འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ

Sanskrit title (Tibetan script, as in the text) བི་ན་ཡ་བི་བྷཾ་ག་པ་ད་བྱཱ་ཁྱཱ་ན

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 157 · folio 82a

ཡུལ་ངན་ཞེས་བྱ་བ་ནི་ཉི་མ་འཁྲུལ་པའོ། །ཆུ་དྲོན་ཞེས་བྱ་བ་ནི་ཆུའི་རྒྱུན་དྲོན་མོའོ། །ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དགེ་བ་སྟེ། ཚུལ་ཞེས་བྱ་བ་འཁོར་བའི་ལམ་མམ་མྱ་ངན་ལས་འདས་པ་ཡིན་ལ། བཞིན་ཞེས་བྱ་བ་ནི་དེ་བསྟོད་པ་ཡིན་པའི་ཕྱིར་

རོ། །ཡན་ལག་དང་པོ་ཉིད་ཀྱིས་ཞེས་བྱ་བ་ནི་བསིལ་བས་སོ། །ཉི་ཚེ་བའི་སེམས་ཅན་དམྱལ་བ་ཞེས་བྱ་བ་ནི་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སེམས་ཅན་དམྱལ་བ་སྟེ། ཁ་ཅིག་ནི་སྐྱེ་བའི་གནས་ཡིན་པའི་ཕྱིར་རོ། །འདུ་ཤེས་དེ་ལྟ་བུས་ཞེས་བྱ་བ་ནི་འོང་བའི་འདུ་ཤེས་ཀྱིས་སོ། །དལ་

གྱིས་འབབ་ཅེས་བྱ་བ་ནི་ལྷ་རྣམས་ཀྱི་རྫིང་བུ་འཛམ་བུའི་གླིང་འདི་ན་མཚོ་མ་དྲོས་པ་དང་། རི་སྤོས་ཀྱི་ངད་ལྡང་གཉིས་ཀྱི་བར་ན་ཡོད་དེ་གང་གི་འགྲམ་ན་གླང་པོ་ཆེའི་རྒྱལ་པོ་རབ་བརྟན་འདུག་པའོ། །སྒྲ་སྐད་ཅེས་བྱ་བ་ནི་གླང་པོ་ཆེའི་སྐད་དོ། །རྣམ་པར་བཤིག་ཅེས་བྱ་བ་ནི་རྣམ་པར་ཉམས་པའོ། །

བྲལ་ཞེས་བྱ་བ་ནི་རྒྱུན་ཆད་པའོ། །འདུ་ཤེས་དེ་ལྟ་བུས་ཞེས་བྱ་བ་ནི་རྣམ་པར་མ་ལངས་པའི་འདུ་ཤེས་ཀྱིས་སོ། །སློབ་དཔོན་དུལ་བའི་ལྷས་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་ཉེ་བར་སྦྱར་བ་ལས་ཕམ་པར་འགྱུར་བ་བཞི་པའི་ཚིག་རྣམ་པར་བཤད་པ་རྫོགས་ཏེ། ཕམ་པར་

འགྱུར་བ་རྣམས་ཀྱི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།བ་ལང་གི་ལྕི་བ་སར་པ་ཞེས་བྱ་བ་ནི་གནས་པའོ། །བྱུག་པ་ཞེས་བྱ་བ་ནི་ཞལ་ཞལ་ལོ། །ལུས་མ་བསྲུངས་ཞེས་བྱ་བ་ནི་ཡུལ་མ་ཡིན་པ་ལས་ཕྱིར་མ་བླན་པའོ། །དབང་པོ་རྣམས་ཀྱིས་མ་བསྡམས་པ་ཞེས་བྱ་

བ་ནི་དབང་པོ་རྣམས་ཀྱིས་ངེས་པར་མ་བྱས་པའོ། །དྲན་པ་ཉེ་བར་མ་བཞག་པ་ཞེས་བྱ་བ་ནི་དྲན་པ་ཉེ་བར་མ་གཏད་པའོ། །བཟོད་ཅེས་བྱ་བ་ནི་འདོད་པའམ་ནད་མེད་པ་ཉིད་དོ། །འཚོ་བ་ཞེས་བྱ་བ་ནི་འཕྲོད་པའམ། ནད་མནན་པའོ། །རིམས་ནད་ཅེས་བྱ་བ་ནི་ལུས་ཀྱི་གདུང་བའོ། །ཡོངས་

སུ་གདུང་བའོ་ཞེས་བྱ་བ་ནི་ཡིད་ཀྱི་གདུང་བའོ། །ལུས་ཀྱི་བསྙེན་བཀུར་ཞེས་བྱ་བ་ནི་ལུས་ཀྱི་ཀུན་དུ་སྤྱད་པ་དང་། ལུས་ཀྱི་ལོངས་སྤྱོད་དེ་སྤྲོད་པ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །མི་གཙང་བ་ཤོར་ཞིང་ཞེས་བྱ་བ་ནི་ཁུ་བ་ཕྱུང་བར་གྱུར་ཏེ་ཞེས་བྱ་བ་ཉིད་ཀྱིས་བཤད་དེ། །དེ་ལ་བྱེ་བྲག་ཏུ་ནི་

Vol. 157 · folio 82b

མི་གཙང་བ་ཤོར་ཞིང་ཞེས་བྱ་བ་ནི་ཁུ་བ་རང་གི་གནས་ནས་འཕགས་པའོ། །ཁུ་བ་ཕྱུང་བར་གྱུར་ཞེས་བྱ་བ་ནི་ཕྱི་རོལ་དུ་སྣང་བར་གྱུར་པའོ། །འདུ་ཤེས་ཞེས་བྱ་བ་ནི་དགེ་སློང་ཉིད་དུ་ཤེས་པ་དང་། ཡུལ་དུ་འདུ་ཤེས་པའོ། །སེམས་པ་ཞེས་བྱ་བ་ནི་ཁུ་བ་ཕྱུང་བར་ཤེས་སོ། །ཐ་སྙད་དུ་བྱར་

རུང་བ་མ་ཡིན་ཏེ་ཞེས་བྱ་བ་ནི་ལུས་དང་ངག་གི་ལས་དང་། རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་བརྙན་བསྟན་པར་འཇུག་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་རྨི་ལམ་གྱི་སེམས་ནི་རྣམ་པར་ཤེས་པའི་ཚོགས་ལྔ་ལ་སོགས་པའི་གཟུགས་བརྙན་ཡིན་པ་དང་།

ཡིད་ཀྱི་རྣམ་པར་ཤེས་པ་ནི་ཁ་ནང་དུ་བལྟས་ཏེ་འཇུག་པ་ཡིན་ལ། ཁ་ཕྱིར་ལྟ་བའི་སེམས་ཀྱིས་ནི་ཐ་སྙད་སློང་བར་བྱེད་པ་ཡིན་པའི་ཕྱིར་རོ། །དབང་བསྐུར་བར་འོས་ལ་ཞེས་བྱ་བ་ནི་དབང་བསྐུར་བར་རིག་པར་བྱའོ། །གནས་པ་ཞེས་བྱ་བ་ནི་ཉེ་བར་ཞི་བ་སྟེ། བརྟན་པ་ཞེས་བྱ་བའི་ཐ་ཚིག་གོ། །

མཚམས་ཐོབ་པ་ཞེས་བྱ་བ་ནི་རྒྱལ་པོ་ཚུལ་དང་ལྡན་པའོ། །སྣ་ཆེན་པོ་ལ་གཏོགས་པ་འཁོར་ལོའི་མཐའ་པ་ཞེས་བྱ་བ་ནི་བློན་པོ་ཆེན་པོ་འཁོར་ལོས་སྒྱུར་བའི་འཁོར་ལོ་རིན་པོ་ཆེ་སྐྱོང་བར་བྱེད་པའོ། །བསྐ་བ་ཞེས་བྱ་བ་ནི་གར་བའོ། །སླ་བ་ཞེས་བྱ་བ་ནི་སླན་ཏེའོ། །ཡོངས་སུ་མ་སྨིན་པ་

ཞེས་བྱ་བ་ནི་ནར་མ་སོན་པ་སྟེ་ལུས་ལས་སུ་མི་རུང་བ་ཉིད་དོ། །དེ་ལས་བཟློག་པ་ནི་ཡོངས་སུ་སྨིན་པའོ། །བུད་མེད་ཀྱིས་དུབ་པ་དང་ཁུར་གྱིས་དུབ་པ་དང་། ལམ་གྱིས་དུབ་པའོ་ཞེས་བྱ་བ་ནི་བུད་མེད་ལ་སོགས་པ་ཧ་ཅང་བསྟེན་དྲགས་པས་ལུས་ཉམས་པའོ། །གཏའ་གམ་ཞེས་བྱ་

བ་ནི་ལང་ཚོ་ཉམས་པའོ། །ཡ་ཟ་མ་ལུག་ཅེས་བྱ་བ་ནི་ལུས་ལ་ཇི་ལྟར་ཟོས་པ་དེ་བཞིན་དུ་ཐུར་དུ་འཛག་པའམ། བཅིངས་པས་ཉམས་པས་ཆིང་མ་བཀྲོལ་ཡང་བཅིངས་པ་བཞིན་དུ་འགྲོ་བས་སྒྲོག་བཀྲོལ་ཞེས་ཀྱང་བྱའོ། །དེ་དག་ནི་ཁམས་ཉམས་པ་ཡིན་པའི་ཕྱིར་ཁུ་བ་སླ་བ་ཡིན་ནོ། །

དེ་མ་ཐག་ཏུ་ཕྱུང་བ་ཞེས་བྱ་བ་ནི་གཞན་གྱིས་བར་དུ་མ་ཆོད་པ་ཁོ་ནར་རང་གི་གནས་ནས་འཕྲལ་ལ་བྱུང་བ་སྟེ། དང་པོ་ཁོ་ནར་གནས་འཐོན་ཞེས་བྱ་བའི་ཐ་ཚིག་གོ། །དགེ་འདུན་ལ་རག་ལས་པ་ཞེས་བྱ་བ་ནི་དེ་སྦྱངས་པའི་ཕྱིར་ཆད་པའི་ལས་བྱ་བ་དགེ་འདུན་ལས་ཐོབ་པའི་ཕྱིར་རོ། །

Vol. 157 · folio 83a

དགེ་འདུན་དང་འབྲེལ་པ་ཞེས་བྱ་བ་ནི་ཆད་པའི་ལས་དགེ་འདུན་ཉིད་ཀྱིས་སྦྱིན་པ་ཡིན་པའི་ཕྱིར་རོ། །དགེ་འདུན་ལ་བརྟེན་པ་ཞེས་བྱ་བ་ནི་ཆད་པའི་ལས་དགེ་འདུན་གྱི་ཡུལ་ཉིད་ལ་སྤྱོད་པར་བྱ་བ་ཡིན་པའི་ཕྱིར་རོ། །དགེ་འདུན་ལས་རྣམ་པར་ལྡང་བར་འགྱུར་ཞེས་

བྱ་བ་ནི་འབྱུང་བ་ཞེས་བྱ་བ་རྣམ་པར་སྦྱང་བ་ཡང་དགེ་འདུན་ཉིད་ཀྱིས་བྱ་བ་ཡིན་པའི་ཕྱིར་རོ། །ལྷག་མ་མེད་པ་ཞེས་བྱ་བ་ནི་སྦྱང་བའི་ཐབས་ཐུན་མོང་མེད་པའི་ཕྱིར་རོ། །ལྷག་མ་དང་བཅས་པ་ཞེས་བྱ་བ་ནི་སྦྱང་བའི་ཐབས་ཐུན་མོང་ཡོད་པའི་ཕྱིར་རོ། །གཞི་ལྔས་ཞེས་བྱ་བ་ནི་རྒྱུ་རྣམ་པ་

ལྔའོ། །བདེ་བ་འདོད་པ་ཞེས་བྱ་བ་ནི་བདེ་བ་འདོད་པ་འབྱིན་པའོ། །ས་བོན་འདོད་པ་ཞེས་བྱ་བ་ནི་བུ་བསྐྱེད་པའི་ཕྱིར་ས་བོན་གྱི་དངོས་པོ་ཉིད་དུ་ཁུ་བ་ཡོངས་སུ་ཚོལ་བའོ། །རིག་སྔགས་འདོད་པའོ་ཞེས་བྱ་བ་ནི་ཁུ་བ་འབྱིན་པས་གསང་སྔགས་ཀྱི་རིག་པ་སྒྲུབ་པར་འདོད་པའོ། །སྨན་འདོད་

པ་ཞེས་བྱ་བ་ནི་ཁུ་བ་ཕྱུང་ན་ཕན་པ་ཉིད་དུ་འདོད་པའོ། །བརྟག་པ་འདོད་པས་ཞེས་བྱ་བ་ནི་ཁུ་བ་འབྱུང་བ་སད་པའི་ཕྱིར་འཇུག་པས་སོ། །རང་གི་གཟུགས་ཉེ་བར་ལེན་ཅིང་ཞེས་བྱ་བ་ནི་ཡན་ལག་གི་རྣམ་པས་ནང་གི་རང་གི་རྒྱུད་དུ་གཏོགས་པ་ལག་པ་ལ་སོགས་པ་གཟུགས་ཀྱི་ཕུང་པོ་

ཡུལ་ཉིད་དུ་ལེན་པ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་པར་བྱེད་ཅེས་བྱ་བ་ནི་འབྱིན་པར་འདོད་པའོ། །རྩོལ་བར་བྱེད་ཅེས་བྱ་བ་ནི་རེག་པའི་བྱ་བ་འདྲུད་པ་ལ་སོགས་པ་བྱེད་པའོ། །ཁུ་བ་འབྱིན་ན་ཞེས་བྱ་བ་ནི་དང་པོ་རང་གི་གནས་ནས་འབྱིན་པར་བྱེད་པའོ། །རིལ་གྱིས་འཆང་བར་བྱེད་ཅེས་

བྱ་བ་ནི་ལག་པ་ལ་སོགས་པས་ཡན་ལག་གི་རྣམ་པ་ཀུན་འཛིན་པར་བྱེད་པའོ། །དམ་དུ་འཆང་བར་བྱེད་ཅེས་བྱ་བ་ནི་དེ་ལྟར་རིལ་གྱིས་བཅངས་པ་ལ་དམ་དུ་འཛིན་པར་བྱེད་པའོ། །བྱེ་བྲག་ངེས་པར་མྱོང་བའི་བདེ་བ་ཞེས་བྱ་བ་ནི་བུད་མེད་དང་སྐྱེས་པ་ཀུན་དུ་སྤྲད་པའི་གནས་སྐབས་ན་བདེ་བ་གང་

ཡོད་པ་དང་། ཡན་ལག་གི་རྣམ་པ་བཅུ་དང་། སྦུབས་འདོགས་པའི་གནས་སྐབས་ན་བདེ་བ་གང་ཡོད་པའོ། །བྱུང་ལ་ཐུག་པའི་བདེ་བ་ཞེས་བྱ་བ་ནི་ཁུ་བ་འབྱུང་བའི་གནས་སྐབས་ན་བདེ་བ་གང་སྐྱེ་བའོ། །ངད་ལས་པའི་བདེ་བ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་གདུང་བ་དང་བྲལ་བའི་

Vol. 157 · folio 83b

གནས་སྐབས་ན་བདེ་བ་གང་འབྱུང་བའོ། །དགེ་སློང་གིས་བདེ་བ་ལ་སོགས་པ་འདོད་པས་ནང་གི་གཟུགས་ལ་སོགས་པ་ཉེ་བར་ལེན་ཅིང་སེམས་པར་བྱེད་རྩོལ་བར་བྱེད་པས་ཁུ་བ་འབྱིན་པ་ན་ཡང་དངོས་གཞིར་འགྱུར་རོ། །སེམས་པར་བྱེད། རྩོལ་བར་བྱེད། རིལ་གྱིས་འཆང་བར་བྱེད་པས་

ཁུ་བ་འབྱིན་ན་ཡང་དངོས་གཞིར་འགྱུར་རོ། །སེམས་པར་བྱེད་རྩོལ་བར་བྱེད། རིལ་གྱིས་འཆང་བར་བྱེད། དམ་དུ་འཆང་བར་བྱེད་ལ། དེས་ཀྱང་བྱེ་བྲག་ངེས་པར་མྱོང་བའི་བདེ་བ་ཉམས་སུ་མྱོང་བར་བྱེད་ཅིང་ཁུ་བ་འབྱིན་ན་ཡང་དངོས་གཞིར་འགྱུར་རོ། །སེམས་པར་བྱེད། རྩོལ་བར་བྱེད།

རིལ་གྱི་འཆང་བར་བྱེད། དམ་དུ་འཆང་བར་བྱེད་ལ། དེས་ཀྱང་བྱེ་བྲག་ཏུ་ངེས་པར་མྱོང་བའི་བདེ་བ་དང་བྱུང་ལ་ཐུག་པའི་བདེ་བ་ཉམས་སུ་མྱོང་བར་བྱེད་ཅིང་ཁུ་བ་འབྱིན་ན་ཡང་དངོས་གཞིར་འགྱུར་རོ། །སེམས་པར་བྱེད་རྩོལ་བར་བྱེད། རིལ་གྱིས་འཆང་བར་བྱེད། དམ་དུ་འཆང་བར་བྱེད་ལ།

དེས་ཀྱང་བྱེ་བྲག་ངེས་པར་མྱོང་བའི་བདེ་བ་ཉམས་སུ་མྱོང་བར་བྱེད་ཅིང་ཁུ་བ་འབྱིན་པར་བྱེད་ན་ཡང་དངོས་གཞིར་འགྱུར་རོ་ཞེས་བསྟན་པའི་ཕྱིར་དགེ་སློང་གིས་བདེ་བར་འདོད་པས་ནང་གི་གཟུགས་ཉེ་བར་ལེན་ཅིང་ཞེས་བྱ་བ་ནི་འདྲེས་དྲུག་གོང་ནས་གོང་དུ་སྨོས་པར་རིག་པར་བྱའོ། །ཕྱི་རོལ་གྱི་

གཟུགས་ཉེ་བར་ལེན་པ་ཞེས་བྱ་བ་ནི་ཕྱི་རོལ་དང་གཞན་གྱི་རྒྱུད་དུ་གཏོགས་པ་དང་རང་གི་རྒྱུད་དུ་གཏོགས་པའི་ལག་པ་དང་བཅས་པ་ལ་སོགས་པའི་གཟུགས་ཀྱི་ཕུང་པོ་ཡུལ་ཉིད་དུ་ཉེ་བར་ལེན་ཅིང་ཞེས་བྱ་བའི་ཐ་ཚིག་གོ། །གར་བྱེད་པ་ཞེས་བྱ་བ་ནི་ཅུང་ཟད་གར་བྱེད་པའོ། །རབ་ཏུ་གར་བྱེད་པ་

ཞེས་བྱ་བ་ནི་ཤས་ཆེར་གར་བྱེད་པའོ། །དེ་གཉིས་ནི་ཡན་ལག་གི་རྣམ་པ་ལ་རེག་པ་མེད་པའི་ཕྱིར་ཉེས་པ་སྦོམ་པོར་འགྱུར་རོ། །ཤུགས་གཏང་སྟེ་ཞེས་བྱ་བ་ལ། ཤུགས་ཞེས་བྱ་བ་ནི་དེ་མ་ཐག་ཏུ་ཁུ་བ་འབྱུང་བ་ལྟར་འགྱུར་བ་སྟེ། དེའི་གནས་སྐབས་སུ་ལུས་ཀྱི་བརྩལ་བ་བཏང་ན་ཁུ་

བ་འབྱིན་པ་རྫོགས་པར་མ་བྱས་པ་ཉིད་ཡིན་པས་དེའི་སྦྱོར་བ་ལས་བྱུང་བའི་ཉེས་པ་སྦོམ་པོར་འགྱུར་རོ། །སྦུབས་སུ་འོངས་པ་ཞེས་བྱ་བ་ནི་ཁུ་བ་འབྱུང་བའི་གནས་ནས་སྔར་འཕོས་ནས་ཡན་ལག་གི་རྣམ་པའི་སྒོར་མ་བྱུང་བའི་སྐབས་སུ་ཁུ་བ་བར་དུ་ལས་ཏེ་དེ་ལས་སྦྱོར་བ་ཕྱི་མས་

Vol. 157 · folio 84a

བརྩལ་ཏེ་འབྱིན་ན་དེ་ནི་དང་པོ་འབྱུང་བ་མ་ཡིན་པའི་ཕྱིར་ཉེས་པ་སྦོམ་པོར་འགྱུར་རོ། །ཀུན་དུ་མཉེད་པའི་བདེ་བ་ཉམས་སུ་མྱོང་བར་བྱེད་ཅིང་ཞེས་བྱ་བ་ནི་ཡན་ལག་གི་རྣམ་པ་ལས་གཞན་གྱི་ལུས་ཀྱི་ཕྱོགས་དག་ཏུ་རེག་པའི་བདེ་བ་ཉམས་སུ་མྱོང་བ་ནི་ཀུན་དུ་མཉེད་པའི་བདེ་བ་

ཉམས་སུ་མྱོང་བ་ཞེས་བྱ་བ་སྟེ་དེ་ཡང་ཡན་ལག་གི་རྣམ་པ་ལ་རེག་པ་མེད་པའི་ཕྱིར་ཉེས་པ་སྦོམ་པོར་འགྱུར་རོ། །བྱེ་བྲག་ངེས་པར་མྱོང་བའི་བདེ་བ་ཉམས་སུ་མྱོང་བར་བྱེད་ཅིང་ཞེས་བྱ་བ་ནི་བུད་མེད་དང་སྐྱེས་པ་ཀུན་དུ་སྤྲད་པའི་གནས་སྐབས་ན་བདེ་བ་གང་ཡོད་པ་དེ་ལ་ཚུལ་བཞིན་མ་ཡིན་པས་

རྣམ་པར་རྟོག་ཅིང་ཁུ་བ་འབྱིན་ན་དེ་ཡང་ཉེས་པ་སྦོམ་པོར་འགྱུར་རོ། །དེ་ནི་ཡན་ལག་གི་རྣམ་པ་ལ་རེག་པ་མེད་པའི་ཕྱིར་ཉེས་པ་སྦོམ་པོར་འགྱུར་གྱི། ཡན་ལག་གི་རྣམ་པ་ལ་རེག་པ་ཡོད་ན་ནི་དངོས་གཞི་ཉིད་དུ་འགྱུར་རོ། །བྱེ་བྲག་ངེས་པར་མྱོང་བའི་བདེ་བ་ཞེས་བྱ་བ་འདི་ནི་དཔེ་ཙམ་སྟེ། བྱུང་ལ་

ཐུག་པའི་བདེ་བ་དང་ངད་ལས་པའི་བདེ་བ་ཉམས་སུ་མྱོང་བ་སྒྲུབ་པས་དགེ་སློང་གི་ཡིད་ཀྱིས་དེའི་བདག་ཉིད་ཁས་ལེན་པས་ཇི་ཙམ་དུ་བྱུང་བ་ལ་ཐུག་པའི་བདེ་བ་དང་། ངད་ལས་པའི་བདེ་བ་ལ་རྣམ་པར་རྟོག་པ་དེ་ཙམ་དུ་ཡན་ལག་གི་རྣམ་པ་ལ་རེག་པ་མེད་པར་ཁུ་བ་འབྱིན་ན་ཡང་ཉེས་པ་སྦོམ་

པོར་འགྱུར་རོ། །རང་གི་ཡན་ལག་གི་རྣམ་པར་འཇལ་བར་བྱེད་ཅེས་བྱ་བ་ནི་ཁུ་བ་འབྱིན་པའི་འདོད་ཆགས་ཀྱིས་ཞེས་བྱ་བར་ཤེས་པར་བྱ་སྟེ། དེ་ལ་ནི་རྩོལ་བ་མེད་པའི་ཕྱིར་ཉེས་པ་སྦོམ་པར་འགྱུར་རོ། །འདིར་འཆལ་པ་ཞེས་བྱ་བ་ནི་དཔེ་ཙམ་དུ་ཟད་དེ་རེག་པ་གཞན་ཡང་དེ་དང་འདྲ་བར་ཤེས་པར་

བྱའོ། །ལྟ་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་ཆགས་པའི་སེམས་དང་ལྡན་པ་ཉིད་ནི་ཡན་ལག་གི་རྣམ་པ་ལྔའོ། །ཆུའི་རྒྱུན་ལས་བཟློག་པའི་ཕྱོགས་སུ་གཏོད་པར་ཞེས་བྱ་བ་ནི་ཡན་ལག་གི་རྣམ་པ་འབབ་ཆུའི་རྒྱུན་ལས་བཟློག་པའི་ཕྱོགས་སུ་གཏད་དེ་ཀུན་དུ་ཆགས་པའི་སེམས་ཀྱིས་

ཁུ་བ་འབྱིན་ན་དེ་ཡང་ཉེས་པ་སྦོམ་པོར་འགྱུར་རོ། །རྫི་ཕྱོགས་མ་ཡིན་པར་གཏོད་པ་ཡང་གཏད་པ་དེ་དང་འདྲ་བར་ཤེས་པར་བྱའོ། །ཆུའི་རྒྱུན་ཕྱོགས་སུ་གཏོད་པ་ཞེས་བྱ་བ་ནི་ཆུའི་རྒྱུན་ཕྱོགས་སུ་ཡན་ལག་གི་རྣམ་པ་ཆགས་པའི་སེམས་ཀྱིས་གཏོད་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །

Vol. 157 · folio 84b

རྫི་ཕྱོགས་སུ་གཏོད་པར་བྱེད་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དེ་དག་ནི་སེམས་ཅན་དུ་བགྲང་བའི་རེག་པ་མེད་པའི་ཕྱིར་ན་སྨད་དོ། །ཕྱི་རོལ་དུ་མཆོད་པ་ཞེས་བྱ་བ་ནི་སྒོའི་ཐེམ་པ་ལའོ། །ཁུ་བ་འབྱིན་པའི་དགེ་འདུན་ལྷག་མའི་ཚིག་རྣམ་པར་བཤད་པ་སྟེ་དང་པོ་རྫོགས་སོ།། །།

གྲོང་ཁྱེར་ཆེན་པོ་དྲུག་ཅེས་བྱ་བ་ནི་མཉན་ཡོད་དང་། ཡངས་པ་ཅན་དང་། བཱ་རཱ་ཎ་སཱི་དང་། ཙམ་པ་ཀ་དང་། གནས་བཅས་དང་། རྒྱལ་པོའི་ཁབ་པོ། །འཚོ་བ་ཞེས་བྱ་བ་ནི་འཚོ་བའི་ཐབས་སོ། །མི་ཤེས་ཞེས་བྱ་བ་ནི་གཏམ་གྱིས་སོ། །རྣམ་པར་མི་ཤེས་པ་ཞེས་བྱ་བ་ནི་དཔག་པས་སོ། །

ཟླ་བ་ལྟར་རྒྱུ་ཞེས་བྱ་བ་ནི་ཟླ་བ་བཞིན་དུ་ལན་འགའ་སྣང་བའོ། །མི་ཁྱིམ་པ་ཞེས་བྱ་བ་ནི་སྐབས་མེད་པ་སྟེ། དུས་ངེས་པའི་དུས་མེད་པའོ། །དུས་མ་ལགས་སོ་ཞེས་བྱ་བ་ནི་གནས་སྐབས་མ་ཡིན་པ་སྟེ་བར་དུ་ཆོད་པའི་དུས་མེད་པའོ། །ཀུན་དགའི་ར་བ་ཞེས་བྱ་བ་ནི་འདིར་རྒྱལ་བྱེད་ཀྱི་ཚལ་ལ་

བྱའོ། །གཙུག་ལག་ཁང་ཞེས་བྱ་བ་ནི་གནས་ཁང་ངོ་། །མཁས་པ་གང་ཞིག་ཅེས་བྱ་བ་ལ་སོགས་པས་ནི་སྐྱེ་བོ་མཁས་པ་གང་ཞིག་རབ་ཏུ་དང་བའི་སེམས་ཀྱིས་སངས་རྒྱས་ཀྱི་མཆོད་རྟེན་དག་ལ་བསྐོར་བའི་ཕྱིར་གོམ་པ་འདོར་བར་བྱེད་པ་དེའི་འབྲས་བུ་ནི་མྱ་ངན་ལས་འདས་པ་ཡིན་པའི་

ཕྱིར་དེ་ལས་དགོངས་ནས་འཛམ་བུ་ཆུ་བོ་གསེར་གྱི་སྲང་ཚད་སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མ་ཡིན་ནོ་ཞེས་གསུངས་སོ། །སྲང་ཚད་ཅེས་བྱ་བ་ནི་སྲང་བརྒྱད་ཀྱི་ཚད་དོ། །ཁ་ཅིག་ན་རེ་སྲང་བརྒྱའི་ཚད་ཅེས་ཀྱང་ཟེར་རོ། །ཚིག་པའི་བསོད་སྙོམས་ཞེས་བྱ་བ་ནི་འབྲས་ཆན་ཚིག་པའོ། །ཡང་

ན་ཚིག་པའི་ཞེས་བྱ་བ་ནི་བུད་མེད་ཀྱི་བྱེ་བྲག་སྟེ་དམན་པ་ཞེས་བྱ་བའི་ཐ་ཚིག་གོ། །འདྲེན་པ་ཞེས་བྱ་བ་ནི་མཚོན་པའོ། །ཡོངས་སུ་འདྲེན་ཞེས་བྱ་བ་ནི་སྲུང་བའོ། །གནས་བརྟེན་ཞེས་བྱ་བ་ནི་གཞན་ལ་མི་བརྟེན་པའོ། །རྒྱལ་མཚན་པ་ལྟ་བུ་ཞེས་བྱ་བ་ནི་ལོ་ཉི་ཤུ་ལོན་ཞིང་འདུལ་བ་ཤེས་

པའོ། །ཡུན་རིང་པོ་ནས་རབ་ཏུ་བྱུང་བ་ཞེས་བྱ་བ་ནི་ལོ་ཉི་ཤུ་རྩ་ལྔ་ལ་སོགས་པ་ལོན་པའོ། །ཚངས་པར་སྤྱོད་པ་མངོན་པར་སྤྱད་པ་ཞེས་བྱ་བ་ནི་ལམ་ཐོབ་པའོ། །སྣམ་སྦྱར་གྱི་རྒྱལ་མཚན་ཐོགས་པ་ཞེས་བྱ་བ་ནི་དགེ་སློང་དག་གོ། །དེའི་དང་པོ་ཞེས་བྱ་བ་ལ་སོགས་པ་ལ། བསྐོར་མི་

Vol. 157 · folio 85a

ནུས་པ་ཞེས་བྱ་བ་ནི་བསྐོར་བར་མི་ནུས་པའོ། །ཆོས་དང་ལྡན་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཆོས་དང་མཐུན་པའི་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་བདེན་པ་མཐོང་བ་སྟེ། འཕགས་པའི་ལམ་ནི་འཁོར་ལོ་དང་འདྲ་བའི་ཕྱིར་རོ། །དོན་ཅེས་བྱ་བ་ནི་

ད་ལྟར་གྱི་འབྲས་བུའོ། །ཕན་པ་ཞེས་བྱ་བ་ནི་དུས་གཞན་ན་ཕན་པའོ། །བདེ་བ་ཞེས་བྱ་བ་ནི་གཏན་དུའོ། །རྗེས་སུ་ཐུགས་བརྩེ་བ་ཞེས་བྱ་བ་ནི་སྙིང་བརྩེ་བའོ། །ལན་གསུམ་དུ་བཟླས་ཏེ་ཞེས་བྱ་བ་ནི་མཐོང་བའི་ལམ་དང་། སློབ་པའི་ལམ་དང་། མི་སློབ་པའི་ལམ་དག་ལས་བཟླས་

པའི་ཕྱིར་རོ། །རྣམ་པ་བཅུ་གཉིས་སུ་ཞེས་བྱ་བ་ནི་བཟླས་པ་རེ་རེ་ལ་ཡང་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་རྣམ་པ་དག་ཡོད་པའི་ཕྱིར་རོ། །བསྐོར་བ་ཞེས་བྱ་བ་ནི་བསྐྱེད་པའོ། །ཤིང་སཱ་ལ་ཆེན་པོ་ལྟ་བུ་ཞེས་བྱ་བ་ནི་འབྱོར་པ་རྒྱ་ཆེན་པོ་སྟེ། ཤིང་སཱ་

ལའི་ཚལ་ལྟར་མཐོ་བ་ཞེས་བྱ་བའི་ཐ་ཚིག་གོ། །སྨོན་པ་ཞེས་བྱ་བ་ནི་སྨོན་པ་དོར་བའོ། །སྦྱོར་བའི་གྲོང་ཞེས་བྱ་བ་ནི་དེ་དག་ཏུ་གསེར་དངུལ་ལ་སོགས་པ་སྤེལ་བ་ཉིད་ཀྱིས་སྦྱོར་བར་བྱེད་པའི་ཕྱིར་རོ། །མཆིལ་མའི་ཐལ་བ་ཞེས་བྱ་བ་ནི་བད་ཀན་ནོ། །བུ་མངས་ཀྱི་མཆོད་རྟེན་ཞེས་བྱ་བ་ནི་བུ་རང་

སངས་རྒྱས་སུ་གྱུར་པ་སུམ་ཅུ་རྩ་གཉིས་ཀྱི་ཕྱིར་མས་བརྩིགས་པའི་མཆོད་རྟེན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་གཟུགས་བརྙན་དུ་གྱུར་པ་སྟེ་བསམ་པ་ཉིད་ཀྱིས་བཀྲ་བ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ཡོན་ཏན་དེ་དག་

གི་གཟུགས་བརྙན་ནོ། །དགེ་སློང་གི་སྡོམ་པ་ཞེས་བྱ་བ་ནི་དགེ་སློང་གི་ཚུལ་ཁྲིམས་ཏེ་དགེ་སློང་གི་དངོས་པོའོ། །འདོད་པ་ཆུང་བ་ཞེས་བྱ་བ་ནི་བྱ་བ་བྱེད་ནུས་པ་ཙམ་གྱིས་བསོད་སྙོམས་ལ་སོགས་པ་ཚོལ་བའི་ཕྱིར་རོ། །ཆོག་ཤེས་པ་ཞེས་བྱ་བ་ནི་བྱ་བ་བྱེད་ནུས་པ་ཙམ་གྱིས་བསོད་ནམས་ལ་སོགས་

པ་ཐོབ་པས་མགུ་བའོ། །སྦྱངས་པའི་ཡོན་ཏན་སྨྲ་བ་ཞེས་བྱ་བ་ནི་ཆོས་གོས་གསུམ་པ་ལ་སོགས་པ་སྦྱངས་པའི་ཡོན་ཏན་དག་ལ་སྟོད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །མཆོག་ཐོབ་པའི་བུ་ཞེས་བྱ་བ་ནི་འཕགས་པ་ཤཱ་རིའི་བུའི་ཕ་བྲམ་ཟེ་རྒྱལ་ཞེས་བྱ་བ་དེ་ཀློག་པ་ལ་སོགས་པ་ཕུན་སུམ་

Vol. 157 · folio 85b

ཚོགས་པ་ཡིན་པས་རྒྱལ་པོས་རྒོལ་བའི་ལོངས་སྤྱོད་ཀྱིས་བྲམ་ཟེ་རྣམས་ཀྱི་མཆོག་ཏུ་བཀུར་བ་ཡིན་ཏེ། དེའི་བུ་ཡིན་པའི་ཕྱིར་རོ། །ལོ་བརྒྱད་གཉིས་སུ་ཞེས་བྱ་བ་ནི་ལོ་བཅུ་དྲུག་ཏུའོ། །དབང་པོའི་བརྡ་སྤྲོད་པ་ཞེས་བྱ་བ་ནི་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱས་པའི་བྱཱ་ཀ་ར་ཎ་འབུམ་གྱི་ཚད་

ཡིན་ནོ་ཞེས་འཇིག་རྟེན་པ་དག་ཟེར་རོ། །ཤེས་རབ་ཆེན་པོ་ཞེས་བྱ་བ་ནི་རང་གི་ཆོས་ལ་རྟོགས་པས་ཤེས་རབ་ཆེ་བའི་ཕྱིར་རོ། །སྤོབས་པ་ཆེན་པོ་ཞེས་བྱ་བ་ནི་གཞན་ལ་གོ་བར་བྱེད་པ་ལ་ཤེས་རབ་ཆེ་བའི་ཕྱིར་རོ། །ཆ་ཞེས་བྱ་བ་ནི་ཆ་ཤས་སོ། །ཅོད་པན་མེད་པའི་རྒྱལ་སྲིད་ཅེས་བྱ་བ་ནི་རྒྱལ་ཐབས་

ཀྱི་ཅོད་པན་མགོ་ལ་བཅིངས་པ་མེད་པའི་རྒྱལ་སྲིད་དེ་རྒྱལ་པོ་ཉིད་མ་ཡིན་ལ། རྒྱལ་པོ་དང་འདྲ་བའི་རྒྱལ་སྲིད་ནི་ཡོད་པའི་ཕྱིར་རོ། །བསྒུལ་ཀུན་དུ་བསྒུལ། ཀུན་དུ་རབ་ཏུ་བསྒུལ་ཞེས་བྱ་བ་ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་གནས་སྐབས་སོ། །བསྐལ་པ་བཟང་པོ་ཞེས་བྱ་བ་ནི་ཤིན་

ཏུ་བཀྲ་ཤིས་པ་སྟེ་བསོད་ནམས་དང་ལྡན་པའོ། །ཡབ་ཀྱི་མཆེད་ཀྱི་སྲས་ཞེས་བྱ་བ་ནི་ཁུའི་སྲས་སོ། །བཞོན་པའི་སྣོད་ཅེས་བྱ་བ་ནི་རྒྱ་མཚོའི་གྲུ་བོ་ཆེའོ། །ཞམ་རིང་ནས་ཉེ་བར་སྤྱོད་པ་ཞེས་བྱ་བ་ནི་དྲུང་ན་འདུག་པའོ། །ཡང་དག་པར་བཀུར་བ་ཞེས་བྱ་བ་ནི་མངོན་པར་དད་པར་བྱས་པའོ། །

མང་དུ་ཐོས་པ་ཞེས་བྱ་བ་ནི་བསྟན་བཅོས་མང་དུ་ཐོས་པའོ། །ཐོས་པ་འཛིན་པ་ཞེས་བྱ་བ་ནི་ཚིག་མི་བརྗེད་པའོ། །ཐོས་པ་བསྩགས་པ་ཞེས་བྱ་བ་ནི་དོན་མི་བརྗེད་པའོ། །སྲུའི་སྲས་ཞེས་བྱ་བ་ནི་སྐྱེ་དགུའི་བདག་མོ་ཆེན་མོའི་སྲས་སོ། །དབང་པོ་དག་གི་སྒོ་བསྡམས་པ་ཞེས་བྱ་བ་ནི་མིག་ལ་

སོགས་པའི་དབང་པོ་རྣམས་ཀྱི་ཟག་པའི་སྒོ་བསྡམས་པའོ། །མཐུ་དང་ལྡན་པ་ཞེས་བྱ་བ་ནི་མཐུ་ཆེ་བ་སྟེ་དབུས་ཀྱི་ཡུལ་མཐའ་དག་ཕེབས་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །མོན་སྲན་གྲེའུའི་ཕྱེ་མས་བསྐུས་པ་ཞེས་བྱ་བ་ནི་དེའི་བྱུག་པས་བསྐུས་པའོ། །བེའུ་ཕྲུག་གི་སྙིང་པོ་ཅན་ཞེས་བྱ་

བ་ནི་རས་བལ་ལས་བྱས་པའི་གོས་སྤུ་དང་བཅས་པ་དག་གིས་བཀབ་པ་ཞེས་བྱ་བའི་ཐ་ཚིག་གོ། །གནས་དྲུག་པོ་དག་ཅེས་བྱ་བ་ནི་དོན་དྲུག་པོ་དག་གོ། །དབུས་པའི་གནས་ཞེས་བྱ་བ་ནི་ཡུལ་དབུས་སོ། །དྲལ་ཞིང་ཞེས་བྱ་བ་ནི་འདོད་ཆགས་ཀྱིས་སྨས་པ་སྟེ་འདིས་ནི་འདོད་ཆགས་ཀྱི་དབང་གིས་

Vol. 157 · folio 86a

རིག་པའི་ལྷག་མ་ལ་སོགས་པ་གསུམ་པོ་དག་སྟོན་པར་བྱེད་པའོ། །གཞོགས་སྟེགས་ཞེས་བྱ་བ་ནི་མིག་ཟུར་བྱེད་པ་ལ་སོགས་པའོ། །འཕྱར་གཡེང་ཞེས་བྱ་བ་ནི་རབ་ཏུ་རྒྱུག་པའོ། །ཐོ་འཚམས་པ་ཞེས་བྱ་བ་ནི་ཕན་ཚུན་འཁྱུད་པའོ། །ཀུན་དུ་བརྩེ་བ་ཞེས་བྱ་བ་

ནི་ལག་ནས་འདྲེན་པ་ལ་སོགས་པས་དགའ་བར་བྱེད་པའོ། །ཀུན་དུ་ཅ་ཅོ་འདོན་པ་ཞེས་བྱ་བ་ནི་སྒྲ་མི་གསལ་བ་ཆེན་པོ་འབྱིན་པའོ། །ལུས་བསྒྱུར་བ་ཞེས་བྱ་བ་ནི་ལུས་ཀྱིས་རྡེབས་པའོ། །གང་ལས་ཆུ་འབྱུང་བ་ཞེས་བྱ་བ་ནི་ཕྱོགས་གང་ནས་ཆུ་འབབ་པའོ། །དེ་ལས་འབར་ཞེས་བྱ་བ་ནི་

ཕྱོགས་དེ་ལས་མེ་འབར་བའོ། །གང་ལས་སྐྱོབ་པ་ཞེས་བྱ་བ་ནི་སྲུང་བའོ། །འཇིགས་པ་མེད་ལས་ཞེས་བྱ་བ་ནི་འཇིགས་པ་དང་བྲལ་བས་སོ། །སྐྱབས་ལས་ཞེས་བྱ་བ་ནི་སྲུང་བར་བྱེད་པ་ལས་སོ། །བདེ་བ་ཞེས་བྱ་བ་ནི་ཕྱི་རོལ་གྱི་གནོད་པ་མེད་པའི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་རང་ཉིད་ཉེ་བར་

ཞི་བའོ། །བདེ་ལེགས་བརྗོད་པ་ཞེས་བྱ་བ་ནི་བཀྲ་ཤིས་སྨྲ་བའོ། །བདེ་ལེགས་སུ་འགྱུར་བ་ཞེས་བྱ་བ་ནི་བདེ་ལེགས་ཤེས་བྱ་བ་བཟང་བ་མྱ་ངན་ལས་འདས་པ་སྟེ། དེ་སྐྱེད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །འཇིགས་པ་ཞེས་བྱ་བ་ནི་ནང་ནས་སྐྲག་པའོ། །ཡམས་ཞེས་བྱ་བ་ནི་མི་མ་ཡིན་

པས་བྱས་པའི་གནོད་པའོ། །གནོད་པ་ཞེས་བྱ་བ་ནི་མིས་བྱས་པའི་གནོད་པའོ། །འགོ་བའི་ནད་ཅེས་བྱ་བ་ནི་འབྱུང་བ་ཆེན་པོ་འཁྲུགས་པ་ལས་གྱུར་པའི་གནོད་པའོ། །འཁྲུགས་པ་ཞེས་བྱ་བ་ནི་ལུས་ལ་གནོད་པའོ། །རྩོམ་པ་དེས་ཞེས་བྱ་བ་ནི་ཐབས་དེས་སོ། །ཚིག་བཞི་པའི་

ཚིགས་སུ་བཅད་པ་ཞེས་བྱ་བ་ནི། སྡིག་པ་ཐམས་ཅད་མི་བྱ་སྟེ། ཞེས་བྱ་བ་ནི་ཚིགས་བཅད་གཅིག་གོ། །དགེ་བ་ཕུན་སུམ་ཚོགས་པར་བྱ། ཞེས་བྱ་བ་ནི་ཚིག་གཉིས་སོ། །རང་གི་སེམས་ནི་ཡོངས་སུ་དུལ། ཞེས་བྱ་བ་ནི་ཚིག་གསུམ་མོ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བྱ་བ་ནི་

ཚིག་བཞི་པ་སྟེ། གཞན་དག་ལ་ཡང་དེ་བཞིན་དུ་སྦྱར་རོ། །དབང་པོ་ཡོངས་སུ་སྨིན་པར་བྱ་བ་ཞེས་བྱ་བ་ནི་ཆ་གཉིས་ཏེ་བདེན་པ་མཐོང་བར་བྱེད་པ་ལ་ནི་དད་པ་ལ་སོགས་པའི་དབང་པོ་ཡོངས་སུ་སྨིན་པ་དགོས་སོ། །གྲོང་པའི་ཆོས་མཐོང་བར་ཞེས་བྱ་བ་ནི་ཕོ་དང་མོའི་དབང་པོ་ཡོངས་སུ་

Vol. 157 · folio 86b

སྨིན་པར་བྱ་བའོ། །ཡན་ལག་གིས་ཞེས་བྱ་བ་ནི་རྒྱུ་གང་གིས་སོ། །ལུས་རེག་པར་བྱེད་དམ་ཞེས་བྱ་བ་ནི་ལུས་གཉིས་བར་ཆད་མེད་པས་རེག་པར་བྱེད་པའོ། །ལག་པ་ནས་བཟུང་ངམ་ཞེས་བྱ་བ་ལ་སོགས་པས་ནི། ལུས་ཀྱི་རེག་པའི་ངོ་བོ་ཉིད་བསྟན་ཏོ། །ངམ་ཞེས་བྱ་བའི་སྒྲ་ནི་འདིར་བསྡུ་

བའི་དོན་ཏེ་དེས་ན་རྩོམ་པ་གཅིག་ཏུ་གྱུར་པའི་ལག་པ་དང་། རྐང་པ་དང་ལན་བུ་ལ་སོགས་པ་ལ་འཛིན་པ་དག་བྱེད་ན་དགེ་འདུན་ལྷག་མ་གཅིག་ཁོ་ནར་འགྱུར་གྱི་རེ་རེས་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གང་དག་གམ་ཞེས་བྱ་བའི་སྒྲ་དག་ཡང་རུང་བའི་དོན་དུ་ཁས་ལེན་ཅིང་ལན་བུ་ལ་

བཟུང་བ་ཡང་དངོས་གཞིར་སྨྲ་བ་དེ་དག་ནི་ལྟུང་བ་བསྟན་པ་ལན་བུ་མ་སྨོས་པ་དང་ཡང་འགལ་ལ། ཞུ་བ་ལས་ཀྱང་། སྤུ་དང་སེན་མོ་དང་སོ་ལ་སོགས་པ་ལ་སྦོམ་པོར་གསུངས་པས་དངོས་གཞིར་མི་རུང་ངོ་། །ཆགས་པ་དང་། ཀུན་དུ་ཆགས་པ་དང་། ཀུན་ནས་དཀྲིས་བ་ཞེས་བྱ་བ་དག་

ནི་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་གནས་སྐབས་སོ། །གྱུར་པ་ཞེས་བྱ་བ་ནི་རྣམ་པར་གྱུར་པ་སྟེ་ཡུལ་དེ་དང་འབྲེལ་པར་འདོད་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །འདིར་ནི་རེག་པ་ལ་སོགས་པའི་བདེ་བ་འདོད་པ་ལ་ལྟུང་བ་འདི་དང་འོག་མ་གཉིས་འབྱུང་བར་སྟོན་ཏོ། །རྟོག་པ་དང་ལྡན་

པ་ཞེས་བྱ་བ་ནི་བྱམས་པ་དང་ལྡན་པའོ། །འབྲེལ་པ་ཞེས་བྱ་བ་ནི་དབང་དུ་གྱུར་པ་ཉིད་དོ། །རྣམ་པ་དེ་དག་མ་རྟོགས་པ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བའི་གནས་སྐབས་སོ། །སྟེན་ནུས་པ་ཞེས་བྱ་བ་ནི་བོང་ཚོད་འབྲིང་སྟེ་སྐྱེས་པའི་ལག་པ་དང་རྐང་པ་དང་ཟག་བྱེད་ལ་སོགས་པ་ཡན་

ལག་གིས་འཛིན་ནུས་པའི་ལུས་ཅན་ཡིན་གྱི་ལུས་མ་ཐོབ་པ་དང་། ལུས་ཟད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མཁྲིག་མ་ཞེས་བྱ་བ་ནི་ཁབ་རལ་གྱི་ཕྱོགས་སོ། །སྐྲ་དག་དང་དེ་དང་འབྲེལ་བའི་གོས་སོ་ཞེས་བྱ་བ་ནི་དེ་གཉིས་ཀ་བསྡུས་པ་ལན་བུ་ཞེས་བྱ་བའི་ཐ་ཚིག་གོ། །ནོམ་པ་

ཞེས་བྱ་བ་ནི་ཅུང་ཞིག་རེག་པའོ། །ཉུག་པ་ཞེས་བྱ་བ་ནི་ཕྱོགས་ཐམས་ཅད་ཀྱིས་རེག་པའོ། །སྤྲོད་པར་བྱེད་པ་ཞེས་བྱ་བ་ནི་ལག་པ་གཉིས་ཀྱིས་འཁྱུད་པར་བྱེད་པའོ། །འཛིན་པར་བྱེད་པ་ཞེས་བྱ་བ་ནི་སྡོམ་པར་བྱེད་པའོ། །འདྲེན་པར་བྱེད་པ་ཞེས་བྱ་བ་ནི་བདག་ཉིད་ཀྱི་གནས་སུ་འདྲེན་པར་

Vol. 157 · folio 87a

བྱེད་པའོ། །ཡོངས་སུ་འདྲེན་པར་བྱེད་པ་ཞེས་བྱ་བ་ནི་གནས་ནས་གནས་གཞན་དུ་འཁྲིད་པར་བྱེད་པའོ། །འོག་ནས་འཁྱུད་པར་བྱེད་པ་ཞེས་བྱ་བ་ནི་གྱེན་དུའོ། །སྟེང་ནས་འཁྱུད་པར་བྱེད་པ་ཞེས་བྱ་བ་ནི་ཐུར་དུའོ། །དམ་དུ་སྦྱོར་བར་བྱེད་པ་ཞེས་བྱ་བ་ནི་དབང་དུ་གནོན་

པར་བྱེད་པའོ། །ཟ་འགྲམ་ཞེས་བྱ་བ་ནི་འགྲམ་པའི་མཚམས་སོ། །རྐང་པའི་རྩེ་མོ་ཞེས་བྱ་བ་ནི་རྐང་པའི་ཐོག་མའོ། །རོ་མྱོང་བར་བྱེད་ཅེས་བྱ་བ་ནི་བདག་གིར་བྱེད་པའོ། །ངེས་པར་རྟོག་པར་བྱེད། ལྷག་པར་ཆགས་པར་བྱེད། ལྷག་པར་ཆགས་ཤིང་འདུག་པར་བྱེད་ཅེས་བྱ་བ་ནི་ཆུང་ངུ་དང་

འབྲིང་དང་། ཆེན་པོའི་གནས་སྐབས་སོ། །ལུས་ཉེ་བར་གཞོལ་བར་བྱེད་ན་ཞེས་བྱ་བའི་ཚིག་ནི་ཕ་རོལ་གྱི་སྤྱོད་པ་ལས་ལྟུང་བར་མི་འགྱུར་བ་དང་། རོ་མྱོང་བའི་བྱ་བ་ལས་ལུས་ཀྱི་ལྟུང་བར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །དེ་ལ་དོན་མ་ནོར་བར་བསྡུ་བ་བསྟན་པའི་ཕྱིར། ནུས་པ་ལ་

དགེ་འདུན་ལྷག་མ་གང་ཡིན་པ་དེ་མི་ནུས་པ་ལ་ཉེས་པ་སྦོམ་པོའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནུས་པ་དང་གོས་ཀྱིས་བར་དུ་ཆོད་པ་མེད་པ་དང་། ནོམ་པ་ལ་སོགས་པ་གང་ལ་དགེ་འདུན་ལྷག་མའི་ལྟུང་བར་འགྱུར་བ་དེ་ལས་མི་ནུས་པ་ལ་སྨད་པའི་ཕྱིར་ཉེས་པ་སྦོམ་པོར་ཤེས་པར་བྱའོ། །མིའི་

འགྲོ་བར་གཏོགས་པའི་སྐྱེས་པ་དང་། ཟ་མ་དང་མ་ནིང་དང་། མཚན་གཉིས་པ་རྣམས་ལ་ནི་ནུས་པ་ཉིད་ཡིན་ཡང་བུད་མེད་ཉིད་མེད་པའི་ཕྱིར་ཉེས་པ་སྦོམ་པོའོ། །དུད་འགྲོ་ལས་སྐྱེས་པའི་སྐྱེས་པ་དང་། ཟ་མ་དང་མ་ནིང་དང་། མཚན་གཉིས་པ་དག་ལ་ཡང་ནུས་པ་ཉིད་ཡིན་ཡང་བུད་མེད་ཉིད་

མེད་པའི་ཕྱིར་ཉེས་པ་སྦོམ་པོར་འགྱུར་རོ། །གང་དུད་འགྲོ་མོ་ལ་ཉེས་པ་སྦོམ་པོར་འདོད་པ་དེ་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ཕོ་ལ་སོགས་པ་ལ་རེག་པ་སྦོམ་པོར་གསུངས་པའི་ཚིག་འདིས་བཀག་པར་ཤེས་པར་བྱས་ཏེ། གཞན་དུ་ན་ཡན་ལག་གཉིས་མ་ཚང་བའི་ཕྱིར་འདི་ལ་ཡང་ཉེས་

བྱས་སུ་འགྱུར་རོ། །ནུས་པ་གང་ལ་གོས་ཀྱིས་བར་དུ་ཆོད་པ་ལ་སོགས་པ་རེག་པ་ལ་ཉེས་པ་སྦོམ་པོ་གང་ཡིན་པ་དེ་ལ་མི་ནུས་པ་ལས་ཉེས་བྱས་ཏེ། ཡན་ལག་གཉིས་མ་ཚང་བའི་ཕྱིར་རོ། །མིའི་འགྲོ་བར་གཏོགས་པ་སྐྱེས་པ་ལ་སོགས་པ་མི་ནུས་པ་ལ་ཡང་ཉེས་བྱས་ཏེ། མི་ནུས་

Vol. 157 · folio 87b

པའི་ཕྱིར་དང་། བུད་མེད་ཉིད་མེད་པའི་ཕྱིར་རོ། །དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ཕོ་ལ་སོགས་པ་ལ་ཡང་ཉེས་བྱས་ཉིད་དེ། ཡན་ལག་གཉིས་མེད་པའི་ཕྱིར་རོ། །ནུས་པ་གང་ལ་ཁྱིམ་དུ་འགྲོ་བ་ལ་སོགས་པའི་བྱ་བ་ལ་སྦྱོར་བར་གྱུར་པའི་ཉེས་བྱས་ཡིན་པ་དེ་ལ་མི་ནུས་པ་ལ་ཉེས་བྱས་ཉིད་དེ། དེ་ནི་ཉེས་

བྱས་ཕྲ་མོ་ཡིན་ནོ། །སྐྱེས་པ་ལ་སོགས་པ་ལ་ནི་ཉེས་བྱས་ཕྲ་མོ་ཡིན་ནོ། །མ་ཡང་ཡིན་ལ་མར་འདུ་ཤེས་པ་ཡང་ཡོད་པ་ཞེས་བྱ་བ་ནི་ཡོན་ཏན་གཉིས་ཀ་དང་ལྡན་པ་ལ་ལྟུང་བ་མེད་པར་བསྟན་པའི་ཕྱིར་ཏེ། དེ་ལ་ནི་དྲལ་ཅིང་གྱུར་པའི་སེམས་མེད་པའི་ཕྱིར་ལྷག་མ་རྣམས་ལ་ཡང་ལྟུང་བ་མེད་དོ། །ལུས་ཀྱིས་

རེག་པའི་དགེ་འདུན་ལྷག་མ་སྟེ་གཉིས་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།དྭ་ཞེས་བྱ་བ་ནི་ཕ་ཤི་བའི་བུ་སྟེ་གཞན་གྱིས་གསོས་པའི་ཕྱིར་རོ། །རྒྱན་པོ་པ་ཞེས་བྱ་བ་ནི་རྒྱན་འགྱེད་པའོ། །ནལ་གྱི་བུ་ཞེས་བྱ་བ་ནི་ཁྱིམ་ཐབ་མ་ཡིན་པའི་བུའོ། །ལེགས་པར་སྨྲས་པ་ཞེས་བྱ་བ་

ནི་དགེ་བ་དག་གོ། །ཉེས་པར་སྨྲ་བ་ཞེས་བྱ་བ་ནི་མི་དགེ་བ་ཉོན་མོངས་པ་ཅན་དག་གོ། །གནས་ངན་ལེན་ཞེས་བྱ་བ་ནི་ཉེས་པའོ། །དེ་ལེན་པ་ནི་ཉེས་པ་སྐྱེད་པ་སྟེ་སྐྱོན་ཆགས་པའོ། །ཕམ་པར་གྱུར་པ་ཀུན་ནས་སློང་བ་ཞེས་བྱ་བ་ནི་ཕམ་པར་འགྱུར་བ་སྐྱེད་པར་བྱེད་པ་སྟེ། ཀུན་ནས་སློང་བ་ཞེས་བྱ་བ་ནི་

རྒྱུའོ། །དགེ་འདུན་ལྷག་མ་ཀུན་སློང་བ་ཞེས་བྱ་བ་ནི་དགེ་འདུན་ལྷག་མ་སྐྱེད་པར་བྱེད་པའོ། །སྡིག་པ་ཅན་ཞེས་བྱ་བ་ནི་སྡིག་པའི་དོན་དང་ལྡན་པའོ། །ཚོགས་པར་མི་འབྱུང་བ་ཞེས་བྱ་བ་ནི་ཚོགས་ཀྱི་ནང་དུ་འཇུག་པར་མི་འོས་པའི་ཕྱིར་རོ། །སྤྲོད་པ་ལས་བྱུང་བ་དང་ལྡན་པ་ཞེས་བྱ་བ་ནི་གཉིས་ཀྱིས་

གཉིས་སྤྲོད་པ་ལས་བྱུང་བའི་ཆོས་ཀྱི་མིང་དང་ལྡན་པ་སྟེ། མི་ཚངས་པར་སྤྱོད་པ་དང་ལྡན་པའི་ཚིག་གོ། །མ་སྨྲས་པ་ལ་སྨྲས་པ་ཞེས་བྱ་བ་ནི་བུད་མེད་ཀྱིས་སྔར་མ་སྨྲས་པ་ལ་དགེ་སློང་གིས་སྨྲས་པའོ། །སྨྲས་པ་ལ་ཕྱིར་སྨྲས་ནའོ་ཞེས་བྱ་བ་ནི་སྔར་བུད་མེད་ཀྱིས་སྨྲས་པ་ལ་དགེ་སློང་གིས་ཕྱིར་སྨྲས་པའོ། །

བསྔགས་པ་བྱེད་པ་ཞེས་བྱ་བ་ནི་སྟོད་པར་བྱེད་པའོ། །བསྔགས་པ་མ་ཡིན་པ་བྱེད་པ་ཞེས་བྱ་བ་ནི་སྨོད་པར་བྱེད་པའོ། །གསོལ་བར་བྱེད་པ་ཞེས་བྱ་བ་ནི་དངོས་སུ་གསོལ་བར་བྱེད་པའོ། །ཉེ་བར་གསོལ་བར་བྱེད་པ་ཞེས་བྱ་བ་ནི་དངོས་སུ་མི་སྨོས་པར་གསོལ་བར་བྱེད་པའོ། །འདྲི་བར་བྱེད་པ་

Vol. 157 · folio 88a

ཞེས་བྱ་བ་ནི་སྐབས་འདྲི་བར་བྱེད་པའོ། །ཡོངས་སུ་འདྲི་བར་བྱེད་པ་ཞེས་བྱ་བ་ནི་སྐབས་དང་སྐབས་མ་ཡིན་པ་གཉི་ག་ཀུན་ནས་འདྲི་བར་བྱེད་པའོ། །རྗོད་པར་བྱེད་པ་ཞེས་བྱ་བ་ནི་བདག་ཉིད་དགའ་བའི་སྐབས་བརྗོད་པའོ། །སྨོན་པར་བྱེད་པ་ཞེས་བྱ་བ་ནི་ཤིས་པ་

བརྗོད་པའོ། །གཤེ་བར་བྱེད་པ་ཞེས་བྱ་བ་ནི་སྦྱོར་བར་བྱེད་པའོ། །དྲལ་ཞིང་ཞེས་བྱ་བ་ནི་ཀུན་ནས་དཀྲིས་པ་ཉིད་དོ། །གྱུར་པ་ཞེས་བྱ་བ་ནི་ཡུལ་ལ་རྟོག་པ་ཉིད་དོ། །རྨའི་སྒོ་གསུམ་པོ་དག་ཅེས་བྱ་བ་ནི་ཁ་དང་། བཤང་བའི་ལམ་དང་། ཟག་བྱེད་དོ། །ལེགས་པར་འདོད་པ་ཞེས་བྱ་བ་ནི་

ཁ་དོག་གིས་སོ། །ལེགས་པར་གནས་པ་ཞེས་བྱ་བ་ནི་དབྱིབས་ཀྱིས་སོ། །ལེགས་པར་གྱུར་པ་ཞེས་བྱ་བ་ནི་ལས་སུ་རུང་བ་སྟེ། ཡོངས་སུ་སྨིན་ཞེས་བྱ་བའི་ཐ་ཚིག་གོ། །སྤྲོད་པ་ལས་བྱུང་བ་དང་ལྡན་པ་ཞེས་བྱ་བ་ནི་གཉིས་ཀྱིས་གཉིས་སྤྲོད་པ་ལས་ཆོས་གང་བྱུང་བ་དེའི་མིང་དང་ལྡན་པའི་ཚིག་སྟེ།

རྒྱ་ཞེས་བྱ་བའི་འོག་ཁོ་ནར་རྣ་རུ་ཞེས་བྱ་བ་བརྗོད་པའོ། །དེ་བཞིན་ནམ་འོན་ཏེ་མ་ཡིན། དེ་ལ་སྲུང་བ་ཇི་སྙམ་བྱེད་ཅེས་བྱ་བ་ནི་ཇི་ལྟར་དགའ་བ་དང་ཇི་ལྟར་ཡིད་དུ་འོང་བ་ཡིན་ནམ་འོན་ཏེ་མ་ཡིན། དེ་ལ་ཁྱོད་ཇི་སྙམ་དུ་སེམས་ཞེས་བྱ་བའི་ཐ་ཚིག་གོ། །རོ་ལྟ་བུ་ལ་སོགས་པས་སྤྱོ་བ་དག་གིས་ཞེས་བྱ་བ་

ནི་རོ་ལྟ་བུ་དང་། མོ་གཤམ་ལྟ་བུ་དང་། ཟ་མ་ལྟ་བུ་ཁྱོད་ལ་བོང་བུ་དག་དེ་ལྟར་བྱེད་པར་གྱུར་ཅིག །ཁྱོད་ཀྱིས་དེར་མགལ་དུམ་དག་ཆུག་ཤིག་ཅེས་བྱ་བ་ལ་སོགས་པས་སྤྱོས་པ་དག་གིས་སོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པའི་འགྲེས་ཀྱིས་ནི་གཞན་གྱི་ཚིག་གིས་ཀྱང་ལྟུང་བར་མི་འགྱུར་

ལ། རོ་མྱང་བ་མེད་པས་ཀྱང་ལྟུང་བར་མི་འགྱུར་གྱི། བདག་ཉིད་ཀྱི་ཚིག་དང་། རོ་མྱང་བས་ལྟུང་བར་འགྱུར་རོ་ཞེས་བྱ་བར་སྟོན་ཏེ། དེའི་ཕྱིར་དགེ་སློང་གིས་དྲལ་ཞིང་གྱུར་པའི་སེམས་ཀྱིས་དེ་རོ་མྱོང་བར་བྱེད། ངེས་པར་རྟོག་པར་བྱེད། ལྷག་པར་ཆགས་པར་བྱེད། ལྷག་པར་ཆགས་

ཤིང་འཇུག་པར་བྱེད་པ་དེ་ལྟ་དེ་ལྟར་ཕྱིར་སྨྲ་བར་བྱེད་ཅིང་ཞེས་བྱ་བ་གསུངས་པའོ། །དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཉེས་བྱས་སོ་ཞེས་བྱ་བ་ནི་ཕོ་ལ་སོགས་པ་ལ་སྟེ། མོ་ཉིད་མ་ཡིན་པའི་ཕྱིར་དང་། རིགས་མི་མཐུན་པ་ཉིད་ཀྱིས་ཐ་སྙད་དུ་བྱར་མི་རུང་བ་ཉིད་ཀྱི་ཕྱིར་ན་སྨད་དོ་ཞེས་བྱ་བའི་

Vol. 157 · folio 88b

ཐ་ཚིག་གོ། །འདིར་ནི་དུད་འགྲོ་མི་ནུས་པ་ལ་སྦོམ་པོའོ་ཞེས་བྱ་བ་སྨོས་པར་ཤེས་པར་བྱའོ། །སྐད་ཀྱི་ངེས་པའི་ཚིག་ཅེས་བྱ་བ་ལ་སོགས་པ་ལ་ནི་དྲལ་ཅིང་གྱུར་པའི་སེམས་མེད་པའི་ཕྱིར་ལྟུང་བ་མེད་དོ། །ནས་ཀྱི་མིང་དང་། རྩ་བའི་མིང་དང་། ཡོལ་བའི་མིང་ཞེས་བྱ་བ་ནི་རྒྱ་གར་སྐད་དུ་

ནས་ལ་ནི་ཡ་བ་ཞེས་བྱ། རྩ་ལ་ནི་ཡ་བ་ས་ཞེས་བྱ། ཡོལ་བ་ལ་ནི་ཡ་བ་ནི་ཀ་ཞེས་བྱ། སྤྲོད་པ་ལས་བྱུང་བ་ལ་ནི་ཡ་བྷ་ཞེས་བྱ་བ་སྟེ། དེའི་མིང་གི་ཆ་འདྲ་བ་ཙམ་དུ་ཟད་པས་དེ་དག་བརྗོད་པ་ལ་ཡང་ལྟུང་བ་མེད་དོ། །སྤྲོད་པ་ལས་བྱུང་བ་དང་ལྡན་པ་སྨྲ་བའི་དགེ་འདུན་ལྷག་མ་སྟེ་གསུམ་པའི་རྣམ་

པར་བཤད་པ་རྫོགས་སོ།། །།ལུས་ཀྱི་ཀུན་དུ་སྤྱོད་པ་ཞེས་བྱ་བ་ནི་སྤྲོད་པ་ལས་བྱུང་བའོ། །དགེ་བའི་ཆོས་ཅན་ཞེས་བྱ་བ་ནི་སེམས་མཉམ་པར་གཞག་པའོ། །ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་ལམ་ཤེས་པའོ། །མཆོག་ཅེས་བྱ་བ་ལ་སོགས་པ་བཅོ་བརྒྱད་ནི་བསྔགས་པ་སྨྲ་བའི་རྣམ་

གྲངས་པ་དག་ཡིན་པས་འདིར་སྨོས་ཏེ། དེ་དག་གང་བརྗོད་ཀྱང་བྱེ་བྲག་མེད་དོ། །དེ་ལ་ཇི་ལྟར་མཆོག་གི་ཞེ་ན་ཞེས་བྱ་བ་ལ་སོགས་པའི་འགྲེས་དང་པོས་ནི་དེ་ལྟ་བུ་ཞེས་བྱ་བ་དང་སྤྲོད་པ་ལས་བྱུང་བའི་ཞེས་བྱ་བ་གཉིས་ཀ་སྨོས་ཏེ། ཚུལ་ཁྲིམས་དང་ལྡན་པ་ལ་ཞེས་བྱ་བ་དང་། དགེ་བའི་

ཆོས་ཅན་ལ་ཞེས་བྱ་བ་དང་། ཚངས་པར་སྤྱོད་པ་ལ་ཞེས་བྱ་བ་དང་། ཚུལ་ཁྲིམས་དང་ལྡན་པའི་དགེ་བའི་ཆོས་ཅན་ལ་ཞེས་བྱ་བ་དང་། ཚུལ་ཁྲིམས་དང་ལྡན་པ་ཚངས་པར་སྤྱོད་པ་ལ་ཞེས་བྱ་བ་དང་། དགེ་བའི་ཆོས་ཅན་ཚུལ་ཁྲིམས་དང་ལྡན་པ་ལ་ཞེས་བྱ་བ་དང་། དགེ་བའི་ཆོས་ཅན་ཚངས་

པར་སྤྱོད་པ་ལ་ཞེས་བྱ་བ་དང་། ཚངས་པར་སྤྱོད་པ་ཚུལ་ཁྲིམས་དང་ལྡན་པ་ལ་ཞེས་བྱ་བ་དང་། ཚངས་པར་སྤྱོད་པ་དགེ་བའི་ཆོས་ཅན་ལ་ཞེས་བྱ་བ་དང་། ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་ཚངས་པར་སྤྱོད་པ་ལ་ཞེས་བྱ་བར་ཡོན་ཏན་རྣམ་པ་བཅུ་པོ་རེ་རེ་མཆོག་ལ་སོགས་པ་བཅོ་བརྒྱད་

པོ་དག་རེ་རེ་ལ་ཡང་བཅུ་བཅུར་སྦྱར་བའི་དངོས་གཞིར་འགྱུར་བའི་ལྟུང་བ་བརྒྱ་བརྒྱད་ཅུ་སྟོན་ཏོ། །འགྲེས་གཉིས་པ་ནི་ང་ལྟ་བུ་ཞེས་སྨོས་ལ། སྤྲོས་པ་ལས་འབྱུང་བ་ཞེས་མ་སྨོས་པའི་ཡོན་ཏན་བཅུ་པོ་དག་མཆོག་ལ་སོགས་པ་བཅོ་བརྒྱད་པོ་དག་རེ་རེ་ལ་ཡང་བཅུ་བཅུར་སྦྱར་བའི་སྦོམ་པོ་བརྒྱ་

Vol. 157 · folio 89a

བརྒྱད་ཅུ་སྟོན་ཏོ། །འགྲེས་གསུམ་པས་ནི་སྤྲོས་པ་ལས་བྱུང་བ་ཞེས་སྨོས་པས་ནི་ང་ལྟ་བུ་ཞེས་མ་སྨོས་པའི་ཡོན་ཏན་བཅུ་པོ་དག་མཆོག་ལ་སོགས་པ་བཅོ་བརྒྱད་རེ་རེ་ལ་ཡང་བཅུ་བཅུར་སྦྱར་བའི་སྦོམ་པོ་བརྒྱ་བརྒྱད་ཅུ་སྟོན་ཏོ། །འགྲེས་བཞི་པས་ནི་ང་ལྟ་བུ་ཞེས་བྱ་བ་དང་།

སྤྲོད་པ་ལས་བྱུང་བ་ཞེས་བྱ་བ་གཉི་ག་མ་སྨོས་པའི་ཡོན་ཏན་བཅུ་པོ་དག་མཆོག་ལ་སོགས་པ་བཅོ་བརྒྱད་རེ་རེ་ལ་ཡང་བཅུ་བཅུར་སྦྱར་བའི་ཉེས་བྱས་བརྒྱ་བརྒྱད་ཅུ་སྟོན་ཏོ། །ཀུན་དུ་སྤྱོད་པས་བསྔགས་པའི་དགེ་འདུན་ལྷག་མ་སྟེ་བཞི་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།

ཡིད་གཅུགས་པ་ཞེས་བྱ་བ་ནི་ཡིད་རྟོན་པའོ། །ཁྱིམ་འཇུག་པར་བྱེད་ཅེས་བྱ་བ་ནི་ཁྱིམ་རྣམས་ཕན་ཚུན་འབྲེལ་བར་བྱེད་པ་གང་ཡིན་པ་སྟེ། མཚན་མཁན་ཞེས་བྱ་བའི་ཐ་ཚིག་གོ། །ཁྱིམ་ན་གནས་པར་ནུས་པ་ཞེས་བྱ་བ་ནི་ཁྱིམ་སྐྱོང་བར་བྱེད་ནུས་པའོ། །དུས་གཅིག་ཏུ་ཞེས་བྱ་བ་ནི་དུས་

མཉམ་དུའོ། །རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་ནི་མ་མཛད་དོ་ཞེས་བྱ་བ་ནི་འཕྲིན་ནོད་པ་དང་འཕྲིན་ཕར་སྐྱེལ་བ་དང་འཕྲིན་ཚུར་སྐྱེལ་བའི་རང་བཞིན་གྱི་སྨྱན་བྱེད་པ་ལ་མ་ཞུགས་པའི་ཕྱིར་རོ། །བུད་མེད་ལ་སྐྱེས་པའི་ཚིག་དང་ཞེས་བྱ་བ་ནི་བུད་མེད་ཀྱི་ཡུལ་ལས་

སྐྱེས་པའི་ཚིག་གིས་སོ། །སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཞེས་བྱ་བ་ནི་སྐྱེས་པའི་ཡུལ་ལ་བུད་མེད་ཀྱི་ཚིག་གིས་སོ། །ཆུང་མ་ཉིད་ཅེས་བྱ་བ་ནི་བུད་མེད་གྲགས་པ་ཉིད་དོ། །མཛའ་ན་མོ་ཉིད་ཅེས་བྱ་བ་ནི་བུད་མེད་མཁྱུད་བུ་ཉིད་དོ། །སྨྱན་ཞེས་བྱ་བ་ནི་འཕྲིན་པ་ཉིད་དོ། །བྱེ་བྲག་ནི་ཅི་ཡོད་

ཅེས་བྱ་བ་ནི་སྦྱོར་བའི་དུས་ནའོ། །བསམ་པ་ནི་ཅི་ཡོད་ཅེས་བྱ་བ་ནི་སེམས་པའི་དུས་ནའོ། །ཐ་དད་དུ་བྱ་བ་ནི་ཅི་ཡོད་ཅེས་བྱ་བ་ནི་ཕྲད་པའི་འབྲས་བུའི་དུས་ནའོ། །ཆུང་མ་ཞེས་བྱ་བ་ནི་གསོ་བར་བྱ་བའོ། །སྐྱེ་དགུའི་བདག་མོ་ཞེས་བྱ་བ་ནི་བུ་ཚང་མའོ། །ཆུ་ཚིགས་ཀྱིས་བྱིན་ཞིང་ཞེས་བྱ་བ་ནི་

སྔར་ཆུ་བྱིན་ནས་དེའི་རྗེས་སུ་བུ་མོ་ཡང་བྱིན་པའོ། །འདོད་པ་དག་གི་ཕྱིར་སྤྱོད་པ་ཞེས་བྱ་བ་ནི་འདོད་པ་དག་གི་དོན་དུ་སྤྱོད་པའོ། །བསྲུངས་པ་ཞེས་བྱ་བ་ནི་བསྐོས་པས་སོ། །ཤིན་ཏུ་བསྲུངས་པ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །སྦས་པ་ཞེས་བྱ་བ་ནི་སབ་མོ་ལ་སོགས་པས་བསྐོར་བའོ། །

Vol. 157 · folio 89b

ཤིན་ཏུ་སྦས་པ་ཞེས་བྱ་བ་ནི་སྒོ་བཅད་པ་ལ་སོགས་པས་སོ། །རྒྱལ་མཚན་དུ་བྱས་ནས་ཞེས་བྱ་བ་ནི་རྒྱུར་བཞག་ནས་སོ། །རང་གི་དད་པ་ཞེས་བྱ་བ་ནི་འདོད་པའོ། །གཅུགས་པ་ཞེས་བྱ་བ་ནི་བྱམས་པའོ། །དགའ་བ་ཞེས་བྱ་བ་ནི་གྱ་གྱུ་མེད་པས་སོ། །གཅིག་ཏུ་བསྡུས་ཏེ་ཞེས་བྱ་བ་ནི་རྣམ་

པ་གཅིག་ཏུ་བྱས་ཏེའོ། །ཐང་འགའ་ཕྲད་པ་ཞེས་བྱ་བ་ནི་བྱ་བ་དེ་ཉིད་ཀྱིས་སྐད་ཅིག་ལ་ཉེ་བར་གཟུང་སྟེ། གཟུགས་འཚོང་མ་དང་ཚོགས་ཅན་མ་དང་། འཇུད་མཐུན་མ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱིམ་བདུན་པ་ཚུན་ཆད་ཅེས་བྱ་བ་ནི་སྔོན་རོལ་དུ་ནི་ཕ་དང་མའི་ཁྱིམ་བདུན་པ་ཚུན་ཆད་གཟུང་

ངོ་། །འོག་རོལ་དུ་ནི་བུ་དང་བུ་མོའི་ཁྱིམ་བདུན་པ་ཚུན་ཆད་གཟུང་སྟེ། རྒྱུད་གཅིག་ནས་སྐྱེས་པའི་འབྲེལ་བ་གང་ཡིན་པ་དེ་ནི་ཉེ་དུ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་འཁྲུག་པ་མེད་པ་ཞེས་བྱ་བ་ནི་གང་ལ་གྲོང་པའི་ཆོས་ལས་གྱུར་པའི་རྣམ་པར་འཁྲུག་པ་མེད་པ་སྟེ། སྐྱེས་པ་གཞན་

གྱི་གན་དུ་མི་འགྲོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱིམ་ཐབ་ཀྱི་མལ་གྱི་རྗེས་སུ་འཇུག་པ་ཞེས་བྱ་བ་ནི་ཁྱིམ་ཐབ་འབའ་ཞིག་དང་ལྷན་ཅིག་ཉལ་གྱི། མི་གཞན་དང་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་བཞིན་སྤྱོད་པ་ཞེས་བྱ་བ་ནི་ཁྱིམ་པ་མོ་བསླབ་པའི་གཞི་གཟུང་བའོ། །དེ་ལ་ལྟུང་བ་ཅིར་

འགྱུར་ཞེས་བྱ་བ་ལ་སོགས་པའི་འགྲེས་ལ། སྤྲིང་བ་ནོད་པ་དང་། འཕྲིན་ཕར་སྐྱེལ་བ་དང་། འཕྲིན་ཚུར་སྐྱེལ་བ་དག་བདག་ཉིད་དང་མངགས་པས་རྗེས་སུ་བསྒྲུབ་པ་ལ་ལྟུང་བ་འདྲ་བར་བསྟན་པའི་ཕྱིར། དགེ་སློང་གིས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ་ཞེས་བྱ་བ་ལ་སོགས་པ་བཞི་པ་དང་

པོ་གསུངས་སོ། །བདག་པོ་ལས་སམ་མངགས་པ་ལས་སྤྲིང་བ་ནོད་པ་ལ་ལྟུང་བ་འདྲ་བར་བསྟན་པའི་ཕྱིར། དགེ་སློང་གིས་མངགས་པ་ལས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ། ཞེས་བྱ་བ་ལ་སོགས་པ་བཞི་པ་གཉིས་པ་གསུངས་སོ། །མངགས་པས་མངགས་པ་ལ་སོགས་པས་ཡང་

བདག་པོ་དང་འདྲ་བར་བསྟན་པའི་ཕྱིར། དགེ་སློང་གི་མངགས་པས་མངགས་པ་ལ་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ་ཞེས་བྱ་བ་ལ་སོགས་པ་བཞི་པ་གསུམ་གསུངས་སོ། །འཕྲིན་ནོད་པ་དང་འཕྲིན་ཕར་སྐྱེལ་བ་དང་། འཕྲིན་ཚུར་སྐྱེལ་བ་དག་འཕྲད་པ་སོ་སོའི་ཕྱིར་དང་། ཐ་དད་པར་གྱུར་པ་ཉིད་

Vol. 157 · folio 90a

ཡིན་པའི་ཕྱིར་རོ། །སྦྱོར་བ་སོ་སོ་བསྟན་པའི་ཕྱིར། དགེ་སློང་གཉིས་ཀྱིས་གཉི་གས་སྤྲིང་བ་མནོས་ཏེ་ཞེས་བྱ་བ་ལ་སོགས་པའི་ཚར་བརྩམས་སོ། །ལམ་ལ་སོགས་པ་ལ་ཡང་ཁ་ན་མ་ཐོ་བ་འདྲ་བར་བསྟན་པའི་ཕྱིར། དགེ་སློང་གཅིག་ཅེས་བྱ་བ་ལ་སོགས་

པའི་ཚར་བརྩམས་སོ། །མཛའ་ན་མོ་ཞེས་བྱ་བ་ནི་ཡང་དང་ཡང་དུ་བགྲོད་པར་བྱ་བའོ། །སྨོས་འདྲིན་ཞེས་བྱ་བ་ནི་ལན་ཅིག་བགྲོད་པར་བྱ་བའོ། །མཛའ་ན་ཕོ་ཞེས་བྱ་བ་ནི་ཡང་དང་ཡང་དུ་འགྲོ་བར་བྱེད་པའོ། །སྨོས་འདྲིན་ཞེས་བྱ་བ་ནི་ལན་ཅིག་འགྲོ་བར་བྱེད་པའོ། །མ་བཅོལ་བར་

བྱེད་པ་ལ་དངོས་གཞི་མེད་པར་བསྟན་པའི་ཕྱིར། དགེ་སློང་གི་མདུན་དུ་འགྲོ་བའི་དགེ་སློང་དང་། ཕྱི་བཞིན་འབྲང་བའི་དགེ་སྦྱོང་གཉིས་ལ་སོགས་པའི་ཚར་བརྩམས་སོ། །བདག་པོའི་ཡུལ་དག་ལས་སྤྲིང་བ་ནོད་པ་ལ་སོགས་པ་ལ་དངོས་གཞིར་འགྱུར་གྱི་གཞན་ལ་མ་ཡིན་པར་བསྟན་པའི་

ཕྱིར་ཁྱིམ་བདག་ནི་གཉིས་ཏེ། བདག་པོ་དང་བདག་པོ་མ་ཡིན་པའོ་ཞེས་བྱ་བ་ལ་སོགས་པའི་ཚར་བརྩམས་སོ། །བདག་པོ་ཞེས་བྱ་བ་ནི་མཐུ་ཡོད་པའོ། །རྒྱུ་གསུམ་གྱིས་སྤྲིང་བའི་འཕྲིན་ཚུར་བསྐྱལ་བར་འགྱུར་ལ་ཞེས་བྱ་བ་ནི་ཕྱིར་གོ་བར་བྱེད་པར་འགྱུར་རོ། །ཕར་བསྐྱལ་བར་ནི་མི་

འགྱུར་ཏེ་ཞེས་བྱ་བ་ནི་སྔར་གོ་བར་མ་བྱས་པ་ལ་ཡུལ་ཕྱོགས་ལ་སོགས་པས་བརྡ་སྤྲད་པ་མི་སྲིད་པའི་ཕྱིར་རོ། །ཡུལ་ཕྱོགས་དང་སྤྲིང་ཡིག་ལ་སོགས་པས་སྤྲིང་པ་ནོད་པ་ལ་སོགས་པ་ཡང་དངོས་གཞིར་འགྱུར་བར་བསྟན་པའི་ཕྱིར། རྒྱུ་གསུམ་གྱིས་ནི་སྤྲིང་བའི་འཕྲིན་ཕར་བསྐྱལ་བར་

ཡང་འགྱུར་ལ་འཕྲིན་ཚུར་བསྐྱལ་བར་ཡང་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་ལྔ་པ་དྲུག་པ་བརྩམས་ཏེ། ལྔ་པ་དང་པོ་ནི་ཚིག་དང་སྤྲིང་ཡིག་བསྡུས་ཏེ་དེ་ལ་ཡང་དང་པོ་ལ་ནི་ཚིག་འབའ་ཞིག་གོ། །གཉིས་པ་ལ་ནི་ཐ་མ་སྤྲིང་ཡིག་གོ། །གསུམ་པ་ལ་ནི་བར་མ་སྤྲིང་ཡིག་གོ། །

བཞི་པ་ལ་ནི་བར་མ་དང་ཐ་མ་སྤྲིང་ཡིག་གོ། །ལྔ་པ་ལ་ནི་བར་མ་སྤྲིང་ཡིག་ཡིན་ལ་ཐ་མ་ཡུལ་ཕྱོགས་དང་བརྡ་དང་མཚན་མ་ཡིན་པར་སྦྱར་རོ། །ལྔ་པ་གཉིས་པ་ནི་ཚིག་དང་ལག་ཡིག་བསྡུས་ཏེ་དེ་བཞིན་སྦྱར་བ་ཡིན་ནོ། །ལྔ་པ་གསུམ་པ་ནི་སྤྲིང་ཡིག་དང་ཚིག་བསྡུས་ཏེ་དེ་བཞིན་དུ་སྦྱར་བ་ཡིན་

Vol. 157 · folio 90b

ནོ། །ལྔ་བ་བཞི་པ་སྤྲིང་ཡིག་དང་ལག་ཡིག་བསྡུས་ཏེ་དེ་བཞིན་དུ་སྦྱར་བ་ཡིན་ནོ། །ལྔ་པ་ལྔ་པ་ནི་ལག་ཡིག་དང་ཚིག་བསྡུས་ཏེ་དེ་བཞིན་དུ་སྦྱར་བ་ཡིན་ནོ། །ལྔ་པ་དྲུག་པ་ནི་ལག་ཡིག་དང་སྤྲིང་ཡིག་བསྡུས་ཏེ་དེ་བཞིན་དུ་སྦྱར་བ་ཡིན་པར་ཤེས་པར་བྱའོ། །བུད་མེད་ཇི་ལྟ་བུ་ལ་སྤྲད་པར་བྱས་པ་ནི་

དངོས་གཞིར་འགྱུར་བ་བསྟན་པའི་ཕྱིར། དགེ་སློང་གིས་ཆུང་མ་དང་པོ་གསུམ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཐབས་པ་ཉིད་ཀྱི་མོད་ཅེས་བྱ་བ་ནི་ད་ལྟར་འཐབས་པ་ཉིད་ཀྱི་མོད་དོ། །འཐབས་པའི་འོག་ཅེས་བྱ་བ་ནི་འཐབས་པའི་དུས་འདས་པ་ཉིད་དོ། །དུམ་པ་བཅད་པ་ཞེས་

བྱ་བ་ནི་རྩྭས་བསྣུན་པ་དག་འཐབས་པ་ཉིད་དོ། །རྡེའུ་གསུམ་གཏོར་ཞེས་བྱ་བ་ནི་བོང་བ་མང་པོ་དག་གིས་བསྣུན་པ་ཉིད་དོ། །ཆོ་ག་བཏང་བ་ཞེས་བྱ་བ་ནི་ཤགས་བཀྱེ་བར་གྱུར་པ་ཉིད་དོ། །ཆུང་མ་མ་ཡིན་པར་བསྒྲགས་པ་དང་ཞེས་བྱ་བ་ནི། འདི་དང་ཕན་ཆད་བདག་གི་ཆུང་མ་མ་ཡིན་ནོ་ཞེས་བསྒྲགས་

པ་ཉིད་དོ། །དྲིལ་བསྒྲགས་པ་ཞེས་བྱ་བ་ནི་ལྷའི་གནས་ལ་སོགས་པར་དྲིལ་བསྒྲགས་པས་བྲན་དུ་ཞུགས་པ་ཉིད་དོ། །དེ་ལ་ཆུང་མ་དང་པོ་གསུམ་ནི་སྐྱེས་པ་དབང་བ་ཉིད་དང་། །ཇི་སྲིད་འཚོའི་བར་དུ་འབྲེལ་བ་ཉིད་ཡིན་པས་ཆུང་མ་མ་ཡིན་པར་བསྒྲགས་པ་དང་། དྲིལ་བསྒྲགས་པར་གྱུར་ན་འབྲེལ་

པ་མེད་པར་ཟད་ཀྱི་གཞན་དུ་མ་ཡིན་པས་ལོགས་ཤིག་ཏུ་སྨོས་སོ། །ཆུང་མ་གཞན་བཞི་དང་མཛའ་ན་མོ་བཅུ་ནི་དེ་མི་དབང་བའི་ཕྱིར་དང་། དགའ་བའི་དུས་ན་འབྲེལ་པ་ཡིན་པའི་ཕྱིར་འཐབ་པ་ཙམ་ཁོ་ནས་འབྲེལ་པ་དང་བྲལ་བའི་ཕྱིར་ལོགས་ཤིག་ཏུ་སྨོས་སོ། །དེ་ལ་ཆུང་མ་དང་པོ་གསུམ་ནི་

འཐབ་པ་ཉིད་ཀྱི་མོད་ལ་དང་། འཐབ་པའི་འོག་ཉིད་དང་། དུམ་པ་བཅད་པ་ཉིད་ན་ཡིད་དུ་འོང་བ་ཙམ་རྒྱུན་ཆད་པར་ཟད་ཀྱི་བྱ་བ་གཅིག་པར་རྒྱུན་ཆད་པ་ཡང་མ་ཡིན་ལ། ཕྲད་པ་ལ་མངོན་པར་ཕྱོགས་པ་རྒྱུན་ཆད་པ་མ་ཡིན་པས་རུང་བ་མ་ཡིན་པའི་དགའ་བ་བསྒྲུབས་ནས་ཉེས་བྱས་སུ་འགྱུར་རོ། །

རྡེའུ་གསུམ་གཏོར་བ་ཉིད་དང་། སྦྱོར་བ་བཏང་བ་ཉིད་ནི་ཡིད་དུ་འོང་བ་ཡང་རྒྱུན་ཆད་ལ་བྱ་བ་གཅིག་པ་ཡང་རྒྱུན་ཆད་པའི་ཕྱིར་རུང་བ་མ་ཡིན་པའི་བྱ་བ་གཅིག་པ་ཉིད་བསྒྲུབས་ན་སྤྲད་པ་དང་འདྲ་བའི་ཕྱིར་སྦྱོར་བ་བྱས་པར་འགྱུར་བའི་ཕྱིར་སྦྱོར་བ་ལས་བྱུང་བའི་སྦོམ་པོའོ། །ཆུང་མ་མ་ཡིན་པར་

Vol. 157 · folio 91a

བསྒྲགས་པ་ཉིད་དང་། དྲིལ་བསྒྲགས་པ་ཉིད་ནི་ཡིད་དུ་འོང་བ་ཡང་རྒྱུན་ཆད་ཅིང་བྱ་བ་གཅིག་པ་ཉིད་ཀྱང་རྒྱུན་ཆད་པ་ཡིན། ཕྲད་པ་ལས་མངོན་པར་ཕྱོགས་པ་ཡང་རྒྱུན་ཆད་པ་ཡང་ཡིན་པས་ཕྲད་པ་ལ་མངོན་པར་རྫོགས་པར་བསྒྲུབས་ན་སྨྱན་རྫོགས་པར་བྱས་པ་

ཡིན་པས་དངོས་གཞིར་འགྱུར་རོ། །ཆུང་མ་ལྷག་མ་རྣམས་ནི་འཐབ་པ་ཉིད་ཀྱི་མོད་ཡིན་ཡང་ཕྲད་པ་ལ་མངོན་པར་ཕྱོགས་པ་དང་བྲལ་བའི་ཕྱིར་བསྒྲུབས་ན་དངོས་གཞིར་འགྱུར་རོ། །སྡུམས་བྱེད་ཅིང་ཞེས་བྱ་བ་ནི་དགའ་བའི་སྡུམས་སོ། །མཐུན་པར་གྱུར་པ་ནི་ཞེས་བྱ་བ་ནི་དོན་གཅིག་ཏུ་གྱུར་

ནའོ། །སྨྱན་བྱེད་པའི་དགེ་འདུན་ལྷག་མ་སྟེ་ལྔ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཁང་པ་འདི་ལྟ་བུར་མང་བ་ཉིད་དུ་གྱུར་ཏེ་ཞེས་བྱ་བའི་ཁང་པ་མང་པོ་ཉིད་དུ་གྱུར་པའོ། །ཧ་ཅང་རིངས་སོ་ཞེས་བྱ་བ་ནི་སྲིད་དུའོ། །ཧ་ཅང་ཐུང་ངོ་ཞེས་བྱ་བ་ཡང་སྲིད་དུའོ། །ཧ་

ཅང་ཡངས་སོ་ཞེས་བྱ་བ་ནི་ཆེས་པའོ། །ཧ་ཅང་དོག་གོ་ཞེས་བྱ་བ་ནི་ཆུང་བའོ། །ཧ་ཅང་རྙིངས་སོ་ཞེས་བྱ་བ་ནི་རྒས་པའོ། །ཧ་ཅང་ཆུང་ངོ་ཞེས་བྱ་བ་ནི་རླུང་དང་ཆར་ལ་སོགས་པ་མི་བཟོད་པའོ། །ཧ་ཅང་བརྩིགས་ཉེས་སོ་ཞེས་བྱ་བ་ནི་བརྩིགས་མ་ལེགས་པའོ། །

བྱ་བ་ཞེས་བྱ་བ་ནི་དུས་ཉེ་བར་བྱ་བའོ། །བྱེད་པ་ཞེས་བྱ་བ་ནི་དུས་གཞན་ན་འབྱུང་བའི་བྱ་བའོ། །རྣལ་འབྱོར་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྲུབ་པའོ། །ཡིད་ལ་བྱེད་པ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་ཏིང་ངེ་འཛིན་ཏོ། །གཏོང་ཞིང་ཞེས་བྱ་བ་ནི་ཉམས་པར་བྱེད་ཅིང་ངོ་། །མི་བླས་ཞེས་བྱ་བ་ནི་མིའི་

ལས་སོ། །ཤིང་རྟའི་ལས་ཞེས་བྱ་བ་ཡང་ཤིང་རྟའི་ལས་སོ། །ཁ་བྱ་བ་ཞེས་བྱ་བ་ནི་བརྗོད་པར་བྱ་བའི་སྐབས་དང་བཅས་པའོ། །ཤར་གྱི་ཀུན་དགའི་ར་བ་ཞེས་བྱ་བ་ནི་གཙུག་ལག་ཁང་གི་མིང་ངོ་། །རི་དགས་འཛིན་གྱི་མའི་ཁང་བཟངས་ཞེས་བྱ་བ་ནི་གཙུག་ལག་ཁང་གི་ཕྱོགས་གཅིག་གོ། །

ཁང་པ་དང་ཁང་པའི་གཞི་ལེགས་པར་བསྟན་དུ་གསོལ་ཞེས་བྱ་བ་ལ་ནི་ཚད་ལ་སོགས་པ་དག་གིས་བསྟན་པའོ། །ཁང་པའི་གཞི་ལེགས་པར་བསྟན་དུ་གསོལ་ཞེས་བྱ་བ་ནི་རུང་བ་ཉིད་ལ་སོགས་པ་དག་གིས་ས་གཞི་བསྟན་པའོ། །འདོད་པ་ཞེས་བྱ་བ་ནི་དགོས་པ་དང་བཅས་པ་མ་ཐོབ་

Vol. 157 · folio 91b

པ་ལས་ལྷག་པར་འདོད་པའོ། །ཆོག་མི་ཤེས་པ་ཞེས་བྱ་བ་ནི་དགོས་པ་དང་བཅས་པ་ཐོབ་པ་ལས་ལྷག་པར་འདོད་པའོ། །གསོ་དཀའ་བ་ཞེས་བྱ་བ་ནི་བཟའ་བ་དང་བཏུང་བ་བསོད་པ་དག་གིས་ལུས་འཚོ་བར་བྱེད་པའོ། །དགང་དཀའ་བ་ཞེས་བྱ་བ་ནི་ཆོས་གོས་ལ་སོགས་པ་ཕྱི་རོལ་གྱི་ཡོ་བྱད་

བཟང་པོ་དག་གིས་ལུས་འཛིན་པར་བྱེད་པའོ། །འདོད་པ་ཆུང་ལ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལས་བཟློག་པ་ལས་ཤེས་པར་བྱའོ། །ཕྲི་བ་ཞེས་བྱ་བ་ནི་འཁོར་ཉུང་བ་ལ་སོགས་པའོ། །སྦྱངས་པ་ཞེས་བྱ་བ་ནི་དཀར་བའོ། །མཛེས་པ་ཞེས་བྱ་བ་ནི་ཚུལ་དང་མཐུན་པར་བྱེད་པ་ཉིད་དོ། །ཚོད་ཤེས་པས་

ཞེས་བྱ་བ་ནི་ཚད་ལ་མཁས་པའོ། །སྤྱོད་ལམ་ཞེས་བྱ་བ་ནི་འདུག་པའི་ཐབས་སོ། །འཆག་པ་ཞེས་བྱ་བ་ནི་གོམ་པ་ཐ་མལ་པ་གསུམ་ལ་སོགས་པ་དོར་བའོ། །འགྲེང་བ་ཞེས་བྱ་བ་ནི་ལུས་མ་བཏུད་པས་འགྲེང་བ་ཉིད་དོ། །འདུག་པ་ཞེས་བྱ་བ་ནི་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པའོ། །ཉལ་བ་ཞེས་བྱ་

བ་ནི་རྐང་པ་བརྐྱང་སྟེ་ཉལ་བའོ། །བདེ་བར་གཤེགས་པའི་མཐོ་གང་ལ་ནི་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་ཡོད་དོ། །གནས་ཞེས་བྱ་བ་ནི་ཚང་ངོ་། །བསྟན་པ་ཞེས་བྱ་བ་ནི་དགེ་འདུན་གྱི་བཀའོ། །དྲིས་པའི་ཚིག་གིས་ཞེས་བྱ་བ་ནི་ཅིའི་ཕྱིར་གཎྜཱི་བརྡུངས་ཞེས་གཞན་གྱིས་དྲིས་པ་ལ་འདིའི་ཕྱིར་བརྡུངས་

སོ་ཞེས་ལན་གདབ་པའི་ཚིག་གིས་སོ། །དད་པས་ཞེས་བྱ་བ་ནི་ཡོན་ཏན་ལ་ཡིད་ཆེས་པས་སོ། །ཡིད་ཆེས་པས་ཞེས་བྱ་བ་ནི་མི་སླུ་བ་བྱས་པས་སོ། །སྦྲུལ་དང་སྡིག་པ་ལ་སོགས་པས་གནས་ཀྱི་ཤས་ཆེ་བ་ཞེས་བྱ་བ་ནི་གང་བའོ། །དེ་ལ་ལྟུང་བ་ཅི་འགྱུར་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ་མི་རུང་

བ་ལ་སོགས་པ་སོ་སོ་ལ་འདིར་སྦྱོར་བ་ཉིད་དུ་འགྱུར་བས་ཁང་པ་མ་དག་པར་བྱེད་ན་རྩོམ་པར་གྱུར་པ་ཉིད་ཡིན་པར་བསྟན་པའི་ཕྱིར་དགེ་སློང་གིས་ཁང་པ་བྱེད་དུ་འཇུག་ཅིང་ཞེས་བྱ་བ་ལ་སོགས་པ་དྲུག་པ་དང་པོ་སྨོས་སོ། །བདག་གི་དོན་ཉིད་ནི་འདིར་ཡན་ལག་མ་ཡིན་གྱི་ཁང་པ་བྱེད་པ་ལ་ཉེ་བར་

འགྱུར་བར་བསྟན་པའི་ཕྱིར། །དགེ་སློང་གི་གན་དུ་སོང་ངོ་ཞེས་བྱ་བ་ལ་སོགས་པ་དྲུག་པ་གཉིས་པ་བརྩམས་སོ། །གཞན་གྱིས་བརྩམས་པ་མ་ཟིན་པ་ཁྱིམ་དུ་མ་རེད་པ་སྒྲུབ་པར་བྱེད་པ་ལ་ཁ་ན་མ་ཐོ་བ་འདྲ་བ་བསྟན་པའི་ཕྱིར་གལ་ཏེ་དེ་དེའི་གན་དུ་སོང་སྟེ་འདི་སྐད་ཅེས་ལེགས་པར་བྱས་སོ། །

Vol. 157 · folio 92a

ཤིན་ཏུ་བྱས་སོ་ཞེས་བྱ་བ་ལ་སོགས་པ་དྲུག་པ་གསུམ་པ་དང་བཞི་པ་བརྩམས་སོ། །བྱས་པ་རྙེད་པ་ཞེས་བྱ་བ་ནི་གཞན་གྱིས་བྱས་ཟིན་པ་བདག་གཏན་ཐོབ་པའོ། །བྱས་པ་ལ་ལོངས་སྤྱོད་པ་ཞེས་བྱ་བ་ནི་གཞན་གྱིས་བྱས་པ་ལ་རེ་ཞིག་ལོངས་སྤྱོད་པའོ། །དེ་

གཉིས་ལ་ནི་ལྟུང་བ་མེད་དེ། བྱེད་པ་མེད་པའི་ཕྱིར་རོ། །རྙིང་པ་འཆོས་པ་ཞེས་བྱ་བ་ནི་བྱི་དོར་བྱེད་པ་སྟེ་དེ་ལ་ཡང་ལྟུང་བ་མེད་དོ། །གསར་པ་འཆོས་པ་ཡང་དེ་དང་འདྲའོ། །ཁང་པའི་དགེ་འདུན་ལྷག་མ་སྟེ་དྲུག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ངོས་ཉམས་པ་

ཞེས་བྱ་བ་ནི་རྩིག་པ་སྣུར་བའོ། །མ་མོའི་ཁྱིམ་ཞེས་བྱ་བ་ནི་འབྱུང་པོའི་ཁྱིམ་ཞེས་ཏེ་དོག་ལ་འཕང་མཐོ་བའོ། །ང་རྒྱལ་གྱིས་ཁེངས་པར་གྱུར་པ་ནས་ཞེས་བྱ་བ་ནི་ང་རྒྱལ་བདོ་བར་གྱུར་ནས་སོ། །ཐབས་ཡིན་གྱིས་དེ་ལྟར་བྱའོ་ཞེས་བྱ་བ་ནི་དེ་ནི་ཐབས་ཡིན་པའི་ཕྱིར་དེ་ལྟར་བྱའོ་ཞེས་ཚིག་

གིས་ཁས་བླངས་པའོ། །སེར་སྣ་ཅན་ཞེས་བྱ་བ་ནི་སྦྱིན་མི་འདོད་པའོ། །མི་ཕྲ་བ་ཞེས་བྱ་བ་ནི་ཡིད་མི་ཆེས་པའོ། །རོལ་མོ་མཁན་གྱི་གནས་ཞེས་བྱ་བ་ནི་གླུ་ལེན་པའི་གནས་སོ། །འཇུད་མཐུན་མའི་གནས་ཞེས་བྱ་བ་ནི་བུད་མེད་ཚོགས་ཅན་མའི་གནས་སོ། །ཆང་མའི་གནས་སོ་ཞེས་བྱ་བ་ནི་ཆང་བྱེད་པའི་

གནས་སོ། །གདོལ་པའི་གནས་ཞེས་བྱ་བ་ནི་གདོལ་པའི་གྲོང་ངོ་། །རྒྱལ་པོའི་ཕོ་བྲང་ཞེས་བྱ་བ་ནི་གང་ན་རྒྱལ་པོ་འདུག་པའོ། །ངོ་ཕྲད་པ་ཞེས་བྱ་བ་ནི་དང་པོ་ཕྲད་པའོ། །བཅུ་གཉིས་འདུས་པའི་ཞེས་བྱ་བ་ནི་མི་བཅུ་གཉིས་ཀྱིས་བྱས་པའོ། །དགེ་འདུན་ཞེས་བྱ་བ་ནི་དགེ་བའི་དོན་དུ་ཚོགས་སྡོང་བའོ། །འདོད་

ཆགས་དང་བྲལ་བའི་ས་སྦྱོང་བར་བྱེད་པ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བའི་སྤྱོད་ཡུལ་སྟོན་པར་བྱེད་པའོ། །དོན་ཡོད་པས་ཞེས་བྱ་བ་ནི་དོན་དང་བཅས་པ་ཉིད་ཀྱིས་སོ། །བཙག་པ་ཞེས་བྱ་བ་ནི་ཚགས་སུ་བཙག་པའོ། །ཀུན་ཏུ་བསྟེན་ཅིང་ཞེས་བྱ་བ་ནི་ཆུང་ངུ་རྩོམ་པས་སོ། །གོམས་པར་བྱས་ཞེས་བྱ་བ་ནི་འབྲིང་

དུ་རྩོམ་པས་སོ། །ལེན་མང་དུ་བྱས་པས་ཞེས་བྱ་བ་ནི་ཆེར་རྩོམ་པས་སོ། །ཡང་ན་ཀུན་ཏུ་བསྟེན་ཅིང་ཞེས་བྱ་བ་ནི་སྦྱོར་བ་ལའོ། །གོམས་པར་བྱས་ཞེས་བྱ་བ་ནི་དངོས་ལའོ། །ལན་མང་དུ་བྱ་ཞེས་བྱ་བ་ནི་མཇུག་ལའོ། །ལུས་ཞིག་སྟེ་ཞེས་བྱ་བ་ནི་ལུས་ཤི་ནས་སོ། །ཤི་བའི་འོག་ཏུ་ཞེས་བྱ་བ་ནི་སྲིད་པ་བར་མ་

Vol. 157 · folio 92b

ནས་སོ། །ངན་སོང་ཞེས་བྱ་བ་ནི་ཡི་དགས་ཏེ། དང་པོར་བདེ་འགྲོ་ལས་ཉམས་པའི་ཕྱིར་རོ། །ངན་འགྲོ་ཞེས་བྱ་བ་ནི་དུད་འགྲོ་སྟེ། སྡུག་བསྔལ་མང་བ་ཉིད་ཀྱིས་སྨད་པའི་ཕྱིར་རོ། །ལོག་པར་ལྟུང་བ་ཞེས་བྱ་བ་ནི་ངན་སོང་དང་ངན་འགྲོའི་འགྲོ་བ་དེ་གཉིས་མི་ལེན་པར་ཐོད་རྒལ་དུ་འདས་ཏེ་

སེམས་ཅན་དམྱལ་བ་རྣམས་སུ་ཐལ་བྱུང་དུ་སྐྱེ་བའོ། །དང་པོ་འདི་ཉིད་ཐ་མར་འགྱུར་རོ་ཞེས་བྱ་བ་ནི་དང་པོ་གང་ཡིན་པ་དེ་ཉིད་ཐ་མར་འགྱུར་བ་སྟེ་ཕྱིས་མི་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འཕགས་པའི་རིགས་ཞེས་བྱ་བ་ནི་འཕགས་པ་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཏེ་འདོད་པ་རྣམ་པར་གནོན་པ་ལ་

སོགས་པ་ཉོན་མོངས་པ་སྤངས་པ་ལས་འཕགས་པ་ཉིད་འགྲུབ་པའི་ཕྱིར་རོ། །ཆོས་གོས་གང་ཡང་རུང་བས་ཆོག་ཤེས་པ་ཞེས་བྱ་བ་ནི་ཆོས་གོས་ངན་པ་འམ་བཟང་པོ་གང་ཡང་རུང་བ་བྱ་བ་བྱེད་ནུས་པས་ཆོག་ཤེས་པའོ། །བསོད་སྙོམས་པ་དང་གནས་མལ་གདིང་བ་ལ་སོགས་པས་

ཀྱང་དེ་བཞིན་ནོ། །སྤོང་བ་ལ་དགའ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་དགའ་བའོ། །བསྒོམ་པ་ལ་དགའ་བ་ཞེས་བྱ་བ་ནི་ལམ་བསྒོམ་པ་ལ་དགའ་བ་སྟེ། དེ་གཉིས་ནི་འབྲས་བུ་དང་རྒྱུའི་དངོས་པོས་འཁྲུལ་པ་མེད་པའི་ཕྱིར་གཅིག་ཏུ་གསུངས་སོ། །གཤིན་རྗེའི་དབྱུང་བ་ཞེས་བྱ་བ་ནི་གཤིན་རྗེའི་

སྙིང་ཚོགས་སོ། །འཁྲུག་པར་བྱེད་པར་འགྱུར་བས་ཞེས་བྱ་བ་ནི་སེམས་འཁྲུག་པར་བྱེད་པས་ཞེས་བྱ་བའི་ཐ་ཚིག་གོ། །ཚོགས་ཉུང་ངུ་ཞེས་བྱ་བ་ནི་འཁོར་ཉུང་ངུའོ། །དམ་པ་ཞེས་བྱ་བ་ནི་འདོད་པ་འགྲུབ་པའི་ཚིག་གོ། །བྲམ་ཟེའི་འཁོར་ཤིན་ཏུ་མང་པོ་དང་ལྡན་པ་ཞེས་བྱ་བ་ནི་

འཁོར་གཙོ་བོའོ། །བསོད་སྙོམས་མཆོག་ཅེས་བྱ་བ་ནི་བསླབ་པའི་གཙོ་བོའོ། །བསོད་སྙོམས་དང་པོ་ཞེས་བྱ་བ་ནི་བསླབ་པའི་དང་པོའོ། །ཁེངས་སམ་ཞེས་བྱ་བ་ནི་གང་ངམ་ཞེས་བྱའོ། །ཅོ་འདྲི་བ་ཞེས་བྱ་བ་ནི་ཐོ་འཚམས་པའོ། །སྦྱིན་པར་བྱ་བ་ཞེས་བྱ་བ་ནི་རྒྱུ་ལས་སོ། །

ལྷག་མ་ཐམས་ཅད་ནི་སྔ་མ་བཞིན་ནོ། །འདིར་ཚད་ལས་འདས་པ་ཞེས་བྱ་བ་ནི་ཡན་ལག་ཏུ་མ་སྨོས་པ་ནི་དགེ་འདུན་གྱི་གཙུག་ལག་ཁང་ལ་ནི་བདག་པོ་དུ་མ་ཡོད་པའི་ཕྱིར་ཚད་ངེས་པ་མེད་པ་ཚད་ལས་འདས་པ་ནི་གཙུག་ལག་ཁང་མ་དག་པའི་ཡན་ལག་ཏུ་མ་གསུངས་སོ། །

Vol. 157 · folio 93a

གཙུག་ལག་ཁང་གི་དགེ་འདུན་ལྷག་མ་སྟེ་བདུན་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།སྡིག་བྱུང་ཞེས་བྱ་བ་ནི་གྲོང་ཁྱེར་རོ། །ཅོད་པན་མེད་པའི་རྒྱལ་སྲིད་ཅེས་བྱ་བ་ནི་ཚོགས་ཀྱི་རྒྱལ་པོ་ཡིན་པའི་ཕྱིར་རྒྱལ་ཐབས་ཀྱི་ཅོད་པན་ནི་མེད་ལ་

རྒྱལ་སྲིད་ནི་ཡོད་པའི་ཕྱིར་རོ། །ནོར་བུ་ལྟ་བུ་ཞེས་བྱ་བ་ནི་དབྱིག་ལྟ་བུའོ། །འབྲས་བུ་ཆེན་པོ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་འབྲས་བུས་སོ། །ཕན་ཡོན་ཆེན་པོ་ཞེས་བྱ་བ་ནི་སྐྱེས་པའི་རྩལ་གྱི་འབྲས་བུས་སོ། །གསལ་བ་ཆེན་པོ་ཞེས་བྱ་བ་ནི་འོད་ཀྱིས་སོ། །ཡངས་པ་ཆེན་པོ་ཞེས་བྱ་

བ་ནི་འཁོར་གྱིས་སོ། །ལྗོངས་ཀྱི་དབང་ཕྱུག་ཅེས་བྱ་བ་ནི་ཡུལ་སྲུང་བའོ། །མཐུ་ཞེས་བྱ་བ་ནི་སྟོབས་སོ། །བརྩོན་འགྲུས་ཞེས་བྱ་བ་ནི་མངོན་པར་སྤྲོ་བ་སྟེ་དེ་གཉིས་ཐོབ་པའོ། །མངོན་པར་རྒྱལ་བར་བྱས་ཏེ་གནས་པ་ཞེས་བྱ་བ་ནི་ཉེ་བར་སྤྲོད་པའོ། །གླང་པོ་ཆེའི་གཉའ་བར་

ཞོན་པ་ཞེས་བྱ་བ་ནི་གླང་པོ་ཆེ་དག་གི་གཉའ་བར་བཞོན་པའི་ཕྱིར་བསླབ་པའོ། །རྟ་ལ་ཞོན་པ་ཞེས་བྱ་བ་ཡང་རྟ་བཞོན་པའི་ཕྱིར་བསླབ་པའོ། །ཤིང་རྟའི་ཐབས་ཞེས་བྱ་བ་ནི་ཤིང་རྟ་བཞོན་པའི་ཕྱིར་བསླབ་པའོ། །རལ་གྱིའི་ཐབས་ཞེས་བྱ་བ་ནི་རལ་གྱི་གཟུང་བའོ། །འཕོང་ཞེས་བྱ་

བ་ནི་མདའ་གཞུའི་ཐབས་སོ། །ཕྱིར་བསྣུར་ཞེས་བྱ་བ་ནི་འབྲོས་པའོ། །མདུན་དུ་བསྣུར་བ་ཞེས་བྱ་བ་ནི་གཡུལ་གྱི་སར་འབྱུང་བའོ། །འཛིན་སྟངས་ཞེས་བྱ་བ་ནི་མདའ་འཕང་བ་ལ་དགོས་པའོ། །གོམ་སྟངས་ཞེས་བྱ་བ་ནི་འཁོར་ལོ་འཕང་བ་ལ་སོགས་པ་ལ་དགོས་པའོ། །ཐོར་

ཚུགས་ཞེས་བྱ་བ་ནི་གཡུལ་ལ་སོགས་པར་དགོས་པའི་སྐྲ་བཅིངས་པའོ། །གཅད་པ་ཞེས་བྱ་བ་ལ་སོགས་པ་ནི་ལྕུག་མ་ལ་སོགས་པའོ། །དྲལ་བ་ཞེས་བྱ་བ་ནི་ཤིང་ལྗོན་པ་ལ་སོགས་པ་སྦོམ་པོའོ། །དབུག་པ་ཞེས་བྱ་བ་ནི་རི་ལ་སོགས་པ་དབུག་པའོ། །རྒྱང་ནས་ཕོག་པ་

ཞེས་བྱ་བ་ནི་ཐག་རིང་པོ་ནས་ཕོག་པའོ། །སྒྲ་གྲག་པར་ཕོག་པ་ཞེས་བྱ་བ་ནི་སྒྲའི་རྗེས་སུ་འབྲང་བས་ཕོག་པའོ། །གནད་དུ་ཕོག་པ་ཞེས་བྱ་བ་ནི་འཆི་བའི་ཕྱོགས་དག་ཏུ་ཕོག་པའོ། །མི་འཆོར་བར་ཕོག་པ་ཞེས་བྱ་བ་ནི་གདོན་མི་ཟ་བར་ཕོག་པའོ། །ཚབས་ཆེ་བ་ཞེས་བྱ་བ་ནི་

Vol. 157 · folio 93b

མཐུ་དང་ལྡན་པར་ཕོག་པའོ། །དུས་གསུམ་དུ་ཞེས་བྱ་བ་ནི་ལན་གསུམ་སྟེ་དེ་ནི་ལྟ་བའི་དུས་ཡིན་ནོ་ཞེས་བྱ་བའི་བྱེ་བྲག་གོ། །ས་ལ་ལྷན་ཅིག་རྩེ་བ་ཞེས་བྱ་བ་ནི་ས་རྡུལ་ལ་ལྷན་ཅིག་རྩེ་བ་ཞེས་བྱ་བའི་ཐ་ཚིག་གོ། །གྲིབ་མར་སྐྱེས་པ་ཞེས་བྱ་བ་ནི་བདེ་ཞིང་སྐྱེས་བུའི་རྩལ་མེད་པའོ། །ཕྱིར་

བཅོས་པར་མི་ནུས་སོ་ཞེས་བྱ་བ་ནི་བཟློག་པར་མི་ནུས་པའོ། །ཆོས་ལ་དགའ་བ་ཞེས་བྱ་བ་ནི་ཆོས་ལ་དད་པའོ། །སེམས་ཅན་གྱི་གནས་ལ་ཞེས་བྱ་བ་ནི་སེམས་ཅན་གྱི་ཡུལ་ལའོ། །སྙིང་སྟོང་ཞིང་ཞེས་བྱ་བ་ནི་ཡིད་ལ་གཅགས་ཤིང་སྟེ། སེམས་དགའ་བ་དང་བྲལ་ཞིང་ངོ་རྟོག་པ་ན་ཞེས་བྱ་བ་ནི་

སེམས་པས་གནོད་པ་ནའོ། །དབང་པོ་དག་ཕྱིར་གླན་པར་བྱེད་ཅེས་བྱ་བ་ནི་ཟློག་པར་བྱེད་པའོ། །ལས་མི་འདྲ་བ་ཞེས་བྱ་བ་ནི་བྱ་བ་ཆ་མ་ཡིན་པའོ། །རྔོན་པ་ཞེས་བྱ་བ་ནི་ཤ་རྡུང་བའོ། །བསམ་པ་མཐོང་སྟེ་ཞེས་བྱ་བ་ནི་སྤོང་སྟེའོ། །དགེ་བ་གང་ཡིན་ཞེས་ཚོལ་བས་ཞེས་བྱ་བ་ནི་དགེ་བ་གང་

ཡིན་ཞེའམ་དགེ་བ་གང་ལས་འབྱུང་ཞེས་རྟག་ཏུ་ཚོལ་བས་ཞེས་བྱ་བའི་ཐ་ཚིག་གོ། །ངེས་པར་འབྱུང་བའི་མངོན་པར་དགའ་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་འགྲོ་བའི་ལམ་ལ་དགའ་བའོ། །རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་པོ་ཞེས་བྱ་བ་ནི་འདྲོབ་སྐྱོང་གི་བུ་རྫོགས་བྱེད་དང་།

གནག་ལྷས་ཀྱི་བུ་ཀུན་དུ་རྒྱུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་བུ་ལ་བ་ཅན་དང་། ཀ་ཏའི་བུ་ནོག་ཅན་དང་། གཉེན་གྱི་བུ་གཅེར་བུ་དག་གོ། །ཆོས་ཀྱི་ཚུལ་ཞེས་བྱ་བ་ནི་དངོས་པོའི་ཚུལ་ལོ། །སློབ་མ་ལ་གདམས་པ་ཞེས་བྱ་བ་ནི་ལམ་བསྟན་པའོ། །

ཚངས་པར་སྤྱོད་པའི་ཞེས་བྱ་བ་ནི་དཀའ་ཐུབ་ཀྱིའོ། །འབྲས་བུ་ནི་གང་ཡིན་ཞེས་བྱ་བ་ནི་དངོས་ཀྱི་འབྲས་བུ་ལས་བསམས་པའོ། །ཕན་ནི་གང་ཡིན་ཞེས་བྱ་བ་ནི་ཞར་ལས་བྱུང་བའི་འབྲས་བུ་ལས་བསམས་སོ། །འདི་ལྟར་ལྟ་ཞིང་ཞེས་བྱ་བ་ནི་ཤེས་པས་སོ། །འདི་སྐད་སྨྲས་ཏེ་ཞེས་བྱ་

བ་ནི་ཚིག་གིས་སོ། །བྱིན་པ་ཞེས་བྱ་བ་ནི་གཞན་ལ་ཕན་གདགས་པའི་ཕྱིར་བྱིན་པའོ། །མཆོད་སྦྱིན་ཞེས་བྱ་བ་ནི་མཆོད་པའི་ཕྱིར་བྱིན་པའོ། །སྦྱིན་སྲེག་ཅེས་བྱ་བ་ནི་མེར་བླུགས་པའོ། །ལེགས་པར་སྤྱད་པ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་སྤོང་བའོ། །ཉེས་པར་སྤྱད་པ་

Vol. 157 · folio 94a

ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པའོ། །དེ་དག་ལ་སྐུར་པ་འདེབས་པ་ནི་རྒྱུའི་དངོས་པོ་འགོག་པ་ཡིན་ནོ། །ལས་རྣམས་ཀྱི་འབྲས་བུ་དང་། རྣམ་པར་སྨིན་པ་མེད་དོ་ཞེས་བྱ་བ་ནི་འབྲས་བུ་འགོག་པར་བྱེད་དོ། །འཇིག་རྟེན་འདི་མེད་དོ་འཇིག་རྟེན་ཕ་རོལ་

མེད་དོ། །མ་མེད་དོ། །ཕ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བའི་ཚིག་ལྔས་ནི་རྒྱུ་དང་འབྲས་བུའི་དངོས་པོ་གཉིས་འགོག་པར་བྱེད་དོ། །རྫུས་ཏེ་སྐྱེ་བ་ཞེས་བྱ་བ་ནི་བར་མ་དོའི་སྲིད་པའོ། །འཇིག་རྟེན་ན་ཞེས་བྱ་བ་ལ་སོགས་པས་ནི་ཐར་པའི་ལམ་འགོག་པར་བྱེད་པའོ། །

དགྲ་བཅོམ་པ་ཞེས་བྱ་བ་ནི་མཆོད་པར་འོས་པ་སྟེ་དེའི་བྱེ་བྲག་བསྟན་པའི་ཕྱིར་ཡང་དག་པར་རྟོགས་པ་ཡང་དག་པར་སྒྲུབ་པ་ཞེས་བྱ་བ་སྨྲས་ཏེ། ཡང་དག་པར་རྟོགས་པ་ཞེས་བྱ་བ་ནི་ཡང་དག་པའི་ཡེ་ཤེས་དང་ལྡན་པའོ། །ཡང་དག་པར་སྒྲུབ་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་སྒྲུབ་པའོ། །

དེ་དག་གི་བྱེ་བྲག་བསྟན་པའི་ཕྱིར་གང་དག་ཚེ་འདི་ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །རང་གི་མངོན་པར་ཤེས་པས་ཞེས་བྱ་བ་བདག་ཉིད་ཀྱི་ཤེས་པས་སོ། །མངོན་སུམ་དུ་བྱས་ནས་ཞེས་བྱ་བ་ནི་ཤེས་པར་བྱས་ནས་སོ། །བསྒྲུབ་སྟེ་ཞེས་བྱ་བ་ནི་ཤེས་པ་དེ་ཐོས་ནས་ཏེ། འཐོབ་པ་མངོན་

སུམ་དུ་བྱས་ཞེས་བྱ་བའི་ཐ་ཚིག་གོ། །གོ་བར་བྱེད་པ་ཞེས་བྱ་བ་ནི་མཐོང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་དག་མེད་པ་འདི་ལ་རྒྱུ་གང་ཞེ་ན། དེའི་ཕྱིར་སྲོག་འདི་ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། གང་གི་ཕྱིར་སྲོག་བདག་ནི་ཚེ་འདི་ཉིད་ལ་འཚོ་ཞིང་སྲོག་དེ་ཕྱིས་མཇུག་ཏུ་ཤེས་

པའི་བདག་ཉིད་ཀྱིས་ཆད་ཅིང་ཟད་པར་འགྱུར་ལ་གཟུགས་ཀྱི་བདག་ཉིད་ཀྱིས་ཞིག་ཅིང་ཆུད་ཟ་བར་འགྱུར་ཏེ་ཤི་བའི་འོག་ཏུ་ཤེས་པའི་བདག་ཉིད་དང་། གཟུགས་ཀྱི་བདག་ཉིད་གཉི་གས་ཆད་པར་འགྱུར་ཞིང་མི་འབྱུང་བ་དེའི་ཕྱིར་བྱིན་པ་ལ་སོགས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །

འོ་ན་གང་དུ་འགྲོ་བར་འགྱུར་ཞེ་ན། དེའི་ཕྱིར་སྐྱེས་བུའི་ལུས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། རེ་ཞིག་བདག་ནི་ཆད་པར་འགྱུར་ན་སྐྱེས་བུ་ལུས་འདི་གར་འགྲོ་ཞེ་ན། སྐྱེས་བུའི་ལུས་འབྱུང་བ་ཆེན་པོ་བཞི་ལས་འདུས་བྱས་གང་ཡིན་པ་དེ་ནི་འཆི་བའི་དུས་ནི་འབྱུང་བ་ཆེན་པོ་

Vol. 157 · folio 94b

བཞི་པོ་དག་གི་བག་ལ་ཞ་བར་འགྱུར་རོ། །མི་ལ་སོགས་པ་དབང་པོ་རྣམས་ནི་ནམ་མཁའི་བག་ལ་ཞ་བར་འགྱུར་རོ། །རོ་ནི་རོ་གཞག་པའི་ཁྲི་དང་དེ་འདེགས་པའི་མི་བཞིའི་ཁྲི་དང་ལྔའི་མི་དག་གིས་དུར་ཁྲོད་དུ་མེར་བསྲེགས་ཏེ། ཐལ་བར་འགྱུར་རོ་ཞེས་བསྲེགས་པ་ལ་སོགས་པའི་རུས་པ་

དག་ནི་ཐི་བའི་མདོག་འདྲ་བར་གནས་ཏེ་སྐྱེས་བུའི་འགྲོ་བ་ནི་དེ་ལྟ་བུ་ཡིན་ནོ། །འོ་ན་སྦྱིན་པ་དང་ལེན་པ་དག་སུས་བསྟན་ཅེ་ན། དེའི་ཕྱིར་རྨོངས་པ་ཉེ་བར་བསྟན་པ་ནི་སྦྱིན་པ་ལ་མཁས་པ་ཉེ་བར་བསྟན་པ་ནི་ལེན་ཏོ་ཞེས་བྱ་བ་སྨྲས་ཏེ། རྨོངས་པ་ཞེས་བྱ་བ་ནི་བླུན་པའོ། །ཉེ་བར་བསྟན་པ་ཞེས་བྱ་

བ་ནི་དང་པོ་བསྟན་པ་སྟེ་དེ་ནི་རྨོངས་པ་ཡིན་པས་དང་པོ་འགའ་ཞིག་གིས་ཉེ་བར་བསྟན་པའི་དྲིང་འཇོག་ཅིང་མི་ཕན་བཞིན་དུ་སྦྱིན་པར་བྱེད་དེ། མཁས་པ་ཉེ་བར་བསྟན་པ་ནི་འཕྲལ་གྱི་ཐོབ་རྒྱལ་གྱིས་ཟུག་ཟུག་ཏུ་ལེན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་ཡོད་པར་སྨྲ་བ་དག་གིས་འཇིག་

རྟེན་ཕ་རོལ་ལ་སོགས་པ་མ་བསྟན་ཏམ་ཞེ་ན། དེའི་ཕྱིར་དེ་ལ་གང་དག་ཡོད་པར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འོ་ན་ད་ལྟར་མཛངས་ངན་ལ་སོགས་པ་མེད་དམ་ཞེ་ན། དེའི་ཕྱིར་འདི་ལྟར་བྱིས་པ་དང་མཁས་པ་དེ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ལམ་གོལ་བར་

ཞུགས་པ་ཞེས་བྱ་བ་ནི་ཡང་དག་པའི་ཤེས་པ་སྤངས་པར་གྱུར་པའོ། །ལམ་ངན་པ་ལེགས་པར་སྒྲུབ་པ་ཞེས་བྱ་བ་ནི་ལམ་ལོག་པ་ལུས་དང་ངག་གཉིས་ཀྱི་རྗེས་སུ་སྒྲུབ་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ལམ་འཇིགས་པ་དང་བཅས་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་དེར་སོང་ན་འཇིགས་པ་

དང་ཕྲད་པར་འགྱུར་བས་ལམ་དེ་སྔ་ནས་སྤང་བར་བྱ་དགོས་བཞིན་དུའོ། །བློ་ངན་ཅེས་བྱ་བ་ནི་ནང་གི་བདག་ཉིད་ཀྱིས་སོ། །ལོག་པར་སྟོན་བྱེད་པ་ཞེས་བྱ་བ་ནི་ལུང་འབོགས་པའི་སྒོ་ནས་སོ། །དམན་པས་ཞེས་བྱ་བ་ནི་བྱིས་པས་སོ། །སྟོན་པར་གྲགས་པ་ཞེས་བྱ་བ་ནི་སྟོན་པ་མ་ཡིན་པ་

སྟོན་པར་གྲགས་པའོ། །གང་གིས་ཞེས་བྱ་བ་ནི་སྟོན་པ་དེའིའོ། །ཆོས་འདི་དེ་འདྲ་བ་ཞེས་བྱ་བ་ནི་མེད་པ་ཉིད་དང་ཆད་པར་ལྟ་བའོ། །དེའི་ཆོས་མིན་ཅི་ཞིག་འདྲ་ཞེས་བྱ་བ་ནི་ཆོས་དེ་བས་ཆེས་དམན་པའི་ཆོས་མ་ཡིན་པ་མེད་པའི་ཕྱིར་དེའི་ཆོས་མ་ཡིན་པ་གཞན་མི་སྲིད་དོ་ཞེས་བྱ་བའི་ཐ་

Vol. 157 · folio 95a

ཚིག་གོ། །ཞེས་སྨྲས་ནས་ཞེས་བྱ་བ་ནི་དེ་སྐད་སྨྲས་ནས་སོ། །སྣོད་སྟོང་པ་བཞིན་དུ་བརྡབས་ཏེ་ཞེས་བྱ་བ་ནི་རྫས་ཀྱིས་སྟོང་པའི་སྣོད་སོར་མོ་ལ་སོགས་པར་བརྡབས་ཏེ་སྒྲ་ཕྱུང་ན་ནང་ན་རྫས་མེད་པར་ཤེས་པ་བཞིན་དུ་སྟོན་པ་དེ་ཡང་བརྒལ་ཞིང་བརྟག་པའི་ཚིག་གིས་བརྡབས་ཏེ་རང་གི་གཞུང་

ལུགས་སྨྲས་པའི་སྒྲ་ཕྱུང་ན་བློའི་ནང་ན་དོན་གྱི་རྫས་མེད་པར་ཤེས་པར་བྱ་བའི་ཐ་ཚིག་གོ། །ཀུན་ནས་ཉོན་མོངས་པར་འགྱུར་བ་ལ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དུ་འགྱུར་བའོ། །རྒྱུ་མེད་ཅེས་བྱ་བ་ནི་ནང་གི་གོམས་པ་ལ་སོགས་པའི་རྒྱུ་མེད་པའོ། །རྐྱེན་མེད་ཅེས་བྱ་བ་ནི་ཕྱི་རོལ་

གྱི་དམ་པ་མ་ཡིན་པའི་ཆོས་ཉན་པ་ལ་སོགས་པའི་བྱེད་རྒྱུ་མེད་པའོ། །རྣམ་པར་དག་པར་འགྱུར་བ་ལ་ཞེས་བྱ་བ་ནི་འཁོར་བ་ལས་རྣམ་པར་གྲོལ་བར་འགྱུར་བ་ལའོ། །དེ་དག་གིས་ནི་འཇུག་པའི་རྒྱུ་དང་ལྡོག་པའི་རྒྱུ་འགོག་པར་བྱེད་དོ། །ཤེས་པ་མེད་པ་ཞེས་བྱ་བ་ནི་ངོ་བོ་མི་རྟོག་པའོ། །མཐོང་བ་

མེད་པ་ཞེས་བྱ་བ་ནི་བྱེ་བྲག་མི་རྟོག་པའོ། །ཤེས་པ་དང་མཐོང་བ་ཞེས་བྱ་བ་ནི་དེ་ལས་བཟློག་པའོ། །འདིས་ནི་འཇུག་པ་དང་ལྡོག་པའི་རྒྱུ་ཉིད་དུ་འདོད་པ་ཤེས་པ་དང་མི་ཤེས་པ་གཉིས་རྒྱུ་ཉིད་མ་ཡིན་པར་འགོག་པར་བྱེད་དོ། །སྟོབས་ཞེས་བྱ་བ་ནི་ནུས་པའོ། །བརྩོན་འགྲུས་ཞེས་བྱ་བ་ནི་སྤྲོ་བའོ། །

དེ་གཉིས་ཀ་བསྡུས་པ་ནི་སྟོབས་དང་བརྩོན་འགྲུས་སོ། །སྐྱེས་བུའི་རྩལ་ཞེས་བྱ་བ་ནི་སྐྱེས་བུའི་ཞོ་ཤ་སྟེ་རང་གི་ནུས་པའོ། །ཕ་རོལ་གནོན་པ་ཞེས་བྱ་བ་ནི་ཐབས་ཀྱིས་ནུས་པའོ། །དེ་གཉིས་བསྡུས་པ་ནི་སྐྱེས་པའི་རྩལ་དང་ཕ་རོལ་གནོན་པའོ། །བདག་གི་རྩལ་ཞེས་བྱ་བ་ནི་བདག་ཉིད་ཀྱི་ནུས་པའོ། །

གཞན་གྱི་རྩལ་ཞེས་བྱ་བ་ནི་ཕ་རོལ་གྱི་ནུས་པའོ། །དེ་གཉིས་བསྡུས་པ་ནི་བདག་གི་རྩལ་དང་གཞན་གྱི་རྩལ་ལོ། །སེམས་ཅན་ཞེས་བྱ་བ་ནི་ལྷ་དང་མིའོ། །སྲོག་ཆགས་ཞེས་བྱ་བ་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སྲོག་ཆགས་སོ། །འབྱུང་པོ་ཞེས་བྱ་བ་ནི་ཡི་དགས་ལ་སོགས་པ་མི་སྣང་བའི་

སྲོག་ཆགས་སོ། །མཐུ་མེད་ཅེས་བྱ་བ་ནི་ཡིད་ཀྱི་སྟོབས་དང་བྲལ་བའོ། །སྟོབས་མེད་ཅེས་བྱ་བ་ནི་ལུས་ཀྱི་སྟོབས་དང་བྲལ་བའོ། །དབང་མེད་ཅེས་བྱ་བ་ནི་འདོད་པའི་སྟོབས་དང་བྲལ་བའོ། །བརྩོན་འགྲུས་མེད་ཅེས་བྱ་བ་ནི་སྤྲོ་བ་དང་བྲལ་བའོ། །ཕ་རོལ་གནོན་པ་མེད་ཅེས་བྱ་བ་ནི་ཐབས་ཀྱི་སྟོབས་

Vol. 157 · folio 95b

དང་བྲལ་བའོ། །འགྲོ་བ་མཚམས་སྦྱོར་བའི་སྲིད་པ་གང་དག་ངེས་པར་གྱུར་ཏོ་ཞེས་བྱ་བ་ལ། མཚམས་སྦྱོར་བའི་སྲིད་པ་ཞེས་བྱ་བ་ནི་འགྲོ་བ་དྲུག་པོ་དག་འཁོར་བར་མཚམས་སྦྱོར་བའི་སྲིད་པའོ། །ངེས་པ་ཞེས་བྱ་བ་ནི་བསྟན་པ་སྟེ་ལྷ་གང་དག་ཡིན་པ་དེ་དག་ཀྱང་ལྷ་ཉིད་དུ་མཚམས་སྦྱོར་ལ། མི་

གང་དག་ཡིན་པ་དེ་དག་ཀྱང་མི་ཉིད་དུ་མཚམས་སྦྱོར་བ་ལ་སོགས་པ་འགྲོ་བ་དང་འཁྲུལ་པ་མེད་དོ། །གྱུར་ཏོ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་འབྱུང་པོ་ཐམས་ཅད་ནི་འདི་ལྟར་འགྲོ་བ་དྲུག་པོ་དག་ཏུ་བདེ་བ་དང་སྡུག་བསྔལ་སོ་སོར་མྱོང་

བར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ནང་འཁྲུལ་པ་མེད་པར་སོ་སོར་འཁོར་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ལྷ་མ་ཡིན་གྱི་འགྲོ་བ་དྲུག་པོ་ཡིན་ནོ། །དེ་དག་གིས་ནི་ཆོས་ཐམས་ཅད་ཀྱི་ནུས་པ་འགོག་པར་བྱེད་དོ། །ཆོས་འདི་དེ་འདྲ་བ་ཞེས་བྱ་བ་ནི་རྒྱུ་ལ་སྐུར་པ་འདེབས་པ་དང་། ལམ་ལ་སྐུར་པ་

འདེབས་པ་དང་། ཐར་པ་ལ་སྐུར་པ་འདེབས་པ་ཞེས་བྱ་བའི་ཐ་ཚིག་གོ། །བྱེད་པ་དང་བྱེད་དུ་འཇུག་པ་དང་ཞེས་བྱ་བ་ལ་སོགས་པ་བྱེད་པ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་བདག་གིས་བྱེད་པའོ། །བྱེད་དུ་འཇུག་པ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་གཞན་བྱེད་དུ་འཇུག་པ་སྟེ། དེ་

ལ་གཞི་དེ་ལས་སྡིག་པ་ཡང་མེད། གཞི་དེ་ལས་སྡིག་པར་འགྱུར་བ་ཡང་མེད་དོ་ཞེས་འོག་ནས་འབྱུང་བའི་བྱེད་པའི་ཚིག་དེ་དང་སྦྱར་བར་བྱ་སྟེ། སོགས་པ་མེད་པའི་ཕྱིར་སྡིག་པ་མེད་པ་ལ་སྡིག་པའི་སྐྱེ་བ་མེད་པའི་ཕྱིར་སྡིག་པར་འགྱུར་བ་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཅོད་པ་དང་

གཅོད་དུ་འཇུག་པ་ལ་སོགས་པ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །གཅོད་པ་དང་གཅོད་དུ་འཇུག་པ་ཞེས་བྱ་བ་ནི་ལག་པ་དང་ཤིང་ལྗོན་པ་ལ་སོགས་པའོ། །སྲེག་པ་དང་སྲེག་ཏུ་འཇུག་པ་ལ་སོགས་པ་ཞེས་བྱ་བ་ནི་མེས་སོ། །རྡེག་པ་དང་རྡེག་ཏུ་འཇུག་པ་ཞེས་བྱ་བ་ནི་དབྱུག་པ་ལ་

སོགས་པས་སོ། །སྲོག་ཆགས་ལ་འཚེ་བ་ཞེས་བྱ་བ་ནི་དུག་ལ་སོགས་པས་གསོད་པར་བྱེད་པའོ། །འཁོར་ལོའི་མཐའ་སྤུ་གྲི་ལས་བྱས་པས་ཞེས་བྱ་བ་ནི་སྤུ་གྲིའི་སོ་དང་འདྲ་བར་རྣོན་པོས་ཞེས་བྱ་བའི་ཐ་ཚིག་གོ། །གཅོད་པ་ཞེས་བྱ་བ་ནི་ཐད་ཀར་གཅོད་པའོ། །འབྲེག་པ་ཞེས་བྱ་བ་ནི་ཚལ་པ་

Vol. 157 · folio 96a

གཉིས་སུ་འབྲེག་པའོ། །རྡུང་བ་ཞེས་བྱ་བ་ནི་ཏིལ་བཞིན་དུ་ཕྱེ་མར་རྡུང་བའོ། །འདྲལ་བ་ཞེས་བྱ་བ་ནི་བཞོག་པའོ། །ཐང་མ་ཞེས་བྱ་བ་ནི་བཀྲམ་པའི་ཕུང་པོའོ། །ཚོམས་ཞེས་བྱ་བ་ནི་གཤིབས་པའི་ཕུང་པོའོ། །སྤུངས་པ་ཞེས་བྱ་བ་ནི་ཚོམས་དག་གི་ཕུང་པོའོ། །ཕུང་པོ་ཞེས་

བྱ་བ་ནི་ཟླུམ་པོ་ལས་གཞན་པའི་ཚོགས་སོ། །ཆུ་ཀླུང་གང་གཱའི་ལྷོ་ནས་ཞེས་བྱ་བ་ནི་ཆུ་ཀླུང་གང་གཱ་དང་ཉེ་བའི་ལྷོའི་ངོས་ནས་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ནས་ཞེས་བྱ་བ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དུལ་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཏོ། །ཡང་དག་པར་སྡོམ་པ་ཞེས་བྱ་བ་ནི་ཚུལ་ཁྲིམས་སོ། །དོན་

སྤྱོད་པ་ཞེས་བྱ་བ་ནི་གཞན་ལ་ཕན་འདོགས་པར་བྱེད་པའོ། །དོན་མཐུན་པ་ཞེས་བྱ་བ་ནི་འབྲས་བུ་མཐུན་པ་ཉིད་ཀྱིས་སོ། །དེ་ལྟར་སྤྱོད་པ་ཡང་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་སྦྱིན་པ་ལ་སོགས་པ་བྱེད་པ་ཡང་བསོད་ནམས་མི་བྱེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་འདི་དེ་འདྲ་བ་ཞེས་བྱ་བ་ནི་

བསོད་ནམས་དང་སྡིག་པ་མེད་པ་ཉིད་དང་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པ་ཞེས་བྱ་བའི་ཐ་ཚིག་གོ། །ལུས་བདུན་པོ་ཞེས་བྱ་བ་ནི་ཆ་བདུན་པོའམ་དངོས་པོ་དེ་ཡང་ཡོད་པའི་སྒྲར་བརྗོད་པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ། །མ་བྱས་པ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པ་འབྱིན་པ་པོ་རང་གིས་མ་བྱས་

པའོ། །བྱས་པས་མ་བྱས་པ་ཞེས་བྱ་བ་ནི་ཚངས་པས་བྱས་པའི་སྐྱེ་དགུའི་བདག་པོ་ལ་སོགས་པས་མ་བྱས་པའོ། །མ་སྤྲུལ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པས་རྒྱུ་མེད་པར་འདོད་པའི་དབང་གིས་མ་བསླངས་པའོ། །སྤྲུལ་པས་མ་བྱས་པ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པའི་སྤྲུལ་པའི་སྐྱེ་

དགུའི་བདག་པོ་ལ་སོགས་པས་རྒྱུ་མེད་པར་འདོད་པའི་དབང་གིས་མ་བསླངས་པའོ། །གནོད་པར་བྱེད་པ་མ་ཡིན་པ་ཞེས་བྱ་བ་ནི་བསྣུན་པར་མི་ནུས་པའོ། །ཐེར་ཟུག་ཏུ་གནས་པ་ཞེས་བྱ་བ་ནི་ངོ་བོ་ཉིད་གཅིག་ཏུ་གནས་པ་བསྟན་པའོ། །ཀ་བ་བཞིན་དུ་གནས་པ་ཞེས་བྱ་བ་ནི་ཀ་བའི་རྣམ་པ་ལྟར་མི་

འགྱུར་བའོ། །སྲོག་གསོན་པ་ཉིད་ཅེས་བྱ་བ་ནི་ནང་གི་སྐྱེས་བུ་སྲོག་གི་རང་བཞིན་དུ་གསོན་པའོ། །བསོད་ནམས་སུ་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་ཕན་འདོགས་པའི་སྒོ་ནས་བསོད་ནམས་སུ་འགྱུར་བའི་ཕྱིར་རོ། །སྡིག་པར་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་གནོད་པ་བྱེད་པའི་སྒོ་ནས་སྡིག་པར་འགྱུར་བའི་

Vol. 157 · folio 96b

ཕྱིར་རོ། །བསོད་ནམས་དང་སྡིག་པར་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་ཕན་འདོགས་པ་དང་གནོད་པར་བྱེད་པའི་སྒོ་ནས་གཉི་གར་འགྱུར་བའི་ཕྱིར་རོ། །གཡོ་བར་མི་བྱེད་ཅེས་བྱ་བ་ནི་འགུལ་བར་མི་བྱེད་པའོ། །རྣམ་པར་འགྱུར་བར་མི་བྱེད་ཅེས་བྱ་བ་ནི་གཞན་དུ་འགྱུར་བར་མི་བྱེད་པའོ། །གཅིག་ལ་གནོད་

པར་མི་བྱེད་ཅེས་བྱ་བ་ནི་ཕན་ཚུན་གནོད་པར་མི་བྱེད་པའོ། །འོ་ན་བརྡེག་པ་ལ་སོགས་པས་རྣམ་པར་འགྱུར་བ་སྣང་ངོ་སྙམ་དུ་དོགས་པའི་ཕྱིར་སྐྱེས་བུ་གང་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་ལུས་བདུན་པོ་དག་ལ་བར་མེད་པར་མཚོན་ཐལ་བྱུང་དུ་འགྲོ་ཞེས་བྱ་བ་

ལ་སོགས་པ་སྨྲས་ཏེ། བར་མེད་པར་ཞེས་བྱ་བ་ནི་བུ་གུ་མེད་པར་རོ། །གང་གི་ཕྱིར་ལུས་བདུན་པོ་རྟག་པ་དག་ལ་བར་མ་བྱས་པ་ཉིད་དུ་མགོ་གཅོད་པར་བྱེད་པའི་མཚོན་དེ་ཐལ་བྱུང་དུ་འགྲོ་བ་དང་། གང་གི་ཕྱིར་དེ་ལ་གནས་པའི་སྲོག་ལ་གནོད་པར་བྱེད་མི་ནུས་ཏེ། དུས་ངེས་པ་ཡིན་པ་དེའི་

ཕྱིར་གནོད་པ་ཅུང་ཟད་ཀྱང་མི་བྱེད་དོ། །དེ་ལྟར་གནོད་པ་མེད་ན་ལུས་རྣམ་པ་བདུན་པོ་དེ་དག་ལ་གནོད་པ་བྱེད་པ་ཡང་མེད་པར་བསྟན་པའི་ཕྱིར་དེ་ལ་གསོད་པར་བྱེད་པའམ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །སྐུལ་བར་བྱེད་པ་ཞེས་བྱ་བ་ནི་སྐུལ་བས་བརྡེགས་པ་ལ་སོགས་པ་འཇུག་པའོ། །སྐྱེ་

གནས་གཙོ་བོ་དང་ལྡན་པ་ཁྲི་བཞི་སྟོང་ཞེས་བྱ་བ་ནི་ངང་པ་དང་། ཁུ་བྱུག་དང་། ཁྲུང་ཁྲུང་ལ་སོགས་པ་སྐྱེ་གནས་ནས་སྐྱེས་པའི་གཙོ་བོ་དག་གོ། །ལས་ལྔ་ཞེས་བྱ་བ་ནི་བྲམ་ཟེ་གསོད་པ་ལ་སོགས་པ་སྡིག་ཏོ་ཆེན་པོ་ལྔ་པོ་དག་གོ། །ལས་གསུམ་ཞེས་བྱ་བ་ནི་ལུས་དང་། ངག་དང་། ཡིད་ཀྱི་ཉེས་

པ་དག་གོ། །ལས་གཉིས་པ་ཞེས་བྱ་བ་ནི་རང་གིས་བྱས་པ་དང་། གཞན་གྱིས་བྱས་པའོ། །ལས་དང་ལས་བྱེད་ཅེས་བྱ་བ་ལ། ལས་ཞེས་བྱ་བ་ནི་བསམས་པ་དང་བྱས་པ་གང་ཡིན་པའོ། །ལས་ཕྱེད་ཅེས་བྱ་བ་ནི་བསམས་པ་ཉིད་ཡིན་ལ་མ་བྱས་པ་གང་ཡིན་པའོ། །ལམ་དྲུག་ཅུ་རྩ་

གཉིས་ཞེས་བྱ་བ་ནི་ཟན་མི་ཟ་བ་དང་། མེར་མི་འཇུག་པ་དང་། རི་ལས་མཆོང་བ་དང་། ཆུར་འཇུག་པ་དང་། རལ་པ་ཐོགས་པ་དང་། ཐལ་བ་སྐུད་པ་དང་། གཡང་གཞི་ཐོགས་པ་དང་། དབྱུག་པ་ཐོགས་པ་ལ་སོགས་པ་མཐོ་རིས་ལ་སོགས་པའི་ཐབས་དག་གོ། །རྟོགས་པ་བར་

Vol. 157 · folio 97a

མ་དྲུག་ཅུ་རྩ་གཉིས་ཞེས་བྱ་བ་ནི་མི་རྣམས་ཀྱི་འཕེལ་བ་དང་འགྲིབ་པའི་དུས་སོ། །སེམས་ཅན་དམྱལ་བ་བརྒྱ་ཉི་ཤུ་ཞེས་བྱ་བ་ནི་མེ་མར་མུར་ལ་སོགས་པ་བརྒྱ་ཉི་ཤུའོ། །དབང་པོ་བརྒྱ་ཉི་ཤུ་ཞེས་བྱ་བ་ནི་མིག་ལ་སོགས་པ་བརྒྱ་ཉི་ཤུའོ། །རྡུལ་གྱི་ཁམས་དྲུག་ཅུ་རྩ་

གཉིས་ཞེས་བྱ་བ་ནི་བརྒྱ་བྱིན་ལ་སོགས་པ་བདེ་བའི་གནས་དག་གོ། །འདུ་ཤེས་ཅན་གྱི་གནས་བདུན་ཞེས་བྱ་བ་ནི་གང་ན་འདུ་ཤེས་ཡོད་པའོ། །འདུ་ཤེས་མེད་པའི་གནས་བདུན་ཞེས་བྱ་བ་ནི་དེ་ལས་བཟློག་པའོ། །ལྷ་མ་ཡིན་བདུན་པོ་ཞེས་བྱ་བ་ནི་གང་དག་ན་ལྷ་མེད་པ་དག་གོ། །

ཤ་ཟ་བདུན་ཞེས་བྱ་བ་ནི་གང་དག་ན་ཤ་ཟ་ཡོད་པའོ། །མཚོ་ཆེན་པོ་བདུན་ཞེས་བྱ་བ་ལ་སོགས་པ་ནི་མ་དྲོས་པ་ལ་སོགས་པ་མཚོ་ཆེན་པོ་དག་གོ། །མཚོ་བདུན་བརྒྱ་པ་ཞེས་བྱ་བ་ནི་དེ་དག་ལས་གཞན་པའི་མཚོ་དག་གོ། །རྨི་ལམ་བདུན་ཞེས་བྱ་བ་ནི་རྨི་ལམ་དུ་ཡུན་རིང་པོ་དག་གོ། །རྨི་

ལམ་བདུན་བརྒྱ་པ་ཞེས་བྱ་བ་ནི་དེ་ལས་གཞན་པའི་རྨི་ལམ་ཡུན་ཐུང་ངུ་དག་གོ། །སད་པ་ཆེན་པོ་བདུན་ཞེས་བྱ་བ་ནི་ཚངས་པའི་འཇིག་རྟེན་ལ་སོགས་པའོ། །སད་པ་བདུན་བརྒྱ་པ་ཞེས་བྱ་བ་ནི་འདོད་པའི་ལྷ་དག་གོ། །གཡང་ས་ཆེན་པོ་བདུན་ཞེས་བྱ་བ་ནི་ངམ་གྲོག་ཆེན་པོ་དག་གོ། །གཡང་

ས་བདུན་བརྒྱ་པ་ཞེས་བྱ་བ་ནི་དེ་ལས་གཞན་པ་དག་གོ། །མཚོ་དང་གཡང་ས་དེ་དག་ནི་སྐྱེ་བའི་སྒོ་ནས་ལོངས་སྤྱོད་པ་དག་ཡིན་ནོ་ཞེས་གྲག་གོ། །མངོན་པར་མཐོ་བ་ཞེས་བྱ་བ་ནི་མིའི་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་རྒྱལ་པོ་ཆེན་པོ་བཞི་དང་། བརྒྱ་བྱིན་ཉིད་དང་བདུད་ཉིད་དོ། །སྐྱེས་བུ་

ཆེན་པོའི་ས་བརྒྱད་ཅེས་བྱ་བ་ནི་སྐྱེས་པའི་སྒོ་ནས་བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་པོ་དག་གོ། །མཚམས་སྦྱར་ཅིང་ཞེས་བྱ་བ་ནི་བར་དོའི་སྲིད་པས་སོ། །འཁོར་ནས་ཞེས་བྱ་བ་ནི་སྐྱེ་བའོ། །སྐུད་པའི་དྲུ་བུ་ཞེས་བྱ་བ་ནི་སྐུད་པའི་གོང་བུའོ། །སྟེང་གི་ནམ་མཁའ་ལ་

འཕངས་པ་ཞེས་བྱ་བ་ནི་ང་ལ་འཕངས་པའོ། །གལ་ཏེ་དུས་ལས་གྲོལ་བ་ཡིན་ན་འོ་ན་ཅིའི་ཕྱིར་ཚུལ་ཁྲིམས་ལ་སོགས་པ་སྤྱོད་པར་བྱེད་སྙམ་དུ་དོགས་པའི་ཕྱིར། དེ་ལ་དགེ་སྦྱོང་ངམ་བྲམ་ཟེ་གང་འདི་སྐད་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །ཚུལ་ཁྲིམས་ཞེས་བྱ་བ་ནི་འཚེ་བ་ལ་སོགས་པ་

Vol. 157 · folio 97b

ལས་ལྡོག་པའོ། །བརྟུལ་ཞུགས་ཞེས་བྱ་བ་ནི་མཚན་མ་ཟབ་མོ་ལ་སོགས་པའི་ངེས་པའོ། །དུ་བ་རྔུབ་པ་ལ་སོགས་པའོ། །ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་སྤྲོད་པ་ལས་བྱུང་བ་ལས་ལྡོག་པའོ། །ཡོངས་སུ་སྨིན་པ་ཞེས་བྱ་བ་ནི་འབྲས་བུ་མངོན་དུ་གྱུར་པའོ། །རེག་པར་བྱས་ནས་

ཞེས་བྱ་བ་ནི་སྤྱད་ནས་སོ། །བྱང་བར་བྱའོ་ཞེས་བྱ་བ་ནི་ཟད་པར་བྱ་བའོ། །བདེ་བ་དང་སྡུག་བསྔལ་འདི་ནི་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་མཐར་ཐུག་པར་བྱ་བའོ། །ཡར་སྐྱེ་བ་དང་མར་འགྲིབ་པ་ནི་མི་སྲིད་དོ་ཞེས་བྱ་བ་ལ། ཡར་སྐྱེ་བ་ཞེས་བྱ་བ་ནི་བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་

ལས་ལྷག་པའོ། །མར་འགྲིབ་པ་ཞེས་བྱ་བ་ནི་དེ་དག་པས་ཉུང་བ་སྟེ་དེས་ན་དེ་གཉིས་ཀ་ཡང་མི་སྲིད་དེ་དེ་ཁོ་ནའི་མཐའ་མྱོང་ནས་གྲོལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟ་བུ་ཉིད་དང་གཞན་མ་ཡིན་པ་ཞེས་བྱ་བ་ལ། འདི་ལྟ་བུ་ཉིད་ཅེས་བྱ་བ་ནི་ཡར་སྐྱེ་བའོ། །གཞན་ཡང་ཞེས་

བྱ་བ་ནི་མར་འགྲིབ་པའོ། །མ་ཡིན་ཞེས་བྱ་བ་ནི་མི་སྲིད་པས་སོ། །ཡང་ན་འདི་ལྟ་བུ་ཉིད་ཅེས་བྱ་བ་ནི་ཁོ་བོས་སྔར་ཇི་ལྟར་བརྗོད་པའི་རིམ་པས་སོ། །གཞན་ཡང་མ་ཡིན་པས་ཞེས་བྱ་བ་ནི་གལ་ཏེ་དེ་སྐད་མི་བརྗོད་ན་གཞན་གང་གིས་ཀྱང་དེ་བརྗོད་པར་མི་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ། །

འཁོར་བ་གཞལ་ལོ་ཞེས་བྱ་བ་ནི་རྣམ་པར་ཕྱེ་བའོ། །ཆོས་འདི་དེ་འདྲ་བ་ཞེས་བྱ་བ་ནི་དུས་ཀྱི་ངོ་བོ་ཉིད་ཀྱིས་གྲོལ་བར་སྨྲ་བ་དང་མཐར་འཛིན་པའི་ལྟ་བ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་འགའ་ཞིག་ཁོ་བོའི་གན་དུ་འོངས་ཏེ་འདི་སྐད་ཅེས་འཇིག་རྟེན་ཕ་རོལ་ཡོད་དམ་ཞེས་དྲི་བ་འདྲི་ན་ཞེས་

བྱ་བ་ལ་སོགས་པ་ལ། ཡོད་དམ་ཞེས་བྱ་བ་ནི་དྲི་བ་གཅིག་སྟེ། རྟག་པར་འཛིན་པའོ། །མེད་དམ་ཞེས་བྱ་བ་ནི་དྲི་བ་གཉིས་པ་སྟེ། ཆད་པར་འཛིན་པའོ། །ཡོད་པ་དང་མེད་པ་ཡིན་ནམ་ཞེས་བྱ་བ་ནི་དྲི་བ་གསུམ་པ་སྟེ། རྟག་པ་དང་ཆད་པར་འཛིན་པ་སྟེ། བདག་ཏུ་འདོད་པའི་འཇིག་

རྟེན་ལ་རྟག་པ་དང་ཆད་པར་འཛིན་པའི་ཕྱིར་རོ། །ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ཞེས་བྱ་བ་ནི་དྲི་བ་བཞི་པ་སྟེ། རྟག་པ་ཉིད་དང་མི་རྟག་པ་ཉིད་གཉི་ག་མི་རིགས་པའི་ཕྱིར་གནས་སྐབས་སུ་གཏོགས་པའི་དྲི་བའོ། །དེ་དག་ནི་རེ་ཞིག་ཡོད་པ་ཙམ་དྲི་བ་དག་ཡིན་ནོ། །བྱེ་བྲག་ཏུ་དྲི་

Vol. 157 · folio 98a

བ་དེ་དག་གི་དབང་དུ་བྱས་ནས་དེ་བཞིན་དུ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་དྲི་བ་བཞི་སྨྲས་སོ། །འཇིག་རྟེན་ཕ་རོལ་འདི་ལྟ་བུ་ཉིད་མ་ཡིན་པ་ཡིན་ནམ་ཞེས་བྱ་བ་ནི་བྱེ་བྲག་ཏུ་དྲི་བ་གཅིག་སྟེ། འདི་ལྟ་བུ་ཉིད་ཅེས་བྱ་བ་ནི་རྣམ་པ་འདི་ལྟ་བུ་ཉིད་དོ། །དང་ཞེས་བྱ་བའི་སྒྲ་ནི་འམ་ཞེས་གང་

ཡང་རུང་བ་ཅིག་བཟུང་བའི་དོན་དུ་མི་ལྟ་བ་དང་ཞེས་བྱ་བའི་སྒྲ་ཉིད་ཀྱིས་གཉི་ག་བསྡུས་པའི་དོན་དུ་བལྟའོ། །མ་ཡིན་པ་ཞེས་བྱ་བའི་སྒྲ་ནི་དགོས་པའི་དོན་ཏེ། དེ་ནས་འཇིག་རྟེན་ཕ་རོལ་འཇིག་རྟེན་འདིའི་རྣམ་པ་དང་འདྲ་བ་འདི་ལྟ་བུ་ཉིད་ཀྱང་ཡིན་ལ་འཇིག་རྟེན་འདིའི་རྣམ་པ་འདྲ་བ་འདི་ལྟ་བུ་ཉིད་ཀྱང་

མ་ཡིན་ཏེ། ཅུང་ཞིག་མི་འདྲ་བ་ཉིད་ཀྱང་ཡོད་པའི་ཕྱིར་རོ་ཞེས་འདྲ་བ་ཡང་ཡིན་ལ་མི་འདྲ་བ་ཡང་ཡིན་ནམ་ཞེས་འདྲིའོ། །འཇིག་རྟེན་ཕ་རོལ་གཞན་ཉིད་དང་གཞན་མ་ཡིན་ནམ་ཞེས་བྱ་བ་ནི་བྱེ་བྲག་ཏུ་དྲི་བ་གཉིས་པ་སྟེ། འཇིག་རྟེན་ཕ་རོལ་འཇིག་རྟེན་འདི་ལས་གཞན་ཉིད་ཀྱང་ཡིན་ལ། གཞན་

པ་ཉིད་ཀྱང་མ་ཡིན་ཏེ། ཅུང་ཟད་འདྲ་བ་ཡང་ཡོད་པའི་ཕྱིར་རོ་ཞེས་གཞན་པ་ཡང་ཡིན་ལ་གཞན་པ་ཉིད་ཀྱང་མ་ཡིན་ནམ་ཞེས་འདྲིའོ། །འཇིག་རྟེན་ཕ་རོལ་གཞན་མ་ཡིན་པ་ཉིད་དང་གཞན་མ་ཡིན་པ་ཡིན་ནམ་ཞེས་བྱ་བ་ནི་བྱེ་བྲག་ཏུ་དྲི་བ་གསུམ་པ་སྟེ། འཇིག་རྟེན་ཕ་རོལ་འཇིག་རྟེན་འདི་

ལས་གཞན་མ་ཡིན་པ་ཉིད་ཀྱང་ཡིན་ལ། གཞན་མ་ཡིན་པ་ཉིད་མ་ཡིན་པ་ཡང་ཡིན་ཏེ། གཞན་པ་ཉིད་དང་གཞན་མ་ཡིན་པ་ཉིད་གཉི་ག་ཡང་མཉམ་དུ་ཡོད་པའི་ཕྱིར་རོ་ཞེས་གཞན་མ་ཡིན་པ་ཡང་ཡིན་ལ་གཞན་མ་ཡིན་པ་ཉིད་ཀྱང་མ་ཡིན་ནོ་ཞེས་འདྲིའོ། །འཇིག་རྟེན་ཕ་རོལ་

དེ་ཉིད་དང་དེ་ཉིད་མ་ཡིན་པ་ཡིན་ནམ་ཞེས་བྱ་བ་ནི་བྱེ་བྲག་ཏུ་འདྲི་བ་བཞི་པ་སྟེ། འཇིག་རྟེན་ཕ་རོལ་འཇིག་རྟེན་འདི་ཉིད་ཀྱང་ཡིན་ལ་འདི་ཉིད་མ་ཡིན་པ་ཡང་ཡིན་ཏེ། དེ་ཉིད་དང་དེ་ཉིད་མ་ཡིན་པ་གཉི་ག་ཡང་མཉམ་དུ་ཡོད་པའི་ཕྱིར་རོ་ཞེས་དེ་ཉིད་ཀྱང་ཡིན་ལ་དེ་ཉིད་མ་ཡིན་པ་ཡང་ཡིན་

ནམ་ཞེས་འདྲིའོ། །དེ་ལ་དྲི་བ་དང་པོ་ལ་འདི་ལྟ་བུ་ཉིད་གཙོ་ཆེའོ། །གཉིས་པ་ལ་ནི་གཞན་ཉིད་གཙོ་ཆེའོ། །གསུམ་པ་ལ་ནི་གཞན་ཉིད་མ་ཡིན་པ་ཉིད་མཉམ་པའོ། །བཞི་པ་ལ་ནི་དེ་ཉིད་དང་དེ་ཉིད་མ་ཡིན་པ་མཉམ་པར་ཤེས་པར་བྱའོ། །ཆོས་འདི་དེ་འདྲ་བ་ཞེས་བྱ་བ་ནི་ཀུན་ཏུ་རྨོངས་

Vol. 157 · folio 98b

པ་མང་བའི་ཕྱིར་རྟག་པ་དང་ཆད་པར་སྨྲ་བ་དང་། བདག་ཏུ་སྨྲ་བ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེས་བུ་གང་ཟག་ཅེས་བྱ་བ་ནི་སེམས་ཅན་ནོ། །སོ་སོར་མྱོང་བ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ཉམས་སུ་མྱོང་བའོ། །སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཞེས་བྱ་བ་ནི་སྔོན་གྱི་ལས་ཀྱི་རྒྱུ་ལས་བྱུང་བའོ། །

དཀའ་ཐུབ་ཀྱིས་འབྱུང་བར་འགྱུར་ལ་ཞེས་བྱ་བ་ནི་བརྟུལ་ཞུགས་དྲག་པོས་ཟད་པར་འགྱུར་རོ། །མི་བྱ་བར་ཆུ་ལོན་གྱིས་བཟློག་པར་ཞེས་བྱ་བ་ནི་ལྷག་པར་མི་སྤྱད་པས་འཇུག་པར་མི་བྱའོ། །ཟག་པ་མེད་དོ་ཞེས་བྱ་བ་ནི་ལས་ཀུན་དུ་མི་སྤྱད་པ་སྡུག་བསྔལ་མཐར་བྱེད་པ་ཞེས་བྱ་བ་མྱ་ངན་ལས་འདས་

པའོ། །ཆོས་འདི་དེ་འདྲ་བ་ཞེས་བྱ་བ་ནི་སྐྱེས་བུའི་རྩལ་ལ་སྐུར་པ་འདེབས་པ་དཀའ་ཐུབ་ཀྱིས་དག་པ་དང་ཤེས་པ་ལ་སྐུར་པ་འདེབས་པ་ཞེས་བྱ་བའི་ཐ་ཚིག་གོ། །སྨན་ཞེས་བྱ་བ་ལ་སོགས་པ་ནི་སྨན་འཆང་བ་དང་། གསང་སྔགས་འཆང་བ་དང་། རིག་སྔགས་འཆང་བ་ཞེས་བྱ་བའི་ཐ་ཚིག་

གོ། །ཅི་འདིར་རེ་ཞིག་སྟོན་པས་གདུལ་བ་ཡིན་ནམ་འོན་ཏེ་ཉན་ཐོས་ཀྱིས་གདུལ་བ་ཡིན་སྙམ་དུ་དགོངས་ན་ཞེས་བྱ་བ་ལ་སོགས་པའི་ཚིག་དེ་ནི་ཉན་ཐོས་ཀྱིས་གདུལ་བ་ཐམས་ཅད་དུལ་བར་མི་འགྱུར་བ་དགག་པ་ཡིན་གྱི་སྟོན་པས་འདུལ་བ་ཁ་ཅིག་མ་དུལ་བར་དགག་པ་ནི་མ་ཡིན་ཏེ་

འདི་ལྟར་སྟོན་པས་ནི་གདུལ་བ་ཐམས་ཅད་འདུལ་བར་འགྱུར་བའི་ཕྱིར་རོ། །པད་པའི་ནགས་ཁྲོད་ཅེས་བྱ་བ་ནི་སྲོག་ཆགས་པད་པ་ཡོད་པའི་ནགས་ཀྱི་ནང་ནའོ། །འགྲོ་བ་ཞེས་བྱ་བ་ནི་ཕར་འགྲོ་བའོ། །ལྡོག་པ་ཞེས་བྱ་བ་ནི་ཕྱིར་ལྡོག་པའོ། །ཆུང་ཟད་ལྟ་བ་ཞེས་བྱ་བ་ནི་མདུན་

དུ་ལྟ་བའོ། །རྣམ་པར་ལྟ་བ་ཞེས་བྱ་བ་ནི་གཡས་གཡོན་དུ་ལྟ་བའོ། །བསྐུམ་པ་ཞེས་བྱ་བ་ནི་ལག་པ་ལ་སོགས་བསྐུམ་པའོ། །བརྐྱང་བ་ཞེས་བྱ་བ་ནི་ཡན་ལག་ལ་སོགས་པ་བརྐྱང་བའོ། །ལྷགས་ཤིང་ཞེས་བྱ་བ་ནི་འོངས་ཤིང་ངོ་། །འཆོས་ལ་ཞེས་བྱ་བ་ནི་བཅོས་མའི་

རྣམ་པ་བྱེད་པ་ལའོ། །འབྱོར་པ་ཞེས་བྱ་བ་ནི་ཤིས་པའོ། །དེའི་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་འགྲུབ་པའམ་ལྡན་པའོ། །སྟོན་པའི་ལམ་གྱི་རྗེས་སུ་ཞུགས་པ་ཞེས་བྱ་བ་ནི་ལམ་གྱི་རྗེས་སུ་སོང་བའོ། །ཁྱད་པར་ཅི་མཆིས་ཞེས་བྱ་བ་ནི་བྱེ་བྲག་ཅི་ཡོད་ཅེས་བྱ་བའོ། །རིའི་རྒྱལ་པོ་

Vol. 157 · folio 99a

རི་རབ་ཇི་ལྟ་བ་དེ་ལྟར་ནི་སྟོན་པ་ལ་བལྟ་བར་བྱ་བ་ལ་ཞེས་བྱ་བ་ནི་སྟོབས་ལ་སོགས་པའི་ཡོན་ཏན་དང་བྱང་ཆུབ་ཀྱི་ཚོགས་ཀྱིས་མཐོང་བའི་ཕྱིར་རོ། །རྒྱ་མཚོ་ཆེན་པོ་ཇི་ལྟ་བ་དེ་ལྟར་ནི་སྟོན་པ་ལ་བལྟ་བར་བྱ་བ་ལ་ཞེས་བྱ་བ་ནི་མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་དང་བཏང་

སྙོམས་ཆེན་པོ་ལ་སོགས་པའི་ཡོན་ཏན་དག་གིས་ཟབ་པའི་ཕྱིར་རོ། །ཉི་མ་ཇི་ལྟ་བ་དེ་ལྟར་ནི་སྟོན་པ་ལ་བལྟ་བར་བྱ་བ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་དང་འོད་ཀྱིས་ཤིན་ཏུ་གསལ་བའི་ཕྱིར་རོ། །ནམ་མཁའ་ཇི་ལྟ་བ་དེ་ལྟར་ནི་སྟོན་པ་བལྟ་བར་བྱ་ལ་ཞེས་བྱ་བ་ནི་ཉོན་མོངས་པ་བག་ཆགས་དང་

བཅས་པ་སྤངས་པས་སེམས་ཅན་མཐའ་ཡས་པ་རྣམ་པར་གྲོལ་བའི་ཕྱིར་རོ། །ཁྱད་པར་ཞེས་བྱ་བ་ནི་བྱེ་བྲག་གོ། །མེ་ཁྱེར་ཞེས་བྱ་བ་ནི་སྲིན་བུ་མེ་ཁྱེར་ཏེ་སྲིན་བུའི་མདོག་མེ་འདྲ་བའི་ཕྱིར་རོ། །སངས་རྒྱས་ཉན་ཐོས་བྱང་ཆུབ་ཁྱད་པར་དེ་ཡོད་དོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བྱང་ཆུབ་དང་། ཉན་

ཐོས་ཀྱི་བྱང་ཆུབ་ལ་བྱེ་བྲག་དེ་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དམ་པ་མ་ཡིན་པར་མི་འགྱུར་ལ་ཞེས་བྱ་བ་ནི་མཆོག་ཏུ་འགྱུར་བའོ། །བཟོད་པ་ཞེས་བྱ་བ་ནི་བཟོད་པ་དང་ལྡན་པ་སྟེ་ཚིག་ཉན་པའོ། །མཐོང་ན་མི་མཐུན་པ་མེད་པ་ནི་ཞེ་འགྲས་པ་མེད་པ་སྟེ་བདེ་བ་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །

མི་འདོད་བཞིན་དུ་འབྲལ་བ་ཁོ་ན་ཡིན་གྱི་ཞེས་བྱ་བ་ནི་མི་དགའ་བཞིན་དུ་འབྲལ་བའོ། །ཤིན་ཏུ་གཞོན་པ་ཞེས་བྱ་བ་ནི་ལུས་ཀྱིས་སོ། །བདེ་བ་འདོད་པ་ཞེས་བྱ་བ་ནི་སེམས་ཀྱིས་སོ། །རི་དགས་གདུག་པ་ཞེས་བྱ་བ་ནི་གཅན་གཟན་ནོ། །གཞན་གྱིས་བྱིན་པས་འཚོ་བར་བྱ་དགོས་སོ་ཞེས་བྱ་བ་ནི་

གཞན་དག་གིས་བྱིན་པའི་བཟའ་བ་དང་། བཏུང་བ་དང་གོས་ལ་སོགས་པས་འཚོ་བར་བྱ་དགོས་པ་སྟེ་གཞན་གྱི་ངོར་བལྟ་དགོས་ཞེས་བྱ་བའི་ཐ་ཚིག་གོ། །མི་འདོད་པ་དག་ལས་ཞེས་བྱ་བ་ནི་གཟུགས་དང་སྒྲ་དང་དྲི་ལ་སོགས་པ་འདོད་པའི་ཡོ་བྱད་དག་ལས་སོ། །དབེན་པར་ཞེས་བྱ་བ་ནི་བར་ཆད་

དོ། །དགའ་བ་དང་རྩེ་བ་དག་ལས་ཞེས་བྱ་བ་ནི་འདོད་པའི་ལོངས་སྤྱོད་དང་དངོས་པོ་དག་ལས་སོ། །ཞི་བ་ཞེས་བྱ་བ་ནི་དགའ་བའི་ཚིག་གིས་བོར་བའོ། །མཁས་པས་བསྔགས་པ་ཞེས་བྱ་བ་ནི་ཡེ་ཤེས་འབྱམ་ཀླས་པ་དག་གིས་བསྔགས་པའོ། །སླར་ལྡོག་པ་ཞེས་བྱ་བ་ནི་ཕྱིར་ཁྱིམ་དུ་འོང་བའོ། །

Vol. 157 · folio 99b

འབྲས་བུའི་རིམ་གྱིས་ཞེས་བྱ་བ་ནི་འབྲས་བུ་ཞེས་བྱ་བ་འབྲས་བཙོས་པའི་ཁུ་བ་ཐུག་པའི་རྣམ་པ་ལྟ་བུ་སྟེ་དང་པོར་དེ་བཏུང་བའི་རིམ་གྱིས་སོ། །ཟན་བཅད་པ་བྱས་པ་ནི་དྲོད་ཆུང་བས་དང་པོར་དེ་འཐུངས་ན་མེའི་ཁམས་སྐྱེ་བར་འགྱུར་བའི་ཕྱིར་རོ། །མཐུ་ཞེས་བྱ་བ་ནི་བརྟན་པ་ཉིད་དོ། །སྟོབས་ཞེས་

བྱ་བ་ནི་འོང་བ་དང་འགྲོ་བ་ལ་སོགས་པའི་ནུས་པའོ། །བརྩོན་འགྲུས་ཞེས་བྱ་བ་ནི་ཡིད་ཀྱི་སྤྲོས་པའོ། །བསྐྱེད་དེ་ཞེས་བྱ་བ་ནི་བྱས་ཏེའོ། །རབ་ཏུ་འབྱུང་བ་ལ་མོས་པ་བྱ་བ་ནི་རབ་ཏུ་འབྱུང་བ་མངོན་པར་འདོད་པར་བྱ་བའོ། །རིགས་ཞེས་བྱ་བ་ནི་འོས་ཤིང་བཟང་བ་ཞེས་བྱ་བའི་ཐ་ཚིག་གོ། །མ་འདྲེས་

པ་ཞེས་བྱ་བ་ནི་རྒྱལ་པོ་ལ་སོགས་པ་དང་ཐུན་མོང་མ་ཡིན་པའོ། །བྲན་ཞེས་བྱ་བ་ནི་ཉེ་བར་སྤྱོད་པའོ། །མངག་གཞུག་ཅེས་བྱ་བ་ནི་ལྐོག་གི་ལས་སུ་བསྐོ་བར་བྱ་བའོ། །བསྐོ་བ་ཞེས་བྱ་བ་ནི་མངོན་སུམ་གྱི་ལས་སུ་བསྐོ་བར་བྱ་བའོ། །རང་དབང་མེད་པ་ཞེས་བྱ་བ་ནི་གཞན་ལ་རག་ལས་པའོ། །

དགའ་མགུར་འགྲོར་མེད་པ་ཞེས་བྱ་བ་ནི་དགའ་མགུར་སྤྱད་དུ་མེད་པའོ། །མཆོད་པར་བྱ་བ་ཞེས་བྱ་བ་ནི་ཆོས་གོས་ལ་སོགས་པས་སོ། །བསྟོད་པར་བྱ་བ་ཞེས་བྱ་བ་ནི་ཚིག་གིས་སོ། །གྲུབ་པ་དང་བདེ་བ་ཞེས་བྱ་བ་ལ། གྲུབ་པ་ཞེས་བྱ་བ་ནི་སྔར་ཐོབ་པའོ། །བདེ་བ་ཞེས་བྱ་བ་ནི་ཐོབ་པ་

མི་ཉམས་པ་སྟེ་དེ་ནི་གྲུབ་པ་ཡང་ཡིན་ལ་བདེ་བ་ཡང་ཡིན་པས་གྲུབ་པ་དང་བདེ་བ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཉམས་ན་ཞེས་བྱ་བ་ནི་མ་ཐོབ་པ་སྟེ་མྱ་ངན་ལས་འདས་པ་ལས་མ་ཐོབ་པའི་ཡོངས་སུ་ཉམས་པ་ཉམས་ནའོ། །གོང་ནས་གོང་དུ་ཡིད་ལ་བྱེད་པའི་ཁྱད་

པར་ཐོབ་ནས་ཞེས་བྱ་བ་ནི་མི་སྡུག་པ་དང་། དབུགས་འབྱུང་བ་དང་། རྔུབ་པ་དྲན་པ་དང་། དྲོ་བར་གྱུར་པ་ལ་སོགས་པ་དག་གོ། །ཆ་ལྔ་པ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་དང་། ལྷ་དང་། མིའི་འགྲོ་བ་ལྔའི་རིགས་ལྔ་དང་ལྡན་པའོ། །གཡོ་བ་ཞེས་

བྱ་བ་ནི་རྒྱུན་གྱིས་མི་རྟག་པས་སོ། །མི་གཡོ་བ་ཞེས་བྱ་བ་ནི་འཕགས་པའི་ལམ་མེད་པར་མི་ལྡོག་པའི་ཕྱིར་རོ། །འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་དོ། །ཉམས་པ་ཞེས་བྱ་བ་ནི་སྐྱེ་བའི་ཆོས་ཉིད་ཀྱིས་སོ། །ལྟུང་བ་ཞེས་བྱ་བ་

Vol. 157 · folio 100a

ནི་རྒས་པའི་ཆོས་ཉིད་ཀྱིས་སོ། །རྣམ་པར་འཐོར་བ་ཞེས་བྱ་བ་ནི་ན་བའི་ཆོས་ཉིད་ཀྱིས་སོ། །རྣམ་པར་འཇིག་པ་ཞེས་བྱ་བ་ནི་འཆི་བའི་ཆོས་ཉིད་ཀྱིས་སོ། །ཟིལ་གྱིས་མནན་ནས་ཞེས་བྱ་བ་ནི་ཟིལ་གྱིས་མནན་ཏེའོ། །ཁ་ཏོན་དག་ཞེས་བྱ་བ་ནི་ཚིག་གི་ཐེ་ཚོམ་གཅད་པའི་ཕྱིར་

རོ། །ཡོངས་སུ་དྲི་བ་དག་ཅེས་བྱ་བ་ནི་དོན་གྱི་ཐེ་ཚོམ་གཅད་པའི་ཕྱིར་རོ། །ཆོས་གོས་བྱས་པ་དང་ལྡན་པ་ཞེས་བྱ་བ་ནི་ཐག་པ་ལ་སོགས་པ་ལས་སོ། །ཆོས་གོས་ཟིན་པ་དང་ལྡན་པ་ཞེས་བྱ་བ་ནི་བཀྲུ་བཤལ་བ་དང་བཙོ་བླག་པ་ལས་སོ། །སོམ་ཉི་ཞེས་བྱ་བ་ནི་རང་གིས་རྟོགས་པ་ལས་ཐེ་ཚོམ་ཟ་

བའོ། །ཡིད་གཉིས་ཞེས་བྱ་བ་ནི་གཞན་གྱིས་བསྟན་པ་ལས་ཐེ་ཚོམ་ཟ་བའོ། །འདོད་པ་སྐྱེས་ཤིང་ཞེས་བྱ་བ་ནི་བྱས་པ་ཤེས་པ་ཉིད་དང་སྨོན་ལམ་གྱི་དབང་གིས་དགེ་བའི་ཆོས་ལ་འདུན་པ་བསྐྱེད་པའོ། །ཆོས་ཀྱི་སྐུའི་སྒོ་ནས་ནི་མཐོང་ན་ཞེས་བྱ་བ་ནི་ལམ་གྱི་བདེན་པ་བསྒོམ་པའི་དུས་ནའོ། །ཁྱོད་

དུས་སུ་ཟིན་ཏོ་ཞེས་བྱ་བ་ནི་གནས་མལ་དང་ཟས་བསྐོ་བ་བྲེལ་བར་གྱུར་པས་དེས་སེལ་བར་བྱེད་པའི་ཕྱིར་རོ། །གནས་མལ་གྱི་མཐུན་པར་འབོགས་པར་བྱེད་ཅེས་བྱ་བ་ནི་མཐུན་པར་མི་བརྡེག་པར་རོ། །དཔེར་ན་ཆུ་མེད་པ་ལས་ཨུཏྤ་ལ་བཞིན་ནོ་ཞེས་བྱ་བ་ནི་མི་སྐྱེ་བ་བཞིན་ནོ། །ཡང་དག་པར་

རྫོགས་པའི་སངས་རྒྱས་པ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཡང་དག་པས་ཤེས་པའི་ཡུལ་མ་ལུས་པར་རྫོགས་པར་ཐུགས་སུ་ཆུད་ཅིང་སངས་རྒྱས་པའོ། །བསྐོ་བར་བྱའོ་ཞེས་བྱ་བ་ནི་སྔར་སྤྲོ་བར་བྱས་ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །དབྱུང་བར་བྱ་སྟེ་ཞེས་བྱ་བ་ནི་ལས་

དེ་ལས་སོ། །གནས་མལ་ཕོག་པ་དང་མ་ཕོག་པ་མི་ཤེས་ཞེས་བྱ་བ་ནི་བརྗེད་ངེས་པའོ། །གནས་མལ་འབོགས་པ་ཞེས་བྱ་བ་ནི་སྟོབས་པའོ། །གསོལ་བ་བྱས་ཏེ་ལས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་སོ། །གཏམ་དང་འབྲེལ་པའི་གཏམ་གྱིས་རྣམ་པར་གཏན་ལ་འབེབས་པས་ཞེས་

བྱ་བའི་གཏམ་ཞེས་བྱ་བ་ནི་ཆོས་སྟོན་པའོ། །འབྲེལ་པའི་གཏམ་ཞེས་བྱ་བ་ནི་ལྷན་ཅིག་འབྲེལ་ཞིང་ཕན་ཚུན་ཆོས་སྤྱོད་པའོ། །གཏམ་དང་འབྲེལ་བའི་གཏམ་དེ་གཉིས་ཀྱིས་ཆོས་རྣམ་པར་འབྱེད་པ་ནི་གཏམ་དང་འབྲེལ་བའི་གཏམ་གྱིས་རྣམ་པར་གཏན་ལ་འབེབས་པ་ཞེས་བྱ་བའི་ཐ་ཚིག་གོ། །

Vol. 157 · folio 100b

རྫུ་འཕྲུལ་གྱི་ཆོ་འཕྲུལ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་མཚན་ཉིད་རྨད་དུ་བྱུང་བའོ། །གནས་པ་ཞེས་བྱ་བ་ནི་གནས་ཀྱི་ཁྱད་པར་ཤེས་པའོ། །གཉུག་མར་གནས་པ་ཞེས་བྱ་བ་ནི་ངེས་པར་གནས་པའོ། །གསོལ་བར་བྱེད་པ་ཞེས་བྱ་བ་ནི་གསོལ་བ་དང་། གསོལ་བ་དང་གཉིས་དང་གསོལ་བ་དང་

བཞིའི་ལས་བྱེད་པའོ། །གཏམས་པ་འཛིན་པ་ཞེས་བྱ་བ་ནི་གཞན་གྱིས་གཏམས་པ་སྲུང་བའོ། །ལུགས་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་རྣམ་པར་གཞག་པའི་རྗེས་སུ་འབྲངས་པས་ཟས་བསོད་པ་དང་། འབྲིང་དང་། ངན་པའི་རྗེས་སུ་འགྲོ་བའོ། །རྒན་རིམས་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་རྒན་

པའི་རྗེས་སུ་འགྲོ་བས་སོ། །གོ་རིམས་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་རིམ་བཞིན་དུ་བར་མི་འདོར་བར་རོ། །ཐོད་རྒལ་མེད་པར་ཞེས་བྱ་བ་ནི་བཀོལ་བར་མི་འོས་པ་བཀོལ་བར་མི་བྱེད་པའོ། །མཐའི་གཙུག་ལག་ཅེས་བྱ་བ་ནི་མཇུག་ན་འདུག་པའོ། །གནས་ངན་ལེན་ཀུན་དུ་སྤྱོད་པ་ཞེས་བྱ་བ་

ནི་རང་ཉམས་ཅན་ཏེ་ཐམས་ཅད་དུ་སྨོད་པར་ཀུན་དུ་སྤྱོད་པ་ཞེས་བྱ་བའི་ཐ་ཚིག་གོ། །མི་བཟོད་ཅེས་བྱ་བ་ནི་རྟག་ཏུ་བྱུང་བའི་ཕྱིར་རོ། །མི་མཛེས་ཤིང་ཞེས་བྱ་བ་ནི་མ་ལེགས་པའོ། །ལྟུང་བ་མ་མཆིས་པ་ལ་ཞེས་བྱ་བ་ནི་ལྟུང་བ་མ་བྱུང་བ་ལའོ། །གཞི་མ་མཆིས་པ་ཞེས་བྱ་བ་ནི་མཐོང་བ་དང་།

ཐོས་པ་དང་། དོགས་པའི་གཞི་གསུམ་མེད་པར་རོ། །དེ་ལ་མཐོང་བ་ནི་བདག་ཉིད་ཀྱི་མིག་གིས་མཐོང་ངོ་། །ཐོས་པ་ནི་གཞན་ལས་གཏམ་ཐོས་པ་མ་ཡིན་གྱི། ཡོལ་བ་ལ་སོགས་པས་བསྒྲིབས་པའི་ཕག་ན་མི་ཚངས་པར་སྤྱད་པ་ལ་སོགས་པ་བྱེད་པའི་སྒྲ་བདག་ཉིད་ཀྱི་རྣ་བས་ཐོས་པའོ། །

དོགས་པ་ནི་བར་དུ་ཐ་གུས་དྲང་བ་ལ་སོགས་པས་བརྟག་དགོས་པའོ། །དྲན་པ་དང་ལྡན་པར་ཟུང་ཤིག་ཅེས་བྱ་བ་ནི་དེའི་དྲན་པ་ཚད་མར་གྱུར་པ་ཡིན་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །རང་གིས་ཁས་བླངས་པས་བསྙིལ་བར་བྱའོ་ཞེས་བྱ་བ་ནི་རང་གི་ཚིག་གིས་ནི་ཕྱི་སར་གྱིས་ཤིག་ཅེས་

བྱ་བའི་ཐ་ཚིག་གོ། །གླེང་བར་གྱིས་ཤིག་ཅེས་བྱ་བ་ནི་དྲིས་ཤིག་ཅེས་བྱ་བའོ། །བརྟག་པར་གྱིས་ཤིག་ཅེས་བྱ་བ་ནི་གཏན་ལ་ཕོབ་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །འདུན་པས་སྨྲས་ཞེས་བྱ་བ་ནི་བདག་ལ་བྱམས་པའི་རྒྱུས་སོ། །འཇིགས་པས་སྨྲས་ཞེས་བྱ་བ་ནི་ཕྱིས་གནོད་པ་བྱེད་པས་འཇིགས་

Vol. 157 · folio 101a

པའི་ཕྱིར་རོ། །ལུས་ཅན་བརྫུན་དུ་སྨྲ་བ་ཡིན་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཅན་བརྫུན་དུ་སྨྲ་བའི་ཆོས་གཙོ་བོ་གཅིག་ལས་འདས་པར་གྱུར་ཅིང་འཇིག་རྟེན་ཕ་རོལ་དྲལ་ཅིང་སྨྲས་པས་བྱས་པ་ནི་ཚེ་འདི་ཉིད་ལ་སྡིག་པ་མི་བྱ་བ་ཅི་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བརྫུན་

དུ་སྨྲ་བ་སྡིག་པའི་རྒྱུ་ཉིད་དང་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱང་ཡིན་པར་བསྟན་པའི་ཕྱིར། ལྕགས་གོང་མེ་ལྕེ་འདྲ་བ་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཚུལ་འཆལ་ཅེས་བྱ་བ་ནི་བརྫུན་དུ་སྨྲ་བའོ། །ཡང་དག་མི་སྡོམ་པ་ཞེས་བྱ་བ་ནི་མི་སྤོང་བ་སྟེ་འདིས་ནི་འཆལ་པ་བསྟན་ཏོ། །ངན་ཏོ་ཞེས་

བྱ་བ་ནི་སྨད་པའོ། །མི་བཟད་དོ་ཞེས་བྱ་བ་ནི་བདག་ཉིད་ལ་གནོད་པའི་ཕྱིར་རོ། །མཆོག་ཏུ་མི་བཟོད་དོ་ཞེས་བྱ་བ་ནི་གཞན་ལ་གནོད་པའི་ཕྱིར་རོ། །ཡང་ན་འཇིག་རྟེན་འདི་དང་མི་མཐུན་པ་དང་། འཇིག་རྟེན་ཕ་རོལ་དང་མི་མཐུན་པ་སྟེ་གོ་རིམས་བཞིན་ནོ། །དེ་མ་སྤངས་ན་ཞེས་བྱ་བ་ནི་འོག་ནས་འབྱུང་

བ་ཉེ་བར་སྤྱོད་པ་དེ་ནི་མི་སྤོང་ཞིང་ཡང་དང་ཡང་དུ་བྱེད་ན་ཞེས་བྱ་བའི་ཐ་ཚིག་གོ། །བདག་ཉིད་ཚུལ་ཁྲིམས་འཆལ་ཅིང་ཞེས་བྱ་བ་ནི་མཉམ་པར་མ་བཞག་པའོ། །གཞན་ལ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། སྨྲ་བ་ཞེས་བྱ་བ་ནི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་གླེང་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །

སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་ཉན་པ་པོ་དྲུང་ན་གནས་པ་རྒྱས་པ་དང་མདོར་བསྡུ་བ་ལ་མོས་པ་གཉི་ག་ལ་ཕན་གདགས་པའི་ཕྱིར་དང་། ཕྱིར་འོངས་པས་སྔར་རྒྱས་པར་བསྟན་པས་མ་ཐོབ་པ་ལ་ཕན་འདོགས་པའི་ཕྱིར་དང་། དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱ་བ་

ཚིག་བཟླས་པ་ལ་ལྟོས་པ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ། །བརྫུན་དུ་སྨྲ་བའི་ཉེས་དམིགས་བསྟན་པའི་ཕྱིར། །ཚིག་གིས་ཉེས་སྨྲས་རྗོད་བྱེད་ན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཐབ་ཀྲོལ་ཞེས་བྱ་བ་ནི་གནོད་པའི་རྒྱུའོ། །རྒྱན་པོས་འཐབ་ཀྲོལ་དུ་གྱུར་པ་ཡིན་ན་སྟོད་པ་

དང་སྨོད་པ་གཉིས་ཇི་ལྟར་འཐབ་ཀྲོལ་ཡིན་ཞེ་ན། དེའི་ཕྱིར་གང་འདིར་ཆོ་ལོས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོ་ལོ་ཞེས་བྱ་བ་ནི་རྒྱལ་པོའི་རྩེད་མོའོ། །རང་ནོར་ཕམ་བྱེད་པ་ཞེས་བྱ་བ་ནི་ཉམས་པར་བྱེད་པའོ། །བསྟོད་པ་དང་སྨད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་དེ་བཞིན་

Vol. 157 · folio 101b

གཤེགས་པའི་ཉན་ཐོས་རྣམས་ལའོ། །ཇི་ལྟར་ན་འཐབ་ཀྲོལ་ཤིན་ཏུ་ཆེན་པོ་ཡིན་ཞེ་ན། དེའི་ཕྱིར་འཕགས་པས་སྨད་པས་ཞེས་པ་ལ་སོགས་པ་གསུངས་སོ། །འཕགས་པས་སྨད་པས་ཞེས་བྱ་བ་ནི་སྐྱེ་བོ་འཕགས་པ་ལ་སྐུར་པ་འདེབས་པས་སོ། །ངག་ཡིད་སྡིག་བསྟེན་ན་ཞེས་བྱ་བ་ནི་

ངག་གིས་སྐུར་པ་འདེབས་པ་དང་། ཡིད་ཀྱིས་ངན་སེམས་བསྐྱེད་ནའོ། །བྱེ་བ་བརྒྱ་ཕྲག་སྟོང་ཞེས་བྱ་བ་ལ། བྱེ་བ་ཞེས་བྱ་བ་ནི་གྲངས་ཀྱི་གནས་བརྒྱད་པ་སྟེ། བརྒྱ་ཕྲག་སྟོང་ནི་བྱེ་བ་ཕྲག་འབུམ་མོ། །དུང་ཕྱུར་ཕྲག་སུམ་ཅུ་དྲུག་དང་ལྔ་ཞེས་བྱ་བ་ལ། དུང་ཕྱུར་ཞེས་བྱ་བ་ནི་གྲངས་ཀྱི་གནས་དགུ་

པ་སྟེ། དེ་ཕྲག་སུམ་ཅུ་རྩ་དྲུག་དང་ལྔ་ནི་དུང་ཕྱུར་ཕྲག་བཞི་བཅུ་རྩ་གཅིག་སྟེ། སྐྱེ་བོ་འཕགས་པས་སྨད་པ་གང་དག་ངག་དང་ཡིད་ཀྱི་སྒོ་ནས་གཞན་ལ་སྐུར་པ་འདེབས་ཤིང་སྨད་པ་དང་། ཞེ་སྡང་བསྐྱེད་ཅིང་ཚངས་པར་སྤྱོད་པ་དང་འབྲལ་བར་སེམས་པ་དེ་དག་ནི་ལོ་གྲངས་བྱེ་བ་ཕྲག་འབུམ་དང་།

དུང་ཕྱུར་ཕྲག་བཞི་བཅུ་རྩ་གཅིག་ཇི་སྙེད་སེམས་ཅན་དམྱལ་བ་རྣམས་སུ་འགྲོ་བར་འགྱུར་བས་དེའི་ཕྱིར་གང་དག་བདེ་བར་གཤེགས་པ་དང་། བདེ་བར་གཤེགས་པའི་སྲས་ཆོས་སྒྲོག་པ་ལ་སོགས་པ་དག་ལ་ངག་དང་ཡིད་ཀྱིས་འཐབ་ཀྲོལ་བྱེད་པ་དེ་ནི་ཤིན་ཏུ་འཐབ་ཀྲོལ་ཆེན་པོ་ཡིན་ནོ་ཞེས་བྱ་

བའི་ཐ་ཚིག་གོ། །ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས་ཞེས་བྱ་བ་ནི་དགེ་སློང་གི་དངོས་པོ་ལས་དབྲལ་ལོ་སྙམ་ནས་སོ། །དགེ་སློང་དག་པ་ཞེས་བྱ་བ་ནི་ལྟུང་བ་མེད་པའོ། །གཞི་དེའི་ལྟུང་བ་མེད་པ་ཞེས་བྱ་བ་ནི་གཞི་གསུམ་པོ་གང་གིས་སྐུར་པ་དེའིའོ། །བརྗོད་དོ་ཅོག་ཅེས་བྱ་བ་ནི་

རྩོལ་བ་ཐ་དད་པའི་ཕྱིར་ཏེ། མཐོང་བ་ལ་སོགས་པ་ལ་ཞེས་བྱ་བའི་ཐ་ཚིག་གོ། །བརྗེད་པ་ཞེས་བྱ་བ་ནི་མི་དྲན་པའོ། །ཡིད་ཆེས་ནས་ཞེས་བྱ་བ་ནི་བདེན་པར་རོ། །ཇི་ལྟར་གཞི་ལྔས་ལྟུང་བར་མི་འགྱུར་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་མ་མཐོང་བ་ལ་སོགས་པ་ལ་འཁྲུལ་པའི་རྒྱུས་མཐོང་

བར་འདུ་ཤེས་པས་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལ་འདུ་ཤེས་བསྒྱུར་བ་མེད་པའི་ཕྱིར་ལྟུང་བར་མི་འགྱུར་རོ། །མ་དག་པ་ལྟར་བཅོས་པ་ཞེས་བྱ་བ་ནི་ཚུལ་ངན་པའི་ཕྱིར་མ་དག་པ་ལྟར་སྣང་བའོ། །གཞི་བཅུ་གཅིག་དང་གཞི་དྲུག་ཅེས་བྱ་བ་འདི་ལ་ནི་མཐོང་བ་གཉིས་ལྷག་པའི་

Vol. 157 · folio 102a

ཕྱིར་རོ། །དག་པ་ལྟར་བཅོས་པ་ཞེས་བྱ་བ་ནི་ཚུལ་བཟང་བས་དག་པ་ལྟར་སྣང་བའོ། །དྲིལ་བསྒྲགས་པ་ཞེས་བྱ་བ་ནི་སྐྱེ་བོ་ཐམས་ཅད་ལ་བསྒྲགས་པའོ། །ངོས་ལ་རི་མོར་བྲིས་པ་ཕན་ཆད་ཅེས་བྱ་བ་ནི་རྩིག་ངོས་ལ་སོགས་པ་ལ་རི་མོར་བྲིས་པའི་ཚིགས་ཀྱིས་བཟུང་བ་ཕན་

ཆད་དོ། །དྲིལ་བསྒྲགས་པ་དང་། ངོས་ལ་རི་མོར་བྲིས་པ་ཡན་ཆད་ལ་སྐུར་པ་འདེབས་པ་ན་བསམ་གཏན་པ་ཇི་ལྟ་བུ་ལ་ལྟུང་བ་མེད་ཅེ་ན། དེའི་ཕྱིར་ཇི་ལྟར་བདག་གིས་ཤེས་པ་དེ་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱིས་ཀྱང་ཤེས་སོ་སྙམ་ནའོ་ཞེས་བྱ་བ་གསུངས་ཏེ། གྲགས་པའི་དབང་གིས་

འདུ་ཤེས་བསྒྱུར་བ་མེད་པས་འདི་ལ་ལྟུང་བ་མེད་པར་རྣམ་པར་བཞག་གོ། །མེའི་ཁམས་ཞེས་བྱ་བ་ནི་མེ་ལ་མོས་པའོ། །རྙིང་པ་ཞེས་བྱ་བ་ནི་གྱི་ནའོ། །སྟོབས་པར་བྱེད་པ་ཞེས་བྱ་བ་ནི་འབུལ་བར་བྱེད་པ་གང་ཡིན་པའོ། །སེལ་བར་བྱེད་པ་ཞེས་བྱ་བ་ནི་ལྷག་མ་ལ་སོགས་པ་འདོར་བར་བྱེད་

པ་གང་ཡིན་པའོ། །རྐྱལ་ཆེན་ཞེས་བྱ་བ་ནི་ཆུའི་ནང་དུ་འཇུག་པ་གང་ཡིན་པའོ། །གྲུ་པ་ཞེས་བྱ་བ་ནི་གྲུ་པའི་ལས་བྱེད་པ་གང་ཡིན་པའོ། །རླུང་ཡོར་ཐོགས་པ་ཞེས་བྱ་བ་ནི་རླུང་ཡོར་གྱི་དྲུང་ན་འདུག་ཅིང་ལམ་དང་ལམ་མ་ཡིན་པ་དག་ལ་རྟོག་པར་བྱེད་པ་གང་ཡིན་པའོ། །བཀྲེན་པ་ཞེས་

བྱ་བ་ནི་ཟས་དང་གོས་མེད་པ་ལུས་དྲི་མས་གོས་པས་སྙིང་རྗེའི་གནས་སོ། །སྡུག་ཕོངས་ཞེས་བྱ་བ་ནི་སློང་འདོད་པས་བསྟེན་པའོ། །སྐྱོ་མ་ཞེས་བྱ་བ་ནི་སྐོམ་གྱི་ནང་དུ་ཕྱེས་བཏབ་པའོ། །ཕུ་ནུ་མོ་ལྟ་བུ་ཞེས་བྱ་བ་ནི་ཕུ་ནུ་མོ་དང་འདྲ་བའོ། །ཤིན་ཏུ་རྔམས་ཆེ་ཞེས་བྱ་བ་ནི་ཆེ་བའོ། །ཡོངས་སུ་

རྫོགས་པ་ཞེས་བྱ་བ་ནི་གྲོགས་རྙེད་པའོ། །ལུས་འཇིག་པ་ཞེས་བྱ་བ་ནི་འཆི་བའོ། །མ་ཉེས་སོ་ཞེས་སྨྲས་པ་ཞེས་བྱ་བ་ནི་བདག་ལ་ཉེས་པ་མེད་དོ་ཞེས་སྨྲས་པའོ། །སྡུམ་ཚེས་ཞེས་བྱ་བ་ནི་ཁྱིམ་ཚེས་སོ། །སྔོན་མ་བྱུང་བ་ཞེས་བྱ་བ་ནི་རང་ལ་སྐྱོན་ཆགས་པའི་ཕྱིར་རོ། །གནོད་པ་མེད་པ་ཞེས་བྱ་བ་ནི་

དེ་ལ་མི་གནོད་པའི་ཕྱིར་རོ། །ཡོན་ཏན་གྱི་ཚོགས་ཞེས་བྱ་བ་ནི་མཐོང་བའི་ལམ་ལ་སོགས་པ་ཟག་པ་མེད་པའོ། །གཞི་མེད་པར་སྐུར་པ་འདེབས་པའི་དགེ་འདུན་ལྷག་མ་སྟེ་བརྒྱད་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།རྡོ་རྩིག་ཅན་ཞེས་བྱ་བ་ནི་རྡོ་བརྩིགས་པའོ། །ཤེས་

Vol. 157 · folio 102b

ནས་དད་པ་དང་ལྡན་པས་ཞེས་བྱ་བ་ལ། ཤེས་ནས་དད་པ་ཞེས་བྱ་བ་ནི་བདེན་པ་མཐོང་བས་སངས་རྒྱས་དང་ཆོས་དང་དགེ་འདུན་དག་ཇི་ལྟ་བ་བཞིན་དུ་ཤེས་ནས་དད་པ་ཐོབ་པ་གང་ཡིན་པ་དེ་དེ་དང་ལྡན་པའོ། །ཞལ་ཏ་ཞེས་བྱ་བ་ནི་བྱ་བའོ། །རི་དགས་ཞེས་བྱ་བ་ནི་རྐང་བཞི་པ་དག་གོ། །གནས་ནས་

དབྱུང་བའི་ལས་ཞེས་བྱ་བ་ནི་ལྟུང་བ་ཕྱིར་མི་འཆོས་པས་སོ། །བག་ཙམ་ལས་བསམས་པ་ཞེས་བྱ་བ་ནི་ཆ་ཤས་ཙམ་གཟུང་ངོ་། །རྫུ་འཕྲུལ་གྱི་ཆོ་འཕྲུལ་ཞེས་བྱ་བ་ནི་སོར་མོ་ལས་འོད་སྦར་བའོ། །གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཞེས་བྱ་བ་ལ། གཞན་ཞེས་བྱ་བ་ནི་མྱ་ངན་ལས་འདས་

པ་སྟེ། འཁོར་བ་ལས་གཞན་པའི་ཕྱིར་རོ། །དེའི་ཆ་མ་ཡིན་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཏེ། ཉོན་མོངས་པ་ཅན་གྱི་ཆོས་རྣམས་སོ། །དེ་དང་མཐུན་པ་ཞེས་བྱ་བ་ནི་དེར་གྱུར་པ་འམ་དེ་ལ་ཡོད་པ་སྟེ་ཕམ་པར་འགྱུར་བ་བཞི་པོ་དག་གོ། །དེ་ཕམ་པར་འགྱུར་བ་བཞི་པོ་དག་ཡིན་ན་

ཕམ་པར་འགྱུར་བའི་ཆོས་ཞེས་བྱ་བ་དངོས་སུ་སྨོས་ཅི་དགོས་ཤེ་ན་དེ་ནི་ཕམ་པའི་ཉེས་པ་བསྟན་པའི་ཕྱིར་ཏེ། ཕམ་པར་འགྱུར་བའི་ཆོས་ནི་མྱ་ངན་ལས་འདས་པ་དང་མི་མཐུན་པ་ཡིན་པའི་ཕྱིར་རོ། །བག་ཙམ་ལས་བསམས་པས་ཙམ་ཞེས་བྱ་བ་ལ་བག་ཙམ་ཞེས་བྱ་བ་ནི་ཆ་ཞེས་སོ། །དེ་ལས་

བསམས་པ་ཞེས་བྱ་བ་ནི་དེ་ལ་སེམས་བཞག་པ་སྟེ་དེ་ཉིད་ཙམ་བྱ་སྟེ་འཕགས་པ་དང་འཕགས་མ་དེ་གཉིས་ཉེ་བ་དང་རི་དགས་དང་རི་དགས་མོ་ལོག་པར་ཞུགས་པ་ཙམ་མོ། །བླངས་པར་གྱུར་ལ་ཞེས་བྱ་བ་ནི་ཡིད་ཀྱིས་ངེས་པར་བྱས་ཞེས་བྱ་བའི་ཐ་ཚིག་གོ། །ལྟ་བ་ཐོབ་ནས་ཞེས་བྱ་བ་ནི་བློ་སྐྱེས་

ནས་ཞེས་བྱ་བའི་ཐ་ཚིག་གོ། །ལྟུང་བ་རྣམ་པར་བཞག་པའི་སྐབས་འདིར་ཕམ་པར་འགྱུར་བར་བྱེད་པ་ལས་ལྟུང་བ་མེད་པ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱི་བློ་སྐྱེས་པ་ལྔ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་སོ་སོར་

བཤགས་པར་བྱ་བ་དང་། ཉེས་བྱས་བྱེད་པ་ལ་ཡང་ལྔ་ལྔ་སྟེ་ལྟུང་བའི་འགྲོས་ཉི་ཤུ་རྩ་ལྔར་ཤེས་པར་བྱའོ། །དགེ་འདུན་ལྷག་མ་སྔ་མ་དང་འདི་གཉིས་ལ་བྱེ་བྲག་ནི་སྔ་མ་ནི་གཞི་མེད་པ་ཁོ་ནར་སྐུར་བ་འདེབས་པ་ཡིན་ལ། འདི་ནི་བག་ཙམ་གྱིས་གཞི་ཡོད་པ་ལས་སྐུར་པ་འདེབས་པ་ཡིན་ནོ། །

Vol. 157 · folio 103a

གཞན་གྱི་ཆ་མ་ཡིན་པ་དང་མཐུན་པའི་དགེ་འདུན་ལྷག་མ་སྟེ་དགུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།གང་གི་མིང་གིས་འཛམ་བུའི་གླིང་ཞེས་བྱ་བར་ཤེས་པ་ཤིང་འཛམ་བུ་ཞེས་བྱ་བ་ནི་འཛམ་བུའི་གླིང་བྱང་གི་ངོས་རྒྱ་མཚོའི་འགྲམ་ན་ཤིང་ལྗོན་པ་འཛམ་

བུ་ཞེས་བྱ་བ་བོང་ཚོད་ཆེན་པོ་ཡོད་པ་དེའི་མིང་གིས་གླིང་འཛམ་བུའི་གླིང་ཞེས་བྱ་བར་ཤེས་པའི་ཤིང་དེའོ། །འཛམ་བུའི་འབྲས་བུ་ལྷགས་པ་ཞེས་བྱ་བ་ནི་འཛམ་བུ་ལྷགས་ཤིང་པགས་པ་སྐམས་པ་དག་གོ། །དེའི་ཉེན་ཀོར་ན་ཞེས་བྱ་བ་ནི་འཛམ་བུའི་དྲུང་ན་ཞེས་བྱ་བའི་ཐ་ཚིག་གོ། །ལྷག་

མ་ཡོད་ན་དགེ་སློང་རྣམས་ལ་ཡང་བགོ་བཤའ་བྱེད་དོ་ཞེས་བྱ་བ་ནི་ལྷག་མ་ཡོད་ན་དགེ་སློང་རྣམས་ལ་ཕན་འདོགས་ཞེས་བྱ་བའི་ཐ་ཚིག་གོ། །བདུད་རྩི་ཞེས་བྱ་བ་ནི་ཞུན་མར་གྱི་རྣམ་པ་ལྟ་བུའི་ཟས་སོ། །འདོད་པའི་རྣམ་པ་ཞེས་བྱ་བ་ནི་འདོད་ཞེན་ཆེ་བ་ཉིད་དོ། །གཞན་ཡང་ཞེས་བྱ་བ་ནི་མངོན་

པར་ཤེས་པ་ལྷག་མ་རྣམས་སོ། །ཚུལ་བཞིན་ཡིད་ལ་གྱིས་ཤིག་ཅེས་བྱ་བ་ནི་ཡང་དག་པར་རྟོགས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །ཡང་དག་པར་བགྲོད་པར་གྱུར་པ་ཞེས་བྱ་བ་ནི་གྲོས་བྱས་པས་སོ། །སྡེ་ཅན་མའི་ཕུག་ཅེས་བྱ་བ་ནི་སྡེ་ཅན་མས་བྱེད་དུ་བཅུག་པའི་ཕུག་གི་མིང་ངོ་། །གཡོ་མེད་པ་ཞེས་བྱ་

བ་ནི་གྱ་གྱུ་མེད་པ་སྟེ་བསམ་པ་ཇི་ལྟ་བ་བཞིན་དུ་སྨྲ་ཞེས་བྱ་བའི་ཐ་ཚིག་གོ། །མེད་པ་ཞེས་བྱ་བ་ནི་མི་སླུ་བའོ། །དྲང་པོ་ཞེས་བྱ་བ་ནི་གཡོ་དང་སྒྱུ་དང་བྲལ་བའི་ཕྱིར་སྤྱོད་པ་གསལ་བའོ། །དྲང་པོའི་རང་བཞིན་ཅན་ཞེས་བྱ་བ་ནི་སྐྱེས་ནས་འཐོབ་པའི་རྣམ་པ་དང་ལྡན་པ་ཡིན་གྱི་སྦྱོར་བ་ལས་བྱུང་བ་དང་

ལྡན་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཕུ་ནུ་རྒན་པ་ཞེས་བྱ་བ་ནི་སྤུན་རྒན་པའོ། །རྣམ་པར་མ་བལྟས་པར་ཞེས་བྱ་བ་ནི་རྣམ་པར་མ་བསྐུལ་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་མ་བསྐུལ་ཅེ་ན། ལས་ཀྱི་དབང་གིས་གདོན་མི་ཟ་བར་གྲུབ་པས་བཅོམ་ལྡན་འདས་ནི་གནས་མ་ཡིན་

པར་མི་འཇུག་པའི་ཕྱིར་རོ། །བསམ་གཏན་དང་པོ་ལ་བརྟེན་ནས་ཞེས་བྱ་བ་ནི་མི་ལྕོགས་པ་མེད་པ་ལ་བརྟེན་པ་ཡིན་ཏེ། དངོས་གཞི་ལ་ནི་མ་ཡིན་ཏེ། ལྷས་བྱིན་འདོད་ཆགས་དང་མ་བྲལ་བའི་ཕྱིར་རོ། །ཤེས་པ་དང་མཐོང་བ་སྣང་བ་དང་མི་སྣང་བ་ཡང་ཉམས་སུ་མྱོང་བར་བྱེད་དོ་ཞེས་བྱ་བ་ལ།

Vol. 157 · folio 103b

ཤེས་པ་ཞེས་བྱ་བ་ནི་མངོན་པར་ཤེས་པའོ། །མཐོང་བ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་སེམས་ཀྱི་ཤེས་རབ་སྟེ། དེ་གཉིས་ཀྱིས་ཉམས་སུ་མྱོང་བར་བྱེད་དོ་ཞེས་བྱ་བར་སྦྱར་རོ། །སྣང་བ་ཞེས་བྱ་བ་ནི་མངོན་པའོ། །མི་སྣང་བ་ཞེས་བྱ་བ་ནི་མི་མངོན་པའོ། །ཉམས་སུ་མྱོང་བར་བྱེད་དོ་ཞེས་བྱ་བ་ནི་བདག་

ཉིད་ཀྱིས་ཀྱང་ཉམས་སུ་མྱོང་བར་བྱེད་པ་ཡིན་གྱི་གཞན་གྱི་དབང་པོ་སླུ་བར་བྱེད་པ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ངོས་ཀྱི་རྩིག་པ་ཞེས་བྱ་བ་ནི་ངོས་ན་འདུག་པའི་རྩིག་པ་སྟེ། དེ་ལ་ལུས་ཀྱིས་མི་ཐོགས་པར་འགྲོ་ཞེས་བྱ་བར་སྦྱར་རོ། །ངོས་ཀྱི་ར་བ་ཞེས་བྱ་བ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །སྟེང་

དུ་འབྱུང་བ་ཞེས་བྱ་བ་ནི་གྱེན་དུ་འབྱུང་བའོ། །བྱེའུ་ཟུལ་ཞེས་བྱ་བ་ནི་འོག་ཏུ་འཇུག་པའོ། །འདབ་ཆགས་བྱ་ཞེས་བྱ་བ་ནི་འདབ་མ་ཡོད་པ་བྱའི་སྐྱེ་གནས་ནས་སྐྱེས་པའོ། །མཐུ་དང་ལྡན་པའི་བུ་ཞེས་བྱ་བ་ནི་གཙོ་བོ་སྟེ་མཐུ་དང་ལྡན་པ་ཞེས་བྱ་བ་ནི་སྟོབས་དང་ལྡན་པ་སྟེ། དེའི་བུ་རྒྱུད་ཡིན་པའི་

ཕྱིར་རོ། །འགྲེ་བར་བྱེད་ཅེས་བྱ་བ་ནི་གཡོ་བར་བྱེད་པའོ། །ལྡོག་པར་བྱེད་ཅེས་བྱ་བ་ནི་འཕར་བར་བྱེད་པའོ། །འཁྱུད་པར་བྱེད་ཅེས་བྱ་བ་ནི་འགུལ་ནས་འཁྱུད་པར་བྱེད་པའོ། །ཁ་སྦྱོར་བར་བྱེད་ཅེས་བྱ་བ་ནིའོ་བྱེད་པའོ། །ཀུན་ཏུ་འཁྱུད་པར་བྱེད་ཅེས་བྱ་བ་ནི་ལུས་ཀྱི་རྐེད་པ་ནས་འཁྱུད་པར་བྱེད་པའོ། །

ཟིལ་གྱིས་གནོན་ཅིང་ཞེས་བྱ་བ་ནི་ལུས་དང་ངག་ཕམ་པར་བྱེད་པའོ། །སེམས་ཡོངས་སུ་གཏུགས་པས་ཞེས་བྱ་བ་ནི་སེམས་ཀུན་ནས་དཀྲིས་པས་སོ། །དད་པའི་ཆེད་དུ་བྱ་བ་ཞེས་བྱ་བ་ནི་དད་པའི་ལས་ཏེ་བསྙེན་བཀུར་ཞེས་བྱ་བའི་ཐ་ཚིག་གོ། །སྣོད་དུ་བཙོས་པ་ཞེས་བྱ་བ་ནི་སྣོད་ནང་དུ་འབྲས་ཆན་

དང་ཚོད་མའོ། །ཟས་ཀྱི་ཚོམ་བུ་ཚོམ་བུ་དག་ཅེས་བྱ་བ་ནི་འདྲིམ་སྒོའི་ཟས་ཀྱི་སྤྱི་བུངས་ཏེ་བཟླས་པའི་ཕྱིར་ལན་གཉིས་སུ་སྨོས་སོ། །ཟས་ཀྱི་གྲལ་ཞེས་བྱ་བ་ནི་བཀད་པའི་གྲལ་ལོ། །དགའ་བར་མ་བྱེད་ཅིག་ཅེས་བྱ་བ་ནི་འདོད་པར་མ་བྱེད་ཅིག་ཅེས་པའོ། །གསོད་པ་ཞེས་བྱ་བ་ནི་ཆུད་ཟ་བའོ། །

ཟིལ་གྱིས་གནོན་པ་ཞེས་བྱ་བ་ནི་སྨད་པ་ལ་སོགས་པའི་མི་གུས་པའོ། །ཆུ་ཤིང་གི་གསོད་པ་ནི་སྐམ་པའོ། །ཟིལ་གྱིས་གནོན་པ་ཞེས་བྱ་བ་ནི་འབྲུལ་བ་ལ་སོགས་པའོ། །འོད་མ་དང་འདམ་བུ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དྲེའུ་མོ་ཞེས་བྱ་བ་ནི་དྲེ་མོའོ། །དེའི་གསོད་པ་ནི་འཆི་བའོ། །ཟིལ་གྱིས་

Vol. 157 · folio 104a

གནོན་པ་ནི་ལྟོ་འདྲལ་བའོ། །རྙེད་པ་དང་བཀུར་སྟི་ཟིལ་གྱིས་མནན་པར་བྱ་ཞིང་ཞེས་བྱ་བ་ནི་ཡོངས་སུ་སྤང་བར་བྱ་ཞིང་ངོ་། །སེམས་ཡོངས་སུ་གཏུགས་ཤིང་གནས་པར་མི་བྱ་བ་ནི་སྲེད་པ་སྐྱེད་པར་མི་བྱ་བའི་ཐ་ཚིག་གོ། །བྱིས་པ་ཞེས་བྱ་བ་ནི་རྨོངས་པའོ། །ཇི་ཙམ་ཞེས་བྱ་བ་

ནི་མཐའ་བསྟན་པའོ། །གྲགས་པར་གྱུར་པ་ཞེས་བྱ་བ་ནི་བཀུར་སྟི་བྱས་པའོ། །དཀར་ཆ་ཞེས་བྱ་བ་ནི་དགེ་བའི་ཕྱོགས་སོ། །རྩེ་མོ་ལས་ཀྱང་ལྟུང་བར་འགྱུར་བ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་རྩེ་མོ་ཞེས་བྱ་བ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ་ཞེས་བྱ་

བའི་ཐ་ཚིག་གོ། །རྒན་པོ་ཞེས་བྱ་བ་ནི་རྒན་པའི་གནས་སྐབས་སུ་གྱུར་པའོ། །རྒས་པ་ཞེས་བྱ་བ་ནི་ལུས་རྒས་པའི་མཐར་ཐུག་པའོ། །དགོག་ཏུ་གྱུར་པ་ཞེས་བྱ་བ་ནི་ལུས་ལྕི་བའོ། །ཡོངས་སུ་དྲང་བར་བྱ་ཞེས་བྱ་བ་ནི་རྗེས་སུ་བསྟན་པར་བྱ་བའོ། །སེམས་བསྐྱེད་མ་ཐག་ཏུ་ཞེས་བྱ་བ་

ནི་སེམས་བསྐྱེད་པའི་མོད་ལའོ། །ཡོངས་སུ་ཉམས་པར་གྱུར་ཅེས་བྱ་བ་ནི་བསོད་ནམས་ཟད་པས་རྒྱུད་ལ་རྫུ་འཕྲུལ་གྱི་རྒྱུན་ཉམས་ཞེས་བྱ་བའི་ཐ་ཚིག་གོ། །ཚངས་པའི་གནས་པ་བཞི་པོ་དག་ཅེས་བྱ་བ་ནི་བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་སྟེ། བཅོམ་ལྡན་འདས་ཚངས་པར་གྱུར་པ་

དེ་དག་གིས་གནས་པའི་ཕྱིར་རོ། །འདོད་པ་ལ་འདུན་པ་ཞེས་བྱ་བ་ནི་འདོད་ཆགས་སོ། །དེས་མང་དུ་གནས་པས་ཞེས་བྱ་བ་ནི་འདོད་པ་ལ་འདུན་པ་སྤངས་པ་དེས་གནས་པ་སྟེ། དེ་ལས་ཡོངས་སུ་མི་ཉམས་ཞེས་བྱ་བའི་ཐ་ཚིག་གོ། །ངན་སྤོང་གི་བུ་དག་ཅེས་བྱ་བ་ནི་དྲང་སྲོང་ངན་སྤོང་གི་རྒྱུད་ཀྱི་མི་

དག་གནས་པའི་ཡུལ་ལོ། །ཆུ་སྲིན་བྱིས་པ་གསོད་ཀྱི་རི་ཞེས་བྱ་བ་ནི་རིའི་མིང་སྟེ་དེའི་ཉེ་འཁོར་ན་སྲོག་ཆགས་ཆུ་སྲིན་བྱིས་པ་གསོད་ཅེས་བྱ་བ་དག་གནས་པའི་ཕྱིར་རོ། །འཇིགས་སུ་རུང་གི་ཚལ་ཞེས་བྱ་བ་ནི་ནགས་ཚལ་གྱི་མིང་སྟེ། གནོད་སྦྱིན་མོ་འཇིགས་སུ་རུང་བ་དག་དེ་ན་གནས་པའི་ཕྱིར་རོ། །

མཽད་གལ་གྱི་བུ་ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་དྲི་བའི་ཚིག་སྟེ་ཁྱོད་ཀྱིས་ཆེས་སྔར་རིག་གོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ལ་སེམས་ཀྱིས་ཁྱབ་པར་བྱ་སྟེ་ཞེས་བྱ་བ་ནི་ལྷས་བྱིན་གྱི་སེམས་ལ་བདག་གི་ཕ་རོལ་གྱི་སེམས་ཤེས་པས་དམིགས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །ཚིག་སྲུངས་ཤིག་

Vol. 157 · folio 104b

ཅེས་བྱ་བ་ནི་ཀུན་ནས་མནར་སེམས་དང་ཁྲོ་བ་ལ་སོགས་པའི་ཉེས་པ་བཅད་པའི་ཕྱིར་རོ། །དེས་པ་དེས་པ་དག་ཅེས་བྱ་བ་ནི་འདོད་པ་ཆུང་བ་སྟེ། བཟང་པོ་ཞེས་བྱ་བའི་ཐ་ཚིག་གོ། །རོ་དང་འདྲ་བ་ཞེས་བྱ་བ་ནི་སྙིང་པོ་མེད་པ་སྟེ། ཟག་པ་མེད་པའི་ཡོན་ཏན་མེད་པའི་ཕྱིར་རོ། །ཀུན་ནས་མནར་སེམས་ཞེས་བྱ་བ་

ནི་ཞེ་སྡང་ངོ་། །མི་བཟོད་པ་ཞེས་བྱ་བ་ནི་མི་འདོད་པའོ། །ཡིད་མི་ཆེས་ཞེས་བྱ་བ་ནི་མ་དད་པའོ། །སྡོད་ཅིག་ཅེས་བྱ་བ་ནི་སྤྱོ་བའི་ཚིག་གོ། །ཀུན་དགའ་བོ་སོང་ལ་ཞེས་བྱ་བ་ལ་སོགས་པ་ལ། དགེ་འདུན་བྱེ་བར་གྱུར་ཏམ་འབྱེད་ཀྱང་དེ་བཞིན་གཤེགས་པ་ལ་ཞུམ་པ་དང་སྲུང་བར་བཞེད་པ་མི་མངའ་སྟེ།

མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་དག་ལ་རྟག་ཏུ་གནས་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་རོ། །དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགེ་སློང་དག་ལྔ་པོ་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་ལ་ཀུན་ནས་ཉོན་མོངས་པ་མེད་དེ་ཞེས་བྱ་བ་ནི་ཚུལ་ཁྲིམས་

འཆལ་པ་དང་ཉོན་མོངས་པ་དག་གིས་མ་ཉམས་པ་སྟེ་དེ་ནི་ཡོངས་སུ་དག་པ་ཉིད་ཀྱི་རྒྱུ་བསྟན་པའོ། །ལྷན་ཅིག་འགྲོགས་པའི་རྒྱུས་ཞེས་བྱ་བ་ནི་ལྷན་ཅིག་ན་འདུག་འདུག་པའི་རྒྱུས་སོ། །སེམས་པར་བྱེད་དོ་ཞེས་བྱ་བ་ནི་རྣམ་པར་ལྟ་བར་བྱེད་པའོ། །རེ་བར་བྱེད་དེ་ཞེས་བྱ་བ་ནི་འདོད་པར་བྱེད་

པའོ། །འཚོ་བར་བྱེད་དེ་ཞེས་བྱ་བ་ནི་ཆོས་གོས་ལ་སོགས་པ་བསྒྲུབ་པའོ། །ཤེས་པ་ཞེས་བྱ་བ་ནི་ལྷའི་མིག་གིས་ཤེས་པ་ལ་སོགས་པའོ། །བརྡ་སྤྲོད་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་དངོས་པོ་བདེན་པ་བརྡ་སྤྲོད་པའོ། །ཆོས་འདུལ་བ་ལེགས་པར་གསུངས་པ་ཞེས་བྱ་བ་ནི་ཐར་པའི་ལམ་

བདེན་པ་སྟོན་པའོ། །ཚར་གཅད་ཅིང་ཚར་གཅད་ཅིང་ཞེས་བྱ་བ་ལ་སོགས་པ་ནི་འདི་སྐད་བསྟན་ཏེ། ཇི་ལྟར་འཇིག་རྟེན་པའི་སྟོན་པ་ལྔ་པོ་དེ་དག་ནི་ཉན་ཐོས་རྣམས་ལས་དངོས་པོ་ལྔ་རེ་བར་བྱེད་པས་ཉན་ཐོས་རྣམས་ལ་སེམས་ཞུམ་པས་ལྟོས་པ་དང་བཅས་པར་གནས་ཀྱི་ང་ལ་ནི་དེ་ལྟ་བུ་

མེད་པས་དེའི་ཕྱིར་ང་ནི་སྙིང་རྗེ་དང་རེ་བ་མེད་པའི་ཕྱིར་ཚར་གཅད་ཅིང་ཞེས་བྱ་བ་ཐག་བཅད་ཅིང་ཐག་བཅད་ཅིང་ཁྱེད་ཅག་ལ་འདོམ་པར་བྱེད། ཟིལ་གྱིས་མནན་ཅིང་ཟིལ་གྱིས་མནན་ཅིང་ཞེས་བྱ་བ་སྤ་བཀོང་ཞིང་ཁྱེད་ལ་འདོམ་པར་བྱེད་དོ། །ཁྱོད་ལ་དབྱིག་ཏུ་མི་འཛིན་ཅིང་ཞེས་བྱ་བ་ནི་ཀུན་ཏུ་བསྲུང་བའི་

Vol. 157 · folio 105a

བློས་འཛིན་པར་མི་བྱེད་པ་སྟེ། དཔེར་ན་རྫ་མཁན་གྱི་སྣོད་སོ་མ་བཏང་བ་དག་ནི་སྙིང་པོ་མེད་པ་དང་། སྤྱད་མི་བཟོད་པའི་ཕྱིར་དེ་དག་ལས་གང་སྙིང་པོ་ཡོད་པ་དེ་འཇོག་པར་བྱེད་པ་བཞིན་དུ་ཁྱེད་ཅག་ལས་ཀྱང་གང་སྣོད་དུ་རུང་བར་འགྱུར་བའི་སྙིང་པོ་ཡོད་པ་དེ་འཇོག་པར་བྱེད་

དོ། །མདོར་བསྡུ་ན་ང་དོན་དུ་གཉེར་བ་དང་བཅས་པ་ཉིད་ན་ངའི་ཚིག་གི་ལམ་ཕན་པ་སྟོན་པ་དག་ལ་བཟོད་པར་གྱིས་ཤིག །ང་དོན་དུ་མི་གཉེར་བ་ཉིད་ཡིན་ན་ཅི་དགར་དེངས་ཤིག །ང་ནི་ཅུང་ཟད་ཙམ་དང་ཇི་ལྟར་ཡང་དོན་དུ་གཉེར་བར་བྱེད་དོ་ཞེས་བསྟན་ཏོ། །འཁོར་ལོ་ཡང་དབྱེ་བར་བྱ་སྟེ་

ཞེས་བྱ་བ་ནི་འཕགས་པའི་ལམ་དབྱེ་བའོ། །སྙན་པའི་སྒྲ་ཚོགས་རྒྱ་ཆེན་པོ་དགེ་བ་ཞེས་བྱ་བ་ལ་སྙན་པའི་སྒྲའི་ཚོགས་ཞེས་བྱ་བ་ནི་སྙན་ཚིག་དག་གི་ཚོགས་སོ། །རྒྱ་ཆེན་པོ་ཞེས་བྱ་བ་ནི་མང་པོའོ། །དགེ་བ་ཞེས་བྱ་བ་ནི་བསྔགས་པའོ། །འཕགས་པ་ཉིད་ཅེས་བྱ་བ་ནི་ཉེ་བར་འོང་བར་བྱེད་

པའོ། །དྲ་བ་ཞེས་བྱ་བ་ནི་ལྷུང་བཟེད་གཞུག་པའོ། །ཕོར་བུ་ཞེས་བྱ་བ་ནི་སྐོམ་གྱི་སྣོད་དོ། །བསྙེན་བཀུར་ཞེས་བྱ་བ་ནི་བསྡུ་བའོ། །སློང་མོ་ཞེས་བྱ་བ་ནི་གསོ་བའོ། །བརྟུལ་བ་ཞེས་བྱ་བ་ནི་བརྩལ་བའོ། །བཞམས་ཏེ་ཞེས་བྱ་བ་ནི་ཚིག་འཇམ་པོས་ཏེ་སྡུམས་བྱེད་པའི་ཕྱིར་རོ། །བསྒོ་བ་ཞེས་

བྱ་བ་ནི་གོ་བར་བྱེད་པ་སྟེ་བཟློག་པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ། །མཐུན་པ་ཞེས་བྱ་བ་ནི་བྱ་བ་གཅིག་པ་སྟེ་ལམ་དུ་ཞུགས་པ་དབྱེ་བའི་ཕྱིར་ཞེས་བྱ་བ་ནི་དབྱེན་བྱ་བའི་ཕྱིར་རོ། །བརྟུལ་བར་མ་བྱེད་ཅིག་ཅེས་བྱ་བ་ནི་རྩོལ་བར་མ་བྱེད་ཅིག་ཅེས་བྱ་བའོ། །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཞེས་

བྱ་བ་ནི་དབྱེན་བྱེད་པར་འགྱུར་བའི་རྒྱུའི་རྩོད་པའོ། །ཡང་དག་པར་བླངས་ནས་ཞེས་བྱ་བ་ནི་དེ་ལ་དམིགས་ནས་སོ། །རབ་ཏུ་བཟུང་སྟེ་ཞེས་བྱ་བ་ནི་དམ་དུ་བཟུང་སྟེ་ཞེས་བྱ་བའི་ཐ་ཚིག་གོ། །མཐུན་པར་གྱིས་ཤིག་ཅེས་བྱ་བ་ནི་འདུམ་པར་གྱིས་ཤིག་ཅེས་བྱ་བའོ། །ཅིའི་ཕྱིར་མཐུན་པར་བྱ་ཞེ་ན།

དེའི་ཕྱིར་དགེ་འདུན་བསྡུ་བ་ཞེས་བྱ་བ་ལ་སོགས་པ་ནས་བདེ་བ་ལ་རེག་པར་འགྱུར་གྱི་ཞེས་བྱ་བའི་བར་གྱིས་དེའི་དགོས་པ་བསྟན་པ་སྟེ། གང་གི་ཕྱིར་དགེ་འདུན་མཐུན་ན་བདེ་བ་ལ་རེག་པར་གནས་པར་འགྱུར་བ་དེའི་ཕྱིར་དགེ་འདུན་དང་མཐུན་པར་གྱིས་ཤིག །ཅེས་བྱ་བའི་ཐ་ཚིག་གོ། །མཐུན་ཞེས་

Vol. 157 · folio 105b

བྱ་བ་ནི་བྱ་བ་གཅིག་པའམ་ལམ་གཅིག་པ་སྟེ། ལམ་གཅིག་ཏུ་ཞུགས་པའི་ཕྱིར་རོ་ཞེས་སྔར་བསྟན་པ་ཡིན་ནོ། །མི་ཕྱེད་ཅེས་བྱ་བ་ནི་འདྲེས་པ་སྟེ་བར་དུ་ཆོད་པ་མེད་པའོ། །ཀུན་དགའ་ཞེས་བྱ་བ་ནི་ཕན་ཚུན་ཡོན་ཏན་བརྗོད་པར་དགའ་བའོ། །མི་རྩོད་པ་ཞེས་བྱ་བ་ནི་རྩོད་པ་མ་བྱུང་བའོ། །མཆོག་

གཅིག་ཅེས་བྱ་བ་ནི་འབྲས་བུ་གཅིག་པ་སྟེ་མྱ་ངན་ལས་འདས་པའི་འབྲས་བུ་མཆོག་གཅིག་དང་ལྡན་པའི་ཕྱིར་རོ། །འདོན་པ་གཅིག་ཅེས་བྱ་བ་ནི་གསོ་སྦྱོང་མཐུན་པའོ། །ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ་ཞེས་བྱ་བ་ནི་དགག་དབྱེ་ལ་སོགས་པའི་ལས་མཐུན་པའི་ཕྱིར་རོ། །སྟོན་པའི་

བསྟན་པ་གསལ་བར་བྱེད་ན་ཞེས་བྱ་བ་ནི་རབ་ཏུ་སྟོན་པར་བྱེད་ནའོ། །བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའོ། །ནན་གྱིས་མཆོག་ཏུ་བཟུང་ཞིང་ཞེས་བྱ་བ་ནི་མཐུ་ཇི་ལྟ་བས་དམིགས་ཤིང་ངོ་། །མངོན་པར་ཞེན་ནས་ཞེས་བྱ་བ་ནི་དམ་

དུ་བཟུང་ནས་སོ། །བདེན་གྱིས་ཞེས་བྱ་བ་ནི་མ་ནོར་གྱིས་ཞེས་བྱ་བའོ། །བརྫུན་པའོ་ཞེས་བྱ་བ་ནི་འབྲས་བུ་མེད་པའོ། །མི་མཐུན་པར་སྨྲ་བ་ཞེས་བྱ་བ་ནི་གཞུང་ལུགས་ཐ་དད་པར་སྨྲ་བའོ། །ཆོས་སྨྲ་བ་ཞེས་བྱ་བ་ནི་རིགས་པ་སྨྲ་བའོ། །འདུལ་བ་སྨྲ་བ་ཞེས་བྱ་བ་ནི་ལུང་གི་རྗེས་སུ་འབྲང་བའོ། །

འདོད་ཅིང་ཞེས་བྱ་བ་ནི་ཡིད་དང་མཐུན་པའི་སྒོ་ནས་སོ། །བཟོད་པ་ཞེས་བྱ་བ་ནི་རིགས་པས་རྟོགས་པའི་སྒོ་ནས་སོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་ཞེས་བྱ་བ་ལ་སོགས་པ་ལ། ཅུང་ཟད་ཇི་ཙམ་དུ་དགེ་འདུན་མཐུན་པའི་དབྱེ་བའི་རྟུལ་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ་ཞེས་

བྱ་བ་ནི་ཅུང་ཟད་ཅིག་རྟུལ་བར་བྱེད་ན་ཡང་དེ་ལ་སྦྱོར་བའི་སྦྱོར་བ་ཡོད་པས་ཉེས་བྱས་སུ་འགྱུར་རོ། །བཞམས་ཏེ་བསྒོ་བ་ན་གཞི་དེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ནི་གང་ཟག་གི་ཚིག་གིས་བཞམས་ཏེ་ཕྱིར་བཟློག་པ་ན་མི་གཏོང་ན་ཡང་ཉེས་པ་སྦོམ་པོར་འགྱུར་བ་སྟེ། དགེ་

འདུན་གྱིས་བསྒོ་བ་ལས་འདས་ན་དངོས་གཞིར་འགྱུར་བའི་ཕྱིར་གང་ཟག་གིས་བསྒོ་བ་ནི་དགེ་འདུན་གྱིས་བསྒོ་བ་ལ་འཇུག་པ་ཉིད་ཡིན་པས་སྦྱོར་བ་ཡིན་པའི་ཕྱིར་རོ། །གསོལ་བ་དང་ལས་བརྗོད་པ་གཉིས་པ་ལ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་ཏེ། དགེ་འདུན་གྱིས་བསྒོ་བ་ལས་འདས་པ་

Vol. 157 · folio 106a

དེས་སྦྱོར་བ་ཡིན་པའི་ཕྱིར་རོ། །ལས་བརྗོད་པ་གསུམ་པ་བྱས་ན་མི་གཏོང་ན་དངོས་གཞིའི་དུས་ཡིན་པའི་ཕྱིར་དགེ་འདུན་ལྷག་མར་འགྱུར་རོ། །ཅི་བྱེ་བྲག་མེད་པར་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་རྫོགས་པར་བརྗོད་པ་ན་གལ་ཏེ་མཐུན་པ་དང་ཆོས་མ་ཡིན་

པས་བསྒོ་བར་བྱེད་ན་ལྟུང་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་མ་ཡིན་པ་ཞེས་བྱ་བ་ནི་དགེ་འདུན་མ་ཚང་བ་དང་། ལས་བྱེད་པ་དགེ་སློང་ཉིད་མ་ཡིན་པ་དང་། ལས་ཉམས་པ་དང་། ཉན་པ་པོ་རྣམས་ཀྱིས་མ་གོ་བ་ལ་སོགས་པའོ། །མི་མཐུན་པ་ཞེས་བྱ་བ་ནི་ཁ་སྐོང་བར་བྱེད་པ་

དག་མ་ཞུགས་པ་དང་། འདུན་པ་མ་བླངས་པ་ཉིད་དང་། འཇོག་པར་བྱེད་པ་ལ་སོགས་པའོ། །ཆོས་ལྟར་བཅོས་པ་ཞེས་བྱ་བ་ནི་འཁྲུལ་པས་ཆོས་ལྟར་སྣང་བར་ཟད་ཀྱི་དངོས་སུ་ཆོས་མ་ཡིན་པ་ཉིད་དོ། །ལྟུང་བ་མེད་དོ་ཞེས་བྱ་བ་ནི་དགེ་འདུན་ལྷག་མ་མེད་པར་ཟད་ཀྱི་དགེ་འདུན་གྱིས་ཟློག་

པ་ཉིད་ཀྱི་སྦྱོར་བ་ལ་ནི་ཉེས་བྱས་ལ། མཐར་ནི་སྦོམ་པོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཇི་ལྟ་བ་ཞེས་བྱ་བ་ནི་བསྒོ་བར་འོས་པ་ཉིད་ཞིང་ཡིན་པའོ། །འདུལ་བ་ཇི་ལྟ་བ་ཞེས་བྱ་བ་ནི་ལས་མ་ཉམས་པའོ། །སྟོན་པའི་བསྟན་པ་ཇི་ལྟ་བ་ཞེས་བྱ་བ་ནི་འདུན་པ་བླངས་པ་ལ་སོགས་པའི་བྱ་བའོ། །ཆོས་

ཉིད་དང་མཐུན་པ་ཉིད་གཉིས་མེད་ན་དགེ་འདུན་གྱིས་བསྒོ་བ་ཉིད་ཡིན་ཡང་ལྟུང་བ་མེད་པ་ཞེས་བྱ་བའོ། །གལ་ཏེ་དེ་སྐད་བརྗོད་ན་ལེགས་ཞེས་བྱ་བ་ནི་མཐོལ་བའི་ཕྱིར་འཆབ་པའི་ཉེས་པ་མི་འབྱུང་བ་ལ་དགོངས་སོ། །ཇི་ཙམ་དུ་གཞི་དེས་ཞེས་བྱ་བ་ནི་བསྒོ་བ་ལས་བྱུང་བའི་དགེ་འདུན་ལྷག་མས་

སོ། །མ་བཤགས་ཤིང་ཞེས་བྱ་བ་ནི་ལྷན་ཅིག་གོ། །སོ་སོར་མ་བཤགས་པ་ཞེས་བྱ་བ་ནི་ལན་གཉིས་ལན་གསུམ་དུའོ། །ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་དགེ་འདུན་མི་མཐུན་པ་ཡིན་པས་དེ་དགེ་འདུན་དང་ལྷན་ཅིག་འདུ་བ་ལ་འགལ་བ་ལས་དགོངས་སོ། །ཁ་ཅིག་ན་རེ་གསོ་སྦྱོང་དང་

དགག་དབྱེ་དག་ནི་མྱོང་བར་བྱར་རུང་ངོ་ཞེས་ཟེར་བ་དེ་ཡང་མི་རིགས་ཏེ་མི་མཐུན་པ་ཡིན་ན་ཚུལ་མ་ཡིན་པ་ཉིད་དུ་འདྲ་བའི་ཕྱིར་རོ། །དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མ་སྟེ་བཅུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཅུང་ཟད་ཇི་ཙམ་དུ་ཞེས་བྱ་བ་ལ་སོགས་པས་ནི་དགེ་སློང་གིས་བརྡས་

Vol. 157 · folio 106b

སམ། ངེས་པས་སམ། མངག་པས་སམ། བློ་མཐུན་པར་བྱས་པས་ཇི་ཙམ་ཅུང་ཟད་དུ་དགེ་འདུན་མཐུན་པ་དེ་དབྱེ་བའི་ཕྱིར་རྟུལ་བར་བྱེད་ཅིང་དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་འདུག་པ་དེའི་གྲོགས་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ་ཞེས་བསྟན་ཏོ། །

རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མ་སྟེ་བཅུ་གཅིག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཁྱིམ་སུན་འབྱིན་པ་ཞེས་བྱ་བ་ནི་ཁྱིམ་རྣམས་མ་དད་པར་བྱེད་པའོ། །སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ཞེས་བྱ་བ་ནི་ཁྱིམ་སུན་འབྱིན་པ་ཉིད་ཀྱི་རྒྱུ་ཡིན་ནོ། །སྣོད་གཅིག་ཏུ་ཟ་བར་བྱེད་ཅེས་བྱ་བ་

ནི་སྣོད་ཆེན་པོ་གཅིག་གམ་གྱོ་མོའི་སྣོད་གཅིག་ཏུ་ཞེས་བྱ་བའི་ཐ་ཚིག་གོ། །མེ་ཏོག་རྣ་རྒྱན་ཞེས་བྱ་བ་ནི་མེ་ཏོག་གི་ཐོད་དོ། །ངོ་སོ་ལས་བྱུང་བ་ཞེས་བྱ་བ་ནི་ངོ་འཕྲད་དེ་བྱ་དགའ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུག་པར་བྱེད་ཅེས་བྱ་བ་ནི་མྱུར་དུ་འགྲོ་བར་བྱེད་པའོ། །མཆོང་བར་བྱེད་ཅེས་བྱ་བ་ནི་ཐད་ཀར་རོ། །

རབ་ཏུ་མཆོང་བར་བྱེད་ཅེས་བྱ་བ་ནི་གྱེན་དུའོ། །བརླ་སྐོར་བར་བྱེད་ཅེས་བྱ་བ་ནི་བརླ་གཅིག་གིས་སྐོར་བར་བྱེད་པའོ། །ལག་པ་སྐོར་བར་བྱེད་ཅེས་བྱ་བ་ནི་ལག་པ་གཅིག་གིས་སྐོར་བར་བྱེད་པའོ། །ཉ་ལྟར་སྐོར་བར་བྱེད་ཅེས་བྱ་བ་ནི་ཉ་འཕར་བ་ལྟར་འགྱུར་བར་བྱེད་པའོ། །འཕྱོ་བ་འཕེན་པར་བྱེད་

ཅེས་བྱ་བ་ནི་ཆུའི་སྟེང་དུ་གྱོ་དུམ་དང་གསེག་མ་ལ་སོགས་པ་འཕྱོ་བར་བྱེད་པ་འཕེན་པའོ། །ཐི་བ་ཞེས་བྱ་བ་ནི་བྱ་ཐི་བའོ། །འུར་བ་ཞེས་བྱ་བ་ནི་བྱ་འུར་བ་སྟེ། བྱ་ལ་པ་ཀ་ཞེས་བྱ་བ་ཡིན་ནོ། །སྤྱོད་ཚུལ་ཞེས་བྱ་བ་ནི་ཆ་ལུགས་སོ། །སྤྱོད་པ་ཞེས་བྱ་བ་ནི་བྱ་བའོ། །ལོག་པར་བསྒྲུབ་པ་ཞེས་བྱ་བ་

ནི་བསླབ་པ་འཁྲུགས་པའོ་ཡིད་མི་དགའ་ཞིང་ཞེས་བྱ་བ་ནི་ཡི་ཆད་ཅིང་ངོ་། །ཞེ་ལྕི་བར་གྱུར་ནས་ཞེས་བྱ་བ་ནི་མི་ཕྱོགས་པར་གྱུར་ནས་སོ། །ཀུན་དགའ་བོ་ཁྱོད་དགེ་སློང་གནས་བརྟན་གནས་བརྟན་རྣམས་དང་ལྷན་ཅིག་རེ་ལྡེ་རི་ལ་སོང་ལ་ཞེས་བྱ་བ་ནི་དགེ་སློང་གནས་བརྟན་དག་གཙོ་བོ་ཡིན་པའི་

ཕྱིར་འཕགས་པ་ཀུན་དགའ་བོ་ལ་སྐུར་པ་འདེབས་པ་དགག་པའི་ཆེད་དུ་དེ་དག་དང་ལྷན་ཅིག་སོང་ལ་ཞེས་བྱ་བ་བཀའ་སྩལ་ཏོ། །བསྐྲད་པའི་ལས་ཞེས་བྱ་བ་ནི་གནས་མེད་པར་བྱ་བ་དང་། མཐུན་པ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སློང་གླེང་བ་པོ་བསྐོ་བར་བྱ་སྟེ་ཞེས་བྱ་བ་ནི་དེ་ན་གླེང་བ་པོ་གཞན་འགའ་

Vol. 157 · folio 107a

ཡང་མེད་པའི་ཕྱིར་རོ། །འགྲོ་མགྱོགས་དང་ནབས་སོ་གཉིས་གཙོ་བོ་ཡིན་པའི་ཕྱིར་ཏེ། བཟློག་དཀའ་བ་དེ་གཉིས་བཟློག་ན་དགེ་སློང་དམར་སེར་ཅན་གཞན་དག་ཀྱང་བཟློག་པར་འགྱུར་བའི་ཕྱིར་རོ། །མ་གུས་པ་དེ་གཉིས་ཀྱིས་ཞེས་བྱ་བ་ནི་མ་གུས་པའི་ཕྱིར་དང་། ཉེས་པ་ཤེས་པའི་

ཕྱིར་བསྐྲད་པའི་ལས་བྱས་པ་ཁོ་ན་ཡིན་གྱི་མཐུན་པ་སྦྱིན་དུ་གཞུག་པ་དང་། སྐབས་འབྱེད་དུ་གཞུག་པ་དང་། ཉེས་པ་སྟོན་དུ་གཞུག་པ་ལ་ནི་འབད་པར་བྱ་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཀྱི་རྣམ་པར་རྟོག་པ་སྣ་ཚོགས་ཞེས་བྱ་བ་ནི་སེམས་ཀྱི་རྣམ་པར་རྟོག་པ་མང་པོ་སྟེ། འདོད་ཆགས་ལ་

སོགས་པ་རྣམ་པར་རྟོག་པ་དག་གོ། །དགེ་འདུན་གྱི་བྱ་བ་ཞེས་བྱ་བ་ནི་ཁྲིམས་སུ་བྱ་བའོ། །ཀུན་དུ་སྤྱད་པ་ཞེས་བྱ་བ་ནི་ལུས་ཀྱིས་སོ། །སྨྲས་པ་ཞེས་བྱ་བ་ནི་ངག་གིས་སོ། །བརྟུལ་བ་ཞེས་བྱ་བ་ནི་མངག་པ་ལ་སོགས་པའི་སྦྱོར་བས་སོ། །ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཚིག་

གི་ལམ་ཞེས་བྱ་བ་ནི་ཚིག་འབྱུང་བའོ། །ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མ་སྟེ། བཅུ་གཉིས་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།དོན་འདོད་པ་ཞེས་བྱ་བ་ནི་འཇིག་རྟེན་འདི་ལ་ཁ་ན་མ་ཐོ་བ་མེད་པ་ཉིད་ཀྱི་དོན་འདོད་པའོ། །ཕན་པར་འདོད་པ་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ཏུ་

ལྷ་དང་མིའི་བདེ་བ་འདོད་པའོ། །བདེ་བ་འདོད་པ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བའི་བདེ་བ་འདོད་པའོ། །བདེ་བ་ལ་རེག་པར་འདོད་པས་ཞེས་བྱ་བ་ནི་རྣམ་པར་འཁྲུག་པ་མེད་པ་ཉིད་འདོད་པའོ། །གྲུབ་པ་དང་བདེ་བ་འདོད་པ་རྣམས་ཀྱིས་ཞེས་བྱ་བ་ནི་ཐར་པ་འདོད་པ་རྣམས་ཀྱིས་སོ། །གླེང་

བར་བྱེད་ཅེས་བྱ་བ་ནི་ཉེས་པ་བརྗོད་པས་སོ། །དྲན་པར་བྱེད་ཅེས་བྱ་བ་ནི་ཡུལ་དང་། དུས་དང་བྱ་བ་དང་གྲོགས་བརྗོད་པས་སོ། །འཐུར་ཞིང་ཞེས་བྱ་བ་ནི་འཁྲུགས་ཤིང་ངོ་། །གཅིག་ཏུ་ལྟུང་ཞིང་གཅིག་ཏུ་འདུག་པ་ཞེས་བྱ་བ་ནི་ཕུང་པོར་བྱེད་པ་ལ་སོགས་པའོ། །ཁོ་བོའི་འཕགས་པས་ཞེས་བྱ་

བ་ནི་ཉེ་དུས་སོ། །འདོན་པར་གཏོགས་པ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་འདོན་པ་རྣམ་པ་བཞི་པོ་དག་ཏུ་གཏོགས་པའོ། །བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་རིལ་གྱིས་གདོན་པར་གཏོགས་པ་རྣམས་ཀྱིས་སོ། །ཚིག་དེ་གཉི་ག་སྨོས་པ་ནི་

Vol. 157 · folio 107b

འདོན་པའི་དུས་ན་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བྱེད་པ་དང་དུས་གཞན་གྱི་ཚེ་ཡང་དག་པར་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་བྱེད་པའི་ཉེས་པ་བསྟན་པའི་ཕྱིར་རོ། །ཆོས་དང་མཐུན་པ་ཞེས་བྱ་བ་ནི་ཆོས་ཀྱི་རྗེས་སུ་འགྲོ་བའོ། །འདུལ་བ་དང་མཐུན་པ་ཞེས་བྱ་བ་ནི་ཡང་འདུལ་བའི་རྗེས་སུ་འགྲོ་བར་

རོ། །བརྗོད་པར་བྱ་བ་མ་ཡིན་པ་ཞེས་བྱ་བ་ནི་གླེང་བར་བྱ་བ་མ་ཡིན་པའོ། །བརྗོད་པར་བྱ་བ་ཉིད་དུ་བྱེད་པའི་ཕན་ཡོན་གང་ཡིན་ཞེ་ན་དེ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཅིག་ལ་གཅིག་རྗོད་པར་བྱེད་པ་ཉིད་དུ་བྱེད་པ་ཞེས་བྱ་བ་ནི་གཅིག་ལ་གཅིག་གླེང་བར་བྱ་བ་ཉིད་དུ་བྱེད་པའོ། །

གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་ཞེས་བྱ་བ་ནི་གཅིག་ལ་གཅིག་གིས་སློབ་པའོ། །གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་ཅེས་བྱ་བ་ནི་གཅིག་གིས་གཅིག་གི་ལྟུང་བ་སྦྱང་བའོ། །འཁོར་འདི་ཞེས་བྱ་བ་ནི་དགེ་འདུན་ནོ། །འཕེལ་བར་འགྱུར་གྱིས་ཞེས་བྱ་བ་ནི་སྔོན་ཆད་དོ། །བརྗོད་

པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་ཞེས་བྱ་བ་ནི་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་བྱ་བའོ། །བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་པ་ཞེས་བྱ་བ་ལ། བཀའ་བློ་མི་བདེ་བ་ཞེས་བྱ་བ་ནི་ཚིག་སྐྱོན་ཆགས་ཤིང་འབྲས་བུ་མེད་པའོ། །དེའི་རྣམ་པ་ནི་དེའི་རང་བཞིན་ནོ། །གང་ཟག་གང་

ལ་དེ་ཡོད་པ་དེ་ནི་བཀའ་བློ་མི་བདེ་བའི་རང་བཞིན་ཅན་ཏེ། གུས་པར་མི་ཉན་ཅིང་འགོག་པར་བྱེད་པའོ། །རྗེས་སུ་མཐུན་པ་ཞེས་བྱ་བ་ནི་མཐུན་པར་བྱེད་པ་སྟེ་འཕྲོད་པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ། །རྗེས་སུ་མཉན་པར་བྱ་བ་ཞེས་བྱ་བ་ནི་མཉན་པར་འོས་པ་སྟེ་ཁས་བླང་བར་བྱ་བ་ཞེས་བྱ་བའི་ཐ་ཚིག་

གོ། །ཚུལ་དང་མཐུན་པ་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་ཚུལ་དང་མཐུན་པའོ། །དྲང་པོར་འཇུག་པ་ཞེས་བྱ་བ་ནི་མཐུན་པར་བསྒྲུབ་པའོ། །འགྲུས་སྐྱོང་གི་ཡན་ལག་གི་ཚོགས་དག་ཅེས་བྱ་བ་ལ། འགྲུས་སྐྱོང་ཞེས་བྱ་བ་ནི་བརྩོན་འགྲུས་བརྩམས་པའོ། །ཡན་ལག་གི་ཚོགས་ཞེས་བྱ་བ་ནི་ཡང་

དག་པའི་ལྟ་བ་ལ་སོགས་པ་ལམ་གྱི་ཡན་ལག་རྣམས་གསོ་བར་བྱེད་པའོ། །ཀུན་ཏུ་འགོག་པ་ཞེས་བྱ་བ་ནི་རྣམ་པར་གནོན་པའོ། །མི་འཛིན་པ་ཞེས་བྱ་བ་ནི་གཏོང་བའོ། །མི་བྱ་ཞེས་བྱ་བ་ནི་རྗེས་སུ་བསྒྲུབ་པའོ། །མི་བྱེད་པ་ཞེས་བྱ་བ་ནི་ལས་དང་བྲལ་བའོ། །མཐུན་པར་འཛིན་པ་ཞེས་བྱ་བ་ནི་ལོག་

Vol. 157 · folio 108a

པར་བྱེད་པའོ། །བདེ་བར་གཤེགས་པའི་མདོ་ཞེས་བྱ་བ་ལུང་བཞི་པོ་དག་ཡིན་པར་དོགས་པ་བསལ་བའི་ཕྱིར། བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེས་ཉེ་བར་སྦྱར་བའི་མདོ་འམ་ཞེས་བྱ་བ་ནི་བདེ་བར་གཤེགས་པ་བཅོམ་ལྡན་

འདས་དེས་ཉེ་བར་སྦྱར་ཅིང་ཉེ་བར་བསྟན་པ་བསླབ་པའི་མདོ་སོ་སོ་ཐར་པའི་མདོ་སྡེ་གང་ཡིན་པ་དེ་ཉིད་འདིར་བདེ་བར་གཤེགས་པའི་མདོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་མདོ་ཡང་དག་པར་སྦྱོར་བའོ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོའི་རྣམ་པར་བཤད་པར་གྱུར་པ་འདུལ་བའི་སྡེ་སྣོད་

ཐམས་ཅད་དེ་དག་ཐམས་ཅད་ཀྱི་མདོ་དང་ཡང་དག་པར་སྦྱོར་བར་བྱེད་པའི་ཕྱིར་ཏེ། མདོས་དེ་དག་ཐམས་ཅད་འཕངས་པའི་ཕྱིར་རོ། །བཀའ་བློ་མི་བདེ་བ་ཉིད་དོ་ཞེས་བྱ་བ་བཀའ་བློ་མི་བདེ་བའི་ཚིག་གང་ལ་ཡོད་པ་དེ་བཀའ་བློ་མི་བདེ་བའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །སྨྲ་བ་ཞེས་བྱ་བ་ནི་བསྟོད་

པའོ། །རྣམ་པར་སྨྲ་བ་ཞེས་བྱ་བ་ནི་ཡང་དག་མ་ཡིན་པའི་ཡོན་ཏན་སྒྲོ་འདོགས་པའོ། །ཐོ་འཚམས་པར་མི་བགྱིད་དོ་ཞེས་བྱ་བ་ནི་བཤུང་བར་མི་བྱེད་པའོ། །བློ་རྣོ་བ་ཞེས་བྱ་བ་ནི་བློས་ཟིན་པའོ། །བརྟན་པ་ཞེས་བྱ་བ་ནི་བློ་མི་འགྱུར་བའོ། །སྦྱིན་པ་ཞེས་བྱ་བ་ནི་ནོར་འབུལ་བའོ། །མཆོད་པ་ཞེས་

བྱ་བ་ནི་མཆོད་ཡོན་དང་མེ་ཏོག་ལ་སོགས་པས་མཆོད་པའོ། །བསྙེན་བཀུར་ཞེས་བྱ་བ་ནི་ཕྱག་ལ་སོགས་པས་མཆོད་པའོ། །ཚིག་མི་བཅག་པ་ཞེས་བྱ་བ་ནི་འདའ་བར་མི་བྱེད་པའོ། །དེས་ཤིང་ཞེས་བྱ་བ་ནི་སྙན་པར་སྨྲ་བའོ། །འགྲོགས་ན་བདེ་བ་ཞེས་བྱ་བ་ནི་དགའ་བར་བྱེད་པའོ། །གྲོང་སྲུང་

ཞེས་བྱ་བ་ནི་གདོལ་པ་ལ་སོགས་པའོ། །གུས་པ་དང་བཅས་པ་ཞེས་བྱ་བ་ནི་ངོ་ཚ་ཤེས་པ་དང་བཅས་པའོ། །རྗེས་དང་བཅས་པ་ཞེས་བྱ་བ་ནི་བླ་མའི་འདུ་ཤེས་ཀྱིས་རྗེས་དང་བཅས་པ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་པ་དང་བཅས་པའི་དབང་དུ་འགྱུར་བ་ཞེས་བྱ་བ་ནི་ཁྲེལ་ཡོད་པ་དང་བཅས་པས་

དབང་སྒྱུར་བར་བྱེད་པའི་ཐ་ཚིག་གོ། །བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་སྟེ་བཅུ་གསུམ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་སློབ་དཔོན་དུལ་བའི་ལྷས་ཉེ་བར་སྦྱར་བ་ལས་དགེ་འདུན་ལྷག་མ་རྣམས་ཀྱི་ཚིག་རྣམ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words