འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ

Sanskrit title (Tibetan script, as in the text) བི་ན་ཡ་བི་བྷཾ་ག་པ་ད་བྱཱ་ཁྱཱ་ན

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 157 · folio 108b

པར་བཤད་པ་རྫོགས་སོ།། །།སྐད་ཀྱི་གདངས་ཞེས་བྱ་བ་ནི་སྒྲའི་ཡོན་ཏན་སྙན་པ་ལ་སོགས་པ་དང་ལྡན་པའོ། །གཞན་ལ་བརྩམས་པ་ཞེས་བྱ་བ་ནི་གཞན་གྱི་ཕྱིར་བརྩམས་པའོ། །མཐར་ཐུག་པའི་འགྲོ་བ་ཞེས་བྱ་བ་ནི་ངེས་པས་ཐོབ་པའོ། །དྲན་པར་བགྱི་བ་ཞེས་བྱ་བ་ནི་བསླབ་པའི་གཞི་སྟེ། དེས་

དྲན་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །གཅིག་པུ་གཅིག་དང་ཞེས་བྱ་བ་ནི་དགེ་སློང་གཅིག་པུ་བུད་མེད་གཅིག་དང་ངོ་། །སྐྱབས་ཡོད་པ་ན་ཞེས་བྱ་བ་ནི་བསྐོར་བ་ནའོ། །སྟན་ལ་ཞེས་བྱ་བ་ནི་འདོམ་གང་གི་ཉེན་ཀོར་དང་བཅས་པའི་ཁྲི་ལ་སོགས་པའི་གནས་སོ། །འདུག་པ་ཞེས་བྱ་བ་ནི་རྐུབ་ཚོས་འཇོག་པར་

བྱེད་པའོ། །ཡིད་ཆེས་པའི་ཚིག་དང་ལྡན་པ་ཞེས་བྱ་བ་ནི་ཚིག་གཟུང་བར་འོས་པ་དང་ལྡན་པ་སྟེ། བདེན་པ་མཐོང་བ་ཉིད་ཀྱིས་འཁྲུལ་པ་མེད་པར་གྲགས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་གང་དང་གང་གིས་ཞེས་བྱ་བ་ནི་ཉེས་བྱས་ལ་སོགས་པས་སོ། །བྱེད་དུ་གཞུག་ཅེས་བྱ་བ་ནི་རྗེས་སུ་བསྒྲུབ་ཏུ་

གཞུག་པ་སྟེ་བཤགས་པ་ལ་སོགས་པའི་ཕྱིར་བཅོས་པ་བྱེད་དུ་གཞུག་ཅེས་བྱ་བའི་ཐ་ཚིག་གོ། །མ་ངེས་པ་ཞེས་བྱ་བ་ནི་ལྟུང་བ་ངེས་པ་མེད་པའི་ཕྱིར་རོ། །གང་ན་བུད་མེད་དེ་སྐྱེས་པ་དང་མ་ནིང་གཞན་འགའ་ཡང་མེད་པ་ཞེས་བྱ་བས། བུད་མེད་ལ་སོགས་པ་སྨོས་པ་ནི་འགྲོ་བ་གཞན་དང་མི་ཤེས་པ་ཐ་སྙད་

དུ་མི་རུང་བ་དགག་པའི་ཕྱིར་རོ། །གཅིག་ཏུ་གྱུར་པ་ཞེས་བྱ་བ་ནི་དེ་ཁོ་ན་ལྟར་ངེས་པའོ། །ནེམ་ནུར་མེད་ཅེས་བྱ་བ་ནི་གང་ལ་གཞན་གྱིས་བསྟན་པ་ལས་ཐེ་ཚོམ་མི་བསྐྱེད་པའོ། །ཐེ་ཚོམ་མེད་ཅེས་བྱ་བ་ནི་གང་ལ་རང་གིས་བསམས་པ་ལས་ཐེ་ཚོམ་མི་སྐྱེ་བའོ། །འབྲས་བུ་ཐོབ་པའི་ཞེས་བྱ་བ་ནི་རྒྱུན་དུ་

ཞུགས་པའི་འབྲས་བུ་ཐོབ་པའོ། །མངོན་པར་རྟོགས་པ་དང་ལྡན་པ་ནི་ཞེས་བྱ་བ་ནི་མངོན་པར་རྟོགས་པ་དང་། དམིགས་པ་མངོན་པར་རྟོགས་པ་དང་། བྱ་བ་མངོན་པར་རྟོགས་པ་གསུམ་ཐོབ་པ་དང་ལྡན་པ་སྟེ། འཇིག་རྟེན་ལས་འདས་པའི་ཤེས་པ་བསྒོམ་པའི་ལམ་གྱིས་བསྡུས་པ་དང་ལྡན་པ་ཞེས་བྱ་

བའི་ཐ་ཚིག་གོ། །བཞི་པོ་དག་ལས་གང་ཡང་རུང་བས་སོ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་ལས་བྱུང་བས་སོ། །བཅུ་གསུམ་པོ་དག་ལས་གང་ཡང་རུང་བས་སོ་ཞེས་བྱ་བ་ནི་ཁུ་བ་འབྱིན་པ་ལས་བྱུང་བའོ། །ལུས་ཀྱི་རེག་པ་ལས་བྱུང་བའམ། སྤྲོད་པ་ལས་བྱུང་བའམ། སྨྲས་པ་ལས་བྱུང་བ་འམ།

Vol. 157 · folio 109a

ཀུན་སྤྱོད་པ་བསྔགས་པ་ལས་བྱུང་བའམ། སྨྱན་བྱེད་པ་ལས་བྱུང་བ་འམ། གཞི་མེད་པ་དང་། བག་ཙམ་གྱིས་སྐུར་པ་འདེབས་པ་ལས་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །དགུ་བཅུ་དག་ལས་གང་ལས་ཀྱང་རུང་བས་སོ་ཞེས་བྱ་བ་ནི་བརྫུན་སྨྲ་བ་ལས་བྱུང་བ་འམ། སྐྱོན་ནས་སྨྲ་བ་ལས་

བྱུང་ངམ། ཆོས་སྟོན་པ་ལས་བྱུང་བ་འམ། ཚིག་མཐུན་པར་ཀློག་པ་ལས་བྱུང་བ་འམ། གཞི་མེད་པར་དགེ་འདུན་ལྷག་མས་སྐུར་པ་འདེབས་པ་ཞེས་བྱ་བའི་ཐ་ཚིག་གོ། །ལྟུང་བ་ལ་མི་མཁས་པ་ཞེས་བྱ་བ་ནི་དེའི་རང་གི་ངོ་བོ་མི་ཤེས་པའི་ཕྱིར་རོ། །ལྟུང་བའི་གླེང་གཞི་ལ་མི་མཁས་པ་ཞེས་བྱ་བ་ནི་དེའི་རྒྱུ་

མི་ཤེས་པའི་ཕྱིར་རོ། །ལྟུང་བ་ཀུན་ནས་སློང་བ་ལ་མི་མཁས་པའི་ཞེས་བྱ་བ་ནི་དེ་འབྱུང་བར་མི་ཤེས་པའི་ཕྱིར་རོ། །རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཞེས་བྱ་བ་ལ། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ནི་ཉོན་མོངས་པ་ཅན་གྱི་སེམས་ལས་བྱུང་བ་སྟེ། ངོ་བོ་ཉིད་ཀྱིས་སྐྱོན་ཆགས་

པའི་ཕྱིར་རོ། །བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ནི་ཉོན་མོངས་པ་ཅན་མ་ཡིན་ཡང་སྨད་པའི་དབང་གིས་བཀག་པའོ། །ཆད་པའི་ལས་འོས་པ་ཡིན་པས་ཞེས་བྱ་བ་ནི་མ་མཐོང་བས་གནས་ནས་དབྱུང་བ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པ་གདུལ་བའི་ལས་འོས་པ་ཡིན་ཏེ། དེ་ལ་གནས་

ནས་དབྱུང་བ་ནི་ནན་ཏུར་གྱི་ལས་ཀྱི་སྐབས་ཉིད་ནས་འབྱུང་བས་འདིར་ནི་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པ་འབའ་ཞིག་བསྟན་ཏེ། ལྟུང་བ་དེའི་ངོ་བོ་ཉིད་བཙལ་བས་དྲན་པ་བརྗེད་པ་རྣམ་པར་བཅད་པའི་ཕྱིར་རོ། །དགེ་ཚུལ་ཉེ་བར་གཞག་པར་མི་བྱའོ་ཞེས་བྱ་བ་ནི་སྔར་རབ་ཏུ་བྱུང་ཟིན་པ་ཡང་ངོ་། །སོ་སོར་

ཐར་པའི་མདོ་གདོན་པར་མི་བྱའོ་ཞེས་བྱ་བ་ནི་གསོ་སྦྱོང་གི་ཚེའོ། །མ་ངེས་པའི་ཆོས་དང་པོའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།འདོད་པ་བྱར་མི་རུང་བར་ཞེས་བྱ་བ་ནི་མི་ཚངས་པར་སྤྱད་པར་བྱར་མི་རུང་བ་སྟེ་ཐག་རིང་བའི་ཕྱིར་རོ། །དེས་ན་འདིར་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་

མེད་པས་དགེ་འདུན་ལྷག་མ་དང་ལྟུང་བྱེད་ཀྱི་གླེང་བ་བསྟན་པར་ཤེས་པར་བྱའོ། །ལྷག་མ་ཐམས་ཅད་ནི་སྔ་མ་བཞིན་ནོ། །མ་ངེས་པའི་ཆོས་གཉིས་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་སློབ་དཔོན་དུལ་བའི་ལྷས་ཉེ་བར་སྦྱར་བ་ལས་

Vol. 157 · folio 109b

མ་ངེས་པའི་ཆོས་གཉིས་ཀྱི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།བམ་པོ་བཅུ་པ། ཆོས་གོས་མང་བ་ཉིད་ཅེས་བྱ་བ་ནི་གོས་མང་བ་ཉིད་དོ། །གྱོན་པ་ཞེས་བྱ་བ་ནི་ལུས་ལ་གྱོན་པའོ། །འབུད་པ་ཞེས་བྱ་བ་ནི་ལུས་ལས་འབུད་པའོ། །ནང་གི་སེམས་ཀྱི་ཞི་གནས་ཞེས་བྱ་བ་ནི་ནང་བདེ་བ་ལ་

གནས་པའོ། །སྨོད་པ་ཞེས་བྱ་བ་ནི་འདོད་པའོ། །དུས་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འདི་ནི་བླང་དུ་རུང་བའི་དུས་ཡིན་ནོ་སྙམ་དུ་བསམས་པའི་ཕྱིར་རོ། །དེ་ལས་འདས་པའི་ཞེས་བྱ་བ་ནི་ཞག་བཅུ་ལས་འདས་པར་རོ། །སྤང་བའི་ལྟུང་བྱེད་ཅེས་བྱ་བ་ནི་དངོས་པོ་གང་བདག་གིར་བྱས་པའི་གཞི་ལས་ལྟུང་བ་

བྱུང་བའི་དངོས་པོ་དེ་སྤངས་ཏེ་ལྟུང་བ་བཤགས་པར་བྱ་དགོས་པའོ། །ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་ཞེས་བྱ་བ་ནི་ཐོག་མ་གོས་རྙེད་པའི་དུས་ནས་བཟུང་སྟེ་ཞག་བཅུ་གཅིག་པའི་སྐྱ་རེངས་དང་པོ་མ་ཤར་ཚུན་ཆད་ཀྱི་ནང་དུའོ། །བྱིན་གྱིས་བརླབ་པར་ཞེས་བྱ་བ་ནི། བྱིན་གྱིས་བརླབ་པར་བྱ་བ་ཉིད་དུ་གཞག་པར་བྱ་

བའོ། །གཏང་བར་བྱ་བ་ཞེས་བྱ་བ་ནི་གནས་གཞན་དུ་བསྐུར་བར་བྱ་བའོ། །རྣམ་པར་བརྟག་པར་བྱ་བ་ཞེས་བྱ་བ་ནི་བདག་པོ་གཞན་ཉིད་དུ་རྣམ་པར་བསམ་པར་བྱ་བའོ། །གཞན་ལ་སྦྱིན་པར་བྱ་བ་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་པ་ལ་སྦྱིན་པར་བྱ་བའོ། །སྐྱ་རེངས་ཤར་ནས་ཞེས་བྱ་བ་ནི་ཉི་མའི་མགོ་རྩོམ་

པའི་སྐྱ་རེངས་དང་པོ་ཤར་ནའོ། །གཞན་ཞིག་ཤར་ན་ཞེས་བྱ་བ་ནི་སྔ་མ་ཤོས་སྤང་བར་གྱུར་ན་ཕྱི་མ་ཞག་བཅུ་ལས་མ་འདས་ཀྱང་སྔ་མའི་རྒྱུད་ཀྱིས་སྤང་བར་གྱུར་པའོ། །གོས་གཉིས་ཞེས་བྱ་བ་དང་། གོས་མང་པོ་ཞེས་བྱ་བའི་ཚར་གཉིས་སྨོས་པ་ནི་སྦྱོར་བ་གཅིག་པ་ཡིན་ན་དངོས་པོ་གཉིས་དང་མང་པོས་

ཀྱང་ལྟུང་བ་གཅིག་ཏུ་འགྱུར་བར་བསྟན་པའི་ཕྱིར་རོ། །མ་སྤངས་ཤིང་ཞེས་བྱ་བ་ནི་བདག་གིས་བྱེད་ཅིང་གཞན་ལ་མ་སྤངས་པའོ། །བྲལ་བར་མ་བྱས་ལ་ཞེས་བྱ་བ་ནི་གནས་གཞན་དུ་ཞག་ལོན་པར་མ་བྱས་པའོ། །ལྟུང་བ་མ་བཤགས་པ་ཞེས་བྱ་བ་ནི་དགེ་སློང་རང་བཞིན་དུ་གནས་པའི་མདུན་དུའོ། །

དེ་གསུམ་ལས་གཅིག་གམ་གཉིས་སམ་གསུམ་ཆར་མ་བྱས་ན་ཡང་ཕྱིར་གཞན་རྙེད་པ་སྤང་བར་འགྱུར་རོ། །སྔ་མའི་རྒྱུད་ཀྱི་སྤང་བ་སྔ་མ་ཉིད་ཀྱི་རྒྱུན་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །ལྷུང་བཟེད་ལ་སོགས་པ་ཡང་སྤང་བར་འགྱུར་བ་ནི་སྤང་བའི་ལྟུང་བ་སྔ་མ་དེ་ཡོད་ན་ཕྱིས་རིགས་མཐུན་པ་དང་། རིགས་

Vol. 157 · folio 110a

མི་མཐུན་པའི་ཡོ་བྱད་རུང་བ་བདག་གིར་བྱས་པ་དག་ཀྱང་སྤང་བ་ཉིད་དུ་འགྱུར་ཏེ། སྔ་མའི་ལྟུང་བ་འཆགས་པའི་ཚེ་ན་དེ་དག་སྤང་བ་ཡིན་གྱི་ཕྱི་མ་དེ་དག་གི་ཕྱིར་ནི་ལྟུང་བ་བཤགས་པ་མི་དགོས་ཏེ། དེའི་གཞི་ལས་ལྟུང་བ་མི་འབྱུང་བའི་ཕྱིར་རོ། །འཆང་བའི་སྤང་བ་སྟེ་དང་པོའི་ཚིག་རྣམ་

པར་བཤད་པ་རྫོགས་སོ།། །།སྟོད་གཡོགས་སྨད་གཡོགས་དང་བཅས་པ་ཞེས་བྱ་བ་ནི་སྟོད་གཡོགས་དང་ཤམ་ཐབས་དང་བཅས་པའོ། །མ་སྦས་པ་ཞེས་བྱ་བ་ནི་རོ་སྨད་སྣང་བའི་ཕྱིར་རོ། །སྦེད་དུ་མ་བཅུག་པ་ཞེས་བྱ་བ་ནི་རོ་སྟོད་སྣང་བའི་ཕྱིར་རོ། །སྐེམས་པ་ཞེས་བྱ་བ་ནི་ཉི་མ་ལ་སྐེམས་པའོ། །

བསང་བ་ཞེས་བྱ་བ་ནི་གྲིབ་མ་ལ་བསང་བའོ། །འདིངས་པ་ཞེས་བྱ་བ་ནི་འགྲེམས་པའོ། །སྤྲུག་པ་ཞེས་བྱ་བ་ནི་སྤྲུག་བརྡབ་བྱ་བའོ། །བརྟུལ་བ་ཞེས་བྱ་བ་ནི་སྡུད་པའོ། །སྦེད་པ་ཞེས་བྱ་བ་ནི་གཏུར་བུ་ལ་སོགས་པར་འཇུད་པའོ། །གསོ་སྦྱོང་གཅིག་པའི་གནས་ཀྱི་སྡོམ་པ་ཞེས་བྱ་བ་ནི་གང་དུ་གསོ་སྦྱོང་བྱེད་

པའི་གནས་སོ། །ཆུ་རླབས་ཞེས་བྱ་བ་ནི་ཆུའི་རླབས་སོ། །ཡོངས་སུ་སྐྱོང་བ་ཞེས་བྱ་བ་ནི་ཡོངས་སུ་བསྐྱང་བའོ། །སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་ཞེས་བྱ་བ་ནི་སྣམ་སྦྱར་དང་མཚམས་ལ་སོགས་པ་གནས་ཐུན་མོང་མ་ཡིན་པ་གཞན་དག་ཏུ་སྐྱ་རེངས་ཀྱིས་ཆོད་པར་གྱུར་པ་ལ་འབྲལ་བའི་

སྤང་བའི་ལྟུང་བྱེད་མི་འབྱུང་བར་གནང་བའི་ངེས་པའོ། །རླུང་ནད་ཅན་ཞེས་བྱ་བ་ནི་རླུང་གི་ནད་ཡོད་པའོ། །མུ་བཞི་ཞེས་བྱ་བ་ལ། མུ་བཞི་ཞེས་བྱ་བ་ནི་འདིར་རྣམ་པ་ལ་བྱའོ། །ཁྱིམ་གྱི་ཚོགས་དང་ལྡན་པ་ཞེས་བྱ་བ་ནི་ཁྱིམ་མང་པོ་དང་ལྡན་པའོ། །ཉེ་འཁོར་ཞེས་བྱ་བ་ནི་འཁོར་གྱི་ཉེ་འཁོར་རོ། །ཁྱིམ་

ཞེས་བྱ་བ་ནི་ཉེ་དུའི་ཚོགས་སོ། །རྟེན་འགྲོ་ཞེས་བྱ་བ་ནི་རོལ་མོ་མཁན་གྱི་བྱེ་བྲག་གོ། །མུ་སྟེགས་ཅན་ཞེས་བྱ་བ་ནི་བསྟི་གནས་ན་གནས་པ་རབ་ཏུ་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །ཚོང་རྡལ་ཞེས་བྱ་བ་ནི་ཟོང་འཚོང་བར་བྱེད་པའི་གནས་སོ། །ཚོང་ཁང་ཞེས་བྱ་བ་ནི་ཟོང་བཅེར་བའི་གནས་སོ། །དགྲ་ཁང་

ཞེས་བྱ་བ་ནི་བསྲུང་བའི་གནས་སོ། །གཡུལ་ཞེས་བྱ་བ་ནི་བརྡུང་བའི་གནས་སོ། །གཡུལ་གྱི་ཚོགས་ཞེས་བྱ་བ་ནི་གཡུལ་གྱི་དཀྱིལ་འཁོར་རོ། །རི་ཁྲོད་པ་རྣམས་ཞེས་བྱ་བ་ནི་འབྲོག་དགོན་པ་ན་གནས་པ་དག་སྟེ་དེ་དག་གི་ཁྱིམ་ནི་ཤིང་དང་ལོ་མ་དང་འདབ་མ་ལ་སོགས་པས་གཡོགས་པའི་ཁྱིམ་ཆེན་པོ་

Vol. 157 · folio 110b

བྱས་ནས། དེའི་ནང་ན་ཐམས་ཅད་ལྷན་ཅིག་འཁོད་པ་ཡིན་ནོ། །བོད་རྣམས་ཞེས་བྱ་བ་ནི་གསེར་གྱི་འབྱུང་གནས་ནས་སྐྱེས་པ་དག་སྟེ། དེ་དག་གི་ཁྱིམ་ཡང་ས་ཁང་ངམ་རྡོ་ཁང་ཆེན་པོ་བྱས་ཏེ། དེའི་ནང་ན་སྤྱིར་འཁོད་པ་ཡིན་ནོ། །ཀླ་ཀློ་རྣམས་ཞེས་བྱ་བ་ནི་ཟན་བཟའ་བར་བྱ་བ་མ་ཡིན་པའི་རིགས་

ངན་དག་སྟེ། དེ་དག་གི་ཁྱིམ་ཡང་ལྗོན་པའི་ཐིབས་པོ་ལ་སོགས་པའི་ནང་ན་ལྷན་ཅིག་འཁོད་པ་ཡིན་ནོ། །རྡུང་བར་བྱེད་པ་ཞེས་བྱ་བའི་ནི་འཆག་པར་བྱེད་པའོ། །རྔོ་བར་བྱེད་པ་ཞེས་བྱ་བ་ནི་ཚོས་པར་བྱེད་པའོ། །འཐག་པར་བྱེད་པ་ཞེས་བྱ་བ་ནི་ཕྱེ་མར་བྱེད་པའོ། །འཆའ་བར་བྱེད་པ་ཞེས་བྱ་བ་ནི་རྩ་བ་ལ་

སོགས་པ་བཅའ་བ་དག་གོ། །ཟ་བ་ཞེས་བྱ་བ་ནི་ལ་དུ་ལ་སོགས་པ་དག་གོ། །འཐུང་བར་བྱེད་པ་ཞེས་བྱ་བ་ནི་ཁུ་བ་འཐུང་བའོ། །ནང་དུ་ཆོས་གོས་དག་བཞག་སྟེ་ཞེས་བྱ་བ་ལ་སོགས་པ་ལྟུང་བ་མེད་དོ་ཞེས་བྱ་བ་ནི་གནས་གཅིག་ནས་སོ་ཞེས་བྱ་བར་དགོངས་སོ། །གཞན་དུ་སྐྱ་རེངས་འཆར་བར་བྱེད་

ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ནི་གནས་ཐ་དད་པ་ན་གནས་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །རྩིག་པས་བསྐོར་བ་ཞེས་བྱ་བ་ནི་ར་བས་བསྐོར་བའོ། །རྨིག་པས་བསླང་པའི་རྡུལ་ཞེས་བྱ་བ་ནི་རྡོག་ཤགས་ལས་བྱུང་བའི་རྡུལ་ལོ། །རང་བཞིན་གྱིས་ངོ་ཚ་དང་ལྡན་པ་ཞེས་བྱ་བ་ནི་ངོ་བོ་ཉིད་

ཀྱིས་ངོ་ཚ་དང་ལྡན་པ་ཡིན་གྱི་བཅོས་མ་མ་ཡིན་པའོ། །བཤང་ས་ཞེས་བྱ་བ་ནི་བཤང་བ་དང་གཅི་བའི་གནས་སོ། །སྤུན་སྒོ་མ་ཕྱེ་བ་དག་གིས་ཞེས་བྱ་བ་ནི་ཁྱིམ་གཅིག་པ་དག་གིས་སོ། །རྒྱལ་མཚན་གྱི་ཤིང་ཞེས་བྱ་བ་ནི་རྟེན་འགྲོའི་ཁྱིམ་གྱི་མཚན་མའོ། །ལྟ་བ་གཅིག་པ་ཞེས་བྱ་བ་ནི་བདག་

ཏུ་ལྟ་བ་ལ་སོགས་པའི་ལྟ་བའོ། །བཟོད་པ་ཞེས་བྱ་བ་ནི་གཞན་གྱི་གཏན་པ་ལས་གྱུར་པའི་ཤེས་པའོ། །འདོད་པ་ཞེས་བྱ་བ་ནི་རང་གི་རྣམ་པར་རྟོག་པ་ལས་སྐྱེས་པའོ། །བསམ་པ་ཞེས་བྱ་བ་ནི་འདོད་པ་བསྒྲུབ་པའི་ཐ་ཚིག་གོ། །ལྕི་བ་དག་འདིང་བར་བྱེད་པ་ཞེས་བྱ་བ་ནི་ལྕི་བ་སྐེམས་པར་བྱེད་པའོ། །

བགྲང་བ་ཞེས་བྱ་བ་ནི་གྲངས་སོ། །འཇལ་བ་ཞེས་བྱ་བ་ནི་སྲང་ལའོ། །འཇོག་པ་ཞེས་བྱ་བ་ནི་རྫས་ཕུང་པོར་བཅེར་ཞིང་འཇོག་པ་ཞེས་བྱ་བའི་ཐ་ཚིག་གོ། །གཞག་སྟེགས་ཞེས་བྱ་བ་ནི་གཞག་པའི་སྤང་ལེབ་པོ། །འདུག་སྟེགས་ཞེས་བྱ་བ་ནི་སྟེགས་བུ་གང་ལ་ཚོང་པ་འདུག་སྟེ་ཚོང་བྱེད་པའོ། །རྩྭ་

Vol. 157 · folio 111a

དག་འཇོག་པར་བྱེད་པ་ཞེས་བྱ་བ་ནི་སྤུང་བར་བྱེད་པའོ། །ཡ་གད་ཅེས་བྱ་བ་ནི་གང་ལ་འཛེག་པའི་སྐས་སོ། །འཕྱར་བར་བྱེད་པ་ཞེས་བྱ་བ་ནི་རླུང་གིས་སོ། །འཁྲབ་པར་བྱེད་ཅེས་བྱ་བ་ནི་ཞིབ་མས་སོ། །རླུང་གཡོར་ཞེས་བྱ་བ་ནི་རླུང་ལ་སོགས་པའི་ཆེད་ཀྱི་ཤིང་ངོ་། །གཡུལ་གྱི་

དཀྱིལ་ཞེས་བྱ་བ་ནི་གཡུལ་གྱི་རྟེན་གནས་ཏེ་གཡུལ་གྱི་དཀྱིལ་གང་དུ་གཏོར་མ་ལ་སོགས་པ་བྱེད་པའམ། གང་དུ་འབྲུ་སྤུང་བར་བྱེད་པའམ། དཀྱིལ་གང་དུ་འདུག་སྟེ་འབྲུ་བཅག་པའི་ཕྱིར་ལ་སྐོར་བར་བྱེད་པའོ། །ཕུར་པ་འདེབས་པར་བྱེད་པ་ཞེས་བྱ་བ་ནི་གྲུ་བརྟོད་པའི་ཕྱིར་རོ། །གདོས་པ་ཞེས་

བྱ་བ་ནི་འཕུལ་བའི་ཤིང་ངོ་། །གྲུ་སྐྱ་ཞེས་བྱ་བ་ནི་བསྐྱོད་པའི་ཤིང་ལེབ་པོ། །གྲུ་གདོང་ཞེས་བྱ་བ་ནི་གྲུ་གང་དུ་འདུག་ནས་གྲུ་སྐྱོད་པར་བྱེད་པའི་གནས་སོ། །ཁ་ལོ་བའི་གནས་ཞེས་བྱ་བ་ནི་ཁ་ལོ་བ་གང་དུ་འདུག་པས་གླང་ལ་སོགས་པས་ཤིང་དང་ལྡན་པ་དག་དེད་པའི་གནས་སོ། །ཡལ་གའི་ཚོགས་ཞེས་

བྱ་བ་ནི་ཡལ་ག་མང་བའོ། །ནང་ཐམས་ཅད་ཅེས་བྱ་བ་ནི་ཤིང་ལྗོན་པའི་སྡོང་པོ་ཁོག་སྟོང་གིའོ། །རྩ་བ་ཞེས་བྱ་བ་ནི་སྡོང་པོ་ལ་སོགས་པ་སྐྱེ་བའི་གནས་སོ། །མེ་ཏོག་ཐུ་བར་བྱེད་པ་ཞེས་བྱ་བ་ནི་བྱེ་བྲག་ཏུ་སེལ་བར་བྱེད་པ་སྟེ་རིགས་མཐུན་པ་ཕྱོགས་ཕྱོགས་སུ་འཇོག་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །

དགེ་སློང་མལ་དུ་ཞུགས་པའི་ཆོས་གོས་དག་གི་ཉེ་འཁོར་འདོམ་བཞི་བཅུ་རྩ་དགུར་གསུངས་པ་ནི་དགེ་སློང་ཉིད་ཀྱི་མདུན་རོལ་དང་རྒྱབ་རོལ་གཉིས་ཀར་འདོམ་བཞི་བཅུ་རྩ་དགུ་རྩ་དགུར་ཤེས་པར་བྱའོ། །གློ་ནི་ལམ་གྱི་འགྲམ་ཚུན་ཆད་ཀྱི་ཚད་ཇི་ཙམ་ཡོད་པ་དང་སྦྱར་གྱི་འདོམ་བཞི་བཅུ་རྩ་དགུར་ངེས་པ་

མེད་དོ། །ཐད་ཀར་འགྲོ་བ་ཞེས་བྱ་བ་ནི་ལམ་གྱི་འགྲམ་གཡས་གཡོན་ལོགས་སུ་འགྲོ་བའོ། །མཚམས་གཞན་ཞེས་བྱ་བ་ནི་བདག་པོ་ཐ་དད་པ་ཉིད་ཀྱི་མཚམས་ཀྱི་བར་རོ། །ལུས་མ་བྲལ་བ་ཚུན་ཆད་དོ་ཞེས་བྱ་བ་ནི་བདག་པོ་ཐ་དད་པ་ཡུལ་ཐ་དད་པ་ཡིན་པའི་ཕྱིར་ལུས་དང་བྲལ་ན་གནས་ནས་གཞན་ཉིད་

དུ་འགྱུར་བས་དེའི་ཕྱིར་འདི་བསྟན་ཏོ། །འབྲལ་བའི་སྤང་བ་སྟེ་གཉིས་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།བྱེད་དུ་འཇུད་པ་ཞེས་བྱ་བ་ནི་མི་ལངས་ཤིང་མི་ཆོག་པས་ཞེས་བྱ་བའི་ཐ་ཚིག་གོ། །འཇོག་པར་བྱེད་ཅིང་ཞེས་བྱ་བ་ནི་ཁ་སྩོགས་སུ་འཇོག་པར་བྱེད་ཅིང་ངོ་། །སྟུག་པོ་ཞེས་བྱ་བ་

Vol. 157 · folio 111b

ནི་སྲ་བའོ། །སྲབ་མོ་ཞེས་བྱ་བ་ནི་མི་སྲ་བའོ། །དུས་མ་ཡིན་པའི་གོས་ཞེས་བྱ་བ་ནི་སྐྱོན་གྱི་དུས་སུ་རྙེད་པའི་ཕྱིར་རོ། །དེ་ནི་གོས་ཀྱི་དུས་ཡིན་ལ་ཞེས་བྱ་བ་ནི་ཅི་དགར་འཆང་དུ་གནང་བའི་ཕྱིར་རོ། །ལོ་ལྔའི་དུས་སྟོན་པ་དང་། ལོ་དྲུག་གི་དུས་སྟོན་པ་དང་། གཙུག་ཕུད་འབྲེག་པའི་དུས་སྟོན་ཞེས་བྱ་བ་ནི་

བྱང་ཆུབ་སེམས་དཔའི་ཕྱིར་དུས་སྟོན་བྱ་བའོ། །གནས་ཁང་གི་དུས་སྟོན་ཞེས་བྱ་བ་ནི་གཙུག་ལག་ཁང་གི་དུས་སྟོན་ནོ། །དུས་སྟོན་ཆེན་པོ་ཞེས་བྱ་བ་ནི་གྲོང་ཁྱེར་དུ་འཇུག་པའི་དུས་སྟོན་ནོ། །དོགས་པ་དང་བཅས་པ་ཞེས་བྱ་བ་ནི་ཅི་འདི་གཏན་ཐོབ་པ་ཡིན་ནམ་འོན་ཏེ་ཕྱིར་སྦྱིན་དགོས་པ་ཡིན་སྙམ་

དུ་ཐེ་ཚོམ་ཟ་བ་དང་བཅས་པའོ། །དོགས་པ་དང་བཅས་པ་དང་དོགས་པ་མེད་པའི་བྱེ་བྲག་སྨོས་པ་ནི་ཡིད་གཉིས་ཀྱིས་ཐོབ་པས་ཀྱང་ཁ་སྐོང་བ་ཉིད་ཡིན་ན། ཁ་ལངས་པ་ཉིད་ཡིན་པར་བསྟན་པའི་ཕྱིར་རོ། །ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ནི་འཇོག་

པའི་ཞར་ལས་བྱུང་བ་འཆང་བའི་སྤང་བའི་ལྟུང་བྱེད་ཡིན་པར་ཤེས་པར་བྱ་བའོ། །ཉམས་པར་གྱུར་ཅེས་བྱ་བ་ནི་རེ་བ་མེད་པ་ཉིད་ཀྱིས་ཟིལ་གྱིས་གནོན་པར་གྱུར་པའོ། །འགྱངས་པར་གྱུར་ཅེས་བྱ་བ་ནི་དུས་ཡོལ་བར་གྱུར་པའོ། །ཉམ་ཆུང་བར་གྱུར་ཅེས་བྱ་བ་ནི་བསྲབས་པར་གྱུར་པའོ། །དེས་

ཚེས་དེ་ཉིད་ལ་གོས་སྔོན་པོ་གཞན་ཞིག་རྙེད་པར་འགྱུར་ན་ཞེས་བྱ་བའི་ཚིག་ནི་གཞན་གྱིས་ཁ་སྐོང་བ་ཉིད་ཡིན་ན་ཡང་ཁ་ལངས་པ་ཉིད་ཡིན་པར་བསྟན་པའི་ཕྱིར་རོ། །གྲུབ་པར་མ་གྱུར་རྒྱུན་ཆད་པར་མ་གྱུར་པར་ཞེས་བྱ་བའི་ཚིག་འདི་ནི་གྲུབ་པ་དང་མ་གྲུབ་པ་གཉིས་འདྲ་བར་བསྟན་པའི་ཕྱིར་རོ། །

ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན་ཆད་པར་གྱུར་པ་ན་ཞེས་བྱ་བའི་ཐ་ཚིག་དེ་ནི་རེ་བ་རྒྱུན་ཆད་པར་གྱུར་ན་ཁ་སོགས་ཟླ་བར་གཞག་ཏུ་མི་རུང་བར་བསྟན་པའི་ཕྱིར་རོ། །གོས་བདག་པོ་ཡོད་པར་ཞེས་བྱ་བ་ནི་སྦྱིན་པར་བྱེད་པའི་བདག་པོ་ཡོད་པའོ། །གོས་བདག་པོ་མེད་པའི་ཞེས་བྱ་བ་ནི་སྦྱིན་པར་བྱེད་

པའི་བདག་པོ་མེད་པའོ། །གོས་བོར་བླངས་ཞེས་བྱ་བ་ནི་ཁྱིམ་ནས་དུར་ཁྲོད་དུ་ཁྱེར་ཏེ་ཕྱིར་བླངས་པ་དགེ་སློང་གིས་ཐོབ་པ་གང་ཡིན་པའོ། །གོས་དུར་ཁྲོད་པ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པ་མེད་པའི་དུར་ཁྲོད་ལས་བླངས་པའོ། །གོས་ཕྱག་དར་ཁྲོད་པ་ཞེས་བྱ་བ་ནི་ཕྱག་དར་དང་འདྲ་བར་བོར་བ་

Vol. 157 · folio 112a

བླངས་པའོ། །ཉམས་པ་ཞེས་བྱ་བ་ནི་རབ་ཏུ་ཉམས་པ་སྟེ་ཤི་བའོ། །ལམ་པོ་ཆེའི་གོས་ཞེས་བྱ་བ་ནི་ལམ་དུ་བོར་བ་ལས་རྙེད་པ་གང་ཡིན་པའོ། །དགོན་པར་བོར་བ་ཞེས་བྱ་བ་ནི་དགོན་པར་བོར་བ་གང་ཡིན་པའོ། །ཆུ་འགྲམ་པ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་དོན་དུ་ཆུ་ཀླུང་གི་

འགྲམ་དུ་བོར་བ་གང་ཡིན་པའོ། །སྲིལ་ཟན་ཞེས་བྱ་བ་ནི་སྲོག་ཆགས་ཀྱིས་ཟོས་པ་གང་ཡིན་པའོ། །རལ་རུལ་ཞེས་བྱ་བ་ནི་ཤ་ལས་བྱས་པ་ལ་སོགས་པ་ཁྲུས་ལ་སོགས་པ་སྤྱད་མ་ཐག་ཏུ་བོར་བ་གང་ཡིན་པའོ། །བེ་འུས་ཟོས་པ་ཞེས་བྱ་བ་ནི་བེའུ་གོས་ལ་ཟ་བས་ཟོས་པ་གང་ཡིན་པའོ། །ཐག་པས་

གསར་དུ་བཏགས་པ་ཞེས་བྱ་བ་ནི་བཏགས་མ་ཐག་པའོ། །སྣམ་སྦྱར་དང་གདིང་བ་ཡང་ཉི་རིམ་བྱ་བ་ནི་ལས་ཆེ་བའི་ཕྱིར་རོ། །འབོགས་པ་ན་ཉེས་བྱས་སུ་འགྱུར་ལ་ཞེས་བྱ་བ་ནི་ཞག་བཅུ་པ་བཅད་པའི་ཕྱིར་འབོགས་པ་དེ་ཉིད་ཀྱི་སྦྱོར་བ་ཡིན་པའི་ཕྱིར་རོ། །སྣམ་ཕྲན་ཞེས་བྱ་བ་ནི་ཚལ་བུ་ཞེས་བྱ་

བའི་སྣམ་ཕྲན་རྣམས་སྦྱར་བའོ། །སྣམ་ཕྲན་དགུ་པ་ཞེས་བྱ་བ་ལ་སོགས་པ་འདིར་ཡང་སྣམ་ཕྲན་ཞེས་བྱ་བ་ནི་གླེགས་བུ་དང་། གླེགས་བུ་ཕྱེད་སྦྱར་བའི་སྣམ་ཕྲན་གྱི་མཚན་ཉིད་ནི་སྣམ་ཕྲན་ཉིད་ཡིན་པར་ཤེས་པར་བྱའོ། །གསུམ་སྦྱར་ཞེས་བྱ་བ་ནི་སྣམ་ཕྲན་ཚལ་བུའི་ངོ་བོ་ཉིད་གསུམ་སྦྱར་བའོ། །

གླེགས་བུ་ཕྱེད་དང་གསུམ་པ་ཞེས་བྱ་བ་ནི་གང་ལ་དཀྱིལ་འཁོར་ཕྱེད་དང་གསུམ་ཡོད་པའོ། །དེ་ཡན་ཆད་ནི་ཚེམ་བུའོ་ཞེས་བྱ་བ་ནི་སྣམ་ཕྲན་ཉི་ཤུ་ལྔ་པ་དང་གླེགས་བུ་ཕྱེད་དང་ལྔ་ཡན་ཆད་དོ། །ལྷན་པ་མཐར་ཆགས་སུ་གྱུར་པ་ཡིན་པའི་ཕྱིར་རལ་རུལ་ཡིན་གྱི་སྣམ་སྦྱར་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྲུ་

གསུམ་དང་ལྔའོ་ཞེས་བྱ་བ་ནི་ཞེང་དུ་ཁྲུ་གསུམ་དང་། ཆུར་ཁྲུ་ལྔ་ཞེས་བྱ་བའི་ཐ་ཚིག་གོ། །ཁྲུ་ཕྱེད་དང་གསུམ་དང་ཕྱེད་དང་ལྔའོ་ཞེས་བྱ་བ་ནི་ཞེང་དུ་ཁྲུ་ཕྱེད་དང་གསུམ་དང་ཆུར་ཁྲུ་ཕྱེད་དང་ལྔ་ཞེས་བྱ་བའི་ཐ་ཚིག་གོ། །ཁྲུ་དོ་དང་ཁྲུ་ལྔ་པ་ཞེས་བྱ་བ་ནི་ཞེང་དུ་ཁྲུ་དོ་དང་ཆུར་ཁྲུ་ལྔ་ཞེས་བྱ་བའི་ཐ་ཚིག་གོ། །ཁྲུ་

དོ་དང་ཁྲུ་བཞི་པ་ཞེས་བྱ་བ་ནི་ཞེང་དུ་ཁྲུ་དོ་དང་ཆུར་ཁྲུ་བཞི་པ་ཞེས་བྱ་བའི་ཐ་ཚིག་གོ། །འཁོར་གསུམ་ཁེབས་པ་ཞེས་བྱ་བ་ནི་པུས་མོ་གཉིས་ཀྱི་འཁོར་དང་ལྟེ་བའི་འཁོར་ཞེས་བྱ་བའི་ཐ་ཚིག་གོ། །ཁྲུ་གང་ཁོ་ར་ཁོར་ཡུག་ཅེས་བྱ་བ་ནི་ངོས་རེ་ཁྲུ་རེའི་ཚད་དོ། །འཇོག་པའི་སྤང་བ་སྟེ་གསུམ་པའི་ཚིག་རྣམ་

Vol. 157 · folio 112b

པར་བཤད་པ་རྫོགས་སོ།། །།བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་བྱང་ཆུབ་ཅེས་བྱ་བ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་བླ་ན་མེད་པ་སྟེ། དེའི་ཕྱིར་སྙིང་སྟོབས་ནི་བྱང་ཆུབ་སེམས་དཔའོ། །གཟིགས་པ་ཞེས་བྱ་བ་ནི་རྟོག་པའོ། །རིགས་ཞེས་བྱ་བ་ནི་རྒྱལ་རིགས་དང་བྲམ་ཟེ་ཞེས་བྱ་བའོ། །ཡུལ་ཞེས་

བྱ་བ་ནི་ཡུལ་དབུས་དང་མཐའ་འཁོབ་ཅེས་བྱ་བའོ། །དུས་ཞེས་བྱ་བ་ནི་ཡར་སྐྱེ་དང་མར་འགྲིབ་ཅེས་བྱ་བའོ། །རུས་ཞེས་བྱ་བ་ནི་ཤཱཀྱའི་རིགས་བརྒྱུད་ཅེས་བྱ་བའི་ཐ་ཚིག་གོ། །བུད་མེད་ཅེས་བྱ་བ་ནི་བཙུན་མོ་སྒྱུ་འཕྲུལ་ཆེན་མོའོ། །གླང་པོ་ཆེ་ལྟར་སྣང་བ་བསྒྱུར་ཏེ་ཞེས་བྱ་བ་ནི་རྨི་ལམ་དུ་དགེ་བའི་མཚན་མ་

བསྟན་པའི་ཕྱིར་བདག་ཉིད་གླང་པོ་ཆེ་མཆེ་བ་དྲུག་པར་བསྟན་པར་འགྱུར་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་འཇིག་རྟེན་གྱི་བར་ཞེས་བྱ་བའི་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁོར་ཡུག་གི་བར་དག་ན་གྲང་བའི་སེམས་ཅན་དམྱལ་བའི་གནས་དག་ཡོད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཉམས་སུ་མྱོང་བ་ཞེས་

བྱ་བ་ནི་སྣང་བ་མི་ཕྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །མུན་པ་ཞེས་བྱ་བ་ནི་མི་སྣང་བའོ། །མུན་གནག་མུན་པར་བྱེད་པས་གནག་པར་འགྱུར་བ་ཞེས་བྱ་བ་ནི་མུན་གནག་མུན་པར་བྱེད་པས་བསྒྲིབས་པར་གྱུར་པའོ། །གསལ་བ་གསལ་བ་ཞེས་བྱ་བ་ནི་ཤིན་ཏུ་དྲི་མ་མེད་པའོ། །བཙུན་མོ་གཟུགས་ཅན་ཞེས་

བྱ་བ་ནི་བཙུན་མོ་ཆེན་མོའི་མིང་ངོ་། །རབ་སྣང་ཞེས་བྱ་བ་ནི་སྐར་མདའོ། །ལྟས་པ་ཞེས་བྱ་བ་ནི་ལྟས་ཀྱི་བསྟན་བཅོས་ཤེས་པ་དག་གོ། །མཚན་མཁན་ཞེས་བྱ་བ་ནི་མཚན་གྱི་བྱེ་བྲག་ཤེས་པ་དག་གོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞེས་བྱ་བ་ནི་གསེར་གྱི་འཁོར་ལོ་ནམ་མཁའ་ལ་འགྲོ་བས་རྒྱལ་

སྲིད་སྒྱུར་བར་བྱེད་པའི་ཕྱིར་རོ། །མཐའ་བཞི་ཞེས་བྱ་བ་ནི་རྒྱ་མཚོ་བཞིའི་མཐར་རོ། །རྒྱལ་བ་ཞེས་བྱ་བ་ནི་དཔའ་བའོ། །ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་རིགས་པས་རྒྱལ་སྲིད་བདག་གིར་བྱས་པའི་ཕྱིར་རོ། །ཆོས་དང་ལྡན་པ་ཞེས་བྱ་བ་ནི་ཆོས་སྤྱོད་པའི་ཕྱིར་རོ། །རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞེས་བྱ་

བ་ནི་རིན་པོ་ཆེ་སྣ་བདུན་གྱི་དབང་ཕྱུག་གོ། །ནོར་བུ་རིན་པོ་ཆེ་ཞེས་བྱ་བ་སྒྲོན་མའི་ཆེད་ཀྱི་ནོར་བུ་ཆེན་པོའོ། །ཁྱིམ་བདག་རིན་པོ་ཆེ་ཞེས་བྱ་བ་ནི་མཛོད་ཀྱི་བདག་པོའོ། །དམག་དཔོན་རིན་པོ་ཆེ་ཞེས་བྱ་བ་ནི་སྒྲུབ་པའི་བདག་པོའོ། །དཔའ་ཞེས་བྱ་བ་ནི་མི་འཇིགས་པའོ། །རྟུལ་ཕོད་པ་ཞེས་བྱ་བ་ནི་མཐུ་ཕུན་

Vol. 157 · folio 113a

སུམ་ཚོགས་པའོ། །ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཞེས་བྱ་བ་ནི་ཡན་ལག་མཛེས་པ་མཆོག་གི་གཟུགས་དང་ལྡན་པའོ། །ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཞེས་བྱ་བ་ནི་ཕ་རོལ་གྱི་སྒྲུབ་པ་ཕམ་པར་བྱེད་པས་རང་གི་ལས་ལ་བག་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །མ་ལུས་པ་

ཞེས་བྱ་བ་ནི་ཐམས་ཅད་དམ་གཅུགས་མེད་པའོ། །གནོད་པར་སྡོ་བ་མེད་ཅིང་ཞེས་བྱ་བ་ནི་འགྲན་ཟླ་མེད་པའོ། །འཚེ་བ་མེད་པ་ཞེས་བྱ་བ་ནི་གནོད་པ་མེད་པའོ། །ཆད་པ་མེད་ཅིང་ཞེས་བྱ་བ་ནི་ནོར་འཕྲོག་པ་མེད་ཅིང་ངོ་། །མཚོན་གྱི་བདའ་བ་མེད་ཅེས་བྱ་བ་ནི་གསོད་པ་མེད་པའོ། །ཆོས་དང་

མཐུན་ཞེས་བྱ་བ་ནི་ཆོམ་རྐུན་ལ་སོགས་པ་ཤོམ་པ་མེད་པའི་རིགས་པ་དང་མཐུན་ཞིང་ངོ་། །སྙོམས་པར་ཞེས་བྱ་བ་ནི་སྡིག་པ་དང་མ་འདྲེས་པ་དང་ཆོས་བསྟན་པས་སོ། །རྣམ་པར་གྲགས་པའི་སྒྲ་དང་ལྡན་པ་ཞེས་བྱ་བ་ནི་གྲགས་པ་དང་ལྡན་པའོ། །གངས་ཀྱི་ངོས་དང་ཉེ་བ་ཞེས་བྱ་བ་ནི་རི་གངས་ཀྱི་

ལྷོ་ཕྱོགས་ཀྱི་ངོས་དང་ཉེ་བའོ། །ཆུ་ཀླུང་སྐལ་ལྡན་ཤིང་རྟ་ཞེས་བྱ་བ་ནི་ཆུ་ཀླུང་གང་གཱའོ། །དཀོར་སྒྲོམ་ཞེས་བྱ་བ་ནི་སྤྲོག་མ་ལ་སོགས་པ་སྐྱེས་ཀྱི་ནོར་རྫས་ཀྱི་སྣོད་དོ། །བུད་མེད་ལ་ཆགས་པ་ཞེས་བྱ་བ་ནི་བུད་མེད་འདོད་པའོ། །ལན་གཉིས་སམ་ལན་གསུམ་ཞེས་བྱ་བ་ནི་མདོར་བསྡུས་ན་གཉིས་

ལ་རྒྱས་པར་བྱས་ན་གསུམ་མོ། །མི་འདོད་བཞིན་དུ་དགང་བར་བགྱི་བ་ལགས་ཏེ་ཞེས་བྱ་བ་ནི་མི་འདོད་བཞིན་དུ་གསོ་བར་བྱ་བ་སྟེ། སྦྱིན་གནས་ཡིན་པའི་ཕྱིར་རོ། །ཚར་གཅད་པ་ཞེས་བྱ་བ་ནི་བསྡིགས་པའོ། །དཀའ་བ་བྱེད་པ་ཞེས་བྱ་བ་ནི་དབུགས་འགོག་པ་ལ་སོགས་པ་དཀའ་ཐུབ་དྲག་པོའོ། །ཅི་

ཡང་མེད་པ་ཞེས་བྱ་བ་ནི་འབྲས་བུ་མེད་པའོ། །རྒྱ་ཆེ་བ་ཞེས་བྱ་བ་ནི་རྒྱུ་མཐུན་པ་ཆེ་བའི་ཕྱིར་དང་ཚད་ཆེ་བའི་ཕྱིར་རོ། །ལན་བཅུ་དྲུག་བཟླས་པ་ཞེས་བྱ་བ་ནི་སྟོང་དང་ལྔ་བརྒྱ་དང་། ཉིས་བརྒྱ་ལྔ་བཅུ་དང་། བརྒྱ་ཉི་ཤུ་རྩ་ལྔ་དང་། དྲུག་ཅུ་རྩ་གསུམ་དང་། སུམ་ཅུ་རྩ་གཉིས་དང་། བཅུ་དྲུག་དང་།

བརྒྱད་ཀྱི་ཚད་ཀྱི་བརྒྱད་པོ་དག་གི་ཚོགས་རྣམས་བཞོ་བ་དང་། བླུད་པ་ལ་སོགས་པ་དག་བཞོ་བ་དག་གིས་ལན་གཉིས་གཉིས་སུ་ལན་བཅུ་དྲུག་བཟླས་པ་དེ་བཞོ་བས་བཟླས་ཞེས་བྱ་བའི་ཐ་ཚིག་གོ། །རྩྭ་བཀྲ་ཤིས་འཚོང་བ་ཞེས་བྱ་བ་ནི་རྩྭ་འཚོང་ངོ་། །བྱང་ཆུབ་ཀྱི་གཞི་ཞེས་བྱ་བ་ནི་རྡོ་རྗེའི་

Vol. 157 · folio 113b

གདན་ནོ། །རྩྭ་མ་འཁྲུགས་པ་ཞེས་བྱ་བ་ནི་རྩྭའི་ཁ་ཕྱོགས་གཅིག་ཏུ་བལྟ་བའོ། །དྲན་པ་ཕྱོགས་པར་བཞག་སྟེ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལས་ཕྱིར་ཕྱོགས་པ་དང་། དམིགས་པ་ལ་མངོན་པར་ཕྱོགས་ཏེ་སྣའི་རྩེ་མོ་གཏད་ཅིང་དབུགས་འབྱུང་བ་དང་རྔུབ་པ་ལས་དམིགས་པའོ། །ཆོ་

འཕྲུལ་གསུམ་གྱིས་ཞེས་བྱ་བ་ནི་རྫུ་འཕྲུལ་དང་། ཀུན་བརྗོད་པ་དང་རྗེས་སུ་བསྟན་པའི་མཚན་ཉིད་ཀྱི་རྨད་དུ་བྱུང་བ་དག་གིས་སོ། །ཤིན་ཏུ་མཐར་ཐུག་པ་ཞེས་བྱ་བ་ནི་ཡང་བྱང་བ་གཞན་མེད་པའི་མྱ་ངན་ལས་འདས་པའོ། །བདུད་རྩི་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ལམ་མོ། །ཡོངས་སྐོམ་

ཞེས་བྱ་བ་ནི་འདོད་པའོ། །རུམ་དུ་ཞུགས་པ་ཞེས་བྱ་བ་ནི་ལྷུམས་ན་བཞུགས་པའོ། །ཚུན་ཆད་ནས་ཞེས་བྱ་བ་ནི་དེ་ཚུན་ཆད་ནས་བརྩམས་ནས་སོ། །ཁྲིད་པར་བྱེད་ཅེས་བྱ་བ་ནི་འཇུག་པར་བྱེད་པའོ། །སྲེད་པ་ཞེས་བྱ་བ་ནི་འདོད་པའོ། །དྲ་ཞེས་བྱ་བ་ནི་དྲ་བ་སྟེ་གྱ་གྱུར་སྤྱོད་པའོ། །བཀྲམ་པ་

ཞེས་བྱ་བ་ནི་བརྐྱང་བའོ། །སྤྱོད་ཡས་ཞེས་བྱ་བ་ནི་ཡུལ་མཐའ་ཡས་པ་སྟེ་མྱ་ངན་ལས་འདས་པའི་སྤྱོད་ཡུལ་དང་ལྡན་པའོ། །གཞི་མེད་ཅེས་བྱ་བ་ནི་འགྲོ་བ་ལྔ་ལས་ཡང་དག་པར་འདས་པ་གཞི་མེད་པའོ། །གང་གི་གཞིས་ནི་ཞེས་བྱ་བ་ནི་ཐབས་གང་གིས་སོ། །རྩལ་ཡས་ཞེས་བྱ་བ་ནི་རྩལ་

མཐའ་ཡས་པ་སྟེ། ཡེ་ཤེས་ཀྱི་སྟོབས་དཔག་ཏུ་མེད་པ་དང་ལྡན་པའོ། །གང་རྒྱལ་མི་ཉམས་ཞེས་བྱ་བ་ནི་གང་རྒྱལ་བ་ཉམས་པར་མི་འགྱུར་བ་སྟེ། རྒྱལ་བ་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་སོ། །མི་ཉམས་ཞེས་བྱ་བ་ནི་འཇིག་པར་མི་འགྱུར་བའོ། །གང་ལ་འཇིག་རྟེན་མ་རྒྱལ་ཡང་མེད་པ་ཞེས་

བྱ་བ་ནི་གང་ལ་འཇིག་རྟེན་ན་ཡེ་ཤེས་ཀྱིས་མ་རྒྱལ་བ་འགའ་ཡང་མེད་པའོ། །ཚིགས་བཅད་དང་པོས་ནི་འདོད་པའི་ཐབས་ཀྱིས་བཀྲིར་མི་ནུས་པ་བསྟན་ཏོ། །གཉིས་པས་ནི་མཐུས་བཀྲིར་མི་ནུས་པ་བསྟན་ཏོ། །གསུམ་པ་དང་བཞི་པས་ནི་ཡོངས་སུ་ཉམས་པ་མི་མངའ་བས་བཀྲིར་མི་ནུས་པ་

བསྟན་ཏོ། །ཚེ་རབས་བརྗེས་པ་ཞེས་བྱ་བ་ནི་སྐྱེ་བའི་རྣམ་གྲངས་སོ། །བླ་མ་ཞེས་བྱ་བ་ནི་མེས་པོ་དང་ཤེས་པའི་ལུང་འབོགས་པ་ལ་སོགས་པའོ། །བླ་མའི་གནས་ལྟ་བུ་ཞེས་བྱ་བ་ནི་བླ་མ་དང་འདྲ་བ་དག་གོ། །ཚམ་ཚོམ་མེད་པ་ཞེས་བྱ་བ་ནི་ཞུགས་ཤིག་ཅེས་མི་ཟེར་བར་རོ། །སངས་རྒྱས་ཀྱི་

Vol. 157 · folio 114a

མཐུ་ཞེས་བྱ་བ་ནི་འཇུག་པ་བྱེད་པའི་རྒྱུ་ཡིན་ནོ། །ལྷ་རྣམས་ཀྱི་མཐུ་ཞེས་བྱ་བ་ནི་རྗེས་སུ་འཇུག་པར་བྱེད་པའི་རྒྱུ་ཡིན་ནོ། །བྱི་དོར་ཞེས་བྱ་བ་ནི་སྦྱང་བའོ། །ཁང་ཆེན་ཞེས་བྱ་བ་ནི་ཚད་ཆེན་ཏེ་གནས་ལ་བདུན་ནམ་བརྒྱད་ལ་སོགས་པ་དང་ལྡན་པའོ། །ཁང་པའི་གཞི་ཞེས་བྱ་

བ་ནི་ཁང་ཁྱིམ་གྱི་གནས་སོ། །ལྷ་རྣམས་ནི་སེམས་ཀྱིས་འགྲུབ་པ་ཡིན་ཞེས་བྱ་བ་ནི་སེམས་ཀྱི་སྐད་ཅིག་ཏུ་བསྒྲུབས་པས་སོ། །སེམས་བསྐྱེད་པ་ཙམ་གྱིས་ཞེས་བྱ་བ་ནི་སྤྲུལ་པའི་སེམས་གཅིག་གི་མོད་ཁོ་ནས་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་ལུང་མ་བསྟན་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་

ཕྱོགས་བྱས་པ་སངས་རྒྱས་ཉིད་དུ་མ་བསྟན་པར་རོ། །སེམས་ཅན་གྱིས་ཞེས་བྱ་བ་ནི་ལུང་བསྟན་པའི་སེམས་ཅན་ལས་གཞན་པས་སོ། །ཕྱིར་མི་ལྡོག་པའི་སེམས་ཞེས་བྱ་བ་ནི་གང་སྐྱེས་ནས་ཡུན་རིང་དུ་ཕྱིར་མི་ལྡོག་པ་ཉིད་ཀྱི་སྐད་ཅིག་མི་ཕྱོགས་པ་ནི་དགག་པ་མེད་དོ། །མཚམས་བཅད་པ་

ཞེས་བྱ་བ་ནི་ཉན་ཐོས་ཀྱི་དགེ་འདུན་གྱིས་མཚམས་ཆེན་པོ་གཅོད་པའི་ལས་སོ། །ལས་ཀྱི་རྒྱུ་བ་ཞེས་བྱ་བ་ནི་ལས་རྣམ་པར་གཞག་པ་ལས་ཀྱི་ཚུལ་ལོ། །བདུག་པ་ཞེས་བྱ་བ་ནི་བདུག་སྤོས་དྲི་ཞིམ་པོའི་སྣོད་ནས་དུ་བ་འཐུལ་བའོ། །དར་གྱི་ཆུན་པོ་མང་པོ་ཞེས་བྱ་བ་ནི་དར་ཆུན་པོ་བརྒྱ་ཕྲག་མང་པོ་

དང་ལྡན་པའོ། །རྒྱལ་པོའི་འབྱོར་པ་ཆེན་པོ་ཞེས་བྱ་བ་ནི་འཁོར་ལ་སོགས་པའི་དབང་ཕྱུག་གོ། །རྒྱལ་པོའི་མཐུ་ཆེན་པོ་ཞེས་བྱ་བ་ནི་ཡུལ་བདེ་ཞིང་ལོ་ལེགས་པ་ལ་སོགས་པ་རྒྱལ་སྲིད་ཀྱི་འབྲས་བུའོ། །ལུས་མ་བཏུད་ཅེས་བྱ་བ་ནི་ལུས་གདུང་བར་མི་བྱེད་པར་རོ། །ཏ་ལ་ཞེས་བྱ་བ་ནི་སྲིད་དུ་

མིའི་ཁྲུ་བདུན་ཡོད་དོ། །རྫུ་འཕྲུལ་གྱི་རྐང་པ་བཞི་པོ་ཤིང་རྟ་ལྟ་བུས་ཐག་རིང་པོར་གཤེགས་པའི་ཕྱིར་རོ། །ཡང་དག་རྩོལ་བའི་བཞོན་པའི་བཞོན་པ་ཞེས་བྱ་བ་ནི་བརྩོན་འགྲུས་ཁ་ལོ་བསྒྱུར་བ་ལྟ་བུས་གང་དུ་གཤེགས་བཞེད་པའི་ཡུལ་དུ་གཤེགས་པའི་ཐ་ཚིག་གོ། །མི་སྨན་པ་ཞེས་བྱ་བ་ནི་

མི་ལྡན་པར་རོ། །ཇི་ལྟར་ཁྱོད་སྐུས་བཟོད་པ་མཛད་པ་ཞེས་བྱ་བ་ནི་ཇི་ལྟར་དང་དུ་བཞེས་པར་མཛད་ཅིང་ཐུགས་བྱུང་བར་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །ཁྲེལ་འཛེམ་ཞེས་བྱ་བ་ནི་ཟག་པ་མེད་པའི་ཆོས་དག་ལ་གུས་པའོ། །རོ་མང་ལྡན་ཞེས་བྱ་བ་ནི་སྲན་ཚོད་དང་སྐྱུ་རུམ་མང་པོའི་རོ་དང་ལྡན་པའོ། །

Vol. 157 · folio 114b

ཇི་ལྟར་ཁྱོད་ཀྱི་མགུར་དུ་བྱོན་པ་ཞེས་བྱ་བ་ནི་གསོལ་བ་ན་ཇི་ལྟར་མགུར་དུ་བྱོན་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ལྡན་དགའ་བ་ཞེས་བྱ་བ་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པ་ཟག་པ་མེད་པའི་ཡུལ་ལོ། །ངེས་འབྱུང་ལྡན་ཞེས་བྱ་བ་ནི་ཆགས་པ་མེད་པའོ། །འོ་ན་ཅིའི་ཕྱིར་བསོད་

སྙོམས་སྤྱོད་པར་མཛད་སྙམ་པ་ལ། ཟས་སྲེད་སྤངས་ཀྱང་འཇིག་རྟེན་ཀུན། །རྗེས་སུ་གཟུང་ཕྱིར་བདག་སྤྱོད་བྱེད། །ཅེས་བྱ་བ་གསུངས་ཏེ། ཁམ་དང་། རེག་པ་དང་། སྤོང་བ་ལ་སེམས་པ་དང་། རྣམ་པར་ཤེས་པའི་ཟས་ཀྱི་སྲེད་པ་ཐམས་ཅད་སྤངས་ཀྱང་ངོ་། །ཡང་ཏོག་གི་གཞལ་མེད་ཁང་ཞེས་བྱ་བ་ནི་

ཁང་པའི་གཞལ་མེད་ཁང་ངོ་། །སྟེང་ཞེས་བྱ་བ་ནི་ཁང་བཟངས་ཀྱི་སྟེང་གི་གཞི་ནའོ། །དུས་མཐུན་ཞེས་བྱ་བ་ནི་རྟག་ཏུ་དུས་ཚིགས་རྣམས་དང་མཐུན་པར་རོ། །བཞུགས་ཞེས་བྱ་བ་ནི་ཀུན་དུ་སྤྱོད་པའོ། །གཽ་ཏ་མ་ཞེས་བྱ་བ་ནི་རྒྱལ་པོ་ལ་བོད་པའོ། །འཇིགས་ཀུན་རྩེ་ཞེས་བྱ་བ་ནི་འཆི་བའི་

འཇིགས་པ་ལ་སོགས་པའི་རྒྱུ་གང་ཡིན་པའོ། །སྲིད་ཅེས་བྱ་བ་ནི་འདོད་པའི་སྲིད་པ་ལ་སོགས་པ་སྲིད་པ་གསུམ་པོ་དག་གོ། །བག་ཉལ་བཅས་ཞེས་བྱ་བ་ནི་ཉོན་མོངས་པ་དང་བཅས་པའོ། །སྤངས་པས་ཞེས་བྱ་བ་ནི་རང་ཉིད་སྤངས་པ་དང་། དེའི་དམིགས་པའི་ཉོན་མོངས་པ་སྤངས་པས་

སོ། །ཁྲུས་མཆོག་ཅེས་བྱ་བ་ནི་ག་བུར་ལ་སོགས་པ་དང་སྦྱར་བའི་སྐྱུ་རུ་རའི་ཤུན་པ་ལ་སོགས་པ་ཁྲུས་ཀྱི་ཡོ་བྱད་དག་གིས་སོ། །ཆོས་རྫིང་ཞེས་བྱ་བ་ནི་ལམ་སྟེ་རྫིང་དང་འདྲ་བའི་ཕྱིར་རོ། །བསོད་ནམས་འགྲམ་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་འཇུག་པའོ། །རྙོག་པ་མེད་ཅེས་བྱ་བ་ནི་ཟག་

པ་མེད་པའོ། །མི་ལུས་མི་གཤེར་ཞེས་བྱ་བ་ནི་རྒྱུད་ལ་སྲེད་པ་མེད་པའོ། །རིག་བྱེད་ཡོན་ཏན་ཞེས་བྱ་བ་ནི་ཡང་དག་པར་རྟོག་པ་ལ་སོགས་པ་ཤེས་པའི་ཡན་ལག་དག་གིས་སོ། །ཕ་རོལ་འགྲོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་འགྲོ་བའོ། །ཟིལ་གནོན་ཞེས་བྱ་བ་ནི་མི་གུས་པའོ། །འཇིགས་

སྐྲག་ཅེས་བྱ་བ་ནི་འཇིགས་པ་ཉིད་དོ། །ཡིད་འབྱུང་ཅེས་བྱ་བ་ནི་མི་ཕྱོགས་སོ། །འཇིག་རྟེན་ཆོས་བརྒྱད་ཀྱིས་ཞེས་བྱ་བ་ནི་བདེ་བ་དང་། སྡུག་བསྔལ་བ་དང་། སྙན་པ་དང་། མི་སྙན་པ་དང་། བསྟོད་པ་དང་། སྨད་པ་དང་། རྙེད་པ་དང་། མ་རྙེད་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཀུན་དུ་སྤྱོད་པ་དག་

Vol. 157 · folio 115a

གིས་སོ། །ལེགས་པར་འཁྲུངས་པ་ཞེས་བྱ་བ་ནི་ཁྱད་དུ་འཕགས་པར་སྐྱེས་པའོ། །དད་རྒྱས་པས་ཞེས་བྱ་བ་ནི་དད་པ་མངོན་པར་འཕེལ་བས་སོ། །དྲང་སྲོང་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དགེ་འདུན་ཞེས་བྱ་བ་ནི་འཕགས་པའི་དགེ་འདུན་ནོ། །སྡིག་

པ་འདོད་པ་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་བསམ་པའོ། །ང་རྒྱལ་ལས་ང་རྒྱལ་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་ཀྱི་མཆོག་དེ་བཞིན་གཤེགས་པ་བས་ཀྱང་མཐོ་བར་འདོད་པའི་ཕྱིར་རོ། །རྗེས་སུ་འཇུག་པར་འདོད་པས་ཞེས་བྱ་བ་ནི་དབང་དུ་བྱེད་པའོ། །གཅུགས་པར་གྱུར་པ་དགའ་སྟོན་པ། །ཞེས་

བྱ་བ་ནི་གཅུགས་པར་གྱུར་པས་དེ་དང་ལྷན་ཅིག་བག་དབབ་པ་བྱས་པའོ། །འཇིག་རྟེན་པའི་ཐུགས་ཞེས་བྱ་བ་ནི་ཆེ་གེ་མོ་ཞིག་འོང་བར་གྱུར་ཅིག་སྙམ་དུ་བཞེད་པའི་ཐུགས་སོ། །འཇིག་རྟེན་ལས་འདས་པའི་ཐུགས་ཞེས་བྱ་བ་ནི་ཟག་པ་མེད་པའི་བསམ་གཏན་དང་། གཟུགས་མེད་པའི་ཟག་པ་

དང་བཅས་པའོ། །ཐུབ་པའི་ཉན་ཐོས་མཐུ་ཆེ་བ་ཞེས་བྱ་བ་ལ། མཐུ་ཆེ་བ་ཞེས་བྱ་བ་ནི་རྫུ་འཕྲུལ་དང་ལྷའི་རྣ་བ་དང་ལྡན་པའོ། །གསུམ་རིག་ཅེས་བྱ་བ་ནི་རིག་པ་གསུམ་དང་ལྡན་པའོ། །སེམས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི་གཞན་གྱི་སེམས་ཡོངས་སུ་ཤེས་པ་ལ་མཁས་པའོ། །ཟག་པ་ཟད་

པར་གྱུར་པ་དང་། །དགྲ་རྣམས་བཅོམ་པ་མང་དུ་ཡོད་ཅེས་བྱ་བ་ནི་ཟག་པ་ཟད་པ་དགྲ་བཅོམ་པར་གྱུར་པ་ཡིན་གྱི་མིང་ཙམ་གྱིས་མ་ཡིན་པའོ། །མངོན་པར་ཞུགས་པ་ཞེས་བྱ་བ་ནི་འཕགས་པའི་སར་ཆུད་པའོ། །གློ་བ་ཐག་པ་ལས་ཞེས་བྱ་བ་ནི་སྲོག་གི་མཐར་ཐུག་པ་ནས་ཏེ་སྙིང་ནས་སྐྱབས་སུ་

འགྲོའོ་ཞེས་བྱ་བའི་ཐ་ཚིག་གོ། །རྙེད་པའི་ཕྱིར་དང་ཉེ་བ་ཞེས་བྱ་བ་ནི་རྙེད་པ་དག་གི་རྒྱུ་ནི་མང་དུ་ཐོས་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཤིན་ཏུ་དཀའ་བ་ཡིན་གྱི་ཞེས་བྱ་བ་ནི་གནོད་པ་ཡིན་གྱི་ཞེས་བྱ་བའོ། །རྡུལ་གྱི་རྫབ་འདྲ་བ་ཁྱོད་ལ་མི་བྲ་བ་ཅི་ཡོད་ཅེས་བྱ་བ་ནི་རྡུལ་དང་རྡུལ་དུ་

འདྲེས་པའི་རྫབ་འདྲ་བ་ཁྱོད་བཏང་དུ་མི་བྲ་བ་ཅི་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །དགེ་སློང་མ་གསོ་སྦྱོང་འབུལ་བ་དག་ཅེས་བྱ་བ་ནི་དགེ་སློང་མ་རྣམས་ཀྱི་ལས་ནི་རྫོགས་པར་བསྙེན་པ་དགག་དབྱེ་མ་གཏོགས་པ་གཞན་ཐམས་ཅད་དགེ་སློང་དང་ཐ་དད་པ་ཉིད་ཡིན་ལ་དགེ་སློང་མ་རྣམས་ཀྱི་གསོ་སྦྱོང་ནི་

Vol. 157 · folio 115b

དགེ་སློང་གི་དགེ་འདུན་དང་མཐུན་པ་འགྲུབ་པ་རྣམས་ཀྱི་བྱ་བ་ཡིན་ཏེ། མཐུན་པ་སྒྲུབ་པ་ཡང་དགེ་སློང་མའི་དགེ་འདུན་པ་གསོ་སྦྱོང་དབུལ་བའི་དགེ་སློང་མ་གཉིས་ཡན་ཆད་བསྐོས་པས་དགེ་སློང་གི་དགེ་འདུན་གྱིས་དེ་ལེན་པའི་དགེ་སློང་བསྐོས་པ་སྒོ་གང་ན་སྡོད་པ་ལ་ཕུལ་བས་བསྒྲུབ་དགོས་པས་དེ་

དབུལ་བའི་དགེ་སློང་མ་ཞེས་བྱ་བའི་ཐ་ཚིག་གོ། །གཡེངས་མ་ཞེས་བྱ་བ་ནི་སེམས་རྣམ་པར་གཡེངས་པའོ། །རྒྱ་ཅང་དང་ལྕག་པོད་དང་། ཤུར་བུ་དང་། ཤུར་བུ་ཕྲེའུ་དག་གིས་བར་ཆད་ཀྱང་བྱས་ལ་ཞེས་བྱ་བ་ནི་དེ་དག་དགེ་སློང་མ་ལས་ཐོབ་པའི་ཕྱིར་རོ། །མགོ་སྤྲ་བའི་མེ་ཏོག་ལྟར་སྐྱ་བ་ཞེས་བྱ་

བ་ནི་སྐྲ་སྤྲ་བའི་མེ་ཏོག་ལྟར་དཀར་བའོ། །གནོད་པ་ཆུང་བ་ཞེས་བྱ་བ་ནི་རྟག་པའི་ནད་ཉུང་བའོ། །ཉམ་ང་བ་ཆུང་བ་ཞེས་བྱ་བ་ནི་ཕྱི་རོལ་གྱི་གནོད་པའི་ཉམ་ང་བ་ཆུང་བའོ། །བདེ་བ་ཞེས་བྱ་བ་ནི་ཆོས་གོས་ལ་སོགས་པ་ཡོ་བྱད་འབྱོར་པའོ། །བསྙུན་མི་མངའ་བ་ཞེས་བྱ་བ་ནི་ལན་འགའ་འབྱུང་བའི་

བསྙུན་དང་བྲལ་བའོ། །བླ་མཁྱེན་ཞེས་བྱ་བ་ནི་བཙུན་མོ་འཁོར་གྱི་ཞལ་ཏ་པའོ། །གཏམ་ཤེས་སོ་ཞེས་བྱ་བ་ནི་རྒྱུས་ཤེས་སོ་ཞེས་བྱ་བའི་ཐ་ཚིག་གོ། །རག་མང་དུ་ལས་ཀྱི་ཞེས་བྱ་བ་ནི་ལུང་ནོད་པ་རྫོགས་པར་བསྙེན་པ་ལ་སོགས་པའོ། །བརྟད་པ་ཅི་འབྱུང་ན་ཞེས་བྱ་བ་ནི་ཉམས་པ་ཅི་ཡོད་ན་

ཞེས་བྱ་བའི་ཐ་ཚིག་གོ། །བདག་ཉིད་ཀྱི་ལག་རང་ལ་སོས་འདེབས་པར་བྱེད་དམ་ཞེས་བྱ་བ་ནི་སྐྱེ་དགུའི་བདག་མོ་ཆེན་མོ་ནི་བདག་དང་འདྲ་བས་དེ་ལས་ལོག་པ་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བཤང་བ་བྱེད་འདོད་དམ་ཞེས་བྱ་བ་ནི་བཤང་བ་བྲོ་བའོ། །སྟེན་པ་བྱེད་པ་ཞེས་བྱ་བ་ནི་གོམས་པར་བྱེད་

པ་ལ་སོགས་པའི་རྩོམ་པའོ། །གོམས་པར་བྱེད་པ་ཞེས་བྱ་བ་ནི་འབྲིང་དུ་བྱེད་པའོ། །ལན་མང་དུ་བྱེད་པ་ཞེས་བྱ་བ་ནི་ཆེར་བྱེད་པའོ། །རྗེས་སུ་སྲུང་བར་བྱེད་པ་ཞེས་བྱ་བ་ནི་ཡོངས་སུ་ཉམས་པ་ཟློག་པར་བྱེད་པའོ། །རེག་པར་བྱེད་པ་ཞེས་བྱ་བ་ནི་ཤེས་པ་ཡོངས་སུ་གཅོད་པའོ། །མངོན་སུམ་དུ་

བྱེད་པ་ཞེས་བྱ་བ་ནི་འཐོབ་པ་བསྒྲུབ་པའོ། །བདག་ཉིད་སྲུང་ན་གཞན་སྲུང་བར་བྱེད་ཅེས་བྱ་བ་ནི་བདག་ཉིད་སྲུང་ན་གཞན་ལ་མི་གནོད་པའི་ཕྱིར་རོ། །ཐོ་མི་འཚམས་པ་ཞེས་བྱ་བ་ནི་འདོད་པའི་གེགས་མི་བྱེད་པའོ། །མི་གཤེ་བ་ཞེས་བྱ་བ་ནི་ཁྲོ་བ་མི་བསྐྱེད་པའོ། །མི་འཚེ་བ་ཞེས་བྱ་བ་ནི་མི་འདོད་

Vol. 157 · folio 116a

པ་མི་བསྒྲུབ་པའོ། །རྗེས་སུ་བརྩེ་བ་ཞེས་བྱ་བ་ནི་འདོད་པ་བསྒྲུབ་པའོ། །རྗེས་སུ་སྙིང་བརྩེ་བ་ཞེས་བྱ་བ་ནི་སེམས་མགུ་བར་བྱེད་པའོ། །བྱམས་པའི་སེམས་ཞེས་བྱ་བ་ནི་ཕན་པའི་བསམ་པ་ཉིད་དང་མི་འདོད་པ་གཅད་པའི་བསམ་པ་ཉིད་དོ། །གཞན་སྲུང་བ་ན་བདག་ཉིད་སྲུང་བར་བྱེད་དོ་

ཞེས་བྱ་བ་ནི་སེམས་ཁྲོ་བ་ལ་སོགས་པ་སྡིག་པ་ལས་ལོག་པའི་ཕྱིར་རོ། །ཆོས་བཟང་པོའི་ཆོས་ཀྱིས་ཞེས་བྱ་བ་ནི་བྱ་བ་གང་ལ་ཆོས་བཟང་པོའི་ཆོ་ག་ཡོད་པའི་ཆོས་ཀྱིས་སོ། །གཏམ་སྣ་ཚོགས་ཞེས་བྱ་བ་ནི་ཚིག་སྣ་ཚོགས་སོ། །གཏམ་སྙན་པ་ཞེས་བྱ་བ་ནི་ཚིག་དགའ་བའོ། །སྤོབས་པ་དགེ་བ་ཞེས་བྱ་བ་

ནི་རྗེས་སུ་མཐུན་པའི་ཤེས་རབ་བོ། །དུ་གུ་ལའི་གོས་ཞེས་བྱ་བ་ནི་རྩྭ་དུ་གུ་ལའི་ཚལ་པ་ལས་བྱས་པའོ། །ཀོ་ཏམ་པའི་གོས་ཞེས་བྱ་བ་ནི་རྩྭ་ཀོ་ཏམ་པ་ལས་བྱུང་བའོ། །ཉི་འོག་གི་གོས་ཞེས་བྱ་བ་ནི་མཐའ་འཁོབ་ནས་བྱུང་བ་ཟབ་དར་ལ་སོགས་པའོ། །ཐལ་མོས་བརྡེབས་པ་ཞེས་བྱ་བ་ནི་ཐལ་

ལྕག་གོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པ་དང་། ཉེ་དུ་མ་ཡིན་པར་ཡིད་གཉིས་ཟ་བ་ནི་དངོས་གཞི་ཉིད་དུ་འགྱུར་རོ། །དགེ་སློང་མ་ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པ་དང་ཉེ་དུ་མ་ཡིན་པར་ཡིད་གཉིས་ཟ་བ་ནི་ཉེས་བྱས་སུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་འགྲེས་བཞི་

སྨོས་སོ། །འཁྲུར་འཇུག་པ་ལ་སོགས་པ་འདོད་པ་ཐ་དད་ན་རེ་རེ་ལ་ཡང་ལྟུང་བ་རེ་རེར་འགྱུར་ལ་སྦྱོར་བ་གཅིག་ན་གཉིས་ལ་ཡང་ལྟུང་བ་གཅིག་ཏུ་འགྱུར་བ་དང་སྦྱོར་བ་གཅིག་ན་གསུམ་ཆར་ལ་ཡང་མཐར་ལྟུང་བ་གཅིག་ཏུ་འགྱུར་བ་བསྟན་པའི་ཕྱིར་འགྲེས་བཞི་པོ་རེ་རེ་ལ་ཡང་ལྟུང་བ་བཅུ་བཅུ་རྣམ་

པར་གཞག་གོ། །ཤིན་ཏུ་གོས་ཀྱིས་ཆ་བ་ལས་སྦྱོར་བ་ཞེས་བྱ་བ་ནི་གོས་བཟང་པོར་བྱ་བའི་ཕྱིར་རྩོལ་བའོ། །བདེན་པ་དག་མ་མཐོང་ངོ་ཞེས་བྱ་བ་ནི་ཡོ་བྱད་ལ་ལྷག་པར་ཆགས་པས་སྐྱོ་བ་མ་སྐྱེས་པའི་ཕྱིར་རོ། །སྨད་ན་ཞེས་བྱ་བ་ནི་ཚིག་དངོས་སུ་སྨྲ་བས་སྨད་ནའོ། །དབྲལ་དཀའ་བར་འགྱུར་རོ་ཞེས་བྱ་

བ་ནི་དེ་དག་ང་རྒྱལ་བཅད་པ་ཡིན་པས་ཚིག་མི་སྙན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ལྟུང་བྱེད་ཀྱི་ལྟུང་བ་བྱེད་དུ་གཞུག་གོ་ཞེས་བྱ་བ་ནི་མ་གུས་པ་ལས་བྱུང་བའི་ལྟུང་བྱེད་འཆགས་སུ་གཞུག་པའོ། །ཟླ་བ་ཤོལ་མ་བོར་ཞེས་བྱ་བ་ནི་ཟླ་བ་ལྷག་པར་མ་བྱས་པའོ། །ཟླ་བ་ཤོལ་བོར་བ་ཞེས་བྱ་བ་ནི་ཟླ་

Vol. 157 · folio 116b

བ་ལྷག་པར་བྱས་པའོ། །བསྟོད་པ་ཞེས་བྱ་བ་ནི་རང་གི་ངོ་བོ་ཉིད་བསྟོད་པའོ། །བཀུར་བ་ཞེས་བྱ་བ་ནི་འབྲས་བུ་བསྟོད་པའོ། །བསྔགས་པ་ཞེས་བྱ་བ་ནི་གཞན་གྱིས་བྱས་པའི་དྲིས་པ་ལན་གདབ་པས་སོ། །རབ་ཏུ་བསྔགས་པ་ཞེས་བྱ་བ་ནི་གཞན་གྱིས་སྨྲས་པའི་ཡོན་ཏན་ལ་རྗེས་སུ་ཡི་རང་བས་སོ། །

ཁྲིམས་ནི་གང་ལགས་ཞེས་བྱ་བ་ནི་རྟག་ཏུ་བྱ་བའི་ཁྲིམས་སོ། །ཁྲིམས་བགྱི་བ་ནི་གང་ལགས་ཞེས་བྱ་བ་ནི་གློ་བུར་དུ་བྱ་བའི་ཁྲིམས་སོ། །རྙེད་པ་ཆོག་པའི་བསོད་སྙོམས་པ་ཞེས་བྱ་བ་ནི་དང་པོ་ཁོ་ནས་ཐོབ་པའི་བསོད་སྙོམས་ངེས་པར་ལོངས་སྤྱོད་ཅིང་གཞན་མི་ཚོལ་བ་གང་ཡིན་པའོ། །ཕྱིང་པ་པ་

ཞེས་བྱ་བ་ནི་ཕྱིང་པ་ལས་བྱས་པའི་ཆོས་གོས་གསུམ་འཆང་བ་གང་ཡིན་པའོ། །ཅོག་པུ་པ་ཞེས་བྱ་བ་ནི་མི་ཉལ་བར་ཅོག་པུ་ཁོ་ནར་འདུག་པ་གང་ཡིན་པའོ། །གཞི་ཇི་བཞིན་པ་ཞེས་བྱ་བ་ནི་དང་པོ་བཏིང་བ་ཁོ་ནའི་སྟེང་དུ་ཉལ་གྱི་བདག་གིས་གདིང་བ་དང་གཞན་འདིང་དུ་མི་འཇུག་པ་གང་ཡིན་པའི་

ཡོངས་སུ་སྤང་བ་སྦྱིན་པར་བྱས་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །རེ་ཞིག་དང་པོར་ཁྲིམས་སུ་བྱ་བ་མི་བྱེད་པའི་ཕྱིར་དང་། ཁྱེད་ཀྱི་ཡུལ་ལ་ཁྲིམས་སུ་བྱ་བ་མ་བྱས་པའི་ཕྱིར་ཁྱོད་ལ་ལྟུང་བ་མེད་ལ། ད་ཕྱིན་ཆད་ཀྱང་ཁྱོད་ཀྱི་ཡུལ་ལ་ཁྲིམས་སུ་བྱ་བ་མེད་པ་ཁོ་ན་ཡིན་པས་ཁྱོད་ལ་ཚངས་པ་མཚུངས་

པར་སྤྱོད་པ་རྣམས་ཀྱི་ལྟུང་བས་གླེང་བའི་དོགས་པ་མེད་པར་བྱའོ་ཞེས་བསྟན་པའི་ཕྱིར་དང་། ཤཱཀྱ་རབ་ཏུ་བྱུང་བ་རྣམས་ལ་ཡང་བསྐུལ་བའི་ཕྱིར་རོ། །རྒྱུད་དག་པ་ཞེས་བྱ་བ་ནི་འདོད་པའི་ཀུན་དུ་སྤྱོད་པ་མེད་པའི་ལུས་སོ། །རྒྱུད་དག་པའི་ཚུལ་དག་གིས་ཞེས་བྱ་བ་ནི་སྲེད་པའི་སེམས་དག་

གིས་སོ། །ཡོ་བྱད་བསྙུངས་པའི་ཚུལ་དག་གིས་ཞེས་བྱ་བ་ནི་ངེས་པའི་བྱ་བ་དག་གིས་སོ། །སྲེད་པ་མེད་པ་ཞེས་བྱ་བ་ནི་ཉེ་དུ་ལ་ཆགས་པ་མེད་པའོ། །ལེན་པ་མེད་པ་ཞེས་བྱ་བ་ནི་ཡོ་བྱད་འདོད་པ་མེད་པའོ། །འདོད་པ་ཞེས་བྱ་བ་ནི་ཡིད་ལ་འདོད་པའོ། །སྒྱུ་ཐབས་ཞེས་བྱ་བ་ནི་གཡོས་སོ། །འཕྱེ་

བོ་ཉིད་ཅེས་བྱ་བ་ནི་གྲུམ་པ་ཉིད་དོ། །མཆོངས་པ་ཞེས་བྱ་བ་ནི་མཆོང་ཞིང་འགྲོ་བའོ། །དཀྱུས་མོ་ཞེས་བྱ་བ་ནི་རྒྱུག་ཅིང་འགྲོ་བའོ། །གཅུགས་མེད་པར་གནོད་པ་ཞེས་བྱ་བ་ནི་གནས་མ་ཡིན་པ་ལ་མངོན་པར་ཞེན་པའོ། །ཆེད་དུ་བསམས་ཏེ་ཞེས་བྱ་བ་ནི་སྒྱུ་ཐབས་ཀྱི་རྒྱུ་ཉིད་དོ། །གདུང་ཆད་པ་ཞེས་བྱ་

Vol. 157 · folio 117a

བ་ནི་རྒྱུ་མེད་པའོ། །སྨན་པ་གཉེར་ཏེ་ཞེས་བྱ་བ་ནི་སྨན་པ་དག་གིས་བསྐོར་ཏེའོ། །གང་གཅད་པར་བྱ་ཞེས་བྱ་བ་ནི་རྐང་ལག་ལ་སོགས་པ་གཅད་པར་བྱ་བའོ། །གང་གཅོད་དུ་གཞུག་པར་བྱ་ཞེས་བྱ་བ་ནི་རྐང་ལག་ལ་སོགས་པ་གཅོད་དུ་གཞུག་པར་བྱ་བའོ། །དོང་ཞེས་བྱ་བ་

ནི་ས་ཐམས་ཅད་དུ་གཞུག་པའི་དོང་ངོ་། །གླེན་པ་མ་ལགས་ཞེས་བྱ་བ་ནི་བརྡ་མི་ཕྲད་པ་མ་ཡིན་པའོ། །བློ་མེད་མིན་ཞེས་བྱ་བ་ནི་བདག་ཉིད་སེམས་མི་ཤེས་པ་མ་ཡིན་པའོ། །གསལ་བར་བགྱིད་པའི་ཞེས་བྱ་བ་ནི་ལྕེ་དང་རྐན་དང་སྣ་ལ་སོགས་པ་རྒྱུ་གཞན་དག་གིས་སོ། །སྨྲ་བ་ཞེས་བྱ་བ་ནི་སྨྲ་བ་པོའོ། །

དབང་པོ་ཚང་བ་ཞེས་བྱ་བ་ནི་དབང་པོ་ཐམས་ཅད་དང་ལྡན་པའོ། །གསལ་བ་ཞེས་བྱ་བ་ནི་མ་ཉམས་པའོ། །རིགས་མཐུན་ཞེས་བྱ་བ་ནི་རིགས་ཀྱིས་འོངས་པའོ། །རབ་ཏུ་ཞེས་བྱ་བ་ནི་ཤིན་ཏུའོ། །མི་ཟད་པ་ཞེས་བྱ་བ་ནི་རྒྱུན་དུ་འབྱུང་བའོ། །དྲག་པོ་ཞེས་བྱ་བ་ནི་རྣོན་པོའོ། །འཇིགས་སུ་རུང་

བ་ཞེས་བྱ་བ་ནི་འཇིགས་འཇིགས་ལྟ་སྟེ་དེས་ནི་མི་བཟད་པ་དང་དྲག་པོ་ཉིད་བསྟན་པའོ། །མཆི་མི་བགྱི་ཞེས་བྱ་བ་ནི་འགྲོ་བར་མི་བྱ་བའོ། །དཀའ་ཐུབ་ཀྱིས་གདུང་བ་ཞེས་བྱ་བ་ནི་དུ་བ་རྔུབ་པ་ལ་སོགས་པ་དཀའ་ཐུབ་དྲག་པོ་བྱེད་པའོ། །སྦྱིན་སྲེག་ཅེས་བྱ་བ་ནི་རྒྱུན་དུ་མེར་སྦྱིན་སྲེག་བྱེད་པའོ། །

མཆོད་སྦྱིན་ཞེས་བྱ་བ་ནི་རྟའི་ཚིལ་ལ་སོགས་པས་མཆོད་སྦྱིན་བྱེད་པའོ། །ཀིམ་པའི་འབྲས་བུ་ཞེས་བྱ་བ་ནི་ཤིང་ཀིམ་པ་ཀའི་འབྲས་བུ་སྟེ་མིག་སྔར་སྡུག་ཅིང་གསོད་པར་བྱེད་པ་ཡིན་ནོ། །བདུད་རྩིའི་རོ་དགའ་བ་ཞེས་བྱ་བ་ནི་ཐོག་མ་དང་བར་དང་ཐ་མར་ཞི་བ་ཉིད་ཡིན་པའི་ཕྱིར་རོ། །གནས་མལ་

འཇམ་པ་ཞེས་བྱ་བ་ནི་རེག་པ་འཇམ་པའི་ཤིང་བལ་དག་གོ། །ལེགས་པར་བཤམས་པར་ཞེས་བྱ་བ་ནི་ལེགས་པར་བཏིང་བའོ། །གང་ནས་ཀྱང་འཇིགས་པ་མེད་པ་ཞེས་བྱ་བ་ནི་གང་ནས་ཀྱང་མི་འཇིགས་པའོ། །བྲེད་ངས་ཀྱི་འཇིགས་པ་དང་བཅས་པ་ཞེས་བྱ་བ་ལ། བྲེད་ངས་ཞེས་བྱ་བ་ནི་སྡར་

མ་སྟེ་དེ་འཇིགས་པ་གང་ཡིན་པ་དེ་བྲེད་ངས་ཀྱིས་འཇིགས་པ་སྟེ་དེ་དང་ལྡན་པའི་སེམས་ཀྱིས་སོ། །ཤིང་ཤུན་ཞེས་བྱ་བ་ནི་ཤིང་ལྗོན་པའི་ཤུན་པའོ། །རྩྭ་གྱོན་ཞེས་བྱ་བ་ནི་རྩྭ་དང་ལྷའི་གོས་སོ། །ཐོས་ནས་ཞེས་བྱ་བ་ནི་བརྟགས་སམ་ཁོང་དུ་ཆུད་ནས་སོ་ཞེས་བྱ་བའི་ཐ་ཚིག་གོ། །མཆི་མས་

Vol. 157 · folio 117b

བརྣངས་པ་ཞེས་བྱ་བ་ནི་མཆི་མས་རྣམ་པར་དཀྲུགས་པའི་མགྲིན་པས་སོ། །བུ་བླངས་ཞེས་བྱ་བ་ནི་བུ་ལ་འཁྱུད་ནས་སོ། །བརྟུལ་ཞུགས་ངེས་འཆང་ཞིང་ཞེས་བྱ་བ་ལ་བརྟུལ་ཞུགས་ཞེས་བྱ་བ་ནི་ལུས་དང་ངག་གི་ངེས་པའོ། །ངེས་པ་ཞེས་བྱ་བ་ནི་ཡིད་ཀྱིས་ཡང་དག་པར་སྡོམ་པའོ། །རང་གི་ཆོས་

ཞེས་བྱ་བ་ནི་དྲང་སྲོང་གི་ཆོས་སོ། །བྱམས་པའི་བདག་ཉིད་ཅན་ཞེས་བྱ་བ་ནི་བྱམས་པ་ཐོབ་པའོ། །སྙིང་རྗེ་དང་ལྡན་པ་ཞེས་བྱ་བ་ནི་སྙིང་རྗེ་ཐོབ་པའོ། །བརྩེ་བ་དང་ལྡན་པ་ཞེས་བྱ་བ་ནི་གནོད་པ་དག་ལ་བསྲུང་བའོ། །སེམས་ཅན་ལ་བྱམས་པ་དང་ཞེས་བྱ་བ་ནི་བྱམས་པའི་བསམ་པ་དང་ལྡན་པའོ། །

རི་དགས་ཀྱི་བུ་བརྟུལ་ཞུགས་ཅན་ཞེས་བྱ་བ་ནི་རི་དགས་དང་འདྲ་བའི་ཡི་དམ་སྔར་བླངས་ཏེ་སྤྱོད་པའོ། །འཁྲུར་འཇུག་པའི་སྤང་བ་སྟེ་བཞི་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།འགོག་པ་ལ་སྙོམས་པར་ཞུགས་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བ་དགག་པའི་ཕྱིར་

འགོག་པ་སྟེ་དེ་ལ་སྙོམས་པར་ཞུགས་སོ། །སྐལ་བ་ཞེས་བྱ་བ་ནི་བགོ་སྐལ་ལོ། །ནགས་བྱུལ་བ་ཞེས་བྱ་བ་ནི་ནགས་བརྟག་པའོ། །མཐོ་ཡོར་ཞེས་བྱ་བ་ནི་རྡོ་ལ་སོགས་པ་བསྒྲེང་བའོ། །བསོད་སྙོམས་ཀྱི་ཕུད་ཅེས་བྱ་བ་ནི་བསོད་སྙོམས་དང་པོའི་མཆོག་གོ། །ནང་པར་ཞེས་བྱ་བ་ནི་ནང་པར་

སྔར་རོ། །ཉིན་མོ་ཉིད་ཅེས་བྱ་བ་ནི་སྔ་དྲོའི་ཉིན་མོའོ། །ལྷའི་གནས་ཀྱི་ལྷག་མ་བཞིན་དུའོ་ཞེས་བྱ་བ་ནི་ཇི་ལྟར་ལྷའི་གནས་སུ་ཟས་ཕུལ་བའི་ལྷག་མ་བཀྲ་ཤིས་པའི་ཕྱིར་འདོད་པར་བྱ་བ་དེ་བཞིན་དུ་ཏེ་པོར་གསོལ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སློང་མའི་རས་མ་ཞེས་བྱ་བ་ནི་དགེ་སློང་མའི་རས་

རོས་སོ། །ཁུར་བདག་བསླང་ཞེས་བྱ་བ་ནི་བསླབ་པའི་གཞི་དང་བཅས་པའོ། །དེ་ལ་བརྗེ་བ་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་བརྗེ་བའི་ཚུལ་ནི་འདི་ཡིན་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་རིན་མ་ཉམས་པས་བརྗེ་བར་བྱ་བའོ། །ཇི་ཙམ་གྱིས་དགེ་སློང་མ་དགའ་བར་འགྱུར་བས་

ཞེས་བྱ་བ་ནི་རིང་ཆུང་ངུས་ཀྱང་དགེ་སློང་མ་གང་དང་ལྷན་ཅིག་དེ་བརྗེ་བར་བྱེད་པའི་དགེ་སློང་མ་དགའ་བར་འགྱུར་བས་ཞེས་བྱ་བའི་ཐ་ཚིག་གོ། །ལེན་པའི་སྤང་བ་སྟེ་ལྔ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཁ་ཟས་ཙམ་ཞེས་བྱ་བ་ནི་ཁ་ཟས་ཙམ་དུ་འགོད་པའོ། །ཆང་ཆུང་

Vol. 157 · folio 118a

ཙམ་ཞེས་བྱ་བ་ནི་འཚོ་བ་ཙམ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་མཐུན་པ་ཞེས་བྱ་བ་ནི་གཤེར་བའོ། །བཤེས་པ་ཞེས་བྱ་བ་ནི་འབྲེལ་པའོ། །ད་ནི་དུས་ཀྱི་ཕྱེད་ཀྱིས་ཞེས་བྱ་བ་ནི་མཐུས་འཕྲོག་པའི་ཕྱེད་ཀྱིས་སོ། །སྤྱོད་པས་ཞེས་བྱ་བ་ནི་འཇུག་པའི་ངང་ཚུལ་ལོ། །ཤིང་ཚལ་ཞེས་བྱ་བ་ནི་

དབྱིག་གུ་ཚལ་པའོ། །གྲོང་ཕྲེང་བ་ཅན་ཞེས་བྱ་བ་ནི་གྲོང་ཕྲེང་བ་ཅན་ཞེས་བྱ་བ་ནས་སྐྱེས་པའི་ཕྱིར་རོ། །ཚང་ཚིང་ཞེས་བྱ་བ་ནི་རྩྭ་ཐིབས་པོའོ། །དེ་ལ་དེས་ནི་དུས་ཡིན་ནོ་ཞེས་བྱ་བ་ཡང་ཚིག་ཏུ་བཟླས་པ་ནི་བསྣན་པའི་ཕྱིར་ཏེ། དེ་ལས་ལྷག་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རིན་ཐང་ཞེས་བྱ་བ་

ནི་རིན་ནོ། །ཁ་དོག་ཅེས་བྱ་བ་ནི་ཁ་དོག་གི་གཟུགས་སོ། །ཁྲུ་ཚད་ཅེས་བྱ་བ་ནི་ཁྲུ་གང་ངོ་། །ལྷག་མ་ཐོབ་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི་དེས་ལྷག་པ་མ་བསླངས་པའི་ཕྱིར་རོ། །ཁ་དོག་དང་ཚད་ལས་ལྷག་པ་ཡང་དེ་བཞིན་དུ་ཤེས་པར་བྱེད་པའོ། །སློང་བའི་སྤང་བ་སྟེ་དྲུག་པའི་ཚིག་རྣམ་པར་བཤད་

པ་རྫོགས་སོ།། །།བསྡམས་པས་ཞེས་བྱ་བ་ནི་ཁྱད་པར་བྱས་ཤིང་དམ་པོར་བྱས་ཞེས་བྱ་བའི་ཐ་ཚིག་གོ། །ཕྱི་རོལ་ཏུ་ཟས་ལ་བོས་པ་ཞེས་བྱ་བ་ནི་མགྲོན་དུ་བོས་པའོ། །བྱ་རོག་དཀར་པོ་དང་འདྲ་བས་ཞེས་བྱ་བ་ནི་དགེ་སློང་ཧྲལ་པོ་ཡིན་པས་འཇིག་རྟེན་དག་གིས་ངོ་ཤེས་པའི་ཕྱིར་རོ། །

བར་བར་དུ་རྒན་པ་དག་གིས་འཁོད་པར་བྱ་བའོ་ཞེས་བྱ་བ་ནི་བར་བར་དག་ཏུ་གཞོན་ནུ་དག་གིས་བཅད་དེ་རྒན་པ་དག་གིས་འཁོད་པར་བྱ་བའི་ཐ་ཚིག་གོ། །དངར་ཁ་བྱས་ཏེ་ཞེས་བྱ་བ་ནི་གྲལ་ཐབས་སུ་སྦྲེངས་ཏེའོ། །ཁ་ཅིག་ན་རེ་སྒྲོ་གུ་བསྒྲོགས་པའོ་ཞེས་ཀྱང་ཟེར་རོ། །ཡོ་བྱད་བཅུ་གསུམ་བདུན་

བདུན་ཞེས་བྱ་བ་ནི་གསལ་རྒྱལ་ལ་སོགས་པ་སྦྱིན་བདག་བདུན་གྱིས་རེ་རེས་ཀྱང་ཡོ་བྱད་བཅུ་གསུམ་བཅུ་གསུམ་བྱིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མི་བརྩོན་པ་ཞེས་བྱ་བ་ནི་སེམས་ཀྱིས་མི་བརྩོན་པ་བསྟན་ཏོ། །མི་སྦྱོར་བ་ཞེས་བྱ་བ་ནི་ལུས་དང་ངག་གིས་མི་སྦྱོར་བ་བསྟན་ཏོ། །མ་བརྟགས་པར་

སྤྱོད་པ་ཞེས་བྱ་བ་ནི་རྟོག་པ་སྔོན་དུ་མ་སོང་བར་བྱེད་པའོ། །དེ་ལས་ཞེས་བྱ་བ་ནི་བྲམ་ཟེ་འམ་ཁྱིམ་བདག་དད་པ་ཅན་དེ་ལས་སོ། །ཁྲུ་བཅུ་གཉིས་པ་ཞེས་བྱ་བ་ནི་སྲིད་དུའོ། །གལ་ཏེ་ཆུང་ན་ཡང་བསླང་བར་མི་བྱ་ལ་ལྷག་ན་ཡང་སྦྱིན་པར་མི་བྱའོ་ཞེས་བྱ་བ་ནི་ཁྱིམ་པའི་གོས་བསྐྱེད་བྲི་ངེས་པ་ཡིན་པའི་

Vol. 157 · folio 118b

ཕྱིར་རོ། །གལ་ཏེ་ཆུང་ན་ཡང་བསླང་བར་བྱ་ལ་ལྷག་ན་ཡང་སྦྱིན་པར་བྱ་བ་ནི་དགེ་སློང་གི་ཚད་ངེས་པ་ཡིན་པའི་ཕྱིར་རོ། །ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ནི་ལྷག་པ་སློང་བའི་ཕྱིར་དང་། ལྷག་མ་བཅབས་པའི་ཕྱིར་རོ། །སློང་བར་རིགས་པ་སྤང་བ་སྟེ་བདུན་པའི་ཚིག་རྣམ་

པར་བཤད་པ་རྫོགས་སོ།། །།དེ་དག་དང་བདག་མཉམ་པར་ཞེས་བྱ་བ་ནི་དེ་དང་བདག་འདྲ་བར་རོ། །སྔ་མ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་མ་བསླངས་པ་ཉིད་དུ་ཐོབ་པའི་ཕྱིར་རོ། །སྤགས་པ་ལས་ལྷག་པ་སློང་བའི་སྤང་བ་སྟེ་བརྒྱད་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།

ཁྱོ་ཤུག་ཅེས་བྱ་བ་ནི་སྐྱེས་པ་དང་བུད་མེད་དོ། །བསླབ་པའི་གཞི་འདི་ནི་སྦྱིན་བདག་གཅིག་མ་ཡིན་པའི་ཕྱིར་ལོགས་ཤིག་ཏུ་སྨོས་སོ། །གླེང་གཞི་དང་བསླབ་པ་དང་བཅས་པ་དང་ལྟུང་བ་རྣམ་པར་གཞག་པའི་ཚིག་གི་དོན་ནི་སྔ་མ་ཁོ་ན་བཞིན་དུ་རིག་པར་བྱའོ། །སོ་སོ་ནས་སྤགས་པ་ལས་ལྷག་

པ་སློང་བའི་སྤང་བ་སྟེ་དགུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།སྙིང་ཚོམ་ཞེས་བྱ་བ་ནི་བཀྲབས་པའོ། །སྒྲ་མཐོན་པོ་ཞེས་བྱ་བ་ནི་སྐད་ཆེན་པོའོ། །སྒྲ་ཡིད་དུ་འོང་བ་ཞེས་བྱ་བ་ནི་སྙན་པའོ། །སྒྲ་ཟབ་བོ་ཞེས་བྱ་བ་ནི་མཐུ་དང་ལྡན་པའི་ཕྱིར་སྒྲ་གསལ་བའོ། །མི་དགའ་བ་ཞེས་བྱ་

བ་ནི་ཡིད་ལ་གཅགས་པའོ། །སྒྲ་དམའ་བ་ཞེས་བྱ་བ་ནི་སྐད་ཆུང་པའོ། །སྒྲ་ཡིད་དུ་མི་འོང་བ་ཞེས་བྱ་བ་ནི་སྒྲ་མི་སྙན་པའོ། །སྒྲ་ཞུམ་པ་ཞེས་བྱ་བ་ནི་མི་དགའ་བའི་སྐད་དོ། །བརྒྱ་ལ་ཞེས་བྱ་བ་ནི་དུས་ཚིགས་བཟུང་བའོ། །བརྒྱ་ལམ་ན་ཞེས་བྱ་བ་ནི་ཉི་མ་བཟུང་བའོ། །ཟུར་གྱིས་གོ་བ་ཞེས་བྱ་བ་ནི་

ཟུར་ཙམ་གྱིས་གོ་བ་སྟེ་ལག་བརྡ་ལ་སོགས་པས་ཀྱང་བརྡ་ཕྲད་པའི་ཕྱིར་རོ། །བརྗོད་ན་ཞེས་བྱ་བ་ནི་མགོ་སྨོས་པས་གོ་བ་སྟེ་ཅུང་ཞིག་བརྗེད་པས་ལྷག་མ་ཞེས་བྱ་བའི་ཕྱིར་རོ། །ཡི་གེ་ཕྱེད་ཀྱིས་ཞེས་བྱ་བ་ནི་རྣམ་པར་མ་སྤྲོས་པས་གོ་བས་ཏེ། ཡི་གེ་ཕྱེད་བརྗོད་པས་ཐམས་ཅད་ཤེས་པའི་ཕྱིར་རོ། །

མི་སྨྲས་ན་མི་ཤེས་སོ་ཞེས་བྱ་བ་ནི་བཀྲི་དགོས་པ་སྟེ། རིལ་གྱིས་མ་སྨྲས་ཀྱི་བར་དུ་མི་ཤེས་པའི་ཕྱིར་རོ། །ཕན་ཚུན་མེད་པ་ཞེས་བྱ་བ་ནི་ཡང་རྒྱུན་མི་གཅོད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི་ལེན་པ་རྣམས་ལ་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །ཡུལ་གྱི་ཁེ་སྤོགས་ཞེས་

Vol. 157 · folio 119a

བྱ་བ་ནི་ཡུལ་གཞན་དུ་བྱིན་པའི་ནོར་ལས་ཡུལ་གཞན་དུ་ཁེ་སྤོགས་ཀྱི་སྐྱེད་འཐོབ་པའོ། །སྒྲོན་མ་རབ་ཏུ་འབར་བ་ཞེས་བྱ་བ་ནི་རྩ་བ་ནས་ཀྱང་འབར་བའོ། །རྒྱ་མ་བྱིད་དམ་ཞེས་བྱ་བ་ནི་རྒྱ་དྲུད་པས་མ་བྱིད་དམ་ཞེས་བྱའོ། །མ་ཞུ་འམ་ཞེས་བྱ་བ་ནི་རྒྱ་མ་ཚིག་གམ་ཞེས་པའོ། །སྒྱུ་

མ་ཞུགས་སམ་ཞེས་བྱ་བ་ནི་རྒྱ་ལ་སྒྱུ་ཐབས་མ་བྱས་སམ་ཞེས་པའོ། །གོམ་པ་བསྐྱེད་དེ་ཞེས་བྱ་བ་ནི་གོམ་པ་ཆེར་འདོར་བའོ། །རྟུག་པ་ལ་དད་པ་ཞེས་བྱ་བ་ནི་ཁྱོད་རྟུག་པ་ཙམ་ལ་དད་པ་ཡིན་གྱི་སྦྱིན་པ་དང་མཆོད་པ་ལ་སོགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སྒྱིད་པ་གཉིས་སྐྲངས་སྐྲངས་

སུ་ཞེས་བྱ་བ་ནི་སྐྲངས་པར་གྱུར་གྱི་བར་དུའོ། །བྲམ་ཟེ་གཙང་སྦྲ་ཅན་ཞེས་བྱ་བ་ནི་སྡེ་བ་སྦྱར་ཀློག་པ་སྟེ་ཆུང་མ་མ་བླངས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཞལ་ཏ་བྱེད་པ་ཞེས་བྱ་བ་ནི་ལས་བྱེད་པའོ། །རུང་བ་བྱེད་པ་ཞེས་བྱ་བ་ནི་ལྷ་འབངས་སམ་རྩེ་དགོད་དོ། །ལན་གཉིས་སམ་གསུམ་དུ་བསྐུལ་བར་བྱ་

དྲན་པར་བྱ་བ་ནི་ཚིག་གི་བདག་ཉིད་ཀྱིས་དེ་ལན་གསུམ་པས་ལྷག་པར་བསྐུལ་བར་མི་བྱ་བའོ། །ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཞེས་བྱ་བ་ནི་སྔར་བསྐུལ་བ་ལན་གསུམ་བྱས་པའི་འོག་ཏུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པ་ཡང་ལན་གསུམ་བྱས་ཏེ་བསྐུལ་བ་དང་། བསྡད་པ་དང་གཉིས་

ཀ་ལ་སྤྱིར་ལན་དྲུག་ཏུ་བགྲང་བ་ཡིན་གྱི་ཕྱོགས་སུ་བསྡད་པ་འབའ་ཞིག་ལ་ལན་དྲུག་བྱ་བ་མ་ཡིན་ཏེ། བསྐུལ་བ་ལན་གསུམ་ལས་ལྷག་གམ་བསྡད་པ་ལན་གསུམ་ལས་ལྷག་པ་བྱས་ཏེ། གོས་གྲུབ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བའི་ཕྱིར་རོ། །ཕྱོགས་སུ་ཞེས་བྱ་བ་ལ། ཕྱོགས་གང་དུ་ཞེ་

ན་དེའི་ཕྱིར་ཕྱོགས་བཞི་པོ་དེ་དག་ཏུ་ཞེས་བྱ་བ་གསུངས་ཏེ། དེ་དག་ཏུ་མི་དག་ཕལ་ཆེར་གནས་པ་ལས་དགོངས་སོ། །འབོད་གནས་ཞེས་བྱ་བ་ནི་ལས་འདོད་པའི་མི་དག་འབོད་པའི་གནས་སོ། །ཁྱིམ་གནས་ཞེས་བྱ་བ་ནི་འདུག་པའི་གནས་སོ། །ཧ་ཅང་མྱུར་བ་ཞེས་བྱ་བ་ནི་ཚིག་མྱུར་བའོ། །

ཐོགས་པ་མེད་པ་ཞེས་བྱ་བ་ནི་མི་སྡོད་པར་རོ། །བརྗོད་ཅིང་ཞེས་བྱ་བ་ནི་ཞལ་ཏ་བྱེད་པས་སོ། །གཞན་གྱི་ཚིག་གི་སྐབས་ཞེས་བྱ་བ་ནི་སྐུལ་བར་བྱེད་པའི་དགེ་སློང་གིའོ། །དེའི་དོན་ཅིར་ཡང་མ་གྲུབ་ཀྱིས་ཞེས་བྱ་བ་ནི་འབྲས་བུ་ཅི་ཙམ་ཡང་མ་གྲུབ་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་པར་གྱིས་ཤིག་

Vol. 157 · folio 119b

ཅེས་བྱ་བ་ནི་རང་གི་རྫས་ཚོལ་ཅིག་ཅེས་བྱ་བའོ། །ཆོ་ག་ཞེས་བྱ་བ་ནི་རིགས་པ་རྗེས་སུ་བསྒྲུབ་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་སེམས་བསྡུ་བ་ཞེས་བྱ་བ་ནི་ཡོངས་སུ་དགའ་བའོ། །གོ་རིམས་དེ་ལྟ་བུས་མ་བྱས་པར་གང་ཅུང་ཟད་ལེན་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་རིན་རུང་བ་མ་ཡིན་

པ་དག་ལེན་ན་ཉེས་བྱས་སུ་འགྱུར་བ་དང་། མ་འདྲེས་པར་ཞལ་ཏ་བྱེད་པ་སྟོན་ན་ཉེས་བྱས་སུ་འགྱུར་བ་དང་། ཕོ་ཉས་མ་སྨྲས་པ་བསྐུལ་བ་དང་དྲན་པར་བྱེད་ན་ཉེས་བྱས་སུ་འགྱུར་བ་དང་། མ་ཐོབ་ན་སྦྱིན་བདག་ལ་སྒྲོགས་པར་མི་བྱེད་ན་ཉེས་བྱས་སུ་འགྱུར་བ་དང་། བསྒྲགས་ནས་ཞལ་ཏ་བྱེད་པ་

སྟོབས་པ་ན་སྦྱིན་བདག་ལ་བསྒྲགས་ཟིན་ཏོ་ཞེས་སྤངས་པ་མི་སྨྲ་ན་ཉེས་བྱས་སུ་འགྱུར་བ་དང་། སྦྱིན་པར་བྱེད་པའི་སེམས་བསྡུ་བ་རྗེས་སུ་བསྒྲུབ་པ་ཁས་མི་ལེན་པའི་ཞལ་ཏ་བྱེད་པ་ལས་གོས་ལེན་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མི་མ་ཡིན་པས་སྦྱིན་པར་བྱེད་ཅིང་ཞེས་བྱ་བ་ལ་

སོགས་པའི་མུ་བཞི་པ་གཉིས་ཀྱི་གོ་རིམས་ནི་དང་པོ་དང་དབུས་དང་ཐ་མ་གསུམ་ཆར་མི་མ་ཡིན་པ་ནི་མུ་དང་པོའོ། །དང་པོ་དང་དབུས་གཉིས་མི་ཡིན་ལ་ཐ་མ་མི་མ་ཡིན་པ་ནི་མུ་གཉིས་པའོ། །དང་པོ་དང་ཐ་མ་མི་མ་ཡིན་ལ་དབུས་མ་ཡིན་པ་ནི་མུ་གསུམ་པའོ། །དང་པོ་མི་ཡིན་ལ་དབུས་དང་ཐ་མ་མི་

མ་ཡིན་པ་ནི་མུ་བཞི་པ་སྟེ་དེ་དག་ནི་མི་མ་ཡིན་པ་སྔོན་དུ་བཏང་བའི་མུ་བཞི་ཡིན་ནོ། །དེ་བཞིན་དུ་དང་པོ་དང་དབུས་མི་ཡིན་ལ་ཐ་མ་མི་མ་ཡིན་པ་མུ་དང་པོའོ། །དང་པོ་དང་ཐ་མ་མི་ཡིན་ལ་དབུས་མི་མ་ཡིན་པ་ནི་མུ་གཉིས་པའོ། །དབུས་དང་ཐ་མ་མི་ཡིན་ལ་དང་པོ་མི་མ་ཡིན་པ་ནི་མུ་གསུམ་པའོ། །

དང་པོ་དང་དབུས་དང་ཐ་མ་གསུམ་ཆར་མི་མ་ཡིན་པ་ནི་མུ་བཞི་པ་སྟེ་གང་དག་ནི་མི་སྔོན་དུ་བཏང་བའི་མུ་བཞི་ཡིན་ནོ། །དང་པོ་དང་དབུས་དང་ཐ་མ་གསུམ་ཆར་མི་ཡིན་པ་ནི་སྤང་བའི་ལྟུང་བྱེད་གྱི་རྒྱུ་ཡིན་པས་མཇུག་ཏུ་བསྟན་ཏེ་ཉེས་པ་ལྗི་བའི་ཕྱིར་རོ། །སྐུར་པའི་སྤང་བ་སྟེ་བཅུ་པའི་ཚིག་རྣམ་པར་

བཤད་པ་རྫོགས་སོ།། །།སྲིན་བལ་ཞེས་བྱ་བ་ནི་སྲིན་བལ་འབྱུང་བའི་སྲིན་བུ་ལས་བྱུང་བའོ། །མ་ལོག་ཅེས་བྱ་བ་ནི་སྦྱོར་བ་ལས་སོ། །མ་སྤངས་ཞེས་བྱ་བ་ནི་དངོས་གཞིའོ། །སོ་སོར་མ་སྤངས་ཞེས་བྱ་བ་ནི་མཇུག་གོ། །གསར་པས་གསར་པ་ཞེས་བྱ་བ་ནི་དཔེར་ན་ཤིང་ཐོག་གསར་པ་

Vol. 157 · folio 120a

དང་ལོ་ཏོག་གསར་པ་ལྟ་བུའོ། །རྙེད་པས་གསར་པ་ཞེས་བྱ་བ་ནི། དཔེར་ན་རྒྱལ་སྲིད་གསར་པ་དང་། གཞུང་གསར་པ་ལྟ་བུའོ། །གསར་པས་གསར་པ་ཡིན་པར་དགོངས་སོ་ཞེས་བྱ་བ་ནི་དཀོན་པའི་ཕྱིར་དང་། སྲོག་ཆགས་གསོད་པས་སྐུར་པ་འདེབས་པའི་རྒྱུ་ཡིན་པའི་ཕྱིར་

རོ། །ནང་ཚངས་ཅན་ཞེས་བྱ་བ་ནི་རས་བལ་ཅན་གྱི་རྣམ་པ་ལྟ་བུའོ། །བླིངས་པ་ཞེས་བྱ་བ་ནི་ཕྱིང་པའི་རྣམ་པ་ལྟ་བུའོ། །གཉིས་ཀ་ཡིན་པར་དགོངས་སོ། །ཞེས་བྱ་བ་ནི་གཉིས་ཀ་ཡང་དཀོན་པའི་ཕྱིར་རོ། །ཆུན་པོ་ཞེས་བྱ་བ་ནི་ཀེ་དུའོ། །མདའ་བ་ཞེས་བྱ་བ་ནི་སྒོ་ངའོ། །ཕུང་པོ་ཞེས་བྱ་བ་ནི་

བཀྲམ་པའོ། །འབྱེད་པར་བྱེད་ཅེས་བྱ་བ་ནི་འགྲོལ་བར་བྱེད་པའོ། །འཇིག་པར་བྱེད་ཅེས་བྱ་བ་ནི་སེལ་བར་བྱེད་པའོ། །རྨེལ་བར་བྱེད་ཅེས་བྱ་བ་ནི་སྤུ་ནས་སེལ་བར་བྱེད་པའོ། །སྲིན་བལ་གྱི་སྤང་བ་སྟེ་བཅུ་གཅིག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ནག་པོ་འབའ་ཞིག་ཅེས་བྱ་

བ་ནི་ནག་པོ་ཉི་ཚེའོ། །རང་བཞིན་གྱིས་གནག་པ་ཞེས་བྱ་བ་ནི་རང་བཞིན་ཁོ་ནས་གནག་པ་གང་དག་ཡིན་པའོ། །སྔོ་བས་གནག་པ་ཞེས་བྱ་བ་ནི་ཕྱིས་སྔོན་པོས་ཁ་བསྒྱུར་བ་གང་ཡིན་པའོ། །འདམ་ཁ་ཞེས་བྱ་བ་ནི་འདམ་རྫབ་གྱི་ས་ནག་གིས་ཁ་བསྒྱུར་བ་གང་ཡིན་པའོ། །ཁམ་པ་ཞེས་བྱ་བ་

ནི་རང་བཞིན་གྱིས་ཁམ་པ་དང་། གྲོ་བོ་དང་སྲེ་བོ་ལ་སོགས་པ་ནག་ནོག་ཅན་གང་ཡིན་པའོ། །བླིངས་པ་ཡིན་པར་དགོངས་སོ་ཞེས་བྱ་བ་ནི་དེ་ཆེས་བྱ་བ་དཀའ་བ་ཡིན་པའི་ཕྱིར་རོ། །བལ་ནག་པོ་འབའ་ཞིག་གི་སྤང་བ་སྟེ་བཅུ་གཉིས་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།འཁོབ་བལ་

ཞེས་བྱ་བ་ནི་མགོ་དང་རྐང་པ་དང་ལྟོ་ནས་སྐྱེས་པའི་བལ་དག་སྟེ་ཕལ་ཆེར་ས་ལ་རྒྱུ་བའི་ཕྱིར་ས་རྒྱུ་བ་ཞེས་བྱ་བའོ། །ནག་པོ་འབའ་ཞིག་མོད་པ་དང་རིན་མཉམ་པ་ལ་ལྟུང་བ་མེད་པ་ནི་བསླངས་པའི་ཕྱིར་དང་འདོད་པ་ཆེ་བ་ཉིད་མེད་པའི་ཕྱིར་རོ། །ཆ་གཉིས་སྲེ་བའི་སྤང་བ་སྟེ་བཅུ་གསུམ་པའི་ཚིག་རྣམ་

པར་བཤད་པ་རྫོགས་སོ།། །།གྲང་བ་ཞེས་བྱ་བ་ནི་གྲང་བའི་རེག་པའོ། །རླུང་ཆེ་བ་ནི་རླུང་མང་བའོ། །སྟན་གྱིས་མི་ཐུབ་པ་ཞེས་བྱ་བ་ནི་སྟན་དུ་གདིང་བ་དང་བགོ་བ་དང་སྔས་དག་ཏུ་དགོས་པ་ཟད་པའི་ཕྱིར་རོ། །བལ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་བསྐྱེད་པའི་ཕྱིར་དང་གསོ་བའི་ཕྱིར་རོ། །རལ་བ་ཞེས་

Vol. 157 · folio 120b

བྱ་བ་ནི་དུམ་བུར་གྱུར་པའོ། །རྡོལ་བ་ཞེས་བྱ་བ་ནི་བུ་གུ་དོད་པའོ། །དགེ་འདུན་གྱིས་གནང་བ་ཞེས་བྱ་བ་ནི་དགེ་འདུན་གྱིས་ཡོངས་སུ་སྤངས་པའོ། །འདིར་གསོལ་བ་ལ་སོགས་པ་ལ་ལག་གི་གླ་སྨོས་པ་ནི་དགེ་འདུན་ལ་གཅེས་པ་ཡིན་པའི་ཕྱིར་ངེས་པ་ཡིན་པར་རིག་པར་བྱའོ། །གཉིས་པ་རྩམ་ལ་

ཉེས་བྱས་སུ་འགྱུར་ལ་ཞེས་བྱ་བ་ནི་སྔ་མ་བརྩམས་པ་ཉིད་ན་ཕྱི་མ་རྩོམ་པ་ནི་སྔ་མ་བྱས་ཟིན་ནས་ཕྱི་མ་རྩོམ་པ་དང་འདྲ་བའི་ཕྱིར་རོ། །བྱས་ཟིན་ན་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་ཕྱིས་བརྩམས་པ་ཤོས་སྔར་ཟིན་ན་ཡང་སྦྱོར་བའི་ལྟུང་བ་ཉིད་ཡིན་པའི་ཕྱིར་རོ། །སྔ་མ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ནི་

གཞན་མ་བྱས་པར་དེ་བརྩམས་པའི་ཕྱིར་རོ། །སྔ་མ་ཟིན་པར་བྱེད་ཅེས་བྱ་བ་ནི་བརྩམས་པའོ། །བྱས་ཟིན་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ནི་སྟན་ཕྱི་མའོ། །ལོ་གང་ལ་སྟན་བྱས་པའི་ལོ་དེ་ཉིད་ལ་སྟན་གཉིས་པ་ཡང་བྱས་ནས་ཞེས་བྱ་བ་ནི་སྔ་ཕྱིར་བརྩམས་ཏེ་དུས་གཅིག་ཏུ་ཟིན་པར་བྱས་ནས་

སོ། །མ་ཟིན་པ་གཏོང་བ་ཞེས་བྱ་བ་ནི་ཕྱེད་ཟིན་པ་མེད་པས་དེ་ལ་དངོས་གཞི་མེད་དོ། །ལོ་དྲུག་པ་ལ་བྱེད་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ལོ་དྲུག་གི་འོག་ཏུ་ཕྱེད་ན་སྟེ། ལོ་དྲུག་ཚུན་ཆད་དུ་བཅང་བར་བྱས་ཟིན་པའི་ཕྱིར་རོ། །འགྲེས་ལྔ་པའི་བསྡུ་བ་ནི་ཕྱི་མ་ཟིན་པར་བྱེད་པ་དང་། སྔ་མ་ཟིན་པར་བྱེད་པ་དང་། གཉི་

ག་ཟིན་པར་བྱེད་པ་དང་། གཉི་ག་བརྩམས་ཏེ་གཏོང་བ་དང་། ལོ་དྲུག་གི་འོག་ཏུ་བྱེད་པ་ལ་ལྟུང་བ་མེད་པའོ། །ལོ་དྲུག་ཏུ་བཅང་བའི་སྤང་བ་སྟེ་བཅུ་བཞི་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།གདིང་བ་ཞེས་བྱ་བ་ནི་སོ་སོར་གདིང་བ་དྲས་པ་དག་གོ། །ཕུལ་ལོ་ཞེས་བྱ་བ་ནི་བྱིན་པའོ། །རྫས་ལས་

བྱུང་བའི་ཞེས་བྱ་བ་ནི་གཙུག་ལག་ཁང་སྟེ་རྫས་ལས་བྱུང་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །བསོད་སྙོམས་མངོན་པར་བསྒྲུབས་སོ་ཞེས་བྱ་བ་ནི་མནོས་པའོ། །རྡོལ་བ་ཞེས་བྱ་བ་ནི་བུ་གུ་འབྱུང་བའོ། །རལ་བ་ཞེས་བྱ་བ་ནི་དུམ་བུར་གྱུར་པའོ། །བཀྲམ་པ་ཞེས་བྱ་བ་ནི་ཆལ་པར་བཀོད་པའོ། །ཨེ་མ་ཞེས་

བྱ་བ་ནི་མ་མཉེས་པའི་ཚིག་གོ། །སྨད་ནས་ཞེས་བྱ་བ་ནི་མི་རིགས་པར་རོ། །དྲོད་མི་ཤེས་པ་ཞེས་བྱ་བ་ནི་ཚོད་མི་ཤེས་པའོ། །སོ་སོར་མི་རྟོག་པ་ཞེས་བྱ་བ་ནི་མངོན་པར་མི་རྟོག་པར་རོ། །དྲོད་རན་པར་ཡོངས་སུ་ལོངས་སྤྱད་པ་ཞེས་བྱ་བ་ནི་ཡོངས་སུ་གཞལ་ཞིང་ལོངས་སྤྱད་པའོ། །སྤང་ཞིང་ཡོངས་སུ་ལོངས་

Vol. 157 · folio 121a

སྤྱད་པ་ཞེས་བྱ་བ་ནི་བརྒྱ་ལ་བརྒྱ་ལམ་ན་ལོངས་སྤྱོད་པའོ། །དུས་སུ་ཡོངས་སུ་ལོངས་སྤྱོད་པ་ཞེས་བྱ་བ་ནི་དགོས་པའི་དུས་སུ་ལོངས་སྤྱོད་པའོ། །བརྟག་ཅིང་ཡོངས་སུ་སྤྱད་པ་ཞེས་བྱ་བ་ནི་བྱ་བ་བརྟགས་ཏེ་ཡོངས་སུ་ལོངས་སྤྱད་པའོ། །ཁད་ཀྱིས་ཡོངས་སུ་ལོངས་སྤྱོད་ན་ཞེས་བྱ་བ་ནི་

ཁད་ཀྱིས་ཁད་ཀྱིས་ལྟོས་པ་དང་བཅས་པར་ཡོངས་སུ་ལོངས་སྤྱོད་ནའོ། །ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཁ་དོག་མི་སྡུག་པར་སྒྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་ཁ་དོག་མི་སྡུག་པར་བྱ་ཞེ་ན། དེའི་ཕྱིར་སྲ་བར་བྱ་བའི་ཕྱིར་རོ་ཞེས་བྱ་བ་གསུངས་ཏེ་གཉིས་པས་སྲ་བར་བྱ་བའི་ཕྱིར་ཞེས་བྱ་བ་གསུངས་

སོ། །སྤྱོད་པར་བྱེད་ན་ཞེས་བྱ་བ་ནི་སོ་སོར་གདིང་བ་ཉིད་དུ་སྤྱོད་པར་བྱེད་ནའོ། །སོ་སོར་གདིང་བ་ཞེས་བྱ་བ་ནི་སྟན་འོག་མ་སོ་སོར་ཐམས་ཅད་ཀྱི་སྟེང་དུ་གདིང་བར་བྱ་བ་ཡིན་པའི་ཕྱིར་རོ། །མཐོ་གང་གི་སྤང་བ་སྟེ་བཅོ་ལྔ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།རྔ་མོའི་རྒྱབ་འདྲ་བ་ཞེས་བྱ་བ་ལ། འདྲ་

བ་ཞེས་བྱ་བའི་སྒྲ་ནི་དཔེ་བསྟན་ཏེ། དེས་ན་བལ་ཡུལ་ནི་རྔ་མོའི་རྒྱབ་འདྲ་བར་མི་མཉམ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཁུར་ཞེས་བྱ་བ་ནི་རྒྱབ་ཁལ་ལོ། །ཐོ་འཚམས་པ་ཞེས་བྱ་བ་ནི་ཞེར་འདེབས་པའོ། །རྡུལ་ཕྲ་རབ་ཅེས་བྱ་བ་ནི་རྫས་བརྒྱད་སྐྱེ་བའི་ཆོས་འདུས་པ་སྟེ། ཉི་ཟེར་གྱི་རྡུལ་གྱི་བཞི་

བཅུ་རྩ་དགུའི་ཆ་གཅིག་ལ་རྡུལ་ཕྲ་རབ་གཅིག་གོ། །འདུལ་བ་ལས་དྲུག་འགྱུར་དུ་བསྒྲེ་བ་ནི་མར་འབྲི་བའི་དུས་ཀྱི་ཚེ་མི་ཉམ་ཆུང་བའི་སོར་རྣམ་པར་གཞག་པའི་ཕྱིར་རོ། །ཆོས་མངོན་པ་ལས་བདུན་དུ་བསྒྲེ་བ་ནི་བསྐལ་པ་དང་པོའི་མི་ཉམས་ཆེ་བའི་སོར་རྣམ་པར་གཞག་པའི་ཕྱིར་རོ། །ཞྭ་ལ་

སོགས་པའི་དོན་དུ་དེ་ཙམ་དག་ཁྱེར་བ་ལ་ལྟུང་བ་མེད་པ་ནི་དེ་ལ་ཁུར་མེད་པའི་ཕྱིར་རོ། །བལ་ཐོགས་པའི་སྤང་བ་སྟེ་བཅུ་དྲུག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཀ་ཀ་ནི་ཞེས་བྱ་བ་ནི་མ་ཤ་ཀའི་གཞི་ཆ་གཅིག་སྟེ་འགྲོན་བུ་ཉི་ཤུའི་རིན་གྱི་མིང་ཡིན་ནོ། །དང་ལ་ཁ་ཞེས་བྱ་བ་ནི་རྫིང་

བུའི་ཁ་སྟེ་ཝ་འབབ་པའི་གནས་སོ། །བཙོ་བླག་མཁན་གྱི་ལག་པ་ལྟར་དམར་བ་ཞེས་བྱ་བ་ནི་རང་གི་ཚོན་རྩིའི་ལས་བྱེད་པ་གང་ཡིན་པའོ། །ལྟུང་བ་རྣམ་པར་གཞག་པའི་ཚིག་གི་དོན་ནི་འཁྲུར་འཇུག་པའི་སྤང་བའི་སྐབས་སུ་བཤད་པ་བཞིན་དུ་རིག་པར་བྱའོ། །བྱེ་བྲག་ཏུ་ན་སྔར་གོས་

Vol. 157 · folio 121b

རྙིང་པ་ཞེས་བྱ་བའི་གནས་སུ་འདིར་ལུག་བལ་དག་ཅེས་སྨོས་པར་བྱའོ། །སྔར་གྱི་འཆག་ཏུ་འཇུག་ན་ཞེས་བྱ་བ་སྨོས་པའི་གནས་སུ་འདིར་རྨེལ་དུ་འཇུག་ན་ཞེས་སྨོས་པར་བྱའོ། །བལ་རྨེལ་དུ་འཇུག་པའི་སྤང་བ་སྟེ་བཅུ་བདུན་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།གྲོང་དཔོན་

ཞེས་བྱ་བ་ནི་གྲོང་གི་དཔོན་པོའོ། །སྔོན་གྱི་གདུགས་རྣམས་ཀྱིས་ཞེས་བྱ་བ་ནི་དེང་གི་ཉི་མ་ཉིད་སེལ་བར་བྱེད་དོ། །ཆེས་སྔ་བ་ཞིག་ན་ཞེས་བྱ་བ་ནི་འདས་མ་ཐག་པའི་ཉི་མ་སེལ་བར་བྱེད་དོ། །མངོན་མཚན་ཅན་ཞེས་བྱ་བ་ནི་རྫས་གྲགས་པའོ། །རུང་ཞེས་བྱ་བ་ནི་རིགས་པའོ། །གསེར་ཞེས་

བྱ་བ་ནི་དངུལ་དང་དེ་གཉིས་ཀའི་རྫས་མཚན་མས་བཏབ་པ་དག་གིས་བསྡུས་པའོ། །བདག་གིར་བྱེད་ཅེས་བྱ་བ་ནི་བདག་གི་བ་ཉིད་དུ་འཛིན་པར་བྱེད་པའོ། །བརྡ་སྤྲོད་པའོ་ཞེས་བྱ་བ་ནི་སྨྲ་བའོ། །སྐུར་པ་འདེབས་པར་མི་བགྱིད་ཅིང་ཞེས་བྱ་བ་ནི་སླར་སྐུར་པ་འདེབས་པར་མི་བགྱིད་ཅིང་ངོ་། །

ཧ་ཅང་ཐལ་བར་མི་བགྱིད་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་ཡང་དག་པ་མ་ཡིན་པར་སྒྲོ་འདོགས་པས་ཧ་ཅང་ཐལ་བར་ཡང་མི་བགྱིད་དོ། །གསུངས་པའི་རྗེས་སུ་སྨྲ་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཁོ་ནའི་རྗེས་སུ་སྨྲ་བའོ། །ཆོས་སྨྲ་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་

ཀྱིས་མངོན་སུམ་དུ་མ་གསུངས་ཀྱང་དོན་གྱིས་གོ་བ་ཉིད་ཀྱིས་ཆོས་སྨྲ་བའོ། །ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་བརྡ་སྤྲོད་པར་བགྱིད་པ་ཞེས་བྱ་བ་ནི་ལམ་གྱི་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྟོན་པར་བགྱིད་པའོ། །གཞན་ལས་ཞེས་བྱ་བ་ནི་ཕྱིར་རྒོལ་བ་ལས་སོ། །ཆོས་དང་མཐུན་པས་ཞེས་བྱ་

བ་ནི་རིགས་པ་ཡང་དག་པས་སོ། །སྨད་པའི་གནས་ལྟ་བུའི་ཆོས་ཞེས་བྱ་བ་ནི་སྨད་ཅིང་ཕམ་པར་འགྱུར་བའི་ཆོས་ཞེས་བྱ་བའི་ཐ་ཚིག་གོ། །མི་འཆི་བ་ལགས་སམ་ཞེས་བྱ་བ་ནི་མི་འབྱུང་བ་ཡིན་ནམ་ཞེས་བྱ་བའོ། །དགེ་སྦྱོང་གི་ཆོས་མ་ཡིན་པ་ཞེས་བྱ་བ་ནི་ཁྱིམ་པའི་ཡོ་བྱད་དུ་རུང་བའི་རབ་ཏུ་བྱུང་

བའི་ཆོས་མ་ཡིན་པའི་ཕྱིར་རོ། །ཤཱཀྱའི་སྲས་ཀྱི་ཆོས་མ་ཡིན་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བཀག་པའི་ཕྱིར་རོ། །ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་རྒལ་བ་ལས་ཐར་བར་བྱ་བའི་ཕྱིར་མ་ཡིན་གྱི་དོན་ཡང་དག་པ་དེ་ཉིད་བསྟན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །

Vol. 157 · folio 122a

འདོད་པའི་ཡོན་ཏན་ལྔ་པོ་དག་ཀྱང་རུང་བ་ཁོ་ན་ལགས་སོ་ཞེས་བྱ་བ་ནི་རྒྱུད་གྱུར་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་བསམ་མོ། །ཕུང་པོ་གཅིག་ཏུ་བྱེད་ཅེས་བྱ་བ་ནི་ཚོགས་གཅིག་ཏུ་བྱེད་པའོ། །ཕུང་པོ་གཉིས་སུ་བྱེད་ཅེས་བྱ་བ་ནི་ཚོགས་གཉིས་སུ་བྱེད་པའོ། །མ་ལོག་མ་སྤངས་སོ་སོར་

མ་སྤངས་ཞེས་བྱ་བ་ནི་ཁྱིམ་པའི་བྱ་བ་བདག་གིས་སྦྱོར་བ་དང་དངོས་དང་མཇུག་དག་ལས་སོ། །གསེར་ཞེས་བྱ་བ་ནི་མངོན་མཚན་ཅན་དུ་མ་བྱས་པའི་གསེར་ཉིད་དོ། །དངུལ་ཞེས་བྱ་བ་ནི་ཡང་མངོན་མཚན་ཅན་དུ་མ་བྱས་པའི་དངུལ་ཉིད་དོ། །དབྱིག་ཅེས་བྱ་བ་ནི་གསེར་རམ་དངུལ་ལས་མངོན་མཚན་

ཅན་དུ་བྱས་པའི་རྫས་སོ། །འཐོབ་པར་འགྱུར་བའི་ཕྱོགས་སུ་ཞེས་བྱ་བ་ནི་སྨྲ་བ་པོའི་མངོན་སུམ་དུ་སྟེ་ལག་ཏུ་འཐོབ་པའམ་ལག་ཏུ་བླང་དུ་རུང་བའི་ཕྱོགས་སུའོ། །དེ་ལ་རང་གིས་བསྒོ་བ་ཉིད་ཡོད་པས་དངོས་གཞིར་འགྱུར་རོ། །འདི་ཞེས་བྱ་བ་ནི་མངོན་སུམ་དུ་སྣང་བའོ། །དེ་ཞེས་བྱ་བ་ནི་མངོན་སུམ་

དུ་མི་སྣང་བའོ། །འཐོབ་པར་འགྱུར་བ་མ་ཡིན་པའི་ཕྱོགས་སུ་ཞེས་བྱ་བ་ནི་སྨྲ་བ་པོའི་མངོན་སུམ་མ་ཡིན་པར་ཏེ་ལག་ཏུ་འཐོབ་པར་མི་རུང་བའམ། ལག་ཏུ་བླང་དུ་མི་རུང་བའི་ཕྱོགས་སུའོ། །དེ་ལ་རང་གིས་བསྒོ་བ་ཉིད་མེད་པས་ཉེས་བྱས་སུ་འགྱུར་རོ། །བརྡུངས་པ་ཞེས་བྱ་བ་ནི་རྒྱན་དང་སྣོད་

སྤྱད་ལ་སོགས་པར་གནས་པའོ། །མངོན་མཚན་ཅན་ཞེས་བྱ་བ་ནི་ཐ་སྙད་དུ་བྱ་བའི་མཚན་མ་ཅན་ཏེ་ཟླུམ་པོ་ལ་སོགས་པའི་དབྱིབས་ལ་མི་ལ་སོགས་པའི་རྟགས་བྱས་པའོ། །ནོར་བུ་དང་མུ་ཏིག་དང་བཻ་ཌཱུརྱ་དང་ཤཾ་ཀ་ཤི་ལ་དང་བྱི་རུ་དང་དངུལ་དང་གསེར་དང་རྡོའི་སྙིང་པོ་དང་། སྤུག་དང་དམར་པོ་དང་

གཡས་སུ་འཁྱིལ་དང་སངས་རྒྱས་ཀྱི་སྐུ་གདུང་ལ་སོགས་པའི་རིན་པོ་ཆེའི་འོ་ཞེས་གསུངས་པ་དག་ཀྱང་བསྡུས་པ་ཡིན་ནོ། །ཡུལ་གྱི་ཐ་སྙད་ཅན་ཞེས་བྱ་བ་ནི་ཡུལ་གཞན་གྱི་ཐ་སྙད་ཅན་ཏེ་ཡུལ་འདིར་ཐ་སྙད་གདགས་སུ་ནི་མི་རུང་བའོ། །དེ་ནི་གས་པ་དང་ཆག་པ་དང་དུམ་བུ་དང་ཚིག་པ་དང་། སྔོན་མ་སྤྱད་

པ་དང་མ་བྱས་པ་དང་མཚན་དང་མི་ལྡན་པ་དང་བཅོས་པའོ། །དེ་དག་ལ་མངོན་མཚན་གྱིས་ཉོ་ཚོང་ལ་སོགས་པ་བྱར་མི་རུང་ཡང་། གསེར་དངུལ་ལ་སོགས་པའི་ངོ་བོ་ཉིད་ཡིན་པ་དེ་ལས་རེག་གམ་རེག་ཏུ་བཅུག་ན་ཅིའི་ཕྱིར་དངོས་གཞིར་མི་འགྱུར་ཞེ་ན། དེ་ནི་གསེར་དངུལ་ལ་སོགས་པའི་རང་བཞིན་

Vol. 157 · folio 122b

གྱིས་རིན་པོ་ཆེར་གཞག་པ་མ་ཡིན་གྱི་མངོན་མཚན་བཏབ་པའི་སྒོ་ནས་རིན་པོ་ཆེར་གཞག་པ་ཡིན་ནོ། །མངོན་མཚན་ཉམས་ཏེ་ཐ་སྙད་གདགས་སུ་མི་རུང་བའི་ཕྱིར་དེ་ཉིད་ཀྱིས་རིན་པོ་ཆེ་ཉམས་པ་ཡིན་པས་དེའི་ཕྱིར་ན་སྨད་དོ། །རྣོ་ལྕགས་ཞེས་བྱ་བ་ནི་ལྕགས་བཟང་པོའི་རིགས་སོ། །ཁྲོ་ཆུ་ཞེས་བྱ་བ་ནི་མེ་

ལོང་གི་རྒྱུའི་ལྕགས་སོ། །འདོད་པ་ཞེས་བྱ་བ་ནི་འགྲོ་བར་ཆས་པའོ། །འདི་ལ་འགྱོད་པར་མི་བྱའོ་ཞེས་བྱ་བ་ནི་རུང་བར་བྱ་བ་བདག་གིར་བྱེད་པ་གཅད་པར་བྱ་བའི་ཕྱིར་དང་། མི་རུང་བ་ལས་བདག་གིར་བྱ་བ་མི་སྐྱེ་བའི་ཕྱིར་རོ། །དད་པ་ཅན་ཞེས་བྱ་བ་ནི་དད་པ་དང་བརྟན་པ་དང་ལྡན་པའོ། །གསེར་

དངུལ་ལ་རེག་པའི་སྤང་བ་སྟེ་བཅོ་བརྒྱད་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཤེས་པ་ཅན་ཞེས་བྱ་བ་ནི་མུ་སྟེགས་གཅེར་བུ་བ་སྟེ། རྩིས་ཀྱི་ཤེས་པ་ཡོད་པའི་ཕྱིར་རོ། །ཅུང་ཟད་དམིགས་པས་ཀྱང་ཞེས་བྱ་བ་ནི་ཁ་དོག་དང་ཚད་དང་དབྱིབས་ལ་སོགས་པ་མིག་དང་རྣ་བ་ལ་སོགས་

པས་ཤེས་པའོ། །ཅུང་ཟད་རྟོག་གེས་ཀྱང་ཤེས་བྱ་བ་ནི་རྩིས་ཀྱིས་བྱས་པའི་རྟོག་པས་ཤེས་པའོ། །ནགས་ཀྱི་འབྲས་བུ་ཞེས་བྱ་བ་ནི་ཤིང་ཏོག་གོ། །སློང་ཕོར་ཞེས་བྱ་བ་ནི་གཅེར་བུ་པའི་ལྷུང་བཟེད་ཀྱི་མིང་ངོ་། །ལ་བ་སྲིན་བུའི་མདོག་ལྟ་བུ་ཞེས་བྱ་བ་ནི་སྲིན་བུའི་མདོག་དམར་པོ་བཙོས་པ་དག་གིས་

ཁ་བསྒྱུར་བའི་ལ་དམར་ཞེས་བྱ་བའི་ཐ་ཚིག་གོ། །ཁ་ཅིག་ན་རེ་སྲིན་བུ་ནག་པོའི་མདོག་ལྟ་བུ་ཞེས་ཀྱང་ཟེར་རོ། །མགོ་ཟློག་སྟེ་ཉལ་བ་ཞེས་བྱ་བ་ནི་ཁས་བུབ་ཏུ་ཉལ་བའོ། །ཁ་ཅིག་ན་རེ་རོ་ཞེས་ཟེར་རོ། །ཚུལ་ཁྲིམས་འཆལ་པ་ཀུན་དུ་སྤྱོད་དོ་ཞེས་བྱ་བ་ནི་གཅེར་བུ་ལས་འདས་པའོ། །ཁྱོད་ཀྱི་སྟོན་པ་

ཞེས་བྱ་བ་ནི་འདྲོབ་སྐྱོང་བའི་བུ་རྫོགས་བྱེད་དོ། །ནུར་རྩི་ཞེས་བྱ་བ་ནི་ཆང་གི་ཚིགས་མའོ། །ལ་བ་རྩུབ་པོ་ཞེས་བྱ་བ་ནི་ལ་བ་སྦོམ་པོ་རྩུབ་པའོ། །གསོན་པས་ཀྱང་མི་དགའ་བ་ཡིན་ནོ་ཞེས་བྱ་བ་ནི་གསོན་པ་ཙམ་གྱིས་ཀྱང་མི་དགའ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཟོང་ཞེས་བྱ་བ་ནི་ན་ར་བ་བཞིའི་

རིན་ཐང་ངོ་། །ཁྲག་གི་ཕྱིས་བུ་ཞེས་བྱ་བ་ནི་ཁྲག་སྲུང་ངོ་། །གནས་ནས་དབྱུང་བ་ཞེས་བྱ་བ་ནི་སྤང་བའོ། །ཚུལ་ཤིང་ཡང་འབྱུང་བར་ཞེས་བྱ་བ་ནི་བགྲང་བའི་དོན་གྱི་ཐུར་མ་ཡང་དོར་བར་བྱའོ། །སྤང་ལེབ་ཁྲིའུ་ཡང་བསྒྱུར་བར་བྱ་ཞེས་བྱ་བ་ནི་སྟན་གནས་ནས་གདོན་པར་བྱ་བའོ། །སློང་ཕོར་ཡང་ཁས་

Vol. 157 · folio 123a

དབུབ་པར་བྱ་བ་ནི་ཁྲིམས་སུ་བཅའ་བས་ལོངས་སྤྱོད་ཉམས་པར་བྱ་ཞིང་ཟས་ཀྱི་སྣོད་ཀྱང་ཉམས་པར་བྱེད་པའོ། །ཁར་བ་ཡང་དོར་བར་བྱ་ཞེས་བྱ་བ་ནི་ཁར་བ་གནས་ནས་ཕྱི་རོལ་དུ་དོར་བར་བྱ་བའོ། །བཀའ་མཉན་པར་ཟད་ཀྱི་ཞེས་བྱ་བ་ནི་འདའ་བར་མི་བྱ་བའོ། །མི་གཡོ་

སྟེ་ཞེས་བྱ་བ་ནི་མི་འགལ་བའོ། །བཞི་ལྟབ་ཏུ་བལྟ་བ་སྟེ་ཞེས་བྱ་བ་ནི་བཞི་རིམ་དུའོ། །ཤུགས་ཀྱིས་ཞེས་བྱ་བ་ནི་སྟོབས་ཀྱི་ཤུགས་ཀྱིས་སོ། །དེ་ནི་རེ་ཞིག་བྱུང་བ་ཡིན་གྱི་ཞེས་བྱ་བ་ནི་ལ་བ་རྩུབ་པོས་ལ་བ་བཟང་པོ་བསྒྲུབས་པས་སྐྱེད་བསྒྲུབ་པའི་ཕྱིར་རོ། །ཀུན་དུ་སྦྱོར་བ་བྱེད་ཅེས་བྱ་བ་

ནི་ཡུལ་གཞན་དུ་འདོད་པར་བྱེད་པའོ། །རབ་ཏུ་སྦྱོར་བར་བྱེད་ཅེས་བྱ་བ་ནི་དུས་དང་ཡུལ་ལ་ལྟོས་པར་བསྐྱེད་པའི་ཕྱིར་གཏོང་བར་བྱེད་པའོ། །བུན་འགྱེད་པར་བྱེད་ཅེས་བྱ་བ་ནི་རྙིང་པས་གསར་སྐྱེད་དང་བཅས་པ་སྤེལ་བར་བྱེད་པའོ། །སྐྱེད་འགྱེད་པར་བྱེད་ཅེས་བྱ་བ་ནི་སྐྱེད་པའི་ཕྱིར་རྗེ་བར་བྱེད་པའོ། །

བྱས་པ་ཞེས་བྱ་བ་ནི་མངོན་མཚན་ཅན་དུ་བྱས་པའོ། །མ་བྱས་པ་ཞེས་བྱ་བ་ནི་མངོན་མཚན་ཅན་དུ་མ་བྱས་པའོ། །ཀུན་དུ་རྩོམ་པར་བྱེད་ཅེས་བྱ་བ་ནི་གཞན་དང་སྐད་སྦྱོར་བ་ལ་སོགས་པ་བྱེད་པའོ། །ཡུལ་ཚོལ་བར་བྱེད་ཅེས་བྱ་བ་ནི་ཡུལ་གང་དུ་གཏང་བར་བྱ་ཞེས་སོ། །ཤིང་རྟ་སོགས་པར་བྱེད་

ཅེས་བྱ་བ་ནི་ཤིང་རྟ་སྟ་གོན་བྱེད་པའོ། །བརྒྱད་ཤས་ཞེས་བྱ་བ་ནི་གང་དུ་བརྒྱད་བཏང་ན་ཟླ་བ་གཅིག་གིས་སྐྱེད་བརྒྱད་ལེན་པ་སྟེ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ནས་དང་འབྲུ་རྙིང་པ་གསར་ཕྱེད་དང་ཉིས་སྡེའི་ཕྱིར་གཏོང་བ་ཞེས་བྱ་བ་ནི་རྙིང་ཁལ་གཅིག་བཏང་ན་གསར་ཁལ་ཕྱེད་

དང་གཉིས་ལེན་པ་ལ་སོགས་པ་ལྟ་བུའོ། །དུང་གི་ཚོགས་ཀྱི་ཕྱིར་ནོར་བུའི་ཚོགས་གཏོང་བར་བྱེད་པ་ཞེས་བྱ་བ་ནི་དུང་བཅུ་ལ་སོགས་པའི་ཚོགས་ཐོབ་པར་བྱ་བའི་ཕྱིར་ནོར་བུ་གཅིག་གམ་གཉིས་སམ་གསུམ་ལ་སོགས་པའི་ཚོགས་གཏོང་བར་བྱེད་པ་སྟེ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཤེས་པར་

བྱའོ། །མངོན་མཚན་ཅན་གྱི་སྤྱོད་པ་ནི་སྦྱོར་བ་ལ་སོགས་པས་རྙེད་པ་སྒྲུབ་པའོ། །གཞལ་བླུགས་ཞེས་བྱ་བ་ནི་སྲང་དང་བྲེའོ། །རྡིབ་ཅེས་བྱ་བ་ནི་ཞིག་པའོ། །མི་ཟད་པ་ཞེས་བྱ་བ་ནི་ནམ་ཡང་ཟད་པར་མི་འགྱུར་བའི་ཟོང་ངོ་། །མཐུ་དང་ལྡན་པ་ལ་བརྟེན་ཞེས་བྱ་བ་ནི་འཁྲས་བརྩན་པོ་རྒྱབ་རྟེན་

Vol. 157 · folio 123b

འཆའ་བའོ། །དམ་རྒྱ་ཞེས་བྱ་བ་ནི་ཁྲིམས་སུ་བྱ་བའོ། །མངོན་མཚན་ཅན་གྱི་སྤང་བ་སྟེ་བཅུ་དགུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཉོ་ཚོང་ཞེས་བྱ་བ་ནི་ཉོས་ཏེ་འཚོང་བའོ། །དེ་གཉིས་ཀྱི་སྔ་མ་ལས་བྱེ་བྲག་ཏུ་གྱུར་པ་ཡིན་ནོ། །ལེན་པར་བྱེད་ཅེས་བྱ་བ་ནི་གཞན་ནས་ལེན་པར་

བྱེད་པའོ། །གཏོང་བར་བྱེད་ཅེས་བྱ་བ་ནི་འདི་ནས་གཏོང་བར་བྱེད་པའོ། །ཡུལ་གཞན་གྱི་སྦྱོར་བར་ཤེས་པར་བྱ་བ་ནི་ཡུལ་གཞན་གྱི་ཐ་སྙད་ཀྱིས་སོ། །སྔ་མའི་རྒྱུད་ཅེས་བྱ་བ་ནི་སྔར་བསྐྱིས་པའོ། །བྱང་ལམ་པ་ཞེས་བྱ་བ་ནི་བྱང་ལམ་ནས་འོངས་པའོ། །མཆོད་སྟོན་གྱི་ཡོ་བྱད་ཅེས་བྱ་བ་ནི་འབྲས་

ཐུག་པོ་ཆེ་ལ་སོགས་པ་ཡོ་བྱད་དག་གོ། །ཉོ་ཚོང་བྱེད་པའི་སྤང་བ་སྟེ་ཉི་ཤུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།དེ་ནི་རེ་ཞིག་བྱུང་བ་ཡིན་གྱི་ཞེས་བྱ་བའི་ལྷུང་བཟེད་ལྷག་པ་བསྒྲུབ་པའི་ཕྱིར་སྦྱོར་བ་ཡིན་པའི་ཕྱིར་རོ། །བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ་ཞེས་བྱ་བ་ནི་དངོས་ཁོ་ནར་ལྷུང་

བཟེད་ལྷག་མ་ཉེ་བར་མ་བཞག་པའི་ཕྱིར་རོ། །དགེ་སློང་གིས་ཚེས་ལ་ལྷུང་བཟེད་རྙེད་ན་ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་དང་པོར་ནི་ལྷུང་བཟེད་ལྷག་མ་གཅིག་འཆང་བ་བསྟན་ཏོ། །དགེ་སློང་གིས་ཚེས་ལ་ལྷུང་བཟེད་རྙེད་ན་ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་གཉིས་པས་ནི་ལྷུང་བཟེད་ལྷག་

པ་གཉིས་འཆང་བ་བསྟན་ཏོ། །དགེ་སློང་གིས་ཚེས་ལ་ལྷུང་བཟེད་མང་པོ་རྙེད་ན་ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་གསུམ་པས་ནི་ལྷུང་བཟེད་ལྷག་པ་མང་པོ་བསྟན་ཏོ། །དགེ་སློང་གིས་ཚེས་ལ་ལྷུང་བཟེད་མང་པོ་དག་ཅིག་རྙེད་ཅིང་དེས་ཚེས་གཉིས་ལ་ཡང་གཞན་མང་པོ་དག་ཅིག་རྙེད་ན་

ཞེས་བྱ་བ་ལ་སོགས་པ་འགྲེས་བཞི་པས་ནི་ཕྱི་མ་ཡང་མང་པོ་དག་ཡིན་པར་བསྟན་ཏོ། །རྣམ་གྲངས་བཞི་པོ་དག་གི་བྱེ་བྲག་ནི་དེ་ཡིན་ནོ། །ལྷུང་བཟེད་ཆུང་ངུ་ལ་སོགས་པ་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ལྷུང་བཟེད་ཆུང་ངུ་ལ་སོགས་པ་ནི་རུང་བ་མ་ཡིན་པའི་ཕྱིར་བྱིན་གྱིས་བརླབ་པར་བྱ་བ་མ་ཡིན་པས་དེ་

དག་འཆང་ན་ཉེས་བྱས་སུ་འགྱུར་བ་ཡིན་གྱི་དངོས་གཞིའི་ལྟུང་བ་མེད་པར་བསྟན་པའི་ཕྱིར་ལྟུང་བ་མེད་དོ་ཞེས་གསུངས་སོ། །རབ་ཏུ་འབྱུང་བ་ལ་ལྟོས་པའི་དོན་དུ་ལྷུང་བཟེད་འཆང་བ་ལ་ནི་བདག་གིར་བྱེད་པ་མེད་པའི་ཕྱིར་ཉེས་བྱས་ཀྱང་མེད་པས་ཐམས་ཅད་ལྟུང་བ་མེད་དོ་ཞེས་གསུངས་སོ། །

Vol. 157 · folio 124a

ལྷུང་བཟེད་འཆང་བའི་སྤང་བ་སྟེ་ཉི་ཤུ་གཅིག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཉེ་བར་མ་ཞི་ཙམ་དུ་ཟད་ཀྱི་ཞེས་བྱ་བ་ནི་ཐེ་ཚོམ་ཟ་བས་བྱུང་རྒྱལ་མི་དོགས་པ་ཞིག་སྨྲས་པ་ཙམ་དུ་ཟད་ཀྱི་ཞེས་བྱ་བའི་ཐ་ཚིག་གོ། །ནལ་གྱི་བུ་ཞེས་བྱ་བ་ནི་ནལ་མའི་བུའོ། །

རིན་མ་མཆིས་པ་ཞེས་བྱ་བ་ནི་རིན་མེད་པར་རོ། །གལ་ཏེ་སྐྱེས་བུས་ས་སྣོད་ཀྱིས། །གསེར་གྱི་སྣོད་ནི་ཐོབ་གྱུར་ན། །ཞེས་བྱ་བ་ནི་དཔེར་ན་ཕྲུ་བས་གསེར་སྣོད་ཐོབ་པར་གྱུར་པ་དང་འདྲ་བར་ལྷུང་བཟེད་ཀྱི་སྦྱིན་པས་ལྷ་དང་མི་རྣམས་ཀྱི་ནང་ན་སྣོད་དུ་གྱུར་པའི་འབྲས་བུ་ཆེན་པོ་ཐོབ་པར་གྱུར་ན་

ཞེས་བྱ་བར་བསམས་སོ། །དེ་ཡིས་མྱ་ངན་ཅིའི་ཕྱིར་བྱ། །ཞེས་བྱ་བ་ནི་མྱ་ངན་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་མྱ་ངན་མི་བྱ་ཞེ་ན། དེའི་ཕྱིར་བསླུས་པ་མེད་པར་ཁོ་བོས་མཐོང་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་བསླུས་པ་མེད་པར་ཁོ་བོས་མཐོང་བ་དེའི་ཕྱིར་མྱ་ངན་མི་བྱེད་དོ་ཞེས་བྱ་བའི་ཐ་

ཚིག་གོ། །ཡོད་ཅིང་ཞེས་བྱ་བ་ནི་རྫས་ཙམ་དུ་ཡོད་པས་སོ། །བདོག་བཞིན་དུ་ཞེས་བྱ་བ་ནི་བྱ་བ་ནུས་པས་སོ། །འབྲས་ཆན་གཤེར་བར་བྱེད་པ་ནི་ཁུ་བ་དང་བཅས་པའོ། །ཅལ་ཅོལ་ཞེས་བྱ་བ་ནི་ཕན་ཕུན་ནོ། །ལྷན་པ་སྙི་བ་ཞེས་བྱ་བ་ནི་ལྷན་པ་མི་སྲ་བའོ། །ལྷན་རིངས་ཞེས་བྱ་བ་ནི་ལྕགས་ལས་

བྱས་པའི་ལྷན་པ་རིང་པོའོ། །ཐ་མ་ཕྲན་ཞེས་བྱ་བ་ནི་བུ་གུ་དགག་པའི་ལྕགས་ཟེར་རོ། །ལྷན་པ་ཞེས་བྱ་བ་ནི་ལྕགས་ཀྱི་ལྷན་པ་གྲུ་བཞིའམ་ཟླུམ་པོའམ་ཟུར་གསུམ་མཐའ་རད་རོད་མེད་པའོ། །ཆུ་སྲིན་གྱི་སོ་ལྟ་བུ་ཞེས་བྱ་བ་ནི་དེ་ཉིད་ཀྱི་མཐའ་ཐམས་ཅད་སོག་ལེའི་སོ་ལྟ་བུ་དང་ལྡན་པའོ། །

ཕྱེ་མ་ཞེས་བྱ་བ་ནི་ཞིབ་མོའོ། །ལྷན་པ་ལྔ་མེད་པ་ཞེས་བྱ་བ་ནི་ལྷན་པ་ལྔར་མ་ཚང་བ་དང་ལྡན་པ་ལྔ་མ་གླན་པ་ལ་མ་ཐུག་པ་ཞེས་བྱ་བའི་ཐ་ཚིག་གོ། །ལྷུང་བཟེད་འབྲེལ་པ་མེད་པ་ཞེས་བྱ་བ་ནི་ལྷུང་བཟེད་སར་པ་གཞན་བཙལ་བ་སྟེ་རྙེད་པ་དེ་ཡང་དགེ་འདུན་ལ་ཕུལ་ནས་དགེ་འདུན་ལས་ཐོབ་

པའི་ལྷུང་བཟེད་ཐ་ཆད་གང་ཡིན་པ་དེ་གཉི་གའི་མ་ཡིན་པར་རིག་པར་བྱ་སྟེ། དེ་ཡང་དགེ་སློང་རྣམས་ཀྱི་ལྷུང་བཟེད་ཀྱི་ཡུལ་ལ་འབྲེལ་བ་ནི་འདི་གཉིས་ཁོ་ནར་ཟད་དེ། །བྱིན་གྱིས་མ་བརླབས་པས་བདག་ཉིད་ཀྱིས་སྤྱད་པ་དང་། ཡོངས་སུ་སྤང་བའི་དུས་ན་ཡང་གཏང་བར་བྱ་བའམ་གཞན་ལ་

Vol. 157 · folio 124b

སྦྱིན་པར་བྱ་བ་རང་དབང་ཉིད་དུ་བསྟན་པར་བྱ་བ་ཡིན་ན་ལྷུང་བཟེད་འབྲེལ་པ་མེད་པ་དེ་ནི་བྱིན་གྱིས་མ་བརླབས་པས་བདག་ཉིད་ཀྱིས་སྤྱད་པའི་འབྲེལ་པ་ཡང་མེད་ལ། གཏང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱ་བས་ཡོངས་སུ་སྤངས་པའི་འབྲེལ་པ་མེད་པ་ཞེས་བྱ་བ་སྟེ། ལྷུང་བཟེད་དེ་ནི་བྱིན་

གྱིས་བརླབ་པར་བྱ་བ་ཡང་མ་ཡིན་ལ། ཡོངས་སུ་སྤང་བར་བྱ་བ་ཡང་མ་ཡིན་མོད་ཀྱི་འོན་ཀྱང་དེ་ལ་ཁ་བསྒྱུར་བ་དང་བསྲེག་པ་དང་བྱི་དོར་ལ་སོགས་པ་ལྷུང་བཟེད་ཀྱི་ནན་ཏན་ཡང་བྱ་དགོས་པས་དེའི་ཕྱིར་དེ་ནི་ལྷུང་བཟེད་ཀྱང་ཡིན་ལ་འབྲེལ་པ་མེད་པ་ཡང་ཡིན་པས་ལྷུང་བཟེད་འབྲེལ་པ་མེད་པ་ཞེས་

བྱ་བ་སྟེ། བྲན་ནམ་ཁོལ་དུ་བྱུང་བ་དང་འདྲའོ། །འདུལ་བ་དང་འགལ་བ་ཞེས་བྱ་བ་ནི་བཅས་པའི་ཁ་ན་མ་ཐོ་བ་སྟེ་བཏང་ནས་ཡང་སློང་བས་གཞན་ལ་ཐོ་འཚམས་པའི་ཕྱིར་རོ། །ངོས་ཁུང་ཞེས་བྱ་བ་ནི་བུ་གའོ། །ཆད་པའི་ལམ་ཡིན་ཏེ་ཞེས་བྱ་བ་ནི་ལྷུང་བཟེད་ལྷག་པ་ཚོལ་བའི་སྲེད་པ་བཅད་པའི་

ཕྱིར་རོ། །ཚུལ་ཁྲིམས་ཡང་དག་པར་རྗེས་སུ་བསྲུང་བས་ཇི་སྲིད་འཚོའི་བར་དུ་སྤྱད་པར་བྱ་བའོ་ཞེས་བྱ་བ་ནི་རྫོགས་པར་བསྙེན་པ་རྗེས་སུ་སྲུང་བར་བྱེད་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་ལ་མ་གླན་པའི་རྣམ་གྲངས་བཞི་དང་གླན་

པའི་རྣམ་གྲངས་བཞི་སྟེ་བརྒྱད་ཀྱི་ལྟུང་བ་རྣམ་པར་གཞག་གོ། །ལྷན་པ་ལྔ་གླན་པར་འོས་པ་ལ། ལྟུང་བ་མེད་པ་ནི་བུག་རྡོལ་མང་བ་ཉིད་ཀྱིས་མེད་པ་དང་འདྲ་བ་ཡིན་པའི་ཕྱིར་རོ། །རིན་གྱིས་ལེན་པ་ལ་ལྟུང་བ་མེད་པའི་ཕྱིར་རོ། །བརྫི་བས་ལེན་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ཡང་སློང་

བ་མེད་པའི་ཕྱིར་རོ། །ལྷུང་བཟེད་ཚོལ་བའི་སྤང་བ་སྟེ་ཉི་ཤུ་རྩ་གཉིས་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཡུགས་ས་མོ་ཞེས་བྱ་བ་ནི་བུད་མེད་ཁྱོ་ཤི་བས་སོ། །ལས་བདག་གིར་བྱ་བ་དང་ལྡན་པ་ཞེས་བྱ་བ་ནི་ལས་གཞན་གྱི་དབང་དང་ལྡན་པའོ། །ཐོང་གཤོལ་དཀར་པོ་ཞེས་བྱ་

བ་ནི་རྨོར་སྤངས་པ་ལས་བསམས་པ་ཡིན་ནོ། །བསོད་ནམས་འདོད་པ་ཞེས་བྱ་བ་ནི་བསོད་ནམས་ཀྱི་སེམས་དང་ལྡན་པའོ། །འཚོ་ཚིས་ཞེས་བྱ་བ་ནི་འཚོ་བའི་སོ་ནམ་མོ། །སྒྱུར་བ་ཞེས་བྱ་བ་ནི་ཉོ་ཚོང་ངོ་། །བསོད་ནམས་ཆུང་ཡང་བརྙས་མི་བྱ། །ཞེས་བྱ་བ་ལ་སོགས་པ་ནི་ཆུང་ངུ་ཞིག་ན་བསོད་

Vol. 157 · folio 125a

ནམས་སུ་མི་འགྱུར་བར་དོགས་པར་མི་བྱ་བ་དང་། བདག་འཇིག་རྟེན་ཕ་རོལ་དུ་སོན་ན་དེ་མི་འོང་བར་དོགས་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བདེ་གནས་མ་ཞེས་བྱ་བའི་བག་མར་བཏང་ནས་རིང་པོར་མ་ལོན་པ་སྟེ་ཁྱིམ་ཐབ་དང་ལྷན་ཅིག་བདེ་བར་གནས་པ་ཞེས་བྱ་བའི་

ཐ་ཚིག་གོ། །དོག་པ་ཕྲར་ཁོལ་ཞེས་བྱ་བ་ནི་དོག་པ་ཕྲ་བདར་ཆེ་བ་དང་རིང་ཆ་བཟང་བར་སྨོན་པ་གཅིག་པའོ། །ར་བ་ག་གེ་མོའི་དྲུང་ཞེས་བྱ་བ་ནི་ར་བ་ཞིག་གི་དྲུང་ནའོ། །ཆེན་པོ་ལ་འོས་པའི་རས་ཡུག་ཆེན་ཞེས་བྱ་བ་ནི་མི་ཆེ་བ་ནི་མི་ཆེན་པོས་ལོངས་སྤྱད་དུ་རུང་བ་སྟེ་བདག་པོ་ཆེན་པོ་ལ་འོས་པའི་ཕྱིར་

རོ། །མཁས་པ་ཞེས་བྱ་བ་ནི་དམ་པའོ། །ཐགས་གླ་ཞེས་བྱ་བ་ནི་རྔན་པའོ། །ཕོ་བྲང་གི་ཡིད་བརྟན་པ་ཞེས་བྱ་བ་ནི་ཁྱིམ་གྱི་ཚིས་བྱེད་པའོ། །ཆང་ཚོང་བ་ཞེས་བྱ་བ་ནི་ཆང་ཚོང་བར་བྱེད་པའི་མིའོ། །ཁུ་ཚུར་ཞེས་བྱ་བ་ནི་སུམ་པོས་བརྡེག་པའོ། །མི་མཐུན་པ་ཞེས་བྱ་བ་ནི་ལོག་པར་རོ། །སྡུག་ཅེས་བྱ་བ་ནི་མགུ་

བའི་ནོར་རོ། །དགེ་སློང་ཕ་ལ་ཉེས་བྱས་སུ་འགྱུར་ལ་ཞེས་བྱ་བ་ནི་དགེ་སློང་ཕའི་སྤང་བའི་ཆར་གཏོགས་པའི་ཉེས་བྱས་ཡིན་ཏེ་གླེང་གཞིའི་དབང་གིས་འདིར་གསུངས་སོ། །བདག་ཉིད་ཀྱིས་འཐག་པ་ལ་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་བཟོ་རྗེས་སུ་བསྒྲུབ་པ་ཚུལ་དང་མཐུན་པ་མ་ཡིན་པའི་ཕྱིར་

རོ། །ཐ་ག་པ་ཉེ་དུ་མ་ཡིན་པ་གོས་འཐག་ཏུ་འཇུག་པ་དང་། ཐ་ག་པ་ཉེ་དུ་ལ་གོས་འཐག་ཏུ་འཇུག་པ་དང་། བདག་ཉིད་ཀྱིས་འཐག་པར་བྱེད་པ་ལ་རེ་རེ་པའི་རྣམ་པ་གསུམ་མོ། །ཐ་ག་པ་ཉེ་དུ་དང་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུག་པ་དང་། བདག་ཉིད་དང་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་

འཇུག་པ་དང་། བདག་ཉིད་དང་ཐ་ག་པ་ཉེ་དུ་ལ་གོས་འཐག་ཏུ་འཇུག་པ་ཞེས་བྱ་བ་འདྲེན་མའི་རྣམ་པ་གསུམ་སྟེ། དེ་དག་ནི་ཉེ་དུ་མ་ཡིན་པ་ལས་དོག་པ་བསླངས་པའི་འགྲེས་དྲུག་ཡིན་ནོ། །ཉེ་དུ་ལ་དོག་པ་བསླངས་པ་ལ་འབའ་ཞིག་པའི་རྣམ་པ་གསུམ་དང་འདྲེན་མའི་རྣམ་པ་གསུམ་སྟེ་ལྟུང་བའི་འགྲེས་དྲུག་

དེ་བཞིན་དུ་ཤེས་པར་བྱ་སྟེ་ཉེ་དུ་ལས་དོག་པ་བསླངས་ཀྱང་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་འཐག་ཏུ་འཇུག་ན་ཉེས་པ་འདྲ་བར་བསྟན་པའི་ཕྱིར་རོ། །གླ་རྔན་གྱིས་འཐག་ཏུ་འཇུག་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་འཆོལ་བ་མེད་པའི་ཕྱིར་རོ། །འཐག་ཏུ་འཇུག་པའི་སྤང་བ་སྟེ་ཉི་ཤུ་གསུམ་པའི་ཚིག་རྣམ་པར་

Vol. 157 · folio 125b

བཤད་པ་རྫོགས་སོ།། །།དོག་པ་ལས་ཞེས་བྱ་བ་ནི་རྒྱུ་བདུན་གྱི་དོག་པ་ཟད་པའོ། །རུང་ངམ་ཞེས་བྱ་བ་ནི་བདེ་བའམ་ཞེས་བྱ་བའོ། །མི་རུང་ངོ་ཞེས་བྱ་བ་ནི་མི་བདེ་བའོ། །ལྟོས་བཟུང་བས་ཞེས་བྱ་བ་ནི་ཟས་ཀྱི་སྲེད་པས་དབང་དུ་བྱས་པའོ། །ལྷག་པ་ཞེས་བྱ་བ་ནི་སྐྱེད་པའོ། །འབྲི་བ་ཞེས་བྱ་བ་

ནི་ཕྲི་བའོ། །ཞེང་ཆེ་བ་ཞེས་བྱ་བ་ནི་རྒྱ་ཆེ་བ་ཉིད་ཀྱིས་ཁོ་ལག་ཆེ་བའོ། །ཁྲུན་རིང་བ་ཞེས་བྱ་བ་ནི་ཆུར་རིང་བ་ཉིད་ཀྱིས་ཁོ་ལག་ཆེ་བའོ། །ཐར་གྱིས་ཞག་པ་ཞེས་བྱ་བ་ནི་འཇུར་མདུད་མེད་པར་ཐང་ཆད་པའོ། །ཐག་རན་བཟང་བ་ཞེས་བྱ་བ་ནི་རྒྱུ་སྤུན་འཛེར་བའོ། །གླ་རྔན་ཞེས་བྱ་བ་ནི་བྱ་དགའོ། །

བྱེར་ཟུག་སྙོམས་པ་ཞེས་བྱ་བ་ནི་སྙོམས་པའོ། །ཤས་བཟང་བ་ཞེས་བྱ་བ་ནི་མཚམས་སྦྱོར་བའོ། །སང་སེང་མེད་པ་ཞེས་བྱ་བ་ནི་འཛེར་ཞིང་ཟང་བུག་མེད་པའོ། །བཟའ་བ་འམ་ཞེས་བྱ་བ་ནི་བཟའ་བ་ལྔ་པོ་དག་གོ། །བཟའ་བ་ཙམ་མམ་ཞེས་བྱ་བ་ནི་བཅའ་བ་ལྔ་དག་སྟེ་བཟའ་བ་དང་འདྲ་བའི་ཕྱིར་

བཟའ་བ་ཙམ་སྟེ་རྒྱལ་པོ་དང་འདྲ་བའི་ཕྱིར་བློན་པོ་ཆེན་པོའོ་ཞེས་བྱ་བ་ལྟ་བུའོ། །བཟའ་རྒྱུ་ཞེས་བྱ་བ་ནི་བཟའ་བའི་རྒྱུ་འབྲས་ཐུག་པོ་ཆེ་ལ་སོགས་པའོ། །སྔར་བསྟབས་པར་གྱུར་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི་འདྲིད་པ་དང་སློང་བ་དག་མེད་པས་ལྟུང་བ་མེད་དོ། །འཐག་པ་བསྐྱེད་པའི་སྤང་བ་སྟེ་ཉི་

ཤུ་བཞི་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།རང་བཞིན་དུ་གནས་པ་ཞེས་བྱ་བ་ནི་བསླབ་པ་འདོད་པའོ། །སྒོ་འཕར་ཞེས་བྱ་བ་ནི་སྒོ་འཕར་གྱི་ཤིང་ངོ་། །སྦྱིན་པ་ཞེས་བྱ་བ་ནི་ནོར་གཏོང་བའོ། །སྙན་པར་སྨྲ་བ་ཞེས་བྱ་བ་ནི་ཚིག་སྙན་པར་སྨྲ་བའོ། །དོན་སྤྱོད་པ་ཞེས་བྱ་བ་ནི་དགོས་

པ་བསྒྲུབ་པའོ། །དོན་མཐུན་པ་ཞེས་བྱ་བ་ནི་དགོས་པ་མཐུན་ཞིང་བྱ་བ་གཅིག་པ་སྟེ། དེ་དག་ནི་འཁོར་དགའ་བར་བྱེད་པའི་རྒྱུ་ཡིན་པས་བསྡུ་བའི་དངོས་པོ་ཞེས་བྱའོ། །ངན་པ་ཞེས་བྱ་བ་ནི་གླེན་པའོ། །གླང་པོ་ཆེའི་ལྟ་སྟངས་ཀྱིས་ཞེས་བྱ་བ་ནི་དཔེར་ན་གླང་པོ་ཆེ་ལུས་ཐམས་ཅད་ཀྱིས་ཡོངས་སུ་

བསྒྱུར་ཏེ་རྒྱབ་ལོགས་སུ་རྣམ་པར་ལྟ་བར་བྱེད་པ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་སྐུའི་ཚིགས་སྦྲུལ་གྱི་མདུད་པ་ལྟ་བུ་ཡིན་པའི་ཕྱིར་དང་། དུས་ཐམས་ཅད་དང་ཐམས་ཅད་དུ་མཐུན་པར་འཛིན་པ་ཡིན་པའི་ཕྱིར་གློ་གཡས་ཕྱོགས་ནས་སྣམ་ལོགས་སུ་བསྒྱུར་ཏེ་རྣམ་པར་

Vol. 157 · folio 126a

གཟིགས་པ་མཛད་པ་ཡིན་ནོ། །ལྷག་མ་ཡོད་པའི་ཕྱིར་སྦྱིན་པར་བྱ་ཞིང་ཞེས་བྱ་བ་ནི་གོས་དེ་སྤྱད་པའི་ལྷག་མ་ཅི་ཡོད་པའོ། །ཕྱིར་སྦྱིན་པར་བྱ་ཞིང་ཞེས་བྱ་བ་ནི་དགེ་སློང་དེ་ལ་ཕྱིར་སྦྱིན་པར་བྱ་སྟེ། འདིར་ཕྱིར་སྦྱིན་པར་བྱ་བའི་ཚུལ་ནི་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །

བཏང་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གང་གི་ཚེ་གོས་དེ་ལུས་ལས་བཏང་ཞིང་བྲལ་བར་བྱས་པ་དེའི་ཚེ་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ལུས་གཡོ་བར་བྱེད་པ་ཞེས་བྱ་བ་ནི་གང་ལ་ལུས་གཡོ་བ་ཞེས་བྱ་བ་ནི་ལུས་ཀྱི་ལས་ཡོད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཚིག་རྗོད་པར་བྱེད་པ་

ཞེས་བྱ་བ་ནི་གང་ལ་ཚིག་རྗོད་པར་བྱེད་པ་ཞེས་བྱ་བ་གང་གི་ལས་ཡོད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་གཉིས་ཀ་དང་ལྡན་པ་ཞེས་བྱ་བ་ནི་གང་ལ་ལུས་དང་ངག་གི་ལས་གཉིས་ཀ་ཡོད་པའོ། །གཞན་དག་གི་ཞེས་བྱ་བ་ནི་གང་ལ་གཞན་ཁྱིམ་པ་དང་རབ་ཏུ་བྱུང་བ་དག་བསྐོས་པ་ཞེས་བྱ་བའི་ཐ་ཚིག་

གོ། །དགེ་སློང་མ་དང་དགེ་ཚུལ་དང་དགེ་ཚུལ་མ་ལ་ཉེས་བྱས་ཉིད་དུ་འགྱུར་བ་ནི་རྫོགས་པར་མ་བསྙེན་པའི་ཕྱིར་རོ། །ཁྱིམ་པ་དང་ཁྱིམ་པ་མོ་ལ་བསོད་ནམས་མ་ཡིན་པ་མང་དུ་སྐྱེ་བར་འགྱུར་བ་ནི་རབ་ཏུ་བྱུང་བ་ཉིད་མ་ཡིན་པས་ལྟུང་བ་མེད་པའི་ཕྱིར་རོ། །བསོད་ནམས་མ་ཡིན་པ་ཆེས་མང་དུ་སྐྱེ་བར་འགྱུར་

བ་ནི་དངོས་གཞི་བསྡུས་པ་ཡིན་པའི་ཕྱིར་རོ། །དོན་གཞན་ཞེས་བྱ་བ་ནི་འཇིག་རྟེན་པའི་དགོས་པ་གཞན་གྱིས་སོ། །གདུལ་བའི་ཡོ་བྱད་ཀྱིས་ཞེས་བྱ་བ་ནི་འདུལ་བའི་ཐབས་ཀྱིས་ཏེ་དེ་གཉིས་ལ་ནི་དབྲོག་པའི་བསམ་པ་མེད་པས་ལྟུང་བ་མེད་དོ། །གྲོགས་པོ་ཞེས་བྱ་བ་ནི་གཅུགས་པའོ། །ཟླ་བོ་ཞེས་བྱ་བ་

ནི་དོན་གཅིག་པའོ། །བསྟེན་གྲོགས་ཞེས་བྱ་བ་ནི་ཡང་དང་ཡང་དུ་སྡོད་པར་བྱེད་པའོ། །འཕྲོག་པའི་སྤང་བ་སྟེ་ཉི་ཤུ་ལྔ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།དབྱར་འདས་ནས་ཞེས་བྱ་བ་ནི་དབྱར་གྱི་དུས་འདས་ནས་སྟོན་ལ་བབ་པ་ནའོ། །ཡིད་ཀྱིས་བསྐོར་བ་ན་ཞེས་བྱ་བ་ནི་དེ་དག་ལ་

ཡིད་དད་པ་ཁོ་ན་གཙོ་བོ་ཡིན་ཞིང་སྐོར་བར་བྱེད་ལ་ཡིད་ཀྱི་ལུས་བསྐྱོད་པ་ཙམ་གྱིས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་ཀྱིས་འདྲེན་ཅེས་བྱ་བ་ནི་སེམས་སྔོན་དུ་འགྲོ་བ་སྟེ་སེམས་ཀྱི་ཚོར་བ་དང་སེམས་པ་ལ་སོགས་པའི་ཆོས་རྣམས་ཡུལ་རྣམས་འདྲེན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཡིད་

Vol. 157 · folio 126b

གཙོ་བོ་ཞེས་བྱ་བ་ནི་སེམས་གཙོ་བོ་ཡིན་པ་སྟེ་སེམས་ལས་སུ་རུང་ན་དེ་དག་ཀྱང་ལས་སུ་རུང་ལ་སེམས་ལས་སུ་མི་རུང་ན་དེ་དག་ཀྱང་ལས་སུ་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་ཀྱི་འགྲོས་ཅན་ཞེས་བྱ་བ་ནི་ཡིད་ཀྱི་འགྲོས་དང་ལྡན་པ་སེམས་ལ་བརྟེན་པ་སྟེ་སེམས་སྐྱེ་ན་དེ་དག་ཀྱང་སྐྱེ་ལ་སེམས་འགག་

ན་དེ་དག་ཀྱང་འགག་ཅེས་བྱ་བའི་ཐ་ཚིག་གོ། །ལྟོ་འདུན་ཅན་ཞེས་བྱ་བ་ནི་མཆོག་ཏུ་བསོད་པ་དང་། མང་པོ་ཟ་བར་འདོད་པ་སྟེ་རྒྱ་ཆེན་པོ་ལ་མོས་པ་ལྔ་ཕྱི་ལ་མི་ལྟ་ཞེས་བྱ་བའི་ཐ་ཚིག་གོ། །བཅའ་བ་རྣམ་པ་བཅོ་བརྒྱད་ཅེས་བྱ་བ་ནི་མར་ཁུར་དང་། ཧྭགས་ཁུར་དང་། སྦྲང་རྩིའི་ཁུར་བ་ལ་སོགས་

པ་ཁུར་བའི་རྣམ་པའོ། །ཁུར་ཡ་གཅིག་ནི་འདུག་དཀའ་བ་ཡིན་གྱི་ཞེས་བྱ་བ་ནི་དཔེར་ན་མའི་ཕྲག་རྡང་གི་ཁུར་ཁྱེར་བའི་ཕྲག་རྡང་གི་རྩེ་མོ་ཡ་གཅིག་ཏུ་ཁུར་བཏགས་ལ། ཡ་གཅིག་ཏུ་མ་བཏགས་ན་ཕྲག་པར་ཆགས་པར་དཀའ་བ་དེ་བཞིན་དུ་བདག་ཅག་གིས་ཀྱང་ཟས་ཀྱི་རྙེད་པ་ལ་ཟོས་ལ་གོས་

ཀྱི་རྙེད་བ་ལ་མ་བགོས་པར་གལ་ཏེ་དོར་ནས་སེམས་བདེ་བར་འདུག་པར་དཀའ་བ་ཡིན་གྱི་ཞེས་བྱ་བའི་ཐ་ཚིག་གོ། །སྤྱོད་སྤྱོད་པ་ཞེས་བྱ་བ་ནི་ཟ་ཟ་ལ་ཞེས་བྱ་བའི་ཐ་ཚིག་གོ། །ལྟག་པའི་སྤུ་བྱི་བར་འགྱུར་རོ་ཞེས་བྱ་བ་ནི་ལྟག་སྒྲེར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འགལ་ཚབས་ཅན་དུ་འགྱུར་རོ་

ཞེས་བྱ་བ་ནི་ཉེས་བྱས་ཀྱི་ལྟུང་བ་དང་བཅས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འཁོར་རྣམ་པར་ལངས་པར་འགྱུར་ཞེས་བྱ་བ་ནི་དགེ་བའི་ཕྱོགས་ཀྱི་ཕྱིར་བརྩོན་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དམག་གི་གནས་ཞེས་བྱ་བ་ནི་གཡུལ་གྱི་གནས་སོ། །ལོངས་སྤྱོད་དག་གིས་ཕྱུག་ཅེས་བྱ་བ་ནི་གྲོང་

ལ་སོགས་པས་རྒྱས་པའོ། །ཉེ་བར་བསགས་ཞེས་བྱ་བ་ནི་གོས་དང་རྒྱན་ལ་སོགས་པས་རྒྱས་པའོ། །ཡོངས་སུ་མ་སྤྱད་པས་ཞེས་བྱ་བ་ནི་རྒྱུག་པ་དང་གདུལ་བ་ལ་སོགས་པས་མ་སྤྱད་པས་སོ། །གནོད་སྦྱིན་གྱི་དམག་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་ཅེས་བྱ་བ་ནི་དབང་པོ་དང་། ཟླ་བ་དང་། ཆུ་ལྷ་

དང་། སྐྱེ་དགུའི་བདག་པོ་དང་། བ་ར་དྭ་ཛ་དང་། དབང་ལྡན་དང་། ཙནྡན་དང་། འདོད་མཆོག་དང་། མགྲིན་ངན་དང་། མགུལ་ངེས་དང་། བ་ཌི་དང་། ནོར་བུ་དང་། ནོར་བུ་སྤྱོད་པ་དང་། སྒྲ་རབ་དང་། ཉེ་ལྔ་དང་། རི་མཉམ་དང་། ཁ་བ་ཅན་དང་། གང་བོ་དང་། སེང་ལྡེང་པ་དང་།

Vol. 157 · folio 127a

བི་ཏ་དང་། གནོད་སྦྱིན་བ་ལང་སྐྱོང་དང་། འབྲོག་གནས་དང་། མིའི་རྒྱལ་པོ་རྒྱལ་བ་ཁྱུ་མཆོག་དང་། ལྔ་ལེན་པ་དང་། བཞིན་བཟངས་དང་། གནོད་སྦྱིན་རིང་པོ་འཁོར་དང་བཅས་པ་དང་། འབྲས་བུ་གསུམ་པ་དང་། ཚེར་མ་གསུམ་པ་ཞེས་བྱ་བ་དག་གོ། །གནོད་

སྦྱིན་འདུ་བ་ཞེས་བྱ་བ་ནི་གནོད་སྦྱིན་འདུས་པའོ། །ཆོས་ཀྱི་སྤུན་དག་ཅེས་བྱ་བ་ནི་འཕགས་པའི་ལམ་གྱི་རིགས་ཀྱིས་ལྟོ་གཅིག་པའི་ཕྱིར་རོ། །རིའི་རྩེ་མོ་ལྟ་བུ་ཞེས་བྱ་བ་ནི་རིའི་སྤོ་འདྲ་བའོ། །རྔ་མོ་ལྟ་བུ་ཞེས་བྱ་བ་ནི་རྡེའུ་འདྲ་བའོ། །གནོད་སྦྱིན་གདུག་པ་ལྟ་བུ་ཞེས་བྱ་བ་ནི་གནོད་སྦྱིན་ཕ་

རོལ་གནོན་པ་ལྟ་བུའོ། །གཉིས་ཀ་བཅད་བྱས་ན་ཞེས་བྱ་བ་ནི་ཡུལ་དང་སྲོག་གཉིས་ཀ་ལ་གནོད་པ་བཏགས་ནའོ། །མ་ལེགས་པར་འགྱུར་ཞེས་བྱ་བ་ནི་བསོད་ནམས་ཀྱི་བར་ཆད་དུ་འགྱུར་རོ། །བརྟད་པ་ལས་བྱུང་བའི་གོས་ཞེས་བྱ་བ་ནི་ཉམ་ང་བའི་དུས་ལས་བྱུང་བའི་གོས་སོ། །གཏན་

པ་མ་བཏིང་བའི་གནས་ན་ནི་སྟོན་ཟླ་ཐ་ཆུངས་ཉ་ཚུན་ཆད་གོས་སྦྱིན་པའི་དུས་མ་ཡིན་ནོ། །གཏན་པ་བཏིང་བའི་གནས་ན་ནི་དཔྱིད་ཟླ་འབྲིང་པོ་ཉ་ཚུན་ཆད་གོས་སྦྱིན་པའི་དུས་མ་ཡིན་ནོ་ཞེས་བྱ་བ་ནི་དེའི་བར་དུ་འགྱེད་པར་མི་བྱེད་པའི་ཕྱིར་རོ། །དབྱར་གྱི་རྙེད་པ་དབྱར་གྱི་ནང་དུ་བདག་གིར་བྱེད་ན་དངོས་

གཞིར་འགྱུར་རོ། །གོས་སྦྱིན་པའི་དུས་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དུ་གསུངས་པ་ནི་སོགས་པ་ལྷུར་ལེན་པའི་ཕྱིར་དང་། རྫས་ཆུད་ཟོས་པའི་ཞར་ལ་གནོད་པར་འགྱུར་བའི་ཕྱིར་རོ། །བརྟད་པ་ལས་བྱུང་བའི་གོས་ལྔ་པོ་དག་བདག་གིར་བྱེད་པ་ལ་ལྟུང་བ་མེད་པ་ནི་བརྟད་པའི་

དབང་གིས་དབྱར་གྱི་རྙེད་པ་དབྱར་གྱི་ནང་དུ་བདག་གིར་བྱེད་པ་ལས་ཉེས་བྱས་ཀྱང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྦྱིན་བདག་གིས་རང་གི་ལག་ནས་སྦྱིན་པར་བྱེད་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ནི་བརྐམ་ཆགས་ཀྱི་རྒྱུས་འགེད་པ་ཡིན་པའི་ཕྱིར་རོ། །གོས་འགེད་པའི་དགེ་སློང་བསྐོས་པས་

དུས་ལས་འདས་པར་གཞག་པ་ལ་ལྟུང་བ་མེད་པ་ནི་རྫས་ཆུད་ཟ་བའི་ཉེས་པར་མི་འགྱུར་བའི་ཕྱིར་རོ། །སྦྱིན་བདག་འོངས་ཏེ་བཞེས་ཤིག་དང་། རང་གི་སུག་པ་ཉིད་ནས་དབུལ་ལོ་ཞེས་ཟེར་བར་དུས་ལས་འདས་པར་གཞག་པ་ལས་ལྟུང་བ་མེད་པ་ནི་རྫས་ཆུད་ཟོས་ཀྱང་དགེ་སློང་གིས་མ་ཉེས་

Vol. 157 · folio 127b

པའི་ཕྱིར་རོ། །བརྟད་པ་ལས་བྱུང་བའི་སྤང་བ་སྟེ་ཉི་ཤུ་དྲུག་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཁྱིམ་གཞན་དུ་གཞག་པར་བྱའོ། །ཞེས་བྱ་བ་ནི་དགོན་པ་པའི་གཙུག་ལག་ཁང་གི་ཉེ་འཁོར་དུ་གྱུར་པའི་གྲོང་ཞེས་བྱ་བའི་ཐ་ཚིག་གོ། །ཐུགས་མི་ཆེས་ཞེས་བྱ་བ་ནི་ཡིད་མི་ཆེས་

པའོ། །འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུ་ཞེས་བྱ་བ་ལ། འཇིགས་པ་ཐ་དད་པས་ཞེས་བྱ་བ་ནི་འཇིགས་པའི་རྒྱུས་སོ། །འཇིགས་སུ་རུང་བ་ཞེས་བྱ་བ་ནི་རྒྱུ་དེ་ལས་སྐྲག་པའི་འཇིགས་སུ་རུང་བ་སྐྱེ་བའོ། །དེ་དང་ལྷན་ཅིག་འཇིགས་པ་ཐ་དད་པས་

འཇིགས་སུ་རུང་བ་དང་བཅས་པའོ། །དེ་ལྟ་བུ་ཉིད་ཡིན་པར་གྲགས་པ་དག་ནི་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་གོ། །འདིའམ་ཞེས་བྱ་བ་ནི་དགོན་པ་འམ་གཙུག་ལག་ཁང་གྲོང་དང་བཅས་པར་རོ། །དེར་ཞེས་བྱ་བ་ནི་གནས་གཞན་གང་དུ་སོང་བ་དེར་

རོ། །ཞག་བདུན་གྱི་འབྲལ་བའི་སྤང་བ་སྟེ་ཉི་ཤུ་བདུན་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།སྔ་མས་ཞེས་བྱ་བ་ནི་དབྱར་གནས་པར་ཁས་བླངས་པ་སྔ་མས་སོ། །རང་གི་དུས་ཞེས་བྱ་བ་ནི་བདག་ཉིད་ཀྱི་སྐབས་སོ། །ཕྱི་མས་ཞེས་བྱ་བ་ནི་དབྱར་གནས་པར་ཁས་བླངས་པ་ཕྱི་མས་

སོ། །སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་ན་ཞེས་བྱ་བ་ནི་དབྱར་ཟླ་ར་བ་ཉ་ནས་དབྱར་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཅིག་ལུས་ནའོ། །དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ཀྱི་བར་དུ་ཞེས་བྱ་བ་ནི་སྟོན་ཟླ་ཐ་ཆུངས་ཚེས་ཀྱི་བར་དུའོ། །འདི་སྐད་བསྟན་གྱི་དབྱར་གྱི་གོས་རས་ཆེན་དབྱར་གནས་པས་ཁས་

ལེན་པའི་དུས་ཟླ་བ་གཅིག་གིས་མ་བབ་པའི་དུས་ནས་བཙལ་བར་བྱ་ཞིང་དགག་དབྱེ་བྱས་ནས་ཟླ་བ་ཕྱེད་ཀྱི་བར་དུ་བཅང་བར་བྱའོ། །ཟླ་བ་གཅིག་ན་དབྱར་ཉེ་བར་བསྒྲུབ་པ་འབྱུང་བར་འགྱུར་བ་ནའོ་ཞེས་བྱ་བ་ནི་དབྱར་གནས་པ་སྔ་མ་ཁས་ལེན་པ་ལ་ནི་དབྱར་ཟླ་ར་བ་ཉ་ནའོ། །དབྱར་གནས་པ་ཕྱི་

མར་ཁས་ལེན་པ་ལ་ནི་དབྱར་ཟླ་འབྲིང་པོ་ཉ་ནའོ་ཞེས་བྱ་བར་སྦྱར་རོ། །དགག་དབྱེ་བྱས་ནས་ཟླ་བ་ཕྱེད་ཀྱི་བར་དུའོ་ཞེས་བྱ་བ་ནི་དབྱར་གནས་པ་སྔ་མར་ཁས་བླངས་པ་ལ་ནི་སྟོན་ཟླ་ཐ་ཆུངས་ཚེས་ཀྱི་བར་དུའོ། །དབྱར་གནས་པ་ཕྱི་མར་ཁས་བླངས་པ་ལ་ནི་དགུན་ཟླ་ར་བ་ཚེས་ཀྱི་བར་དུའོ། །གང་དག་

Vol. 157 · folio 128a

དབྱར་སྔ་མར་གནས་པར་ཁས་ལེན་པ་དེ་དག་ལ་ནི་ཧ་ཅང་ཡུན་རིང་དུ་འཆང་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ནི་སྟོན་ཟླ་ཐ་ཆུངས་ཚེས་ཀྱི་བར་དུ་འཆང་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བ་ཡིན་ནོ། །དེ་བཞིན་དུ་གང་དག་དབྱར་ཕྱི་མར་གནས་པར་ཁས་བླངས་པ་དེ་དག་ལ་དགུན་

ཟླ་ར་བ་ཚེས་ཀྱི་བར་དུ་འཆང་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བར་ཤེས་པར་བྱ་བའོ། །གང་དག་དབྱར་ཕྱི་མར་གནས་པ་ཁས་ལེན་པ་དེ་དག་ལ་ནི་ཧ་ཅང་མྱུར་དུ་ཚོལ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་ཞེས་བྱ་བ་ནི་དབྱར་ཟླ་འབྲིང་པོ་ཉ་ཕན་ཆད་དུ་ཚོལ་ནའོ། །དེ་བཞིན་དུ་གང་དག་དབྱར་སྔ་མར་གནས་པར་

ཁས་ལེན་པ་དེ་དག་ལ་ནི་དབྱར་ཟླ་ར་བ་ཉ་ཕན་ཆད་དུ་ཚོལ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བར་ཤེས་པར་བྱའོ། །དེ་ལྟ་ན་དགེ་སློང་གིས་ཇི་ཙམ་དུ་ཧ་ཆང་མྱུར་དུ་ཚོལ་བར་བྱེད་པ་དང་། ཧ་ཅང་ཡུན་རིང་དུ་གནས་པར་བྱེད་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ནི་སྔར་ཚོལ་ན་ཚོལ་བའི་ཚེ་ནི་

སྦྱོར་བའི་ཉེས་བྱས་སུ་འགྱུར་ལ། རྙེད་པའི་ཚེ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བ་དང་། འདས་པར་འཆང་ན་འཆང་བར་རྩོལ་བའི་ཚེ་ནི་ཉེས་བྱས་སུ་འགྱུར་ལ། འདས་པར་བཅངས་པའི་ཚེ་ན་ནི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བསྟན་ཏོ། །དབྱར་གྱི་རས་ཆེན་གྱི་སྤང་བ་སྟེ་ཉི་ཤུ་རྩ་བརྒྱད་པའི་ཚིག་

རྣམ་པར་བཤད་པ་རྫོགས་སོ།། །།དད་པ་ཞེས་བྱ་བ་ནི་ཡོན་ཏན་ལ་ཡིད་ཆེས་པའོ། །གཅུགས་པ་ཞེས་བྱ་བ་ནི་བྱམས་པའོ། །དད་པ་ཞེས་བྱ་བ་ནི་ཡོན་ཏན་འདོད་པའོ། །ཆོས་དང་ལྡན་པའི་སྦྱིན་པ་མ་ཡིན་པ་ཞེས་བྱ་བ་ནི་སྦྱིན་དུ་མི་རུང་བ་སྟེ་རྫས་དེ་གཞན་ལ་བྱིན་ཟིན་པའི་ཕྱིར་རོ། །ཆོས་དང་

ལྡན་པའི་ལེན་པ་མ་ཡིན་པ་ཞེས་བྱ་བ་ནི་བླང་དུ་མི་རུང་བ་སྟེ་དེའི་བདག་པོ་གཞན་ཡོད་པའི་ཕྱིར་རོ། །ལོངས་སྤྱད་དུ་མི་རུང་བ་ཞེས་བྱ་བ་ནི་སྤྱད་དུ་མི་རུང་བ་སྟེ་སྤྱོད་པར་བྱེད་པ་དག་གིས་དེ་གཞན་གྱི་ཡིན་པར་ཤེས་བཞིན་དུ་སྤྱོད་པ་མི་རུང་བའི་ཕྱིར་རོ། །དགེ་འདུན་བྱེ་ཞིང་ཞེས་བྱ་བ་ནི་ལམ་གཞན་ཁས་བླངས་

པས་སོ། །གཉིས་འགྱུར་ཏེ་ཞེས་བྱ་བ་ནི་སྟོན་པ་གཞན་ཁས་བླངས་པས་སོ། །ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་ཞེས་བྱ་བ་ནི་རྩོད་པར་གྱུར་པས་ལས་བྱ་བའི་ཕྱིར་རོ། །འདིར་རྒྱུ་བསྟན་པའི་ཕྱིར། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་སྦྱིན་པ་ཡིན་ལ་ཕྱི་མ་ནི་མ་ཡིན་ནོ་ཞེས་བྱ་བ་

Vol. 157 · folio 128b

གསུངས་ཏེ། འདི་ལྟར་སྔ་མ་ཉིད་གཏོང་བའི་ཚེ་སྦྱིན་པ་བྱས་པ་ཡིན་པས་དེའི་ཚེ་ན་སྦྱིན་བདག་བདག་པོ་ཡིན་གྱི་ཕྱི་མའི་ཚེ་ན་བདག་པོ་མ་ཡིན་ཏེ། དེའི་ཚེ་ན་ལེན་པ་པོ་ཉིད་བདག་པོ་ཡིན་ནོ། །སྦྱིན་བདག་དེ་ཉིད་ཐམས་ཅད་ལ་བདག་པོ་ཡིན་པར་དོགས་པ་བསལ་བའི་ཕྱིར་རྒྱལ་པོ་ནི་ས་བཞི་ལ་དབང་

ལ། བདག་པོ་ནི་གནས་མལ་ལ་དབང་། དགེ་སློང་ནི་ལྷུང་བཟེད་ལ་དབང་། ཆོས་གོས་ལ་དབང་ངོ་ཞེས་བྱ་བ་གསུངས་ཏེ། རྒྱལ་པོ་ནི་རེ་ཞིག་ས་བཞི་ལ་དབང་བ་ཡིན་ལ། གཙུག་ལག་ཁང་གི་བདག་པོ་ནི་གནས་ཁང་དང་ཁྲི་དང་ཁྲིའུ་ལ་སོགས་པ་གནས་མལ་ལ་དབང་ངོ་། །གཙུག་ལག་

ཁང་དེ་ན་གནས་པའི་དགེ་སློང་ནི་གཙུག་ལག་ཁང་དེ་ན་ཡོད་པའི་ལྷུང་བཟེད་དང་། ཆོས་གོས་ལ་སོགས་པ་དབང་ངོ་། །སྦྱིན་པ་པོ་དང་སྦྱིན་བདག་གིས་རང་གི་སྦྱིན་པར་བྱ་བའི་ཆོས་མངོན་པར་འདུ་བྱ་བར་མི་རུང་གི་གཞན་ལ་སྦྱིན་དུ་ནི་མི་རུང་ངོ་ཞེས་བྱ་བ་ནི་སྦྱིན་པ་པོ་དང་སྦྱིན་བདག་གིས་སྔར་

ལེན་པ་པོ་ལ་ཕུལ་བ་རང་གི་སྦྱིན་པར་བྱ་བའི་ཆོས་དེ་བྱི་དོར་ལ་སོགས་པ་མངོན་པར་འདུ་བྱ་བར་ནི་སྟེ་བསོད་ནམས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རོ། །གཞན་ལ་སྦྱིན་དུ་ནི་མི་རུང་སྟེ་དེའི་ཚེ་ན་བདག་པོ་གཞན་ཡིན་པའི་ཕྱིར་རོ། །རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་

བར་ནི་མི་མཛད་དོ་ཞེས་བྱ་བ་ནི་དགེ་འདུན་གྱི་རྙེད་པ་གང་ཟག་བདག་ལ་མ་བསྔོས་པའི་ཕྱིར་རོ། །རིས་མཐུན་པ་ཞེས་བྱ་བ་ནི་སྐྱེ་བའོ། །གཅིག་ཅིག་ཅེས་བྱ་བ་ནི་ཕྱོགས་ལས་གཅིག་ཅིག་གོ། །གོས་ཀྱི་རྙེད་པ་ཡིན་པར་དགོངས་སོ་ཞེས་བྱ་བ་ནི་གཙོ་བོ་ཡིན་པས་དེའི་ལས་དངོས་གཞིར་འགྱུར་བའི་ཕྱིར་

རོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་ཞེས་བྱ་བའི་རྣམ་པ་ལ་གང་ཟག་གཅིག་དང་། གཉིས་དང་། རབ་ཏུ་མང་པོ་དང་། དགེ་འདུན་ལ་བསྔོས་པའི་རྙེད་པ་གང་ཟག་བདག་ལ་སྒྱུར་དུ་འཇུད་པ་ལ་རྣམ་པ་བཞིའོ། །གང་ཟག་གཅིག་ལ་བསྔོས་པའི་རྙེད་པ་གང་ཟག་གཞན་གཅིག་དང་། རབ་ཏུ་མང་པོ་དང་།

དགེ་འདུན་ལ་སྒྱུར་དུ་འཇུད་པ་ལ་ཡང་རྣམ་པ་བཞིའོ། །གང་ཟག་གཉིས་ལ་བསྔོས་པའི་རྙེད་པའི་གང་ཟག་གཞན་གཅིག་དང་། གཉིས་དང་། རབ་ཏུ་མང་པོ་དང་། དགེ་འདུན་ལ་སྒྱུར་དུ་འཇུད་པ་ལ་ཡང་རྣམ་པ་བཞིའོ། །གང་ཟག་རབ་ཏུ་མང་པོ་དག་ལ་བསྔོས་པའི་རྙེད་པ་གང་ཟག་གཞན་

Vol. 157 · folio 129a

གཅིག་དང་། གཉིས་དང་། རབ་ཏུ་མང་པོ་དང་། དགེ་འདུན་ལ་སྒྱུར་དུ་འཇུད་པ་ལ་ཡང་རྣམ་པ་བཞིའོ། །དགེ་འདུན་ལ་བསྔོས་པའི་རྙེད་པ་གང་ཟག་གཅིག་དང་། གཉིས་དང་། རབ་ཏུ་མང་པོ་དང་། དགེ་འདུན་གཞན་ལ་སྒྱུར་དུ་འཇུད་པ་ལ་ཡང་རྣམ་པ་བཞིའོ། །དགེ་

སློང་གི་དགེ་འདུན་ལ་བསྔོས་པའི་རྙེད་པའི་དགེ་སློང་མའི་དགེ་འདུན་ལ་སྒྱུར་དུ་འཇུད་པ་དང་། དགེ་སློང་མའི་དགེ་འདུན་ལ་བསྔོས་པའི་རྙེད་པ་དགེ་འདུན་ལ་སྒྱུར་དུ་འཇུད་པ་ལ་རྣམ་པ་གཉིས་སོ། །གཉིས་པའི་དགེ་འདུན་ལ་བསྔོས་པའི་རྙེད་པ་དག་དགེ་སློང་གི་དགེ་འདུན་ལ་སྒྱུར་དུ་འཇུད་པ་

དང་། གཉིས་ཀའི་དགེ་འདུན་ལ་བསྔོས་པའི་རྙེད་པ་དགེ་སློང་མའི་དགེ་འདུན་ལ་སྒྱུར་དུ་འཇུད་པ་ལ་ཡང་རྣམ་པ་གཉིས་སོ། །དགེ་འདུན་བྱེ་བ་ནི་ཕྱོགས་གཅིག་ལ་བསྔོས་པའི་རྙེད་པ་ཕྱོགས་གཉིས་པ་ལ་སྒྱུར་དུ་འཇུད་པ་ལ་རྣམ་པ་གཅིག་སྟེ། དེ་ལྟར་དེ་དག་ནི་རབ་ཏུ་བྱུང་བའི་ཡུལ་ལ་

ལྟུང་བ་རྣམ་པར་གཞག་པའི་འགྲེས་ཉི་ཤུ་རྩ་ལྔ་ཡིན་ནོ། །དེ་ལ་གང་ཟག་གཅིག་དང་གཉིས་དང་རབ་ཏུ་མང་པོ་དང་། དགེ་འདུན་ལ་བསྔོས་པའི་རྙེད་པ་གང་ཟག་བདག་ལ་སྒྱུར་དུ་འཇུད་ན་ནི་དངོས་གཞིར་འགྱུར་རོ། །གཞན་ལ་སྒྱུར་དུ་འཇུད་ན་ནི་ཉེས་བྱས་སུ་འགྱུར་བར་ཤེས་པར་བྱའོ། །

གནས་ཁང་ལ་སོགས་པའི་བྱེ་བྲག་གིས་སེམས་ཅན་དུ་བགྲང་བ་མ་ཡིན་པའི་ཡུལ་ལ་ནི་རྣམ་པ་མང་ངོ་། །མུ་ཏོ་བ་དང་དུད་འགྲོའི་ཡུལ་ལ་རྣམ་པ་གཉིས་ཏེ། དེ་དག་ལ་ཡང་སྦྱོར་བ་དང་། དངོས་གཉིས་ཀ་ལ་ཡང་ཉེས་བྱས་སོ། །གཡར་པོའི་ཆོས་ཞེས་བྱ་བ་ནི་བརྙན་པོ་ཉིད་དོ། །ཐེམ་སྐས་ཀྱི་

གཞི་ཞེས་བྱ་བ་ནི་རྐང་རྟེན་ནོ། །མེ་ཏོག་ཁང་ཞེས་བྱ་བ་ནི་བང་རིམ་བཞི་པ་སྟེ། མེ་ཏོག་གི་གནས་ཡིན་པའི་ཕྱིར་རོ། །ཡང་ན་མེ་ཏོག་གི་ཕྲེང་བ་ཡིན་ནོ། །བ་གམ་ཞེས་བྱ་བ་ནི་གཙང་ཁང་ཕྱུར་བུའོ། །ཕུ་ཤུ་ཞེས་བྱ་བ་ནི་མཆོད་རྟེན་གྱི་བྲེའོ། །གདུགས་ཞེས་བྱ་བ་ནི་མཆོད་རྟེན་གྱི་འཁོར་ལོའོ། །མུ་

ཏོ་བ་ཞེས་བྱ་བའི་ལྷག་མ་ཟ་བའོ། །བཙལ་ཏེ་མ་རྙེད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་དེས་མ་བླངས་པའི་ཕྱིར་དང་། རྫས་ཆུད་ཟ་བ་ཡོངས་སུ་སྤང་བའི་དོན་གྱི་ཕྱིར་རོ། །བསྔོས་པ་ལས་བསྒྱུར་བའི་སྤང་བ་སྟེ་ཉི་ཤུ་དགུ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།དེ་ནས་ལག་ཉར་

Vol. 157 · folio 129b

བླངས་པ་ཞེས་བྱ་བ་ནི་གནས་ནས་རང་གིས་བླངས་པའོ། །དེ་ལས་བྱིན་ལེན་བྱས་པ་ཞེས་བྱ་བ་ནི་བྱིན་ལེན་སྟོབས་པ་ལས་བྱིན་ལེན་བྱས་པའོ། །ཟས་ཀྱི་ཕྱེ་མ་དང་འདྲེས་པ་ཞེས་བྱ་བ་ནི་འབྲས་ཀྱི་གཟེགས་མ་ལ་སོགས་པ་དང་འདྲེས་པའོ། །ཕན་ཚུན་འདྲེས་པ་ཞེས་བྱ་བ་ནི་ཞུན་མར་དང་བུ་རམ་

ལ་སོགས་པ་འདྲེས་པའོ། །རང་གི་རྒྱུད་ཀྱིས་མྱངས་པ་ཞེས་བྱ་བ་ནི་རང་བཞིན་གྱིས་ཞུ་བའོ། །རྣམ་པར་དབྱེ་བ་ཞེས་བྱ་བ་ནི་ཐ་དད་པར་དབྱེ་བའོ། །གསོག་འཇོག་པ་ཞེས་བྱ་བ་ནི་བསག་པར་བྱ་བ་སྟེ། འདི་ལྟ་སྟེ་སྦྱིན་པ་དེ་ལག་ཉར་བླངས་པ་དང་སྦ་བ་དང་བཟའ་བ་དང་འདས་པའོ། །ལྟུང་བྱེད་

སུམ་ཅུ་པ་གསོག་འཇོག་གི་སྤང་བའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།འགགས་པ་ཞེས་བྱ་བ་ནི་འཇུག་ཀྱང་འགག་པའི་ཕྱིར་རོ། །བྲལ་བ་ཞེས་བྱ་བ་ནི་དེ་ཀུན་ནས་སློང་བར་བྱེད་པའི་སེམས་དང་བྲལ་བར་བྱེད་པའི་ཕྱིར་རོ། །རྣམ་པར་འགྱུར་བ་ཞེས་བྱ་བ་ནི་ཀུན་ནས་སློང་བར་བྱེད་པ་དང་། མི་

མཐུན་པའི་སེམས་སྐྱེད་པའི་ཕྱིར་རོ། །སོ་སོར་བཤགས་པར་བྱ་བ་ཞེས་བྱ་བ་ནི་ལྟུང་བ་སྦྱང་བའི་ཕྱིར་དང་། རྣམ་པར་སྨིན་པ་འཕངས་པ་བསྲབ་པའི་ཕྱིར་བཤགས་པའི་བྱ་བའོ། །བསྡམ་པ་ཞེས་བྱ་བ་ནི་བསོད་ནམས་སྤེལ་བའི་ཕྱིར་དང་སྡིག་པ་གཞོམ་པའི་ཕྱིར་རོ། །དགའ་བ་ཞེས་བྱ་བ་ནི་

ཡིད་བདེ་བའོ། །མཆོག་ཏུ་དགའ་བ་ཞེས་བྱ་བ་ནི་དགའ་བ་དང་མཐུན་པའི་དགེ་བའི་ཆོས་ལ་མོས་པའོ། །ཉིན་མཚན་དུ་རྗེས་སུ་བསླབ་ཅིང་ཞེས་བྱ་བ་ནི་ཉིན་མཚན་ཐམས་ཅད་དུ་ཁྱབ་པར་རོ། །དྲན་པ་ཞེས་བྱ་བ་ནི་དྲན་པ་ཉེ་བར་གཞག་པ་སྟེ་དེས་ནི་དགའ་བ་དང་མཆོག་ཏུ་དགའ་བ་དེ་ལ་ཉོན་

མོངས་པ་སྐྱེད་པར་མི་བྱེད་དོ། །ཤེས་བཞིན་ཞེས་བྱ་བ་ནི་ཉེ་བར་གནས་པའི་ཤེས་རབ་ཀྱིས་མི་རྟག་པ་ཉིད་ལ་སོགས་པར་ལྟ་བ་སྟེ། དེས་ནི་མཆོག་ཏུ་འཛིན་པར་ལྟ་བ་ལ་སོགས་པའི་ཉོན་མོངས་པ་སྐྱེད་པར་མི་བྱེད་དོ། །མང་དུ་གནས་པར་བྱའོ་ཞེས་བྱ་བ་ནི་ཤས་ཆེར་གནས་པར་བྱ་བ་ཡིན་གྱི་

བྱ་བ་གཞན་མི་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་ནི་འདས་པའི་འདུ་བྱེད་རྣམས་ལ་བརྟེན་ཏེ་སྐྱེ་བས་ཞེས་བྱ་བ་ལ་སོགས་པས་ནི་དམིགས་པའི་དབང་གིས་ཡིད་ཀྱི་ལས་རྣམ་པ་གསུམ་དུ་འགྱུར་གྱི་རང་ལས་ནི་མ་ཡིན་ཏེ། དེ་ནི་སྐྱེས་མ་ཐག་ཏུ་དངོས་གཞི་ཡིན་པའི་ཕྱིར་རོ་

Vol. 157 · folio 130a

ཞེས་བསྟན་ཏོ། །ཆོས་དེ་ནི་དུས་ཐམས་ཅད་པ་ཡིན་པ་དང་། སྐྱེ་བོ་ཐམས་ཅད་ཀྱིས་བསྟེན་པར་བྱ་བ་ཡིན་པས་དེ་ལ་གུས་པར་བྱ་བ་བསྟན་པའི་ཕྱིར་སྒྲ་གཅན་ཟིན་དགེ་སློང་ངམ་བྲམ་ཟེ་གང་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གོ་བླ་བར་བྱ་བ་དང་ལས་ལ་

སོ་སོར་རྟོག་པའི་འབྲས་བུ་བསྟན་པའི་ཚིགས་སུ་བཅད་པ་གཉིས་བཀའ་སྩལ་ཏོ། །སངས་རྒྱས་ཀྱིས་བསྟན་པ་ཞེས་བྱ་བ་ནི་སངས་རྒྱས་གྱི་བཀའོ། །དགེ་བ་ཞེས་བྱ་བ་ནི་འཕགས་པའི་ལམ་དང་མྱ་ངན་ལས་འདས་པའོ། །བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ་ཞེས་བྱ་བ་ནི་སྒྲ་

གཅན་ཟིན་རྫོགས་པར་མ་བསྙེན་པའི་ཕྱིར་རོ་ཞེས་བྱ་བར་ཤེས་པར་བྱའོ། །སྨྲ་བ་དང་གཞན་གྱི་སྨྲ་བའི་རྗེས་སུ་བརྩོན་པ་ཞེས་བྱ་བ་ལ། སྨྲ་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བཀའ་ཡིན་པའི་བསྟན་བཅོས་དག་གོ། །གཞན་གྱི་སྨྲ་བ་ཞེས་བྱ་བ་ནི་དཔྱོད་པ་ཅན་ལ་སོགས་པ་གཞན་གྱི་གྲུབ་

པའི་མཐའ་དག་སྟེ། དེ་དག་ལ་རྗེས་སུ་བརྩོན་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་བསྟན་བཅོས་ཀྱི་སྒོ་ནས་གཞན་དང་ལྷན་ཅིག་རྩོད་པ་སྨྲས་པས་གཞན་དང་རྩོད་པའི་རྗེས་སུ་བརྩོན་པ་ཞེས་བྱ་བར་སྦྱར་རོ། །བྲམ་ཟེ་མཆོག་ཉིད་དུ་འགྱུར་ལ་ཞེས་བྱ་བ་ནི་བྲམ་ཟེ་རྣམས་རྒྱལ་ཞིང་མཆོག་

ཉིད་དུ་འགྱུར་རོ། །རིགས་བཞི་པོ་དག་རྣམ་པར་དག་པ་ཞེས་བྱ་བ་ནི་རིགས་བཞི་པོ་དག་རྣམ་པར་ཐར་པའོ། །འདོད་པ་ཞེས་བྱ་བ་ནི་མངོན་པར་འདོད་པའོ། །སྟོན་པ་ཞེས་བྱ་བ་ནི་རབ་ཏུ་སྟོན་པའོ། །འདོགས་པ་ཞེས་བྱ་བ་ནི་འཛིན་དུ་འཇུད་པའོ། །རབ་ཏུ་འཇོག་པ་ཞེས་བྱ་བ་ནི་རྗེས་སུ་བསྒྲུབ་ཏུ་

འདུད་པའོ། སློབ་དཔོན་གྱི་མཚན་ཞེས་བྱ་བ་ནི་སྣའི་གཟངས་མཐོ་བ་ལ་སོགས་པའི་རྟགས་སོ། །རྣོན་པོར་བྱ་ཞེས་བྱ་བ་ནི་ངེས་པར་རྒྱལ་བར་བྱ་བའི་ཕྱིར་ངེས་པར་གཞག་པའོ། །བློན་པོ་ཆེན་པོ་ཞེས་བྱ་བ་ནི་བརྗེད་ངས་པའི་ཕྱིར་རོ། །ཤེས་པས་མི་འཁྲུགས་པ་ཞེས་བྱ་བ་ནི་དོགས་པ་མེད་པའི་

ཕྱིར་རོ། །ཐོས་པ་གཟུང་བ་ཞེས་བྱ་བ་ནི་དོན་དང་ཚིག་གི་བདག་ཉིད་གཟུང་བའོ། །ཚོགས་ཀློག་ཏུ་གཞུག་ཅེས་བྱ་བ་ནི་འཁོར་གྱི་ཚོགས་ཀློག་ཏུ་གཞུག་པའོ། །རྣམ་པར་དཔྱད་པ་ཞེས་བྱ་བ་ནི་རྣམ་པར་བརྟགས་ནས་སོ། །གཞི་མེད་པར་མཐོང་བ་དང་ཞེས་བྱ་བ་ལ། འདིར་མཐོང་བ་ཞེས་བྱ་བ་ནི་

Vol. 157 · folio 130b

མཐོང་བ་སྨྲ་བའོ། །བརྫུན་སྨྲ་བར་བྱའོ་སྙམ་པ་ཞེས་བྱ་བ་ནི་འདིར་བརྫུན་སྨྲ་བའི་སྦྱོར་བ་ཡིན་པར་ཤེས་པར་བྱའོ། །བརྫུན་སྨྲའོ་སྙམ་པ་ཞེས་བྱ་བ་ནི་དངོས་སོ། །བརྫུན་སྨྲས་སོ་སྙམ་པ་ཞེས་བྱ་བ་ནི་མཇུག་གོ། །བརྫུན་སྨྲ་བ་ལ་རྣམ་པ་གཅིག་པུ་འབའ་ཞིག་ནི་མེད་དོ་ཞེས་བྱ་བ་ནི་གང་གི་ཕྱིར་འདིར་གང་

ཟག་རང་བཞིན་དུ་གནས་པ་ཐ་སྙད་དུ་བྱར་རུང་བའི་དབང་དུ་བྱས་པས་ཡིན་ལ་གང་ཟག་རང་དབང་དུ་གནས་པ་ལ་ནི་བརྫུན་སྨྲ་བ་ན་བདག་གིས་བརྫུན་སྨྲའོ་སྙམ་པའི་སེམས་སྐྱེ་བར་འགྱུར་གྱི་སྨྲས་པ་ན་ཡང་བརྫུན་སྨྲའོ་སྙམ་པའི་སེམས་ཀྱིས་མ་བསླངས་པར་བརྫུན་སྨྲ་བར་མི་རིགས་པས་དེའི་ཕྱིར་

རྣམ་པ་གཅིག་པ་འབའ་ཞིག་ནི་མེད་དོ། །དགེ་འདུན་གྱི་ནང་ན་ཞེས་བྱ་བ་ནི་དབྱེ་བའི་བསམ་པས་སོ། །ཆོས་མ་ཡིན་པ་ཆོས་སུ་ཞེས་བྱ་བ་ནི་མེད་པ་ཉིད་དང་བདག་ཏུ་ལྟ་བ་ལ་སོགས་པ་ལ་རིགས་པ་མ་ཡིན་པར་རིགས་པར་རོ། །ཆོས་ཞེས་བྱ་བ་ནི་ཡོད་པ་ཉིད་དང་བདག་མེད་པ་ལ་སོགས་པ་རིགས་

པའོ། །འདུལ་བ་མ་ཡིན་པ་ཞེས་བྱ་བ་ནི་ཚངས་པར་སྤྱོད་པ་མ་ཡིན་པ་ལ་སོགས་པའོ། །འདུལ་བ་ཞེས་བྱ་བ་ནི་ཚངས་པར་སྤྱོད་པ་མ་ཡིན་པ་སྤོང་བ་ལ་སོགས་པའོ། །ཅང་མི་སྨྲ་བར་སྡོད་པའོ་ཞེས་བྱ་བ་ནི་བསྡམ་པར་བྱ་བའི་ཉེས་བྱས་སོ། །ཁ་འགུལ་བ་ལ་སོགས་པ་ཡོད་ན་ནི་བཤགས་

པར་བྱ་བ་ཡང་ཡིན་ནོ། །སྲེད་པར་བྱེད་འཚེད་པར་བྱེད་ཅེས་བྱ་བ་འདིས་ནི་འཚེད་པར་བྱེད་པས་ལྟུང་བྱེད་དོ་ཞེས་བྱ་བ་སྟོན་ཏེ། སྲེག་པར་བྱེད་ཅེས་བྱ་བ་ནི་སེམས་ཅན་དམྱལ་བ་དག་ཏུ་མེས་སོ། །འཚེད་པར་བྱེད་ཅེས་བྱ་བ་ནི་དུད་འགྲོ་དག་ཏུ་ལུས་ཀྱི་སྡུག་བསྔལ་དུ་མས་ཉོན་མོངས་པའི་ཕྱིར་

རོ། །ལྟུང་བར་བྱེད་ཅེས་བྱ་བ་འདིས་ནི་ལྟུང་བར་བྱེད་དོ་ཞེས་བྱ་བ་སྟོན་ཏོ། །ཡི་དགས་རྣམས་སུ་མི་གཙང་བ་ཟ་བ་ལ་སོགས་པའི་ལས་ཤིན་ཏུ་མང་བར་ལྟུང་བའི་ཕྱིར་རོ། །དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་ཞེས་བྱ་བ་འདིས་ནི་དགེ་བའི་ཆོས་ལ་ལྟུང་བས་ལྟུང་བྱེད་དོ་ཞེས་བྱ་བར་སྟོན་ཏེ་

དྲོ་བར་གྱུར་པ་ལ་སོགས་པ་ངེས་པར་འབྱུང་བའི་ཆོས་ཀྱི་བར་དུ་གཅོད་པའི་ཕྱིར་རོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་ཞེས་བྱ་བ་ལ། མཐོང་བ་དང་། ཐོས་པ་དང་། རིག་པ་དང་། རྣམ་པར་ཤེས་པའི་གཞི་མེད་པ་ཉིད་ནི་བཞི་པ་གཅིག་གོ། །བརྗེད་པ་ཉིད་ནི་གཉིས་པ་སྟེ་བརྗེད་པ་ཡང་གཞི་མེད་

Vol. 157 · folio 131a

པ་ཉིད་དུ་བསྟན་པའི་ཕྱིར་རོ། །ཡིད་གཉིས་ཟ་བ་ནི་གསུམ་པ་སྟེ། ཡིད་གཉིས་ཟ་བཞིན་དུ་ངེས་པར་སྨྲ་བ་ཡང་བརྫུན་ཉིད་ཡིན་པར་བསྟན་པའི་ཕྱིར་རོ། །མཐོང་བ་ལ་སོགས་པ་ལ་མ་མཐོང་བ་ལ་སོགས་པར་འདུ་ཤེས་པ་ནི་བཞི་པར་རོ། །མ་མཐོང་ཞིང་ཐོས་པ་ལ་སོགས་

པ་ལ་མཐོང་བར་སྨྲ་བ་ནི་ལྔ་པའོ། །མ་ཐོས་ཤིང་མཐོང་བ་ལ་སོགས་པ་ལ་ཐོས་པར་སྨྲ་བ་ནི་དྲུག་པའོ། །མ་རིག་ཅིང་མཐོང་བ་ལ་སོགས་པ་ལ་རིག་པར་སྨྲ་བ་ནི་བདུན་པའོ། །རྣམ་པར་མ་ཤེས་ཤིང་མཐོང་བ་ལ་སོགས་པ་ལ་རྣམ་པར་ཤེས་པར་སྨྲ་བ་ནི་བརྒྱད་པའོ། །མཐོང་བ་ལ་སོགས་པ་

བརྗོད་པ་ལ་མ་མཐོང་ཞིང་མ་བརྗོད་དོ་ཞེས་བྱ་བ་ལ་སོགས་པར་སྨྲ་བ་ནི་དགུ་པའོ། །མཐོང་བ་ལ་སོགས་པ་ཡིད་གཉིས་ཟ་བ་ལ་མ་མཐོང་ཞིང་ཡིད་གཉིས་མི་ཟའོ་ཞེས་བྱ་བ་ལ་སོགས་པར་སྨྲ་བ་ནི་བཅུ་པའོ། །མཐོང་བ་ལ་མ་མཐོང་ཞིང་ཐོས་པ་ལ་སོགས་པར་སྨྲ་བ་ནི་བཅུ་གཅིག་པའོ། །ཐོས་

པ་ལ་མ་ཐོས་ཤིང་མཐོང་བ་ལ་སོགས་པར་སྨྲ་བ་ནི་བཅུ་གཉིས་པའོ། །རིག་པ་ལ་མ་རིག་ཅིང་ཐོས་པ་ལ་སོགས་པར་སྨྲ་བ་ནི་བཅུ་གསུམ་པའོ། །རྣམ་པར་ཤེས་པ་ལ་རྣམ་པར་མ་ཤེས་ཤིང་མཐོང་བ་ལ་སོགས་པར་སྨྲ་བ་ནི་བཅུ་བཞི་པའོ། །བཞི་པ་བཅུ་བཞི་པོ་དེ་དག་ཇི་ལྟ་བ་བཞིན་དུ་དེ་

ལས་བཟློག་པར་ཡང་བཅུ་བཞི་སྟེ་སྤྱིར་བཞི་པ་ཉི་ཤུ་རྩ་བརྒྱད་ཡོད་དོ། །བརྫུན་དུ་སྨྲ་བའི་ལྟུང་བྱེད་དེ་དང་པོའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཞར་བ་ཞེས་བྱ་བ་ནི་མིག་ཡ་གཅིག་པའོ། །འཐེང་པོ་ཞེས་བྱ་བ་ནི་རྐང་པ་འཐེང་ཞིང་ལེག་ལེག་པོར་འགྲོ་བའོ། །སྨད་འཆལ་

ཞེས་བྱ་བ་ནི་བརླའི་ཕྱོགས་རླུང་གིས་ཀུན་ནས་ཉམས་པར་གྱུར་པའོ། །ལག་སོར་རྡུམ་པོ་ཞེས་བྱ་བ་ནི་མཁྲིག་མའི་ཕྱོགས་ན་མཚན་མ་ཙམ་གྱི་ལག་པ་ཡོད་ཅིང་ཅུང་ཟད་ཀྱང་བྱེད་མི་ནུས་པའོ། །སྒུར་པོ་ཞེས་བྱ་བ་ནི་བྲང་དང་སྒལ་ཚིགས་ཞོམ་པའོ། །མིའུ་ཐུང་ཞེས་བྱ་བ་ནི་ཧ་ཅང་ལུས་ཆུང་

བར་གྲགས་པའོ། །ལྦ་བ་ཅན་ཞེས་བྱ་བ་ནི་ལྐོག་མ་ལ་ལྦ་བ་ཡོད་པའོ། །ལྐུགས་པ་ཞེས་བྱ་བ་ནི་སྨྲ་མི་ནུས་པའོ། །འོན་པ་ཞེས་བྱ་བ་ནི་དོན་དང་བཅས་པའི་སྒྲ་ཐོས་པར་མི་ནུས་པའོ། །རྟེན་འཕྱེ་ཞེས་བྱ་བ་ནི་ལག་པ་གཉིས་ལག་རྟེན་ལ་བརྟེན་ནས་གཟུགས་བཞིས་འཕྱེ་བའོ། །རྐང་

Vol. 157 · folio 131b

བམ་ཞེས་བྱ་བ་ནི་རྐང་པ་ལ་ནད་ཀྱི་རིགས་རྐང་བམ་ཞེས་བྱ་བ་ནི་སྐྲངས་པ་ཡོད་པའོ། །གྱོལ་པོ་ཞེས་བྱ་བ་ནི་རྐང་ཡོན་ནོ། །མཆུ་འཕྱངས་ཞེས་བྱ་བ་ནི་མཆུ་རིང་བའོ། །མགོ་བོ་ཆེ་ཞེས་བྱ་བ་ནི་མགོ་ཚད་ལས་འདས་པར་ཆེ་བའོ། །སྤ་གོང་བ་ཞེས་བྱ་བ་ནི་བག་འཁུམས་པའོ། །གཟེངས་དམའ་

བ་ཞེས་བྱ་བ་ནི་སྦུང་ཉམས་པའོ། །ཞུམ་པ་ཞེས་བྱ་བ་ནི་སེམས་ཞུམ་པའོ། །གྲོང་གི་བྱ་བ་ཞེས་བྱ་བ་ནི་ཁྱིམ་གྱི་བསམ་པ་ལ་སོགས་པའོ། །དགོན་པའི་བྱ་བ་ཞེས་བྱ་བ་ནི་ཞིང་རྨོ་བ་ལ་སོགས་པའོ། །ཞིང་ཚིགས་ཞེས་བྱ་བ་ནི་ཞིང་གི་བར་རོ། །དུ་བ་གཏུལ་ཏེ་ཞེས་བྱ་བ་ནི་སྦྲང་མ་ལ་སོགས་པ་

བཟློག་པའི་ཕྱིར་རོ། །ཞིང་ཟན་ཞེས་བྱ་བ་ནི་ལོ་ཐོག་ཟ་བའོ། །ཞིང་ལ་སྤྲོས་ནས་ཞེས་བྱ་བ་ནི་ཞིང་ལ་ཞུགས་ནས་སོ། །བག་རྫངས་ཞེས་བྱ་བ་ནི་བག་མ་བཏང་བ་ལ་དགོས་པའི་རྫས་སོ། །འཇིག་རྟེན་གནས་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་གནས་པའོ། །ཆགས་ནས་རིང་པོ་མ་ལོན་པར་ཞེས་

བྱ་བ་ནི་ཡུན་མི་རིང་བའོ། །བདེན་པས་གསོལ་བ་ཞེས་བྱ་བ་ནི་བདེན་པའི་ཚིག་གིས་ལྷ་ལ་སོགས་པ་གསོལ་བའོ། །ནུབ་ཕྱོགས་ནས་ཉི་མ་ཤར་ཏམ་ཇི་ན་ཞེས་བྱ་བ་ནི་འཇིག་རྟེན་ལོག་པར་གྱུར་ཏམ་ཞེས་བྱ་བའི་ཐ་ཚིག་གོ། །ཁམ་ཞེས་བྱ་བ་ནི་ཟ་བའོ། །རུ་འདེལ་ཞེས་བྱ་བ་ནི་རྭ་ཐད་ཀར་འདུག་

པའོ། །ཁུ་ཡུ་ཞེས་བྱ་བ་ནི་མོན་རུའོ། །ཆང་གྲལ་ཞེས་བྱ་བ་ནི་ཆང་པའི་ཁྱིམ་མོ། །ལམ་དམའ་བ་ནས་ཞེས་བྱ་བ་ནི་དམའ་བ་ནས་གྱེན་གཤོར་རོ། །སྐུགས་སུ་འཛུགས་ཞེས་བྱ་བ་ནི་ཡལ་ཟུག་འཁྲས་པའོ། །བདའ་བ་ཞེས་བྱ་བ་ནི་གདབ་པའོ། །མིང་མི་སྙན་པ་ཞེས་བྱ་བ་ནི་སྨད་པའི་མིང་ངོ་། །

མྱུར་བ་ཞེས་བྱ་བ་ནི་སྐྱེན་པའོ། །བྱམས་པའི་རྒྱུན་ཞེས་བྱ་བ་ནི་གཅུགས་པའི་རྒྱུན་ནམ་ཆུང་ཟད་དོ། །བྱུང་བའི་མཐའ་སྔ་མས་ནི་ཆུང་ལ་གྲུབ་པ་བསྟན་ཏོ། །ཕྱི་མས་ནི་ནོར་གྲུབ་པ་བསྟན་ཏོ། །མིའི་སྐྱོན་ནས་སྨྲ་བའི་བསམ་པས་ཞེས་བྱ་བ་ནི་མིའི་ཡོན་ཏན་སྨྲ་བར་འདོད་པས་བཤུང་བ་ཉིད་སྨྲའོ་

སྙམ་པའི་བསམ་པས་ཉོན་མོངས་བ་ཅན་གྱིས་ཞེས་བྱ་བའི་ཐ་ཚིག་གོ། །སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ཞེས་བྱ་བ་ནི་སྐྱོན་ནས་སྨྲ་བ་ཉིད་ཉེས་པ་ཡིན་པར་དགོངས་སོ། །བྲམ་ཟེ་དང་རྒྱལ་རིགས་ལ་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་དེ་གཉིས་འཇིག་རྟེན་ན་ཁྱད་པར་དུ་འཕགས་

Vol. 157 · folio 132a

པ་ཡིན་པའི་སྐྱོན་དུ་མི་བརྩི་བའི་ཕྱིར་རོ། །རྗེའུ་རིགས་ལ་སོགས་པ་ནི་སྐྱོན་དུ་བརྩི་བ་ཡིན་པའི་ཕྱིར་དངོས་གཞིར་འགྱུར་རོ། །ཁབ་རིས་མཁན་ཞེས་བྱ་བ་ནི་སྐུད་རིས་མཁན་ནོ། །བ་ལང་སྲུང་བ་ཞེས་བྱ་བ་ནི་ཕྱུགས་རྫིའོ། །ཟོར་བ་ཞེས་བྱ་བ་ནི་བརྔ་སྤྱད་དོ། །ཕྲག་གདང་ཞེས་བྱ་བ་

ནི་ཕྲག་པའི་ཁུར་རོ། །བེའུ་རས་ཞེས་བྱ་བ་ནི་རས་བལ་གྱི་སྣམ་བུ་སྤུ་ཅན་ནོ། །དར་ལ་ཞེས་བྱ་བ་ནི་རས་སྲབ་མོའོ། །བེའུ་རས་ཡུག་ཆེན་ཞེས་བྱ་བ་ནི་གོས་ཀྱི་རིགས་སྤུ་ཅན་ཡིན་ནོ། །པར་ཏང་ཞེས་བྱ་བ་ནི་གོས་ཀྱི་རིགས་ཁྲ་བོ་སྡུག་པའོ། །ཁྲིའུ་ཚེ་ཞེས་བྱ་བ་ནི་ཐགས་མ་ཁ་དོག་ཅན་ནོ། །གོར་བུ་

ཞེས་བྱ་བ་ནི་ཁྲི་རུ་སྟན་ནོ། །ཞྭ་སྒྲའོ་ཞེས་བྱ་བ་ནི་རྣ་བ་མེད་པའོ། །བྱིས་པའི་གོས་ཞེས་བྱ་བ་ནི་བྱིས་པ་ཆུང་ངུའི་གོས་སོ། །ཤིང་ང་དཔུང་ཆད་ཅེས་བྱ་བ་ནི། ཤིང་ང་དཔུང་ཆད་དུ་བགོ་བ་དྲས་ཏེ་དྲུབས་པའོ། །དོར་མ་ཞེས་བྱ་བ་ནི་རྐང་གོས་སོ། །རྔུས་མ་གར་ཞེས་བྱ་བ་ནི་ཁར་བ་ལ་སོགས་པ་རྔུས་

མགར་རོ། །ཆ་ལང་ཞེས་བྱ་བ་ནི་རོལ་མོའི་སྒྲ་འབྱིན་པའོ། །སྐོམ་ཕོར་ཞེས་བྱ་བ་ནི་སྐོམ་གྱི་སྣོད་དོ། །སྒ་ཞེས་བྱ་བ་ནི་རྟ་ཞོན་པའི་སྒའོ། །དོང་པ་ཞེས་བྱ་བ་ནི་མདའ་སྣོད་དོ། །ཁ་སྤུ་བྲེགས་པ་ཞེས་བྱ་བ་ནི་སྨར་བཅོས་པའོ། །བྱིན་པ་བཅོས་པ་ཞེས་བྱ་བ་ནི་རྗེ་ངར་གྱི་སྤུ་བཅོས་པའོ། །དུད་གཟེབ་

པ་ཞེས་བྱ་བ་ནི་གོས་དུ་བས་བདུག་པའི་གཟེབ་བོ། །ཕོ་ཉར་འགྲོ་བ་ཞེས་བྱ་བ་ནི་བདག་ཉིད་མངག་པར་འགྲོ་བའོ། །མངག་པ་ཞེས་བྱ་བ་ནི་གཞན་བསླབས་ཏེ་མངག་པར་བཏང་བའོ། །སོན་པ་ཞེས་བྱ་བ་ནི་སོན་མའོ། །དྲུ་བུ་ཞེས་བྱ་བ་ནི་ཕུད་བུ་ལ་སོགས་པའོ། །བརྒྱང་ཞིང་ཞེས་བྱ་བ་ནི་བཙེམ་

པའི་ཕྱིར་གོས་བརྒྱང་བ་ལ་དགོས་པའོ། །ཚོན་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའོ། །ཕུར་པ་ཞེས་བྱ་བ་ནི་བཅིང་བའི་ཤིང་ངོ་། །སོ་མངས་ཞེས་བྱ་བ་ནི་ཆ་མཉམ་པར་བྱ་བ་ལ་དགོས་པའི་ཤིང་སོ་མངས་སོ། །སྦུབ་མོ་ཞེས་བྱ་བ་ནི་སོར་མོ་ལ་བསྐོན་པའི་ཀོ་བའོ། །སྦུད་རུ་ཞེས་བྱ་བ་ནི་སྦུད་པའི་

སྣ་ལ་གདགས་པའི་སྦུ་བུའོ། །ཏི་ཚ་ཞེས་བྱ་བ་ནི་འོག་གཞིའི་རྡོའོ། །ཐོ་བ་ཞེས་བྱ་བ་ནི་ལྕགས་ཐོའོ། །རྒྱུས་པ་ཞེས་བྱ་བ་ནི་འཚེམ་པའི་སྐུད་པའོ། །སྨྱུང་བུ་ཞེས་བྱ་བ་ནི་སྨྱུང་ཕྲ་མོའོ། །འཁོར་ལོའི་རྟེན་མ་ཞེས་བྱ་བ་ནི་འཁོར་ལོའི་གཞི་སྟེ་འཁོར་གཏན་ཞེས་བྱ་བའི་ཐ་ཚིག་གོ། །གཞལ་

Vol. 157 · folio 132b

ཞེས་བྱ་བ་ནི་ཁ་དོག་བྱེད་པའོ། །སོག་ལེ་ཞེས་བྱ་བ་ནི་བེའུ་སོ་ལྟ་བུའོ། །སྨྱིག་ཐོ་ཞེས་བྱ་བ་ནི་སྨྱིག་མ་རུང་བའི་ཤིང་ངོ་། །ལྷང་ཚེར་ཞེས་བྱ་བ་ནི་ཉི་མའི་སྣབས་སོ། །ངལ་སྐྱེན་པ་ཞེས་བྱ་བ་ནི་དུབ་སྐྱེན་པའོ། །ཁྱི་རྡོ་ཞེས་བྱ་བའི་སྐྲང་པའོ། །གློག་པ་ཞེས་བྱ་བ་ནི་གློག་པ་སྐྱ་བོ་གཡའ་བའོ། །

བཀྲེས་ངབ་ཞེས་བྱ་བ་ནི་བྲུ་བ་ཚ་བའོ། །ཚིལ་པོ་ཆེ་ཞེས་བྱ་བ་ནི་ཚིལ་གྱིས་ཚོ་བའོ། །ཁོན་དུ་འཛིན་པ་ཞེས་བྱ་བ་ནི་གང་གིས་ཀུན་ནས་མནར་སེམས་ཀྱི་རྒྱུ་སྩོགས་པ་བྱེད་པའོ། །འཆབ་པ་ཞེས་བྱ་བ་ནི་གང་གིས་ཁ་ན་མ་ཐོ་བ་འཆབ་པར་བྱེད་པའོ། །ངན་དུས་ཞེས་བྱ་བ་ནི་གང་གིས་བྱ་བ་མ་

ཡིན་པ་གཏོང་བར་མི་འདོད་པའོ། །མིའི་སྐྱོན་ནས་སྨྲ་བའི་ལྟུང་བྱེད་དེ་གཉིས་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཕྲ་མ་ཞེས་བྱ་བ་ནི་འབྱེད་འདོད་པའི་སྲེད་པ་ལ་སོགས་པ་ལས་བྱུང་བའི་ཚིག་གོ། །ཕྱི་བཞིན་འབྲང་ཞེས་བྱ་བ་ནི་ཕྱི་ན་ལུས་པའོ། །འཁོར་ཞེས་

བྱ་བ་ནི་བསྟེན་པའོ། །རབ་ཏུ་གདུང་བ་ཞེས་བྱ་བ་ནི་མངོན་པར་དགའ་བས་རྟག་ཏུ་རྗེས་སུ་འཇུག་པའོ། །ཚང་ཞེས་བྱ་བ་ནི་གནས་སོ། །རླུང་ཚ་བ་དག་ཅེས་བྱ་བ་ནི་སྡུག་བསྔལ་གྱི་རྒྱུ་དག་གོ། །བྱ་རྨྱངས་ཞེས་བྱ་བ་ནི་ལུས་བརྐྱངས་པའོ། །གླལ་ཞེས་བྱ་བ་ནི་ཁ་གདངས་པའོ། །རྩ་བའི་

སེང་གེ་ཞེས་བྱ་བ་ནི་སྟོབས་ཆུང་བའོ། །ཕུག་ཏྲིག་ཅེས་བྱ་བ་ནི་རྐང་ལག་གིས་ས་འཐོར་བའོ། །རྔམ་པ་ཞེས་བྱ་བ་ནི་ཚམ་ངམ་མོ། །བཟང་པོ་ཞེས་བྱ་བ་ནི་དགེ་བའོ། །སྐྱེ་བོ་ངན་པ་ཞེས་བྱ་བ་ནི་སྐྱེ་བོ་དམན་པའོ། །ཝ་ཞེས་བྱ་བ་ནི་སྲོག་ཆགས་ཀྱི་རིགས་ཝའོ། །དབྱེན་གྱི་ཚིག་མི་ཉན་

པའི་ཕན་ཡོན་བསྟན་པའི་ཕྱིར་བྱུང་བའི་མཐའ་གཉིས་པ་བཀའ་སྩལ་ཏོ། །ཕྲུ་གུ་ཞེས་བྱ་བ་ནི་བུའོ། །ལྷག་རོལ་ཞེས་བྱ་བ་ནི་གོད་མའོ། །ཆུ་ཞེང་ཞེས་བྱ་བ་ནི་ལུས་ཀྱི་བོང་ངོ་། །རྩལ་ཞེས་བྱ་བ་ནི་བརྩོན་པའོ། །ཤུགས་ཞེས་བྱ་བ་ནི་མྱུར་བའོ། །རྒོལ་བ་ཞེས་བྱ་བ་ནི་གསོད་པའོ། །མི་སྤང་བ་

ཞེས་བྱ་བ་ནི་མི་གཏང་བའོ། །གཞན་གྱིས་སྨྲས་པ་དག་ཅེས་བྱ་བ་ནི་འབྱེད་པར་བྱེད་པའི་ཚིག་དག་གོ། །བརྟག་པར་བྱ་བ་ནི་དཔྱད་པར་བྱ་བའོ། །སྐབས་ཞེས་བྱ་བ་ནི་གླགས་སོ། །ཚོལ་ཞེས་བྱ་བ་ནི་ལྟ་བའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེས་བྱ་བ་ལ། བྲམ་ཟེ་དང་རྒྱལ་རིགས་གཉིས་ནི་

Vol. 157 · folio 133a

སྨད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་སྐྱོན་ནས་སྨྲ་བ་མེད་པའི་ཕྱིར་མིང་དང་རིགས་དང་རུས་བརྗོད་པ་ལ་ཉེས་བྱས་སོ། །རྗེའུའི་རིགས་ལ་སོགས་པ་སྐྱོན་ནས་སྨྲ་བ་ཉིད་ཡིན་པའི་ཕྱིར་མིང་དང་རིགས་དང་རུས་བརྗོད་ན་དངོས་གཞིར་འགྱུར་རོ། །དམངས་རིགས་ལ་སོགས་པ་བྲན་

གྱི་མཐར་ཐུག་པ་ཐམས་ཅད་ལ་ཡང་དེ་བཞིན་ནོ། །དགེ་སློང་ལ་ཕྲ་མ་བྱེད་པའི་ལྟུང་བྱེད་དེ་གསུམ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཤད་ཀྱིས་མ་བྱང་ཞེས་བྱ་བ་ནི་དགེ་འདུན་གྱི་ནང་དུ་སྙིང་ཐག་པ་ནས་མ་སྨྲས་པའོ། །ལེགས་པར་ཤད་ཀྱིས་མ་བྱང་ཞེས་བྱ་བ་ནི་ཕྱོགས་

གཅིག་མ་སྨྲས་པའོ། །ཡང་ཤད་ཀྱིས་བྱང་བར་བྱ་ཞེས་བྱ་བ་ནི་མཐར་ཐུག་པའི་ཕྱིར་རོ། །ངེས་པར་མ་བརྟགས་ཞེས་བྱ་བ་ནི་རྣམ་པར་མ་དཔྱད་པའོ། །ཉེ་བར་མ་ཞི་བ་ཞེས་བྱ་བ་ནི་མ་བཏང་བའོ། །ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ཅེས་བྱ་བ་ནི་ཡང་ལས་བྱས་པས་སྔར་ལས་བྱས་པ་སྤོང་བར་བྱེད་

ཅེས་བྱ་བའི་ཐ་ཚིག་གོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་ཞེས་བྱ་བ་ལ། འཐབ་པའི་ཕྱིར་རྩོད་པ་དང་། མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་བའི་ཕྱིར་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པར་འདུ་ཤེས་ནས། ཤད་ཀྱིས་བྱང་བ་ལ་དེར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་དང་། ཤད་ཀྱིས་མ་བྱང་བ་

ལ་ཤད་ཀྱིས་བྱང་བར་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་ལ་བཞི་པ་བཞི་པའོ། །མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་བའི་ཕྱིར་རྩོད་པ་དང་། བྱང་བའི་ཕྱིར་རྩོད་པ་དང་། ཡང་དེ་བཞིན་དུ་བཞི་པ་བཞི་སྟེ། སྤྱིར་བཞི་པ་བཅུ་དྲུག་བསྟན་ཏོ། །འདིར་རྩོད་པ་ལ་སྐྱོ་སྔོགས་བྱེད་པ་ཉིད་ཉེས་པ་ཡིན་

པས། རྩོད་པ་གཞན་ལ་གཞན་དུ་འདུ་ཤེས་ཤིང་ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་པ་ལ་ཡང་དེ་བཞིན་དུ་ལྟུང་བ་འདྲ་བར་བསྟན་པའོ། །འདུན་པ་འབུལ་བ་ཞེས་བྱ་བ་ནི་ཉེ་བར་ཞི་བའི་ལས་དེ་བྱ་བའི་ཕྱིར་འདུན་པ་ཕུལ་བའོ། །ལྟ་བ་སྨྲ་བ་ཞེས་བྱ་བ་ནི་ཁོ་བོ་འདི་ལྟར་འདོད་པ་འདི་ལྟར་མི་འདོད་དོ་ཞེས་

རང་གི་བསམ་པས་སྨྲས་པའོ། །གང་ཟག་དང་པོ་གསུམ་ལ་ལྟུང་བྱེད་དུ་འགྱུར་བ་ནི་རང་ཉིད་ཉེ་བར་ཞི་བར་བྱས་ནས་ཡང་སྐྱོ་སྔོགས་བྱེད་པ་དེ་མི་བརྟན་པ་ལ་སོགས་པར་གྱུར་པ་ཉིད་ཡིན་པས་ཉེས་པ་རྫོགས་པར་འགྱུར་རོ། །གང་ཟག་ཐ་མ་གཉིས་ལ་ཉེས་བྱས་སུ་འགྱུར་བ་ནི་གཞན་གྱིས་བྱས་

Vol. 157 · folio 133b

པའི་རྗེས་སུ་འབྲང་བ་ཙམ་གྱིས་ཐོ་འཚམས་པ་ཉིད་ཡིན་པས་ཁ་ན་མ་ཐོ་བ་ན་སྨད་དོ། །སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་དེ་བཞི་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཤ་མཚན་གྱི་རིག་པ་ཞེས་བྱ་བ་ནི་མཚན་མའི་བསྟན་བཅོས་གང་གིས་ལུས་ཀྱི་ཕྱོགས་ན་ཡོད་པའི་ཤ་རྨེན་ལ་སོགས་པ་

ཤ་མཚན་དུ་གྱུར་པའི་རྣམ་པར་གྱུར་པ་ཤེས་པའོ། །རི་བོང་མོ་མདས་ཕོག་པ་ཞེས་བྱ་བ་ནི་འདི་ལྟར་དེ་མདའི་ཤུགས་ཀྱིས་ཤིན་ཏུ་གཏུམ་པར་འགྱུར་བའི་ཕྱིར་རོ། །ཤ་རྨེན་ཞེས་བྱ་བ་ནི་སྦྲང་བུའི་རྣམ་པ་ལྟ་བུའི་མཚན་མའོ། །མཛེར་བུ་ཞེས་བྱ་བ་ནི་ཤ་འབུར་བའོ། །སྨེ་བ་ཞེས་བྱ་བ་ནི་ཁྲག་ལས་

གྱུར་པའི་མཚན་མ་ནག་པོའོ། །སྨེ་བ་དམར་པོ་ཞེས་བྱ་བ་ནི་ཁྲག་ལས་གྱུར་པའི་མཚན་མ་ཏི་ལ་གྱི་རྣམ་པ་ལྟ་བུའོ། །སྤུ་འཁྱིལ་པ་ཞེས་བྱ་བ་ནི་གཙུག་གོ། །སེག་གདར་ཞེས་བྱ་བ་ནི་ལྕགས་བདར་བའི་གར་བུ་རྩུབ་པོའོ། །དེས་པ་ཞེས་བྱ་བ་ནི་བགྲུངས་པའོ། །དཔལ་བེའུ་ཞེས་བྱ་བ་ནི་རྡོ་རྗེའི་

རྩེ་མོ་ལྟ་བུའི་མཚན་མའོ། །བཀྲ་ཤིས་ཞེས་བྱ་བ་ནི་ཟླ་གམ་ལྟ་བུའི་མཚན་མ་ཁ་བཞི་པའོ། །གཡུང་དྲུང་ཞེས་བྱ་བ་ནི་རི་མོ་འཁྱིལ་པའོ། །སྨྲ་བར་བྱེད་དམ་ཞེས་བྱ་བ་ནི་ཐབ་མོ་རྒོལ་ལམ་ཞེས་བྱ་བའོ། །ཇི་ཙམ་འདོད་པ་ཞེས་བྱ་བ་ནི་ཅི་དགའ་བའོ། །གནས་སྐབས་དེ་འདྲ་ཞེས་བྱ་བ་ནི་བསྟན་པ་

ལ་ཞེ་འགྲས་པ་ཉིད་དོ། །རིག་པའི་སྐྱེས་པ་ཞེས་བྱ་བ་ནི་སྐད་བརྡ་སྤྲད་པའི་སྐྱེས་པའོ། །སྟེང་གི་ཁང་ཐོག་ལ་སོགས་པ་གནས་ཐ་དད་པར་བསྟན་པའི་ཚིག་ཐ་དད་པའི་ཕྱིར་སྔ་མར་བསྟན་པའི་ཕྱི་མ་དང་ཐ་དད་པར་ཤེས་པར་བྱའོ། །དྲིས་པ་ཞེས་བྱ་བ་ནི་དོན་གྱི་ཐེ་ཚོམ་གཅད་པའི་ཕྱིར་རོ། །སློབ་

གཉེར་གསོད་བ་ཞེས་བྱ་བ་ནི་སྔར་ཕོག་པའོ། །ཁ་ཏོན་ཞུ་བ་ཞེས་བྱ་བ་ནི་ཁ་ཏོན་འདོན་པའོ། །དམིགས་ཀྱིས་འདྲི་བ་ཞེས་བྱ་བ་ནི་ཚིག་ལ་ཐེ་ཚོམ་ཟ་བའི་གནས་རྣམ་པར་ངེས་པར་བྱེད་པའོ། །བཀག་པ་ཞེས་བྱ་བ་ནི་སྤངས་པའོ། །ལྡབ་ལྡིབ་ཅན་ཞེས་བྱ་བ་ནི་ལྕེ་འཁྲུལ་པའོ། །སྨྲ་བ་ཉུང་བ་

ཞེས་བྱ་བ་ནི་ཉུང་ངུ་སྨྲ་བའོ། །སྟོན་པའི་ལྟུང་བྱེད་ལྔ་པའི་ཚིག་རྣམ་པར་བཤད་པ་རྫོགས་སོ།། །།ཚིག་གིས་ཞེས་བྱ་བ་ནི་ཚིག་དང་ཚིག་གིས་སོ། །ཀུན་དགའི་མཐར་ཞེས་བྱ་བ་ནི་གཙུག་ལག་ཁང་གི་ཕྱོགས་གཅིག་ཏུའོ། །བྲམ་ཟེའི་གསང་ཚིག་ཅེས་བྱ་བ་ནི་རིག་བྱེད་ཀྱི་སྔགས་སོ། །

Vol. 157 · folio 134a

འདོན་པ་ཞེས་བྱ་བ་ནི་ཀློག་པའོ། །རྩིས་མཁན་ཞེས་བྱ་བ་ནི་སྐར་མཁན་ནོ། །ཚིག་མཉམ་པ་ཞེས་བྱ་བ་ནི་ཚིག་དུས་གཅིག་ཏུ་འདོན་པའོ། །ཚིག་སྔ་མ་ཞེས་བྱ་བ་ནི་ཚིག་སྔན་མ་ཚོགས་སུ་སྨྲ་བའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་ཞེས་བྱ་བ་ལ། རྫོགས་པར་མ་བསྙེན་པ་ལ་

བཞི་པ་གཉིས་སོ། །རྫོགས་པར་བསྙེན་པ་ལ་ཡང་བཞི་པ་གཉིས་སོ། །ལྡབ་ལྡིབ་ཅན་ཞེས་བྱ་བ་ནི་སློབ་དཔོན་ནོ། །སྒྲ་མྱུར་བ་ཞེས་བྱ་བ་ནི་ཉེ་གནས་སོ། །རྗེས་སུ་བསྒྲགས་ཏེ་ཞེས་བྱ་བ་ནི་མཉམ་པ་དང་སྔར་མ་འདོན་ཅིག་ཅེས་བསྒོ་སྟེའོ། །འདོན་པའི་ལྟུང་བྱེད་དེ་དྲུག་པའི་ཚིག་རྣམ་པར་

བཤད་པ་རྫོགས་སོ།། །།ལམ་གོལ་པར་རྒལ་བ་ཞེས་བྱ་བ་ནི་མ་བསླབས་པའོ། །ལག་པས་བྱ་བ་མིན་པ་བྱས་ཏེ་ཞེས་བྱ་བ་ནི་ཆང་བ་འཆང་བ་ལ་སོགས་པ་ཉེ་བར་བསྟན་ཏེའོ། །ཉེས་པ་ཞེས་བྱ་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་ལས་འདས་པའོ། །སྐྱོན་ཞེས་བྱ་བ་ནི་

བཅས་པའི་ཁ་ན་མ་ཐོ་བ་ལས་འདས་པའོ། །ཀུན་དུ་རྨོངས་པ་ཞེས་བྱ་བ་ནི་མི་ཤེས་པའོ། །བསྟན་པ་ཞེས་བྱ་བ་ནི་འཁྲལ་འཁྲུལ་མེད་པའོ། །གསུངས་ཞེས་བྱ་བ་ནི་བསྟན་པའོ། །མ་དད་པར་རིག་པར་འགྱུར་བ་ཞེས་བྱ་བ་ནི་བསྟན་པ་ལ་མི་ཕྱོགས་པ་ཉམས་སུ་མྱོང་བར་འགྱུར་རོ། །ཁྱིམ་

རྣམས་སུ་སོ་སོར་གོ་བར་བྱེད་པ་ཞེས་བྱ་བ་ནི་དེའི་དགེ་སྦྱོང་གི་ཚུལ་མ་ཡིན་པ་སྒྲོགས་པར་བྱེད་པ་སྟེ། བསྟན་པ་ཐམས་ཅད་ལ་མ་དད་པ་བཟློག་པའི་ཕྱིར་རོ། །ཁྱིམ་སུན་པར་བྱེད་པ་ཞེས་བྱ་བ་ནི་ཁྱིམ་བདག་གོ། །གནས་སུན་པར་བྱེད་པ་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་དག་གོ། །འཁོར་ལོ་མི་

བཟད་པ་ཞེས་བྱ་བ་ནི་རྣམ་པར་འཁྲུག་པའོ། །འདི་ལྟར་ཞེས་བྱ་བ་ནི་འདི་ལྟ་སྟེའོ། །ཤིན་ཏེ་མ་ཞེས་བྱ་བ་ནི་མཐུ་ཆུང་བ་སྟེ་མི་འཕེལ་བའོ། །ཆུད་ཟ་བ་ཞེས་བྱ་བ་ནི་སྐམ་པའོ། །ཚུལ་མ་ཡིན་པས་མ་རུང་བར་གྱུར་པ་ཞེས་བྱ་བ་ནི་རིགས་པ་མ་ཡིན་པས་དྲུངས་ཕྱུང་བའོ། །དམར་པོ་ཞེས་

བྱ་བ་ནི་ནད་ཀྱི་རིགས་དམར་བྲེང་བྲེང་བའོ། །བསྟན་པའི་ཚོད་མ་འཛིན་ཅིག་ཅེས་བྱ་བ་ནི་བསྟན་པ་ཡང་འདྲ་བ་ཞིག་ཡིན་ནོ་སྙམ་དུ་མ་སེམས་ཤིག་པའོ། །ཡོས་ཚིག་པ་བཞིན་དུ་ཞེས་བྱ་བ་ནི་ཐལ་བར་གྱུར་པའོ། །སྐྱེར་མི་རུང་བའི་ཆོས་ཅན་ཞེས་བྱ་བ་ནི་འཕགས་པའི་ལམ་གྱི་མྱུ་གུ་མི་སྐྱེ་བའོ། །

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words