་ཐག་བསྡམས་ནས་ཁས་སྦུབ་སྟེ་སྲོག་ཆགས་དབོ་བ་ཁ་ནས་མི་གཡེང་བར་དལ་བུས་ཆུར་བཏང་བའི་སྣོད་ཡིན་ནོ། །བྱ་མ་བུམ་དང་རིལ་བ་དག་

གིས་ཆུ་རུང་བ་བཅུས་པ་ཉིད་ནི་ཆུ་ཚགས་དང་འདྲ་བ་ཉིད་ཡིན་ནོ། །ལམ་ཇི་སྲིད་དུ་ཆུ་རུང་བ་ཡོད་པ་ཉིད་ཡིན་ན་དེ་ཡང་ཆུ་ཚགས་དང་འདྲ་བ་ཉིད་ཡིན་ནོ། །ཆུ་ཚགས་ལ་སོགས་པ་དེ་མེད་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །དགེ་སློང་ཞེ་འགྲས་པ་ནད་དང་བཅས་པ་དང་ལྷན་ཅིག་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །གལ་

ཏེ་དེ་དང་འགྲོགས་ཏེ་མི་འགྲོ་ན་ཚུལ་ཁྲིམས་དང་སྲོག་ལ་སོགས་པའི་བར་ཆད་བྱེད་པ་དེ་ལྟ་བུའི་རྐྱེན་ཡོད་ན་གཙུག་ལག་ཁང་ཉིད་དུ་དེས་བཟོད་པ་གསོལ་ནས་སམ་དེ་ཡིས་བཟོད་པར་བྱས་ཏེ་ལྷན་ཅིག་ལྗོངས་རྒྱུ་ཞིང་འགྲོ་བར་བྱའོ། །ཆུ་ཚགས་ལ་སོགས་པའི་ཡོ་བྱད་ནི་བྱ་བ་བྱེད་པའི་དུས་ཉིད་ན་ཡོད་ན་ཡོད་པ་ཉིད་ཡིན་

གྱི། ཡུལ་དང་དུས་ཀྱིས་བསྐལ་པ་ན་ཡོད་པ་ཉིད་ནི་མ་ཡིན་ནོ། །དགེ་སློང་གཞན་གྱིས་འདི་ལྟར་ཆུ་བཙགས་པའི་དུས་དེར་ཆུ་ཚགས་སྦྱིན་ནོ་ཞེས་ཁས་བླངས་པ་ནི་ཆུ་ཚགས་དེ་དང་ལྡན་པ་ཉིད་ཡིན་གྱི་གལ་ཏེ་དེ་ལྟར་ཁས་མ་བླངས་ན་དགེ་སློང་གཞན་ལ་ཆུ་ཚགས་ཡོད་དུ་ཟིན་ཀྱང་དགེ་སློང་དེ་ལ་ཆུ་ཚགས་ཡོད་པ་ཉིད་མ་

Vol. 153 · folio 170a

ཡིན་ནོ། །ལྗོངས་རྒྱུ་བའི་ཚེ་འབྲལ་བ་ནི་ཆུ་ཚགས་སྦྱིན་པར་ཕ་རོལ་པོས་ཁས་མ་བླངས་ན་གཞི་ནས་ཆ་བའི་ཚེ་ནས་དེའི་ཆུ་ཚགས་ལ་བརྟེན་པར་མི་བྱའོ། །རྒྱང་གྲགས་ལྔའི་མཐའ་ཚུན་ཆད་ཆུས་ཕོངས་པར་མི་འགྱུར་བས་ངེས་པར་འགྲོ་བ་ནི་ལྗོངས་རྒྱུ་བ་ཡང་མ་ཡིན་ལ། དེར་ཆུ་ཚགས་མེད་པར་ཡང་འགྲོར་

རུང་ངོ་། །དེར་སོང་ན་ཆུ་ཚགས་ཀྱང་ཡོད་པར་འགྱུར་བར་མ་ངེས་པར་རང་གི་ཆུ་ཚགས་བཞག་སྟེ་འགྲོ་བར་མི་བྱའོ། །ཆུ་ཚགས་གཅིག་ཡོད་ན་དེས་དགེ་འདུན་མན་ཆད་དགེ་སློང་དུ་མ་དག་ཆུ་ཚགས་དང་ལྡན་པ་ཉིད་དུ་གྱུར་པས་དེས་ལྗོངས་རྒྱུ་ཞིང་འདོང་དུ་རུང་ངོ་། །རྒྱང་གྲགས་ལྔའི་མཐའ་ཚུན་ཆད་དུ་འགྲོ་བ་ལ་ཡང་

ཆུ་རྒྱུན་མགྱོགས་པ་སྔར་ཐལ་བ་ལྟ་ན་ཆུ་ཚགས་བསྐུར་བར་བྱའོ། །ཆུ་རྒྱུན་མགྱོགས་པ་དེ་ལ་ཆུ་རྒྱུན་ཕྱོགས་སུ་རྗེས་སུ་འབྲེལ་པར་འགྲོ་བས་ནི་རྒྱང་གྲགས་ཀྱི་མགོར་ཆུ་བརྟགས་པ་དེས་རྒྱང་གྲགས་གཅིག་གི་བར་དུ་བརྟག་མི་དགོས་པར་འཇུག་ཏུ་རུང་ལ། དེ་མན་ཆད་ནི་ཡང་དེ་བཞིན་དུ་བརྟག་པར་བྱའོ། །

རྒྱང་གྲགས་གཅིག་གི་བར་དེར་གལ་ཏེ་ཆུ་གཞན་དང་འདྲེས་པར་གྱུར་ན་དེ་ཡན་ཆད་དུ་སྔར་བརྟགས་པས་འཇུག་ཏུ་རུང་གི་དེ་མན་ཆད་ཡང་བརྟག་པར་བྱའོ། །ཆུའི་ཁའི་ཉེ་འཁོར་ནི་འདོམ་གང་ཡིན་པས་ཆུ་བརྟགས་པའི་གནས་ནས་འདོམ་གང་ཁོ་ར་ཁོར་ཡུག་ཚུན་ཆད་ནི་བརྟགས་པ་ཉིད་ཡིན་ནོ། །ལྷའི་

མིག་མ་ཡིན་པ་ཤའི་མིག་ཐ་མལ་པས་བརྟགས་ཏེ། དག་པ་ཉིད་ཀྱི་ཆུ་ནི་དག་པ་ཡིན་ན། ཆུ་མི་གཡོ་བ་ཉིད་དང་རྙོག་པ་མེད་པ་ལ་བརྟག་པར་བྱའོ། །བུམ་པ་གང་བ་ཉིད་ལ་བརྟག་པར་བྱའོ། །ཆུ་བརྟགས་པ་དེ་ལ་ཡུན་ནི་བྱ་བ་ལས་འདས་པར་བགྲང་བའི་ཡུན་རིང་པོ་ཉིད་དུ་མི་བྱ་སྟེ། ཇི་སྲིད་ཀྱིས་བ་ལང་

དྲུག་དང་ལྡན་པའི་ཤིང་རྟ་སྨྱིག་མའི་ཤར་བས་བཀང་བ་གཡངས་ཀྱིས་ལན་ཅིག་འཁོར་བར་འགྱུར་བ་དེ་སྲིད་དམ། ཇི་སྲིད་ཀྱིས་སེམས་དག་པར་གྱུར་པ་དེ་སྲིད་དུ་བརྟག་པར་བྱའོ། །གལ་ཏེ་ལ་ལ་ཆུའི་སྲོག་ཆགས་ལ་ཐེ་ཚོམ་ཟ་བའམ་མི་མཐོང་ན་དེའི་ཚེ་ཐུར་མའམ་རྩྭ་འམ་ཤིང་བུ་རྩེ་མོ་འཇམ་པོས་སྲོག་ཆགས་

དག་བསྟན་པར་བྱའོ། །དེ་དག་འཆི་བར་འགྱུར་བའི་ལམ་དུ་མི་དོར་རོ། །དེ་ལས་གཞན་པ་ཞིག་དང་རྩྭ་ཤིག་ལ་སོགས་པ་དག་ཀྱང་འཆི་བར་འགྱུར་བའི་ལམ་དུ་མི་དོར་རོ། །གལ་ཏེ་མར་མེའི་ནང་དུ་སྲོག་ཆགས་ལྟུང་ན་མར་མེ་སྣང་བར་བྱེད་པའི་འོད་ཁང་གིས་མར་མེ་དེ་གཡོགས་པར་བྱའོ། །འོད་ཁང་དེ་ཅི་

Vol. 153 · folio 170b

འདྲ་བ་ཞིག་ཅེ་ན། སྨྱིག་ཚལ་གྱི་གཟེབ་དར་དཀར་རམ་ལྷང་ཚེར་སྲབ་མོས་གཡོགས་པ་ནི་འོད་ཁང་ཞེས་བྱ་སྟེ། ཡུལ་གཞན་དག་ནི་ཏིང་ཁང་ཞེས་ཀྱང་ཟེར་རོ། །འོད་ཁང་མ་རྙེད་ན་མིག་བརྒྱ་པས་གཡོགས་སུ་རུང་ངོ་། །མིག་བརྒྱ་པས་ཞེས་བྱ་བ་ནི་ཅི་འདྲ་བ་ཞིག་ཅེ་ན། དང་པོ་ནས་ས་ལས་བྱས་པའི་སྣོད་ཁྲོལ་

མའི་མིག་ལྟ་བུའི་བུ་གུ་མང་པོ་ཅན་ནམ། ཕྱིས་བུམ་པ་ལ་སོགས་པ་ལ་གསོར་བུས་དེ་ལྟར་ཕུག་པའི་སྣོད་བུ་གུ་ཅན་ནི་འོད་ཁང་མིག་བརྒྱ་པ་ཞེས་བྱའོ། །སྐྲ་དང་རྔ་མ་དང་། རྔོག་མ་ལ་སོགས་པའི་རྙིས་སྦྲུལ་གཟུང་བར་མི་བྱའོ། །སྦྲུལ་བསལ་བ་ལ་སེ་གོལ་གྱི་སྒྲ་ཕྱུང་སྟེ། བཞིན་བཟངས་མིག་ལམ་ན་མ་འདུག་ཤིག་ཅེས་བརྗོད་

པར་བྱའོ། །འོན་ཀྱང་འདུག་ན་དབྱུ་གུ་སྐམ་ཁས་དལ་བུས་རྫ་མའམ་བུམ་པར་བཅུག་སྟེ་ཁ་བཅད་ནས་རླུང་རྒྱུ་བའི་བུ་གུ་དག་བཏོད་དེ་བསལ་བར་བྱའོ། །གལ་ཏེ་ཐབས་དེ་ལྟ་བུ་མ་གྲུབ་ན་ལྕག་པོད་དམ་ཤུར་བུའམ་ཤུར་བུ་ཕྲེའུ་འམ་ཐ་གུ་རས་མས་དཀྲིས་པའི་ཞགས་མིག་གིས་མགུལ་བར་བཅིངས་ཏེ་དོར་བར་བྱའོ། །

ཐབས་དེ་ནི་རྫ་མའམ། བུམ་པར་གཞུག་པ་ལ་ཡང་བྱའོ། །སྦྲུལ་དེ་གང་དུ་རང་གིས་མེ་གཏོང་བའི་ཉེས་དམིགས་སུ་འགྱུར་བའི་ཚང་ཚིང་གི་ནང་དུ་དོར་བར་མི་བྱ་བར་ས་སྒྲེ་བོ་ལ་ཁུང་ལ་སོགས་པ་ཡོད་པར་དོར་བར་བྱའོ། །ཁུང་དུ་མ་ཞུགས་ཀྱི་བར་དུ་འོལ་པ་ལ་སོགས་པས་འཁྱེར་བ་བསྲུང་བའི་ཕྱིར་བསྡད་པར་

བྱའོ། །ཤིག་རྣམས་ནི་རས་མས་དཀྲིས་ཏེ་ཀ་བ་ལ་སོགས་པའི་གཟེབ་ཏུ་གཞག་གོ། །རྩྭ་ཤིག་རྣམས་ནི་གསིང་བར་དོར་བའམ་ཡང་ན་ཕྱོགས་བསིལ་བར་དོར་རོ། །ཆུའི་སྲོག་ཆགས་ཆུ་ཚགས་ཀྱིས་བཙགས་པ་ཕྱིར་གཞུག་པའི་ཆེད་དུ་དགེ་འདུན་དང་གང་ཟག་གིས་ཀྱང་བསལ་ཚགས་དང་དཔྱང་ཐག་གཉིས་པ་

བཅང་བར་བྱའོ། །ཡང་ན་ཆུ་ཚགས་དེ་ཉིད་ཀྱིས་གཞུག་པར་བྱ་སྟེ། དེ་ལ་ཡང་ཁ་དང་ཞབས་གཉིས་ཀར་དཔྱང་ཐག་གཉིས་ཀྱིས་གདགས་པར་བྱའོ། །ཆུ་ཚགས་ལ་སྲོག་ཆགས་དག་ཆགས་པ་བསལ་བའི་ཐབས་ནི་བཤལ་བ་ཡིན་ནོ། །ཆུ་ཚགས་ལ་དྲི་མ་ཆགས་པ་བསལ་བའི་ཐབས་ནི་ཆུར་བཀྲུ་བ་ཡིན་ནོ། །ཆུ་

ཚགས་རུལ་བ་ཉིད་དུ་མི་འགྱུར་བའི་ཐབས་ནི་སྐམ་པས་སོ། །དྲི་མ་བཀྲུ་བ་དང་སྐམ་པ་དེ་གཉི་ག་ལ་ཡང་དམ་དུ་བཙིར་ཏེ་ཆུ་གཟགས་ན་ཕན་པ་ཉིད་དོ། །ཆུ་རུང་བ་རྣམ་པ་ལྔ་པོ་དགེ་འདུན་གྱིས་རུང་བ་དང་། གང་ཟག་གིས་རུང་བ་དང་། ཆུ་ཚགས་ཀྱིས་རུང་བ་དང་། ཁྲོན་པས་རུང་བ་དང་། ཉིན་ཞག་

Vol. 153 · folio 171a

གཅིག་རུང་བ་རྙེད་པའི་ཤེས་པས་འཇུག་པའི་ཁ་ན་མ་ཐོ་བ་མེད་དོ། །དགེ་འདུན་གྱིས་རུང་བ་ཞེས་བྱ་བ་ནི་དགེ་འདུན་འདི་ལ་སྲོག་ཆགས་དང་བཅས་པའི་ཆུ་ཐ་སྙད་བྱེད་པར་མི་སྤྱོད་དོ་ཞེས་བྱ་བའོ། །གང་ཟག་གིས་རུང་བ་ཞེས་བྱ་བ་ནི་གང་ཟག་རབ་ཏུ་བྱུང་བ་དང་ཁྱིམ་པ་ཡང་གལ་ཏེ་གང་ཟག་

འདི་སྲོག་ཆགས་དང་བཅས་པའི་ཆུ་མི་སྤྱོད་དོ་ཞེས་བྱ་བའོ། །ཆུ་ཚགས་ཀྱིས་རུང་བ་ཞེས་བྱ་བ་ནི་ཆུ་ཚགས་འདིས་བཙགས་པའི་ཆུ་དུས་ཐམས་ཅད་དུ་དག་པ་ཡིན་ནོ་ཞེས་བྱ་བའོ། །ཁྲོན་པས་རུང་བ་ཞེས་བྱ་བ་ནི་ཁྲོན་པའི་ཆུ་འདི་ལ་ནམ་ཡང་སྲོག་ཆགས་དང་བཅས་པར་མ་གྱུར་ཏོ་ཞེས་བྱ་བའོ། །ཉིན་ཞག་

གཅིག་རུང་བ་ཞེས་བྱ་བ་ནི་ཆུ་བཅུས་པ་དང་ཁྲོན་པ་དག་གིས་ཉི་མ་འཆར་ཁ་ཚུན་ཆད་བརྟགས་པ་ཉིད་ཀྱི་རྗེས་སུ་འཇུག་པ་ཡིན་ནོ། །དགེ་འདུན་གྱིས་རྐང་ཁྲུས་སྣོད་སྟོང་པར་མཐོང་ན་དགང་བར་བྱའོ། །དགེ་འདུན་གྱིས་ཆུ་དང་མར་དང་འབྲུ་མར་ལ་སོགས་པའི་སྣོད་ཀྱང་བཅང་བར་བྱའོ། །དགེ་འདུན་

གྱིས་ཆུ་སྣོད་ལ་སོགས་པ་སྣོད་སྤྱད་དུ་གཏོགས་སོ་ཅོག་བྲུབས་པ་དང་། དབྱུང་བ་ལ་སོགས་པ་ནི་དགེ་སློང་སྣོད་སྤྱད་བྲུབས་པའི་ལས་ཡིན་ནོ། །དེ་དག་སྦྱིན་པ་དང་བླང་བ་དག་ཀྱང་དེའི་ལས་ཡིན་ནོ། །ཁྱིམ་བདག་དགེ་འདུན་ལ་སྣོད་སྤྱད་རྙིང་པ་བརྙན་པ་ཉིད་ལ་དེ་ཡོད་པ་ཉིད་ན་སྣོད་སྤྱད་བྲུབས་པས་གཡར་པོར་སྦྱིན་པར་

བྱའོ། །ཁྱིམ་པ་ཡོན་བདག་རྣམས་གཙུག་ལག་ཁང་དུ་འོངས་ཏེ་སྣོད་སྤྱད་རྙིང་པ་བརྙན་པ་ཉིད་ལ་ཡང་དེ་ཡོད་པ་ཉིད་ན་སྣོད་སྤྱད་བྲུབས་པས་གཡར་པོར་སྦྱིན་པར་བྱའོ། །དགེ་སློང་དག་དགེ་འདུན་ལ་སྣོད་སྤྱད་བརྙན་ཏམ་སློང་ན་སྣོད་སྤྱད་བྲུབས་པས་སྣོད་སྤྱད་སར་པ་དག་ཡོད་པ་ཉིད་ནི་གཏན་སྦྱིན་པར་བྱའོ། །སྣོད་སྤྱད་

ཀྱི་ཆེད་དུ་མཛོད་ཁང་བསྐོར་བར་བྱའོ། །ས་དང་ཟངས་མའི་སྣོད་སྤྱད་དག་སོ་སོར་གཞག་པར་བྱའོ། །དེའི་དགེ་འདུན་གྱི་ཆུ་ཉེ་བར་གཞག་པར་བྱའོ། །ཆུ་དེ་གར་བབ་བབ་ཏུ་མི་གཞག་གོ། །དེའི་ཆེད་དུ་ཆུ་ཁང་བྱའོ། །ཆུ་ཁང་ནི་གཙུག་ལག་ཁང་གི་རྒྱབ་ལོགས་དང་རྒྱབ་ཀྱི་གཡས་ལོགས་ཀྱི་མཚམས་སམ་ལྷོ་

ནུབ་ཀྱི་མཚམས་སུ་བྱའོ། །ཆུ་ཁང་དེ་ལ་སྐར་ཁུང་གདོད་པ་དང་། སོ་ཕག་གི་གཅལ་དགྲམ་པ་དང་། ཆུ་ཁུང་གདོད་པ་དང་། སྒོ་གདོད་པ་དང་། སྒོ་གླེགས་དང་ཡང་མིག་གཞུག་པར་བྱའོ། །ཆུ་ཁུང་དེའི་ནང་དུ་ཆུ་ཚགས་གཞག་པའི་ཕྱིར་གདང་བུ་བྱའོ། །ཆུ་སྣོད་ཤིང་གི་ཁྲིའུ་དག་གི་སྟེང་དུ་གཞག་པར་བྱའོ། །

Vol. 153 · folio 171b

ཡང་ན་སོ་ཕག་གི་སྟེགས་བུའི་སྟེང་དུ་ཤིང་ལེབ་དང་། ལྕུག་འཁོར་ལ་སོགས་པའི་གཞི་བཏིང་བ་དག་གི་སྟེང་དུ་གཞག་པར་བྱའོ། །དགེ་འདུན་གྱི་དང་གང་ཟག་གི་དང་རང་དང་གཞན་གྱི་ཆུ་སྣོད་ནི་ཁྲུས་ཆུའི་ཆེད་ཀྱི་བར་ཡན་ཆད་ཀྱང་གཙང་སྦྲ་བྱའོ། །ཁྲུས་ཆུ་ཉིད་ཀྱང་གཙང་སྦྲར་བྱའོ། །བཏུང་བར་

བྱ་བའི་ཆུ་ཡང་གཙང་བར་བྱའོ། །བཏུང་བར་བྱ་བའི་ཆུ་དེ་ལག་པ་དང་གོས་རུང་བ་མ་ཡིན་པ་དག་གིས་བྲིམ་པར་མི་བྱའོ། །ཆུ་སྣོད་རྣམས་ཀྱི་ནང་དུ་དུས་དུས་སུ་སྦྱང་བར་བྱའོ། །ཆུ་སྣོད་ཟབ་མོ་རྣམས་ཀྱི་ནང་ལག་པས་ཞབས་མི་སླེབས་པ་དག་ནི་ཨུ་ཤི་རའི་ཁྲུ་ད་ཤིང་ངམ་འདབ་མའི་ཆང་བུའམ་རས་མ་

ཤིང་བུའི་རྩེ་མོ་ལ་བཏགས་པས་སྦྱང་བར་བྱའོ། །ཨུ་ཤི་རའི་ཁྲུད་ཤིང་ལ་སོགས་པ་དེ་ཟས་ཀྱི་བྲམ་ཟེར་མི་ཤོར་བར་བསྲུང་ངོ་། །ཆུ་སྣོད་བཀྲུ་བཤལ་བྱས་པ་རྣམས་བསྐམ་པར་ཡང་བྱའོ། །བཀྲུ་བ་དང་བསྐམ་པ་བྱེད་པའི་ཚེ་བྲེལ་བར་མི་འགྱུར་བར་བྱ་བའི་ཕྱིར་སྣོད་ཐམས་ཅད་དུས་གཅིག་བཀྲུ་བ་དང་བསྐམ་

པར་མི་བྱའོ། །ཆུ་ཁང་གི་འཁོར་དུ་གཏོགས་པ་དང་ཆུ་ཚགས་ལ་སོགས་པ་ཆུ་དང་འབྲེལ་པའི་ལས་ཐམས་ཅད་ནི་སློབ་མ་དང་ཉེ་གནས་དག་གིས་བྱ་བ་ཡིན་ནོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་དེ་བཞི་བཅུ་གཅིག་པ་བཤད་ཟིན་ཏོ།། །།སོ་སོར་ཐར་

པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་སུམ་ཅུ་པ། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་འཆར་ཀ་བསམ་

པའི་ནོར་བུའི་རིག་པ་ཤས་ཏེ། སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །མཉན་ཡོད་ན་སྤོས་འཚོང་གི་ཁྱེའུ་ཆུང་མ་བླངས་ནས་རིང་པོ་མ་ལོན་པ་ཞིག་འདུག་པ་དེས་ཟོང་བཀྲམ་པ་ན་བདག་ཆུང་མ་དང་ལྷན་ཅིག་དགའ་མགུར་སྤྱོད་དུ་འགྲོའོ་སྙམ་པའི་

ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྐྱེས་ནས་དེ་ཟོང་ཕྱིར་བསྡུ་བར་བརྩམས་པ་དང་། ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་ཤེས་ཏེ། བདག་སོང་ལ་འདིའི་རེ་བ་མེད་པར་བྱའོ་སྙམ་ནས་དེ་དང་པོར་དེའི་ཁྱིམ་དུ་སོང་སྟེ་སྟན་ལ་འདུག་ནས་བུ་མོ་དེ་ལ་ཆོས་བསྟན་པར་བརྩམས་སོ། །ཇི་ཙམ་ན་སྤོས་འཚོང་གི་

Vol. 153 · folio 172a

ཁྱེའུ་དེ་འོངས་ནས་དེས་ཆུང་མ་ལ་སྨྲས་པ། འཕགས་པ་འཆར་ཀ་ལ་བསོད་སྙོམས་ཕུལ་ལ་བཞུད་དུ་གསོལ་ཅིག །ཚེ་དང་ལྡན་པ་འཆར་ཀས་སྨྲས་པ་བཞིན་བཟངས་ཁོ་བོས་བདག་ཉིད་ཀྱི་དགེ་བའི་ཕྱོགས་ཡོངས་སུ་ཉམས་པར་བྱས་ཏེ་འོངས་ནས་ཆོས་སྟོན་པར་བྱེད་ན་ཁྱོད་ཆོས་ཉན་

མི་འདོད་དམ། འདུག་ལ་ཆོས་ཉོན་ཅིག་ཅེས་དེས་ནན་གྱིས་འདུག་ཏུ་བཅུག་སྟེ། དེས་ཇི་ཙམ་གྱིས་དེའི་ཀུན་ནས་དཀྲིས་པ་དང་བྲལ་བ་དེ་ཙམ་དུ་ཆོས་བསྟན་པ་དང་། དེ་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་ནི་ཚིག་གོ། །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་རང་གི་ཆུང་མ་ལ་ཡང་དབང་མེད་དོ་ཞེས་སྨོད་པར་

བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་ཕྱིས་གནོན་བྱས་ཏེ་སྟན་ལ་འདུག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་

ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། འཆར་ཀ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་

ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་ཕྱིས་གནོན་བྱས་ཏེ་སྟན་ལ་འདུག་ན་ལྟུང་བྱེད་དོ་ཞེས་

བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས་ཀྱི་ཀུན་དུ་སྦྱོར་བ། ཉེས་པ་ནི་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་ཕྱིས་གནོན་བྱས་ཏེ་སྟན་ལ་འདུག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཤེས་

བཞིན་དུ་ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རིག་པར་འགྱུར་བའམ། གཞན་དག་གིས་བརྗོད་པས་སོ། །ཉལ་པོ་བྱེད་པར་ཤོམ་པའི་ཞེས་བྱ་བ་ནི་བུད་མེད་ནི་སྐྱེས་པའི་ཉལ་པོ་བྱ་བ་ཡིན་ལ། སྐྱེས་པ་ནི་བུད་མེད་ལ་ཉལ་པོ་བྱེད་པ་ཡིན་ནོ། །ཁྱིམ་དུ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ཏུའོ། །ཕྱིས་གནོན་

Vol. 153 · folio 172b

བྱས་ཏེ་ཞེས་བྱ་བ་ནི་ཕྱིས་ཞུགས་པའོ། །སྟན་ལ་ཞེས་བྱ་བ་ནི་གཞི་ལའོ། །འདུག་ན་ཞེས་བྱ་བ་ནི་འདོམ་གང་གི་ནང་དུ་རྐུབ་ཙོས་གཞག་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་

པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་འཇིགས་པའི་དབང་དང་གནས་གཞན་ལ་སེམས་གཏོད་པ་མ་ཡིན་པས་ཁྱིམ་པ་ལ་སྐྱེས་པ་དང་བུད་མེད་གནས་གཞན་མཐོང་

བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ཀྱི་བཟའ་ཐ་དད་པ་མ་ཡིན་པ་ཉིད་དང་། མི་གཞན་མེད་པ་ཉིད་ཀྱིས་སྤྲད་དུ་རུང་བ་ཉིད་ན་འཁྲིག་པ་སྤྱོད་པ་ལ་ཞུགས་པའམ། ཕྱོགས་པར་ཤེས་བཞིན་དུ་མངོན་སུམ་དུ་བརྣག་པས་འདུག་ན་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་

སློང་འཇིགས་པའི་དབང་དང་གནས་གཞན་ལ་སེམས་གཏོད་པ་མ་ཡིན་པ་ལ་ན་སྨད་པ་མེད་དོ། །དགེ་སློང་གལ་ཏེ་གླང་པོ་ཆེ་ལ་སོགས་པའི་འཇིགས་པའི་དབང་གིས་དེར་མངོན་སུམ་དུ་བརྣག་པས་འདུག་པ་ལ་ལྟུང་བ་མེད་ལ། དེར་མངོན་སུམ་དུ་བརྣག་པས་འདུག་པའི་དགེ་སློང་གིས་ལྟ་བ་དང་ཉན་པ་སྤྲོ་བར་བྱེད་

པ་གཉིས་ཀྱིས་གནས་ལས་གཞན་པའི་གནས་ལ་སེམས་གཏོད་པ་ནི་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་པས་དེ་གཉིས་ལ་ལྟུང་བའི་དངོས་གཞིར་རྣམ་པར་མི་གཞག་པས་དགེ་སློང་འཇིགས་པའི་དབང་དང་། གནས་གཞན་ལ་སེམས་གཏོད་པ་མ་ཡིན་པ་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །ཁྱིམ་པའི་སྐྱེས་པ་

དང་བུད་མེད་ལ་ན་སྨད་པ་མེད་དོ། །གལ་ཏེ་གཉི་གའམ་སྦྱོར་ཟླ་གཅིག་མུ་སྟེགས་ཅན་གྱི་དགེ་སྦྱོང་ལ་སོགས་པ་ཁྱིམ་པ་ཉིད་མ་ཡིན་ན་དེའི་ཚེ་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ལ། གལ་ཏེ་ཁྱིམ་པ་ཉིད་ཡིན་ཡང་གཉི་ག་སྐྱེས་པའམ་སྦྱོར་ཟླ་གཅིག་ཟ་མ་དང་མ་ནིང་དང་མཚན་གཉིས་པ་ཡིན་ན་ཡང་དེའི་ཚེ་ཉེས་བྱས་

ཀྱི་བྱེད་པ་པོ་ཉིད་ཡིན་པས་དེ་ལ་ལྟུང་བའི་དངོས་གཞིར་རྣམ་པར་མི་གཞག་པས་ཁྱིམ་པའི་སྐྱེས་པ་དང་བུད་མེད་ཉིད་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །གནས་གཞན་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ཀྱི་བཟའ་ཐ་དད་པ་མ་ཡིན་པ་ཉིད་ལ་ན་སྨད་པ་མེད་དོ། །ཁྱིམ་པའི་སྐྱེས་པ་དང་བུད་མེད་ཉལ་པོ་བྱེད་

Vol. 153 · folio 173a

པར་ཤོམ་པའི་གནས་དེ་དགེ་སློང་དེ་ཉིད་ཀྱི་གནས་ཡིན་ལ་དེ་ན་ལྟུང་བ་མེད་པས། དགེ་སློང་དེའི་གནས་ལས་གཞན་པ་སྐྱེས་པ་དང་བུད་མེད་དེ་གཉི་གའམ་གང་ཡང་རུང་བ་ཅིག་གི་གནས་གཞན་ཉིད་ཡིན་ན་དེ་ལ་ལྟུང་བའི་དངོས་གཞིར་རྣམ་པར་གཞག་གོ། །གལ་ཏེ་གནས་དེ་དགེ་སློང་གི་ཡིན་

ལ་དགེ་སློང་གིས་ཁྱིམ་པ་ལ་གཡར་པོར་བྱིན་ཞིང་དགེ་སློང་དེར་འདུག་པ་ལ་ཡང་ལྟུང་བའི་དངོས་གཞིར་རྣམ་པར་གཞག་གོ། །དགོན་པ་ལ་ཡང་གལ་ཏེ་ཁྱིམ་པ་སྔ་ན་འདུག་པ་ཡིན་ལ་དགེ་སློང་ཕྱིས་འོངས་ཏེ་འདུག་པ་ལ་ཡང་ལྟུང་བའི་དངོས་གཞིར་རྣམ་པར་གཞག་གོ། །གནས་དེ་དགེ་སློང་མངོན་སུམ་དུ་བརྣག་པས་འདུག་པའི་

གནས་ཀྱི་ཁོངས་ཀྱང་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཕན་ཆད་ནི་གནས་ཐ་དད་པ་ཡིན་པས་དེ་ལ་ལྟུང་བ་མེད་པས་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ཀྱི་གནས་གཅིག་ཏུ་བརྣག་པས་འདུག་པ་ལ་ལྟུང་བའི་དངོས་གཞིར་རྣམ་པར་གཞག་གོ། །མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ཀྱི་གནས་དེ་ཡང་གལ་ཏེ་ཁྱིམ་གཞན་གྱི་སྒོའི་བྱང་གཏད་

ཁྱམས་ལ་སོགས་པས་ཆོད་པ་ན་དགེ་སློང་འདུག་པའི་གནས་དེའི་བདག་པོ་དང་སྤྲོད་པར་བྱེད་པ་གཉིས་བཟའ་ཐ་དད་པ་ཉིད་ཡིན་ན་དེ་ལ་ལྟུང་བ་མེད་པས་བཟའ་ཐ་དད་པ་མ་ཡིན་པ་ཉིད་ཀྱི་གནས་ལ་ལྟུང་བའི་དངོས་གཞིར་རྣམ་པར་གཞག་གོ། །མཛོད་ནི་ཁྱམས་ཀྱི་བདག་ཉིད་ཀྱི་ཁང་ཁྱིམ་དང་གནས་གཅིག་པ་ཉིད་ཡིན་ནོ། །

མི་གཞན་མེད་པ་ཉིད་ཀྱིས་སྤྲད་དུ་རུང་བ་ཉིད་ལ་ན་སྨད་པ་མེད་དེ། གལ་ཏེ་གནས་དེ་ན་དགེ་སློང་དེ་མ་གཏོགས་པ་མི་གཞན་ཡོད་ན་དེ་ལ་ལྟུང་བ་མེད་པས་གལ་ཏེ་གནས་དེ་ན་དགེ་སློང་མ་གཏོགས་པ་མི་གཞན་མེད་པ་ཉིད་ཀྱིས་སྐྱེས་པ་དང་བུད་མེད་དེ་གཉིས་འཁྲིག་པ་སྤྲད་དུ་རུང་བ་ཉིད་ཡིན་ལ། དེའི་ཚེ་དགེ་སློང་དེ་ཡང་མངོན་

སུམ་དུ་བརྣག་པས་དེར་འདུག་པ་ལ་ལྟུང་བའི་དངོས་གཞིར་རྣམ་པར་གཞག་གོ། །འཁྲིག་པ་སྤྱོད་པ་ལ་ཞུགས་པའམ་ཕྱོགས་པ་ལ་ན་སྨད་པ་མེད་དོ། །སྐྱེས་པ་དང་བུད་མེད་དེ་གཉིས་འཁྲིག་པ་སྤྲོད་པ་མ་ཡིན་པའི་དོན་གཞན་ལ་ཞུགས་པའི་གནས་དེར་དགེ་སློང་མངོན་སུམ་དུ་བརྣག་པས་འདུག་པ་ལ་ལྟུང་བ་མེད་

པས་དེ་གཉིས་མི་ཚངས་པར་སྤྱོད་པ་གཉིས་ཀྱིས་གཉིས་སྤྲོད་པ་ཉིད་ལ་དངོས་སུ་ཞུགས་པའམ་སྤྲད་པ་རྩོམ་པའི་ཕྱིར་ཕྱོགས་པའི་གནས་དེར་དགེ་སློང་མངོན་སུམ་དུ་བརྣག་པས་འདུག་པ་ལ་ལྟུང་བའི་དངོས་གཞིར་རྣམ་པར་གཞག་གོ། །སྐྱེས་པ་དང་བུད་མེད་དེ་གཉིས་ཀྱང་འཁྲིག་པ་སྤྱོད་པ་ལ་ཞུགས་པའམ་

Vol. 153 · folio 173b

ཕྱོགས་པ་ཉིད་ཡིན་ལ། དགེ་སློང་གིས་ཀྱང་དེར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །མངོན་སུམ་དུ་བརྣག་པས་འདུག་པ་ལ་ན་སྨད་པ་མེད་དེ། མ་བསྒྲིབས་པར་མངོན་སུམ་དུ་བརྣག་པས་རྐུབ་ཚོས་བཞག་སྟེ་འདུག་པ་ལ་ལྟུང་བའི་དངོས་གཞིར་རྣམ་པར་གཞག་གོ། །འདིའི་

བྱེད་པ་པོ་ནི་ཁྱིམ་པའི་སྐྱེས་པ་དང་། བུད་མེད་དགེ་སློང་རང་གི་གནས་ལས་གཞན་པ་ཉིད་དང་། མི་གཞན་མེད་པ་ཉིད་ཀྱིས་སྤྲད་དུ་རུང་བ་ཉིད་ནི་འཁྲིག་པ་སྤྱོད་པ་ལ་ཞུགས་པའམ། ཕྱོགས་པ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་བདུན་གྱིས་དངོས་གཞིའི་ལྟུང་བར་འགྱུར་ཏེ།

དགེ་སློང་འཇིགས་པའི་དབང་དང་གནས་གཞན་ལ་སེམས་གཏོད་པ་མ་ཡིན་པ་ཉིད་དང་། ཁྱིམ་པའི་སྐྱེས་པ་དང་བུད་མེད་ཉིད་དང་། གནས་གཞན་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ཀྱི་བཟའ་ཐ་དད་པ་མ་ཡིན་པ་ཉིད་དང་། མི་གཞན་མེད་པ་ཉིད་ཀྱིས་སྤྲད་དུ་རུང་བ་ཉིད་དང་། འཁྲིག་པ་སྤྱོད་པ་ལ་ཞུགས་པའམ་ཕྱོགས་

པ་ཉིད་དང་། དེར་འདུ་ཤེས་པ་ཉིད་དང་། མངོན་སུམ་དུ་བརྣག་པས་འདུག་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །

དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དགེ་སློང་དེར་མངོན་སུམ་དུ་བརྣག་པས་འདུག་པའི་ལྟ་བ་དང་ཉན་པ་སྤྲོད་པར་བྱེད་པ་གཉིས་ཀྱི་གནས་ལས་གཞན་པའི་གནས་ལ་སེམས་གཏོད་པ་ལ་ཉེས་བྱས་སོ། །སྐྱེས་པ་དང་བུད་མེད་གཉི་ག་མུ་སྟེགས་ཅན་གྱི་དགེ་སྦྱོང་ངམ། སྦྱོར་

ཟླ་གཅིག་མུ་སྟེགས་ཅན་གྱི་དགེ་སྦྱོང་ངམ། གལ་ཏེ་ཁྱིམ་པ་ཉིད་ཡིན་ཡང་གཉི་ག་སྐྱེས་པའམ། སྦྱོར་ཟླ་གཅིག་པ་ཟ་མ་དང་། མ་ནིང་དང་། མཚན་གཉིས་པ་ཡིན་ན་ཉེས་བྱས་སོ། །ཁྱིམ་པའི་སྐྱེས་པ་དང་བུད་མེད་ཉལ་པོ་བྱེད་པར་ཤོམ་པའི་གནས་དེ་དགེ་སློང་དང་། ཁྱིམ་པའི་ཐུན་མོང་ངམ། མུ་སྟེགས་

ཅན་གྱི་དགེ་སྦྱོང་ངམ། ཁྱིམ་པའི་ཐུན་མོང་ངམ། ཟ་མ་དང་མ་ནིང་དང་། མཚན་གཉིས་པ་དང་། ཐུན་མོང་བ་ཉིད་ལ་ཉེས་བྱས་སོ། །དེ་གཉིས་འཁྲིག་པ་སྤྲོད་པ་ལ་ཞུགས་པའམ་ཕྱོགས་པ་ཉིད་མ་ཡིན་པ་ལ་དེར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །དབེན་པར་བརྣག་པས་འདུག་པ་ལ་

Vol. 153 · folio 174a

ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དགེ་སློང་གལ་ཏེ་གླང་པོ་ཆེ་ལ་སོགས་པས་འཇིགས་པའི་དབང་གིས་དེར་འདུག་

པ་ལ་ལྟུང་བ་མེད་དོ། །གནས་དེ་དགེ་སློང་ཉིད་ཀྱི་ཡིན་ན་ལྟུང་བ་མེད་དོ། །གལ་ཏེ་ཁྱིམ་པའི་གནས་དེ་ཁྱིམ་བདག་གིས་དགེ་སློང་ལ་གཡར་པོར་བྱིན་ཞིང་། དེ་ན་དགེ་སློང་འདུག་པ་ཡིན་ན་ཡང་། དེའི་ཚེ་ལྟུང་བ་མེད་དོ། །དགོན་པ་ལ་ཡང་གལ་ཏེ་དགེ་སློང་སྔ་ན་གནས་པ་ཡིན་ན། དེ་ལ་ཡང་ལྟུང་བ་མེད་དོ། །མཐོང་

བའི་སྤྱོད་ཡུལ་གྱི་མཐའ་ཕན་ཆད་ཀྱི་གནས་ལ་ལྟུང་བ་མེད་དོ། །བཟའ་ཐ་དད་པའི་གནས་ལ་ལྟུང་བ་མེད་དོ། །མི་གཞན་ཡོད་ན་ལྟུང་བ་མེད་དོ། །འཁྲིག་པ་སྤྲོད་པ་མ་ཡིན་པའི་དོན་ལ་ལྟུང་བ་མེད་དོ། །དེར་འདུ་ཤེས་པ་མེད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་

དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །འདོད་ཆགས་ཀྱི་ཀུན་དུ་སྤྱོད་པ་སྤང་བར་བྱའོ། །ཕྱིར་

བཅོས་པ་ནི་སྔ་མ་བཞིན་ནོ། །ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་དེ་བཞི་བཅུ་གཉིས་པ་བཤད་ཟིན་ཏོ།། །།ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་

བ་ན་བཞུགས་སོ། །ཚེ་དང་ལྡན་པ་འཆར་ཀས་བསམ་པའི་ནོར་བུའི་རིག་པ་ཤེས་ཏེ། དེ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །མཉན་ཡོད་ན་སྤོས་འཚོང་གི་ཁྱེའུ་ཆུང་མ་བླངས་ནས་རིང་པོ་མ་ལོན་པ་ཞིག་འདུག་སྟེ། དེས་ཟོང་བཀྲམ་པ་

ན། བདག་ཆུང་མ་དང་ལྷན་ཅིག་དགའ་དགུར་སྤྱོད་དུ་འགྲོའོ་སྙམ་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྐྱེས་ནས། དེས་ཟོང་ཕྱིར་བསྡུ་བར་བརྩམས་པ་དང་། ཚེ་དང་ལྡན་པ་འཆར་ཀས་དེའི་བསམ་པ་ཤེས་ནས། བདག་སོང་ལ་ལྟའོ་སྙམ་ནས། དེ་དང་པོར་དེའི་ཁྱིམ་དུ་སོང་སྟེ། སྒོ་གླེགས་ཀྱི་རྒྱབ་ན་མགོ་སྲི་

Vol. 153 · folio 174b

ཞིང་འགྲེང་ངོ་། །དེའི་འོག་ཏུ་སྤོས་འཚོང་གི་ཁྱེའུ་དེ་འོངས་ནས། དེས་ཆུང་མ་ཁྲིད་དེ། གནས་ཁང་དུ་ཞུགས་པ་དང་། བུ་མོ་དེས་འཆར་ཀ་དབེན་པ་ན་འགྲེང་བ་མཐོང་ནས། དེས་ཁྱོ་ལ་སྨྲས་པ། རྗེའི་སྲས་འཕགས་པ་འཆར་ཀ་སྒོ་གླེགས་ཀྱི་རྒྱབ་ན་འགྲེང་ངོ་། །སྤོས་འཚོང་གི་ཁྱེའུས་སྨྲས་པ། འཕགས་

པ་འཆར་ཀ་གཙུག་ལག་ཁང་ན་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་བདེ་བ་དག་ཉམས་སུ་མྱོང་ཞིང་འགྲེང་ངོ་ཞེས་དེས་ཆུང་མ་ལ་དགའ་མགུར་སྤྱད་ནས། གང་གི་ཚེ་ཀུན་ནས་དཀྲིས་པ་དང་བྲལ་བར་གྱུར་པ་དེའི་ཚེ་ན། དེས་འཆར་ཀ་མཐོང་བ་དང་། དེས་ཤཱཀྱའི་བུའི་

དགེ་སྦྱོང་རྣམས་ཀྱི། དགེ་སྦྱོང་གི་ཚུལ་ནི་ཚིག་གོ། །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་རང་གི་ཆུང་མ་ལ་ཡང་དབང་མེད་དོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་དབེན་

པ་སྐྱབས་ཡོད་པར་འགྲེང་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། འཆར་ཀ་ལ་

རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་

པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་དབེན་པ་སྐྱབས་ཡོད་པར་འགྲེང་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་འདོད་ཆགས་ཀྱི་ཀུན་ཏུ་སྦྱོར་བ། ཉེས་པ་ནི་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་

ཁྱིམ་དུ་དབེན་པ་སྐྱབས་ཡོད་པར་འགྲེང་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རིག་པར་གྱུར་པའམ། གཞན་དག་གིས་བརྗོད་པས་སོ། །ཉལ་པོ་བྱེད་པར་ཤོམ་པའི་ཞེས་བྱ་བ་ནི་བུད་མེད་ནི་སྐྱེས་པའི་ཉལ་པོ་བྱ་བ་

Vol. 153 · folio 175a

ཡིན་ལ། སྐྱེས་པ་ནི་བུད་མེད་ཀྱི་ཉལ་པོ་བྱེད་པ་ཡིན་ནོ། །ཁྱིམ་དུ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དུའོ། །དབེན་པ་ཞེས་བྱ་བ་ནི་གང་ན་བུད་མེད་དང་སྐྱེས་པ་དང་མ་ནིང་གཞན་འགའ་ཡང་མེད་པའོ། །སྐྱབས་ཡོད་པར་ཞེས་བྱ་བ་ནི་ལྔས་བསྐྱབས་པ་སྟེ། རྩིག་པས་བསྐྱབས་པ་དང་།

རིབ་མས་བསྐྱབས་པ་དང་། ཡོལ་བས་བསྐྱབས་པ་དང་། ཐིབས་པོས་བསྐྱབས་པ་དང་། མཚན་མོས་བསྐྱབས་པར་རོ། །འགྲེང་ན་ཞེས་བྱ་བ་ནི་འདོམ་གང་གི་ནང་དུ་འགྲེང་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །སྔར་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་བསྟན་པ་དང་།

འདིར་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་བསྟན་པ་དེ་གཉིས་ཀྱི་སྤྱིའི་མཚན་ཉིད་ནི་འདྲའོ། །བྱེ་བྲག་ཏུ་ན་སྔ་མ་ནི་མངོན་སུམ་དུ་བརྣག་པས་འདུག་པའི་ཡུལ་ལ་རྣམ་པར་གཞག་གོ། །འདི་ནི་དབེན་པ་སྐྱབས་ཡོད་པར་བརྣག་པས་འགྲེང་བའི་ཡུལ་ལ་རྣམ་པར་གཞག་གོ། །དེ་ལ་ལྟུང་

བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱ་སྟེ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་

འཇིགས་པའི་དབང་དང་གནས་གཞན་ལ་སེམས་གཏོད་པ་མ་ཡིན་པས་ཁྱིམ་པའི་སྐྱེས་པ་དང་བུད་མེད་གནས་གཞན་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ཀྱི་བཟའ་ཐ་དད་པ་མ་ཡིན་པ་ཉིད་དང་། མི་གཞན་མེད་པ་ཉིད་ཀྱིས་སྤྲད་དུ་རུང་བ་ཉིད་ན་འཁྲིག་པ་སྤྲོད་པ་ལ་ཞུགས་པའམ་ཕྱོགས་པར་ཤེས་བཞིན་དུ་དབེན་པ་

སྐྱབས་ཡོད་པར་བརྣག་པས་འགྲེང་ཞིང་སྤྲོད་པར་བྱེད་པ་ཚོར་བྱ་གཉིས་དང་། ལྟུང་བ་འབྱིན་པ་ཚོར་བྱེད་ཉིད་ཀྱིས་ཚོར་ན་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་འཇིགས་པའི་དབང་དང་། གནས་གཞན་ལ་སེམས་གཏོད་པ་མ་ཡིན་པ་ལ་ན་སྨད་པ་

མེད་དོ། །དགེ་སློང་གལ་ཏེ་གླང་པོ་ཆེ་ལ་སོགས་པས་འཇིགས་པའི་དབང་གིས་དེར་དབེན་པ་སྐྱབས་ཡོད་པར་བརྣག་པས་འགྲེང་བ་ལ་ལྟུང་བ་མེད་ལ། དེར་དབེན་པ་སྐྱབས་ཡོད་པར་བརྣག་པས་འགྲེང་བའི་དགེ་སློང་གིས་ལྟ་བ་དང་། ཉན་པ་སྤྲོད་པར་བྱེད་པ་གཉིས་ཀྱི་གནས་ལས་གཞན་པའི་

Vol. 153 · folio 175b

གནས་ལ་སེམས་གཏོད་པ་ནི་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་པས་དེ་གཉིས་ལ་ལྟུང་བའི་དངོས་གཞིར་རྣམ་པར་མི་གཞག་པས་དགེ་སློང་འཇིགས་པའི་དབང་དང་གནས་གཞན་ལ་སེམས་གཏོད་པ་མ་ཡིན་པ་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །ཁྱིམ་པའི་སྐྱེས་པ་དང་བུད་མེད་ལ་ན་སྨད་པ་མེད་དོ། །གལ་ཏེ་

གཉི་གའམ་སྦྱོར་ཟླ་གཅིག་མུ་སྟེགས་ཅན་གྱི་དགེ་སྦྱོང་ལ་སོགས་པ་ཁྱིམ་པ་ཉིད་མ་ཡིན་ན་དེའི་ཚེ་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ལ། གལ་ཏེ་ཁྱིམ་པ་ཉིད་ཡིན་ཡང་གཉི་ག་སྐྱེས་པའམ་སྦྱོར་ཟླ་གཅིག་ཟ་མ་དང་མ་ནིང་དང་མཚན་གཉིས་པ་ཡིན་ན་ཡང་དེའི་ཚེ་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་པས་དེ་ལ་ལྟུང་བའི་

དངོས་གཞིར་རྣམ་པར་མི་གཞག་པས་ཁྱིམ་པའི་སྐྱེས་པ་དང་བུད་མེད་ཉིད་ལ་ལྟུང་བ་འདི་རྣམ་པར་གཞག་གོ། །གནས་གཞན་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ཀྱི་བཟའ་ཐ་དད་པ་མ་ཡིན་པ་ཉིད་ལ་ན་སྨད་པ་མེད་དོ། །ཁྱིམ་པའི་སྐྱེས་པ་དང་བུད་མེད་ཉལ་པོ་བྱེད་པར་ཤོམ་པའི་གནས་དེ་དགེ་སློང་དེ་ཉིད་

ཀྱི་གནས་ཡིན་ན་དེ་ལ་ལྟུང་བ་མེད་པས་དགེ་སློང་དེའི་གནས་ལས་གཞན་པ་སྐྱེས་པ་དང་བུད་མེད་དེ་གཉི་གའམ་གང་ཡང་རུང་བ་ཅིག་གནས་གཞན་ཉིད་ཡིན་ན་དེ་ལ་ལྟུང་བའི་དངོས་གཞིར་རྣམ་པར་གཞག་གོ། །གལ་ཏེ་གནས་དེ་དགེ་སློང་གི་ཡིན་ལ། དགེ་སློང་གིས་ཁྱིམ་པ་ལ་གཡར་པོར་བྱིན་ཞིང་དགེ་སློང་

དེར་འདུག་པ་ལ་ལྟུང་བའི་དངོས་གཞིར་རྣམ་པར་གཞག་གོ། །དགོན་པ་ལ་ཡང་ཁྱིམ་པ་སྔ་ན་འདུག་པ་ཡིན་ལ་དགེ་སློང་ཕྱིས་འོངས་ཏེ་འདུག་པ་ལ་ཡང་ལྟུང་བའི་དངོས་གཞིར་རྣམ་པར་གཞག་གོ། །གནས་དེ་དགེ་སློང་དབེན་པ་སྐྱབས་ཡོད་པར་བརྣག་པས་འགྲེང་བའི་གནས་ཀྱི་ཁོངས་ཀྱང་མཐོང་བའི་སྤྱོད་

ཡུལ་གྱི་མཐའ་ཕན་ཆད་ནི་གནས་ཐ་དད་པ་ཡིན་པས་དེ་ལ་ལྟུང་བ་མེད་པས་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ཀྱི་གནས་གཅིག་ཏུ་བརྣག་པས་འགྲེང་བ་ལ་ལྟུང་བའི་དངོས་གཞིར་རྣམ་པར་གཞག་གོ། །མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ཀྱི་གནས་དེ་ཡང་གལ་ཏེ་ཁྱིམ་གཞན་གྱི་སྒོའི་བྱང་

གཏད་ཁྱམས་ལ་སོགས་པས་མ་ཆོད་པ་ན་དགེ་སློང་འགྲེང་བའི་གནས་དེའི་བདག་པོ་དང་སྤྲོད་པར་བྱེད་པ་གཉིས་བཟའ་ཐ་དད་པ་ཉིད་ཡིན་ན་དེ་ལ་ལྟུང་བ་མེད་པས་བཟའ་ཐ་དད་པ་མ་ཡིན་པ་ཉིད་ཀྱི་གནས་ལ་ལྟུང་བའི་དངོས་གཞིར་རྣམ་པར་གཞག་གོ། །མཛོད་ནི་ཁྱམས་ཀྱི་བདག་ཉིད་ཀྱི་ཁང་

Vol. 153 · folio 176a

ཁྱིམ་དང་གནས་གཅིག་པ་ཉིད་ཡིན་ནོ། །མི་གཞན་མེད་པ་ཉིད་ཀྱིས་སྤྲད་དུ་རུང་བ་ཉིད་ལ་ན་སྨད་པ་མེད་དོ། །གལ་ཏེ་གནས་དེ་ན་དགེ་སློང་དེ་མ་གཏོགས་པར་མི་གཞན་ཡོད་ན་དེ་ལ་ལྟུང་བ་མེད་པས། གལ་ཏེ་གནས་དེ་ན་དགེ་སློང་དེ་མ་གཏོགས་པ་མི་གཞན་མེད་པ་ཉིད་ཀྱིས་སྐྱེས་

པ་དང་བུད་མེད་དེ་གཉིས་འཁྲིག་པ་སྤྲད་དུ་རུང་བ་ཉིད་ཡིན་ལ། དེའི་ཚེ་དགེ་སློང་དེ་ཡང་དབེན་པ་སྐྱབས་ཡོད་པར་བརྣག་པས་དེར་འགྲེང་བ་ལ་ལྟུང་བའི་དངོས་གཞིར་རྣམ་པར་གཞག་གོ། །འཁྲིག་པ་སྤྲོད་པ་ལ་ཞུགས་པའམ་ཕྱོགས་པ་ལ་ན་སྨད་པ་མེད་དེ། སྐྱེས་པ་དང་བུད་མེད་དེ་གཉིས་འཁྲིག་པ་སྤྲོད་

པ་མ་ཡིན་པའི་དོན་གཞན་ལ་ཞུགས་པའི་གནས་དེར་དགེ་སློང་དབེན་པ་སྐྱབས་ཡོད་པར་བརྣག་པས་འགྲེང་བ་ལ་ལྟུང་བ་མེད་པས། དེ་གཉིས་མི་ཚངས་པར་སྤྱོད་པ་གཉིས་ཀྱིས་གཉིས་སྤྲོད་པ་ཉིད་ལ་དངོས་སུ་ཞུགས་པའམ་སྤྲད་པ་རྩོམ་པའི་ཕྱིར་ཕྱོགས་པའི་གནས་དེར་དགེ་སློང་དབེན་པ་སྐྱབས་ཡོད་

པར་བརྣག་པས་འགྲེང་བ་ལ་ལྟུང་བའི་དངོས་གཞིར་རྣམ་པར་གཞག་གོ། །སྐྱེས་པ་དང་བུད་མེད་དེ་གཉིས་ཀྱང་འཁྲིག་པ་སྤྲོད་པ་ལ་ཞུགས་པའམ་ཕྱོགས་པ་ཉིད་ཡིན་ལ་དགེ་སློང་གིས་ཀྱང་དེར་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ན་སྨད་པ་མེད་དོ། །དབེན་པ་སྐྱབས་ཡོད་པར་བརྣག་པས་འགྲེང་བ་

ལ་ན་སྨད་པ་མེད་དེ། རྩིག་པས་བསྐྱབས་པ་དང་། རིབ་མས་བསྐྱབས་པ་དང་། ཡོལ་བས་བསྐྱབས་པ་དང་། ཐིབས་པོས་བསྐྱབས་པ་དང་། མཚན་མོས་བསྐྱབས་པར་བརྣག་པས་འགྲེང་བ་ལ་ལྟུང་བའི་དངོས་གཞིར་རྣམ་པར་གཞག་གོ། །སྤྲོད་པ་བྱེད་པ་ཚོར་བྱ་གཉིས་དང་ལྟུང་བ་འབྱིན་པ་ཚོར་བྱེད་

ཉིད་ཀྱིས་ཚོར་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་ཁྱིམ་པའི་སྐྱེས་པ་དང་བུད་མེད་དགེ་སློང་རང་གི་གནས་ལས་གཞན་པ་ཉིད་དང་། མི་གཞན་མེད་པ་ཉིད་ཀྱིས་སྤྲད་དུ་རུང་བ་ཉིད་ན་འཁྲིག་པ་སྤྱོད་པ་ལ་ཞུགས་པའམ་ཕྱོགས་པ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་བརྒྱད་ཀྱིས་

དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་འཇིགས་པའི་དབང་དང་གནས་གཞན་ལ་སེམས་གཏོད་པ་མ་ཡིན་པ་ཉིད་དང་། ཁྱིམ་པའི་སྐྱེས་པ་དང་། བུད་མེད་ཉིད་དང་། གནས་གཞན་མཐོང་བའི་སྤྱོད་ཡུལ་གྱི་མཐའ་ཚུན་ཆད་ཀྱི་བཟའ་ཐ་དད་པ་མ་ཡིན་པ་ཉིད་དང་། མི་གཞན་མེད་པ་ཉིད་ཀྱིས་སྤྲད་དུ་རུང་བ་

Vol. 153 · folio 176b

ཉིད་དང་། འཁྲིག་པ་སྤྱོད་པ་ལ་ཞུགས་པའམ། ཕྱོགས་པ་ཉིད་དང་། དེར་འདུ་ཤེས་པ་ཉིད་དང་། དབེན་པ་སྐྱབས་ཡོད་པར་བརྣག་པས་འགྲེང་བ་ཉིད་དང་། སྤྲོད་པར་བྱེད་པ་ཚོར་བྱ་གཉིས་དང་། ལྟུང་བ་འབྱིན་པ་པོ་ཚོར་བྱེད་ཉིད་ཀྱིས་ཚོར་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །

སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཇི་སྲིད་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དགེ་སློང་དེ་དབེན་པ་སྐྱབས་ཡོད་པར་བརྣག་པས་འགྲེང་བའི་ལྟ་

བ་དང་ཉན་པ་དང་ཉན་པ་སྤྲོད་པར་བྱེད་པ་གཉིས་ལས་གཞན་པའི་གནས་ལ་སེམས་གཏོད་པ་ལ་ཉེས་བྱས་སོ། །སྐྱེས་པ་དང་བུད་མེད་གཉིས་སུ་མུ་སྟེགས་ཅན་གྱི་དགེ་སྦྱོང་ངམ། སྦྱོར་ཟླ་གཅིག་མུ་སྟེགས་ཅན་གྱི་དགེ་སྦྱོང་ངམ། གལ་ཏེ་ཁྱིམ་པ་ཉིད་ཡིན་ཡང་གཉི་ག་སྐྱེས་པའམ། སྦྱོར་ཟླ་གཅིག་ཟ་མ་དང་

མ་ནིང་དང་མཚན་གཉིས་པ་ཡིན་ན་ཉེས་བྱས་སོ། །ཁྱིམ་པའི་སྐྱེས་པ་དང་བུད་མེད་ཉལ་པོ་བྱེད་པར་ཤོམ་པའི་གནས་དེ་དགེ་སློང་དང་ཁྱིམ་པའི་ཐུན་མོང་ངམ། མུ་སྟེགས་ཅན་གྱི་དགེ་སྦྱོང་དང་། ཁྱིམ་པའི་ཐུན་མོང་ངམ། ཟ་མ་དང་མ་ནིང་དང་མཚན་གཉིས་པ་དག་དང་ཐུན་མོང་ཉིད་ལ་ཉེས་བྱས་སོ། །དེ་

གཉིས་འཁྲིག་པ་སྤྱོད་པ་ལ་ཞུགས་པའམ་ཕྱོགས་པ་ཉིད་མ་ཡིན་པ་ལ་དེར་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ཉེས་བྱས་སོ། །སྤྲོད་པར་བྱེད་པ་ཚོར་བྱ་གཉིས་དང་། ལྟུང་བ་འབྱིན་པ་ཚོར་བྱེད་ཉིད་ཀྱིས་མ་ཚོར་བ་ལ་ཉེས་བྱས་སོ། །མངོན་སུམ་དུ་བརྣག་པས་འགྲེང་བ་ལ་ཉེས་བྱས་སོ། །སྦྱོར་བའི་

སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དགེ་སློང་གལ་ཏེ་གླང་པོ་ཆེ་ལ་སོགས་པས་འཇིགས་པའི་དབང་གིས་དེར་འགྲེང་བ་ལ་ལྟུང་བ་མེད་དོ། །གནས་དེ་དགེ་

སློང་ཉིད་ཀྱི་ཡིན་ན་ལྟུང་བ་མེད་དོ། །གལ་ཏེ་ཁྱིམ་པའི་གནས་དེ་ཁྱིམ་བདག་གིས་དགེ་སློང་ལ་གཡར་པོར་བྱིན་ཞིང་དེ་ན་དགེ་སློང་འདུག་པ་ཡིན་ན་ཡང་དེའི་ཚེ་ན་ལྟུང་བ་མེད་དོ། །དགོན་པ་ལ་ཡང་གལ་ཏེ་དགེ་སློང་སྔ་ན་གནས་པ་ཡིན་ན་དེ་ལ་ཡང་ལྟུང་བ་མེད་དོ། །མཐོང་བའི་སྤྱོད་ཡུལ་གྱི་མཐའ་

Vol. 153 · folio 177a

ཕན་ཆད་ཀྱི་གནས་ལ་ལྟུང་བ་མེད་དོ། །བཟའ་ཐ་དད་པའི་གནས་ལ་ལྟུང་བ་མེད་དོ། །མི་གཞན་ཡོད་ན་ལྟུང་བ་མེད་དོ། འཁྲིག་པ་སྤྲོད་པ་མ་ཡིན་པའི་དོན་ལ་ལྟུང་བ་མེད་དོ། །དེར་འདུ་ཤེས་པ་མེད་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་

དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །འདོད་ཆགས་ཀྱིས་ཀུན་ཏུ་སྤྱོད་པ་སྤང་བར་བྱའོ། །

ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བའི་ལྟུང་བྱེད་དེ་བཞི་བཅུ་གསུམ་པ་བཤད་ཟིན་ཏོ།། །།གཅེར་བུ་པ་ལ་སྦྱིན་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་བྱུང་བ་དང་བཅས་པའི་དབང་གིས་རྣམ་པ་གཉིས་ཏེ། བྱུང་བའི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་

འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེ་ནས་རྒྱལ་པོའི་ཁབ་པའི་ཚོང་པ་རབ་ཏུ་མང་པོ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་རྒྱལ་

པོའི་ཁབ་པའི་ཚོང་པ་རབ་ཏུ་མང་པོ་དག་ལ་ཆོས་དང་ལྡན་པའི་བཀའ་མཆིད་ཀྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་རབ་ཏུ་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་བཀའ་

མཆིད་ཀྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་རྒྱལ་པོའི་ཁབ་པའི་ཚོང་པ་རབ་ཏུ་མང་པོ་དེ་དག་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་སོང་སྟེ་སྨྲས་པ། བཙུན་པ་ཀུན་

དགའ་བོ་བཅོམ་ལྡན་འདས་དབྱར་གནས་པར་ཞལ་གྱིས་བཞེས་ནས་གང་དུ་གཤེགས་པར་འགྱུར། ཤེས་ལྡན་དག་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་ཤིག །བཙུན་པ་ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་ནི་བསྙེན་པར་དཀའ་བ་བཟོད་པར་དཀའ་བ་ལགས་པས་བདག་ཅག་གིས་

Vol. 153 · folio 177b

སངས་རྒྱས་བཅོམ་ལྡན་འདས་ལ་ཞུ་བའི་རྔོ་མི་ཐོགས་སོ། །བཙུན་པ་ཀུན་དགའ་བོས་མཚན་མ་འམ་བཀའ་མཆིད་ཀྱིས་བཅོམ་ལྡན་འདས་དབྱར་གནས་པར་ཞལ་གྱིས་བཞེས་ནས་ཕྱོགས་གང་དུ་གཤེགས་པ་ཇི་ལྟར་མཁྱེན་ཤེས་ལྡན་དག །བཅོམ་ལྡན་འདས་དབྱར་གནས་པར་ཞལ་གྱིས་བཞེས་

ནས་ཕྱོགས་གང་དུ་གཤེགས་པར་བཞེད་པའི་ཕྱོགས་དེ་ལོགས་སུ་ཞལ་གཟིགས་ཤིང་བཞུགས་ལ། དེ་དག་གི་བསྔགས་པ་ཡང་བརྗོད་པར་མཛད་དེ། ད་ལྟར་བཅོམ་ལྡན་འདས་ཀོ་ས་ལར་ཞལ་གཟིགས་ཤིང་བཞུགས་ལ། མཉན་ཡོད་དུ་ཡོད་པའི་མི་དག་གིས་བསྔགས་པ་ཡང་བརྗོད་པར་མཛད་དོ། །

དེ་ནས་ཚོང་པ་དེ་དག་གི་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ཕྱག་འཚལ་ཏེ་དོང་ནས་མཉན་ཡོད་དུ་འདོང་བའི་ཟོང་སྟ་གོན་དུ་བྱས་སོ། །དེ་ནས་བཅོམ་འདས་དབྱར་གནས་པར་ཞལ་གྱིས་བཞེས་ཏེ་དབྱར་ཟླ་གསུམ་པོ་དག་འདས་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།

ཀུན་དགའ་བོ་སོང་ལ་དགེ་སློང་དག་ལ་དེ་བཞིན་གཤེགས་པ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ན་ཁྱེད་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་ཀྱི་ལས་ཀྱིས་ཤིག་ཅེས་བསྒོ་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རྣམས་

ལ་དེ་སྐད་བསྒོ་བ་རྒྱལ་པོའི་ཁབ་པའི་ཚོང་པ་དེ་དག་གིས་ཐོས་ནས་དེ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཞབས་ལ་མགོ་བོས་ཕྱག་འཚལ་ནས་གསོལ་པ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པས་རྒྱལ་པོའི་ཁབ་ནས་མཉན་ཡོད་ཀྱི་བར་ཇི་ཙམ་པར་བདག་ཅག་ལས་ན་བཟའ་

དང་བསོད་སྙོམས་དང་གནས་མལ་དང་བསྙུང་བའི་རྐྱེན་དང་སྨན་གྱི་ཡོ་བྱད་དག་བཞེད་པར་ཅི་གནང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་པོའི་ཁབ་པའི་ཚོང་པ་རབ་ཏུ་མང་པོ་དེ་དག་གིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དེ་བཞིན་གཤེགས་པའི་དགོངས་མལ་ཅི་

ཙམ་པ་དྲིས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དགོངས་མལ་བཞིན་དུ་རྒྱང་གྲགས་བཅུར་གཤེགས་པ་ཐོས་ནས། དེ་དག་གིས་རྒྱང་གྲགས་བཅུ་བཅུར་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པའི་ཚོགས་དག་བཤམས་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་

Vol. 153 · folio 178a

མཉན་ཡོད་ག་ལ་བ་དེ་ལོགས་སུ་ལྗོངས་རྒྱུ་ཞིང་གཤེགས་སོ། །ཚོང་པ་དེ་དག་དང་མུ་སྟེགས་གཅེར་བུ་པ་ཞིག་དང་ལྷན་ཅིག་འགྲོ་བ་དེ་ཕོངས་པའི་དུས་ལ་བབ་ཅིང་བཀྲེས་པས་ཉམ་ཐག་པར་གྱུར་ནས། དེ་དགེ་སློང་རྣམས་ཀྱི་གན་དུ་སོང་སྟེ་སྨྲས་པ། ཁྱེད་ཅག་གི་སྟོན་པ་ནི་

བཟང་པོ་ལ་མོས་པ་ཡིན་ཏེ། དེ་གསེར་གྱི་ཐོང་གཤོལ་གྱིས་ཞིང་རྨོས་པ་དེས་ཁྱེད་ཅག་ལ་ཟས་རོ་བརྒྱ་པ་དང་། གོས་འབུམ་རི་བ་དང་། ཁང་པ་བརྩེགས་པ་ལྔ་བརྒྱ་པ་ཡང་རྗེས་སུ་གནང་བས་ཁྱེད་ཅག་རེ་ཞིག་ཚེ་འདི་ཉིད་ལ་ཡང་བདེ་བ་ལ་རེག་པར་གནས་ལ། ཚེ་འདི་ནས་ཤི་འཕོས་པ་རྣམས་

ཀྱང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཁོ་བོ་ཅག་གི་སྟོན་པ་ནི་ངན་པ་ལ་མོས་པ་ཡིན་ཏེ། དེ་ཏིལ་གྱི་ཚིགས་མའི་གཤོལ་གྱིས་ཞིང་རྨོ་བས་དེས་ཁོ་བོ་ཅག་ལ་གཅེར་བུ་དང་སྒྲེ་བྱི་དང་སྤྲོད་ཟན་དང་། ཡུལ་རྒྱུ་བ་དང་ས་ལ་ཉལ་བ་ལས་གཞན་རྗེས་སུ་མ་གནང་བས་ཁོ་བོ་ཅག་ནི་རེ་ཞིག་ཚེ་

འདི་ཉིད་ལ་ཡང་སྡུག་བསྔལ་ལ་རེག་པར་གནས་ཤིང་། འདི་ནས་ཤི་འཕོས་པ་རྣམས་ཀྱང་སེམས་ཅན་དམྱལ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དགེ་སློང་རྣམས་ཀྱིས་བསམས་པ། གཅེར་བུ་པ་ཤེས་པ་ཅན་འདི་དད་པར་གྱུར་ཏོ་སྙམ་ནས་དེ་དག་གིས་དེ་ལ་སྨྲས་པ། ཤེས་པ་ཅན་ཇི་ལྟར་འཚོ་

དཀའ་བས་སོ། །དགེ་སློང་རྣམས་ཀྱི་ལྷུང་བཟེད་ཀྱི་ལྷག་མ་འདོད་དམ། དེས་བསམས་པ། གལ་ཏེ་དགེ་སློང་རྣམས་ཀྱི་ལྷུང་བཟེད་ཀྱི་ལྷག་མ་མ་ཟོས་ན་ལྟོགས་ཏེ་འཆི་བར་འགྱུར་རོ་སྙམ་ནས་དེས་སྨྲས་པ། འཚལ་ལོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཤེས་པ་ཅན་དགེ་སློང་དག་ཟན་ཟ་བའི་མིག་

ལམ་དུ་འདུག་ཅིག་དང་། ཁྱོད་ལ་ལྷུང་བཟེད་ཀྱི་ལྷག་མ་སྦྱིན་པར་འགྱུར་རོ། །དེ་དེར་འདུག་པ་དང་དགེ་སློང་རྣམས་ཀྱིས་དེ་ལ་ལྷུང་བཟེད་ཀྱི་ལྷག་མ་བྱིན་ནས་དེའི་སློང་ཕོར་ཁུར་བས་བྱུར་བུར་བྱས་སོ། །དེ་སློང་ཕོར་ཁུར་བས་བྱུར་བུར་བྱས་པ་ཐོགས་ཏེ། ཕྱིར་བྱུང་བ་དེ་དེད་དཔོན་གྱིས་མཐོང་ནས་སྨྲས་པ།

གཅེར་བུ་པ་ཁྱོད་ལ་ཁུར་བ་སུས་བྱིན་དེས་སྨྲས་པ། ཁྱོད་ཀྱི་ཡོན་གནས་ནི་དགེ་སློང་དེ་དག་ཡིན་ལ། དེ་དག་གི་ཡོན་གནས་ནི་ཁོ་བོ་ཡིན་ལ། ཁོ་བོ་ལ་དེ་དག་གིས་ཕུལ་ལོ། དེད་དཔོན་གྱིས་སྤྱོས་ཏེ་བཏང་བ་དང་། ལམ་དེ་ནས་འགྲོན་པ་དོན་མཐུན་ཚུར་འོང་བ་དག་ཅིག་གི་ཟླ་ལ་གཅེར་བུ་པ་ཞིག་འོང་བ་དེས་དེ་

Vol. 153 · folio 178b

མཐོང་ནས་སྨྲས་པ། ཤེས་པ་ཅན་ཉོད་པ་ཉོད་དམ། དེས་སྨྲས་པ་ཉོད་དོ། །གང་ནས་དེས་སྨྲས་པ། ཁྱིམ་བདག་སྒྲེ་བྱི་འདི་དག་ཁོ་བོ་ལ་སྟོབས་པར་བྱེད་དོ། །དེས་སྨྲས་པ། གཅེར་བུ་པ་ཁྱོད་ནི་བྱས་པ་མི་ཤེས་པ་ཡིན་ཏེ། འདི་དག་ཁྱོད་ཀྱི་ཁྱིམ་བདག་སྒྲེ་བྱི་དག་ཡིན་ནམ། དེ་དག་ལས་ནི་ལྔ་བརྒྱ་པའི་

ཚོགས་དག་ཡོངས་སུ་མྱ་ངན་ལས་འདས་པར་སྣང་གི་ཁྱོད་ཀྱིས་ཤེས་པ་ཅན་ནི་གཅིག་འགའ་ཡང་ཡོངས་སུ་མྱ་ངན་ལས་འདས་པར་མཐོང་ངམ་ཞེས་སྤྱོས་ཏེ་ཚིགས་སུ་བཅད་པ་དག་སྨྲས་པ། ངན་པ་ཅིའི་ཕྱིར་ས་ལ་འབྱིང་མི་བྱེད། །ཅིའི་ཕྱིར་ལྕེ་ཡང་ཚལ་པ་བརྒྱར་མི་འགས། །ཁྱོད་ཀྱི་ལུས་ལ་ཅི་

ཕྱིར་གསང་བ་དག །རྡོ་རྗེའི་སེར་བ་མདུང་ཐུང་མདའ་མི་འཕེན། །ཇི་ལྟར་སེང་གེའི་ལྷག་མ་ཟ་བའི་ཝ། །སེང་གེ་ཉིད་ལ་གསོད་པ་འདོད་པ་ལྟར། །དེ་བཞིན་ཁྱོད་ཀྱང་སྟོབས་བཅུའི་ཁྱོར་ཟས་ཟ། །སྟོབས་བཅུ་ཉིད་ལ་སྨོད་བྱེད་མ་འཕགས་པ། །གང་དུ་གང་ལ་ཉེས་པར་བསྟེན་བྱས་ན། །མི་ངན་འདྲིས་

འདྲ་འཚོ་བ་འཐོབ་པ་ལས། །དེ་ནི་ངེས་པར་མཛའ་བཤེས་དགྲ་རྣམས་ལ། །མཉམ་མཛད་བློ་ལྡན་ཐམས་ཅད་མཁྱེན་པ་ཡིན། །མི་རྣམས་གང་དག་བྱས་པ་མི་ཤེས་པ། །དེ་དག་ཁྱིམ་པས་ཤིན་ཏུ་ངན་པར་བསམ། །ཁྱི་ཡང་མི་ལ་བྱས་པ་ཤེས་སྣང་ན། །སྦྲུལ་འདྲའི་མི་དག་དུག་ནི་གཏོང་བར་བྱེད། འདི་

ནི་རེ་ཞིག་བྱུང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ། །བཅས་པའི་གླེང་གཞི་ནི་བཅོམ་ལྡན་འདས་ཀོ་ས་ལ་དག་ཏུ་ལྗོངས་རྒྱུ་ཞིང་གཤེགས་པ་ན་མཉན་ཡོད་དུ་བྱོན་ཏོ། །མཉན་ཡོད་ན་སྐྱེད་མོས་ཚལ་ཞིག་ན་

ཡུགས་ས་མོ་ལྔ་བརྒྱ་ཙམ་དོག་པ་འཁལ་ཞིང་འཁོད་པ་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་གཟུགས་བརྒྱན་ཅིང་གསལ་བ་ལ་སོགས་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་ལྟ་སྟེ་དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་

པོར་སངས་རྒྱས་མཐོང་བ་ན་སེམས་ཉམས་བདེ་བ་སྐྱེད་པར་བྱེད་པ་དེ་ལྟར་ནི་ལོ་བཅུ་གཉིས་སུ་ཞི་གནས་ཀྱི་སེམས་གོམས་པར་བྱས་པ་དང་། དབུལ་པོས་གཏེར་མཐོང་བ་དང་། བུད་མེད་བུ་ཐོབ་པ་དང་། རྒྱལ་སྲིད་ལ་མངོན་པར་དགའ་བ་རྒྱལ་སྲིད་ལ་དབང་བསྐུར་བ་ཡང་སེམས་ཉམས་བདེ་བ་

Vol. 153 · folio 179a

སྐྱེད་པར་མི་བྱེད་པས། དེ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འཁོད་དོ། །མཐའ་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གི་བསམ་པ་དང་། བག་ལ་ཉལ་དང་།

ཁམས་དང་རང་བཞིན་ཐུགས་སུ་ཆུད་ནས་ཅི་ནས་ཀྱང་དེ་དག་གིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་པར་གྱུར་པ་དེ་ལྟར་ཆོས་བསྟན་པ་མཛད་པས་དེ་དག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པོ། །དེ་དག་གིས་

བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་སང་བདག་གི་གདུགས་ཚོད་གསོལ་བར་ཅི་གནང་ཞེས་སྤྱན་དྲངས་ནས་གནང་བ་དང་། ཀཱར་ཥཱ་པ་ཎ་དག་ཁྱེར་ཏེ་ཚེ་དང་ལྡན་པ་ཀུན་དགའ་བོའི་གན་དུ་སོང་ནས་སྨྲས་པ། བཙུན་པ་ཀུན་དགའ་བོ་བདག་ཅག་ལ་སྣོད་སྤྱད་དང་མི་བླས་དང་གནས་མལ་གྱི་འབྱོར་པ་

མ་མཆིས་ཀྱི། ཁྱེད་ཀྱིས་ཀཱར་ཥཱ་པ་ཎ་འདི་དག་གིས་ཞལ་ཟས་སྟ་གོན་བགྱིད་དུ་གསོལ་ཅིག་དང་། བདག་ཅག་མཆིས་ཏེ་བྲིམ་པར་བགྱིའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཁྱིམ་བདག་ཁྱོད་ཀྱིས་འདི་དག་དང་བདག་ཉིད་ཀྱིས་ཀཱར་ཥཱ་པ་ཎ་གཞན་དག་བསྲེས་ཏེ་ཞལ་ཟས་བསོད་

པ་སྟ་གོན་གྱིས་ལ་འདིར་སྐུར་ཅིག་ཅེས་སྨྲས་སོ། །དེས་དེ་ལྟར་བྱས་ནས་རྒྱལ་བྱེད་ཀྱི་ཚལ་དུ་བསྐུར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོས་རིགས་ཀྱི་བུ་མོ་དེ་དག་ལ་ཞལ་ཟས་ལྟ་གོན་བྱས་ཀྱི་ཚུར་གཤེགས་ལ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བྲིམས་ཤིག་ཅེས་སྤྲིང་བ་དང་། དེ་དག་

ལྷགས་ཏེ་སྨྲས་པ། བཙུན་པ་ཀུན་དགའ་བོ་ཁྱོད་བདག་ཅག་གི་དགེ་བའི་བཤེས་གཉེན་ལགས་ཀྱི་ཚུར་སྤྱོན་ཁྱེད་ཀྱིས་ཀྱང་བྲིམ་དུ་གསོལ། ཚེ་དང་ལྡན་པ་ཀུན་དགའ་བོས་བྲིམས་པར་བརྩམས་པ་དང་དེར་གཅེར་བུ་མ་རྒན་གཞོན་གཉིས་ཤིག་འོངས་ཏེ་དེ་གཉིས་ཀྱིས་ཁྱིམ་བདག་མོ་དེ་དག་

ལ་ཟས་བསླངས་པ་ན་དེ་དག་གིས་སྨྲས་པ། ཟས་འདི་ནི་རྒྱལ་བུ་འདིའི་ཡིན་ནོ། །གཅེར་བུ་མ་དེ་གཉིས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བསླངས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་མ་བསམས་པར་བྲིམས་པ་ན་རྒན་མོ་ལ་ནི་ཁུར་བ་གཅིག་བྱིན། གཞོན་ནུ་མ་ལ་ནི་ཁུར་བ་གཉིས་བྱིན་

Vol. 153 · folio 179b

ནས། རྒན་མོས་སྨྲས་པ། གཞོན་ནུ་མ་ཁྱོད་རྒྱལ་བུ་འདིས་ཁྱོད་དོན་དུ་གཉེར་གྱི་སྟ་གོན་གྱིས་ཤིག་ཅེས་ཟེར་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་གཅེར་བུ་པ་དང་། གཅེར་བུ་མ་ཀུན་དུ་རྒྱུ་དང་། ཀུན་དུ་རྒྱུ་མོ་ལ་རང་གི་ལག་ནས་བཅའ་བ་དང་བཟའ་བ་སྦྱོར་བར་བྱེད་ཅེས་སྨོད་པར་བྱེད།

ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་ནས། མི་བརྩོན་པ་དང་།

མི་སྦྱོར་བ་དང་། མ་བརྟགས་པར་སྤྱོད་པ་རྣམ་པར་སྨད་དེ། བརྩོན་པ་དང་། སྤྱོད་པ་དང་། བརྟགས་ཏེ་སྤྱོད་པའི་བསྔགས་པ་བརྗོད་ནས་བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་

སློང་གང་གཅེར་བུ་པའམ། གཅེར་བུ་མ་ཀུན་དུ་རྒྱུའམ། ཀུན་དུ་རྒྱུ་མོ་ལ་རང་གི་ལག་ནས་བཅའ་བ་དང་བཟའ་བ་སྦྱིན་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་ཚེ་དང་ལྡན་པ་ཀུན་དགའ་བོ། ཉོན་མོངས་པ་ནི་མ་བརྟགས་པར་སྤྱོད་པ། ཉེས་པ་ནི་གཅེར་བུ་པ་ལ་

རང་གི་ལག་ནས་ཟས་སྦྱིན་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །གཅེར་བུ་པའམ་གཅེར་བུ་མ་ཀུན་དུ་རྒྱུའམ་ཀུན་དུ་རྒྱུ་མོ་ལ་ཞེས་བྱ་བ་ནི་རྟགས་འདི་པ་དང་རབ་ཏུ་བྱུང་བ་འདི་མེད་པ་ལ་བྱའོ། །རང་གི་ལག་ནས་ཞེས་བྱ་བ་ནི་ལག་པས་ལག་པར་རོ། །བཅའ་བ་དང་བཟའ་བ་

ཞེས་བྱ་བ་ནི་བཅའ་བ་ལྔ་པོ་དང་བཟའ་བ་ལྔ་པོ་དག་གོ། །སྦྱིན་ན་ཞེས་བྱ་བ་ནི་བསམ་མི་དགོས་པར་རོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་།

བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་གཅེར་བུ་པ་ཕོ་ཡང་རུང་མོ་ཡང་རུང་བ་རྟགས་འདི་དང་། རབ་ཏུ་བྱུང་བ་འདི་མེད་པར་ཉེ་དུ་དང་

Vol. 153 · folio 180a

རབ་ཏུ་བྱུང་བ་ལ་ལྟོས་པ་དང་ནད་པ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དང་འབྲལ་བ་ཉིད་མ་གཏོགས་པ་ལ་རང་གི་ལག་ནས་བཅའ་བ་དང་། བཟའ་བ་རང་དང་དེ་ལ་རུང་བ་དག་དེའི་ལུས་སམ་ལུས་དང་འབྲེལ་པར་སྦྱིན་ན་གཅེར་བུ་ལ་སྦྱིན་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །

གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་གཅེར་བུ་ཕོ་ཡང་རུང་མོ་ཡང་རུང་བརྟགས་འདི་དང་རབ་ཏུ་བྱུང་བ་འདི་མེད་པ་ལ་ན་སྨད་པ་མེད་དོ། །ཉེ་དུ་དང་རབ་ཏུ་བྱུང་བ་ལ་ལྟོས་པ་དང་། ནད་པ་དང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དང་དབྲལ་བ་ཉིད་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །རང་གིས་སྦྱིན་པ་ལ་ན་སྨད་པ་

མེད་དོ། །ཟས་བཅའ་བ་ལྔ་དང་བཟའ་བ་ལྔའི་ཁོངས་སུ་གཏོགས་པ་རང་དང་དེ་ལ་རུང་བ་དེ་དག་ལ་ན་སྨད་པ་མེད་དོ། །དེའི་ལུས་སམ་ལུས་དང་འབྲེལ་པར་སྦྱིན་པ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་དང་རང་གིས་སྦྱིན་པ་དང་ཟས་དུས་སུ་རུང་བ་དག་གོ། །

འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། གཞན་མུ་སྟེགས་ཅན་གྱི་རབ་ཏུ་བྱུང་བ་གཅེར་བུ་ཕོ་ཡང་རུང་མོ་ཡང་རུང་བ་རྟགས་འདི་དང་རབ་ཏུ་བྱུང་བ་འདི་མེད་པ་ཉེ་དུ་དང་རབ་ཏུ་བྱུང་བ་ལ་ལྟོས་པ་དང་། ནད་པ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དང་དབྲལ་བ་ཉིད་མ་གཏོགས་པ་དང་རང་གིས་

སྦྱིན་པ་དང་། ཟས་རུང་བ་དག་གོ། །གཉི་ག་ལ་རུང་བ་ཉིད་དང་། དེའི་ལུས་དང་ལུས་འབྲེལ་པར་སྦྱིན་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ། ཅི་སྲིད་དུ་གཅེར་བུ་པ་ལ་སྦྱིན་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་

བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ཟས་བཅའ་བ་ལྔ་དང་བཟའ་བ་ལྔ་མ་ཡིན་པ་ལ་ཉེས་བྱས་སོ། །རང་དང་དེ་ལ་མི་རུང་བའི་ཟས་ལ་ཉེས་བྱས་སོ། །གཞན་སྦྱིན་དུ་འཇུག་པ་ལ་ཉེས་བྱས་སོ། །རང་གི་ཞལ་ཏ་བྱས་པ་ལ་ཉེས་བྱས་སོ། །ལུས་

སམ་དེ་དང་འབྲེལ་པ་ལས་གཞན་པའི་ཕྱོགས་སུ་བགོ་བཤའ་བྱེད་པའི་ཚུལ་གྱིས་འཇོག་པ་ལ་ཉེས་བྱས་སོ། །གཅེར་བུ་པ་ལས་གཞན་པའི་མུ་སྟེགས་ཅན་དག་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་

Vol. 153 · folio 180b

སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ། ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་རྟགས་འདི་དང་རབ་ཏུ་བྱུང་བ་འདི་ཡོད་པ་ལ་ལྟུང་བ་མེད་དོ། །ཉེ་དུ་དང་རབ་ཏུ་བྱུང་བ་ལ་ལྟོས་པ་དང་། ནད་པ་དང་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དང་། དབྲལ་བར་འདོད་པ་ལ་ལྟུང་བ་མེད་དོ། །ཟས་དུམ་བུར་བྱས་ནས་སྦྱིན་ན་སྦྱིན་དུ་འཇུག་པ་ལ་ལྟུང་བ་མེད་དོ། །

གཞན་པའི་བློས་གདོལ་བ་བཞིན་དུ་གཞན་འཇོག་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་གཅེར་བུ་ལ་སྦྱིན་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་

བྱའོ། །མི་བརྩོན་པ་དང་མི་སྦྱོར་བ་དང་མ་བརྟགས་པར་སྤྱོད་པ་སྤང་བར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །གཅེར་བུ་པ་ལ་སྦྱིན་པའི་ལྟུང་བྱེད་དེ། བཞི་བཅུ་བཞི་པ་བཤད་ཟིན་ཏོ།། །།དམག་ལ་ལྟ་བའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་

མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་རི་བྲགས་པ་ཞིག་ལོག་ནས་དེར་རུ་བ་གཅིག་བཏང་བ་དང་། བཅོམ་ཞིང་རབ་ཏུ་བཅོམ་སྟེ་ཕྱིར་འོངས་སོ། །རུ་བ་གཉིས་པ་དང་། གསུམ་པ་བཏང་བ་དང་། དེ་ཡང་བཅོམ་ཞིང་རབ་ཏུ་བཅོམ་སྟེ་ཕྱིར་འོངས་ཏེ། ཀོ་ས་

ལའི་རྒྱལ་པོ་གསལ་རྒྱལ་གྱིས་ངའི་གཡུལ་ན་མཚོན་གྱིས་འཚོ་བ་གང་དག་འཁོད་པ་དེ་དག་ཐམས་ཅད་འདོང་བར་བྱའོ་ཞེས་དྲིལ་བསྒྲགས་པ་བྱེད་དུ་བཅུག་སྟེ། རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་བཅས་ཏེ་འཕགས་པ་དང་། དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་གསུས་པོ་ཆེའི་དཔུང་གི་

ཚོགས་ཡན་ལག་བཞི་པ་ཅི་འདྲ་བ་བལྟས་འདོང་ངོ་ཞེས་དེ་དག་ལམ་ཀར་དོང་སྟེ་འཁོད་པ་དང་། ཅི་ཙམ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་དཔུང་གི་ཚོགས་ཡན་ལག་བཞི་པ་དག་འོངས་ནས་དྲུག་སྡེ་དག་གིས་དེ་དག་ལ་སྨྲས་པ། ཤེས་ལྡན་དག་གར་འདོང་། འཕགས་པ་དག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་རི་

བྲགས་པ་ཞིག་ལོག་པ་དེ་འབེབས་སུ་མཆིའོ། །དྲུག་སྡེ་དག་གིས་སྨྲས་པ། བཀྲེན་པ་དག་དཔུང་གི་ཚོགས་འདི་ལྟ་བུ་དག་གིས་རི་བྲགས་པ་ཕེབས་པར་འགྱུར་རམ། ཁྱེད་ཀྱི་གླང་པོ་ཆེ་འདི་དག་ནི་ཕག་འདྲ་ལ། རི་བྲགས་པའི་གླང་པོ་ཆེ་དག་ནི་རི་བོ་བརྩེགས་པ་འདྲའོ། །ཁྱོད་ཀྱི་རྟ་འདི་དག་ནི་བོང་

Vol. 153 · folio 181a

བུ་འདྲ་ལ། རི་བྲགས་པའི་རྟ་དག་ནི་གླང་པོ་ཆེའི་ཕྲུ་གུ་འདྲའོ། །ཁྱེད་ཀྱི་ཤིང་རྟ་འདི་དག་ནི་ཤིང་རྟ་ཞིག་པ་འདྲ་ལ། རི་བྲགས་པའི་ཤིང་རྟ་དག་ནི་གཞལ་མེད་ཁང་འདྲའོ། །ཁྱེད་ཀྱི་མི་འདི་དག་ནི་རྩྭ་མི་འདྲ་ལ། རི་བྲགས་པའི་མི་དག་ནི་གནོད་སྦྱིན་གདུག་པ་དང་འདྲ་བས་ཁྱེད་ཅག་ཕར་འགྲོ་བ་

ཡོད་ཀྱང་ཕྱིར་ལྡོག་པ་མེད་ཀྱི། ཕྱིར་དེང་ལ་ཕ་མ་དག་ལ་ཏིལ་གྱི་ཆུ་བྱིན་ལ་གཟོད་དེང་ཤིག །དེ་དག་མཐའ་གཅིག་ཏུ་དོང་སྟེ་སེམས་ཁོང་དུ་ཆུད་ཅིང་འཁོད་དོ། །ཅི་ཙམ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འོངས་ནས་དེས་སྨྲས་པ། ཁྱེད་ཅག་ཅིའི་ཕྱིར་མི་འདོང་བར་མཐའ་གཅིག་ཏུ་དོང་སྟེ་སེམས་ཁོང་དུ་ཆུད་ཅིང་

འཁོད། དེ་དག་གིས་སྨྲས་པ། ལྷ་བདག་ཅག་རྒྱལ་བར་ག་ལ་འགྱུར་འདི་ལྟར་དགེ་སྦྱོང་མགོ་རེག་རས་ཡུག་ཆེན་གླེགས་པ་འཚལ་བ་འདི་དག་མི་མཆི་དགུ་མཆིའོ། །གང་དག་འཕགས་པ་དྲུག་སྡེ་དག་གོ། །ཤེས་ལྡན་དག་དེ་དག་ནི་དགེ་སྦྱོང་ཧྲལ་པོ་དག་ཡིན་པས། དེ་དག་གིས་སྨྲས་པ། ཁྱེད་ལ་ཅི་གནོད་

དེང་ཤིག །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བསམས་པ། འདི་དག་ཡང་དང་ཡང་དུ་བདག་ལ་ཐོ་འཚམས་པར་འགྱུར་རོ་སྙམ་དུ་རིག་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མི་ཞིག་ལས་འཕྲིན་གྱིས་བསྙུན་གསོལ་ཏེ། བཙུན་པ་འཕགས་པ་འདི་དག་དམག་ཆས་པ་ལ་ལྟར་མཆི་ན། ཀྱེ་མ་བཅོམ་ལྡན་འདས་

ཀྱིས་ཐུགས་བརྩེ་བའི་སླད་དུ་གང་གི་འཕགས་པ་དག་དམག་ཆས་པ་ལ་ལྟར་མཆི་བར་མི་འགྱུར་བར་དྲན་པར་བགྱི་བ་ཅུང་ཞིག་བཅའ་བ་མཛད་ན་ལེགས་སོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་

སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་

འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དམག་ཆས་པ་ལ་ལྟར་འགྲོ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མ་དུལ་བ། ཉེས་པ་ནི་དམག་ཆས་པ་ལ་ལྟར་འགྲོ་བའོ། །དེ་ལ་ཡང་དགེ་སློང་གང་ཞེས་

Vol. 153 · folio 181b

བྱ་བ་ནི། དྲུག་སྡེ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དམག་ཅེས་བྱ་བ་ནི་དམག་ཡན་ལག་གཅིག་པ་ཡང་ཡོད། ཡན་ལག་གཉིས་པ་ཡང་ཡོད། ཡན་ལག་གསུམ་པ་ཡང་ཡོད། ཡན་ལག་བཞི་པ་ཡང་ཡོད་དོ། །དམག་ཡན་ལག་གཅིག་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་སོ། །དམག་

ཡན་ལག་གཉིས་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་སོ། །དམག་ཡན་ལག་གསུམ་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་སོ། །དམག་ཡན་ལག་བཞི་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་།

དཔུང་བུ་ཆུང་གི་ཚོགས་སོ། །ཆས་པར་ཞེས་བྱ་བ་ནི་གཡུལ་འགྱེད་པ་ལ་མངོན་པར་དགའ་བའོ། །ལྟར་འགྲོ་ན་ཞེས་བྱ་བ་ནི་ལྟད་མོ་ལྟར་འགྲོ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་

གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་རྒྱལ་པོ་དང་། བཙུན་མོ་དང་གཞོན་ནུ་དང་། ཞང་བློན་དང་ཁྲོམ་གྱི་རུ་སྣ་དང་གྲོང་རྡལ་གྱི་མི་དང་ལྗོངས་ཀྱི་མིས་

བཀུག་པ་དང་བར་ཆད་བྱུང་བའི་དབང་ཉིད་མ་གཏོགས་པས་གཡུལ་ལ་མངོན་པར་དགའ་བའི་དམག་ལ་ལྟ་བའི་དོན་ཉིད་ཀྱིས་འཕགས་པའི་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་མཐོང་ན་དམག་ལ་ལྟ་བའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་རྒྱལ་པོ་དང་བཙུན་མོ་དང་གཞོན་ནུ་མ་དང་ཞང་བློན་དང་།

ཁྲོམ་གྱི་རུ་སྣ་དང་གྲོང་རྡལ་གྱི་མི་དང་ལྗོངས་ཀྱི་མིས་དམག་གི་ནང་དུ་རང་དབང་མེད་པར་བཀུག་པ་ཉིད་མ་གཏོགས་པ་ལ་ན་སྨད་པ་མེད་དོ། །ཚུལ་ཁྲིམས་དང་། སྲོག་གི་བར་ཆད་ལ་སོགས་པ་གང་ཡང་རུང་བ་འགའ་ཞིག་ཉེ་བར་གྱུར་པའི་དབང་གིས་དེར་མི་འགྲོར་མི་རུང་བའི་བར་ཆད་བྱུང་བའི་དབང་ཉིད་

མ་གཏོགས་པ་ལ་ན་སྨད་པ་མེད་དོ། །གཡུལ་ལ་མངོན་པར་དགའ་བའི་དམག་ལ་ལྟ་བའི་དོན་ཉིད་ཀྱིས་མཐོང་བ་ལ་ན་སྨད་པ་མེད་དོ། །གནས་གང་ནས་འཕགས་པའི་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་མཐོང་བ་ལ་ན་སྨད་པ་མེད་དོ། །འདིར་ཡང་ཉེ་འཁོར་ནི་སྔར་ཆོས་གོས་ཀྱི་མཚམས་ཀྱི་ཉེ་འཁོར་

Vol. 153 · folio 182a

བསྟན་པ་དག་ཉིད་ཡིན་པར་རིག་པར་བྱའོ། །འདིའི་བྱེད་པ་པོ་ནི་གཡུལ་ལ་མངོན་པར་དགའ་བའི་དམག་ལ་ལྟ་བའི་དོན་ཉིད་ཀྱིས་འཕགས་པའི་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་མཐོང་བའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་རྒྱལ་པོ་དང་བཙུན་མོ་དང་གཞོན་

ནུ་དང་ཞང་བློན་དང་ཁྲོམ་གྱི་རུ་སྣ་དང་གྲོང་རྡལ་གྱི་མི་དང་ལྗོངས་ཀྱི་མིས་བཀུག་པ་དང་། བར་ཆད་བྱུང་བའི་དབང་ཉིད་མ་གཏོགས་པ་དང་། གཡུལ་ལ་མངོན་པར་དགའ་བའི་དམག་ཉིད་དང་། ལྟ་བའི་དོན་ཉིད་དང་། འཕགས་པའི་ཉེ་འཁོར་གྱི་མཐའ་ལས་འདས་པ་དང་མཐོང་བའོ། །དེ་དག་ལས་ཡན་

ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ་ཅི་སྲིད་དུ་དམག་ལ་ལྟ་བའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །ལྟ་བའི་ཕྱིར་འགྲོ་ན་ཇི་སྲིད་དུ་མིག་གིས་མ་

མཐོང་གི་བར་དུ་ཉེས་བྱས་སོ། །ཉེ་འཁོར་གྱི་མཐའ་ལས་མ་འདས་པར་བཞིན་བསྒྱུར་བ་ཙམ་གྱིས་མཐོང་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་

བ་མེད་པ་ནི་དགེ་སློང་རྒྱལ་པོ་དང་བཙུན་མོ་དང་གཞོན་ནུ་དང་ཞང་བློན་དང་ཁྲོམ་གྱི་རུ་སྣ་དང་གྲོང་རྡལ་གྱི་མི་དང་། ལྗོངས་ཀྱི་མིས་རང་དབང་མེད་པར་བཀུག་པ་ལ་ལྟུང་བ་མེད་དོ། །བར་ཆད་བྱུང་བའི་དབང་ཉིད་ཀྱིས་སོང་སྟེ་མཐོང་བ་ལ་ལྟུང་བ་མེད་དོ། །གཡུལ་ལ་མངོན་པར་དགའ་བའི་དམག་ཉིད་མ་ཡིན་པ་ལ་ལྟུང་

བ་མེད་དོ། །ལྟ་བའི་དོན་ཉིད་མ་ཡིན་པ་ལ་གྱི་ན་མཐོང་སྟེ་མི་ལྟ་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་དམག་ལ་ལྟ་བའི་

ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །དགེ་སྦྱོང་གི་ཚུལ་མ་ཡིན་པ་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །དམག་ལ་ལྟ་བའི་ལྟུང་བྱེད་དེ་བཞི་བཅུ་ལྔ་པ་བཤད་ཟིན་ཏོ།། །།སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ། བམ་པོ་སུམ་

Vol. 153 · folio 182b

ཅུ་གཅིག་པ། དམག་གི་ནང་ན་གནས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །རི་བྲགས་པ་དེ་དེ་ལྟ་ན་ཡང་མི་ཕེབས་ནས་རྒྱལ་པོས་དེ་ཉིད་དུ་ཕྲུ་མ་བཏབ་སྟེ་འདུག་པ་དང་། བློན་པོ་རྣམས་ཀྱིས་སྨྲས་

པ། ལྷ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཅན་དབང་ཆེ་བར་གྲགས་པ་ལགས་པས་གལ་ཏེ་མཆིས་པར་གྱུར་ན་དེའི་མཐུས་རི་བྲགས་པ་འདི་ཕེབས་པར་འགྱུར་བ་གང་ལགས་པ་དེ་ལྟ་བུའི་གནས་མཆིས་པར་འགྱུར་གདའོ། །རྒྱལ་པོས་ཁྱིམ་བདག་མགོན་མེད་ཟས་སྦྱིན་

ལ་ཁྱིམ་བདག་མཐོང་བར་འདོད་དོ་ཞེས་ཡི་གེ་སྤྲིང་བ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་དེར་འོངས་སོ། །དེ་ལྟ་ན་ཡང་རི་བྲགས་པ་དེ་མ་ཕེབས་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་སྨྲས་པ། ཁྱིམ་བདག་ཁྱེའུ་དག་མི་དྲན་ནམ། ལྷ་ཁྱེའུ་དག་ནི་མི་

དྲན་ཏེ་འདི་ལྟར་འཕགས་པ་དག་མཐོང་བར་འཚལ་ལོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དགེ་འདུན་ལ་འཕགས་པ་དག་མཐོང་བར་འཚལ་ལོ་ཞེས་ཡི་གེ་སྤྲིང་བ་དང་། དགེ་སྐོས་ཀྱིས་དགེ་འདུན་གྱི་དབུས་སུ་ཡི་གེ་ཀླགས་ཏེ། གང་དེར་འགྲོ་བར་སྤྲོ་བ་དེས་ཚུལ་ཤིང་ལོང་ཤིག་ཅེས་ཚུལ་ཤིང་

བྲིམས་པ་དང་། དགེ་སློང་གནས་བརྟན་གནས་བརྟན་དག་གིས་སྨྲས་པ། ཁོ་བོ་ཅག་ནི་རྒན་པོ་སྦྱོར་མི་བཟོད་པ་དག་ཡིན་པས་དེར་འགྲོ་བར་མི་ནུས་སོ། །དགེ་སློང་གསར་བུ་གསར་བུ་དག་གིས་སྨྲས་པ། དེར་ཆོས་བསྟན་པར་བྱ་དགོས་ན་བདག་ཅག་ནི་ཐོས་པ་ཉུང་བ་ཡིན་པས་ཆོས་བསྟན་པར་མི་ནུས་ན།

དེར་ཆུ་བྲིམས་པར་བྱའམ། ཅི་བདག་ཅག་ཀྱང་དེར་འགྲོ་བར་མི་ནུས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ཇི་སྲིད་དུ་བཅོམ་ལྡན་འདས་བཞུགས་ཤིང་བདག་ཅག་གསོན་པ་དེ་སྲིད་དུ་བསྟན་པ་གནས་ལ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཤིང་བདག་ཅག་དུས་ལ་བབ་ན་བསྟན་པ་ནུབ་པར་

བརྗོད་པར་བྱ་སྟེ། ཇི་སྲིད་དུ་བདག་ཅག་གསོན་པ་དེ་སྲིད་དུ་བསྟན་པ་ལ་གཅེས་པ་བསྐྱེད་པར་བྱས། ཚུལ་ཤིང་བླང་ངོ་ཞེས་དེ་དག་གིས་ཚུལ་ཤིང་བླངས་ཏེ་དེར་དོང་ནས། རྒྱལ་པོ་ལ་ཆོས་བསྟན་པས་རྒྱལ་པོ་མངོན་པར་དད་པར་བྱས་སོ། །བཙུན་མོ་དང་གཞོན་ནུ་དག་དང་ཞང་བློན་དང་ཁྲོམ་གྱི་རུ་སྣ་དག་ལ་

Vol. 153 · folio 183a

ཡང་ཆོས་བསྟན་པས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མངོན་པར་དད་པར་བྱས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བློན་པོ་རྣམས་ལ་སྨྲས་པ། རི་བྲགས་པ་བསྐོར་དུ་འདོང་ངོ་ཞེས་དེ་དག་ལ་འཕགས་པ་དང་དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བདག་ཅག་གིས་ཡུན་ཇི་སྲིད་

དུ་གཞན་གྱི་སྤྱོད་ལམ་གྱིས་གནས་པར་བྱ། རང་གི་སྤྱོད་ལམ་གྱིས་གནས་པར་བྱའོ། །གསུས་པོ་ཆེའི་དམག་ཅི་འདྲ་བ་དེ་འདྲར་འདོང་ངོ་ཞེས་དེ་དག་ལམ་ཀར་དོང་སྟེ་འཁོད་པ་དང་ཅི་ཙམ་ན་དཔུང་གི་ཚོགས་ཡན་ལག་བཞི་པ་འོངས་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་ཤུལ་ཕྱེ་ཤིག་ཤུལ་ཕྱེ་ཤིག་

ཅི་བྱ། དཔུང་གི་ཚོགས་ཡན་ལག་བཞི་པ་མཆིའོ། །བཀྲེན་པ་དག་འདི་འདྲ་བ་དག་གླང་པོ་ཆེ་ཡིན་ནམ་ཕག་དང་འདྲའོ་ཞེས་དེ་དག་གིས་མཆེ་བ་དག་ནས་བཟུང་སྟེ་མཐའ་གཅིག་ཏུ་བོར་རོ། །འདི་འདྲ་བ་དག་རྟ་ཡིན་ནམ་བོང་བུ་དག་འདྲའོ་ཞེས་དེ་དག་གིས་དེ་དག་གི་མཇུག་མ་དག་ནས་བཟུང་སྟེ་མཐའ་གཅིག་ཏུ་བོར་

རོ། །འདི་འདྲ་བ་དག་ཤིང་རྟ་ཡིན་ནམ་ཤིང་རྟ་ཞིག་པ་དག་འདྲའོ་ཞེས་དེ་དག་གིས་དེ་དག་སྲོག་ཤིང་དག་ནས་བཟུང་སྟེ་མཐའ་གཅིག་ཏུ་བོར་རོ། །འདི་འདྲ་བ་ཞིག་མི་ཡིན་ནམ་རྩྭ་མི་དག་འདྲའོ་ཞེས་དེ་དག་གིས་དེ་དག་གི་གཉའ་བ་དག་ནས་བཟུང་སྟེ་མཐའ་གཅིག་ཏུ་བོར་ནས་དེ་དག་སེམས་ཁོང་དུ་ཆུད་ཅིང་འཁོད་དོ། །

ཅི་ཙམ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འོངས་ནས་དེས་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་ཁྱེད་ཅག་མི་འདོང་བར་སེམས་ཁོང་དུ་ཆུད་ཅིང་འཁོད། ལྷ་དག་བདག་ཅག་རྒྱལ་བར་ག་ལ་འགྱུར། འདི་ལྟར་དགེ་སྦྱོང་མགོ་རེག་རས་ཡུག་ཆེན་གླེགས་པ་འཚལ་བ་འདི་དག་མི་མཆི་དགུ་མཆིའོ། །གང་དག་འཕགས་པ་

དྲུག་སྡེ་དག་གོ། །ཤེས་ལྡན་དག་དེ་དག་ནི་དགེ་སྦྱོང་ཧྲལ་པོ་དག་ཡིན་པས་དེ་དག་གིས་སྨྲས་པ། ཁྱེད་ལ་ཅི་གནོད་དེང་ཤིག །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བསམས་པ། འདི་དག་ཡང་དང་ཡང་དུ་བདག་ལ་ཐོ་འཚམས་པར་འགྱུར་རོ་སྙམ་དུ་རིག་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་མི་ཞིག་ལ་འཕྲིན་གྱིས་

བསྙུན་གསོལ་ཏེ། བཙུན་པ་འཕགས་པ་འདི་དག་དམག་ཆས་པ་ལ་ལྟར་མཆིས་ནས་ཤིན་ཏུ་ཡུན་རིང་པོར་དམག་གི་ནང་ན་གནས་ན། ཀྱེ་མ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་གང་གིས་འཕགས་པ་དག་དམག་ཆས་པ་ལ་ལྟར་མཆིས་ནས་ཤིན་ཏུ་ཡུན་རིང་པོར་དམག་གི་ནང་ན་གནས་པར་མི་འགྱུར་བར་

Vol. 153 · folio 183b

བཅོམ་ལྡན་འདས་ཀྱིས་འཕགས་པ་རྣམས་ལ་དྲན་པར་བགྱི་བ་ཆུང་ཞིག་བཅའ་བ་མཛད་ན་ལེགས་སོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་

མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་

དམག་ཆས་པ་ལ་ལྟར་འགྲོ་བ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན། དེ་དགེ་སློང་དེས་དམག་དེའི་ནང་དུ་ཞག་གཉིས་ཚུན་ཆད་གནས་པར་བྱའོ། །དེ་ལས་ལྷག་པར་གནས་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མ་དུལ་བ། ཉེས་པ་ནི་ཤིན་ཏུ་ཡུན་རིང་པོར་

དམག་གི་ནང་ན་གནས་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དམག་ཅེས་བྱ་བ་ལ། དམག་ནི་ཡན་ལག་གཅིག་པ་ཡང་ཡོད་ལ། ཡན་ལག་གཉིས་པ་ཡང་ཡོད། ཡན་ལག་གསུམ་པ་ཡང་ཡོད། ཡན་ལག་བཞི་པ་ཡང་ཡོད་དོ། །དམག་ཡན་ལག་

གཅིག་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་སོ། །དམག་ཡན་ལག་གཉིས་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་སོ། །དམག་ཡན་ལག་གསུམ་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་སོ། །དམག་ཡན་ལག་བཞི་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་

དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་སོ། །ཆས་པ་ལ་ཞེས་བྱ་བ་ནི་གཡུལ་འགྱེད་པར་མངོན་པར་དགའ་བ་ལའོ། །ལྟར་འགྲོ་བ་ཞེས་བྱ་བ་ནི་རྒྱུ་གང་གིས་སོ། །དེ་ལྟ་བུའི་རྐྱེན་ཞིག་བྱུང་ན་ཞེས་བྱ་བ་ནི་རྒྱལ་པོ་དང་བཙུན་མོ་དང་གཞོན་ནུ་དང་ཞང་བློན་དང་། ཁྲོམ་གྱི་རུ་སྣ་དང་། གྲོང་

རྡལ་གྱི་མི་དང་ལྗོངས་ཀྱི་མིས་བཀུག་ནའོ། །དགེ་སློང་དེས་ཞེས་བྱ་བ་ནི་དགེ་སློང་གང་ཡིན་པ་དེས་སོ། །དམག་དེའི་ནང་དུ་ཞེས་བྱ་བ་ནི་དམག་ཆས་པ་དེའི་ནང་དུའོ། །ཞག་གཉིས་ཚུན་ཆད་གནས་པར་བྱའོ་ཞེས་བྱ་བ་ནི་ཞག་གཉིས་ཀྱི་མཐའ་ཚུན་ཆད་གནས་པར་བྱའོ། །དེ་ལས་ལྷག་པར་གནས་ན་ཞེས་བྱ་བ་ནི་དེ་

Vol. 153 · folio 184a

ལས་འདས་པར་གནས་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་

ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་རྒྱལ་པོ་དང་བཙུན་མོ་དང་། གཞོན་ནུ་དང་ཞང་བློན་དང་། ཁྲོམ་གྱི་རུ་སྣ་དང་གྲོང་རྡལ་གྱི་མི་དང་ལྗོངས་ཀྱི་མིས་བཀུག་པ་དང་། བར་ཆད་ཀྱི་དབང་ཉིད་བྱུང་ན་གཡུལ་ལ་མངོན་པར་དགའ་བའི་དམག་དེའི་ནང་དུ་ཉིན་མཚན་གཉིས་

ལས་ལྷག་པར་ཉིན་མཚན་གསུམ་པའི་སྐྱ་རེངས་དང་པོ་ཤར་བར་གནས་སམ། རྒྱལ་པོ་ལ་སོགས་པས་བཀུག་པ་དང་། བར་ཆད་ཀྱི་དབང་དེ་དག་མེད་པར་ལྟ་བའི་དོན་ཉིད་ཀྱིས་གཡུལ་ལ་མངོན་པར་དགའ་བའི་དམག་དེའི་ནང་དུ་ཉིན་མཚན་གསུམ་པའི་སྔ་མ་ཉིན་མཚན་གཅིག་དང་གཉིས་ཀྱི་མཐར་གནས་

ན་ཡང་དམག་གི་ནང་ན་གནས་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་རྒྱལ་པོ་དང་བཙུན་མོ་དང་གཞོན་ནུ་དང་ཞང་བློན་དང་། ཁྲོམ་གྱི་རུ་སྣ་དང་གྲོང་རྡལ་གྱི་མི་དང་ལྗོངས་ཀྱི་མིས་བཀུག་པ་དང་བར་ཆད་ཀྱི་དབང་ཉིད་ཡོད་དུ་ཟིན་ཡང་གཡུལ་ལ་མངོན་པར་དགའ་བའི་དམག་དེའི་ནང་དུ་ཉིན་མཚན་

གསུམ་པའི་སྐྱ་རེངས་དང་པོ་ཤར་བ་ལ་ན་སྨད་པ་མེད་དོ། །རྒྱལ་པོ་ལ་སོགས་པས་བཀུག་པ་དང་བར་ཆད་ཀྱི་དབང་དེ་དག་མེད་པར་ལྟ་བའི་དོན་ཉིད་ཀྱིས་གཡུལ་ལ་མངོན་པར་དགའ་བའི་དམག་དེའི་ནང་དུ་ཉིན་མཚན་གསུམ་པའི་སྔ་མ་ཉིན་མཚན་གཅིག་དང་གཉིས་ཀྱི་མཐར་གནས་པ་ལ་ཡང་དངོས་གཞི་རེ་

རེར་འགྱུར་བ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་རྒྱལ་པོ་ལ་སོགས་པས་བཀུག་པ་དང་། བར་ཆད་ཀྱི་དབང་དེ་དག་ཡོད་ན་གཡུལ་ལ་མངོན་པར་དགའ་བའི་དམག་གི་ནང་དུ་སྐྱ་རེངས་གསུམ་པ་ཤར་བ་དང་། དེ་དག་མེད་པར་དེར་ཞག་གཅིག་དང་གཉིས་ཀྱི་སྐྱ་རེངས་ཤར་བའོ། །འདི་ལ་ཡན་ལག་ལྔས་

དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་རྒྱལ་པོ་ལ་སོགས་པས་བཀུག་པ་དང་། བར་ཆད་ཀྱི་དབང་གིས་དགོས་པ་ཡོད་པ་དང་། གཡུལ་ལ་མངོན་པར་དགའ་བའི་དམག་ཉིད་དང་། དེར་སྐྱ་རེངས་གསུམ་པ་ཤར་བ་དང་། དགོས་པ་དེ་དག་མེད་པར་དེར་ཞག་གཅིག་གི་སྐྱ་རེངས་ཤར་བ་དང་། དགོས་པ་

Vol. 153 · folio 184b

དེ་དག་མེད་པར་དེར་ཞག་གཉིས་པའི་སྐྱ་རེངས་ཤར་བའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ་ཅི་སྲིད་དུ་དམག་གི་ནང་ན་གནས་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་

རེ་རེ་ལ་ཉེས་བྱས་རེ་རེའོ། །རྒྱལ་པོ་ལ་སོགས་པས་བཀུག་པ་དང་བར་ཆད་ཀྱི་དབང་དེ་དག་ཡོད་ན་ཉིན་མཚན་གཉིས་པ་ལས་འདས་པ་ཕན་ཆད་གསུམ་པའི་སྐྱ་རེངས་འཆར་ཀ་ཚུན་ཆད་དུ་ཉེས་བྱས་སོ། །དེ་དག་མེད་པར་ཉིན་མཚན་གཅིག་དང་གཉིས་ཀྱི་སྐྱ་རེངས་འཆར་ཀ་ཚུན་ཆད་དུ་ཡང་ཉེས་བྱས་སོ། །སྦྱོར་བའི་

སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་རྒྱལ་པོ་ལ་སོགས་པས་བཀུག་པ་དང་། བར་ཆད་ཀྱི་དབང་གིས་དགོས་པ་ཡོད་ན་ཞག་གཉིས་པའི་སྐྱ་རེངས་དང་པོ་ཤར་གྱི་བར་

དུ་དེར་གནས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་དམག་གི་ནང་ན་གནས་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་

པར་བསླབ་པར་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །དམག་གི་ནང་ན་གནས་པའི་ལྟུང་བྱེད་དེ་བཞི་བཅུ་དྲུག་པ་བཤད་ཟིན་ཏོ།། །།དཔུང་གི་ཡན་ལག་ཉམས་སུ་མྱོང་བར་བྱེད་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་

བ་ན་བཞུགས་སོ། །རི་བྲགས་པ་དེ་དེ་ལྟ་ན་ཡང་མ་ཕེབས་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་སྨྲས་པ། ཁྱིམ་བདག་ཁྱེའུ་དག་མི་དྲན་ནམ། ལྷ་ཁྱེའུ་དག་ནི་མི་དྲན་ཏེ། འདི་ལྟར་འཕགས་པ་དག་མཐོང་བར་འཚལ་ལོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་དགེ་འདུན་

ལ་འཕགས་པ་དག་མཐོང་བར་འཚལ་ལོ་ཞེས་ཡི་གེ་སྤྲིང་བ་དང་། དགེ་སྐོས་ཀྱིས་དགེ་འདུན་གྱི་མདུན་དུ་ཡི་གེ་ཀླགས་ཏེ། གང་དེར་འགྲོ་བར་སྤྲོ་བ་དེས་ཚུལ་ཤིང་ལོང་ཤིག་ཅེས་ཚུལ་ཤིང་བྲིམས་པ་དང་། དགེ་སློང་གནས་བརྟན་གནས་བརྟན་དག་གིས་སྨྲས་པ། ཁོ་བོ་ཅག་ནི་རྒན་པོ་སྦྱོར་མི་བཟོད་པ་དག་ཡིན་པས་

Vol. 153 · folio 185a

དེར་འགྲོ་མི་ནུས་སོ། །དགེ་སློང་གསར་བུ་གསར་བུ་དག་གིས་སྨྲས་པ། དེར་ཆོས་བསྟན་པར་བྱ་དགོས་ན། བདག་ཅག་ནི་ཐོས་པ་ཉུང་བ་ཡིན་པས་ཆོས་བསྟན་པར་ནི་མི་ནུས་ན། དེར་ཆུ་བྲིམ་པར་བྱ་བའམ་ཅི་བདག་ཅག་དེར་འགྲོ་མི་ནུས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ཇི་སྲིད་

དུ་བཅོམ་ལྡན་འདས་བཞུགས་ཤིང་བདག་ཅག་གསོན་པ་དེ་སྲིད་དུ་བསྟན་པ་གནས་ལ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཤིང་བདག་ཅག་དུས་ལ་བབ་ན་བསྟན་པ་ནུབ་པར་བརྗོད་པར་བྱ་སྟེ། ཅི་སྲིད་དུ་བདག་ཅག་གསོན་པ་དེ་སྲིད་དུ་བསྟན་པ་ལ་གཅེས་པ་བསྐྱེད་པར་བྱས་ཚུལ་ཤིང་བླང་ངོ་ཞེས་དེ་དག་གིས་

ཚུལ་ཤིང་བླངས་ཏེ་དེར་དོང་ནས་རྒྱལ་པོ་ལ་ཆོས་བསྟེན་པས། རྒྱལ་པོ་མངོན་པར་དད་པར་བྱས་སོ། །བཙུན་མོ་དང་གཞོན་ནུ་དང་། ཞང་བློན་དང་ཁྲོམ་གྱི་རུ་སྣ་དག་ལ་ཡང་ཆོས་བསྟན་པས་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མངོན་པར་དད་པར་བྱས་སོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བློན་པོ་རྣམས་ལ་སྨྲས་པ། དེང་

ལ་གཡུལ་ཤོམས་ཤིག་དང་རི་བྲགས་པ་བསྐོར་བར་བྱའོ། །དེ་དག་གིས་གཡུལ་བཤམ་པར་བརྩམས་པ་དང་། དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བདག་ཅག་གིས་ཡུན་ཇི་སྲིད་དུ་གཞན་གྱི་སྤྱོད་ལམ་གྱིས་གནས་པར་བྱས། རང་གི་སྤྱོད་ལམ་གྱིས་གནས་པར་བྱས། གསུས་པོ་ཆེའི་རྒྱལ་མཚན་གྱི་མཆོག་དང་

དཔུང་གི་མཆོག་དང་གཡུལ་བཀོད་ཅིང་བཤམས་པའི་དམག་ལ་ལྟ་བ་ཉམས་སུ་མྱོང་བར་བྱས་འདོང་ངོ་ཞེས་དེ་དག་གཡུལ་ཤོམ་པའི་ནང་དུ་དོང་སྟེ་དྲིས་པ། ཤེས་ལྡན་དག་ཅི་བྱེད། དེ་དག་གིས་སྨྲས་པ། འཕགས་པ་དག་བཀོད་པ་ཤོམ་མོ། །དྲུག་སྡེ་དག་གིས་སྨྲས་པ། བཀྲེན་པ་དག་གླང་པོ་ཆེ་བཅོས་མ་འདི་

ལྟ་བུ་དག་ཕྱོགས་འདིར་འཇོག་གམ། འདི་དག་སོལ་ཅིག་ཅེས་དེ་དག་གིས་མཆེ་བ་དག་ནས་བཟུང་སྟེ་མཐའ་གཅིག་ཏུ་བོར་རོ། །རྟ་ཐེང་པོ་འདི་ལྟ་བུ་དག་ཕྱོགས་འདིར་འཇོག་གམ་འདི་སོལ་ཅིག་ཅེས་དེ་དག་གིས་མཇུག་མ་དག་ནས་བཟུང་སྟེ་མཐའ་གཅིག་ཏུ་བོར་རོ། །ཤིང་རྟ་ཞིག་པ་འདི་ལྟ་བུ་འདི་དག་ཕྱོགས་འདིར་

འཇོག་གམ། འདི་སོལ་ཅིག་ཅེས་དག་གིས་དེ་དག་གི་སྲོག་ཤིང་དག་ནས་བཟུང་སྟེ་མཐའ་གཅིག་ཏུ་བོར་རོ། །མི་ཞར་བ་འདི་ལྟ་བུ་དག་ཕྱོགས་འདིར་འཇོག་གམ། འདི་སོལ་ཅིག་ཅེས་དེ་དག་གིས་དེ་དག་གི་གཉའ་བ་ནས་བཟུང་སྟེ་མཐའ་གཅིག་ཏུ་བོར་རོ། །དྲུག་སྡེ་དག་དེའི་མདུན་ལོགས་སུ་རི་བྲགས་པ་དང་། ཐག་མི་

Vol. 153 · folio 185b

རིང་བར་འཁོད་དེ་གླག་ཚོར་གྱི་སྒྲ་ཕྱུང་བ་དང་། དེ་དག་གིས་བསམས་པ། རི་བྲགས་པ་དག་རྫོང་ནས་རླུགས་ཏེ་བྱུང་ངོ་སྙམ་དུ་རིག་ནས་སྐྲག་ཅིང་སྔངས་ཏེ་འབྲོས་པར་བརྩམས་པ་དང་། དྲུག་སྡེ་དག་མྱུར་བ་མྱུར་བར་དོང་སྟེ། ཁྲོམ་གྱི་རུ་སྣའི་མདུན་དུ་འཁོད་དེ་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་འབྲོས། དེ་དག་གིས་སྨྲས་པ་

འཕགས་པ་དག་རི་བྲགས་པ་དག་རྫོང་ནས་རླུགས་ཏེ་བྱུང་ངོ་། །དྲུག་སྡེ་དག་གིས་སྨྲས་པ། བཀྲེན་པ་དག་དེ་ནི་ཁོ་བོ་ཅག་གིས་ཀུ་རེ་ཅུང་ཞིག་བྱས་པ་ཡིན་ཏེ། གལ་ཏེ་རི་བྲགས་པ་དག་གིས་ཁྱེད་ཅག་དེ་ལྟར་བྲེད་ངས་པར་ཤེས་ཤིང་རིག་པར་གྱུར་ན་ནང་པར་སྔ་བ་ཁོ་ནར་ཡང་ཁྱེད་ཅག་གཉའ་བ་དག་ནས་བཏགས་ཏེ་

རི་བྲགས་ཤིག་ཏུ་ཁྲིད་པར་འགྱུར་གྱི། མ་འཇིགས་པར་ཕྱིར་ལོག་ཤིག །དེ་དག་ཕྱོགས་གཅིག་ཏུ་དོང་སྟེ་སེམས་ཁོང་དུ་ཆུད་ཅིང་འཁོད་དོ། །ཅི་ཙམ་ན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་འོངས་ནས་དེས་སྨྲས་པ། ཤེས་ལྡན་དག་ཁྱེད་ཀྱིས་ད་དུང་ཡང་གཡུལ་གྱི་བཀོད་པ་མ་བཤམས་སམ། དེ་དག་གིས་སྨྲས་པ།

ལྷ་བདག་ཅག་རྒྱལ་བར་ག་ལ་འགྱུར། འདི་ལྟར་དགེ་སྦྱོང་མགོ་རེག་རས་ཡུག་ཆེན་གླེགས་པ་འཚལ་བ་འདི་དག་མཆིས་ནས་བདག་ཅག་ལ་ཐོ་འཚམས་ཤིང་མི་མཆི་དགུ་མཆིའོ། །གང་དག་འཕགས་པ་དྲུག་སྡེ་དག་གོ། །ཤེས་ལྡན་དག་དེ་དག་ནི་དགེ་སྦྱོང་ཧྲལ་པོ་དག་ཡིན་པས་དེ་དག་གིས་སྨྲས་པ་ཁྱེད་ལ་ཅི་གནོད། དེང་ལ་

གཡུལ་གྱི་བཀོད་པ་ཤོམས་ཤིག །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བསམས་པ། འདི་དག་ཡང་དང་ཡང་དུ་བདག་ལ་ཐོ་འཚམས་པར་འགྱུར་རོ་སྙམ་དུ་རིག་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མི་ཞིག་ལས་འཕྲིན་གྱིས་བསྙུན་གསོལ་ཏེ། བཙུན་པ་འཕགས་པ་འདི་དག་ཤིན་ཏུ་ཡུན་རིང་པོར་དམག་གི་ནང་ན་གནས་པའི་

ཚེ་ན་ཡང་བཤམས་པ་འཁྲུག་ཏུ་མཆི་ཞིང་རྒྱལ་མཚན་གྱི་མཆོག་དང་དཔུང་གི་མཆོག་དང་གཡུལ་བཤམས་པའི་དམག་ལ་ལྟ་བ་ཉམས་སུ་མྱོང་བར་བགྱིད་ན་ཀྱེ་མ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་གང་གིས་འཕགས་པ་དག་ཤིན་ཏུ་ཡུན་རིང་པོར་དམག་གི་ནང་ན་གནས་པའི་ཚེ་ཡང་བཤམས་པ་

འཁྲུག་ཏུ་མི་མཆི་ཞིང་། རྒྱལ་མཚན་གྱི་མཆོག་དང་། དཔུང་གི་མཆོག་དང་། གཡུལ་བཤམས་པའི་དམག་ལ་ལྟ་བ་ཉམས་སུ་མྱོང་བར་བགྱིད་པར་མི་འགྱུར་བར་བཅོམ་ལྡན་འདས་ཀྱིས་འཕགས་པ་རྣམས་ལ་དྲན་པར་བགྱི་བ་ཅུང་ཞིག་བཅའ་བ་མཛད་ན་ལེགས་སོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་

Vol. 153 · folio 186a

ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། དྲུག་སྡེ་དག་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་

གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་ཞག་གཉིས་དམག་དེའི་ནང་ན་གནས་པའི་ཚེ་ཡང་གལ་ཏེ་བཤམས་པ་འཁྲུག་ཏུ་འགྲོའམ། རྒྱལ་མཚན་གྱི་མཆོག་གམ།

དཔུང་གི་མཆོག་གམ། གཡུལ་བཤམས་པའི་དམག་ལ་ལྟ་བ་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་དྲུག་སྡེ། ཉོན་མོངས་པ་ནི་མ་དུལ་བ། ཉེས་པ་ནི་ཞག་གཉིས་དམག་དེའི་ནང་ན་གནས་པའི་ཚེ་ཡང་དཔུང་གི་ཡན་ལག་བཞི་ཉམས་སུ་མྱོང་བར་བྱེད་

པའོ། །དེ་ལ་དགེ་སློང་ཞེས་བྱ་བ་ནི་དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཞག་གཉིས་ཞེས་བྱ་བ་ནི་ཞག་གཉིས་ཚུན་ཆད་དོ། །དམག་ཅེས་བྱ་བ་ལ། དམག་ནི་ཡན་ལག་གཅིག་པ་ཡང་ཡོད། ཡན་ལག་གཉིས་པ་ཡང་ཡོད། ཡན་ལག་གསུམ་པ་ཡང་ཡོད། ཡན་ལག་བཞི་པ་ཡང་ཡོད་དོ། །དམག་

ཡན་ལག་གཅིག་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་སོ། །དམག་ཡན་ལག་གཉིས་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་སོ། །དམག་ཡན་ལག་གསུམ་པ་གང་ཞེ་ན། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་སོ། །དམག་ཡན་ལག་བཞི་པ་གང་ཞེ་ན། གླང་པོ་ཆེའི་

ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་སོ། །དེའི་ནང་ན་གནས་པའི་ཚེ་ཡང་ཞེས་བྱ་བ་ནི་འདུག་པའི་ཚེ་ཡང་ངོ་། །གལ་ཏེ་བཤམས་པ་འཁྲུག་ཏུ་འགྲོའམ་ཞེས་བྱ་བ་ནི་གཡུལ་ལ་ཆས་པ་འཁྲུག་ཏུ་འགྲོ་བའོ། །རྒྱལ་མཚན་གྱི་མཆོག་ཅེས་བྱ་བ་ནི་རྒྱལ་མཚན་རྣམ་པ་བཞི་སྟེ། ཁྱུ་མཆོག་

གི་རྒྱལ་མཚན་དང་། ཆུ་སྲིན་གྱི་རྒྱལ་མཚན་དང་། སེང་གེའི་རྒྱལ་མཚན་དང་། ཀླུའི་རྒྱལ་མཚན་ནོ། །དཔུང་གི་མཆོག་ཅེས་བྱ་བ་ནི་དཔུང་གི་ཚོགས་ཡན་ལག་བཞི་པ་སྟེ། གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་སོ། །གཡུལ་བཤམས་པའི་

Vol. 153 · folio 186b

དམག་ལ་ལྟ་བ་ཉམས་སུ་མྱོང་བར་བྱེད་ན་ཞེས་བྱ་བ་ནི་བཤམས་པ་ནི་རྣམ་པ་བཞི་སྟེ། འབྲུའི་ཁ་ལྟ་བུ་དང་། ཤིང་རྟའི་དབྱིབས་ལྟ་བུ་དང་ཟླ་གམ་གྱི་དབྱིབས་ལྟ་བུ་དང་། ནམ་མཁའ་ལྡིང་གི་དབྱིབས་ལྟ་བུའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་།

སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་བར་ཆད་ཀྱི་དབང་གིས་འགྲོ་བ་མ་ཡིན་པས་དཔུང་གི་ཡན་ལག་སྡུད་པའམ། སོ་སོ་བ་

སྟ་གོན་བྱས་པ་རྣམས་ཀྱི་དངོས་ཀྱི་རེག་པ་དང་། བཤམས་པ་དཀྲུགས་པ་དང་། ལྟ་བའི་ཕྱིར་འཕགས་ཤིང་ཉེ་འཁོར་གྱི་མཐའ་ལས་འདས་ཏེ། མཐོང་བ་ལྟ་བུ་ཉམས་སུ་མྱོང་ན་དཔུང་གི་ཡན་ལག་ཉམས་སུ་མྱོང་བར་བྱེད་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །དགེ་སློང་བར་ཆད་བརྒྱད་དང་། གནོད་པ་ཉེ་བར་

ཞི་བར་བྱ་བའི་དོན་དུ་འགྲོ་བ་ལ་སོགས་པ་མ་ཡིན་པ་ལ་ན་སྨད་པ་མེད་དོ། །གཡུལ་ལ་མངོན་པར་དགའ་བའི་དམག་གི་དཔུང་གི་ཡན་ལག་གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་དཔུང་བུ་ཆུང་དག་ལ་ན་སྨད་པ་མེད་དོ། །དཔུང་གི་ཡན་ལག་དེ་དག་བསྡུས་པའམ། སོ་སོ་བ་ལ་ན་སྨད་པ་མེད་དོ། །བསྡུས་པ་ཞེས་བྱ་བ་ནི་

རྒྱལ་མཚན་གྱི་མཆོག་དང་། དཔུང་གི་མཆོག་བསྡུས་པ་སྟེ། རྒྱལ་མཚན་གྱི་མཆོག་ནི་རྣམ་པ་བཞི་སྟེ། ཁྱུ་མཆོག་གི་རྒྱལ་མཚན་དང་། ཆུ་སྲིན་གྱི་རྒྱལ་མཚན་དང་། སེང་གེའི་རྒྱལ་མཚན་དང་། ཀླུའི་རྒྱལ་མཚན་ནོ། །དཔུང་གི་མཆོག་ཅེས་བྱ་བ་ནི་དཔུང་གི་ཚོགས་ཡན་ལག་བཞི་པ་སྟེ། གླང་པོ་ཆེའི་ཚོགས་

དང་། རྟ་པའི་ཚོགས་དང་། ཤིང་རྟ་པའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་སོ། །སོ་སོ་བ་ཞེས་བྱ་བ་ནི་གཡུལ་བཀོད་ཅིང་བཤམས་པའི་དམག་སོ་སོ་བ་སྟེ། གཡུལ་བཀོད་ཅིང་བཤམས་པ་ནི་རྣམ་པ་བཞི་སྟེ། འབྲུའི་ཁ་ལྟ་བུ་དང་། ཤིང་རྟའི་དབྱིབས་ལྟ་བུ་དང་། ཟླ་གམ་གྱི་རྣམ་པ་ལྟ་བུ་དང་། ནམ་

མཁའ་ལྡིང་གི་འདབ་མ་ལྟ་བུའོ། །དེ་ལ་འབྲུའི་ཁ་ལྟ་བུ་ཞེས་བྱ་བ་ནི་མདུན་དུ་ཡང་རུ་དངར། རྒྱབ་ཏུ་ཡང་རུ་དངར་ལ། དབུས་ན་རྒྱལ་པོ་འདུག་པའོ། །ཤིང་རྟའི་དབྱིབས་ལྟ་བུ་ཞེས་བྱ་བ་ནི་མདུན་དུ་ཡང་རུ་དངར། གློར་ཡང་རུ་དངར་ལ། རྒྱབ་ན་རྒྱལ་པོ་འདུག་པའོ། །ཟླ་གམ་གྱི་རྣམ་པ་ལྟ་བུ་ཞེས་བྱ་བ་ནི་མདུན་

Vol. 153 · folio 187a

དུ་ཡང་རུ་དངར། རྒྱབ་ཏུ་ཡང་རུ་དངར། གློར་ཡང་རུ་དངར་ལ། དབུས་ན་རྒྱལ་པོ་འདུག་པའོ། །ནམ་མཁའ་ལྡིང་གི་འདབ་མ་ལྟ་བུ་ཞེས་བྱ་བ་ནི་རྒྱབ་ཏུ་ཡང་རུ་དངར། གློར་ཡང་རུ་དངར་ལ། མདུན་ན་རྒྱལ་པོ་འདུག་པའོ། །དཔུང་གི་ཡན་ལག་བསྡུས་པའམ། སོ་སོ་བ་དེ་དག་སྟ་གོན་བྱས་པ་

རྣམས་ཀྱི་དངོས་ལ་ན་སྨད་པ་མེད་དོ། །སྟ་གོན་བྱས་པ་ཞེས་བྱ་བ་ནི་གླང་པོ་ཆེ་ལ་སོགས་པ་གོ་བསྐོན་པ་དང་། ཤིང་རྟ་བཤམས་པ་དང་། རྒྱལ་མཚན་བསྒྲེང་བ་དང་། གཞུ་བདུངས་པ་དང་། མདའ་མདེའུ་ཅན་བསྟར་བ་དང་། རལ་གྲི་ཕྱུང་བ་ཉིད་ལ་སོགས་པ་ཡིན་པར་རིག་པར་བྱའོ། །སྟ་གོན་བྱས་པ་རྣམས་ཀྱི་དངོས་ཞེས་བྱ་བ་

གང་ཞེ་ན། རེག་པ་དང་བཤམས་པ་དཀྲུགས་པ་དང་། ལྟ་བའི་ཕྱིར་འཕགས་ཤིང་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་མཐོང་བ་ལྟ་བུ་ནི་དངོས་དག་ཡིན་ནོ། །དངོས་དེ་དག་ལ་ལྟུང་བའི་དངོས་གཞི་ལ་ན་སྨད་པ་མེད་དོ། །རེག་པ་ཞེས་བྱ་བ་ནི་གླང་པོ་ཆེ་ལ་སོགས་པ་སྟ་གོན་བྱས་པ་རྣམས་ལ་རེག་པ་སྟེ། དཔུང་གི་ཡན་ལག་ལ་རེག་པ་

འདི་རིན་པོ་ཆེར་སྨོས་པ་ལ་རེག་པའི་ལྟུང་བྱེད་ལས་ཡུལ་གཞན་ཡིན་པར་རེག་པར་བྱའོ། །བཤམས་པ་དཀྲུགས་པ་ཞེས་བྱ་བ་ནི་གླང་པོ་ཆེ་ལ་སོགས་པ་གནས་ནས་བསྐྱོད་པའོ། །ལྟ་བའི་ཕྱིར་འཕགས་ཤིང་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་མཐོང་བ་ཞེས་བྱ་བ་ནི་དགེ་སློང་གིས་དཔུང་གི་ཡན་ལག་དག་ལྟ་བའི་ཕྱིར་གནས་

ནས་འཕགས་ཤིང་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་དཔུང་གི་ཡན་ལག་དག་མཐོང་བ་གང་ཡིན་པའོ། །ལྟ་བ་ནི་དངོས་དག་ཡིན་ནོ་ཞེས་བྱ་བ་ནི་རེག་པ་དག་དང་བཤམས་པ་དཀྲུགས་པ་དང་བལྟ་བའི་ཕྱིར་འཕགས་ཤིང་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་མཐོང་བ་ཞེས་བྱ་བ་རྣམ་པ་གསུམ་པོ་དེ་ལྟ་བུའི་དངོས་གཞིའི་ཁ་ན་

མ་ཐོ་བའི་རྒྱུར་གྱུར་པའི་དངོས་དག་ཡིན་པའོ། །དེ་ལྟ་བུ་ཉམས་སུ་མྱོང་བ་ལ་ན་སྨད་པ་མེད་དོ། །ཉམས་སུ་མྱོང་བ་ལ་སྦྱོར་བའི་ཉེས་བྱས་སུ་ན་སྨད་པའི་ཕྱིར་རོ། །འདིའི་བྱེད་པ་པོ་ནི་དགེ་སློང་བར་ཆད་ཀྱི་དབང་གིས་འགྲོ་བ་མ་ཡིན་པ་ལ་དཔུང་གི་ཡན་ལག་བསྡུས་པའམ། སོ་སོ་བ་སྟ་གོན་བྱས་པ་རྣམས་ཀྱི་དངོས་

བྱེད་པ་པོ་ཉིད་ཡིན་ནོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། དགེ་སློང་བར་ཆད་ཀྱི་དབང་གིས་འགྲོ་བ་མ་ཡིན་པ་དང་། དཔུང་གི་ཡན་ལག་བཞི་པོ་རྣམས་དང་བསྡུས་པའམ། སོ་སོ་བ་གང་ཡང་རུང་བ་དང་། སྟ་གོན་བྱས་པ་རྣམས་ཀྱི་དངོས་ལ་རེག་པ་དང་། བཤམས་པ་དཀྲུགས་པ་དང་།

Vol. 153 · folio 187b

ལྟ་བའི་ཕྱིར་འཕགས་ཤིང་ཉེ་འཁོར་གྱི་མཐའ་ལས་འདས་ཏེ་མཐོང་བ་ལྟ་བུ་གང་ཡང་རུང་བ་དང་དེ་དག་ཉམས་སུ་མྱོང་བའོ། །དགེ་སློང་དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ་ཅི་སྲིད་དུ་དཔུང་གི་ཡན་ལག་ཉམས་སུ་མྱོང་བར་བྱེད་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་

ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་པ་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །དཔུང་མ་ཆས་པ་ཉིད་ལ་ཉེས་བྱས་སོ། ཉམས་སུ་མ་མྱོང་བའི་སྦྱོར་བ་ལ་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཅི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་

སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་དགེ་སློང་བར་ཆད་ཀྱི་དབང་གིས་འགྲོ་བ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་

ལ་གནས་སྐབས་ཐམས་ཅད་དུ་དཔུང་གི་ཡན་ལག་ཉམས་སུ་མྱོང་བར་བྱེད་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །གླང་པོ་ཆེ་དང་། རྟ་དང་། བྱ་གག་དང་། བྱ་ལ་བ་ཀ་དང་། བྱ་བརྟ་ཀ་དང་། སྐྱེས་པ་དང་། བུད་མེད་འཐབ་པ་ལ་སོགས་པ་བྱ་བ་དང་། བྱེད་དུ་གཞུག་པ་དང་། བལྟ་

བར་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །དཔུང་གི་ཡན་ལག་ཉམས་སུ་མྱོང་བར་བྱེད་པའི་ལྟུང་བྱེད་དེ་བཞི་བཅུ་བདུན་པ་བཤད་ཟིན་ཏོ།། །།བརྡེག་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་

ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་པ་གཞོན་ནུ་བཅུ་བདུན་སྡེའི་ཚོགས་དག་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་པ་དེའི་ཚེ་ན། དེ་དག་དྲུག་སྡེ་དག་ལ་རྟེན་པར་བྱེད། བསྙེན་པར་བྱེད། བསྙེན་བཀུར་བྱེད་དོ། །དེ་ནས་འཆར་ཀས་སྨྲས་པ། བཅུ་བདུན་སྡེ་དག་

ཚུར་ཤེག །འདི་དང་འདི་གྱིས་ཤིག །དེ་དག་གིས་སྨྲས་པ། ཅི་ཁྱེད་ཁོ་བོ་ཅག་གི་སློབ་དཔོན་ནམ་མཁན་པོ་ཡིན་མི་བྱེད་དོ། །དེས་གླེན་པ་དག་ཁྱེད་གཞན་ཅི་ཞིག་བྱེད་ཅེས་དེ་དག་ལས་གཅིག་བརྡེགས་པ་དང་། དེ་དག་ཐམས་ཅད་ཀྱིས་བདག་ཅག་བརྡེགས་སོ། །བདག་ཅག་བརྡེགས་སོ་ཞེས་ཕྱི་རྒན་དུ་

Vol. 153 · folio 188a

འགྱེལ་ཏེ་ངུ་བར་བརྩམས་སོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་ཅིའི་ཕྱིར་གཞོན་ནུ་དག་ལ་རྡེག་པར་བྱེད། འཆར་ཀས་སྨྲས་པ། ཚེ་དང་ལྡན་པ་དག་ཁོ་བོས་གཅིག་བརྡེགས་པ་དང་ཐམས་ཅད་ས་ལ་འགྱེལ་ཏེ་ངུའོ། །དགེ་སློང་རྣམས་ཀྱིས་བཅུ་བདུན་སྡེ་དག་

ལ་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཅག་ལས་གཅིག་བརྡེགས་ན་ཅིའི་ཕྱིར་ཐམས་ཅད་ས་ལ་འགྱེལ་ཏེ་ངུ་། དེ་དག་གིས་སྨྲས་པ། གལ་ཏེ་མ་ངུས་ན་ཐམས་ཅད་ལ་བརྡེག་པར་འགྱུར་རོ་ཞེས་ཟེར་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་དགེ་སློང་

ལ་རྡེག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། འཆར་ཀ་ལ་རྨས་ནས། དགེ་སྦྱོང་

གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་

གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡི་མ་རངས་ནས་དགེ་སློང་ལ་རྡེག་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་ཞེ་སྡང་གི་ཀུན་དུ་སྦྱོར་བ། ཉེས་པ་ནི་དགེ་སློང་ལ་བརྡེག་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་

བྱ་བ་ནི་འཆར་ཀ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་ཞེས་བྱ་བ་ནི་ཁྲོས་ཤིང་འཁྲུགས་པའི་ཟིལ་གྱིས་མནན་ནས་སོ། །དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །རྡེག་ན་ཞེས་བྱ་བ་ནི་རྡེག་པར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་

ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་

Vol. 153 · folio 188b

གིས་རྙོག་པ་ཅན་གྱི་སེམས་ཉིད་ཀྱིས་དགེ་སློང་ཕ་རོལ་ལ་ལུས་སམ་དེས་འཕངས་པའམ། དེ་དང་འབྲེལ་པ་དང་གང་ཡང་རུང་བ་ན་ཐ་ན་རྐང་པའི་མཐེ་བོ་འམ་ཡུངས་ཀར་རམ་རྩྭ་དག་གིས་བརྡེགས་ན་རེག་པ་ཙམ་གྱིས་བརྡེག་སྤྱད་རེ་རེ་ལ་རྡེག་པའི་ལྟུང་བྱེད་ཀྱི་དངོས་གཞིར་འགྱུར་རོ། །རྙོག་པ་ཅན་གྱི་སེམས་ཁྲོས་

འཁྲུགས་རྔམ་པར་གྱུར་ཏེ། ཡི་མ་རངས་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དགེ་སློང་ཕ་རོལ་པོ་བརྡེག་པར་བྱ་བ་ཆོས་འདི་པ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་མཚན་དང་ལྟ་བ་མཐུན་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ལུས་སམ་དེས་འཕངས་པའམ་དེ་དང་འབྲེལ་པ་དག་གང་ཡང་རུང་བ་ལ་ན་

སྨད་པ་མེད་དོ། །ལུས་ཞེས་བྱ་བ་ནི་ནང་གི་ཟིན་པ་སྟེ། སོར་མོ་གཅིག་གམ་གཉིས་སམ་གསུམ་དང་བཞི་དང་ལྔའམ། ཁུ་ཚུར་དང་གྲུ་མོ་དང་ཕྲག་པ་དང་མགོ་དང་གློ་དང་རྒྱབ་དང་རྐེད་པ་དང་བརླ་དང་པུས་མོ་དང་རྗེ་ངར་ལ་སོགས་པས་སོ། །དེས་འཕངས་པ་ཞེས་བྱ་བ་ནི་ཕྱི་རོལ་དུ་འཕངས་པ་སྟེ། མདའ་དང་།

ལྕགས་མདའ་དང་། མདའ་ཕྱེད་ལྕགས་ལས་བྱས་པ་དང་། མདེའུ་སྟེའུ་ཁ་དང་། མདེའུ་བེའུ་སོ་ལྟ་བུ་དང་། མདེའུ་ཟུར་བཞི་མ་དང་། མདེའུ་ཀ་ར་བི་རའི་འདབ་མ་ལྟ་བུ་དང་། མདེའུ་བྱེ་སྙིང་མ་དང་། འཁོར་ལོ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདའ་བོ་ཆེ་དང་། མཚོན་རྩེ་གཅིག་པ་དང་། རྒྱ་ཤུག་གི་ཚི་གུ་

ལ་སོགས་པས་སོ། །དེ་དང་འབྲེལ་པ་ཞེས་བྱ་བ་ནི་དེ་གཉི་ག་དང་ལྡན་པ་སྟེ། རལ་གྲི་དང་། ཤང་ལང་དང་། རལ་གྲི་སོ་གཅིག་པ་དང་། རལ་གྲི་སོ་གཉིས་པ་དང་། མདུང་ཐུང་དང་། འཕང་མདུང་དང་། ཆུ་གྲི་དང་། རྩྭའི་ཉག་མ་ལ་སོགས་པས་སོ། །དེ་གསུམ་གྱི་མཐའ་བསྟན་པའི་ཕྱིར་ཐ་ན་རྐང་པའི་མཐེ་བོང་

དང་ཡུངས་ཀར་རམ་རྩྭ་དག་གིས་བརྡེགས་ན་ཞེས་བྱ་བ་སྨྲས་ཏེ། ནང་གི་ཟིན་པ་ཐ་ན་རྐང་པའི་མཐེ་བོའམ། ཕྱི་རོལ་དུ་འཕངས་པ་ཡུངས་ཀར་རམ། དེ་གཉིས་ག་དང་ལྡན་པ་ཐ་ན་རྩྭ་དག་གིས་བརྡེགས་པའམ། དེ་བས་ཀྱང་ཆེས་ཆུང་བའི་དངོས་པོས་བརྡེགས་ན་ཡང་ལྟུང་བ་ལ་ན་སྨད་པ་མེད་དོ། །ཅི་བརྡེགས་པའི་

འོག་ཏུ་གང་གི་ཚེ་སྣད་ཅིང་སྐྲངས་པར་གྱུར་པ་དེའི་ཚེ་ན་དངོས་གཞིར་འགྱུར་རོ། །འོན་ཏེ་རྡེག་པའི་ཚེ་ཉིད་ན་ཞེ་ན། དེའི་ཕྱིར་རེག་པ་ཙམ་གྱིས་ཞེས་བྱ་བ་སྨྲས་ཏེ། དེ་དག་གིས་ལུས་ལ་སོགས་པ་ལ་རེག་པ་ཙམ་ལ་ན་སྨད་པ་མེད་དོ། །ཅི་བརྡེག་སྤྱད་མང་པོ་ཡིན་ན་ཡང་ལྟུང་བྱེད་གཅིག་ཏུ་འགྱུར་རམ་ཞེ་ན།

Vol. 153 · folio 189a

མ་ཡིན་ཏེ། དེའི་ཕྱིར་བརྡེག་སྤྱད་རེ་རེ་ལ་ཞེས་བྱ་བ་སྨས་ཏེ། བརྡེག་སྤྱད་རེ་རེ་ལ་ལྟུང་བྱེད་རེ་རེར་འགྱུར་ཏེ། སོར་མོ་རེ་རེ་ལ་ལྟུང་བྱེད་རེ་རེ་དང་། ཡུངས་ཀར་འབྲུ་རེ་རེ་ལ་ལྟུང་བྱེད་རེ་རེ་དང་། རྩྭ་ཉག་རེ་རེ་ལ་ལྟུང་བྱེད་རེ་རེར་འགྱུར་བ་ལ་ལྟ་བུ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་ཕ་རོལ་པོ་

བརྡེག་པར་བྱ་བ་དགེ་སློང་ཉིད་དང་། བརྡེག་སྤྱད་གང་ཡང་རུང་བ་ཅི་སྙེད་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རྙོག་པ་ཅན་གྱི་སེམས་ཉིད་དང་། ཕ་རོལ་པོ་བརྡེག་པར་བྱ་བ་དགེ་སློང་ཉིད་དང་། བརྡེག་པ་ལུས་སམ་དེས་འཕངས་པའམ་དེ་དང་འབྲེལ་པར་གང་ཡང་རུང་བ་དང་བརྡེག་

སྤྱད་ཐ་ན་རྐང་པའི་མཐེ་བོང་ངམ་ཡུངས་ཀར་རམ། རྩྭ་བས་ཆུང་བ་གང་ཡང་རུང་བ་དང་ཐ་ན་ལུས་ལ་རེག་པ་དང་། དེ་དག་ལས་ཡན་ལག་མ་ཚང་ན་ཅི་རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ་ཅི་སྲིད་དུ་བརྡེག་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་

གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཡང་ཉེས་བྱས་རེ་རེའོ། །རྙོག་པ་ཅན་གྱི་སེམས་ཀྱིས་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་པ་ཉིད་མེད་པ་ལ་ཉེས་བྱས་སོ། །ཕ་རོལ་པོ་བརྡེག་པར་བྱ་བ་དགེ་སློང་ཉམས་པ་དང་། མ་ཆགས་པ་ལ་ཉེས་བྱས་སོ། །དགེ་སློང་མ་དང་ཆོས་འདི་

པའི་རབ་ཏུ་བྱུང་བ་ཕོ་མོ་བསྙེན་པར་མ་རྫོགས་པ་ལ་ཉེས་བྱས་སོ། །ཕ་རོལ་པོའི་རབ་ཏུ་བྱུང་བ་དང་ཁྱིམ་པ་མིའི་འགྲོ་བ་པ་ལ་ཉེས་བྱས་སོ། །མི་མ་ཡིན་པའི་འགྲོ་བ་དང་དུད་འགྲོ་ལ་ཉེས་བྱས་ན་སྨད་དོ། །མ་ཕོག་ན་ཉེས་བྱས་སོ། །རང་ལ་བརྡེགས་ན་ཉེས་བྱས་སོ། །ཀ་བ་དང་རྩིག་པ་དང་ས་དང་ཤིང་ལྗོན་པ་དང་། གཞན་

ལ་བརྡེགས་ན་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ་སྦྱོར་བ་ཇི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་བརྣངས་པ་དང་ཐལ་ལྕག་གི་རིག་སྔགས་སྒྲུབ་པར་བྱེད་པ་ལ་ལྟུང་བ་མེད་དོ། །དགོས་

པའི་དབང་གིས་ཤིང་གཤེགས་པ་དང་ས་བརྡུང་བ་ལ་སོགས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་བརྡེག་པའི་ལྟུང་བྱེད་དུ་འགྱུར་

Vol. 153 · folio 189b

བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །བརྡེག་པར་བྱ་བ་གཞན་ཡིན་ལ་གཞན་ལ་བརྡེག་པར་མི་བྱའོ། །ཀ་བ་ལ་བརྡེག་པར་མི་བྱའོ། །རྩིག་པ་དང་ཤིང་ལྗོན་པ་དང་སྒོ་གླེགས་ལ་སོགས་པ་གཞན་ལ་ཡང་བརྡེག་པར་མི་བྱའོ། །བྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །བརྡེག་པའི་ལྟུང་བྱེད་དེ་བཞི་

བཅུ་བརྒྱད་པ་བཤད་ཟིན་ཏོ།། །།གཟས་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཉེ་བ་འཁོར་ལ་སོགས་པ་སར་པ་སྐྱེས་ཕྲན་གཞོན་ནུ་

བཅུ་བདུན་སྡེའི་ཚོགས་དག་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་པ་དེའི་ཚེ་ན། དེ་དག་དྲུག་སྡེ་དག་ལ་རྟེན་པར་བྱེད། བསྙེན་པར་བྱེད། བསྙེན་བཀུར་བར་བྱེད་དོ། །དེ་ནས་འཆར་ཀས་སྨྲས་པ། བཅུ་བདུན་སྡེ་དག་ཚུར་ཤེག །འདི་དང་འདི་གྱིས་ཤིག །དེ་དག་གིས་སྨྲས་པ། ཅི་ཁྱེད་ཁོ་བོ་ཅག་

གི་སློབ་དཔོན་ཡིན་ནམ་མཁན་པོ་ཡིན། མི་བྱེད་དོ། །དེས་གླེན་པ་དག་ཁྱེད་གཞན་ཅི་ཞིག་བྱེད་ཅེས་དེ་དག་ལས་གཅིག་ལ་བརྡེག་པར་གཟས་པ་དང་། དེ་དག་ཐམས་ཅད་ཀྱིས་བདག་ཅག་ལ་བརྡེག་པར་གཟས་སོ། །བདག་ཅག་ལ་བརྡེག་པར་གཟས་སོ་ཞེས་ཕྱི་རྒན་དུ་འགྱེལ་ཏེ་ངུ་བར་བརྩམས་སོ། །དགེ་

སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་འཆར་ཀ་ཅིའི་ཕྱིར་གཞོན་ནུ་དག་ལ་བརྡེག་པར་གཟས། འཆར་ཀས་སྨྲས་པ་ཚེ་དང་ལྡན་པ་དག་ཁོ་བོས་གཅིག་ལ་བརྡེག་པར་གཟས་པ་དང་། ཐམས་ཅད་ས་ལ་འགྱེལ་ཏེ་ངུའོ། །དགེ་སློང་རྣམས་ཀྱིས་བཅུ་བདུན་སྡེ་དག་ལ་སྨྲས་པ། ཚེ་དང་ལྡན་པ་ཁྱེད་ཅག་ལས་གཅིག་ལ་

བརྡེག་པར་གཟས་ན་ཅིའི་ཕྱིར་ཐམས་ཅད་ས་ལ་འགྱེལ་ཏེ་ངུ་། དེ་དག་གིས་སྨྲས་པ། གལ་ཏེ་མ་ངུས་ན་གང་ཅིས་བརྡེག་གཏོལ་མེད་དོ་ཞེས་ཟེར་ནས་དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་དགེ་སློང་ལ་བརྡེག་པར་གཟས་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་

ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། འཆར་ཀ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་

Vol. 153 · folio 190a

པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ།

ཡང་དགེ་སློང་གང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་དགེ་སློང་ལ་བརྡེག་པར་གཟས་ན་ཐ་ན་ཐལ་མོས་ཀྱང་རུང་སྟེ་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་ནི་མཉན་ཡོད། གང་ཟག་ནི་འཆར་ཀ །ཉོན་མོངས་པ་ནི་ཞེ་སྡང་གི་ཀུན་དུ་སྦྱོར་བ། ཉེས་པ་ནི་དགེ་སློང་ལ་བརྡེག་པར་གཟས་པའོ། །དེ་ལ་ཡང་དགེ་

སློང་གང་ཞེས་བྱ་བ་ནི་འཆར་ཀའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ཡི་མ་རངས་ནས་ཞེས་བྱ་བ་ནི་ཁྲོས་ཤིང་ཁྲོ་བའི་ཟིལ་གྱིས་ནོན་ནས་སོ། །དགེ་སློང་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །བརྡེག་པར་གཟས་ན་ཞེས་བྱ་བ་ནི་བརྡེག་པར་བཤམས་ནའོ། །ཐ་ན་ཐལ་མོས་ཀྱང་སྟེ་ཞེས་

བྱ་བ་ནི་ཐ་ན་ཐལ་ལྕག་ཙམ་གཟས་ཀྱང་རུང་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཅི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་ཀྱིས་འདིའི་མཚན་

ཉིད་ཤེས་པར་བྱའོ། །སྔར་བརྡེགས་པའི་ལྟུང་བྱེད་བསྟན་པ་དང་། འདིར་གཟས་པའི་ལྟུང་བྱེད་བསྟན་པ་དེ་གཉིས་ཀྱི་སྤྱིའི་མཚན་ཉིད་ནི་འདྲའོ། །བྱེ་བྲག་ཏུ་སྔ་མ་ནི་བརྡེག་པའི་ཡུལ་ལ་རྣམ་པར་གཞག་གོ། །འདི་ནི་བརྡེག་པར་གཟས་པའི་ཡུལ་ལ་རྣམ་པར་གཞག་གོ། །དེ་ལ་འདིར་དངོས་གཞིའི་ལྟུང་

བ་རྣམ་པར་གཞག་པ་ནི་དགེ་སློང་གིས་རྙོག་པ་ཅན་གྱི་སེམས་ཉིད་ཀྱིས་དགེ་སློང་ཕ་རོལ་ལ་ལུས་སམ་དེས་འཕངས་པའམ་དེ་དང་འབྲེལ་བ་དག་གང་ཡང་རུང་བ་ཐ་ན་རྐང་པའི་མཐེ་བོའམ་ཡུངས་ཀར་རམ། རྩྭ་དག་གིས་བརྡེག་པར་གཟས་ན་གཟས་པ་ཙམ་གྱིས་རྫས་རེ་རེ་ལ་གཟས་པའི་ལྟུང་བྱེད་ཀྱི་དངོས་གཞིར་

འགྱུར་རོ། །རྙག་པ་ཅན་གྱི་སེམས་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡི་མ་རང་བ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །དགེ་སློང་ཕ་རོལ་པོས་བརྡེག་པར་གཟས་པ་ཆོས་འདི་པ་བསྙེན་པར་རྫོགས་པ་མ་ཉམས་པ་མཚན་དང་ལྟ་བ་མཐུན་པ་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ལུས་སམ་དེས་འཕངས་

Vol. 153 · folio 190b

པའམ། དེ་དང་འབྲེལ་པ་དག་གང་ཡང་རུང་བ་ལ་ན་སྨད་པ་མེད་དོ། །ལུས་ཞེས་བྱ་བ་ནི་ནང་གི་ཟིན་པ་སྟེ་སོར་མོ་གཅིག་གམ་གཉིས་སམ། གསུམ་དང་། བཞི་དང་། ལྔའམ། ཁུ་ཚུར་དང་། གྲུ་མོ་དང་། ཕྲག་པ་དང་། མགོ་དང་། གློ་དང་། རྒྱབ་དང་། རྐེད་པ་དང་། བརླ་དང་། པུས་མོ་དང་། རྗེ་ངར་ལ་སོགས་པའོ། །དེས་

འཕངས་པ་ཞེས་བྱ་བ་ནི་ཕྱི་རོལ་དུ་འཕངས་པ་སྟེ། མདའ་དང་ལྕགས་མདའ་དང་། མདའ་ཕྱེད་ལྕགས་ལས་བྱས་པ་དང་། མདེའུ་སྟེའུ་ཁ་དང་། མདེའུ་བེའུའི་སོ་ལྟ་བུ་དང་། མདེའུ་ཟུར་བཞི་མ་དང་། མདེའུ་ཀ་ར་བི་རའི་འདབ་མ་ལྟ་བུ་དང་། མདེའུ་བྱེའུ་སྙིང་མ་དང་། འཁོར་ལོ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདའ་བོ་ཆེ་དང་

མཚོན་རྩེ་གཅིག་པ་དང་། རྒྱ་ཤུག་གི་ཚི་གུ་ལ་སོགས་པའོ། །དེ་དང་འབྲེལ་པ་ཞེས་བྱ་བ་ནི་དེ་གཉི་ག་དང་ལྡན་པས་ཏེ་རལ་གྲི་དང་། ཤང་ལང་དང་། རལ་གྲི་སོ་གཅིག་པ་དང་། རལ་གྲི་སོ་གཉིས་པ་དང་། མདུང་དང་། འཕང་མདུང་དང་། ཆུ་གྲི་དང་། རྩྭའི་ཉག་མ་དང་། ཐུར་མའི་ཐག་པ་དང་། ཐག་པའི་ཆུན་པོ་ལ་

སོགས་པས་སོ། །དེ་གསུམ་གྱི་མཐའ་བསྟན་པའི་ཕྱིར། ཐ་ན་རྐང་པའི་མཐེ་བོའམ་ཡུངས་ཀར་རམ། རྩྭ་དག་གིས་བརྡེག་པར་གཟས་ན་ཞེས་བྱ་བ་སྨྲས་ཏེ། ནང་གི་ཟིན་པ་ཐ་ན་རྐང་པའི་མཐེ་བོའམ། ཕྱི་རོལ་དུ་འཕངས་པ་ཐ་ན་ཡུངས་ཀར་རམ། དེ་གཉི་ག་དང་ལྡན་པ་ཐ་ན་རྩྭ་དག་གིས་བརྡེག་པར་གཟས་སམ། དེ་

བས་ཀྱང་ཆེས་ཆུང་བའི་དངོས་པོས་བརྡེག་པར་གཟས་ན་ཡང་ལྟུང་བ་ལ་ན་སྨད་པ་མེད་དོ། །ཅི་བརྡེག་པར་གཟས་པའི་འོག་ཏུ་གང་གི་ཚེ་བསྣུན་ཅིང་ཕོག་པར་གྱུར་པ་དེའི་ཚེ་ན་དངོས་གཞིར་རོ། །འོན་ཏེ་བརྡེག་པར་གཟས་པའི་ཚེ་ཉིད་ན་ཞེ་ན། དེའི་ཕྱིར་གཟས་པ་ཙམ་གྱིས་ཞེས་བྱ་བ་སྨྲས་ཏེ། དེ་དག་གིས་ལུས་ལ་སོགས་

པ་ལ་བརྡེག་པར་གཟས་པ་ཙམ་ལ་ན་སྨད་པ་མེད་དོ། །ཅི་གཟས་པའི་སྤྱད་མང་པོ་ཉིད་ཡིན་ན་ཡང་ལྟུང་བྱེད་གཅིག་ཏུ་འགྱུར་རམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་རྫས་རེ་རེ་ལ་ཞེས་བྱ་བ་སྨོས་ཏེ། གཟས་པར་བྱ་བའི་རྫས་རེ་རེ་ལ་ལྟུང་བྱེད་རེ་རེར་འགྱུར་ཏེ། སོར་མོ་རེ་རེ་ལ་ལྟུང་བྱེད་རེ་རེ་དང་། ཡུངས་ཀར་འབྲུ་རེ་རེ་

ལ་ལྟུང་བྱེད་རེ་རེ་དང་། རྩྭ་ཉག་མ་རེ་རེ་ལ་ལྟུང་བྱེད་རེ་རེར་གྱུར་པ་ལྟ་བུ་ལ་ན་སྨད་པ་མེད་དོ། །འདིའི་བྱེད་པ་པོ་ནི་ཕ་རོལ་པོ་བརྡེག་པར་གཟས་པ་དགེ་སློང་ཉིད་དང་། གཟས་པའི་རྫས་གང་ཡང་རུང་བ་ཇི་སྙེད་པའོ། །འདི་ལ་ཡན་ལག་ལྔས་དངོས་གཞིའི་ལྟུང་བར་འགྱུར་ཏེ། རྙོག་པ་ཅན་གྱི་སེམས་ཉིད་དང་། ཕ་རོལ་

Vol. 153 · folio 191a

པོ་བརྡེག་པར་གཟས་པའི་དགེ་སློང་ཉིད་དང་། གཟས་པ་ལུས་སམ་དེས་འཕངས་པའམ། དེ་དང་འབྲེལ་པ་གང་ཡང་རུང་བ་དང་། གཟས་པའི་རྫས་ཐ་ན་རྐང་པའི་མཐེ་བོའམ། ཡུངས་ཀར་རམ་རྩྭ་བས་ཆུང་བ་གང་ཡང་རུང་བ་དང་། ཐ་ན་གཟས་པར་བརྩམས་པའོ། །དེ་དག་ལས་ཡན་ལག་མ་ཚང་ན་ཅི་

རིགས་པར་ན་སྨད་དོ། །སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཏེ་ཇི་སྲིད་དུ་གཟས་པའི་ལྟུང་བྱེད་ཀྱི་སྦྱོར་བ་བརྩམས་ནས་དངོས་གཞི་ལ་མ་ཐུག་གི་བར་དུ་ཉེས་བྱས་སོ། །དངོས་གཞི་ལ་སྦྱོར་བ་ཐ་དད་པ་ཇི་སྙེད་བརྩམས་པ་རེ་རེ་ལ་ཉེས་བྱས་རེ་རེའོ། །རྙོག་པ་ཅན་གྱི་སེམས་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། ཡི་མ་རངས་

པ་ཉིད་མེད་པ་ལ་ཉེས་བྱས་སོ། །ཕ་རོལ་པོས་བརྡེག་པར་གཟས་པ་དགེ་སློང་ཉམས་པ་དང་། མ་ཆགས་པ་ལ་ཉེས་བྱས་སོ། །དགེ་སློང་མ་དང་ཆོས་འདི་པའི་རབ་ཏུ་བྱུང་བ་ཕོ་མོས་བསྙེན་པར་མ་རྫོགས་པ་ལ་ཉེས་བྱས་སོ། །ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་ཁྱིམ་པ་མིའི་འགྲོ་བ་པ་ལ་ཉེས་བྱས་སོ། །མི་མ་ཡིན་

པའི་འགྲོ་བ་དང་། དུད་འགྲོ་ལ་ཉེས་བྱས་ན་སྨད་དོ། །རང་ལ་བརྡེག་པར་གཟས་ན་ཉེས་བྱས་སོ། །ཀ་བ་དང་རྩིག་པ་དང་ས་དང་ཤིང་ལྗོན་པ་དང་གཞན་ལ་ཡང་བརྡེག་པར་གཟས་ན་ཉེས་བྱས་སོ། །སྦྱོར་བའི་སྦྱོར་བའི་ལྟུང་བ་ནི་ཉེས་བྱས་ཕྲ་མོ་སྟེ། སྦྱོར་བ་ཅི་སྙེད་པ་ལ་སྦྱོར་བའི་སྦྱོར་བ་ཡང་དེ་སྙེད་དེ། སྦྱོར་བ་

ཉེས་བྱས་ཀྱི་སྦྱོར་བའི་སྦྱོར་བ་ཡང་ཉེས་བྱས་ཏེ་ཉེས་བྱས་ཕྲ་མོའོ། །ལྟུང་བ་མེད་པ་ནི་བརྣངས་པ་བསལ་བ་དང་། ཐལ་ལྕག་གི་རིག་སྔགས་སྒྲུབ་པར་གཟས་པ་ལ་ལྟུང་བ་མེད་དོ། །དགོས་པའི་དབང་གིས་ཤིང་གཤེགས་པ་དང་ས་བརྡུང་བ་ལ་སོགས་པར་གཟས་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་།

སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པར་བྱ་བ་ནི་དགེ་སློང་གིས་ཡུལ་ཐམས་ཅད་ལ་གནས་སྐབས་ཐམས་ཅད་དུ་གཟས་པའི་ལྟུང་བྱེད་དུ་འགྱུར་བ་རྣམ་པ་ཐམས་ཅད་མི་བསྟེན་པར་བསླབ་པར་བྱའོ། །བརྡེག་པར་གཟས་པ་གཞན་ཡིན་ལ། །

གཞན་དང་གཞན་ལ་བརྡེག་པར་གཟས་པར་མི་བྱའོ། །ཀ་བ་ལ་བརྡེག་པར་གཟས་པར་མི་བྱའོ། །རྩིག་པ་དང་ས་དང་ཤིང་ལྗོན་པ་དང་། སྒོ་གླེགས་ལ་སོགས་པ་གཞན་ལ་ཡང་བརྡེག་པར་གཟས་པར་མི་བྱའོ། །ཕྱིར་བཅོས་པ་ནི་སྔ་མ་བཞིན་ནོ། །གཟས་པའི་ལྟུང་བྱེད་དེ་བཞི་བཅུ་དགུ་པ་བཤད་ཟིན་ཏོ།། །།

Vol. 153 · folio 191b

གནས་ངན་ལེན་འཆབ་པའི་ལྟུང་བྱེད་ཀྱི་གླེང་གཞི་ནི་སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགའ་བོ་ལ་ལྷན་ཅིག་གནས་པའི་དགེ་སློང་ཆོས་ཞེས་བྱ་བ་ངོ་ཚ་ཤེས་པ། འགྱོད་པ་དང་ལྡན་པ། བསྡམས་པ། བསླབ་པ་

འདོད་པ་ཞིག་ཡོད་པ་དེས་ཅི་སྲིད་དུ་དེ་གནས་ངན་ལེན་དེ་ཀུན་དུ་སྤྱོད་པར་མི་ཤེས་པ་དེ་སྲིད་དུ་དེ་དང་ལྷན་ཅིག་གནས་སོ། །གང་གི་ཚེ་དེས་དེ་གནས་ངན་ལེན་ཀུན་དུ་སྤྱོད་པར་ཤེས་པ་དེའི་ཚེ་ན་དེ་རང་བཞིན་དུ་གནས་པའི་དགེ་སློང་རྣམས་དང་ལྷན་ཅིག་གནས་པར་བརྩམས་ཏེ། བཅོམ་ལྡན་འདས་ཀྱི་བཀའ་

ལུང་གིས་དུས་གསུམ་དུ་རྐང་པ་ལ་ཕྱག་འཚལ་དུ་འགྲོ་བ་འབའ་ཞིག་བྱེད་དོ། །དེ་དགའ་བོའི་གན་དུ་སོང་སྟེ། མཁན་པོ་གདུགས་ལ་སྤྱོད་དུ་མཆིའོ་ཞེས་ཞུས་པ་དང་། ཉེ་དགས་དེ་ཐོས་ནས་སྨྲས་པ། བུ་ཆོས་ཁོ་བོའི་སྟན་ཡང་ཁྱེར་ལ་སོང་ཤིག །དེས་དེའི་སྟན་ཁྱེར་ཏེ་ཉིན་མོ་སྤྱོད་དུ་སོང་ནས་དེས་དེའི་སྟན་

དེ་ཤིང་ལྗོན་པ་ཞིག་གི་དྲུང་དུ་གཞག་སྟེ་དབེན་པའི་ཕྱོགས་སུ་འདུག་ནས་ཡིད་ལ་བྱེད་པ་བསྐྱེད་པར་བརྩམས་པ་དང་། དེའི་འོག་ཏུ་ཉེ་དགའ་འོངས་ནས་ཆོས་ཀྱིས་སྨྲས་པ། སློབ་དཔོན་གདན་ཤིང་ལྗོན་པའི་དྲུང་དུ་གཞག་གི་དེར་བཞུད་ལ་བཞུགས་ཤིག །ཉེ་དགའ་དེར་སོང་ནས་མགོ་གཡོགས་ཏེ་འདུག་

པ་དང་། དེར་དེས་མོས་པ་མ་རྙེད་ནས་སྟན་ལས་ལངས་ཏེ་ཕྱོགས་བཞིར་རྣམ་པར་བལྟ་བར་བརྩམས་པ་དང་། ཅི་ཙམ་ན་བུ་མོ་ཞིག་རྒྱལ་བྱེད་ཀྱི་ཚལ་གྱི་རིབ་མ་འདྲལ་བ་མཐོང་ནས། ཉེ་དགའ་སོང་སྟེ་སྨྲས་པ། བུ་མོ་ཁྱོད་ཅིའི་ཕྱིར་རྒྱལ་བྱེད་ཀྱི་ཚལ་གྱི་རིབ་མ་འདྲལ་བར་བྱེད། བུ་མོ་དེས་འཛུམ་ཕྱུང་བ་དང་།

ཉེ་དགས་དེའི་ཡན་ལག་དང་ཉིང་ལག་དག་ནས་མནམས་ཏེ་འོ་བྱས་ནས། དེས་ཆོས་ཀྱི་གན་དུ་སོང་སྟེ་དྲིས་པ། བུ་ཆོས་ཁྱོད་ཀྱིས་ཅུང་ཟད་མཐོང་ངམ། སློབ་དཔོན་གཞུག་འཇུག་པ་འབའ་ཞིག་མ་གཏོགས་པ་གཞན་ཐམས་ཅད་མཐོང་ངོ་། །བུ་ཆོས་སུ་ལ་ཡང་མ་ཟེར་ཅིག །སློབ་དཔོན་ཇི་སྲིད་དུ་རང་

བཞིན་དུ་གནས་པའི་དགེ་སློང་མ་མཐོང་བ་དེ་སྲིད་ཀྱི་བར་དུ་སུ་ལ་ཡང་མི་མཆིའོ། །ཉེ་དགས་སྨྲས་པ། ཁོ་བོ་ཁྱོད་ཀྱི་མཁན་པོའི་གནས་ངན་ལེན་གྱི་ལྟུང་བ་འཆབ་པར་བྱེད་ན་ཁྱོད་ཁོ་བོའི་འཆབ་པར་མི་བྱེད་དམ། སློབ་དཔོན་ཁྱོད་འཆབ་པར་མཛད་ཀྱང་བདག་གིས་འཆབ་པར་མི་བགྱིད་དོ་ཞེས་ཟེར་བའི་སྐབས་དེ་

Vol. 153 · folio 192a

དགེ་སློང་རྣམས་ལ་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་ཤེས་བཞིན་དུ་དགེ་སློང་གི་གནས་ངན་ལེན་གྱི་ལྟུང་བ་འཆབ་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དེ། ཉེ་དགའ་ལ་རྨས་ནས། དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་

རྣམ་གྲངས་དུ་མར་རྣམ་པར་སྨད་དེ། བསླབ་པ་བཅའ་བའི་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་གི་གནས་ངན་ལེན་གྱི་ལྟུང་བ་འཆབ་ན་ལྟུང་བྱེད་དོ་ཞེས་བཅའ་བ་མཛད་དེ། ཡུལ་

ནི་མཉན་ཡོད། གང་ཟག་ནི་ཉེ་དགའ། ཉོན་མོངས་པ་ནི་ཉེས་པ་བརྩམས་པ། ཉེས་པ་ནི་ཤེས་བཞིན་དུ་དགེ་སློང་གི་གནས་ངན་ལེན་འཆབ་པའོ། །དེ་ལ་ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་རང་ཉིད་ཀྱིས་རིག་པར་འགྱུར་

བའམ་གཞན་དག་གིས་བརྗོད་པའོ། །དགེ་སློང་གིས་ཞེས་བྱ་བ་ནི་ཆོས་འདི་པའོ། །གནས་ངན་ལེན་གྱི་ལྟུང་བྱེད་ཅེས་བྱ་བ་ནི་གནས་ངན་ལེན་གཉིས་ཏེ། ཕམ་པར་འགྱུར་བ་ཀུན་ནས་སློང་བ་དང་། དགེ་འདུན་ལྷག་མ་ཀུན་ནས་སློང་བའོ། །ཅིའི་ཕྱིར་དེ་དག་གནས་ངན་ལེན་ཅེས་བྱ་ཞེ་ན། ངོ་བོ་ཉིད་ལས་དང་། ཀུན་

ནས་སློང་བ་ལས་སོ། །འཆབ་ན་ཞེས་བྱ་བ་ནི་མཁྱུད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདིར་ཡང་དངོས་གཞི་དང་། སྦྱོར་བ་དང་། སྦྱོར་བའི་སྦྱོར་བས་ལྟུང་བ་རྣམ་པར་གཞག་པ་དང་། ལྟུང་བ་མེད་པ་དང་། བསླབ་པར་བྱ་བ་དང་། ཕྱིར་བཅོས་པ་རྣམས་

ཀྱིས་འདིའི་མཚན་ཉིད་ཤེས་པར་བྱའོ། །དེ་ལ་འདིར་དངོས་གཞིའི་ལྟུང་བ་རྣམ་པར་གཞག་པ་ནི་དགེ་སློང་གིས་ཤེས་བཞིན་དུ་དགེ་སློང་གི་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མའི་ལྟུང་བ་འཆབ་ན་བདེ་བ་ལ་མི་རེག་པ་དང་། དགེ་སྦྱོང་གི་ཚུལ་དང་། ཚངས་པར་སྤྱོད་པའི་བར་ཆད་དང་། དགེ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words