འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) སྭ་བྱཱ་ཁྱཱ་ན་ཨ་བྷི་དྷཱ་ན་བི་ན་ཡ་སཱུ་ཏྲ་བྲྀཏྟི་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 160 · folio 28b

ཞེས་བྱ་བ་ལ། ཡང་ན་ཞེས་བྱ་བའི་སྒྲ་ནི་ཆོ་ག་གཞན་བསྟན་པའི་དོན་ཏོ། །ཆུ་ཡོད་པ་ལ་འདི་བརྟག་པ་ཉིད་ཡིན་ཏེ། འདིར་གཞུང་ནི་དགེ་སློང་གིས་སྐྲ་བཟེད་བཅང་བར་བྱ་ཞིང་ཁྲུས་ཀྱང་བྱ་སྟེ། ཐ་ན་རྐང་ལག་དག་ཀྱང་བཀྲུ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྒྲེན་མོར་ཁྲུས་མི་བྱའོ་ཞེས་བྱ་བ་

ལ། འདི་ལྟར་འཁོར་གསུམ་གཡོགས་པ་ཉིད་ཡོངས་སུ་རྫོགས་པ་ཉིད་ནི་སྒྲེན་མོ་མ་ཡིན་པ་ཉིད་དོ། །ཇི་སྲིད་དུ་འཁོར་གསུམ་གཡོགས་པ་ལ་ཡན་ལག་ལས་སྐྱེས་པའི་སྤུ་དག་གཡོགས་པ་ཉིད་ནི་དེ་སྲིད་དུ་གཡོགས་པ་ཉིད་ཀྱིས་ཐམས་ཅད་ལ་སྤང་བར་བྱ་བ་མ་ཡིན་པ་ཉིད་ཅེས་བྱ་བ་འདི་ནི་འདིར་

ཤུགས་ཀྱིས་རྟོགས་པར་བྱའོ། །དགེ་སློང་མས་སྐྱེས་པའི་ཆུ་ངོགས་སུ་མི་བྱའོ། །བུད་མེད་ཀྱི་ཆུ་ངོགས་སུ་ཡང་ཕྱེ་མས་མི་བྱའོ་ཞེས་བྱ་བ་ནི་སྐྱེས་པ་རྣམས་ཀྱི་ཆུ་ངོགས་སུ་དགེ་སློང་མས་ཁྲུས་བྱས་པ་ཉིད་བཀག་པའོ། །བུད་མེད་ཀྱི་ཆུ་ངོགས་སུ་ནི་སྲན་ཆུང་གི་ཕྱེ་མ་ལ་སོགས་པས་ཁྲུས་བྱ་བ་

བཀག་པར་མཛད་ཀྱི་ཁྲུས་ཉི་ཚེ་ནི་མ་བཀག་གོ། །འདིར་གཞུང་ནི་བཅུ་གཉིས་སྡེ་རྣམས་བུད་མེད་ཀྱི་ཆུ་ངོགས་སུ་ཁྲུས་བྱེད་པར་གྱུར་ཏེ། ཁྱིམ་བདག་གི་བུད་མེད་ཁྲུས་བྱེད་པ་རྣམས་ལ་ང་རྒྱལ་བྱེད་ཅིང་མོན་སྲན་གྲེའུའི་ཕྱེ་མ་ལ་སོགས་པ་ཡང་འདོར་བར་བྱེད་དེ་ཞེས་བྱ་བ་དང་། བཅོམ་ལྡན་འདས་

ཀྱིས་དགེ་སློང་མ་བུད་མེད་ཀྱི་ཆུ་ངོགས་སུ་ཕྱེ་མས་ཁྲུས་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །མོན་སྲན་གྲེའུ་ལ་སོགས་པའི་ཕྱེ་མའི་དྲིས་བསྒོས་པ་རུང་ངོ་ཞེས་བྱ་བ་ལ། འདི་ནི་ཐམས་ཅད་དུ་དབང་དུ་བྱེད་པའོ། །དེ་ནི་བླང་བར་བྱའོ། །ནད་པས་ནི་སྨན་གྱི་དགོས་པ་ཡང་ངོ་ཞེས་བྱ་བ་ནི་རུང་ངོ་ཞེས་བྱ་བ་དང་

རྗེས་སུ་མཐུན་ནོ། །དགེ་སློང་མས་བུད་མེད་ལ་ཕྱེ་མས་མི་གཏོར་རོ་ཞེས་བྱ་བ་ནི་ཁྲུས་ཀྱི་དུས་སུ་འམ་དུས་གཞན་ལ་ཡང་ཞེས་བྱ་བ་ཁྱད་པར་ཡོངས་སུ་མ་བཟུང་བ་སྒྲེན་མོ་ཉིད་བསལ་བ་ཞར་ལ་བསྒྲུབ་པ་བརྗོད་པ་ཡིན་ནོ། །ཤམ་ཐབས་ཀྱི་མཐའ་མ་ཉིད་ཀྱི་མདུན་དང་རྒྱབ་ཀྱི་མཐའ་མ་མ་མདུད་པར་སྐས་ལ་

མི་འཛེག་གོ་ཞེས་བྱ་བ་ནི་ཤམ་ཐབས་ཀྱི་གོས་ཀྱི་མཐའ་མ་རྒྱབ་དང་འོག་མ་ནི་འོག་ནས་འབྱུང་བའི་མཐའ་མ་གང་གིས་ན་མདུད་པ་ཞེས་བྱ་བའི་དོན་ཏོ། །འདི་ནི་སྨད་དཀྲིས་མཐོང་བ་ཡོངས་སུ་སྤང་བའོ། །ཤིང་ལ་སོགས་པ་ལ་འཛེག་པ་ཡང་སྨད་དཀྲིས་མཐོང་བ་བསྒྲུབ་པ་ཡིན་ནོ། །དེ་བས་ན་སྐབས་ཀྱི་

Vol. 160 · folio 29a

ཚིག་ནི་འདིར་དཔེ་ཙམ་དུ་རྟོགས་པར་བྱའོ། །རྒུད་པའི་དུས་སུ་འཛེག་པ་ལ་གསོ་བའི་དོན་དུ་འཛེག་པ་གང་ཞིག་གལ་ཏེ་ཤམ་ཐབས་དེ་ལ་འདི་ལྟར་མདུད་པས་ཉེ་བར་བཀག་པ་མིན་ནས་དེ་ལ་སྲུང་བ་ཉིད་དོ། །གལ་ཏེ་མ་ཡིན་ན་མ་ཡིན་ཞེས་བྱ་བ་ཤིང་ལ་འཛེག་པ་གནང་བས་རྗེས་

སུ་རྟོགས་པར་བྱའོ། །གཞན་གྱི་དུས་སུ་དེ་ལྟར་མི་བྱའོ་ཞེས་བྱ་བ་ནི་སྐས་ལ་འཛེག་པ་ལས་དུས་གཞན་དུ་ཤམ་ཐབས་ཀྱི་མཐའ་མ་ཉིད་ཀྱི་མདུན་དང་རྒྱབ་ཀྱི་མཐའ་མདུད་པས་གནས་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཁའི་ནང་ཡང་སྨད་དཀྲིས་པའི་ཕྱོགས་དང་མཐུན་པ་ཉིད་ཀྱི་ཕྱོགས་འདི་ལ་དེ་

སྒྲེན་མོ་ཡོངས་སུ་སྤང་བ་བརྗོད་པ་ཡིན་ཏེ། ཁ་མ་བཀག་པར་གདངས་པར་མི་བྱའོ་ཞེས་བྱ་བ་ལ། གོས་ལ་སོགས་པས་ཁ་མ་བཀབ་པར་གདངས་པ་གང་ཞིག་དེ་ནི་བསྟེན་པར་མི་བྱ་སྟེ། འདིར་གཞུང་ནི་དགེ་སློང་གླལ་བར་གྱུར་པས་ཁ་ལ་ལག་པས་དགབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་དཔེ་ནི་

ལག་པ་རྣམ་པར་གནས་པ་ཡིན་ནོ། །གླལ་བ་ཡང་འདོད་པ་བཞིན་དུ་བྱ་བ་སྟེ། གང་རྣམ་པར་གསལ་བའི་སླད་དུ་དེའི་དབང་དུ་བྱས་ནས་འདི་གསུངས་པ་ཡིན་ཏེ། ནུས་པ་མེད་པ་ལ་གང་ཞིག་ཁ་ཕྱེ་བ་དེ་བསྟེན་པ་ལ་སྐྱོན་མེད་དོ། །ཁྲུས་རས་བཅང་བར་བྱའོ། །ཉི་རིམ་ལ་ནི་སྲོག་ཆགས་དག་ཀུན་དུ་

འཆགས་སོ་ཞེས་བྱ་བ་ལ་བརྗོད་པར་བྱ་བ་ལ་ཀུན་དུ་ཞེས་བྱ་བ་ནི་གཞུང་མཛེས་པ་སྒྲུབ་པའི་ཕྱིར་ཉེ་བར་བཟུང་བ་སྟེ་འདི་ནི་རྒྱུ་མཚན་བསྟན་པ་ཡིན་ནོ། །གང་གི་ཕྱིར་ཉི་རིམ་ལ་སྲོག་ཆགས་རྣམས་འཆགས་པར་གྱུར་པ་དེའི་ཕྱིར་སྲོག་ཆགས་དང་བཅས་པའི་ཆུ་ལ་དེ་ལྟ་བུའི་གོས་ཀྱིས་ཁྲུས་མི་བྱའོ་ཞེས་བྱ་

བའི་དོན་ཏོ། །ཆོས་གོས་གསུམ་པས་ཀྱང་ངོ་ཞེས་བྱ་བ་ནི་ཁྲུས་རས་བཅང་བར་བྱའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་སློང་ཆོས་གོས་གསུམ་པས་ཀྱང་ཁྲུས་རས་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཁ་ཅིག་ནི་བྱིན་

གྱིས་མ་བརླབས་པར་ཡང་གཟུང་བར་བྱ་ཞེས་ཟེར་ཏེ། དེ་ནི་མི་རིགས་སོ། །བདག་གིས་ཁྲུས་རས་ཞེས་བྱ་བ་ཀུན་དུ་རྟོག་པ་མ་སྐྱེས་པ་རང་བཞིན་གྱིས་ལྡང་བའི་ཕྱིར་ངེས་པར་ཀུན་དུ་རྟོག་པ་འདི་འདིར་བསྐྱེད་པར་བྱའོ། །འདིར་ཡང་བསྐྱེད་པ་ལ་ཡིད་ཀྱིས་བྱིན་གྱིས་བརླབ་པར་བྱ་བ་ཉིད་འདིར་སྐྱེ་

Vol. 160 · folio 29b

བ་ཡིན་ཏེ། དེ་བས་ན་བྱིན་གྱིས་བརླབ་པ་གཞན་ལ་བྱ་བར་རིགས་པ་ཡིན་ནོ། །ངག་གིས་བྱིན་གྱིས་བརླབ་པ་ཤིན་ཏུ་བདེ་བ་ཉིད་ཀྱི་ཕྱིར་རོ། །གནང་བ་འདི་ཉིད་ལས་ནི་འདིས་ཡང་དག་པར་བླངས་པ་འདི་ལས་ཉམས་པར་འགྱུར་བ་མ་ཡིན་ཞེས་བྱ་བར་རིག་པར་བྱའོ། །(མད་མེད་)ན་མདུན་དང་རྒྱབ་

ནས་ལོ་མ་དག་གིས་གླན་ལ་དབེན་པའི་ཕྱོགས་སུ་ཁྲུས་བྱའོ་ཞེས་བྱ་བ་ལ། ཐམས་ཅད་དུ་ཆོས་གོས་གསུམ་པ་ཉིད་ནི་མ་ཡིན་ཏེ། འདིར་གཞུང་ནི། གཞན་རྣམས་ལ་ཁྲུས་རས་ཀྱི་རྙེད་པ་མེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་རྣམས་ཀྱི་མདུན་དང་རྒྱབ་ནས་ལོ་མ་རྣམས་ཀྱིས་

གླན་ལ་དབེན་པའི་ས་ཕྱོགས་སུ་ཁྲུས་བྱའོ་ཞེས་བྱ་བ་ཁྱད་པར་མེད་པར་གསུངས་པ་ཡིན་ནོ། །སྲོག་ཆགས་ཆགས་ན་བཤལ་བས་མེད་པར་འགྱུར་རོ་ཞེས་བྱ་བ་ནི་རིམ་པ་གཅིག་ལས་ཉི་རིམ་ལ་སྲོག་ཆགས་ན་ཞེས་བྱ་བ་འདི་ལས་རྟོགས་པའོ། །ལྷན་པ་ཅན་ཡང་ཉི་རིམ་མེད་པ་མ་ཡིན་ནོ། །དེ་བས་ན་

འདིས་སྲོག་ཆགས་དང་བཅས་པའི་ཆུ་ལ་ཁྲུས་མི་བྱའོ་ཞེས་བྱ་བ་འདིར་གནས་པར་རིག་པར་བྱའོ། །དེ་གཙུག་ལག་ཁང་དུ་ནི་སྟོར་ཁུང་དུའོ་ཞེས་བྱ་བ་ནི་གལ་ཏེ་གཙུག་ལག་ཁང་དུ་འདི་ཁྲུས་བྱེད་ན་སྟོར་ཁུང་ཉིད་དུ་བྱ་སྟེ་གཞན་དུ་ནི་མ་ཡིན་ནོ། །བཙོག་ཆུ་ཡང་དབོ་བར་བྱའོ་ཞེས་བྱ་བ་ནི་རྐང་པ་བཀྲུས་

པ་ལ་སོགས་པའི་ཆུ་སྟོར་ཁུང་ཉིད་དུ་དབོ་བར་བྱའི་གཞན་དུ་ནི་མ་ཡིན་ནོ། །ཁྲུས་ཁང་བྱའོ། །དེར་སོ་ཕག་གི་གཅལ་དགྲམ་མོ་ཞེས་བྱ་བ་ལ། དེར་ནི་ཁྲུས་ཀྱི་ཁང་པ་ལ་བྱའོ། །སྟོར་ཁུང་གདོད་དོ། །ལྗན་ལྗིན་བསལ་བར་བྱའོ་ཞེས་བྱ་བ་ལ། འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། སྟོར་ཁུང་གདོད་པར་བྱའོ། །ལྗན་ལྗིན་ཡོད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་དུས་སུ་བསལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འོན་ཀྱང་སྟོར་ཁུང་ཁོ་ནར་ཁྲུས་བྱའོ་ཞེས་གསུངས་པས་དེ་བསྡུ་བའི་ཕྱིར། སྟོར་ཁུང་དུ་ཁྲུས་བྱེད་ན་དེ་མི་འབྱུང་ངོ་ཞེས་བྱ་བ་

སྨོས་ཏེ། ལྗན་ལྗིན་ཞེས་བྱ་བ་རྗེས་སུ་འབྲེལ་ལོ། །ཁྲུས་བྱེད་པ་ནི་ཁྲུས་བྱེད་པའོ། །ལྗན་ལྗིན་བྱུང་བ་སོ་སོའི་ཆོ་ག་ལ་བརྗོད་པ་འདི་ཡིན་ནོ། །སྟོར་ཁུང་དུ་ཁྲུས་བྱེད་ན་ལྗན་ལྗིན་མི་འབྱུང་ངོ་ཞེས་བྱ་བ་སྟེ། སྟོར་ཁུང་ཉིད་དུ་ཁྲུས་བྱ་བ་ནི་མ་ཡིན་ནོ། །དེའི་ཕྱིར་ངེས་པར་གྱུར་པ་སྟེ།

Vol. 160 · folio 30a

ཁང་པ་ནི་ཁྲུས་ཀྱི་ཁང་པ་ཉིད་ཀྱི་ཕྱིར་རོ། །སོ་ཕག་གི་དུམ་བུས་བྲུད་པས་རྐང་པ་གཉིས་ལས་གཞན་པའི་ལུས་ལ་བྲུད་པར་མི་བྱའོ་ཞེས་བྱ་བ་ནི་སོ་ཕག་གི་དུམ་བུས་དགེ་སློང་གིས་ལུས་བྲུད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་གཞུང་ལས་སོ། །གཞན་པའི་ཞེས་བྱ་བ་ནི་རྐང་པ་

གཉིས་ལས་ཐ་དད་པའོ། །དེ་དག་ལས་ནི་བཀག་པ་མེད་དོ། །དེ་ནི་དཔེ་ཡིན་ནོ་ཞེས་བྱ་བ་ནི་བྲུད་པའོ། །རྫས་ཇི་ལྟ་བུ་ལ་ཤེས་པར་བྱ་ཞེ་ན། རྣོན་པོ་དང་བཞར་སྤྱད་དག་ལའོ། །རྣོན་པོ་ཞེས་བྱ་བ་ནི་མཚོན་ལ་སོགས་པའོ། །བཞར་སྤྱད་ཅེས་བྱ་བ་ནི་སྤུ་བ་ལ་སོགས་པ་སྟེ། སེམས་ཀྱི་རྣམ་

པར་འགྱུར་བ་སྒྲུབ་པར་བྱེད་པའི་ཕྱིར་རོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་སོ་ཕག་གི་དུམ་བུས་ལུས་ལ་བྲུད་པར་མི་བྱའོ་ཞེས་བྱ་བ་བཀའ་སྩལ་པ་དང་། དགེ་སློང་དག་ཉ་ཕྱིས་ཀྱིས་བྲུད་པར་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉ་ཕྱིས་མི་རྣོ་བས་བྱའོ་ཞེས་གསུངས་

པ་ཡིན་ནོ། །འདིར་ཉ་ཕྱིས་རྣོ་བ་ཉིད་འདིར་བཀག་པའོ། །དེ་བས་ན་སོ་ཕག་གི་དུམ་བུ་ནི་དཔེ་ཡིན་ནོ། །རྣོན་པོ་བཞན་ལ་ཡང་གཞར་སྤྱད་ཀྱི་རྫས་ལ་དེས་ཀྱང་ལུས་ལ་བྲུད་པར་མི་བྱའོ། །ཉ་ཕྱིས་ནི་མེས་སྦྱང་ངོ་ཞེས་བྱ་བ་ནི་འདི་ལ་མེས་རབ་ཏུ་གདུང་བ་ཙམ་སྦྱང་བ་སྟེ། གཞན་ནི་ཉ་ཕྱིས་ཉམས་

པའི་ཕྱིར་རོ། །དགེ་སློང་མས་ནི་གང་དུ་ཡང་ཁུ་ཚུར་དག་དང་གོས་གྲིལ་བ་དག་ཡན་ཆད་གང་གིས་ཀྱང་བྲུད་པར་མི་བྱའོ་ཞེས་བྱ་བ་ནི་ཅུང་ཟད་ཅེས་བྱ་བ་ནི་ལུས་ཏེ། འཇམ་པའི་བུད་མེད་ཀྱི་ལུས་ཏེ། འཇམ་པ་དང་རྩུབ་པ་མ་ཡིན་པ་ལས་ཀྱང་དེ་ལ་རྣམ་པར་འགྱུར་བ་བསྒྲུབ་པའོ། །ཤིན་ཏུ་ཁྲུས་པས་འདི་བྱེད་པ་ལ་བུད་མེད་

ལ་བཞར་སྤྱད་ཉིད་ནི། དེའི་ཕྱིར་དགེ་སློང་མ་རྣམས་ལ་ཐམས་ཅད་བཀག་པའོ། །ཅུང་ཟད་ཁུ་ཚུར་ལས་འཇམ་པ་ལས་གཞན་པའི་གོས་འབྱུང་བ་ཡིན་ནོ་ཞེས་བྱ་བའོ། །ཁུ་ཚུར་ཙམ་ཉིད་ཀྱིས་བརྗོད་ནས་གོས་དྲིལ་བའི་ཚིག་གོ། །གཤེར་འགྱུར་གྱི་ཆུ་དང་མ་བྲལ་བས་ཆོས་གོས་དག་བགོ་བར་མི་བྱའོ་

ཞེས་བྱ་བ་ནི་བགོ་བར་གྱུར་པའི་གོས་ཉམས་པ་ཡོངས་སུ་བསལ་བའི་དོན་དུ་འདི་ཡིན་ནོ། །དེ་བས་ན་འདི་རྣམས་ལ་གཤེར་འགྱུར་གྱི་ཆུ་དང་མ་བྲལ་བས་གང་ལ་ཞེས་བྱ་བ་ཤེས་པའོ། །གང་ཞིག་མཐོང་བའི་ཕྱིར་བཅུག་པ་མི་འདོད་པ་དེའི་སླད་དུ་འོག་མའི་ཆོ་ག་དག་གོ། །ལུས་ཕྱིས་བཅང་བར་

Vol. 160 · folio 30b

བྱའོ། །མེད་ན་ཡུད་ཙམ་ཞིག་ཙོག་པུར་འདུག་ལ་ཁྲུས་རས་ཀྱིས་ཕྱི་བར་བྱའོ་ཞེས་བྱ་བ་ནི་འཇུག་པ་ཇི་ཙམ་གྱིས་འགྲུབ་པས་ཁྲུས་རས་ཀྱིས་ཕྱིས་པས་དོན་བསྒྲུབ་པ་དེ་ཙམ་གྱིས་འདི་ལ་ཇི་ཙམ་པའི་དུས་ཀྱི་ཚད་ཀྱིས་བསྒྲུབ་པ་དེ་ཉེ་བར་མཚོན་པ་ནི་འདར་ནི་ཡུད་ཙམ་མོ། །ཆུང་བ་དག་གིས་དེ་ལ་ཡུད་ཙམ་ཞེས་བྱ་བ་

འདི་བརྗོད་པའོ། །ཙོག་པུར་འདུག་པ་ཞེས་བྱ་ནི་དེ་བཞིན་དུ་མྱུར་དུ་འགྲོ་བའི་ཆུ་ལ་ལུས་ལས་བསྒྲུབ་པའོ། །འདིར་གནས་པའི་སྦས་པའི་ངོ་བོ་སྟེ། དེ་བས་ན་འདི་སྒྲེན་མོས་བསྟེན་པ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་དག་པར་བསྟན་པའོ། །བསྲོ་ཁང་བསྟེན་པར་བྱའོ། །བསྲོ་ཁང་

གི་ཁང་པ་བྱ་བ་ནི་གྲམ་ས་ཆེ་བར་བཟང་ངོ་ཞེས་བྱ་བ་ནི་བསྲོ་ཁང་གི་དོན་དུ་ཁང་པ་ནི་ཁང་པ་སྟེ། གྲམས་ཆེ་བའི་ས་ཕྱོགས་ལ་ཁང་པ་བྱ་ཞེས་བྱ་བའོ། །འདིར་གཞུང་ནི་ཕྱོགས་རྣམས་ལ་འདི་སོང་བ་ལ་ཡང་མ་རྫོགས་པའི་དོན་བསྒྲུབ་པ་ཡིན་ཏེ། གྲམ་ས་ཆེ་བ་ལ་ནི་ཡོངས་སུ་རྫོགས་པའི་དོན་སྒྲུབ་

པར་བྱེད་པ་ཉིད་ཀྱི་ཕྱིར་རུང་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གནས་ལ་ཡང་རུང་བའི་སྒྲ་སྦྱོར་བར་རིག་པར་བྱའོ། །བསྲོ་ཁང་གི་ཁང་པ་དེ་ལ་གང་ཞིག་བྱ་བ་དེ་ཉེ་བར་བསྟན་པའི་ཕྱིར། དཀྱིལ་དུ་སྐར་ཁུང་ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་ལྟ་བུ་གདོད་དོ་ཞེས་བྱ་བ་སྨོས་ཏེ། ཁང་པ་

ལ་བརྟེན་པའི་རྩིག་པའི་དབུས་སུ་སྟེང་འོག་དང་སྟེང་དུ་ཡང་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེར་སྐར་ཁུང་དྲ་བ་ཅན་དང་སྒོ་གླེགས་དང་འཁོར་གཏན་དང་གནམ་གཟེར་དང་འཕྲེད་གཏན་དང་བཅས་པ་གཞུག་གོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་སྐར་ཁུང་ལའོ། །དབྱུག་གུ་སྐམ་ཁ་ཡང་ཉེ་བར་གཞག་

གོ་ཞེས་བྱ་བ་ནི་དེར་ཞེས་བྱ་བ་འདི་དང་འབྲེལ་པ་ཉེ་བར་བསྒྲུབ་པའི་དོན་དུ་ཡང་གི་སྒྲའོ། །དབྱུག་གུ་སྐམ་ཁས་སྐར་ཁུང་གི་འཕྲེད་གཏན་གཞུག་པ་དང་དབྱེ་བའོ། །སྒོར་སྒོ་གླེགས་དང་སྒོ་གཏན་དང་ཡང་མིག་དང་ལག་གཟུངས་ལེགས་པར་བྱའོ་ཞེས་བྱ་བ་ལ། སྒོར་ཞེས་བྱ་བ་ནི་བསྲོ་ཁང་གི་སྒོ་

ལའོ། །ཆུ་དྲོན་གཞག་པའི་ཕྱིར་ནང་གི་ཕྱོགས་སུ་གཞག་སྟེགས་བྱའོ་ཞེས་བྱ་བ་ལ། གཞག་སྟེགས་ནི་སྟེགས་བུ་སྟེ་གང་ལ་ཆུའི་བུམ་པ་རྣམས་འཇོག་པ་ཡིན་ནོ། །མེ་འབུད་པའི་གནས་ཀྱི་སར་སོ་ཕག་གི་གཅལ་བྱའོ། །མེ་མི་འཆི་བའི་ཕྱིར་སྦ་བར་བྱའོ་ཞེས་བྱ་བ་ནི་ཟླུམ་པོར་བྱ་བའོ། །དེའི་

Vol. 160 · folio 31a

ཆེད་དུ་ལྕགས་ཀྱི་ཐལ་ཕྱགས་བཅང་བར་བྱའོ་ཞེས་བྱ་བ་ལ། དེའི་ཆེད་དུ་ཞེས་བྱ་བ་ནི་མེ་སྦ་བའི་ཆེད་དུའོ། །མེ་འབར་བ་ན་མི་རྨྱ་བར་བྱ་བའི་ཕྱིར་འཇུག་པ་བསྡད་པར་བྱའོ་ཞེས་བྱ་བ་ནི་བསྲོ་ཁང་ལའོ། །བོག་པ་མི་འབྱུང་བར་བྱ་བའི་ཕྱིར་ཕྱེ་དང་ཉུངས་མར་དུ་བསྲེས་པ་དག་མེར་

བླུགས་སོ་ཞེས་བྱ་བ་ལ། མེའི་ངར་ནི་བོག་པའོ། །དྲི་མི་ཞིམ་པ་ཉིད་བསལ་བའི་ཕྱིར་བདུག་སྤོས་བླུགས་སོ་ཞེས་བྱ་བ་ནི་གང་ཞིག་དེའི་ཕྱེ་རྣམས་ཀྱིས་དྲི་མི་ཞིམ་པར་བྱས་པས་སོ། །མཆི་མ་འཛག་ན་ནས་ཀྱི་བག་ཟན་གྱིས་བཅད་དོ། །སྐྱུ་རུ་རའི་ཕྱེ་མ་སྦྲུས་པའི་ཆང་བུས་ཀྱང་ངོ་། །དེར་རྩྭ་བམ་གྱི་སྟན་

གདིང་ངོ་ཞེས་བྱ་བ་ལ། དེའི་བསྲོ་ཁང་ལ་རྩྭ་བམ་གྱི་སྟན་གདིང་ངོ་། །འདི་ལ་ཆགས་པས་སྟན་གདིང་བའི་དོན་མ་ཡིན་ནོ་ཞེས་བྱ་བ་འདི་ལ་གནང་བའོ། །ས་གཞིར་སྐྱེས་པ་ཉིད་ཀྱིས་སམ་སྦངས་པས་གཤེར་བའི་རྩྭ་གཤེར་བ་དག་དགྲམ་མོ་ཞེས་བྱ་བ་ནི་དེ་ལ་སྐྱེས་པ་ཉིད་ནི་གང་ཞིག་སྐྱེས་པ་ཉིད་ཀྱིས་

གཤེར་བ་ཉིད་དོ། །དེ་མེད་ན་གང་ཞིག་སྐྱེས་པ་སྦངས་པས་གཤེར་བ་ཉིད་དེ་ལ་བསྟེན་པར་བྱའོ། །འདི་ལ་དོན་ནི་ཚབ་མེད་པའོ། །གཡན་པ་ཕྲུག་པའི་ཆེད་དུ་ལྕགས་ཀྱི་ཕྲུག་སྤྱད་བྱ་བའོ། །རྫས་ཀྱི་གླས་ལུང་མིག་ནས་ཐག་གུས་བཏགས་ཏེ་དབེན་པར་གཞག་གོ། །དེ་ལ་དྲི་མ་མེད་པ་ཉིད་དུ་

བསྒྲུབ་པའི་ཕྱིར་མེས་རུང་བར་བྱའོ། །དེར་ཁྲུས་མི་བྱའོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་བསྲོ་ཁང་ལའོ། །དེའི་ཆེད་དུ་ཁྲུས་ཁང་བྱའོ་ཞེས་བྱ་བ་ལ། དེའི་ཆེད་དུ་ཞེས་བྱ་བ་ནི་ཁྲུས་ཀྱི་ཆེད་དུའོ། །ཁྲུས་ཆུ་ལྡུགས་པའི་ཆོས་གོས་དག་མི་ཉམས་པར་བྱ་བའི་ཕྱིར་སོ་ཕག་གིས་བསྒྲོན་པའི་ཁྲུས་དོང་

བྱའོ་ཞེས་བྱ་བ་ནི་ཁྲུས་ཆུ་ལྡུགས་པའི་ཆོས་གོས་རྣམས་མི་ཉམས་པར་བྱ་བའི་ཕྱིར་དོང་དུ་ཞུགས་པས་ནི་ཁྲུས་བྱ་བ་ལ་ཁ་ན་སྡོད་པས་ནི་ཆུ་བླུགས་པར་བྱ་སྟེ། དེ་བས་ན་ཉམས་པར་མི་འགྱུར་རོ། །དེ་ལ་སྟོར་ཁུང་གདོད་དོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་སྟོར་ཁུང་ལའོ། །ཆུ་ཧ་ཅང་ཚ་ན་ཕྱི་མ་རྣམས་

ལ་སྦྲན་པར་བྱའོ་ཞེས་བྱ་བ་ནི་ཆུ་ཚ་བར་ཤེས་ནས་ཕྱི་མ་རབ་ཏུ་བྱུང་བ་རྣམས་ལ་སྦྲན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེར་གྲང་མོས་བསྲེའོ་ཞེས་བྱ་བ་ནི་ཆུ་ཚ་བ་ལའོ། །ཆག་ཆག་གིས་ཆུ་ལ་སོགས་པར་ཡང་ངོ་ཞེས་བྱ་བ་ནི་ཆག་ཆག་གིས་ཆུ་ལ་སོགས་པའི་དོན་དུ་ཡང་གྲང་མོས་འདི་ལ་བསྲེའོ། །ཐལ་

Vol. 160 · folio 31b

བ་དང་བ་ལང་གི་ལྕི་བ་དང་སོ་ཤིང་གིས་བཀང་བའི་གྱོ་མོ་དག་གཞག་པར་བྱའོ། །གལ་ཏེ་ཉམས་དམས་པར་གྱུར་ན་ཁྱེའུ་སུས་བྱའོ། །དེར་ངོ་མི་ཤེས་པ་ཞིག་ཤན་བསྲེ་བས་ཉེ་བར་གནས་པར་གྱུར་ན་དེར་གཏོགས་པས་ངེས་པར་ཤེས་པར་བྱ་བའི་ཕྱིར་དྲི་བར་བྱ་ཞིང་དེའི་ཆེད་དུ་མི་འཇུག་པར་བྱ་བའི་ཕྱིར་

དགེ་སློང་བསྒོ་བ་བསྐོའོ་ཞེས་བྱ་བ་ལ། ཤན་བསྲེ་བས་ཞེས་བྱ་བ་ནི་ཁོ་བོ་ཁྱེད་ཅག་ལས་གང་ཡང་རུང་བ་ཞིག་ཡིན་ནོ་ཞེས་བྱ་བ་གསེབ་ཏུ་འཇུག་པར་བྱ་བས་སོ། །དེར་གཏོགས་པ་ཞེས་བྱ་ནི་བསྲོ་ཁང་ན་རྣམ་པར་གནས་པའི་དགེ་སློང་གིས་ཏེ་དེས་དྲི་བར་བྱའོ། །ཇི་ཞིག་གི་ཕྱིར་ཞེ་ན། ཇི་ཆོས་འདི་པའི་དགེ་

སློང་ཞིག་གམ་འོན་ཏེ་འཚོ་བ་པ་ལ་སོགས་པ་ཞིག་ཡིན་ཞེས་ཏེ་དེ་ལྟར་ངེས་པར་ཤེས་པར་བྱ་བའི་ཕྱིར་དྲི་བར་བྱ་ཞིང་། དེའི་ཆེད་དུ་སྒོ་བ་བསྐོའོ་ཞེས་བྱ་བ་འདི་མི་ཤེས་པ་ཤན་བསྲེ་བས་ཉེ་བར་གནས་པར་གྱུར་པ་དེ་ངེས་པར་ཤེས་པར་བྱ་བའི་ཕྱིར་དྲི་བར་བྱ་བ་དང་མི་འཇུག་པར་བྱ་བའི་ཕྱིར་ཞེས་བྱ་བའོ། །འདི་

ནི་བདག་ཅག་ལས་གང་ཡང་རུང་བ་ཡིན་པས་ཞེས་བྱ་བའི་དྲི་བས་འདི་ཤེས་པ་ལའོ། །བསྒོ་བ་ཇི་ལྟ་བུ་ཞིག་ཅེ་ན། དགེ་སློང་ཞེས་བྱ་བ་སྨོས་ཏེ། འདི་ནི་དཔེ་ཡིན་གྱི་བསྙེན་པར་རྫོགས་པར་མ་བྱས་པའི་རབ་ཏུ་བྱུང་བ་ལ་ཡང་དགེ་སློང་མ་རྣམས་ལ་དེའི་ཕྱོགས་སུ་གྱུར་པའི་གང་ཟག་ལའོ། །དེར་མ་དད་པ་

འཇུག་ཏུ་མི་གཞུག་པའོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་བསྲོ་ཁང་ལའོ། །སོ་སོར་གནས་བཞིན་པ་ལ་ཡང་ཤན་བསྲེ་བས་སོ། །འདི་ནི་འདིར་སྒོ་སྐྱོང་གི་དོན་གཞན་ཡིན་ནོ། །དེར་བྱི་དོར་གྱི་ལས་ནི་ལྷན་ཅིག་གནས་པ་དང་ཉེ་གནས་དག་གིས་བྱའོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་བསྲོ་ཁང་ལའོ། །

གཞན་ལས་ནི་གཞོན་རབས་དག་གིས་ཞེའོ་ཞེས་བྱ་བ་ལ། འདི་ནི་འདོད་པ་གཞན་རབ་ཏུ་བསྟན་པ་ཡིན་ནོ། །ཁ་ཅིག་རྣམས་ལ་ནི་འདོན་པ་གཞན་ཡིན་ཏེ། གཞོན་རབས་དག་གིས་བྱི་དོར་གྱི་ལས་བསྲོ་ཁང་གི་ལས་ཞེས་བྱ་བའོ། །བྱི་དོར་གྱི་ལས་ཀྱི་ངོ་བོ་བསྟན་པའི་ཕྱིར་སྦྲེན་པ་དང་ཟངས་དང་འབྲུ་མར་དང་།

སོ་ཤིང་དང་བ་ལང་གི་ལྕི་བ་དང་། ས་དང་བྱེ་མ་དང་ཆུ་ལ་སོགས་པ་ཉེ་བར་གཞག་པ་དང་། ཤིང་བརྟག་པ་དང་དྲིལ་ཕྱིས་དང་། སྣུམ་གྱིས་བསྐུ་བ་དང་བཀྲུ་བ་དང་། ཕྱགས་པ་དང་ཕྱག་དར་དོར་བ་ལ་སོགས་པའོ། །དེ་དག་གི་ནི་གཅིག་གིས་གཅིག་ལའོ་ཞེས་བྱ་བ་སྨོས་ཏེ། གཙུག་ལག་ཁང་གི་ནང་ན་

Vol. 160 · folio 32a

གནས་པ་རྣམས་དང་ལྷན་ཅིག་ཏུ་དྲིལ་ཕྱིས་ལ་སོགས་པའི་ལས་ལ་གཅིག་ལ་གཅིག་བསྒོ་བའོ། །ཁྲིའུ་དང་ཉ་ཕྱིས་དག་ཀྱང་གཙང་སྦྲ་ཉིད་བྱས་ནས་གནས་ཇི་ལྟ་བར་གཞག་གོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་འཕེན་པའི་ལས་བསྡུ་བ་ནི་མ་མོ་ལས་འདར་ཞེས་བྱ་བ་ལ་སོགས་པ་

ནས་མདུན་དུ་འདུག་སྟེ་མེ་མི་འདེའོ་ཞེས་བྱ་བའི་བར་དུའོ། །སྣོད་སྤྱད་ཐམས་ཅད་ལ་ཆོ་ག་དེ་བཞིན་ནོ་ཞེས་བྱ་བ་ནི་གཙང་སྦྲ་ཉིད་བྱས་ཏེ། གནས་ཇི་ལྟ་བར་གཞག་གོ་ཞེས་བྱ་བ་འདིའོ། །ཡོ་བྱད་ཐམས་ཅད་ལ་ལེགས་པར་སྦ་བ་དང་། བྱི་དོར་བྱའོ་ཞེས་བྱ་བ་ནི་སྣོད་ཀྱི་ཚིག་གིས་ཡོ་བྱད་གང་ཡང་

བཟུང་བར་མི་བྱ་སྟེ། བསྲོ་ཁང་གི་ཐ་མ་ལས་གཞན་དུའོ། །མདོ་འདི་ནི་སྒྲུབ་པ་པོའི་དོན་དུ་སྟེ། དེར་སྒྲ་བསྐྱུངས་ཏེ་འཇུག་པར་བྱའོ་ཞེས་བྱ་བ་ནི་བསྲོ་ཁང་དུའོ། །མཛེས་པར་རོ། །ལེགས་པར་བསྡམས་པ་དང་། སྤྱོད་ལམ་མཛེས་པ་དང་ཤེས་བཞིན་དུའོ་ཞེས་བྱ་བ་ལ། ལེགས་པར་

བསྡམས་པ་ནི་རང་ཉིད་ཀྱི་ལུས་དང་ངག་མ་ཡེངས་པར་ལེགས་པར་བསྡམས་པ་ཉིད་ཀྱིས་སྟེན་པར་བྱེད་དོ། །ཤེས་བཞིན་དུ་ཞེས་བྱ་བ་འདིས་ནི་སེམས་ལའོ། །སྤྱོད་ལམ་མཛེས་པ་ཉིད་འདི་ལ་རབ་ཏུ་དབྱེ་བ་གཉིས་ཀྱིས་བསྟན་ཏོ། །མདུན་དུ་འདུག་སྟེ་མེ་མི་འདེའོ་ཞེས་བྱ་བ་ནི་གཞན་ཡང་མེ་དེ་བཞིན་

པ་ལ་བསྒྲིབས་ནས་བདག་ཉིད་ཀྱིས་མེ་མི་འདེའོ་ཞེས་བྱ་བའི་ཚིག་གོ། །འདུ་འཛིའི་གཏམ་ཡང་ངོ་ཞེས་བྱ་བ་ནི་དེར་ཞེས་བྱ་བར་སྦྱར་ཏེ་འདི་ནི་འདོད་པ་དང་རྗེས་སུ་མཐུན་པར་བྱར་ཤེས་ནས་བསྲོ་ཁང་དུ་འཇུག་པ་ན་འདོད་པ་རྣམས་ཡང་དག་པར་འབར་བ་ནི་འདུ་འཛི་ཞེས་བྱའོ། །དེ་བས་ན་འདིར་འདི་སྤོང་བ་ནི་བྱེ་བྲག་ཏུ་

སྤོང་བའོ། །འཕགས་པའི་མི་སྨྲ་བ་ཉིད་ལ་དམིགས་པས་སོ་ཞེས་བྱ་བ་ནི་དེར་ཞེས་བྱ་བར་སྦྱར་རོ། །རྟོགས་པ་མི་བདེན་པ་དང་། དེ་དང་རྗེས་སུ་མཐུན་པའི་སེམས་རྣམ་པར་བཟློག་པའི་དོན་དུ་མདོ་འདིའོ། །འཕགས་པའི་མི་སྨྲ་བ་ཉིད་ནི་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་ཀུན་ནས་ཕྱོགས་པར་བྱེད་

པར་རིག་པར་བྱའོ། །མཇུག་ཏུ་རྒྱུན་ཆགས་གསུམ་པ་གདོན་ནོ་ཞེས་བྱ་བ་ནི་འགྲོ་བའི་དུས་སུའོ། །གོས་གཅིག་པས་བྱི་དོར་གྱི་ལས་མི་བྱའོ་ཞེས་བྱ་བ་ནི་འདིར་ནི་བསྲོ་ཁང་གི་ཚིག་དང་ཁྲོ་བ་ལ་གནས་པར་གྲགས་པའི་གཞི་གཅིག་གིས་གཅིག་གི་ཚིག་ཀྱང་ཁ་ཅིག་བྱེད་དེ། ཆོས་གོས་གཅིག་པའི་དགེ་སློང་

Vol. 160 · folio 32b

རྣམས་ཀྱིས་བསྲོ་ཁང་དུ་གཅིག་གིས་གཅིག་ལ་ལས་མི་བྱ་ཞེས་བྱ་བའོ། །ལས་ཐམས་ཅད་ལ་ལུས་ལ་གནས་པ་ཉིད་གནས་ཐམས་ཅད་ལ་མ་ཡིན་ཏེ། བསྲོ་ཁང་ཉིད་ལ་ཆོ་ག་འདི་རྣམ་པར་གནས་པ་མ་ཡིན་པ་ཉིད་དེ། དེ་བས་ན་འདི་བསྟན་པ་མ་ཡིན་ནོ། །ལུས་ཀྱི་དེ་ལ་མ་དད་པ་བྱེད་དུ་མི་གཞུག་གོ་ཞེས་

བྱ་བ་ལ། དེ་ཞེས་བྱ་བ་ནི་ལས་སོ། །ཁུར་ཁུར་བ་ལ་སོགས་པ་ཕྱི་རོལ་གྱི་ལས་ནི་བཀག་པ་མ་ཡིན་ནོ། །འདི་དང་གོང་མ་ལ་ཡང་བསྟན་པ་ནི་དད་པ་ཅན་དུ་འདོད་དོ་ཞེས་བྱ་བ་ལ། བསྟན་པ་ཞེས་བྱ་བ་ནི་དུས་རིང་པོ་ནས་སྐྱེས་པས་གང་ཞིག་མི་གཡོ་བ་དེ་ནི་བསྟན་པའོ། །འདི་དང་ཞེས་བྱ་བས་དེ་མ་

ཐག་ཏུ་བརྗོད་པའི་ལས་ཀྱི་ཆོ་ག་ལའོ། །གོང་མ་ལ་ཡང་ཞེས་བྱ་བ་ནི་དད་པ་ཅན་མ་ཡིན་པ་འདིར་ཞུགས་པ་མི་སྦྱིན་ཞེས་བྱ་བ་འདི་ལའོ། །འདོད་དོ་ཞེས་བྱ་བ་ནི་མངོན་པར་འདོད་པའོ། །སེང་གེ་ལྟ་བུས་ཝ་ལྟ་བུ་ལ་བསྙེན་བཀུར་མི་བྱའོ་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་ལྡན་པས་ཚུལ་ཁྲིམས་འཆལ་པ་ལ་

ཉེ་བར་གནས་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །འདི་ལ་གསལ་བར་བྱེད་པ་ཡིན་པ་ནི། སློབ་དཔོན་དང་མཁན་པོ་མཆོག་ཏུ་ཚུལ་ཁྲིམས་འཆལ་པ་ལ་ཡང་བསྙེན་བཀུར་བྱའོ། །ཕ་མ་དང་ནད་པ་དག་ནི་ཁྱིམ་པ་ཡིན་ན་ཡང་ངོ་ཞེས་བྱ་བ་ནི་མཆོག་ཏུ་འདི་རྣམས་ལ་ཕན་པར་བྱེད་པ་ཉིད་ཀྱི་ཕྱིར་དེ་བས་ན་འདི་སྔོན་དུ་

གནང་ངོ་། །ལེགས་པར་སྦྱར་བའི་ཁྲུས་ཀྱིས་བཀྲུའོ་ཞེས་བྱ་བ་ནི་འདིར་གླེང་གཞི་ལས་འདོད་པ་ཡིན་ཏེ། ནད་པའི་ཚིག་ནི་ཐ་སྙད་དུ་མ་བྱས་པ་ཡིན་ཏེ། འདི་ལ་གཞན་དུ་མཐུན་པ་ཉིད་ཀྱང་མ་ཡིན་ཏེ། ཁྱད་པར་ཡོངས་སུ་མི་འཛིན་པའི་ཕྱིར་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཉེ་བར་བརྟགས་པའོ། །

དེའི་རང་གི་ངོ་བོ་ཉིད་བསྟན་པའི་ཕྱིར། རླུང་འདྲེན་པའི་རྩ་བ་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་བསྐོལ་བས་ཁྲུས་བྱ་བ་ནི་དེའི་མིང་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ལེགས་པར་སྦྱར་བའི་ཁྲུས་ཀྱིས་བཀྲུའོ་ཞེས་བྱ་བའི་དོན་ཏོ། །བཅུད་ནི་ཁྲུས་ཀྱི་དོན་ཏོ། །དེ་བས་ན་འདི་རྣམས་ལ་འདིར་ཡན་ལག་ཉིད་

དོ། །ཁྲུས་ཇི་ལྟར་བྱ་ཞེ་ན། བསྐུ་མཉེ་བྱས་ནས་ཏེ་མི་རྩུབ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྲན་ཆུང་གི་ཕྱེ་མས་ཉེ་བར་བསལ་བའི་ཕྱིར་འདི་མི་རྩུབ་པའི་དོན་འདི་ལ་འབྲུ་མར་ལ་སོགས་པས་བསྐུ་མཉེ་བྱས་པས་དེ་དང་དབྲལ་བའི་ཕྱིར་སྲན་ཆུང་གི་ཕྱེས་བསྐུ་མཉེ་བྱས་ནས་ཞེས་བྱ་བའི་དོན་ཏོ། །དེ་དང་

Vol. 160 · folio 33a

དབྲལ་བའི་ཕྱིར་ཁྲུས་གཅལ་གྱིས་སོ། །སྔ་མའི་ཆེད་དུ་ཆུའི་བུམ་པ་ཕྱི་མར་སྣུམ་ཐིགས་པ་གཉིས་སམ་གསུམ་བླུགས་སོ་ཞེས་བྱ་བ་ནི། སྔ་མའི་ཆེད་དུ་ཞེས་བྱ་བ་ནི་མི་རྩུབ་པ་ཉིད་ཀྱི་ཆེད་དུ་གཉིས་སམ་གསུམ་སྣུམ་གྱི་ཐིགས་པ་ཆུའི་བུམ་པར་ཕྱེ་མ་བླུགས་པར་བྱ་བའི་དོན་ཏོ། །

ལྕགས་ཀྱི་གཞོང་རིགས་སུ་ཁྲུས་བྱའོ། །དེ་ནི་ནད་པས་བཅང་བར་བྱའོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་ལྕགས་ཀྱི་གཞོང་པའོ། །ནད་པ་མ་ཡིན་པས་ནི་བཅང་བར་མི་རིགས་པ་སྟེ། ལྕགས་ཀྱི་རི་ལུ་ལྟར་དགོས་པ་མེད་དོ་ཞེས་བྱ་བ་འདི་ལ་རྟོགས་པར་བྱའོ། །འདི་ལྟ་བུའི་རིགས་ཅན་ལ་དོན་མེད་པར་བྱེད་

པ་ལ་ང་རྒྱལ་ཡིན་ཏེ། དེ་ཡང་ཐམས་ཅད་ཉེས་པར་བྱས་པ་ཞེས་བྱ་བ་གོ་བཞིན་པ་ཉིད་ཀྱི་ཕྱིར་མདོར་བྱས་པ་མ་ཡིན་ནོ། །དེའི་སྟེང་དུ་ཁ་གབ་གཞུག་གོ་ཞེས་བྱ་བ་ནི་ཆུ་དྲོན་མོ་ལ་གྲང་བའི་དངོས་པོ་ཡོངས་སུ་བསལ་བའི་ཕྱིར་རོ། །དེར་གཉའ་བར་སྔས་ནང་ཚངས་ཅན་གཞུག་གོ་ཞེས་བྱ་བ་དང་སྦྱར་རོ། །

འདིར་ཁྲུས་ནི་ཐོགས་པ་མེད་པར་སྡུག་བསྔལ་མེད་པའི་དོན་དུ་སྟེ་དེ་བས་ན་འདི་བཟུང་བའོ། །གར་བབ་བབ་ཏུ་རྐང་པ་མི་བཀྲུའོ་ཞེས་བྱ་བ་ལ། འདི་ནི་གཙུག་ལག་ཁང་གི་དབང་དུ་བྱས་པའོ། །དེའི་གནས་ནི་ཝ་ཁར་རོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་རྐང་པ་བཀྲུ་བའོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། རྐང་པ་ཝ་ཁར་བཀྲུའོ་ཞེས་གསུངས་པ་ཡིན་ནོ། །རྐང་ཁྲུས་ཀྱི་གཞི་བྱའོ་ཞེས་བྱ་བ་ནི་འདི་མེད་པར་ཝའི་ཁ་ལ་སོགས་པ་དོན་གྲུབ་པ་རྣམ་པར་ཉམས་པ་སྟེ། དེའི་ཕྱིར་འདི་ནི་རེས་འགའ་བྱ་བ་དང་རེས་འགའ་མི་བྱ་བ་ཡིན་གྱི་ཞེས་བྱ་བ་ཡང་དག་པར་བསྟན་པའི་དོན་དུ་དང་པོར་བྱ་བའི་ཚིག་

སྦྱར་བའོ། །དགེ་འདུན་གྱི་རྫས་ནི་འདིའི་གནས་ཡིན་ཏེ། དགེ་འདུན་གྱི་རྫས་ནི་གཅིག་ལ་སྐབས་མེད་དེ་དེ་བས་ན་མང་པོའི་ཚིག་གོ། །ཕྱོགས་གང་དུ་ཞེ་ན། དེའི་ཕྱིར་གཙུག་ལག་ཁང་གི་སྟེང་གི་ཤར་ལྷོའི་མཚམས་སུའོ་ཞེས་བྱ་བ་སྨོས་ཏེ། རྣམ་པ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་རུས་སྦལ་གྱི་རྣམ་པ་འདྲ་བ་

རྩུབ་པར་རོ་ཞེས་བྱ་བ་སྨོས་ཏེ། འདིར་དོན་ནི་དྲི་མ་སེལ་བར་བྱེད་པའོ། །ཆོལ་ཟངས་ས་ལས་བྱས་པ་གཞག་པར་བྱའོ་ཞེས་བྱ་བ་ལ། འདིའི་མིང་ནི་ལྷུང་ཞིང་བཟུང་བ་ལའོ། །ཅི་ལས་བྱས་པ་ཞེ་ན། ས་ལས་བྱས་པ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་གསེར་དང་དངུལ་དང་བཻ་ཌཱུརྱ་དང་ཤེལ་

Vol. 160 · folio 33b

ལས་བྱས་པའི་ཆོལ་ཟངས་ཉེ་བར་གཞག་པར་མི་བྱ་སྟེ། འོན་ཀྱང་སའི་རང་བཞིན་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དབྱིབས་ཇི་ལྟ་བུ་ཞེ་ན་དེའི་ཕྱིར་ཞབས་གླང་པོ་ཆེའི་རྨིག་མཐིལ་འདྲ་ལ་སྙིང་པོ་ཅན་ནོ་ཞེས་བྱ་བ་སྨོས་ཏེ། འདིར་དོན་ནི་མི་རྡིབ་པའོ། །སྙིང་པོ་ཅན་ནོ་ཞེས་བྱ་བ་ནི་དག་བཞིན་

པའི་རྐང་པ་གཞག་པའི་དོན་དུ་འདི་བྱའོ། །སྙིང་པོ་གང་དུ་བྱས་པ། དེ་དང་ལྡན་པར་ཤེས་ཤེ་ན། དབུས་ན་ཡོད་པ་ཞེས་སྨོས་ཏེ། རྣམ་པ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཀ་དམ་པའི་མེ་ཏོག་འདྲ་བ་རྩུབ་པ་དང་ངོ་ཞེས་བྱ་བ་སྨོས་ཏེ། རྐང་པ་མི་འདྲེད་པའི་དོན་དུ་རྩུབ་པ་ཉིད་དོ། །བཀྲུས་ནས་ཁ་སྦུབ་ཏུ་གཞག་གོ་

ཞེས་བྱ་བ་ལ། ཁྲུས་བྱེད་པ་འདི་ནི་དྲི་མ་མེད་པ་ཉིད་ཀྱི་དོན་དུ་སྟེ། དྲི་མ་མེད་པ་ཉིད་ནི་དྲི་མ་དང་བྲལ་བ་ཉིད་དོ། །འདི་ལ་ནི་གང་ཞིག་དེར་ཆུ་གཙང་མ་རྣམས་གནས་པ་དེ་ལ་བསྒྲུབ་པ་སྟེ་དེ་ལས་དེ་བས་ཆུ་གཞན་དག་གིས་ཞེས་བྱ་བ་ཤེས་པར་བྱའོ། །འདིར་གཞུང་ནི་རྐང་པ་གཉིས་བཀྲུས་ནས་རྐང་པ་བཀྲུས་པའི་ཆུ་གཙུག་

ལག་ཁང་གི་ཕྱི་རོལ་ལམ་ཝ་ཁར་དབོར་བཅུག་སྟེ་སླར་ཡང་འཁྲུར་བཅུག་ནས་སོ་ཞེས་གསུངས་པ་ཡིན་ནོ། །གང་དུ་གཞག་པར་བྱ་ཞེ་ན། དེའི་ཕྱིར་དགེ་འདུན་གྱི་ནི་ཁང་ཐོག་ཏུའོ། །གང་ཟག་གི་ནི་གནས་ཁང་གི་སྒོ་གླེགས་ཀྱི་ཕག་ཏུའོ། །གཙུག་ལག་ཁང་གི་ཕྱོགས་གང་དུ་ལྷུང་བཟེད་ཀྱི་བྱི་དོར་ལ་

སོགས་པ་བྱས་པ་དེར་ཆུས་བྱུག་གོ། །ཡང་ན་བསྐུའོ། །དེ་མདུང་རྩེའི་རྣམ་པ་ལྟ་བུའམ། རྫ་རྔའི་རྣམ་པ་ལྟ་བུར་རོ་ཞེས་བྱ་བ་སྨོས་ཏེ། རྣམ་པ་དེ་ལྟ་བུ་ཞེས་བྱ་བ་འཇུག་པ་ཡིན་ནོ། །ཅི་ཞིག་གིས་བསྐུ་ཞེ་ན། བ་གླང་གི་ལྕི་བའམ་འཇིམ་པས་སོ་ཞེས་བྱ་བ་སྨོས་སོ། །དཀོན་མཆོག་གི་དོན་ཉིད་དུ་བསྐུ་བ་

ལ་ནི་རྣམ་པར་ངེས་པ་མེད་དོ། །ལྷུང་བཟེད་མེད་པ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །ཆུང་ངུ་དང་ཆེན་པོ་དང་སྐྱ་བས་ཀྱང་མི་བྱའོ་ཞེས་བྱ་བ་སྨོས་ཏེ། ལྷུང་བཟེད་ནི་གསུམ་ཏེ། ཆེ་བ་དང་འབྲིང་དང་། ཆུང་བ་ཞེས་བྱ་བའོ། །དེ་རྣམས་ཀྱི་ཚད་ངེས་པར་ཤེས་པར་བྱ་བའི་ཕྱིར། ཁའི་

ཆའི་མཐའ་ཁོ་ན་ནས་མཐེ་བོའི་ལྟོ་གང་གི་ལྷག་མར་འབྲས་ཐུག་པོ་ཆེ་མ་ག་དྷཱའི་བྲེའུ་ཆུང་གང་བཙོས་པ་སྲན་ཚོད་དང་བཅས་པ། ཚོད་མ་དང་བཅས་པ་ལྷག་པ་ནས་དོའི་བར་དེ་ཤོང་བ་དེ་ནི་རིགས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཁའི་ཆ་ནས་ཏེ་འོག་གི་ཚད་ལ་ནི་མ་ཡིན་ནོ། །མཐའ་ཁོ་ན་ནས་ཏེ་ཕྱོགས་གཞན་

Vol. 160 · folio 34a

གྱི་དེ་མ་ཐག་ཏུ་གང་ཞིག་མཐེ་བོའི་ལྟོ་སྟེ་མཐེ་བོའི་ཚིགས་ཀྱི་ཕྱོགས་ལ་གང་ཞིག་མཐེ་བོང་གི་རྒྱ་ཆེ་བ་ཉིད་ནི་ཚད་དེ་ཉིད་དེ། དེའི་ས་ལྷག་མ་སྨད་ཀྱི་ཆར་མ་ག་དྷཱའི་བྲེའུ་ཆུང་གང་བཙོས་པ་དེའི་ཁའི་ཆ་གཉིས་འགྱུར་ཤོང་བའི་བྲེ་ཇི་སྲིད་དུ་རང་དང་རྗེས་སུ་མཐུན་པའི་ཚོད་མ་དང་བཅས་པ་དེའི་

ཁར་བྲེ་ཉིས་འགྱུར་རམ་གང་ཞིག་འཛིན་པ་དེ་ནི་འདི་དང་མ་བྲལ་བར་རིགས་པ་ཞེས་བྱ་བའི་དོན་ཏོ། །འབྲུ་མར་དང་མར་དང་སྦྲང་རྩི་དང་ཆུ་ལ་སོགས་པ་རྣམས་ཀྱི་སྲོང་སུམ་ཅུ་རྩ་གཉིས་ནི་མ་ག་དྷཱའི་བྲིའོ། །གཞན་ཞུ་བ་མ་ཡིན་པ་རྣམས་ལས་བཅུ་དྲུག་ཅེས་བྱ་བ་རྫས་ཙམ་བསམ་པར་བྱེད་པ་རྣམས་ཀྱིའོ། །དེ་

བས་ན་འདིར་ཆུ་སྲང་བཅུ་དྲུག་ལ་མ་ག་དྷཱའི་བྲེས་བརྗོད་པ་ཞེས་བྱ་བར་རྟོགས་པར་བྱའོ། །འདིར་གཞུང་དུ་ནི་གང་དུ་མ་ག་དྷཱའི་འབྲས་བྲེའུ་ཆུང་དོ་བཙོས་པ་སྲན་ཚོད་དང་བཅས་ཚོད་མ་དང་བཅས་པ་ལ་མཐེ་བོང་གི་ལྟོ་བ་བཅུག་པ་ཁའི་ཆ་ལ་རེག་པར་མི་འགྱུར་བ་དེ་ནི་ཆེན་པོའི་ཚད་ཡིན་ནོ། །གང་དུ་གཅིག་པོ་

དེ་ན་ཆུང་བའོ། །འདི་གཉིས་ཀྱི་བར་དུ་ནི་འབྲིང་པོ་ཞེས་བྱ་བའོ། །འདིར་ཚད་མར་བྱ་བ་དོན་གཉིས་ཀྱིས་སྲན་ཆུང་ཚོད་མ་དག་བཟུང་བས་ཆ་ཤས་ཀྱིས་སྲན་ཆུང་དང་ཚོད་མ་དག་འདིར་སྤངས་པ་ཉིད་བསྟན་པ་དེ་བས་ན་ཚོད་མའི་རབ་ཏུ་དབྱེ་བ་རྣམས་ལ་དུ་མའི་ཆ་ཤས་ཉིད་ཀྱིས་འདིར་བསྟན་པ་ཉིད་དེ་ཇི་ཙམ་གྱི་

ཚོད་མས་བཟའ་བར་བྱ་བ་སྤོགས་པར་འགྱུར་བ་ཚོད་མ་དེ་ཙམ་གྱི་ལྷུང་བཟེད་ཀྱི་ཚད་ལ་བརྟེན་པ་སྟེ། གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡུལ་ཐ་དད་པས་སྲན་ཆུང་དང་འབྲིང་དང་རབ་འདྲེས་པའི་སྐྱོན་རྣམ་པར་བསལ་བའི་དོན་དུ་ཡན་ལག་ལས་འབྱུང་བའི་ཚད་བརྗོད་པར་བྱ་སྟེ། མཾ་ས་སེ་བ་

བརྒྱད་ཅེས་བྱ། །མཾ་ས་བརྒྱད་ལ་ཞོ་གཅིག་འདོད། །གསེར་ཞོ་གཅིག་ཅེས་རབ་བརྗོད་དེ། །གསེར་ཞོ་བརྒྱད་ལ་སྲང་གཅིག་གོ། །དགེ་སློང་མས་དགེ་སློང་གི་ཆུང་ངུ་ལས་ལྷག་པ་མི་བཅང་ཞེས་བྱ་བ་ནི་གང་ཞིག་དགེ་སློང་རྣམས་ཀྱིས་ཆུང་བ་ནི་འདིའི་ཆེན་པོ་སྟེ། ཆུང་བ་ནི་འདི་ལ་ཇི་ཙམ་དུ་ལྷུང་

བཟེད་ཀྱི་ཚད་ཀྱི་བསོད་སྙོམས་སྒྲུབ་པར་བྱེད་པ་ཞེས་བྱ་བ་དོན་གྱིས་རྟོགས་པའོ། །དེས་དེའི་གཞིར་ཞ་ཉེའི་དབྱར་འདབ་གཞག་པར་བྱའོ་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་དགེ་སློང་མས་སོ། །དེའི་ཞེས་བྱ་བ་ནི་ལྷུང་བཟེད་ཀྱིས་སོ། །གཞིར་ཞེས་བྱ་བ་ནི་སའི་ཕྱོགས་གང་དུ་འདི་གཞག་པའི་ས་

Vol. 160 · folio 34b

གང་ཡིན་པ་དེ་ནི་འདིར་གཞི་དེར་ཞེས་བྱ་བའི་དོན་ཏོ། །དེའི་རྣམ་པ་ཅི་འདྲ་ཞེ་ན། དེའི་ཕྱིར་བྱང་ཆུབ་དང་པ་ཏ་ལའི་ལོ་མའམ་ལག་མཐིལ་གྱི་ལྟ་བུར་རོ། །ཚད་ལས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། རྣམ་པ་ལས་གཅིག་པུར་མ་ཟད་ཀྱིས་ཚད་ལས་ཀྱང་འདི་ཙམ་ཉིད་ཕྱིན་པར་བྱ་སྟེ། ལྷག་མ་ནི་མ་ཡིན་ཏེ། དོན་

འདྲ་བའི་ཕྱིར་རོ། །ཆད་པ་མ་ཡིན་ཏེ། ཡང་དག་པར་བསྒྲུབ་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ས་ལ་རེག་པ་ལ་རྐོ་བ་དང་མ་སྦྱར་བ་ནི་འདི་སྦྱིན་པའི་དོན་ཏོ། །བརྙན་པོས་ཀྱང་དེ་ཉིད་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ལ། དེ་ཉིད་དང་བཅས་པ་ནི་ལྷུང་བཟེད་དང་བཅས་པ་ཉིད་དོ། །བརྙན་པོ་འདིས་

ལྷུང་བཟེད་མེད་པ་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ། །དབྱར་གྱི་དུས་སུ་ལྷུང་བཟེད་མེད་དུ་མི་རུང་ངོ་ཞེས་བྱ་བ་འདི་ལ་སོགས་པ་འདའ་བར་གྱུར་པ་དེ་བས་ན་འདི་བྱས་སོ། །ལྔ་པོ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་ཆོས་གོས་གསུམ་དང་དེའི་གཞི་དང་ཟག་སྣོད་ཇི་ལྟར་ལྷུང་བཟེད་ཀྱིས་དེ་ཉིད་

དང་བཅས་པར་འགྱུར་བ་དེ་བཞིན་དུ་འདིས་ཀྱང་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དེ་བས་ན་རྗེས་སུ་ཤེས་ཏེ། བརྙན་པོ་རྣམས་ཀྱིས་ཀྱང་ཡོ་བྱད་དྲུག་པོས་རབ་ཏུ་དབྱུང་བར་བྱའོ་ཞེས་བྱ་བ་ཟག་སྣོད་དང་དེའི་གཞི་དག་ཀྱང་མེད་པར་རབ་ཏུ་དབྱུང་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་ལྟུང་

བར་རིག་པར་བྱའོ། །དབྱར་དག་ལྷུང་བཟེད་མེད་དུ་མི་རུང་ངོ་། །ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །འཇིགས་པ་དང་བཅས་པ་ཉིད་དུ་ལྷུང་བཟེད་ཆུང་ངུས་འགྲོ་བར་བྱའོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་ཉེ་དགའ་བོས་ལྷུང་བཟེད་མེད་པར་རབ་ཏུ་ཕྱུང་སྟེ། དེས་དགེ་སློང་རྣམས་དང་ལྷན་ཅིག་ཏུ་ལྗོངས་

རྒྱུར་འགྲོ་བར་བྱེད་ཅིང་ཡུལ་ཀར་པ་ཏ་ཀར་རྗེས་སུ་ཐོབ་པོ། །དེར་ཁྱིམ་བདག་གིས་དགེ་སློང་རྣམས་བཟའ་བ་ལ་སྤྱན་དྲངས་ཏེ། ཇི་སྲིད་དུ་གསར་དུ་རབ་ཏུ་བྱུང་བ་དེ་ལ་ལྷུང་བཟེད་མེད་དེ། དེ་ལ་ཁྱིམ་བདག་འཕྱ་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ལྷུང་བཟེད་མེད་

པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །མ་བྱིན་པར་ལེན་པ་དག་གིས་བཅོམ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ལྷུང་བཟེད་ཆུང་ངུས་བཀུར་བར་བྱ་ཞིང་ལྷུང་བཟེད་གཞག་པར་བྱའོ། །དབྱར་གྱི་དུས་སུ་ལྷུང་བཟེད་ཉེ་བར་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མེད་ན་རབ་ཏུ་དབྱུང་བར་

Vol. 160 · folio 35a

བྱའོ། །འགྲེང་བཞིན་དུ་ལྷུང་བཟེད་དབྱུང་བ་དང་གཞུག་པ་དང་བསྐམ་པར་མི་བྱའོ། །རན་པར་སྤྱད་པར་བྱའོ་ཞེས་བྱ་བ་ནི་དེའི་ལོངས་སྤྱོད་རབ་ཏུ་བསྟན་པའི་དོན་དུའོ། །གཞན་གྱིས་སྤངས་པ་དེར་མི་བླུགས་སོ་ཞེས་བྱ་བ་ནི་གཞན་གྱིས་སོ། །སྤངས་པ་ཞེས་བྱ་བ་ནི་དོར་བའི་ཆོས་

ཅན་ནོ། །དེས་ཕྱག་དར་མི་དོར་རོ། །ངན་པ་ཡང་མི་དོར་རོ་ཞེས་བྱ་བ་ནི་མི་དོར་རོ་ཞེས་བྱ་བ་འཇུག་གོ། །ལག་པ་དང་ཁའི་ཆུ་མི་བླུགས་སོ། །དགེ་ཚུལ་བག་མེད་པའི་ཆོས་ཅན་བྱི་དོར་བྱེད་དུ་མི་གཞུག་གོ། །བྱེ་མ་ཅན་དང་ལྕི་བས་མི་བྱའོ། །ཧ་ཅང་གཤེར་བཞིན་དུ་ཕྱིར་མི་གཞུག་གོ། །ཧ་ཅང་

བསྐམ་པར་མི་བྱའོ། །རྡོའི་སྟེང་དུ་མི་གཞག་གོ་ཞེས་བྱ་བ་ནི་གཞག་པ་འདི་ནི་རེ་ཞིག་གི་དུས་ཅན་ནོ། །མི་གཙང་བའི་ཕྱོགས་སུ་མི་གཞག་གོ། །གར་བབ་བབ་ཏུ་མི་གཞག་གོ་ཞེས་བྱ་བ་ནི་ཕྱོགས་ཞེས་པ་དང་མི་གཞག་གོ་ཞེས་བྱ་བར་སྦྱར་རོ། །དེར་མི་བཞག་གོ་ཞེས་བྱ་བ་ལ། གར་བབ་བབ་ཏུ་

འདི་ནི་གཏན་དུ་གཞག་པའི་ཕྱིར་དགག་པ་ཡིན་གྱི་རེ་ཞིག་ཁོ་ན་ནི་མ་ཡིན་ནོ། །དེའི་ཆེད་དུ་ངོས་ཁུང་བྱའོ་ཞེས་བྱ་བ་ནི་ལྷུང་བཟེད་གཞག་པའི་དོན་དུའོ། །ངོས་ཁུང་ཞེས་བྱ་བ་ནི་ཁུང་བུའི་མིང་ངོ་། །ངོས་ཁུང་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་གཙུག་ལག་ཁང་དང་ཁང་ཁྱིམ་དག་རྩིག་པའི་ཚེ་བྱའི་

རྩིག་པ་རྐོ་བས་ནི་མ་ཡིན་ནོ། །དགོན་པ་པ་རྣམས་ཀྱིས་སྐོན་བུ་ཁ་སྦྱར་བར་བྱའོ་ཞེས་བྱ་བ་སྨོས་ཏེ། ལྷུང་བཟེད་གཞག་པའི་ཕྱིར་བྱ་བའོ། །ནམ་མཁའ་ལ་ངོས་ཁུང་ཞེས་བྱ་བ་འདི་ལ་འདོན་པ་གཞན་ལ་ཐ་སྙད་དོ། །དེ་ཅི་ལས་བྱ་ཞེ་ན། དེའི་ཕྱིར་ལྕུག་མ་འམ་སྲད་བུ་ལས་བྱས་པའོ་ཞེས་

བྱ་བ་སྨོས་ཏེ། སྲད་བུའི་རང་བཞིན་གྱི་རྣམ་པར་འགྱུར་བ་ལ་ཞེས་བྱ་བའི་དོན་ཏོ། །ལྕི་བ་དང་སས་བྱུགས་པས་སོ་ཞེས་བྱ་བ་ནི་དེ་ལྟ་བུའི་རང་བཞིན་གྱི་ཁ་གབ་ལའོ། །འདི་ལ་ཁ་གབ་ཀྱང་ལྕུག་མའི་རང་བཞིན་ནམ་སྲད་བུའི་རང་བཞིན་པའི་ལྕི་བ་དང་སས་བྱུག་པ་བྱའོ་ཞེས་བྱ་བའི་དོན་ཏོ། །དེར་

ནི་གཟར་ཐག་གིས་ཤིང་ལ་དཔྱངས་ན་བཟང་ངོ་། །ས་ལ་མི་བཞག་གོ། །དེ་གཞན་དུ་མི་བསྐུར་རོ་ཞེས་བྱ་བ་ནི་སྐོན་བུའོ། །དེ་བསྐུར་བ་ནི་ལུང་ཐག་བཏགས་ཏེ་ལྷུང་བཟེད་ལའོ། །ལག་པས་ཞེས་བྱ་བ་ནི་མི་བསྐུར་བའོ། །དེ་མཆན་ཁུང་གིས་སོ་ཞེས་བྱ་བ་ནི་ལྷུང་བཟེད་དོ། །ཁུར་བ་ན་དཔྱང་ཐག་

Vol. 160 · folio 35b

བཏགས་ནས་སོ། །ལྷུང་བཟེད་དང་སྨན་དང་བར་བུར་དག་སྣོད་ཐ་དད་པར་གཞུག་གོ་ཞེས་བྱ་བ་ནི་གཞན་ལ་ལྷུང་བཟེད་དང་། གཞན་ལ་སྨན་དང་གཞན་ལ་བར་བུར་ཞེས་བྱ་བའི་དོན་ཏོ། །བར་བུར་ཞེས་བྱ་བ་ཡང་སྨྱུང་བུ་དང་རྒྱུན་ལ་སོགས་པར་བལྟ་བར་བྱའོ། །དེ་དག་བཅང་བར་བྱའོ་ཞེས་བྱ་བ་ནི་

ལྷུང་བཟེད་ལ་སོགས་པའི་སྣོད་རྣམས་སོ། །དེ་དག་ལ་དཔྱང་བའི་ལུང་ཐག་མཉམ་པར་གདགས་པར་མི་བྱའོ་ཞེས་བྱ་བ་ནི་ཕྱིང་པ་ཉེ་བར་སྦྱར་བའོ། །དེ་དག་ལ་ཞེས་བྱ་བ་ནི་ལྷུང་བཟེད་ལ་སོགས་པའི་སྣོད་རྣམས་ཀྱི་ལུང་ཐག་མཉམ་པར་སྦང་བས་གདགས་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་གླེང་

གཞི་ནི་འཕགས་པ་ཅི་ཞིག་འདི་རྫ་རྔ་འམ་ཞེས་བྱ་བ་ཡིན་ནོ། །དེ་བས་ན་མཉམ་པར་གཞག་པའི་དོགས་པ་དགག་པའི་གཙོ་བོ་འདི་ཡིན་ཏེ། སྡུག་བསྔལ་མི་འདོད་པས་ནི་ཞེང་ཆུང་ངུ་དག་ཀྱང་ངོ་ཞེས་བྱ་བ་ནི་དཔྱང་ཐག་རྣམས་ལ་ཕྱིང་བུས་སྦྱར་བར་བྱའོ། །རྒྱུ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་མི་འདོད་པས་

ནི་ཞུམ་པར་མི་འགྱུར་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་འདོད་པ་སྦྱིན་པ་མ་ཡིན་ནོ། །འདོད་པ་མི་སྦྱིན་པ་ཕྱོགས་གང་ལས་ཤེ་ན། དེའི་ཕྱིར་དབུས་སུ་ཞེས་བྱ་བ་སྨོས་ཏེ། དཔྱང་ཐག་ཅེས་བྱ་བ་སྐབས་ཀྱིས་གོ་བར་བྱའོ། །ཐ་དད་པ་ཉིད་འདིའི་དབུས་སུ་སྟེ་རིང་པོ་ལ་ནི་མ་ཡིན་ཞེས་བྱ་བ་ནི་དོན་གྱིས་གོ་བར་

བྱའོ། །དེ་གནས་པར་བྱ་བའི་ཕྱིར་མདོ་མདོར་བྱ་རོག་རྐང་བྱའོ། །ལྷུང་བཟེད་མིག་བཞིན་དུ་བསྐྱང་བར་བྱའོ། །སྣམ་སྦྱར་པགས་པ་དང་འདྲ་བར་རོ། །ཆོས་གོས་ལྷག་མ་ཡང་ངོ་། །བཅོས་ལེགས་བྱ་བ་ཡལ་བར་མི་འདོར་རོ་ཞེས་བྱ་བ་ནི་ལྷན་པ་དང་བསྲོ་བ་དང་འཁྲུ་བ་དང་བསྟེན་པ་དང་ཁ་བསྒྱུར་བ་

རྣམས་ཏེ། ལྷུང་བཟེད་དང་ཆོས་གོས་གཉིས་ལ་ལྟོས་ནས་ཆོ་ག་འདིའོ། །འདིར་ལྷན་པ་ནི་དབེན་པའི་ཕྱོགས་སུ་བསྒྲུབ་པར་བྱའོ། །སོ་སོར་མ་སྦས་པར་འདི་བྱེད་པར་གྱུར་ན་མ་དད་པ་སྐྱེ་བའི་དངོས་པོར་འགྱུར་རོ་ཞེས་བྱ་བ་བསྟན་པའི་ཕྱིར་མདོ་འདིའོ། །དགེ་འདུན་གྱིས་མགར་སྤྱད་དག་བསྲེལ་

བར་བྱའོ། །བུ་གུ་དེའི་ཞེས་བྱ་བ་ནི་ལྷན་པའོ། །བུ་རམ་དང་རྒྱ་སྐྱེགས་ཀྱི་ཚིགས་མ་དང་སྤྲ་ཚིལ་དང་ཞ་ཉེ་དཀར་པོ་དང་ཞ་ཉེ་ནག་པོ་རྣམས་ཀྱིས་མི་བཟང་ངོ་། །འོ་ན་གང་བཟང་ཞེ་ན། དེའི་ཕྱིར་ལྷན་རིངས་དང་ཐམ་ཕྲན་དང་ལྷན་པ་དང་ཆུ་སྲིན་གྱི་སོ་ལྟ་བུ་དག་བཟང་ངོ་ཞེས་བྱ་བ་དག་སྨོས་ཏེ།

Vol. 160 · folio 36a

ཕྱེ་མས་ཀྱང་ངོ་། །ལྕགས་ཀྱི་འམ་རྡོའིའོ། །ལྷན་པ་བཟང་ངོ་ཞེས་བྱ་བ་རྗེས་སུ་འབྲེལ་ལོ། །འབྲུ་མར་གྱིས་བདར་རོ་ཞེས་བྱ་བ་སྟེ་ཕྱེ་མས་སོ། །ཇི་སྲིད་དུ་བདར་ཞེ་ན་དེའི་ཕྱིར་སྤྲ་ཚིལ་དང་འདྲ་བ་ལ་ཐུག་པར་གྱུར་པས་སོ་ཞེས་བྱ་བ་སྨོས་སོ། །རྫས་ཅི་ཞིག་བདར་བར་

བྱ་ཞེ་ན། དེའི་ཕྱིར་ལྕགས་སམ་ཀུ་རུ་བིན་དས་སོ་ཞེས་བྱ་བ་སྨོས་ཏེ། འབྲུ་མར་དང་ཕྱེ་མ་བསྲེས་ནས་གླན་པར་བྱ་སྟེ། ཇི་སྲིད་དུ་སྤྲ་ཚིལ་འདྲ་བར་གྱུར་པ་དེ་སྲིད་དུ་བདར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དྲོ་བ་ལ་གླན་ནོ་ཞེས་བྱ་བ་ནི་ལྷུང་བཟེད་ལ་ཞེས་བྱ་བ་སྐབས་ཀྱིས་རྟོགས་ཏེ་ལྷུང་

བཟེད་དྲོ་བ་ལ་ཕྱེ་མ་བདར་བས་གླན་པའོ། །གྲོ་བས་གཡོགས་ཏེ་འཇིམ་པ་བསྐུས་ལ་ཇི་རན་ཙམ་དུ་བསྲོའོ་ཞེས་བྱ་བ་ལ་རྗེས་སུ་འབྲེལ་ལོ། །དྲོ་བ་ཇི་ལྟ་བུར་སྦྱར་ཞེ་ན། དེའི་ཕྱིར་བར་མ་ནི་འབྲུ་མར་གྱིས་བདར་རོ་ཞེས་བྱ་བ་སྨོས་ཏེ། གླན་པ་དེ་ལ་འབྲུ་མར་གླན་ནས་བདར་བར་བྱའོ། །བུ་རམ་

དང་འཇིམ་པས་སོ་ཞེས་བྱ་བ་ནི་ས་ལས་བྱས་པའི་ལྷུང་བཟེད་ལ་བུ་རམ་དང་འཇིམ་པས་གླན་པའོ། །ལྷན་རིངས་ཞེས་བྱ་བ་ལ་སོགས་པ་ལྔ་པོའི་གནས་སུ་བུ་རམ་དང་འཇིམ་པ་བཟུང་བའོ། །དེ་བས་ན་ལྷག་མ་འདི་ལས་སྔ་མ་ལ་རྗེས་སུ་འབྲེལ་བ་ཇི་ལྟར་རིགས་པ་རིག་པར་བྱའོ། །སྤྱོད་པ་ཉིད་ཡིན་ན་

འདུས་བྱས་པ་ལ་སོ་སོར་ཉེ་བར་སྦྱོར་བ་ནི་ཐབས་སོ། །དེ་ལ་དུས་ཇི་ཙམ་གྱིས་ལྷུང་བཟེད་ལ་དེ་འདུས་མ་བྱས་པ་ཉིད་གང་གིས་བསྲེག་པར་འོས་པ་ཉིད་ཅེ་ན། འདིར་བརྗོད་པར་བྱ་སྟེ་སྤྱོད་པ་ཉིད་ཡིན་ན་ཟླ་བ་དྲུག་གི་འོག་ཏུ་བསྲེག་པ་ཉིད་དོ་ཞེས་བྱ་སྟེ། བྱེ་བྲག་ཏུ་བརྗོད་པ་ནི་ས་ལས་བྱས་པ་

ལ་གསལ་བར་བྱེད་དེ། གལ་ཏེ་ས་ལས་བྱས་པའི་ཡིན་ན་ཟླ་བ་ཕྱེད་ནའོ་ཞེས་བྱ་བ་ནི་བསྲེག་པ་ཉིད་དོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ། །སྤྱོད་པ་མ་ཡིན་པ་ཉིད་ལ་ཡང་ནི་ཇི་ལྟར་སྦྱོར་བས་ལྷུང་བཟེད་ལ་སོ་སོར་འདུ་བྱ་བ་བསྒྲུབ་པར་བྱའོ། །གལ་ཏེ་དབྱར་བྱུང་ན་དེའི་བྱ་བའི་བར་དུ་བསྐུ་བ་དང་

རྩུབ་ཁྲུས་ཉིད་ཀྱིས་ལེགས་པར་བཅོས་པ་ཉིད་བྱའོ་ཞེས་བྱ་བ་ནི་སྲོག་ཆགས་རྣམས་ལ་ཉེ་བར་འཚེ་བ་མེད་ཅིང་ནུས་པ་མེད་པ་ཉིད་ལ་འདི་སྦྱིན་པ་ཉིད་དོ། །བསྲེགས་པ་ལ་གནས་པས་འཚོ་བ་ལ་འདི་བརྗོད་པ་ཡིན་ནོ། །བྱ་བའི་བར་ནི་དགོས་པའི་དུས་གཉིས་ཀྱི་བར་རོ། །དེར་ལྷུང་བཟེད་འདི་ལ་བཀྲུ་བ་དང་

Vol. 160 · folio 36b

རྩུབ་ཁྲུས་ཉིད་ཀྱིས་ལེགས་པ་ཉིད་དོ། །བྱ་བ་བྱས་པ་སྟེ་བསྐུ་བ་བྱས་ནས་གཞག་པར་བྱའོ། །བྱ་བའི་དུས་གཞན་ལ་རྩུབ་ཁྲུས་ཉིད་བྱ་ཞེས་བྱ་བའོ། །དེ་ལྟར་ན་འདི་ལེགས་པར་བཅོས་པ་ཞེས་བྱ་བ་དོན་གྱིས་གོ་བར་བྱའོ། །དེ་བསྲེག་པར་བྱའོ་ཞེས་བྱ་བ་ལ་དེ་ནི་ལྷུང་བཟེད་དོ། །འདི་ནི་བདག་

ཉིད་ཀྱིས་བྱེད་པར་མི་རིགས་པ་མ་ཡིན་ཏེ། འདི་ནི་རབ་ཏུ་བྱུང་བ་ལ་བདག་ཉིད་ཀྱིས་བྱེད་པར་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཆེད་དུ་རྫ་བོ་བསྲེལ་བར་བྱའོ་ཞེས་བྱ་བ་ལ། དེའི་དོན་དུ་ཞེས་བྱ་བ་ནི་བསྲེག་པའི་དོན་དུའོ། །དེ་ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་དེ་ཉིད་དུ་གྲུབ་པའམ་ཞེས་

བྱ་བ་སྨོས་ཏེ། དེའི་དངོས་པོ་དེ་ཉིད་ལ་རྫ་བོ་ཉིད་ཀྱིས་གང་གིས་བསྐྱེད་པའོ། །དེ་གྱུར་པ་ཉིད་ཀྱིས་གང་བྱེད་པ་དེ་བུམ་པ་ལ་སོགས་པའི་ཡན་ལག་གཉིས་ཀྱིས་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཅི་འདི་ཉིད་གཅིག་པུ་ལ་ཡིན་ནམ་མ་ཡིན་ཞེ་ན། དེའི་ཕྱིར་དེ་ཉིད་དུ་གྲུབ་པ་འམ་དབྱིབ་མོ་ཡང་རུང་ངོ་ཞེས་བྱ་

བ་སྨོས་ཏེ། ཉེ་བར་གཞག་པ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ། །ཇི་ལྟར་དབྱིབ་མོ་འདོད་པས་རྫ་བོ་འདི་ལ་བསྒྲུབ་པའི་དོན་དུ་བུམ་པ་ལ་སོགས་པ་བཅག་པ་བཟང་སྟེ་བསྟན་པའི་ཕྱིར། ཐལ་བས་བཀང་སྟེ་རྫ་གཟང་གིས་བརྐོས་ན་བཟང་ངོ་ཞེས་བྱ་བ་སྨོས་ཏེ། བུམ་པ་བཅག་པས་ཆག་པའོ། །

ཅི་ཞིག་གིས་ཤེ་ན་རྫ་གཟང་གིས་ཞེས་བྱ་བ་སྨོས་ཏེ། ལྕགས་ལས་བྱས་པའི་ཕུར་པ་འདིའི་མིང་ངོ་། །བུམ་པ་བཅག་པ་དེ་སུ་ཞིག་ལ་དགབ་པར་བྱ་ཞེ་ན། དེས་དུ་བ་མི་འཆོར་བ་སྟེ་རྫ་བོས་ལྷུང་བཟེད་ལའོ། །དགབ་པ་ཇི་ལྟ་བུ་ཞེ་ན། དུ་བ་མི་འཆོར་བར་ཏེ། གང་ལྟ་བུ་ལ་དུ་བ་མི་འཆོར་བ་དེ་ལྟ་བུ་འདི་

བྱའོ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་ཕྱི་རོལ་མ་བྱུགས་པ་ཉིད་ཀྱི་རྫ་བོས་ཡིན་ནམ་ཞེ་ན། དེའི་ཕྱིར་ཕུབ་མ་དང་འཇིམ་པར་སྦྱར་བས་ཕྱི་རོལ་བྱུགས་པས་སོ་ཞེས་བྱ་བ་སྨོས་ཏེ། ཕུབ་མ་དང་འཇིམ་པ་སྦྱར་བས་ཕྱི་རོལ་བྱུགས་པ་གང་ལ་དེས་ཞེས་བྱ་བའི་དོན་ཏོ། །འདི་ལ་རྫས་ཅི་ཞིག་བྱུགས་པས་ནང་

དུ་མ་བྱུགས་པ་ཡིན་ནམ་ཞེ་ན། དེའི་ཕྱིར་འབྲུ་མར་གྱི་ཚིགས་མའམ་ལྕི་བས་ནང་བྱུགས་པས་སོ་ཞེས་བྱ་བ་སྨོས་སོ། །ཅི་བྱུགས་པ་སྦྱར་བས་སྐམས་པས་ཡིན་ནམ་ཞེ་ན། དེ་བསྐམས་པར་གྱུར་པས་སོ་ཞེས་བྱ་བ་སྨོས་ཏེ། ས་ཅི་ལྟ་བུ་དང་ཅི་ཞིག་བཏིང་བའི་ས་ལ་ལྷུང་བཟེད་བཞག་པ་ལ་འདིས་

Vol. 160 · folio 37a

དགག་ཅེ་ན། དེའི་ཕྱིར་ས་གཞི་བྱི་དོར་བྱས་པར་ཕུབ་མ་བཏིང་ཞིང་དུ་བ་འཆོར་བར་བྱེད་པ་འབྲུ་མར་གྱི་ཚིགས་མ་ལ་སོགས་པའི་རྫས་བཀྲམ་པའི་སྟེང་དུ་ཁ་བུབ་ཏུ་བཞག་པ་ལའོ་ཞེས་བྱ་བ་སྨོས་ཏེ། ཕུབ་མའི་སྟེང་དུ་སྣང་བའི་ངང་ཚུལ་ཅན་འབྱུང་བར་བྱེད་པའི་འབྲུ་མར་གྱི་ཚིགས་

མ་ལ་སོགས་པའི་རྫས་རྣམས་བཀྲམ་པ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་གཞག་པར་བྱ་ཞེ་ན། དེའི་ཕྱིར་ཁ་བུབ་ཏུ་ཞེས་བྱ་བ་སྨོས་སོ། །འདིའི་རྗེས་སུ་ཅི་བྱ་ཞེ་ན། དེའི་ཕྱིར་ལྕི་བ་དག་དང་སོགས་མ་བཅེར་ཏེ་སྦར་རོ། །ཏེ་པོར་གྲངས་ནས་དབྱུང་ངོ་ཞེས་བྱ་བ་སྨོས་ཏེ། ལྷུང་བཟེད་ཁ་དོག་རྫོགས་པ་ཕུན་སུམ་ཚོགས་པར་འགྱུར་

གྱི་བར་དུ་བཟླས་པར་བྱའོ་ཞེས་བྱ་བ་ལ། ཇི་སྲིད་དུ་ཁ་དོག་གྲུབ་པ་དེ་སྲིད་དུ་བསྲེག་པ་སྦྱིན་པར་བྱའོ། །བྱི་དོར་བྱས་ཤིང་བྱི་དོར་བྱས་ཤིང་གཞུག་པར་བྱའོ་ཞེས་བྱ་བ་ནི་བསྲེག་པ་རེ་རེ་ལ་བྱི་དོར་བྱ་ཞེས་བྱ་བའི་དོན་ནོ། །སྲོག་ཆགས་རྣམས་ལ་སྙིང་བརྩེ་བས་ཉེ་ཀོར་ཕྱག་དར་དང་ཆག་ཆག་བྱའོ་ཞེས་བྱ་བ་ནི་ཆུས་ཉེ་འཁོར་ཉིད་

ལའོ། །ལྷུང་བཟེད་མེད་པར་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བ་འདི་ཞར་ལ་འབྱུང་བ་ཡན་ལག་དང་བཅས་པའི་ལྷུང་བཟེད་ཀྱི་ཆོ་ག་བཤད་ཟིན་ཏོ།། །།རབ་ཏུ་འབྱུང་བའི་གཞི་གཞན་འབྲེལ་བས་བརྗོད་པར་བྱ་སྟེ། ལོ་ཚིགས་མི་ཤེས་ན་མཚན་གྱི་ཉེ་འཁོར་དུ་སྤུ་སྐྱེས་པ་བསྙེན་པར་རྫོགས་པར་

ཁས་བླངས་པར་བྱའོ་ཞེས་བྱ་བ་ལ། སྤུ་སྐྱེས་པ་ཞེས་བྱ་བ་ནི་སྤུ་སྐྱེས་པ་ལའོ། །ཕྱོགས་གང་དུ་ཞེ་ན། དེའི་ཕྱིར་མཚན་གྱི་ཉེ་འཁོར་དུ་ཞེས་བྱ་བ་སྨོས་ཏེ་མཚན་མ་ཐམས་ཅད་ལའོ། །ལོ་ཚིགས་མི་ཤེས་པ་ནི་བསྙེན་པར་རྫོགས་པར་བྱེད་པར་ཁས་བླངས་པའོ། །བསྙེན་པར་རྫོགས་པར་བྱ་བ་

ཁས་བླངས་པའི་དོན་དུ་ལོ་ཉི་ཤུ་ལོན་པ་ཉིད་དུ་མི་ཤེས་ན་དེའི་མཚན་གྱི་ཐན་ཀོར་དུ་སྤུ་སྐྱེས་པ་ཁས་བླངས་པས་ཞེས་བྱ་བའི་དོན་ཏོ། །འདིས་སྐྱེས་པའི་དངོས་པོ་མཚོན་པར་བྱེད་པས་ན་མཚན་མ་སྟེ་ཕོའི་དབང་པོའོ། །དེ་ནི་སྒྱུ་ཐབས་ཀྱིས་བརྟག་པར་བྱའོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་མཚན་

མ་ལ་སྤུ་བྱུང་བའོ། །སྒྱུ་ཐབས་སུ་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་ཟུང་ང་དང་གོས་ཀྱི་གདང་མཐོན་པོ་ལ་འདུག་པའི་དངོས་པོ་དབབ་པ་ལ་སོགས་པས་སོ་ཞེས་བྱ་བ་སྨོས་ཏེ། ཟུང་ང་དང་གོས་ཀྱི་གདང་མཐོན་པོ་ལ་འདུག་པའི་གོས་ལ་སོགས་པའི་དངོས་པོ་དབབ་པ་དང་འགེལ་བ་ལ་སོགས་པའོ། །བསྙེན་

Vol. 160 · folio 37b

པར་རྫོགས་པར་འདོད་པ་ཤིང་ལ་འཛེག་ཏུ་མི་གཞུག་གོ། །མཚམས་ཀྱི་ཕྱི་རོལ་དུ་མི་གཏོང་ངོ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པར་འདོད་པ་ཞེས་བྱ་བ་ལ་འཇུག་པའོ། །སྣང་བའི་ཉེ་འཁོར་གྱི་ནང་ནི་འདིར་མཚམས་སུ་རྣམ་པར་གནས་པའོ། །སྣང་བའི་ཉེ་འཁོར་གྱི་ནང་དུ་བྱས་པ་ནི་བསྙེན་པར་རྫོགས་པའི་གནས་

སུ་ཁྲིད་པ་ལ་དེའི་གནས་ལས་སོ། །དེའི་གནས་ལས་ལྡང་བ་ཉིད་ལ་བསྙེན་པར་རྫོགས་པའི་གནས་སུ་དེའི་དོན་དུ་བྱ་བ་བྱེད་པའི་བསྟན་པ་ལ་ལྷག་པར་མོས་པ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་འཁོར་དང་བཅས་པའི་གཙུག་ལག་ཁང་ན་གནས་པ་ལས་འགྲོ་བ་ན་དེའི་ལམ་ལ་ཞུགས་པས་སོ། །དུས་

གཞན་ལ་གནས་པ་ལ་དེ་ལ་འདི་ལྟར་བྱ་བ་ཉིད་དང་། འཆགས་པ་དང་ཤིན་ཏུ་འདུད་པའི་གནས་པས་དེ་ལྟར་སྣང་བའི་ཉེ་ཀོར་དུ་བཀར་ཏེ་ཚོགས་ལ་མངོན་དུ་ཕྱོགས་པར་ཐལ་མོ་སྦྱར་ཏེ་གཞག་པར་བྱའོ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པར་འདོད་པའོ། །བཀར་ཏེ་ཞེས་བྱ་བ་ནི་གསང་སྟེ་སྟོན་པ་དེ་

ལ་བསྐོ་བའི་ལས་མི་ཐོས་པར་བྱ་བའི་ཕྱིར་དགེ་འདུན་གྱི་དབུས་ཀྱི་ནང་ནས་ལོགས་ཤིག་ཏུ་གཞག་པ་ཡིན་པ་དེ་ནི་འདིར་བཀར་བའི་ཚིག་གིས་གཟུང་ངོ་། །བཀར་བ་ཡོད་པ་ལ་ཚོགས་ལ་མངོན་དུ་ཕྱོགས་པར་ཐལ་མོ་སྦྱར་ཏེ་གཞག་པར་བྱའོ། །དགེ་འདུན་གྱི་ནང་ནས་མ་བཀར་བར་དེ་མི་བྱའོ་ཞེས་བྱ་བའི་ཐ་ཚིག་

གོ། །ཁྱིམ་པ་ལ་གནས་རྣམས་བརྗོད་པར་མི་བྱའོ། །བསྙེན་པར་རྫོགས་མ་ཐག་པ་ལ་མི་བརྗོད་པར་མི་བྱའོ་ཞེས་བྱ་བ་ནི་གནས་རྣམས་ཞེས་བྱ་བ་འཇུག་གོ། །ཁྱིམ་དུ་གནས་པ་ལ་གནས་རྣམས་བརྗོད་པར་མི་བྱ་སྟེ། ཇི་སྲིད་དུ་རབ་ཏུ་འབྱུང་བར་མི་འགྱུར་ཞེས་བྱ་བའོ། །འདིའི་འོག་ཏུ་གཞུང་ནི་འདི་

ཡིན་ཏེ། བྲམ་ཟེའི་ཁྱེའུ་གཞན་ཞིག་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་ལ་མཁན་པོས་ཇི་སྲིད་དུ་བསོད་སྙོམས་ལ་སོང་ཅིག་ཅེས་བསྒོ་བ་དང་། དེས་བསྒོ་བ་ན་བདག་སློང་མོ་ལ་རྒྱུ་བས་སྐྱོ་བ་སྟེ་རབ་ཏུ་བྱུང་ན་ཡང་བསོད་སྙོམས་བྱ་འམ་ཞེས་བསླབ་པ་ཕུལ་ཏེ་ཉམས་པར་གྱུར་པ་ནས་བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། བསྙེན་པར་རྫོགས་པའི་དེ་མ་ཐག་ཏུ་གནས་བཞི་བརྗོད་པར་བྱའོ་ཞེས་བྱ་བ་འདི་ལ་བསྡུ་བ་འདི་ཡིན་ནོ། །གང་ན་གནས་མེད་པ་དེར་གསོ་སྦྱོང་ལ་བསྡད་པ་འམ་གནས་པར་ཁས་བླངས་པར་མི་བྱའོ། །གནས་པར་ཁས་བླངས་པ་སྔ་མ་རྗེས་སུ་བསྲུང་བར་མི་བྱའོ་ཞེས་བྱ་བ་ནི་གནས་མེད་པ་ལ་ཁས་

Vol. 160 · folio 38a

བླངས་པ་ཕྱི་མས་དོན་བསྒྲུབ་པ་མཐོང་ཞིང་ཚིག་འདི་མཐོང་བ་ཡིན་ཏེ། དེ་ལ་སྔ་མ་ཞིག་པ་ལ་ཕྱི་མ་ཁས་བླང་བར་བྱའོ་ཞེས་བྱ་བ་ཤེས་པར་འགྱུར་ཞེས་བྱ་བར་རིག་པར་བྱའོ། །ཕྱི་མ་ལ་ཡང་ཟླ་བ་གཉིས་ལས་ལྷག་པའོ་ཞེས་བྱ་བ་ལ། ཕྱི་མ་ཞེས་བྱ་བ་ནི་ཁས་ལེན་པའོ། །ཟླ་བ་གཉིས་ལས་

ལྷག་པ་གནས་མེད་ན་བསྲུང་བར་མི་བྱའོ་ཞེས་བྱ་བའི་རྗེས་སུ་དགག་པའི་དོན་དུ་ཡང་གི་སྒྲའོ། །ཟླ་བ་གཉིས་མ་བསྟེན་པས་ཀྱང་གནས་པར་བྱ་ཞེས་བྱ་བ་འདིར་ཤེས་པར་འགྱུར་རོ། །གནས་དང་ལས་དང་ཉེ་གནས་ཀྱི་སྟ་གོན་གྱིས་དེ་བཙལ་བར་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་གནས་སོ། །གནས་ལ་སོགས་

པའི་སྟ་གོན་རྣམས་ཀྱིས་གནས་འདི་ཡོངས་སུ་བཙལ་བར་བྱའོ། །གནས་ལ་སྟ་གོན་ནི་གནས་ཁང་ལ་སྟ་གོན་ནོ། །གནས་ལ་འོས་པའི་དགེ་འདུན་ལ་གང་ཟག་མང་བ་ཉིད་ཀྱི་ཕྱིར་བཙལ་བར་བྱའོ་ཞེས་བྱ་བ་ནི་མང་པོའི་ཚིག་གོ། །མེད་ན་གཞོན་ནུའི་ནང་ནས་ཆེས་རྒན་པ་ལ་ཞུ་བར་བྱའོ་ཞེས་བྱ་བ་ལ། མེད་ན་ཞེས་

བྱ་བ་ནི་གནས་པའོ། །དབྱར་གནས་ལ་མ་བསྟེན་པ་ཞེས་བྱ་བའི་ཆེད་དུ་བརྗོད་པའི་ཚིག་འདི་ལ་གནས་སུ་བྱ་བ་རྣམས་ལ་ནང་དུ་ལོ་གཅིག་ཏུ་སློབ་དཔོན་དུས་ལས་འདས་པར་གྱུར་ནས་དབྱར་བཅུག་ནས་གཙུག་ལག་ཁང་དུ་མི་གནས་པར་བྱས་ནས་སོང་བར་གྱུར་པ་རྣམས་ལ་གཙུག་ལག་ཁང་ན་གནས་མེད་ཀྱང་མི་བྱ་

སྟེ་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །འོན་ཀྱང་གང་ཞིག་དེ་རྣམས་ལས་ཤིན་ཏུ་རྒན་པ་དེ་ལ་ཞུ་བར་བྱ་ཞིང་དེའི་འོག་ཏུ་དགག་དབྱེ་ལ་གནས་ཀྱི་སློབ་དཔོན་ཡོངས་སུ་བཙལ་བར་བྱ་བ་གསུངས་པའི་གཞུང་འདི་ལ་འདི་ནི་བསྡུ་བ་ཡིན་ནོ། །དོན་གྱིས་དེ་རྣམས་ཀྱི་ཆེས་རྒན་པའི་གཞོན་ནུ་དེ་གནས་སོ། །ཆེས་

རྒན་པ་དེ་ལ་ནི་གཞོན་ནུ་ལ་གནང་བར་འགྱུར་ཏེ། གནས་ལ་མི་གནས་པ་ཞེས་བྱ་བར་རིག་པར་བྱའོ། །ཡོད་ན་ཡང་རེ་ཞིག་གི་གནས་དེ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་གནས་ལའོ། །ཡོད་ན་ཡང་རྟེན་ནི་རྟེན་ལའོ། །གཞོན་ནུའི་ཆེས་རྒན་པ་ལ་ཞུ་བར་བྱའོ། །འདིར་གཞུང་ནི་འདི་ཡིན་ཏེ། རེ་ཞིག་གི་

གནས་ཉིད་ཀྱིས་འདི་ཉིད་མཁན་པོ་མཉམ་པར་འགྱུར་རོ། །འདི་ཉིད་ཁྱོད་ཀྱིས་ཞུ་བར་བྱའོ། །འདི་ཉིད་ཁྱོད་ལ་སློབ་པར་བྱེད་པར་འགྱུར་བ་དང་། ཀློག་ཀྱང་ཀློག་པར་འགྱུར་ཏེ་ཞེས་བྱ་བ་རབ་ཏུ་བྱུང་བའི་གཞི་ལས་སྤྲུལ་པ་ལ་གསུངས་པའོ། །མ་ཞུས་པར་དེ་ལྟ་བུ་ལ་བདག་གིས་སམ་དེས་ཀྱང་བསྙེན་བཀུར་གྱི་

Vol. 160 · folio 38b

ལས་མི་བྱའོ་ཞེས་བྱ་བ་ལ། འདིར་དེ་ལྟ་བུ་ནི་ལུགས་ཐ་དད་པའི་རབ་ཏུ་འབྱུང་བ་ཤེས་པའམ་དོགས་པའོ། །གནས་པར་འོས་པ་ཡོངས་སུ་ཚོལ་བ་ལ་ཞུགས་པ་ནི་མེད་ན་མི་གནས་པར་འདུག་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ལ། ཉེས་པ་མེད་དོ་ཞེས་བྱ་བ་ནི་སྐྱོན་མེད་པའོ། །མེད་ན་ནི་ཞེས་བྱ་བ་ནི་རྟེན་

ནོ། །སྐྱོན་མེད་པ་ནི་སུ་ལ་ཞེ་ན། དེའི་ཕྱིར་ཡོངས་སུ་འཚོལ་བ་ལ་ཞུགས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དུས་ཇི་ཙམ་དུ་ཞེ་ན། དེའི་ཕྱིར་ཞག་ལྔའི་མཐར་ཐུག་པའི་བར་དུའོ་ཞེས་བྱ་བ་སྨོས་ཏེ། ཇི་སྲིད་དུ་ཞག་ལྔའི་མཐར་ཐུག་པའི་བར་དུའོ་ཞེས་བྱ་བའི་དོན་ཏོ། །ཇི་སྲིད་ཞག་ལྔ་ཉིད་དུ་རྙེད་པ་

ཡོད་ན་འོས་པ་ཡིན་ནོ། །འདིར་གཞུང་ནི་གླེང་གཞི་དག་ལས་མི་གནས་པ་ལ་ཡུལ་ཇི་སྲིད་དུ་རྙེད་པ་འཚལ་བར་བགྱི། ཉེ་བ་འཁོར་ཞག་ལྔ་ཚུན་ཆད་དོ། །རྙེད་པ་ཡོད་ན་འོས་པ་ཉིད་དེ་ཞེས་གསུངས་པ་ཡིན་ནོ། །དེ་ཡང་སྦྱོར་བ་མི་ཐོགས་པ་དང་གནས་ཡོངས་སུ་ཚོལ་བ་ལ་ཞེས་བྱའོ། །གློ་བུར་དུ་

འོངས་པས་ནི་ངལ་སོས་ནས་ཉི་མ་གཉིས་པའམ་གསུམ་པ་ལ་གནས་བཅའ་བར་བྱའོ། །ཉི་མ་གཅིག་ནི་ཆེད་དུ་མི་བྱའོ་ཞེས་བྱ་བ་ནི་གནས་བཅའ་བར་བྱའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏོ། གནས་པ་ཉེ་བར་མི་གནས་ན་གནས་ལ་ཞུ་བར་བྱའོ་ཞེས་བྱ་བ་ནི་གནས་པར་བྱེད་པས་ན་གནས་པ་སྟེ། འདི་ལས་

ལ་ཀའི་རྐྱེན་ཏེ་གནས་ཉིད་ཀྱིས་བཅའ་བ་ལ་ཞེས་བྱ་བའི་དོན་ཏོ། ལས་སུ་བསྐོས་པར་སོང་བ་ན་དེར་གཞན་བྱུང་བ་ན་མ་ཞུས་ཀྱང་ཉེས་པ་མེད་དོ་ཞེས་བྱ་བ་ནི་ལས་སུ་བསྐོས་པའི་རྒྱུ་མཚན་དུ་སོང་བ་གཞན་གྱིས་ལས་སུ་བསྐོས་པ་ལ་འགྲོ་བ་ལ་སྐྱོན་མེད་དེ་མ་ཞུས་པར་ཞེས་པའི་དོན་ཏོ། །འདི་ནི་རྣམ་པར་འབྱེད་པ་

ལས་གནས་མལ་གྱི་བསླབ་པའི་གཞི་ལས་འདི་དང་ཉེ་བ་ན་མཐོང་བ་མ་ཡིན་ཏེ། གནས་བཅའ་བར་བྱའོ་ཞེས་བྱ་བ་དང་སྦྱར་བར་བྱའོ། །གང་ཡང་རུང་བ་ལ་མི་བྱའོ། །དྲི་བ་ལ་སོགས་པས་ཚུལ་ཁྲིམས་དང་ཤེས་པ་དང་འཁོར་ལ་ཕན་འདོགས་པ་ཉིད་ངེས་པར་ཤེས་པར་བྱས་ནས་དེ་གཟུང་བར་བྱའོ་ཞེས་བྱ་

བ་ནི་ཚུལ་ཁྲིམས་དང་ཤེས་རབ་དང་འཁོར་དང་འཛིན་པར་བྱེད་པ་དང་རྗེས་སུ་བརྗོད་པ་ལ་སོགས་པ་ལ་རབ་ཏུ་འཇུག་བཞིན་པ་ཉིད་གང་ཟག་འདིའི་དྲི་བས་སམ་ཡང་དག་པར་སྤྱོད་པ་གཞན་གྱིས་ཤེས་ནས་གནས་བཟུང་བ་ཞེས་བྱ་བའི་དོན་ཏོ། །ཆོ་ག་ཇི་ལྟ་བུས་ཤེ་ན། སྡོམ་པ་བཞིན་ནོ་ཞེས་བྱ་བ་ནི་དགེ་བསྙེན་གྱི་

Vol. 160 · folio 39a

སྡོམ་པ་ལ་སོགས་པ་བཞིན་དུ་སྔགས་ལ་སོགས་པའི་ཆོ་གས་ཞེས་བྱ་བའི་དོན་ཏོ། །སྡོམ་པ་ནི་ཐལ་མོ་སྦྱར་ནས་བླང་བར་བྱ་བ་ཡིན་ཏེ། དེའི་ཕྱིར་འདི་ལ་ནི། ལག་པ་གཉིས་ཀྱིས་རྐང་པའི་མཐིལ་གཉིས་ལ་བཅངས་པས་སོ། །ཡོངས་སུ་བརྟགས་ནས་སྦྱིན་ནོ་ཞེས་བྱ་བ་སྨོས་

ཏེ། བསྟན་པ་ལ་གཞག་པར་ཡང་ནུས་སམ་ཞེས་བྱ་བའི་བརྟག་པ་འདིའོ། །བུ་དང་ཕའི་འདུ་ཤེས་དག་བསྐྱེད་པར་བྱའོ། །མཁན་པོ་དེ་ཉིད་གནས་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། །དེའི་སྒྲ་ནི་མཁན་པོ་ཉིད་མཆོག་ཏུ་བཟུང་བའོ། །མཁན་པོ་གནས་པ་ལ་མཁན་པོ་དེ་ཉིད་གནས་པ་ཉིད་ནི། འདིར་

ཡང་ལས་ལ་ཀའི་རྐྱེན་ནོ། །གནས་པས་ན་གནས་པ་སྟེ་གནས་ཞེས་བྱ་བའི་དོན་ཏོ། །དེའི་དངོས་པོ་ནི་གནས་པ་ཉིད་དོ། །དེ་བས་ན་དེར་འདི་མ་བཟུང་ངོ་། །དེའི་ཕྱིར་དེ་ལ་དེ་མི་བཅའོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་གནས་ལའོ། །དེ་ཞེས་བྱ་བ་ནི་མཁན་པོ་ལའོ། །འདི་སྐད་བསྟན་ཏེ། གང་གི་

ཕྱིར་ལྷན་ཅིག་གནས་པའི་མཁན་པོ་དེ་ཉིད་ཁོ་ན་ཡིན་པ་དེའི་ཕྱིར་དེའི་དྲུང་ན་གནས་བཅའ་བར་མི་བྱ་ཞེས་བྱ་བའོ། །གཉིས་ཀ་ལ་མི་ལྟོས་པ་ཉིད་བྱུང་བ་ནི་གནས་བཅས་པ་འཇིག་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་སྟེ། གཉིས་ཀ་ལ་ཞེས་བྱ་བ་ནི་གནས་དང་གནས་པར་ལྡན་པ་དག་ལའོ། །ཅིག་ཅར་རམ་རིམ་

གྱིས་མི་ལྟོས་པ་ཉིད་དུ་བྱུང་བ་ཉིད་དོ། །བཅས་པ་ནི་གནས་བཟུང་བ་ལས་ཉམས་པའི་རྒྱུ་ཡིན་ནོ། །མི་ལྟོས་པ་ཉིད་དུ་གྱུར་པ་གཅིག་ལ་རེ་ཞིག་རྟེན་ལ་རྗེས་སུ་འཇུག་པ་སྟེ། ཇི་སྲིད་དུ་གཞན་མི་ལྟོས་པ་ཉིད་དུ་གྱུར་པ་ཞེས་བྱ་བའོ། །གང་ཞིག་གནས་དང་གནས་པ་ཉིད་དུ་ཁས་བླངས་པ་འདི་ནི་འཁོར་

དང་འབྲེལ་པ་སྟེ། གཅིག་ལ་ལྟོས་པ་དང་བཅས་པ་ཉིད་ལ་འཁོར་དང་འབྲེལ་བ་དང་བྲལ་བ་ཉིད་མ་ཡིན་པ་ཉིད་ཅེས་བྱ་བ་འདི་ནི་འདིར་རྣམ་པར་གཞག་པའོ། །མཁན་པོ་མ་ཡིན་པ་དག་ཚོགས་ན་འདོད་པས་འཇུག་པར་བྱའོ་ཞེས་བྱ་བ་ནི་ཇི་སྲིད་དུ་གསུངས་པ། མཁན་པོ་ཉེ་བར་གནས་པ་ལ་གནས་

ལ་ཞུ་བར་མི་བྱའོ་ཞེས་བྱ་བ་འདི་ལ་དེ་བསྟན་པའོ། །མེད་པས་འཁོར་དང་འབྲེལ་པ་ཁས་བླངས་པ་ལ་ལྟོས་པ་དང་བཅས་པ་ཉིད་དོ་ཞེས་བྱ་བའོ། །མཁན་པོ་ལ་བརྟེན་པའི་གནས་ལས་གནས་གཞན་རྣམས་ནི་མཁན་པོ་མ་ཡིན་པའོ། །ཚོགས་པར་གྱུར་པ་ནི་ཚོགས་པ་སྟེ། དེས་ནི་ཚོགས་པ་ཡོད་པ་

Vol. 160 · folio 39b

ལ་མངོན་པར་འདོད་པའི་གནས་ཀྱིས་གནས་པ་ལ་འཇུག་པའོ། །གང་ཞིག་འདི་ལ་ཞུ་བ་བྱེད་པ་དེ་ལ་གནས་པས་གནས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་དང་ན་ནི་དེ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་མཁན་པོར་རྟོག་པའི་གནས་དེ་དང་ཚོགས་ནའོ། །དེ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་མཁན་པོ་དེ་ཉིད་ཀྱིས་ཏེ།

འདི་ལ་རེས་བྱས་པ་དང་རེས་མི་བྱ་བ་མེད་དོ། །མཁན་པོ་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱའོ་ཞེས་བྱ་བ་ལ། མཁན་པོ་ནི་དཔེ་ཙམ་སྟེ་གནས་གཞན་དག་མཐོང་ན་ཡང་ཆོ་ག་འདི་གཞག་པའི་ཕྱིར་རོ། །གཙུག་ལག་ཁང་དེ་ན་གནས་པས་ཉིན་པར་ལན་གསུམ་འགྲོ་བར་བྱའོ། །གལ་ཏེ་དགོན་

པ་ན་འདུག་ན་རྒྱང་གྲགས་ཙམ་ན་ཉིན་རེ་ལན་རེའོ་ཞེས་བྱ་བ་ནི་གལ་ཏེ་རྒྱང་གྲགས་ལ་དགོན་པ་དེ་ཡོད་ན་དེ་གང་དུ་གནས་པ་ཡོད་པ་དེར་ཉི་མ་རེ་རེར་འོངས་ཏེ་འགྲོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །རྒྱང་གྲགས་ལྔ་ཡོད་ན་ཞག་ལྔ་འམ་དྲུག་བཅིང་ངོ་། །དཔག་ཚད་ཕྱེད་དང་གསུམ་དག་ན་གསོ་སྦྱོང་གི་ཚེའོ་ཞེས་

བྱ་བ་ནི་འདིའི་འོག་ཏུ་མཚམས་གཅིག་པ་ཉིད་མེད་པའི་ཕྱིར་གནས་ཉིད་ལ་མེད་པར་རིག་པར་བྱའོ། །གནས་པ་ཆད་པས་གཅད་པར་འོས་པ་ཆད་པས་མི་གཅད་པར་མི་བྱའོ། །ཆད་པ་ནི་ལྔ་སྟེ། གཏམ་དྲི་བར་མི་བྱེད་པ་དང་། གདམས་ངག་མི་སྦྱིན་པ་དང་། བསྙེན་བཀུར་དང་ཆོས་དང་ཟང་ཟིང་དག་གིས་

ལོངས་སྤྱོད་དུ་མི་གཞུག་པ་དང་། དགེ་བའི་ཕྱོགས་བརྩམས་པ་རྒྱུན་གཅད་པ་དང་། གནས་དགག་པར་བྱའོ། །མ་དད་པ་དང་། ལེ་ལོ་ཅན་དང་། བཀའ་བློ་མི་བདེ་བ་དང་། མ་གུས་པ་དང་། སྡིག་པའི་གྲོགས་བྱེད་པ་ལ་དེ་དག་འོས་པ་ཉིད་དོ། །ཆད་པས་བཅད་པ་གཞན་གྱིས་ལེན་པར་བྱེད་པ་ལ་

ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་ན་ཡང་བྱེད་བཞིན་པ་ལ་གལ་ཏེ་འདི་བཟོད་པར་བྱེད་པ་ལ་གུས་པ་མི་བྱེད་ན་དེ་ལ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་གུས་པར་མི་བྱད་ན་དྲང་པོར་བྱ་བའི་ཕྱིར་དགེ་སློང་ཤེས་གཉེན་ཅན་བསྐོ་བར་བྱའོ་ཞེས་བྱ་བ་ནི་ཇི་ལྟ་བུ་ལས་ཤེ་ན། དེའི་ཕྱིར་བཤེས་གཉེན་ཅན་ཞེས་བྱ་བ་སྨོས་

ཏེ། གང་ཞིག་དེ་དྲང་བར་བྱ་བའི་ཕྱིར་མཁས་པ་དེ་ལའོ། །རྒྱུ་བཏང་བ་བཟོད་པར་གསོལ་བར་བྱེད་པ་ལ་བཟོད་པར་བྱའོ་ཞེས་བྱ་བ་ནི་རྒྱུ་མཚན་གང་ཞིག་ཆད་པས་བཅད་པ་དེ་ཡོངས་སུ་དོར་བ་ལ་བཟོད་པའོ། །དེ་ལྟ་ཉིད་དུ་ཡང་མ་ཡིན་ཏེ་འོན་ཀྱང་བཟོད་པར་བྱེད་པ་ལའོ། །མི་འོས་པ་ཆད་པས་གཅད་པར་མི་

Vol. 160 · folio 40a

བྱའོ། །འོས་པ་ལ་མི་བཟོད་པར་མི་བྱའོ། །མི་འོས་པ་ལ་བཟོད་པར་མི་བྱའོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུའོ། །མི་བྱེད་པ་ཉིད་ཡིན་ན་གནས་ཁང་ནས་བསྐྲད་པར་བྱའོ། །དགེ་ཚུལ་ལ་ནི་ཆུ་ཚགས་དང་རིལ་བ་སྤྱི་བླུགས་མཐང་གོས་དང་བཅས་པའི་བླ་གོས་ཀྱང་བྱིན་

ཏེའོ། །གལ་ཏེ་བསྙེན་པར་རྫོགས་པར་འདོད་པ་ཞིག་ཡིན་ན་ཡོ་བྱད་ལྔའོ་ཞེས་བྱ་བ་ནི་བྱིན་ཏེ་བསྐྲད་པར་བྱའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ། །ཆུ་ཚགས་ནི་སྔར་ཉིད་དུ་བརྗོད་པའི་དྲུང་ཞེས་བྱ་བ་བརྗོད་པ་ཡིན་ཏེ། ཆོས་གོས་གསུམ་དང་གདིང་བ་དང་ལྷུང་བཟེད་དང་ཞེས་བྱ་བ་ལྔའོ། །བསྙེན་པར་རྫོགས་

པ་ལ་ཡང་ངོ་ཞེས་བྱ་བ་ནི་ཡོ་བྱད་ལྔ་པོ་དང་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ། །སེང་གེ་ལྟར་གྱ་ཚོམ་མི་བྱའོ། །གནོད་པར་འགྱུར་བའི་ཁྲིམས་སུ་བྱ་བ་མི་བཅའོ་ཞེས་བྱ་བ་ནི་དགེ་འདུན་དུ་གྱུར་པའི་དགེ་སློང་རྣམས་ཀྱིས་སོ། །ཁའི་གནས་པ་ཉིད་ནི་མ་བཀྲུས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མཚན་མོ་གནས་པ་

ལས་ལངས་ནས་སོ་ཤིང་ངམ་གཞན་གྱིས་ཁ་སྦྱངས་ཀྱི་བར་དུ་རེ་ཞིག་གཞན་ལ་ཕྱག་དང་བཟའ་བ་ལ་སོགས་པ་མི་བྱའོ་ཞེས་བྱ་བ་ནི་འདི་ལ་འདིས་སྟོན་པའོ། །འདི་ལ་གཞུང་ནི་དགེ་སློང་གིས་སོ་ཤིང་མ་བོར་བར་བསོད་སྙོམས་བཟའ་བར་མི་བྱའོ། །དེ་ཉིད་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་

པ་དང་། གླེང་གཞི་ལས་ཇི་སྐད་དུ་བྱིན་ལེན་མ་བྱས་པར་ཁ་ཟས་ཉེ་བར་གནས་པ་བཀག་པ་ལ་བརྟེན་པ་འདི་གསུངས་པ་ཡིན་ནོ། །ཁའི་དྲི་མ་མ་བསལ་བར་ཁ་ཟས་ཀྱི་ཕྱོགས་ཉིད་ལ་ཁྱེད་ཅག་གིས་འདའ་བར་བྱེད་པ་དེ་ཞེས་བྱ་བ་འདི་ལའོ། །དེ་ལྟར་ན་གནས་འཇུག་པ་བསྟན་པའོ། །གཞུང་ནི་ལྡང་བྱེད་འདི་ལ་

ལྷན་ཅིག་གནས་པ་དང་། ཉེ་གནས་ཀྱིས་ནང་པར་སྔར་ལངས་ཏེ་ཤམ་ཐབས་ཟླུམ་པོར་བགོས་ནས་སོ་ཤིང་བོར་ཏེ་མཚམས་ཀྱི་ནང་གི་མཆོད་རྟེན་ལ་ཕྱག་འཚལ་ནས་ཞེས་བྱ་བ་ལ་སོགས་པ་དང་ཡོངས་སུ་དག་པར་བྱ་བ་ཉིད་དེའི་ཕྱིར་སོ་ཤིང་བོར་ནས་ཞེས་བྱ་བ་འདིར་ཚིག་གོ། །དེའི་ཕྱིར་མདོ་འདི་སྨོས་ཏེ།

སོ་ཤིང་དབེན་པར་དོར་རོ་ཞེས་བྱ་བའོ། །འདི་ནི་རྗེས་སུ་མཐུན་པ་མ་ཡིན་ཏེ། དེ་བས་ན་ཁའི་དྲི་མ་དག་པའི་དོན་དུ་འདི་ལ་བརྟེན་པར་བྱ་བ་ཉིད་དོ། །ཇི་ལྟར་དོར་བར་བྱ་ཞེ་ན། དེའི་ཕྱིར་བཤང་གཅི་བྱ་བ་ཡང་ངོ་ཞེས་བྱ་བ་སྨོས་ཏེ་དབེན་པ་ཉིད་དུའོ། །ལོངས་སྤྱད་དུ་རུང་བའི་ཤིང་ངམ་རྩིག་པའི་དྲུང་དུ་མི་དོར་རོ་ཞེས་བྱ་བ་ལ།

Vol. 160 · folio 40b

དྲུང་དུ་ཞེས་བྱ་བ་ནི་ཉེ་བ་ལ་བྱ་སྟེ། གང་དུ་སྐྱེས་བུ་ཆེན་པོའི་དུས་ཐམས་ཅད་གནས་པ་དེ་ནི་འདིར་ཉེ་བར་ལོངས་སྤྱད་པར་བྱ་བ་སྟེ། དེར་སོ་ཤིང་དོར་བ་ལ་སོགས་པ་མི་བྱ་ཞེས་བྱ་བའི་དོན་ཏོ། །དེའི་ཚད་ནི་སོར་བཅུ་གཉིས་མན་ཆད་སོར་བརྒྱད་ཡན་ཆད་དོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་སོ་ཤིང་ལའོ། །སོར་བརྒྱད་ཡན་ཆད་ཅེས་བྱ་བ་ནི་

ཡན་ཆད་ཀྱི་སྒྲ་དང་འདིར་མཚམས་སྦྱར་བ་སྟེ། སོར་བཅུ་གཉིས་ནས་བརྩམས་ཏེ་ཇི་སྲིད་དུ་སོར་བརྒྱད་ཉིད་ནི་འདིའི་ཚད་ཡིན་ཞེས་བྱ་བའི་དོན་ཏོ། །བད་ཀན་མང་བ་ནི་མེད་ན་སོར་བཞི་ལས་ལྷག་པ་ཡན་ཆད་དོ་ཞེས་བྱ་བ་ནི་གང་ཞིག་སོར་བཞི་ལས་ལྷག་པ་ཡན་ཆད་ཀྱི་ཚད་དེ་སྲིད་དུ་འབྱུང་བ་ལ་སྔ་

མའི་ཚད་ཀྱིས་སོ་ཤིང་ལ་བད་ཀན་མང་བའི་སོ་ཤིང་གི་ཚད་དོ། །འདིར་གཞུང་ནི་བར་ནི་དབུས་ཏེ་འོན་ཀྱང་བད་ཀན་མང་བ་གང་ཡིན་པ་ནི་དེ་རྣམས་ཀྱིས་ནི་སོ་ཤིང་སོར་བཞི་པ་མ་གཏོགས་པར་ཡང་དོར་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གནས་ཁང་དུ་ཆོལ་ཟངས་ཀྱི་ནང་དུ་སོ་ཤིང་དོར་

བ་ལ་མི་རིགས་པ་མེད་དོ་ཞེས་བྱ་བ་ལ། དོར་བ་ལ་ཞེས་བྱ་བ་ནི་སྐབས་ཉིད་ཀྱི་ཕྱིར་སོ་ཤིང་དོར་བ་ལའོ། །དེ་ལ་ཝ་ཁ་ཡང་མི་དབེན་པར་མི་འགྱུར་རོ་ཞེས་བྱ་བ་ནི་འདིར་སོ་ཤིང་དོར་བ་ལ་ཝ་ཁར་སྦས་ཏེ། དབེན་པ་ཉིད་དུ་གྲུབ་པ་ཁོ་ན་ཡིན་ཞེས་བྱ་བའི་དོན་ཏོ། །དེར་ཁྲུ་གང་ཁོར་ཡུག་ཏུ་

རྣམ་པ་དེ་ལྟ་བུ་བྱར་རུང་བ་ཉིད་དོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་ཝ་ཁར་རོ། །དེ་ལྟ་བུ་བྱར་རུང་བ་ཉིད་དོ་ཞེས་བྱ་བ་ནི་སོ་ཤིང་དོར་བའི་རིགས་ཅན་ཀྱི་རྐང་པ་བཀྲུ་བ་ལ་སོགས་པའི་བྱ་བ་ཉིད་ལའོ། །ཁྲུ་གང་ཁོར་ཡུག་ཏུ་རུང་བ་ཉིད་དེ་ཁྲུ་གང་ཁོར་ཡུག་ལས་གཞན་དུ་སོ་ཤིང་དོར་བ་ལ་སོགས་པ་མི་བྱའོ་

ཞེས་བྱ་བའི་དོན་ཏོ། །དེའི་རྗེས་ལ་ལྕེ་བཞར་བར་བྱའོ། །ལྕེ་བཞར་ཉེ་བར་གཞག་པར་བྱའོ། །དེའི་ཞེས་བྱ་བ་ནི་ལྕེ་བཞར་དོན་ལའོ། །ལྕེ་བཞར་བར་བྱ་ཞེས་བྱ་ནི་བཞར་བར་བྱེད་པའི་ཁབ་ཀྱི་རྫས་ཏེ་རྫས་གང་ཞིག་ཁབ་བྱེད་པར་གན་དང་ཟངས་དང་ལྕགས་དང་ཁར་བ་རྣམས་ཀྱིས་ཏེ། དེའི་

རང་བཞིན་ལས་བྱས་པ་ཞེས་བྱ་བའི་དོན་ཏོ། །དོན་འདི་ལ་སོ་ཤིང་གི་ཚལ་པས་ཀྱང་རུང་ངོ་ཞེས་བྱ་བ་ལ། དོན་འདི་ལ་ཞེས་བྱ་བ་ནི་ལྕེ་བཞར་བའི་དོན་ལའོ། །དེ་མི་རྣོ་བར་བྱ་བའི་ཕྱིར་གཅིག་གིས་གཅིག་དྲུད་པར་བྱའོ་ཞེས་བྱ་བ་ལ། གཅིག་གིས་གཅིག་ཅེས་བྱ་བ་ནི་ཕན་ཚུན་དུའོ། །དེ་ཞེས་

Vol. 160 · folio 41a

བྱ་བ་ནི་སོ་ཤིང་འཆའ་བ་ལའོ། །མི་རྣོ་བས་སོ་དང་ལྕེ་དང་རྣ་བ་དྲུད་བཞར་བྱའོ། །དལ་གྱིས་མ་ཡིན་པར་མི་བྱའོ་ཞེས་བྱ་བ་ནི་དལ་གྱིས་དྲུད་ཅེས་བྱ་བའི་དོན་ཏོ། །དེ་དག་གིས་ཤ་ལ་མི་གནོད་པར་རོ་ཞེས་བྱ་བ་ནི་སོ་དང་རྙིལ་ལ་སོགས་པ་ལའོ། །སོ་དང་ལྕེ་གཉིས་ཀྱི་དྲུད་

བཞར་གྱི་ཕྱོགས་ཁའི་དྲི་མས་གོས་པ་མ་བཀྲུས་སམ་སས་མ་བསྐུས་པ་མི་དོར་རོ་ཞེས་བྱ་བ་ནི་སོ་ཤིང་དང་དྲུད་བཞར་དོར་རོ་ཞེས་བྱ་བ་འདི་དང་འབྲེལ་ལོ། །ཆུ་མེད་ན་སོ་དང་ལྕེ་གཉིས་ཀྱི་དྲུད་བཞར་སས་མ་བསྐུས་པར་རོ། །དྲུད་བཞར་ནི་སླར་འདི་དག་ལ་རིམ་པ་ཇི་ལྟ་བ་བཞིན་དུ་སོ་ཤིང་དང་ཚལ་པའོ། །

སྒྲ་མ་བྱས་པར་མི་དོར་རོ་ཞེས་བྱ་བ་ནི་ཇི་ལྟར་གསུངས་པ་གཉིས་དོར་ཏེ་འདི་ནི་དཔེ་ཡིན་ནོ། །སྒྲ་མ་བྱས་པར་སོ་དང་ལྕེ་དག་གི་དྲུད་བཞར་ཏེ། འདིས་གཞན་ཡང་མཚོན་པ་ཞེས་བྱ་བའི་དོན་ཏོ། །གང་ཞིག་དཔེས་མཚོན་པ་དེ་སྟོན་པར་བྱེད་པ་ནི་བཤང་བ་དང་གཅི་བ་དང་མཆིལ་མ་དང་སྣབས་དང་

སྐྱུགས་པ་དང་རླུགས་པ་དང་གཞན་དག་ཀྱང་ངོ་ཞེས་བྱ་བ་ལ། མཆིལ་མ་ཡིན་ལ་སྐྱུགས་པ་མ་ཡིན་པ་ནི་འདི་ལྟ་སྟེ། དཔེར་ན་སྣའི་བཤལ་སྨན་ལྟ་བུའོ། །ཕྱོགས་ཞེས་བྱ་བ་ནི་སོ་ཤིང་ལའོ། །གཙོ་བོ་ཉིད་ཀྱི་ཕྱིར་དོར་རོ། །ཇི་ལྟར་ཟོས་པ་དེ་བཞིན་དུ་ཐུར་དུ་རླུགས་པ་ལྟ་བུའོ། །དེ་བས་ན་

མཆིལ་མ་དང་བཤང་བ་བརྗོད་པ་ཡོད་ཀྱང་སྐྱུགས་པ་དང་རླུགས་པའི་ཚིག་གོ། །བཤང་བ་ལ་སོགས་པ་གཞན་དོར་བར་བྱ་བ་ཐམས་ཅད་ཉེ་བར་བསྡུ་བའི་དོན་དུ་ཀྱང་ངོ་ཞེས་བྱ་བའི་ཚིག་གོ། །དེ་ལས་བྱི་དོར་འབྱུང་བ་བཞིན་དུ་འདག་རྫས་དང་ལས་ཀྱང་ངོ་ཞེས་བྱ་བ་ནི་སོ་ཤིང་དོར་བ་ལས་སོ། །འདག་རྫས་དང་ལྕི་

བ་ལས་ཀྱང་ངོ་ཞེས་བྱ་བ་ནི་འབྱུང་བའོ། །འདིར་གཞུང་ནི་སོ་ཤིང་མ་རྙེད་ན་བ་གླང་གི་ལྕི་བ་དང་འདག་རྫས་ཀྱིས་ཁ་སྦྱང་བར་བྱའོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །སོ་ཤིང་དོར་བ་དེ་མ་ཐག་ཏུ་བྱ་བ་གང་གིས་བསྒྲུབས་ནས་དེ་ལ་ཕྱག་བྱའོ། །གནས་པས་སྒྲུབ་པའི་དབང་དུ་བྱས་ཏེ་དེ་ནས་ཀྱི་སྒྲ་ནི་དབང་དུ་བྱ་

བའི་དོན་ཏེ་རྗེས་ཀྱི་དོན་མ་ཡིན་ནོ། །འདིའི་འོག་ཏུ་གནས་པས་བསྒྲུབ་པ་དབང་དུ་བྱས་པར་རིག་པར་བྱའོ། །དེ་ནས་དེ་མ་ཐག་ཏུ་སྔར་སོང་སྟེ་ཕྱག་བྱའོ་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་ལུས་ཀྱི་བྱ་བ་བསྒྲུབ་པའི་རྗེས་ལ་སྟེ། མཆོད་རྟེན་ལ་ཕྱག་བྱ་བ་ནི་ངེས་པའོ། །གནས་པ་བདེ་བས་སྔར་ལུས་

Vol. 160 · folio 41b

ཀྱི་བྱ་བ་བསྒྲུབས་ནས་ཞེས་བྱ་བ་འདི་ལས་ཤིན་ཏུ་སྔར་གནས་ལ་རྟོགས་པར་བྱའོ། །གདོང་རྣམ་པར་དག་པས་ཕྱག་བྱེད་པ་ལ་འདོད་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །གཞན་དུ་ན་གནས་པ་ལ་ཕོངས་པ་བསྐྱེད་པའི་ཕྱིར་རོ། །འདག་རྫས་དང་སོ་ཤིང་དབུལ་ལོ་ཞེས་བྱ་བ་ཤེས་པར་བྱ་བ་ཡང་མ་ཡིན་

ཏེ། ནད་པ་ལ་སོགས་པ་ལ་གནང་བ་སྦྱིན་པའི་ཕྱིར་རོ། །བསྙུན་གསོལ་ལོ། །འདག་རྫས་དང་སོ་ཤིང་དབུལ་ལོ། །ཚང་མང་བལྟས་ཏེ་བརྗོད་པར་བྱའོ་ཞེས་བྱ་བ་ནི་གང་གིས་དེར་བཟའ་བ་དང་བཏུང་བ་ཉེ་བར་བརྟགས་ཏེ་དེ་བརྗོད་པ་ལའོ། །དགའ་བ་བསྟབས་པ་ཉིད་དུ་ཡིད་ལ་བྱའོ་ཞེས་བྱ་

བ་ནི་བརྗོད་པ་ལ་གང་དུ་འདི་དགའ་བ་ཡང་དག་པར་སྟོན་པར་བྱེད་པའི་དགའ་བ་དེ་ལ་དབུལ་བར་བགྱིའོ་ཞེས་བྱ་བས་དེ་ལྟར་ཡིད་ལ་བྱེད་པའོ། །ལྷུང་བཟེད་བཀྲུ་བར་བྱའོ། །གལ་ཏེ་བསོད་སྙོམས་པ་ཞིག་ཡིན་ན་གསིལ་བྱེད་ཀྱང་ངོ་ཞེས་བྱ་བ་ནི་སྒྲ་སི་ལི་ལི་བྱེད་པ་གསིལ་བྱེད་དེ་གཉིས་

པའི་མིང་ཅན་ལ་བཀུར་བར་བྱའོ། །གསིལ་བྱེད་དེ་སྐྲ་བྱེད་པས་ན་གསིལ་བྱེད་དོ། །གལ་ཏེ་དགོས་པ་ཡོད་ན་ཆུ་ཚགས་ཀྱང་ངོ་ཞེས་བྱ་བ་ནི་བཀྲུ་བར་བྱའོ་ཞེས་བྱ་བ་དང་འབྲེལ་ལོ། །སླར་དོགས་པ་ནི་དུས་གཅིག་ཏུ་ཕྱི་རོལ་ཉིད་དུ་བཟའ་བར་བྱ་བར་འགྱུར་རོ། །གལ་ཏེ་དེ་ཡང་ཡིན་ན་ཞུ་བར་

བྱའོ། །གལ་ཏེ་བཟོད་ཅིང་འདོད་ན་དེ་ཉིད་དང་ལྷན་ཅིག་ཏུ་འཇུག་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་གནས་པ་དེ་ཡང་བསོད་སྙོམས་པར་གྱུར་ན་དེ་ནས་བསོད་སྙོམས་ལ་འཇུག་པའི་དོན་དུ་བཟོད་ཅིང་ལྷན་ཅིག་འཇུག་པ་དག་གིས་སོ། །འདི་ལ་མངོན་པར་འདོད་པ་ཅི་ཞིག་ཅེས་བྱ་བ་ངེས་པར་

ཤེས་པའི་དོན་དུ་འདྲི་བ་ནི་གལ་ཏེ་བཟོད་ན་ཞེས་བྱ་བ་ལ། གནམ་ལ་གནས་པ་དང་ལྷན་ཅིག་ཏུ་ཞུགས་ན་མངོན་པར་འདོད་ན་དེ་ཉིད་ནི་གནས་དང་ལྷན་ཅིག་ཏུ་འཇུག་པ་སྟེ། ཉམ་ང་བ་ལ་སོགས་པར་མདུན་དུ་འགྲོ་བར་བྱའོ། །བསོད་པ་དེ་ལ་བདར་བར་བྱའོ་ཞེས་བྱ་བ་ནི་གལ་ཏེ་བསོད་སྙོམས་

བསོད་པ་ཞིག་རྙེད་ན་འདི་ལ་ཕུལ་ཅིག་ཅེས་བྱ་བས་དེ་ལ་བསྔོ་བར་བྱའོ། །གལ་ཏེ་མ་འགྲོགས་ན་ཞེས་བྱ་བ་ནི་ཞུགས་པའོ། །འོངས་ནས་བསྟན་པར་བྱའོ་ཞེས་བྱ་བ་ནི་བསོད་སྙོམས་ལའོ། །ཇི་ལྟ་བུར་དབུལ་བར་བྱ་ཞེ་ན། དེའི་ཕྱིར་ཆེས་མཆོག་ཏུ་གྱུར་པའི་དབུལ་བར་བྱའོ་ཞེས་

Vol. 160 · folio 42a

བྱ་བ་སྨོས་ཏེ། བཟའ་བ་དང་བཅའ་བར་གྱུར་པ་དེ་ནི་གནས་ལ་འདི་བཞེས་ཤིག་ཅེས་དབུལ་ཞིང་བསྟབས་པར་བྱའོ། །དེས་ཐམས་ཅད་ལ་ཚོད་རིག་པར་བྱའོ་ཞེས་བྱ་བ་ནི་གནས་སོ། །ཆུ་སྣོད་དགང་བར་བྱའོ། །དུས་བརྗོད་པར་བྱའོ་ཞེས་བྱ་བ་ནི་བཟའ་

བའི་དུས་ལའོ། །ཟན་ཟོས་ནས་ལྷུང་བཟེད་ལ་སོགས་པ་བཀྲུ་བར་བྱའོ། །དེ་དག་གཞག་པར་བྱའོ། །མཆོད་རྟེན་ལ་ཕྱག་འཚལ་བ་ན་འདག་རྫས་དང་ཆུ་ལ་སོགས་པ་དབུལ་ལོ། །རྐང་པ་བཀྲུ་བར་གཏོགས་པ་ལ་ནན་ཏན་བྱའོ། །མལ་དང་སྟན་བཤམ་པར་བྱའོ། །ཤམ་ཐབས་ཀྱི་

གཟན་དབུལ་བར་བྱའོ། །ཤམ་ཐབས་བླང་བར་བྱའོ། །རྐང་པའི་ཆུ་དང་རྟེན་དང་ཆོལ་ཟངས་དབུལ་བར་བྱའོ་ཞེས་བྱ་བ་ལ། རྐང་པའི་ཞེས་བྱ་བའི་སྒྲ་ནི་ཆུ་དང་རྟེན་དག་གིས་སོ་སོར་མངོན་པར་འབྲེལ་པ་སྟེ། རྐང་པའི་ཆུ་ལ་སོགས་པ་དབུལ་བར་བྱ་བ་ནི་རྐང་པ་བཀྲུ་བའི་ཆུ་དང་རྟེན་དང་ཆོལ་ཟངས་རྣམས་

དབུལ་བར་བྱ་བའོ། །མཆིལ་ལྷམ་གཉིས་ཕྱིའོ། །སྒྲུབ་པར་བྱེད་པ་ཉིད་དུ་མ་བསྒོས་པར་ཕྱག་མ་ཐོགས་པ་མཐོང་ན་ལས་ཆུང་བར་བྱའོ། །གོས་འཚེམ་པ་ཉིད་དུ་མ་བསྐོས་པར་ཁས་ཐོགས་པ་ཡང་ངོ་ཞེས་བྱ་བ་ནི་མཐོང་ནས་ལས་ཆུང་བར་བྱའོ་ཞེས་བྱ་བ་རྗེས་སུ་སྦྱར་རོ། །སྒྲུབ་པར་བྱེད་པ་ཉིད་དུ་བསྐོས་པའམ་གོས་

འཚེམ་པ་ཉིད་དུ་བསྐོས་པ་ལས་ཆུང་བར་མ་བྱས་ཀྱང་སྐྱོན་མེད་དོ། །རུང་བར་བྱ་བ་དང་སྔོ་ཆུང་ངུ་བརྔ་བ་དང་མེ་ཏོག་དང་འབྲས་བུ་བཏོགས་པ་དང་། སོ་ཤིང་ཉེ་བར་བསྒྲུབ་པ་ལ་སོགས་པ་ལ་ཡང་དགེ་ཚུལ་བསྐོའོ་ཞེས་བྱ་བ་ནི་གནས་ཀྱི་སླད་དུ་བྱའོ་ཞེས་བྱ་བ་དོན་གྱིས་ཤེས་སོ། །དེའི་ཕྱིར་ཡང་ཞེས་བྱ་བའི་སྒྲས་གནས་

པར་བྱ་བ་སྔར་བསྟན་པ་ཐམས་ཅད་དང་གནས་འགའ་ཞིག་ལ་བྱ་བར་མ་ཟད་ཀྱི་དགེ་འདུན་ལ་ཡང་དེ་དག་ཐམས་ཅད་ལ་འདི་བྱའོ་ཞེས་བྱ་བའི་རྗེས་སུ་འབྲེངས་ནས་ཤེས་པར་བྱའོ། །སྒོ་གླེགས་ལ་བརྡབས་པས་ནང་ན་གནས་པ་ལ་གོ་བར་བྱའོ་ཞེས་བྱ་བ་གནས་དང་གནས་ལའོ། །ཆོ་ག་འདི་ནི་དགེ་སློང་རྣམས་ཀྱི་དབང་དུ་བྱས་

པའོ། །ད་ནི་དལ་བུས་དང་ཡུན་མི་རིང་བར་བྱའོ་ཞེས་བྱ་བ་ནི་ཡང་དང་ཡང་དུ་སྒོ་གླེགས་ལ་བརྡབས་པས་ནང་ན་གནས་པ་ལ་གོ་བར་བྱ་བ་སྟེ། །དེ་ནི་དལ་བུ་དང་ཡུན་མི་རིང་བར་བྱའོ་ཞེས་བྱ་བ་ནི་ཡང་དང་ཡང་དུ་སྒོ་གླེགས་བརྡུང་བར་མི་བྱ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནི་གཞན་གྱིས་མི་ཕུལ་ལོ་ཞེས་བྱ་བ་ལ།

Vol. 160 · folio 42b

དེ་ནི་སྒོ་གླེགས་ཏེ་སྒོ་ཞེས་བྱ་བ་གཉིས་པའི་མིང་ཅན་ཤིན་ཏུ་ཤུགས་དང་ལྡན་པས་མི་ཕུལ་ལོ་ཞེས་བྱ་བའི་དོན་ཏོ། །དལ་བུས་ཤེས་བཞིན་དུ་འཇུག་པ་དང་འབྱུང་བ་དང་སྒོ་སྐྱས་ལ་མི་དྲུད་པར་བྱའོ་ཞེས་བྱ་བ་ནི་ཇི་ལྟར་འདི་དག་ལ་དྲུད་པར་མི་འགྱུར་བ་དེ་ལྟར་ཞེས་བྱ་བའི་དོན་ཏོ། །དེ་ལ་བཀུར་སྟི་བྱའོ་

ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་གནས་སོ། །བར་དུ་གནས་དང་གནས་པ་དབང་དུ་བྱེད་པ་ལ་རྒྱུན་མི་འཆད་པ་ཉིད་ཀྱིས་དེ་ལ་ཞེས་བྱ་བའི་སྒྲ་ནི་གནས་ཡོངས་སུ་བཟུང་བའི་དོན་ལའོ། །བཞར་བར་བྱའོ་ཞེས་བྱ་བ་ནི་དེ་ལ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏེ་གནས་པས་གནས་དེ་ལ་བཞར་བར་བྱ་སྟེ། ཐག་མི་རིང་

བར་འདུག་པར་བྱ་སྟེ་ཞེས་བྱ་བའི་དོན་ཏོ། །དེ་དང་ཞེ་འགྲས་པ་ལ་མི་བཞར་རོ་ཞེས་བྱ་བ་ནི་བཞར་བར་བྱའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏེ། གནས་དང་ལྷན་ཅིག་ཞེ་འགྲས་པའི་གང་ཟག་ལ་མི་བཞར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཁྲེལ་ཡོད་པར་བྱའོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་གནས་ལས་

སོ། །ཇི་སྲིད་དུ་གནས་པས་གནས་ལ་ངོ་ཚ་ཤེས་པ་དང་བཅས་པས་གནས་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །དེའི་བྱ་བ་ལ་གྲིམས་པར་བྱ་ཞེས་བྱ་བ་ནི་ལེ་ལོ་མེད་པའོ། །གུས་པར་བྱས་ཏེ་བྱ་བ་དང་ཞེས་བྱ་བ་ནི་གང་ཞིག་གིས་བྱ་བ་དེ་ནི་གུས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མཛེས་པས་

འཇུག་པར་བྱའོ་ཞེས་བྱ་བ་ནི་མཛེས་པ་འདའ་བར་བྱེད་པ་ལ་སོགས་པ་དང་ལྡན་པའོ། །ངོ་ཚ་དང་ལྡན་པ་དང་གུས་པ་དང་བཅས་པ་དང་ཞེས་བྱ་བ་ནི་གལ་ཏེ་ཡང་ངོ་ཚ་བའི་བྱེ་བྲག་གུས་པ་ཡིན་ན་དེ་ལྟར་ན་ཡང་སྒྲ་འདི་ལས་འདི་ཤེས་པ་མ་ཡིན་པ་དེ་བས་ན་འདི་བཟུང་ངོ་། །ངོ་ཚ་བསྐུམ་པའོ། །

རྗེས་དང་བཅས་པའོ་ཞེས་བྱ་བ་ནི་གཞན་ལ་རག་ལས་པའི་རིག་པའི་ངོ་བོ་ཁྲེལ་ཡོད་པའི་བྱེ་བྲག་ནི་རྗེས་དང་བཅས་པའོ། །སེམས་དམའ་བ་ཞེས་བྱ་བ་ནི་ང་རྒྱལ་བཅོམ་པའོ། །ཤེས་བཞིན་གྱིས་ཞེས་བྱ་བ་ནི་རང་གི་དོན་ཏེ་བསམ་གཏན་དང་ཀློག་པ་ལ་སོགས་པའོ། །དགེ་བ་གང་ཡིན་ཞེས་

ཚོལ་བ་ཅན་དུ་བྱའོ། །འདི་ལ་བརྟེན་པའི་གནས་བཅའ་བ་དང་ཞུ་བ་དང་འཁོར་སྦྱིན་པ་ལ་སོགས་པ་ལས་གཞན་འདི་ལ་གནས་པ་ལ་གང་དགེ་བ་ཚོལ་བས་གནས་པར་བྱའོ། །འཇིག་རྟེན་གྱི་བྱ་བ་ལ་རྩེ་གཅིག་པས་ནི་འདི་མི་བྱ་ཞེས་བྱ་བའི་དོན་ཏོ། །ཉེས་པ་བྱེད་པ་འཇུག་ན་བཟློག་པར་བྱའོ་ཞེས་

Vol. 160 · folio 43a

བྱ་བ་ནི་གལ་ཏེ་གནས་འདི་ཉེས་བྱེད་ཅུང་ཟད་ལ་འཇུག་པ་དེ་ནི་གནས་པས་བཟློག་པར་བྱའོ། །དགེ་བ་མི་འཕེལ་ན་དེ་བྱེད་པ་གནས་པ་གཞན་ལ་གཏད་པར་བྱའོ་ཞེས་བྱ་བ་ལ་གལ་ཏེ་གནས་དེ་ལ་གནས་པའི་དགེ་བ་འཕེལ་བར་མི་འགྱུར་ན། དེ་ནས་དེ་འདི་ལ་དགེ་བ་འཕེལ་བར་

བྱེད་པའི་གནས་གཞན་ལ་གཏད་པར་གསོལ་བར་བྱའོ། །དེའི་ཕྱིར་དེས་ཀྱང་དེ་ལ་དྲི་བ་ལ་སོགས་པས་གནས་ཀྱི་འོས་ངེས་པར་ཤེས་པར་བྱས་ནས་གཏད་པར་བྱའོ། །གནས་དེས་ཀྱང་གནས་པ་དེ་ལ་འདི་ལ་ཡང་བྱ་བ་སྟེ། སྡིག་པའི་གྲོགས་པོ་ལས་བཟློག་པར་བྱའོ། །དགེ་བ་ལ་སྦྱར་བར་

བྱའོ། །དེ་ཉེ་བར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་དགེ་བ་ལ་ཉེ་བར་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྟུང་བ་ལས་བསླང་བ་དང་རྗེས་སུ་མཐུན་པའི་འཚོ་བའི་ཡོ་བྱད་བསྒྲུབ་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་ནི། ཇི་ལྟར་གནས་པ་ལ་འདི་གཉིས་བསྒྲུབ་པ་དེ་ལྟར་གནས་ཀྱིས་བརྩོན་པར་བྱའོ། །དེས་

ཀྱང་དེ་ལ་དེ་བྱའོ་ཞེས་བྱ་བའི་མདོ་འདའ་བ་ལ་གནས་པས་ཀྱང་གནས་ལ་འདི་གཉིས་བསྒྲུབ་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་རྟོགས་པར་བྱའོ། །ལྷན་ཅིག་གནས་པ་དང་ཉེ་གནས་དང་མཁན་པོ་དང་སློབ་དཔོན་དང་མཁན་པོ་གཅིག་པ་དང་སློབ་དཔོན་གཅིག་པ་དང་གཏམ་འདྲེས་པ་དང་ཕེབས་པར་སྨྲ་བ་

དང་སྨོས་འདྲིན་དང་འགྲོགས་བཤེས་རྣམས་ཀྱིས་ནད་གཡོག་བྱའོ་ཞེས་བྱ་བ་ལ། གཏམ་འདྲེས་པ་ཞེས་བྱ་བ་ནི་གཏམ་དྲི་བ་ལ་སོགས་པ་དང་དགའ་བ་སྤྱོད་པ་ཉིད་ཀྱིས་དགའ་བ་ཉིད་དུ་བཀྲི་བའོ། །ཕེབས་པར་སྨྲ་བ་ནི་གང་དང་ལྷན་ཅིག་ཏུ་བག་ཕེབས་པར་གྱུར་ཅིང་དེ་ལ་དུས་དུས་སུ་ཀུན་དུ་སྨྲ་

བར་བྱེད་པ་ཡིན་ནོ། །སྨོས་འདྲིན་ཞེས་བྱ་བ་ནི་གང་དང་ལྷན་ཅིག་ཏུ་གནས་གཅིག་ན་འདུག་པ་དང་ལྷན་ཅིག་ཏུ་འགྲོ་བ་ལ་སོགས་པས་འདྲིས་པ་ཁས་བླངས་པས་ཡན་ལག་དང་ཡན་ལག་ཅན་གྱི་དངོས་པོ་སྐྱེས་པའོ། །འགྲོགས་བཤེས་ཞེས་བྱ་ནི་གང་གིས་གང་མཐོང་ངམ་ཐོས་མ་ཐག་ཁོ་

ནར་ཡན་ལག་ཅན་གྱི་དངོས་པོ་སྐྱེས་པ་ནས་དགའ་བ་ཙམ་སྐྱེས་པའོ། །བྱེད་པ་དང་པོ་མེད་ན་འོག་མས་སོ་ཞེས་བྱ་བ་གཙུག་ལག་ཁང་གི་ཉེ་གནས་ལ་སོགས་པ་རྣམས་དང་ལྷན་ཅིག་ཏུ་སྔ་མས་ཉེ་གནས་བྱེད་པ་མེད་པ་ལ་ཕྱི་མ་ཕྱི་མས་ཉེ་གནས་བྱའོ། །གཙུག་ལག་ཁང་དང་ལྷན་ཅིག་ཏུ་ཉེ་

Vol. 160 · folio 43b

གནས་བྱེད་པ་མེད་པ་ལ་མཐར་གནས་པས་ཉེ་གནས་བྱའོ། །དེ་ཡང་མེད་ན་མཁན་པོས་སོ། །དེ་ཡང་མེད་ན་སློབ་དཔོན་གྱིས་སོ་ཞེས་བྱ་བ་ལ་སོགས་པའོ། །མཁན་པོ་ལ་ལྕི་བ་ཉིད་ཀྱི་ཕྱིར་དེའི་སྔོན་དུ་གང་ཞིག་དང་པོར་འོས་པ་ཉིད་སློབ་དཔོན་ལ་མཐར་གནས་པ་ལ་གཙུག་ལག་ཁང་དང་ལྷན་ཅིག་

ཉེ་གནས་པས་སོ། །དེ་བས་ན་ཤིན་ཏུ་ཉེ་བར་གནས་པ་ཉིད་ཀྱི་ཕྱིར་ལྷག་མ་སྔ་མ་ལ་དང་པོ་འོས་པ་ཉིད་དོ། །འདིར་ཀློག་པའི་སློབ་དཔོན་ཡང་བཟུང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སློབ་དཔོན་བཟུང་བས་སོ། །ཅིག་ཅར་མི་ནུས་ན་གནས་པ་གང་དང་འཇུག་པའིའོ་ཞེས་བྱ་བ་ལ། ཅིག་ཅར་ཞེས་པ་ནི་

ནད་པ་ལ་ཉེ་བར་གནས་དུ་མ་ལའོ། །མི་ནུས་པ་ལ་ཞེས་བྱ་བ་ནི་གལ་ཏེ་གཅིག་ལས་ཡང་ཉེ་བར་གནས་པ་མི་ནུས་ན་གནས་པ་ཉེ་བར་གནས་པར་བྱ་ཞེས་བྱ་བའི་དོན་ཏོ། །གནས་པ་སུ་ཞིག་ཅེ་ན། གང་དང་འཇུག་པའིའོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་ལ་ཞུ་བ་བྱས་ནས་བྱ་བ་བྱེད་པ་གང་གི་

ཚེ་གང་ལ་གང་གིས་གལ་ཆེ་བ་དེའི་དེ་ལ་འཇུག་པའོ། །ཤིན་ཏུ་གནོད་པར་བྱེད་པའི་ཕོངས་པ་ལ་ཐམས་ཅད་དོར་ནས་ཞེས་བྱ་བ་དོན་གྱིས་གོ་བར་བྱའོ། །འདིར་དེའི་རྟགས་ཙམ་པ་ཡང་རབ་ཏུ་བྱུང་བ་དང་འདྲའོ་ཞེས་བྱ་བ་ལ། འདིར་ཞེས་བྱ་བ་ནི་ནད་གཡོག་བྱ་བའི་ཡུལ་ལ་གང་ཞིག་རབ་ཏུ་བྱུང་བའི་

དོན་དུ་སྐྲ་བྲེགས་པ་ལ་སོགས་པའི་རྟགས་ཙམ་གྱིས་སྦྱར་ཅིང་ད་ལྟར་ཡང་རབ་ཏུ་འབྱུང་དུ་མ་བཅུག་པ་དེ་ནི་རབ་ཏུ་བྱུང་བ་དང་འདྲ་བར་རིག་པར་བྱའོ། །ཇི་ལྟར་རབ་ཏུ་བྱུང་བ་ལ་ཉེ་བར་གནས་པ་དེ་ལྟར་ནད་པ་དེ་ལ་བྱའོ་ཞེས་བྱ་བའི་དོན་ཏོ། །ཚངས་པ་མཚུངས་པར་སྤྱོད་པ་ན་བ་ཡལ་བར་མི་དོར་རོ། །དེ་ལ་

ནད་གཡོག་མེད་ན་མཐར་ཐུག་པ་མན་ཆད་ལས་བསྐོ་བར་བྱའོ་ཞེས་བྱ་བ་ལ། མེད་ན་ཞེས་བྱ་བ་ནི་གཙུག་ལག་ཁང་ལ་སོགས་པ་དང་ལྷན་ཅིག་ཏུའོ། །གང་མན་ཆད་ལས་བསྐོ་བར་བྱ་ཞེ་ན། དེའི་ཕྱིར་མཐར་ཐུག་པ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་གཅིག་བྱིན་ནས་ཀྱང་ཉེར་གནས་མེད་པར་གྱུར་ནས།

དེས་འབྲས་བུ་བསྒྲུབ་པའི་ནུས་པ་མེད་པའི་ཕྱིར་གཞན་བསྐོ་བར་བྱའོ། །དེ་བཞིན་དུ་ཇི་སྲིད་དུ་དགེ་འདུན་གྱི་མཐར་ཐུག་པ་མན་ཆད་ལས་བསྐོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཐམས་ཅད་མེད་ན་དགེ་འདུན་གྱི་ནད་པའི་གནས་སྐབས་ཡོངས་སུ་ཤེས་པར་བྱ་སྟེ། ནད་གཡོག་གཅིག་གམ་

Vol. 160 · folio 44a

གཉིས་སམ་རབ་ཏུ་མང་པོ་བསྐོར་བར་བྱ་ཞིང་ཐ་ན་དགེ་འདུན་ཐམས་ཅད་ཀྱིས་ནད་གཡོག་བྱའོ་ཞེས་གསུངས་པ་ཡིན་ནོ། །སྨན་བརྟག་པར་བྱ་བའི་ཕྱིར་དགེ་འདུན་ལས་བྱུང་བའི་སྨན་ནི་ནད་པ་འབའ་ཞིག་གིས་སྤྱད་དུ་རུང་ངོ་ཞེས་བྱ་བ་སྨོས་ཏེ། ཁྱིམ་བདག་སྒྲེ་བོའི་རྫས་

ལས་སྨན་གང་ཡིན་པ་དགེ་འདུན་གྱི་སྨན་ཁང་དུ་གཞུག་པར་བྱ་ཞིང་དགེ་སློང་ནད་པ་རྣམས་ཀྱིས་ལོངས་སྤྱད་པར་བྱའོ་ཞེས་གསུངས་པ་དེ་འདིས་བསྡུས་པ་ཡིན་ནོ། །མེད་པ་ཉིད་ཡིན་ན་དེ་ནད་གཡོག་གིས་ཚོལ་དུ་གཞུག་གོ་ཞེས་བྱ་བ་ནི་མེད་པར་གྱུར་ན་སྨན་འདི་ནད་གཡོག་གིས་ཚོལ་དུ་

གཞུག་པར་བྱའོ། །མ་འབྱོར་ན་དགེ་འདུན་གྱིས་ལས་སྦྱིན་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་ཚོལ་དུ་བཅུག་ཀྱང་མ་འབྱོར་བར་གྱུར་ན་དེ་ནས་དགེ་འདུན་གྱིས་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །མེད་ན་ཞེས་བྱ་བ་ནི་དགེ་འདུན་གྱིའོ། །སངས་རྒྱས་ཀྱི་སྐུ་ལ་གསོལ་བ་མན་ཆད་ཀྱང་ངོ་ཞེས་བྱ་བ་ནི་

གང་ཞིག་སྐུ་གཟུགས་དང་མཆོད་རྟེན་དང་རྒྱན་ལ་སོགས་པ་བཏགས་པ་གང་ཡིན་པ་དེ་དག་གི་བར་ཡང་སྦྱིན་པར་བྱ་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དགེ་འདུན་གྱི་ལས་བཏུང་བ་དང་གདུགས་གདགས་པ་ལ་སོགས་པའི་མཆོད་པ་བྱའོ་ཞེས་བྱ་བ་ནི་མ་འབྱོར་ན་ཞེས་

བྱ་བ་དང་སྦྱར་རོ། །རང་ལ་མེད་ན་དགེ་འདུན་ལས་འདི་ལ་བྱའོ། །དགེ་འདུན་ལ་འདི་མེད་ན་སངས་རྒྱས་ཀྱི་ལས་སོ། །དེ་གཉིས་ཀྱིས་བླངས་པ་དེ་མ་ཤི་ལ་འབྱོར་པ་ཡོད་ན་བསམ་པ་ཉིད་དུ་བྱའོ་ཞེས་བྱ་བ་ལ་དེ་གཉིས་ཀྱི་ཞེས་བྱ་བ་ནི་དགེ་འདུན་དང་སངས་རྒྱས་གཉིས་དག་གིའོ། །སྦྱིན་དུ་མེད་ན་

སྐྱོན་མེད་དོ། །ནད་གཡོག་གིས་དེ་ལ་བསྙེན་བཀུར་མི་བྱ་བར་མི་བྱའོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ནད་པ་ལའོ། །དེའི་ཚིག་དོན་དང་ལྡན་པ་དང་ཆོས་དང་ལྡན་པ་བཅག་པར་མི་བྱའོ་ཞེས་བྱ་བ་ལ། དོན་དང་ལྡན་པ་ཞེས་བྱ་བ་ནི་འཚོ་བ་ལ་ཕན་པ་དང་སོ་སོར་ཡང་དག་པར་འབྲེལ་བའོ། །དེའི་

ཞེས་བྱ་བ་ནི་ནད་པའོ། །ཆོས་དང་ལྡན་པ་ཞེས་བྱ་བ་ནི་བསོད་ནམས་ལ་ཕན་པ་དང་འབྲེལ་པའོ། །ལྷག་པར་ཆགས་པའི་དངོས་པོ་འགུགས་ན་དགག་པར་མི་བྱའོ་ཞེས་བྱ་བ་ལ་ལྷག་པར་ཆགས་པའི་དངོས་པོ་ནི་ལྷུང་བཟེད་ལ་སོགས་པ་གང་ལ་ནད་པའི་སྲེད་པའོ། །འགུགས་ན་ཞེས་བྱ་བ་ནི་ནད་པས་

Vol. 160 · folio 44b

ནད་གཡོག་ལའོ། །མི་གདམས་པར་མི་བྱའོ་ཞེས་བྱ་བ་ནི་ནད་གཡོག་གིས་ནད་པ་ལའོ། །དེ་ནད་པས་བཟླ་བར་ཤིན་ཏུ་མི་བྱའོ་ཞེས་བྱ་བ་ནི་ནད་གཡོག་གིས་གདམས་ངག་བྱས་པ་ལས་ནད་པ་འདའ་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ནད་གཡོག་དེས་དེ་འཆི་བར་དོགས་ན་དེ་དགེ་འདུན་གྱི་

མལ་སྟན་ལ་བསླང་སྟེ་གང་ཟག་གི་ལ་གཞག་པར་བྱའོ། །བསྐུ་མཉེ་དང་ཁྲུས་སྔར་བྱ་བ་ཉིད་ཀྱིས་སྒྱུ་ཐབས་ཀྱིས་སོ་ཞེས་བྱ་བ་ལ། བསྐུ་མཉེ་དང་ཁྲུས་སྔར་བྱ་བ་ཉིད་ཀྱིས་སྒྱུ་ཐབས་ཀྱིས་གཞག་པར་བྱའོ། །འདིར་སྒྱུ་ཐབས་ནི་གཙོ་བོ་ཉིད་ཀྱི་ཕྱིར་གཉིས་པོ་འདི་དཔེར་རིག་པར་བྱའོ། །དེའི་

གནས་སྐབས་ཀྱི་ཡོངས་སུ་བརྟག་པ་ལ་འབད་པ་དང་ལྡན་པར་བྱའོ་ཞེས་བྱ་བ་ནི་ཤི་བའི་གནས་སྐབས་ཡོངས་སུ་གཅོད་པ་ལ་ལུས་ཀྱི་གནས་སྐབས་གང་ལ་འཆི་བའི་དོགས་པ་འབྱུང་བ་དེ་ལ་ཞེས་བྱ་བའི་དོན་ཏོ། །འདིར་འབད་པ་ནི་ཡང་ནས་ཡང་དུ་རྟོག་པའོ། །དེས་སྨེ་བར་བྱས་པའི་ཤི་བའི་གོས་

དེ་དག་བཀྲུ་བ་ནི་དེས་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ནད་དེས་ཀུན་ནས་ཉོན་མོངས་པར་བྱས་པ་ཤི་བའི་གོས་དེ་རྣམས་ལ་ནད་པ་གང་ལ་ནད་གཡོག་དེས་ཤི་བ་དེ་ཉིད་ཀྱི་གལ་ཏེ་གོས་དེ་རྣམས་ཡིན་ན་ཡང་གཞན་གྱིས་དེ་རྣམས་བཀྲུ་བ་མ་ཡིན་ཏེ། ནད་གཡོག་དེས་བྱའོ་ཞེས་བྱ་བའི་དོན་ཏོ། །དགེ་

འདུན་འདུས་པ་ན་དེའི་གནས་བརྟན་མདུན་དུ་འགྲོ་བར་བྱའོ་ཞེས་བྱ་བ་ལ། འདི་ནི་རྟེན་དང་བརྟེན་པའི་རབ་ཏུ་དབྱེ་བ་ཞེས་བྱ་བའི་མཐར་ཐུག་པ་འདི་ལ་དགེ་འདུན་གྱི་གནས་བརྟན་གྱིས་དབང་དུ་བྱ་བ་ལ་ཉེ་བར་དགོད་པ་སྟེ་དགེ་འདུན་ཚོགས་པ་ན་དགེ་འདུན་གྱི་གནས་བརྟན་ཐོག་མར་འགྲོ་བར་བྱའོ་ཞེས་བྱ་

བའི་དོན་ཏོ། །འགྲོ་བའི་ཚེ་ཐོགས་ན་བསྡད་པར་བྱའོ་ཞེས་བྱ་བ་ནི་གནས་བརྟན་དེའོ། །དེ་རྣམས་ཀྱིས་དེ་ཡང་ངོ་ཞེས་བྱ་བ་ནི་གང་རྣམས་ཀྱི་གནས་བརྟན་དེ་དེ་རྣམས་ཀྱིས་ཡང་ཐོགས་ན་བསྡད་པར་བྱའོ། །མ་བྱུང་བ་ལ་ནི་རིང་བར་སོང་སྟེའོ། །གྲོང་གི་ཉེན་ཀོར་དུ་ཡང་ངོ་ཞེས་བྱ་བ་ལ། ཉེན་ཀོར་གྱི་སྐྲ་

ནི་ཉེ་བར་བརྗོད་པར་བྱའོ། །གལ་ཏེ་འཇུག་པ་ན་ཕྱི་བཞིན་འོངས་པ་ན་ཡང་ངོ་ཞེས་བྱ་བ་ནི་གལ་ཏེ་མངོན་པར་འཇུག་པར་འདོད་ན་ཕྱི་བཞིན་འོང་བ་འདི་ལ་གྲོང་གི་ཉེན་ཀོར་དུ་བསྡད་པར་བྱའོ། །དེ་ལྟར་ལྟ་བར་གྱུར་པ་རྣམས་ལ་གལ་ཏེ་སྦྲོན་པ་འོངས་ན་ཡང་དེ་ལ་གནས་བརྟན་འོངས་ཀྱི་བར་དུ་སྡོད་ཅིག་

Vol. 160 · folio 45a

ཅེས་གོ་བར་བྱའོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་སྦྲོན་པ་ལའོ། །ཟས་ཀྱི་ཕྱིར་སོན་པ་ཉིད་ན་ལག་ཆུ་དྲངས་པའི་ཚེ་གལ་ཏེ་དུས་ཡོད་ན་ཡང་ངོ་ཞེས་བྱ་བ་ནི་ཟས་ཀྱི་ཕྱིར་རམ་བཏུང་བའི་ཕྱིར་སོན་པ་ཉིད་ན་ལག་ཆུ་དྲངས་པའི་ཚེ་གལ་ཏེ་ཐོགས་པར་གྱུར་པ་རྣམས་ལ་དུས་ཡོད་ན་དེ་ནས་

སྦྲོན་པ་དེ་ལ་ཚུར་ཤོག་ཇི་སྲིད་དགེ་འདུན་གྱི་གནས་བརྟན་འོངས་ཀྱི་བར་དུ་སྡོད་ཅིག་ཅེས་བསྒོ་བར་བྱའོ། །མེད་ན་གྲལ་དེར་དེའི་སྟན་གཞག་པར་བྱའོ་ཞེས་བྱ་བ་ནི་བསྡད་པའི་དུས་སུ་མེད་ན་བཟའ་བ་ལ་སོགས་པར་ཞུགས་པ་ལ་དགེ་འདུན་གྱི་གནས་བརྟན་ལ་སྟན་བཞག་པར་བྱའོ། །འདུག་པ་དང་ཕྱི་

རོལ་དུ་ཡང་སོ་སོར་བརྟག་པར་བྱའོ་ཞེས་བྱ་བ་ལ། འདིར་འདུག་པ་ནི་ཁྱིམ་གྱི་ནང་དུའོ། །ཕྱི་རོལ་ཞེས་བྱ་བ་ནི་སྡོད་ས་ལས་སོ། །གནས་སྐབས་འདི་དག་ལ་དགེ་འདུན་གྱི་གནས་བརྟན་གྱིས་སོ་སོར་བརྟག་པར་བྱའོ། །ལེགས་པར་མ་བགོས་པ་ཉིད་དང་ལེགས་པར་མ་དཔྱངས་པ་ཉིད་ཡིན་ན་མཛེས་

པར་བྱ་བའི་ཕྱིར་དེ་གཉིས་ལ་བརྡ་བྱའོ་ཞེས་བྱ་བ་ལ། ལེགས་པར་མ་བགོས་པ་ཉིད་དམ་ལེགས་པར་མ་དཔྱངས་པ་ཉིད་ལ་མཛེས་པར་བྱ་བའི་ཕྱིར་འདི་དག་གི་རྒྱུ་མཚན་དུ་འདི་ལ་བྱའོ། །དེ་གཉིས་ལ་ཞེས་བྱ་བ་ནི་མ་བགོས་པ་ཉིད་དམ་ལེགས་པར་མ་དཔྱངས་པ་ཉིད་ལའོ། །མ་གོ་ན་དྲུང་ན་མོ་ཞེས་བྱ་བ་ནི་གང་

ཞིག་འདི་མ་བགོས་པ་ཉིད་དམ་ལེགས་པར་མ་དཔྱངས་པ་ཉིད་དོ། །མ་གོ་ན་དྲུང་ན་མོ་བྱེད་དུ་གཞུག་གོ་ཞེས་བྱ་བ་ལ། གལ་ཏེ་འདི་མ་བགོས་པ་ཉིད་དགེ་འདུན་གྱི་གནས་བརྟན་གྱིས་བརྡ་བྱེད་བཞིན་པས་གོ་བར་མ་གྱུར་ན་དེ་ནས་དྲུང་ན་མོ་དེས་བྱེད་དུ་གཞུག་གོ། །མ་གྱུར་ན་རང་གིས་སོ་ཞེས་བྱ་བ་ནི་

དེ་ལྟར་ན་ཡང་མཛེས་པར་བྱེད་པ་ལ། གྲུབ་པར་མ་གྱུར་ན་རང་གིས་བྱེད་དུ་གཞུག་གོ། །བརྡ་མ་གོ་ན་ཚིག་གིས་བྱེད་དུ་གཞུག་གོ། །གསར་བུ་དེ་དག་ལ་ཀུན་དུ་སྨྲ་བར་མི་བྱའོ། །གང་རྣམས་ཀྱིས་དེར་དགེ་འདུན་གྱི་གནས་བརྟན་དེས་གཙུག་ལག་ཁང་དང་དགོན་པ་དེར་དེ་དག་གི་ཚུལ་ཁྲིམས་ཀྱི་ཚུལ་

ཁྲིམས་དེ་འཛིན་དུ་གཞུག་པར་བྱ་ཞིང་ངེས་པར་སྦྱར་བར་ཡང་བའོ་ཞེས་བྱ་བ་ལ། གང་རྣམས་ཀྱི་ཞེས་བྱ་ནི་གསར་བུ་དེ་རྣམས་ལའོ། །དེ་དག་གི་ཚུལ་ཁྲིམས་ཞེས་བྱ་བ་ནི་གཙུག་ལག་ཁང་གི་ཚུལ་ཁྲིམས་དང་དགོན་པའི་ཚུལ་ཁྲིམས་སོ། །ངེས་པར་སྦྱར་བར་བྱ་ཞེས་པ་ནི། དེ་དག་གི་ཚུལ་

Vol. 160 · folio 45b

ཁྲིམས་འཛིན་དུ་གཞུག་པར་བྱ་བ་གཅིག་པུར་མ་ཟད་ཀྱི། འོན་ཀྱང་ཚུལ་ཁྲིམས་དེ་བསྒྲུབ་པ་ལ་དེ་རྣམས་ཀྱི་ངེས་པར་སྦྱར་བ་ཡང་བྱའོ། །གློ་བུར་དུ་འོངས་པས་ནི་སོ་སོར་བརྟགས་ནས་གནས་མལ་གྱི་ཕྱི་རོལ་གཉུག་མར་གནས་པ་རྣམས་ལ་བརྗོད་པར་བྱའོ་ཞེས་བྱ་བ་ལ། གནས་མལ་གྱི་ཕྱིར་གློ་

བུར་དུ་འོངས་པའི་དགེ་འདུན་གྱི་གནས་བརྟན་གྱིས་གློ་བུར་དུ་འོངས་པ་མ་ཡིན་པ་རྣམས་ལ་སོ་སོར་བརྟག་པར་བྱའོ། །གང་རྣམས་ཀྱི་དགེ་འདུན་གྱི་གནས་བརྟན་འདི་གཉུག་མར་གནས་པ་རྣམས་ལ་གནས་མལ་གྱི་ཕྱིར་བརྗོད་པར་བྱའོ། །འགྲོ་བར་ཆས་པས་ནི་ཕྱོགས་དང་འགྲོན་པ་དང་གནས་དང་

གནས་མལ་གྱི་གྲོགས་ན་ནི་མི་འདོར་བ་ཉིད་བརྟགས་ནས་འབག་པར་བྱའོ་ཞེས་བྱ་བ་ལ། འགྲོ་བར་ཆས་པ་ལ་ནི་དགེ་འདུན་གྱི་གནས་བརྟན་ནོ། །འགྲོན་པ་རྣམས་ལ་ཞེས་བྱ་བ་ནི་དོན་གྱིས་གོ་བར་བྱ་སྟེ་ཕྱོགས་གང་དུ་འགྲོ་བར་བྱ་བ་འགྲོ་བ་དང་ལམ་གྱིས་གནས་གང་ཞིག་དེར་འགྲོ་བ་ལ་གནས་མལ་

དང་དེ་ཐམས་ཅད་བློ་རིགས་པ་ཉིད་ཀྱིས་གཞལ་བར་བྱ་སྟེ་གྲོགས་རྣམས་དང་ནད་ཡོད་པ་ལ་གང་གིས་ཀྱང་སུ་ཡང་ཡོངས་སུ་དོར་བར་མི་བྱའོ་ཞེས་བྱ་བ་དེ་ལྟར་གཞལ་བར་བྱས་ནས་དེ་ནས་ཇི་ལྟར་འདོད་པའི་གནས་ཐོབ་པར་བྱ་བའི་ཕྱིར་འགྲོ་བར་བྱའོ། །རིང་པོར་མ་སོན་པར་ཐམས་ཅད་ཀྱི་ཐ་མར་ལ་ལའི་

ཅུང་ཟད་མ་ལུས་སམ་ཞེས་འཕྲལ་དུ་དྲན་པར་བྱའོ་ཞེས་བྱ་བ་ནི་དགེ་འདུན་གྱི་གནས་བརྟན་ཉིད་དོ། །གསར་བུ་རྣམས་མི་རྒོད་པ་ཉིད་དང་མ་ཁེངས་པ་ཉིད་ལ་དགོད་པར་བྱའོ་ཞེས་བྱ་བ་ལ། རྒོད་པ་ནི་ཉེ་བར་མ་ཞི་བའོ། །ཁེངས་པ་ཉིད་ནི་རེངས་པ་ཉིད་དེ་དེ་དག་བཟློག་པ་ལ་རབ་ཏུ་དགོད་པར་བྱའོ་ཞེས་བྱ་

བའི་དོན་ཏོ། །ཁྱིམ་ཕྱིར་ཉེ་བ་ནི་ཐམས་ཅད་ཀྱིས་ཐམས་ཅད་ཀྱང་ངོ་ཞེས་བྱ་བ་ནི་མི་རྒོད་པ་ཉིད་དང་མ་ཁེངས་པ་ཉིད་ལ་དགོད་པར་བྱའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ། །འགྲོ་བར་ཆས་པ་ནི་གནས་བརྟེན་ཉིད་མ་ཡིན་ཏེ། འོན་ཀྱང་གཞན་ཡང་སྟེ་གསར་དུ་ཞུགས་པ་ཉིད་རྣམས་ནི་མ་ཡིན་ཏེ། འོན་

ཀྱང་གཞན་ལ་ཡང་ཞེས་བྱ་བའི་དོན་ཏོ། །ཀུན་ཤེས་པར་བྱའོ་ཞེས་བྱ་བ་ནི་འགྲོ་བར་ཆས་པའི་དགེ་འདུན་གྱི་གནས་བརྟན་ནོ། །དགེ་འདུན་ནི་སྤྱོད་པ་དང་སྤྱོད་ལམ་བརྟན་པ་དང་ལུང་ནོད་པ་ལ་སོགས་པ་དང་ཟས་ཀྱི་རྙེད་པ་དང་ནད་པ་ལ་བགོ་བཤའ་བྱ་བ་ལ་སོགས་པའི་བྱ་བ་བསྒྲུབ་པས་ཕན་གདགས་

Vol. 160 · folio 46a

པར་བྱའོ་ཞེས་བྱ་བ་ལ་སྤྱོད་པ་ནི་ཡུལ་ལོ། །སྤྱོད་ལམ་ནི་སྤྱོད་ལམ་མོ། །དེ་དག་བསྟན་པ་ནི་འདི་ནི་ཡུལ་ལོ། །འདི་ནི་ཡུལ་མ་ཡིན་པ་དེ་ལྟར་འགྲོ་བར་བྱའོ་ཞེས་བྱ་བ་ལ་སོགས་པའོ། །ལུང་ནོད་པ་ལ་སོགས་པ་ཞེས་བྱ་བ་འདི་ལ་ཁ་ཏོན་ལ་སོགས་པ་རྣམས་ནི་

སོགས་ཀྱི་སྒྲས་གཟུང་ངོ་། །དབྱར་གནས་པར་ཁས་བླངས་པས་གཙུག་ལག་ཁང་གི་བྱི་དོར་མི་བྱེད་པ་ལ་གྲོས་བཏབ་སྟེ་བྱི་དོར་བྱེད་དུ་གཞུག་ཅིང་བྱི་དོར་བྱེད་པ་ལ་ནི་སྤྲོ་བར་བྱའོ། །ཐམས་ཅད་ཀྱི་འཁོར་དུ་གཏོགས་པ་གཏམ་འདོད་པ་དག་ལ་རྗེས་སུ་མཐུན་པའི་ཆོས་ཉེ་བར་བསྒྲུབ་པས་ཕན་

གདགས་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་དེས་འཁོར་དུ་གཏོགས་པ་རྣམས་གཏམ་འདོད་ན་དེ་ནས་གང་ཞིག་གང་ལ་རྗེས་སུ་མཐུན་པའི་ཆོས་ཉེ་བར་བསྡུས་པས་དེས་རྗེས་སུ་གཟུང་བར་བྱའོ། །ཐམས་ཅད་ཀྱིས་ཞེས་བྱ་བ་ནི་དགེ་འདུན་གྱི་གནས་བརྟན་གྱིས་སོ། །དབྱར་གནས་པར་ཁས་བླངས་པའི་

དགེ་འདུན་གྱི་གནས་བརྟན་ཉིད་ནི་མ་ཡིན་ནོ། །མི་སྨྲ་བ་ཉིད་ལ་དགའ་བ་དག་བཏང་སྙོམས་སུ་གཞག་སྟེ། སྨྲ་བའི་དངོས་པོ་ནི་སྨྲ་བ་ཉིད་འདིར་མི་སྨྲ་བའི་དངོས་པོ་འཕགས་པ་ཞེས་བྱ་བ་མངོན་པར་འདོད་པ་སྟེ་མི་སྨྲ་བ་ཙམ་ནི་མ་ཡིན་ནོ། །ཁྱིམ་པ་ཉེ་བར་འོངས་པའི་འཚལ་མ་སྦྱོར་དུ་གཞུག་གོ་

ཞེས་བྱ་བ་ནི་འདི་རྣམས་ལ་ཁ་ཟས་སྦྱིན་པར་རིགས་པ་ཞེས་བྱ་བའོ། །དགེ་སློང་རྣམས་ལ་གོ་བར་བྱས་ནས་གལ་ཏེ་དགེ་སློང་དེ་རྣམས་ལ་དགེ་འདུན་གྱི་གནས་བརྟན་གྱིས་བརྗོད་ཅིང་གོ་བར་མི་བྱེད་པའམ་ཁྱིམ་པ་དེ་རྣམས་ཟར་མི་འདོད་ན་དེའི་ཚེ་མི་བྱེད་དམ་མི་འདོད་ན་དེ་དག་ལ་ཆོས་དང་ལྡན་པའི་གཏམ་བྱས་

ནས་བདག་ཅག་ལ་འདི་ཡོད་དོ་ཞེས་བརྗོད་པར་བྱའོ། །དེ་དང་ལྡན་པ་ཐམས་ཅད་ཀྱིས་འཁོར་ལ་སོ་སོར་བརྟག་པར་བྱའོ་ཞེས་བྱ་བ་ནི་འཁོར་དང་ལྡན་པ་ཐམས་ཅད་མ་ཡིན་ཏེ། དགེ་འདུན་གྱི་གནས་བརྟན་ཉིད་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །དོན་མེད་པར་སྤྱོད་པ་ཚར་གཅད་དོ་ཞེས་བྱ་བ་ནི་

འཁོར་དང་ལྡན་པ་ཐམས་ཅད་ཀྱིས་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ། །ཇི་ལྟར་དོན་མེད་པས་དུས་འདའ་བར་མི་བྱེད་པ་དང་རབ་ཏུ་བྱུང་བ་དང་རབ་ཏུ་བྱུང་བ་དོན་མེད་པར་ཡང་མི་བྱེད་པ་དེ་ལྟར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་འགྲོ་བ་ལ་སོགས་པ་ལ་དེ་ཇི་ལྟ་བ་བཞིན་དུ་བྱའོ་ཞེས་བྱ་བ་ནི་ཇི་ལྟར་གནས་

Vol. 160 · folio 46b

པར་བགྱི། ཇི་ལྟར་འགྲོ་བར་བགྱི་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་ཞུགས་པ་ལ་ལྟོས་པའི་སོགས་ཀྱི་སྒྲའོ། །དེ་ལ་ཞེས་བྱ་བ་ནི་འཁོར་ལའོ། །དེ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་འཁོར་ཇི་ལྟ་བས་དེ་འཁོར་དང་རྗེས་སུ་མཐུན་པ་ཞེས་བྱ་བའི་དོན་ཏོ། །གཏམ་སྣ་ཚོགས་དང་འགལ་

བ་མེད་པར་བྱའོ་ཞེས་བྱ་བ་ནི་དེ་ལ་ཞེས་བྱ་བ་དང་སྦྱར་ཏེ་ཆོས་འདུལ་བ་དང་འགལ་ལོ། །འགལ་བ་མེད་པར་བྱ་བ་ནི་འགལ་བ་མེད་པ་སྟེ། གཏམ་སྣ་ཚོགས་པ་དང་འདྲེས་པའོ། །ཕྱི་བཞིན་འབྲང་བ་དགེ་སྦྱོང་མདུན་དུ་འགྲོ་བར་མི་བྱའོ། །འདུག་པར་མི་བྱའོ་ཞེས་བྱ་ནི་སྔོན་དུ་འམ་ཕྱི་

ནས་དགེ་སྦྱོང་གིས་འདུག་པར་མི་བྱ་ཞེས་བྱ་བའི་དོན་ཏོ། སྨྲ་ནས་སྨྲ་བར་བྱ་ཞིང་ཞེས་བྱ་བ་ནི་མི་སྨྲ་བར་ཅུང་ཟད་བརྗོད་པར་མི་བྱའོ་ཞེས་བྱ་བའོ། །བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་གང་ཞིག་འདི་ལ་མདུན་དུ་དགེ་སྦྱོང་གིས་སྨྲ་བ་དེ་བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏོ། །གཏམ་གྱི་བར་ཆད་མི་བྱའོ་ཞེས་བྱ་བ་

ནི་དགེ་སྦྱོང་བླ་མ་གཏམ་བྱེད་པས་ན་བར་དུ་གཏམ་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཆོས་མ་ཡིན་པ་སྨྲ་བ་ཞེས་བྱ་བ་ནི་དགེ་སྦྱོང་བླ་མ་སྟེ་བཟློག་པར་བྱའོ། །ཆོས་ཀྱིས་རྗེས་སུ་ཡི་རང་བར་བྱའོ། །ཆོས་དང་ལྡན་པའི་རྙེད་པ་བྱུང་ན་བླང་བར་བྱའོ་ཞེས་བྱ་བ་ནི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་

ངོ་། །དེ་ནི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་ཚུལ་ཁྲིམས་ཡིན་ནོ། །ཁྱིམ་དུ་འགྲོ་བའི་ཚུལ་ཁྲིམས་བརྗོད་པར་བྱ་སྟེ། ཁྱིམ་དུ་མི་རྒོད་པ་དང་མ་ཁེངས་པ་དང་མི་གནས་པར་བྱའོ་ཞེས་བྱ་བ་ལ་མི་རྒོད་པ་དང་ཞེས་བྱ་བ་ནི་ཐམས་ཅད་ཁྱིམ་དུ་འགྱུར་རོ། །མ་ཁེངས་པ་དང་མི་གནས་པར་བྱ་

བ་ལ་ཁྱིམ་ནས་འགྲོ་བར་འདོད་པ་ཉིད་ནི་མི་གནས་པ་ཉིད་དོ། །མིག་དམད་པ་དང་ཁྱིམ་པ་རྣམས་ལ་ཆོས་དང་ལྡན་པའི་གཏམ་བྱའོ་ཞེས་བྱ་བ་ལ། མིག་དམད་པ་ཞེས་བྱ་བ་ནི་ཡུལ་རྣམས་ལས་ཏེ། མིག་སོ་སོར་དམད་པར་བྱས་པ་ཞེས་བྱ་བའི་དོན་ཏོ། །ཁྱིམ་པ་རྣམས་ལ་ཆོས་

དང་ལྡན་པའི་གཏམ་བྱའོ། །སྦྱིན་པ་དང་དུལ་བ་དང་ཡང་དག་པར་སྡོམ་པ་དང་ཚངས་པར་སྤྱོད་པ་ལ་གནས་པ་དང་གསོ་སྦྱོང་དང་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་གཟུང་བ་དག་ལ་དེ་རྣམས་ངེས་པར་སྦྱར་བར་བྱའོ་ཞེས་བྱ་བ་ལ། དེ་རྣམས་ཞེས་བྱ་བ་ནི་ཁྱིམ་པ་རྣམས་སོ། །དུལ་བ་ནི་

Vol. 160 · folio 47a

དབང་དུ་བྱེད་པ་སྟེ། དབང་པོ་རྣམས་དང་ལུས་དང་ངག་དག་ལ་དབང་དུ་བྱེད་པ་ཉིད་དོ། །ཡང་དག་པར་སྡོམ་པ་ནི་འདི་རྣམས་ལ་འགྲོ་བ་མེད་པ་སྟེ། འདུལ་བ་དང་འདུལ་བ་ཉིད་ལ་གནས་པའོ། །ཚངས་པར་སྤྱོད་པ་ལ་གནས་པ་དང་ཞེས་བྱ་བ་ནི་རབ་ཏུ་བྱུང་བའི་ཚུལ་

ཁྲིམས་དང་ཁྱིམ་པ་ཉིད་ལ་ཡང་ཇི་སྲིད་འཚོའི་བར་དུ་གྲོང་བའི་ཆོས་ལས་ཕྱིར་བཟློག་པར་བྱའོ། །ལྟུང་བའི་སྒོར་གྱུར་པའི་འཇུག་པ་ཐམས་ཅད་ལ་དྲན་པས་བསྒྲུབ་པར་བྱའོ་ཞེས་བྱ་བ་ལ། དྲན་པས་ཞེས་བྱ་བ་ནི་ལྟུང་བ་རྣམས་ལ་ཞེས་བྱ་བའི་དོན་གྱིས་གོ་བས་ཁྱིམ་དུ་འཇུག་པ་ལ་

སོགས་པ་འགྲོ་བ་ལ་སོགས་པ་འཇུག་པ་ལྟུང་བ་ལས་འདའ་བའི་སྒོར་གྱུར་པ་གང་ཡིན་པ་དེ་ལ་དེ་ལྟར་དྲན་པ་ཉེ་བར་གནས་པར་བྱས་ནས་ཇི་ལྟར་ཅུང་ཟད་ལྟུང་བར་མི་འགྱུར་རོ། །རྗེས་སུ་འགྲོ་བ་བསླབས་པས་མི་བྱའོ་ཞེས་བྱ་བ་ནི་བསྒྲུབ་པར་བྱའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏོ། །འདི་

ནི་རྗེས་སུ་བསྟན་པ་དང་རྗེས་སུ་འབྲེལ་བ་མ་ཡིན་ཏེ། དེ་བས་ན་བསྒྲུབ་པར་མི་བྱ་སྟེ། འདིའི་རྗེས་སུ་བསྟན་པ་འདའ་བར་བྱ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འོངས་པ་ལ་འོངས་པ་ལེགས་སོ་ཞེས་སྔར་སྙན་པ་བརྗོད་པར་བྱའོ་ཞེས་བྱ་བ་ལ། འོངས་པ་ལ་འོངས་པ་ལེགས་སོ་ཞེས་

བྱ་བ་ནི་ལེགས་པར་འོངས་པ་སྨྲ་བ་ལས་བསྙེན་པར་བརྗོད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །འོངས་པ་ལ་ཞེས་བྱ་བ་ནི་རབ་ཏུ་བྱུང་བའམ་ཁྱིམ་པ་ལའོ། །བཞིན་གྱི་མདངས་གསལ་བར་བྱའོ་ཞེས་བྱ་བ་ནི་ངོམ་ཟུམ་མི་བྱའོ། །འཛུམ་པ་སྔར་བྱའོ་ཞེས་བྱ་བ་ནི་འཛུམ་པ་ཐོག་མར་འགྲོ་བ་

སྟེ། མངོན་དུ་ཕྱོགས་པ་སྟེར་བ་ཞེས་བྱ་བའི་དོན་ཏོ། །བར་དང་བཅས་པའི་འཇུག་པ་ཡང་འཛུམ་པ་དང་བཅས་པ་ཉིད་དུ་འགྱུར་རོ་ཞེ་ན། དེའི་ཕྱིར་ཁྲོ་གཉེར་མེད་པར་བྱའོ་ཞེས་བྱ་བ་སྨོས་སོ། །གལ་ཏེ་ཁྱིམ་པ་ཞིག་ཡིན་ན་དེ་ལ་ཆོས་དང་ལྡན་པའི་གཏམ་བྱའོ། །གྲོང་མཐའ་བས་ནི་དེར་

མི་འོང་ན་ཀུན་དགའ་བར་འགྱུར་བ་ཅི་ནུས་པས་ལྷུག་པར་བྱའོ། །མི་འོང་ན་ཞེས་བྱ་བ་ལ་མི་འོང་ན་ནི་ཁྱིམ་པའོ། །གྲོང་མཐའ་བས་ནི་དགེ་སློང་ངོ་། །ཀུན་དགའ་བར་འགྱུར་བ་ནི་བཟའ་བ་ལ་སོགས་པའོ། །ཅི་ནུས་པས་ལྷུག་པར་བྱའོ། །ཆུ་དང་སྟན་བསྟབས་པར་བྱའོ་ཞེས་བྱ་བ་ལ། དགོན་

Vol. 160 · folio 47b

པ་བས་ཀྱང་ཆུ་དང་སྟན་དང་ཞེས་བྱ་བར་བསྡུ་བའོ། །ཕྱག་དར་དང་མལ་དང་སྟན་བཤམ་པ་དང་ཆུ་གཞག་པ་དང་བྲིམ་པ་དང་ཟན་དྲང་བ་ནི་གསར་བུས་བྱའོ་ཞེས་བྱ་བ་ནི་གང་དེ་ཡང་དག་པར་འོངས་པ་ལ་འདི་ཐམས་ཅད་གསར་དུ་ཞུགས་པ་དེས་བྱའོ། །གཡོག་འཁོར་གྱི་བྱ་བ་མི་མཐུན་པ་གལ་ཏེ་

རང་དང་གཞན་ལ་གནོད་པར་མི་འགྱུར་བ་ནི་ཅི་བདེར་གཞག་གོ་ཞེས་བྱ་བ་ལ། ཅི་བདེར་གཞག་གོ་ཞེས་བྱ་བ་ནི་བཏང་སྙོམས་སུ་གཞག་པར་བྱ་བའོ། །གལ་ཏེ་ཁས་བླངས་པར་གྱུར་པ་ཡིན་ན་རང་དང་གཞན་རྣམས་ལ་གནོད་པར་མི་འགྱུར་རོ། །གལ་ཏེ་དེ་ལྟ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་

འཁོར་གྱི་བྱ་བ་དེ་གནོད་པའི་ཕྱིར་ཡིན་ལ་ནུས་པ་ཡོད་ན་དེ་རྒྱུན་བཅད་ལ་ཞེས་བྱ་བ་ནི་མི་མཐུན་པའི་བྱ་བ་གཞན་ནོ། །ཆོས་དང་ལྡན་པ་ནི་བྱ་བའོ། །བསྐྱེད་ནས་དེ་གཡོག་འཁོར་ལ་གྲོས་གདབ་པར་བྱའོ། །དེའི་གཞི་ལས་གཡོག་འཁོར་མི་དགའ་ཞིང་འཕོ་བ་ལྟ་ན་ཕྱིར་བསྡུ་བར་བྱའོ་ཞེས་བྱ་བ་

ནི་ཆོས་དང་ལྡན་པའི་བྱ་བ་སྐྱེད་པར་འགྱུར་བ་ལ་གཡོག་འཁོར་དེ་ལ་གལ་ཏེ་སེམས་མི་དགའ་ཞིང་ཡིད་མི་བདེ་བར་གྱུར་ཏམ། ནད་མེད་པའམ་གཞན་གྱིས་འགྲོ་བར་བྱ་ཞིང་དེ་ལ་སོ་སོར་འདུ་བྱེད་པའོ། །དེ་བཞིན་དུ་སྦྱིན་པ་ལ་སོགས་པས་སོ་སོར་བསྡུ་བར་བྱའོ། །གཡོག་འཁོར་ཇི་ལྟ་བ་འདི་

ལ་གཉིས་སུ་ཡང་མི་འགྱུར་བར་ཞེས་བྱ་བའོ། །མི་ནུས་པ་ཉིད་ཡིན་ན་ཡང་གཞན་དུ་འགྲོ་བར་བྱའོ་ཞེས་བྱ་བ་ནི་དེ་རྒྱུན་གཅད་པར་མི་ནུས་པ་ཉིད་ལ་གཞན་དུ་འགྲོ་བར་བྱའོ། །དེའི་རྐྱེན་གྱིས་རྩོད་ཅིང་སྨྲ་བར་མི་བྱའོ། །དགེ་འདུན་གྱི་ཀུན་དགའ་ར་བར་གནོད་པ་བྱེད་ན་ཅི་ནས་ཀྱང་དེ་ཉིད་འཛིན་

དུ་གཞུག་པའི་ཕྱིར་འཛིན་པ་གཏང་བ་དེ་ལྟར་བྱའོ། །མི་འགྲོ་ན་བབ་ཅོལ་དུ་སུ་ལ་ཡང་མི་བརྗོད་པར་གཞོན་ནུ་དང་མཛའ་བཤེས་དང་ཞང་བློན་དང་ཞབས་འབྲིང་དག་ལ་སྐད་སྦྱར་ཏེ། འཁོར་དག་པར་འཛིན་དུ་བཅུག་ནས་ཐུལ་འོག་ཏུ་གཞུག་པར་བྱའོ་ཞེས་བྱ་བ་ལ། འཛིན་དུ་བཅུག་ནས་

ཞེས་བྱ་བ་ནི་གོ་བར་བྱས་ནས་སོ། །འཁོར་དག་པ་ནི་གང་དུ་འདི་ལ་ཆད་པ་མི་དབབ་པ་དེར་འཇུག་པར་བྱ་བ་ནི་ཕམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གཞོན་ནུ་ལ་སོགས་པ་རྣམས་ལ་གང་ཞིག་སྔར་གོ་བར་བྱེད་པ་དེ་ནི་འདིའི་དོན་དུ་སྟེ། ཕམ་པར་གྱུར་པ་དེ་ལ་བརྟན་ནས་གཅོད་པར་མ་གྱུར་

Vol. 160 · folio 48a

ཅིག་ཅེས་བྱ་བའི་དོན་ཏོ། །རབ་ཏུ་བྱུང་བའི་གཞི་ལས། དགེ་སློང་དང་འབྲེལ་བའི་སྐབས་བཤད་ཟིན་ཏོ།། །།ད་ནི་དགེ་སློང་མ་ལ་བརྟེན་པ་བརྗོད་པར་བྱ་སྟེ། དེ་ལ་སྐྱེས་པ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་ལ་བརྗོད་པ་གང་ཞིག་དེ་ཉིད་བུད་

མེད་ལ་ཡང་ཞེས་བྱ་བ་ཁས་བླང་ངོ་། །བྱེ་བྲག་ཏུ་ནི་འདི་བརྗོད་པར་བྱ་སྟེ། དགེ་སློང་གི་གནས་སུ་དགེ་སློང་མའོ་ཞེས་བྱ་བ་ནི་དགེ་འདུན་གྱི་ཕྱོགས་གཅིག་ཏུ་གྱུར་པའམ་གཅིག་པོར་གྱུར་པའི་མཁན་པོ་དང་ཞུ་བ་པོ་ལ་སོགས་པ་གང་དུ་དགེ་སློང་སྨོས་པ་དེར་དགེ་སློང་མ་བལྟ་བར་བྱའོ་

ཞེས་བྱ་བའི་དོན་ཏོ། །ཅི་དགེ་སློང་ཐམས་ཅད་ཀྱི་གནས་སུ་ཡིན་ནམ་འོན་ཏེ་འགའ་ཞིག་ལ་ཞེ་ན། དེའི་ཕྱིར་རབ་ཏུ་བྱུང་བ་ཐམས་ཅད་ཀྱིའོ་ཞེས་བྱ་བ་སྨོས་ཏེ། རབ་ཏུ་བྱུང་བའི་ཡུལ་ལ་མཁན་པོ་ལ་སོགས་པའི་དགེ་སློང་ཐམས་ཅད་ཀྱི་གནས་སུ་དགེ་སློང་མ་ཤེས་པར་བྱའོ། །མཁན་

པོ་ཉིད་ཀྱི་དོན་དུ་ཞུ་བ་བྱེད་པ་དང་དགེ་ཚུལ་མའི་སྡོམ་པ་སྦྱིན་པ་ཞེས་བྱ་བ་འདི་ཐམས་ཅད་དགེ་སློང་མ་རྣམས་ཀྱིས་བསྒྲུབ་པར་བྱའོ། །འདིར་དགེ་སློང་ལ་དབང་དུ་བྱ་བ་མེད་དོ་ཞེས་བྱ་བ་འདི་བསྟན་པའི་དོན་དུའོ། །བསྙེན་པར་རྫོགས་པ་ལ་ནི་དེ་གསོལ་བ་ལ་སོགས་པའི་ལས་བྱེད་པ་ལས་

གཞན་པའིའོ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པ་ལ་དགེ་སློང་ཐམས་ཅད་ཀྱི་གནས་སུ་དགེ་སློང་མ་བལྟ་བར་བྱ་བ་མ་ཡིན་ཏེ། འོན་ཀྱང་བསྙེན་པར་རྫོགས་པ་ལ་ནི་དེ་གསོལ་བ་ལ་སོགས་པའི་ལས་བྱེད་པ་པོ་ལས་གཞན་པའི་དགེ་སློང་གི་གནས་སུ་དགེ་སློང་མའི་བསྙེན་པར་རྫོགས་པར་གསོལ་བ་

ནས་བརྩམས་ཏེ་འདིར་ལས་བྱེད་པ་པོའི་དགེ་སློང་ཉིད་དེ་དགེ་སློང་མ་ནི་མ་ཡིན་ཞེས་བྱ་བ་ནི་བརྗོད་པར་འགྱུར་རོ། །བསྙེན་པར་རྫོགས་པ་གསོལ་བ་ལས་སྔ་རོལ་དུ་དགེ་སློང་མ་ལས་བྱེད་པ་པོ་སྟེ་གང་ཞིག་འདིར་དགེ་སློང་མའི་དགེ་འདུན་འགའ་ཞིག་གི་དབུས་སུ་ཚངས་པར་སྤྱོད་པ་ལ་ཉེ་བར་

གནས་པའི་སྡོམ་པ་སྦྱིན་པ་ཞེས་བྱ་བའི་དོན་ཏོ། །འདིར་དགེ་འདུན་གྱིས་བསྣན་པར་བྱའོ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པར་གསོལ་བ་ལ་སོགས་པ་ལ་དགེ་སློང་གི་དགེ་འདུན་སློབ་དཔོན་དུ་གྱུར་པ་རྟོགས་པར་བྱའོ། །གཉིས་ཀའི་དགེ་འདུན་ཚོགས་ལ་གསོལ་བ་ནས་བརྩམས་ཏེ་ལས་བྱེད་པ་པོ་ནི་

Vol. 160 · folio 48b

དང་པོ་ཞེས་བྱ་བའི་དོན་ཏོ། །བར་ཆད་དྲི་བ་དགེ་སློང་མ་བསྒྲིབས་པ་ལ་བྱའོ་ཞེས་བྱ་བ་ནི་བར་ཆད་དྲི་བའི་ཚེ་དགེ་འདུན་གྱི་དབུས་སུ་བར་ཆད་དྲི་བ་ལ་ལན་གཉིས་བྱ་དགོས་ཏེ། གཅིག་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པའི་དུས་སུ་དགེ་སློང་མའི་དགེ་འདུན་འབའ་ཞིག་གི་དབུས་

སུའོ། །གཞན་ནི་གཉིས་ཀའི་དགེ་འདུན་གྱི་དབུས་སུའོ། །དེ་གཉིས་ཀར་ཡང་ཆོ་ག་འདི་བཞིན་དུ་རྟོགས་པར་བྱའོ། །ངོ་ཚ་བའི་རྒྱུ་མཚན་དུ་འདི་བརྗོད་པ་སྟེ། རེས་བྱ་བ་དང་རེས་མི་བྱ་བ་ཤེས་པའི་དོན་དུ་དང་པོ་བྱ་བའི་ཚིག་སྦྱར་རོ། །བུད་མེད་ལ་ནི་དགེ་སློང་མ་ཞེས་པའི་ཚིག་གཞན་

ཡོད་དོ་ཞེས་བྱ་བ་ནི་དགེ་ཚུལ་མས་འོག་ཏུ་དགེ་སློང་མ་ཉིད་ཅེས་བྱ་བའི་ཚིག་གཉིས་པ་འདི་སྐྱེས་པ་དང་ཐུན་མོང་མ་ཡིན་ནོ། །དེའི་ཚིག་གསུམ་པ་འདི་ཡིན་ཏེ། དེ་ཡང་གནས་པ་ཁོ་ན་ལའོ་ཞེས་བྱ་བ་ནི་དགེ་ཚུལ་མ་ཉིད་དང་དགེ་སློང་མ་ཉིད་དག་དང་ཁྱད་པར་མེད་པ་ཉིད་བསྟན་པའི་དོན་དུ་ཁོ་

ནའི་སྒྲའོ། །ཇི་ལྟར་ཚིག་གཉིས་པོ་འདི་དག་བརྟེན་པ་ལ་དེ་བཞིན་དུ་འདི་ཡང་ཞེས་བྱའོ། །དེ་བས་ན་མཁན་པོ་ཉིད་ཀྱིས་དགེ་སློང་མ་སུ་ཞིག་ཡིན་གྱི་དེ་ཉིད་ནི་མ་ཡིན་ཏེ། གང་ཞིག་དགེ་ཚུལ་མའི་དོན་དུ་ཞེས་བྱ་བ་རིག་པར་བྱའོ། །དེ་ལྟར་ན་མཁན་པོ་བུད་མེད་དང་ལྷན་ཅིག་རྣམ་པ་གསུམ་

ཡིན་ཏེ། སྐྱེས་པ་ལ་ནི་རྣམ་པ་གཉིས་ཞེས་བྱ་བ་འབྱུང་བར་འགྱུར་རོ། །དགེ་སློང་མ་ཉིད་ཀྱི་ཚིག་གཞན་དེ་གནས་སྐབས་གང་དུ་སྦྱིན་པར་བྱ་ཞིང་དེའི་དུས་ཇི་སྲིད་དུ་སྤྱད་པར་བྱ་དགོས་ཤེ་ན། དེའི་ཕྱིར་དགེ་སློང་མ་ཉིད་དང་དགེ་སློབ་མ་གཉིས་ཀྱིས་བར་སྐབས་སུ་སྤྱོད་པའི་དུས་ནི་ལོ་གཉིས་སོ་ཞེས་

བྱ་བ་སྨོས་ཏེ། དུས་དེ་སྲིད་དུ་སྤྱད་པ་ཉིད་ཀྱིས་བསྙེན་པར་རྫོགས་པ་ཞེས་བྱ་བ་འདི་ལྟར་དུས་ཡོངས་སུ་འཛིན་པ་སྟེ། བརྟུལ་ཞུགས་ཏེ་སྤྱད་པར་མི་བྱ་ཞེས་བྱ་བ་འདིའི་འོག་ཏུ་ནི་མ་ཡིན་ནོ། །དེ་བས་ན་དུས་འདི་རྫོགས་པ་ཉིད་ཀྱིས་བསྙེན་པར་རྫོགས་པའི་སྔོན་རོལ་དུ་བསླབ་པར་མི་བྱ་སྟེ།

སྤྱོད་པ་འདི་ཉམས་པའམ་ཞིག་པ་ཞེས་བྱ་བ་རྟོགས་པར་བྱའོ། །དགེ་སློབ་མ་ཉིད་འབྱུང་བ་འདི་ལ་དུས་གང་ཡིན་ཞེ་ན། དེའི་ཕྱིར་བསྙེན་པར་རྫོགས་པའི་དུས་ཀྱི་དང་པོར་དེར་མ་ལོན་པའི་དང་པོ་ལ་སྐྱེའོ་ཞེས་བྱ་བ་སྨོས་ཏེ། བསྙེན་པར་རྫོགས་པའི་དུས་ཀྱི་དང་པོ་ནི་བསྙེན་པར་རྫོགས་པའི་

Vol. 160 · folio 49a

དུས་སོ། །དེ་ནི་དང་པོ་གཉིས་ཡིན་ཏེ། གཞོན་ནུ་མ་ཉིད་ལ་ལོ་ཉི་ཤུ་དང་ཁྱིམ་སོ་བཟུང་བའི་ལོ་བཅུ་གཉིས་སོ། །སྤྱད་པའི་དུས་དེས་ལོ་གཉིས་ཀྱིས་མ་ཆོག་པའི་བསྙེན་པར་རྫོགས་པའི་དུས་ཀྱི་དང་པོའོ། །དེས་མ་ཆོག་པའི་བསྙེན་པར་རྫོགས་པའི་དུས་ཀྱི་དང་པོ་དུས་

འདི་ལ་ཡོད་པས་ན་དུས་དེ་མ་ཚང་བའི་བསྙེན་པར་རྫོགས་པའི་དུས་ཀྱི་དང་པོའི་དང་པོ་སྟེ། དགེ་སློབ་མ་ཉིད་སྐྱེ་བའི་དུས་འདིའོ། །གཞོན་ནུ་མ་ལ་ལོ་བཅོ་བརྒྱད་ཉིད་དང་ཁྱིམ་སོ་བཟུང་བའི་ལོ་བཅུ་ཉིད་ཅེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་མའི་རྣམ་པར་འབྱེད་པ་ལས་ཁྱིམ་སོ་བཟུང་བའི་

གང་ཡིན་པ་དེ་ནི་ལོ་བཅུ་ལོན་པའམ། གཞོན་ནུ་མར་གྱུར་པ་ནི་ལོ་བཅོ་བརྒྱད་ལོན་ཏེ། དེ་གཉིས་ལ་ལོ་བཅུ་གཉིས་སུ་དགེ་སློབ་མའི་སྡོམ་པ་སྦྱིན་པར་བྱའོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །བསྙེན་པར་རྫོགས་པའི་དུས་ནི་འདིར་འགྲུབ་པར་ཁས་བླངས་པའི་ཁྱད་པར་བརྗོད་པར་བྱ་སྟེ།

དེའི་ཕྱིར་ཁྱིམ་སོ་བཟུང་བ་བསྙེན་པར་རྫོགས་པར་བྱ་བའི་ལོ་རྣམས་ཀྱི་དང་པོ་ནི་ལོ་བཅུ་གཉིས་ཉིད་དོ་ཞེས་བྱ་བ་སྨོས་ཏེ། བུད་མེད་ཁྱིམ་སོ་བཟུང་བ་བག་མར་བཏང་བ་གང་ཡིན་པ་དེའི་བསྙེན་པར་རྫོགས་པར་བྱ་བའི་དུས་དེའི་ལོ་རྣམས་ཀྱི་དང་པོ་ནི་ལོ་བཅུ་གཉིས་ལོན་པ་ཉིད་

དོ། །སྦྱིན་པ་ལས་སྐྱེའོ་ཞེས་བྱ་བ་ནི་དགེ་སློབ་མ་ཉིད་ལ་ཞེས་བྱ་བར་རྗེས་སུ་འབྲེལ་ཏོ། །སུས་སྦྱིན་པ་ལས་ཤེ་ན། དེའི་ཕྱིར་དགེ་སློང་མའི་དགེ་འདུན་གྱིས་སོ་ཞེས་བྱ་བ་སྨོས་སོ། །ཇི་ལྟར་ཞེ་ན། དེའི་སྦྱིན་པ་ནི་སློབ་པའི་སྡོམ་པ་ཞེས་བྱ་བས་སོ་ཞེས་སྨོས་ཏེ། མིང་འདི་ཞེས་

བགྱི་བ་འདི་བསླབ་པའི་སྡོམ་པ་གསོལ་ན་ཇི་སྲིད་དུ་དགེ་འདུན་དེ་ལ་བསླབ་པའི་སྡོམ་པ་བྱིན་ཅིག་ཅེས་བྱ་བ་ལ་སོགས་པའི་སྔགས་ལས་འབྱུང་བ་ཡིན་ནོ། །དེའི་འོག་ཏུ་བསླབ་པ་བརྗོད་པར་བྱའོ་ཞེས་བྱ་བ་ནི་བསླབ་པའི་སྡོམ་པ་སྦྱིན་པ་འདིའི་རྗེས་ལ་བསླབ་པ་བརྗོད་པར་བྱ་བ་ནི་ཆོས་དྲུག་

དང་། རྗེས་སུ་མཐུན་པའི་ཆོས་དྲུག་སྟེ། དེ་ལ་ཆོས་དྲུག་རྣམས་གང་ཞེ་ན། དེའི་ཕྱིར། གཅིག་པུ་ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་རོལ་བརྒལ་མི་བྱ། །སྐྱེས་པ་ལ་ནི་རེག་མི་བྱ། །དེ་དང་ཁྱིམ་གཅིག་ཉལ་མི་བྱ། །སྨྱན་དུ་འགྱུར་བ་མི་བྱ་ཞིང་། །ཁ་ན་མ་ཐོ་བཅའ་མི་བྱ། །འདི་ལྟར་

Vol. 160 · folio 49b

འདི་རྣམས་དགེ་སློབ་མའི། །ཆོས་རྣམས་དྲུག་པོར་ཡོངས་སུ་གྲགས། །རྗེས་སུ་མཐུན་པའི་ཆོས་དྲུག་གང་ཞེ་ན། ས་ལེ་སྦྲམ་ལ་གཟུང་མི་བྱ། །མདོམས་ཀྱི་སྤུ་ནི་བྲེག་མི་བྱ། །ས་ཡང་བརྐོ་བར་མི་བྱ་སྟེ། །རྩྭ་སྔོན་དག་ཀྱང་གཅད་མི་བྱ། །བྱིན་ལེན་མ་བྱས་བཟའ་མི་བྱ། །གསོག་

འཇོག་བྱས་པ་བཟའ་མི་བྱ། །རྗེས་སུ་མཐུན་པའི་ཆོས་དྲུག་འདི། །དགེ་སློབ་མ་ལ་སློབ་ཕྱིར་བཤད། །ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་འགྱུར་རོ་ཞེས་བྱ་བ་ལ། འདིར་བསྙེན་པར་རྫོགས་པ་ནི་ཚངས་པར་སྤྱོད་པའོ། །དེ་ལ་ཉེ་

བར་གནས་པ་ནི་ཉེ་བར་སྐྱེ་བར་བྱེད་པའོ། །ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པར་བྱ་བའི་ཕྱིར་སྡོམ་པ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པའོ། །གང་གིས་དེ་མ་ཐོབ་པ་དེ་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་མ་ཐོབ་པ་སྟེ་དེ་ལའོ། །བསྙེན་པར་རྫོགས་པར་

མི་འགྱུར་བ་ནི་གང་གི་ཕྱིར་འདི་རྣམས་ཀྱི་སྡོམ་པ་ནི་བསྙེན་པར་རྫོགས་པའི་དོན་དུ་སྟེ། ཞིང་ཉིད་དུ་ངེས་པར་བྱེད་པ་དེ་ལས་འདི་མ་ཐོབ་པར་ནི་བསྙེན་པར་རྫོགས་པ་མ་ཡིན་ནོ། །གང་གི་ཚེ་འདི་བླང་ཞེ་ན། དེའི་ཕྱིར་གསང་སྟེ་བསྟན་པའི་འོག་ཏུ་དགེ་འདུན་གྱིས་དེ་སྦྱིན་པར་བྱའོ་ཞེས་

སྨོས་ཏེ། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དེ་སྦྱིན་པར་བྱའོ། །སུས་ཤེ་ན་དེའི་ཕྱིར། དགེ་འདུན་གྱིས་ཞེས་བྱ་བ་སྨོས་ཏེ། སྐབས་ཡིན་པའི་ཕྱིར་དགེ་སློང་མའི་དགེ་འདུན་གྱིས་སྦྱིན་པར་ཤེས་པར་བྱའོ། །ཅི་ཞིག་འདི་ཙམ་ཉིད་ཀྱིས་འདི་སྦྱིན་ནམ་ཞེ་ན།

དེའི་ཕྱིར་བར་ཆད་དྲིས་སོ་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ན་འདི་ལ་བར་ཆད་དྲི་བ་ལན་གསུམ་དུ་འགྱུར་ཏེ། གཅིག་ནི་དགེ་སློང་མས་གསང་སྟེ་སྟོན་པས་བཀར་ཏེ་དྲིའོ། །དགེ་སློང་མའི་དགེ་འདུན་འབའ་ཞིག་གི་དབུས་སུ་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པ་སྡོམ་པའི་ཡན་ལག་

ཏུ་གྱུར་པ་ནི་གཉིས་པའོ། །གཉིས་ཀའི་མདུན་གྱི་དབུས་སུ་བསྙེན་པར་རྫོགས་པར་གསོལ་བ་ལ་བསྙེན་པར་རྫོགས་པའི་ཡན་ལག་ཏུ་གྱུར་པ་ནི་གསུམ་པའོ། །འདིར་གསོལ་བ་ནི་གསོལ་བར་བྱེད་པ་ལའོ། །ལས་སུ་བསྐོ་བ་ཞེས་བྱ་བ་འདི་ལས་ཐོབ་པ་དེ་བས་ན་གསོལ་

Vol. 160 · folio 50a

བ་འདི་ལ་ཡང་བསྐོ་བ་རིག་པའི་ངོ་བོ་ཡིན་ཏེ། དེའི་ཕྱིར་གསོལ་བ་བྱས་ནས་སོ་ཞེས་བྱ་བ་སྨོས་ཏེ། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་ཡང་གསོལ་ནས་སྦྱིན་པར་བྱེད་པའི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་འདི་མ་གསོལ་བ་ལ་

ནི་མི་སྦྱིན་པའོ་ཞེས་བྱ་བའི་དོན་ཏོ། །ཆོས་གོས་དག་ནི་ལྔ་ཉིད་དོ། །ཞེས་བྱ་བ་ནི་དགེ་སློང་མ་ལ་ནི་ཆོས་གོས་གསུམ་ཐུན་མོང་ཡིན་ཏེ། ཤིང་ང་དཔུང་ཆད་དང་རྔུལ་གཟན་ལྷག་པར་རོ། །གནས་རྣམས་ལ་ཤིང་དྲུང་མ་གཏོགས་སོ་ཞེས་བྱ་བ་ལ། ཤིང་དྲུང་ཉིད་མ་གཏོགས་པ་གནས་

གཞན་གསུམ་པོ་ནི་དེའི་གནས་སོ། །ལྟུང་བར་འགྱུར་བ་ཉིད་རྣམས་ལ་བརྒྱད་ཉིད་དོ་ཞེས་བྱ་བ་ནི། རེག་པ་དང་ནི་ལུས་བཀན་དང་། །འཆབ་པ་དང་ནི་བཟློག་པའོ། །ཞེས་བྱ་བ་བཞི་པོ་རྣམས་ལྷག་པ་ཡིན་ནོ། །ལྕི་བའི་ཆོས་རྣམས་བརྗོད་པར་བྱའོ་ཞེས་བྱ་བ་ལ། ལྕི་བའི་ཆོས་བརྒྱད་པོ་རྣམས་བརྗོད་པར་བྱ་སྟེ། དེ་རྣམས་ཀྱང་།

དགེ་སློང་རྣམས་ལས་བསྙེན་པར་རྫོགས་པ་དང་། གཉེན་པོའི་ཚོགས་དང་གདམས་ངག་ཡོངས་ཚོལ་དང་། །དགེ་སློང་མེད་པར་གནས་པར་བྱེད་པ་དང་། །གང་དུ་ཡང་ནི་དབྱར་གནས་ཁས་ལེན་དང་། །རྒུད་པ་རྣམས་ལ་དགེ་སློང་བསྐུལ་བ་དང་། །ཁྲོ་བ་མེད་དང་གསར་ཞུགས་

ལ་ཕྱག་འཚལ། །གཉིས་ཀའི་ཚོགས་ལས་ཐོབ་བྱ་མིན་པ་དང་། །དགག་དབྱེ་ཞེས་བྱ་ལྕི་བའི་ཆོས་རྣམས་སོ། །དུས་གང་ལ་བརྗོད་པ་ཞེ་ན། དེའི་ཕྱིར་ལྟུང་བར་འགྱུར་བ་དང་། དགེ་སྦྱོང་བྱེད་པའི་བར་སྐབས་སུའོ། །བཀོལ་བ་དྲུག་གོ་ཞེས་བྱ་བ་ནི་སྔོན་རབ་ཏུ་བྱུང་བ་ཞེས་བྱ་

བ་འདི་ནས་ཇི་སྲིད་དུ་བཀོལ་བ་ཞེས་བྱ་བ་ཡན་ཆད་ཀྱི་མིང་ཅན་གང་ཞིག་ཁྱོད་ནི་མ་ཡིན་ནམ་ཞེས་བྱ་བ་རབ་ཏུ་བྱུང་བའི་དོན་དུ་ཉེ་བར་འོངས་པ་ལ་དྲི་བར་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་པོ་རྣམས་ཀྱིས་ཀྱང་རབ་ཏུ་དབྱུང་བར་བྱ་བ་དང་བསྙེན་པར་རྫོགས་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །

དེ་ལ་སྐྱེ་བའི་ཆོས་ཉིད་མེད་པར་ཡང་འདྲའོ་ཞེས་བྱ་བ་ནི་འདིར་ཆོ་ག་དྲུག་པོ་འདི་གཏོགས་པར་བྱའོ། །རྣམ་པ་དེ་ལྟ་བུའི་རྟགས་ཅན་ནི་བསྙིལ་བར་བྱའོ་ཞེས་བྱ་བ་ནི་ཐམས་ཅད་ལ་དབང་དུ་བྱེད་པ་ཉིད་ཀྱི་ཕྱིར་བརྗོད་པར་བྱ་བ་ཡིན་ཏེ། སླར་འདིར་ཡང་དག་པར་རིག་པར་བྱའོ། །དྲུག་པོ་དེ་དག་

Vol. 160 · folio 50b

གང་ཞེ་ན། དེའི་ཕྱིར་མཚན་གཉིས་པའོ། །གླེ་འདམས་པའོ། །རྟག་ཏུ་ཟླ་མཚན་འཛག་པའོ། །ཟླ་མཚན་མི་འཛག་པའོ། །མཚན་མ་ཙམ་ཡོད་པའོ། །མཚན་མ་ཙམ་དུ་གྱུར་པའི་མཚན་ཡོད་པ་ནི་ཞེས་བྱའོ་ཞེས་བྱ་བ་སྨོས་ཏེ། གང་ལ་མཚན་མ་ཙམ་དུ་གྱུར་པའི་མོ་མཚན་ཡོད་པ་དེ་ནི་

མཚན་མ་ཡོད་པ་དེ་ཞེས་བྱ་བ་སྟེ་མིང་དེ་སྐད་གདགས་སོ། །སྔོན་རབ་ཏུ་བྱུང་བའོ་ཞེས་བྱ་བ་ནི་ཁྱོད་མཚན་གཉིས་པ་མ་ཡིན་ནམ་ཞེས་བྱ་བ་ནས་ཇི་སྲིད་དུ་ཁྱོད་ནི་སྔོན་རབ་ཏུ་བྱུང་བ་མ་ཡིན་ནམ་ཞེས་བྱ་བའི་བར་ནི་རབ་ཏུ་བྱུང་བའི་དོན་དུ་ཉེ་བར་འོངས་པ་ལ་དྲི་བར་བྱའོ། །ཇི་སྲིད་འདི་ལ་སྐྱེ་བའི་

ཆོས་ཉིད་མེད་པ་ཞེས་བྱ་བ་འདིར་ཚུལ་འདི་རྟོགས་པར་བྱའོ། །རབ་ཏུ་བྱུང་བའི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས་སོ།། །།མི་མ་ཡིན་པའི་འགྲོ་བ་པ་དང་བྱང་གི་སྒྲ་མི་སྙན་པ་གཉིས་ནི་སྡོམ་པའི་ཞིང་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་མིའི་འགྲོ་བ་པ་ལས་གཞན་པའི་འགྲོ་བ་གཞན་

ལས་སྐྱེས་པ་དང་། མིའི་འགྲོ་བ་ཉིད་ཡིན་དུ་ཟིན་ཀྱང་བྱང་གི་སྒྲ་མི་སྙན་པ་ནི་སྡོམ་པའི་ཞིང་ཉིད་མ་ཡིན་ཏེ། དེ་གཉིས་ལ་སྡོམ་པ་མི་སྐྱེའོ་ཞེས་བྱ་བའི་དོན་ཏོ། །མཚན་ལན་གསུམ་དུ་གྱུར་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་སྡོམ་པའི་ཞིང་ཉིད་མ་ཡིན་ཏེ་ཞེས་བྱ་བ་དང་རྗེས་སུ་འབྲེལ་

ཏོ། །གང་ཞིག་མཚན་ལན་གསུམ་དུ་གྱུར་པ་དེ་ལ་སྡོམ་པ་མི་སྐྱེའོ་ཞེས་བྱ་བའི་དོན་ཏོ། །དང་པོ་གཉིས་ལ་ནི་མི་ཉམས་སོ་ཞེས་བྱ་བ་ནི་སྡོམ་པ་སྟེ་མཚན་གྱུར་པ་དང་པོ་དང་གཉིས་པ་ལ་ནི་སྡོམ་པ་ཉམས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཕྲན་ཚེགས་ལས་ཆོ་ག་གཉིས་པ་འདི་

འདྲ་བ་ནས་དྲངས་པའོ། །ལེན་པ་ཉིད་ན་ཡང་སྐྱེའོ་ཞེས་བྱ་བ་ནི་སྡོམ་པ་ཡང་དག་པར་ལེན་པ་ཉིད་ལ་དེའི་ཚེ་ན་མཚན་གྱུར་ན་ཡང་སྡོམ་པ་སྐྱེ་བ་ཉིད་ཡིན་ནོ། །འདིར་གཞུང་ནི་བསྙེན་པར་རྫོགས་པར་འཚལ་བའི་མཚན་གྱུར་ན་བསྙེན་པར་རྫོགས་ཞེས་བགྱི་འམ་བསྙེན་པར་མ་རྫོགས་ཞེས་

བགྱི། བཀའ་སྩལ་པ། བསྙེན་པར་རྫོགས་ཞེས་བྱ་སྟེ། དགེ་སློང་མས་ནི་དགེ་སློང་རྣམས་ལས་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་ཡོངས་སུ་བཙལ་བར་བྱ་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །འདི་ཕོའི་མཚན་གྱུར་པ་ནི་དཔེ་ཙམ་དུ་ཟད་དོ། །གཞན་དུ་ཆོ་ག་འདི་ལ་

Vol. 160 · folio 51a

ཤིན་ཏུ་དོགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །བསྙེན་པར་རྫོགས་པར་གྱུར་པའི་གནས་སྐབས་ཅན་འདི་ནི་བསྙེན་པར་རྫོགས་པར་ལྟ་བ་གཟུང་བ་སྟེ། ཡོངས་སུ་གྱུར་པའི་སྔ་རོལ་དུ་དགེ་སློང་ཙམ་བསྡུས་པ་མི་རིགས་པའི་ཕྱིར་རོ། །དེ་དང་ལྡན་པའི་ལྟར་

མཁན་པོ་མེད་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ལ། དེ་དང་ལྡན་པའི་ཞེས་བྱ་བ་ནི་མཁན་པོ་དང་ལྡན་པ་ལ་དེའི་སྡོམ་པ་སྐྱེ་བ་ལྟར་མཁན་པོ་མེད་པ་ཉིད་ལ་ཡང་སྡོམ་པ་སྐྱེ་བ་ཡིན་ནོ། །དེ་བསྙེན་པར་མ་རྫོགས་པ་ཉིད་ཡིན་ཡང་ངོ་ཞེས་བྱ་བ་ནི་མཁན་པོ་དེ་བསྙེན་པར་རྫོགས་པ་ཉིད་ཡིན་ན་ཡང་

མཁན་པོ་དང་ལྡན་པའི་སྡོམ་པ་སྐྱེ་བ་ཉིད་དུ་འགྱུར་རོ། །དེ་དགེ་སློང་ཉིད་མ་ཡིན་པར་ཤེས་ན་ནི་མི་སྐྱེའོ་ཞེས་བྱ་བ་ནི་ཡང་དག་པར་ལེན་པར་བྱེད་པ་པོས་མཁན་པོ་དེ་བསྙེན་པར་མ་རྫོགས་པ་ཉིད་དམ་ཉམས་པ་ཉིད་ཡིན་པས་དགེ་སློང་ཉིད་མ་ཡིན་པར་ཤེས་ནས་ནི་མཁན་པོ་དང་ལྡན་པའི་སྡོམ་

པ་མི་སྐྱེ་བ་ཁོ་ནའོ། །འདིར་གཞུང་ནི་བསྙེན་པར་རྫོགས་པར་འཚལ་བ་མཁན་པོ་རྐུ་ཐབས་སུ་གནས་པས་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་ཞེས་བགྱིའམ། བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། གལ་ཏེ་བདག་གི་མཁན་པོ་རྐུ་ཐབས་སུ་གནས་པ་ཡིན་ནོ་

ཞེས་ཤེས་ན་ནི་བསྙེན་པར་མ་རྫོགས་པར་ཤེས་པར་བྱའོ། །གལ་ཏེ་མི་ཤེས་ན་ནི་བསྙེན་པར་རྫོགས་ཞེས་བྱའོ། །སྔོན་ལྟུང་བ་བྱུང་བའམ་དེ་བཞིན་ནོ་ཞེས་གསུངས་པ་ལ་སོགས་པ་ཡིན་ནོ། །དང་པོར་ཡེངས་པ་ཁྱིམ་པའི་མཁན་པོས་ཤེས་པར་བྱའོ། །འོ་ན་མཁན་པོ་མེད་པ་ཉིད་ལ་ཡང་

སྡོམ་པ་སྐྱེ་ན། དེ་བས་ན་ཇི་ལྟར་ཤེས་བཞིན་དུ་འདི་ལ་དགེ་སློང་མ་ཡིན་པ་ཉིད་དུ་མི་འགྱུར་བ་གང་གི་ཕྱིར་མི་ལྡན་པ་ཤེས་པའི་བསམ་པ་གྱུར་པ་དང་ཚུལ་ཁྲིམས་ལ་མ་གུས་པའི་བསམ་པར་འགྱུར་རོ། །ཚུལ་ཁྲིམས་ལ་དོན་དུ་མི་གཉེར་བར་འགྱུར་རོ་ཞེས་བྱ་བ་དེའི་ཕྱིར་འདི་སྐྱེའོ་ཞེ་ན། དེ་

མ་ཡིན་ཏེ། མཁན་པོ་ཉིད་མ་ཡིན་པ་ཇི་སྲིད་དུ་ཤེས་ན་དེའི་ཕྱིར་འདིར་སྐྱེ་བ་ལ་འགལ་བ་མེད་པ་གང་ཞིག་མཁན་པོ་ཉིད་བསྙེན་པར་རྫོགས་པ་མ་ཡིན་པ་ལ་སྡོམ་པ་སྐྱེ་བར་བརྗོད་པ་དེ་ནི་དགེ་འདུན་གྱི་དབང་དུ་མཛད་ན། དགེ་འདུན་གྱིས་བསྙེན་པར་རྫོགས་པ་ཉིད་མ་ཡིན་པ་ཤེས་བཞིན་

Vol. 160 · folio 51b

པ་ལ་སྐྱེ་བ་ཡིན་གྱི། བསྙེན་པར་རྫོགས་པར་ལྟ་བས་ནི་མ་ཡིན་ཞེས་བྱ་བའོ། །དེའི་ཕྱིར་སྤོང་བ་ལ་ཡང་མི་སྐྱའོ་ཞེས་བྱ་བ་ལ་སྡོམ་པའི་སྒོ་ཉིད་ཀྱི་ཕྱིར་མཁན་པོ་ལ་དེའི་ཕྱིར་དབུལ་ཞིང་ཕྱིར་སྤོང་བར་བྱེད་ན་དེ་ལ་ཡང་སྡོམ་པ་མི་སྐྱེའོ། །འདིར་གཞུང་ནི་བསྙེན་པར་རྫོགས་པར་བགྱིད་པ་ནི་སླར་

མཁན་པོ་སྤོང་བར་བགྱིད་ན་བསྙེན་པར་རྫོགས་ཞེས་བགྱིའམ། བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། བསྙེན་པར་མ་རྫོགས་ཞེས་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་གཉིས་ཀྱི་མིང་མ་བརྗོད་ན། ཡང་མི་སྐྱེའོ་ཞེས་བྱ་བ་ནི་ཞིང་དང་མཁན་པོ་འདི་དག་ལ་

ཡང་དག་པར་ལེན་པར་བྱེད་པ་འམ། ལས་བྱེད་པ་དག་གིས་མཚན་མ་བརྗོད་ན་སྡོམ་པ་སྐྱེ་བར་འགྱུར་བ་མ་ཡིན་ནོ། །དགེ་འདུན་གྱི་ན་ཡང་དེའི་སྐྱེ་གནས་ཀྱིས་མི་སྐྱེའོ་ཞེས་བྱ་བ་ནི་ཡང་དག་པར་ལེན་པར་བྱེད་པའམ་ལས་བྱེད་པ་དག་ལས་གང་ཡང་རུང་བས་དགེ་འདུན་གྱི་མཚན་མ་བརྗོད་ན་

ཡང་དེའི་སྐྱེ་གནས་ཀྱིས་ཞེས་བྱ་བ་དགེ་འདུན་གྱི་སྐྱེ་གནས་དེའི་རིགས་ཀྱི་སྡོམ་པ་ལ་སྐྱེ་བ་ཡོད་པ་མ་ཡིན་ནོ། །འདིར་གཞུང་ནི་ཡང་དག་པར་ལེན་པར་བྱེད་པའི་ཕྱིར་ནི་གང་ཟག་གསུམ་ནི་བསྙེན་པར་མ་རྫོགས་པ་ཡིན་ཏེ། བདག་ཉིད་ཀྱི་མིང་མི་བརྗོད་པ་དང་། མཁན་པོའི་མིང་མི་བརྗོད་པ་དང་། བསྙེན་

པར་རྫོགས་པ་ཡང་མི་ཤེས་པའོ་ཞེས་གསུངས་པའོ། །ལས་བྱེད་པ་པོའི་ཕྱིར་ནི་གཞུང་འདི་ཡིན་ཏེ། མཁན་པོ་དང་བསྙེན་པར་རྫོགས་པར་འཚལ་བ་དང་དགེ་འདུན་དང་གསུམ་གྱི་མིང་བརྗོད་པར་མི་བགྱིད་ན་བསྙེན་པར་རྫོགས་ཞེས་བགྱིའམ་བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་

པ། བསྙེན་པར་མ་རྫོགས་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ། སོ་སོར་ཉེ་བར་གནས་པ་མ་ཡིན་པ་ནི་འདི་ཡིན་ཏེ། གང་ཞིག་འདིར་གཟུང་བར་བྱས་པ་ཉིད་ཀྱིས་ཡང་དག་པར་ལེན་པ་པོའི་བདག་ཉིད་ཀྱི་མིང་བརྗོད་པའོ། །འདི་ནི་དགེ་འདུན་གྱི་སོ་སོར་ཉེ་བར་གནས་པ་སྟེ། རྗེས་སུ་

བཟུང་བ་པོ་མ་ཡིན་པ་ཉིད་ཀྱིས་གང་ཞིག་དགེ་འདུན་གྱི་འདི་མཚན་ནས་མ་བརྗོད་པའོ། །གང་ཞིག་ལས་བྱེད་པ་པོས་ཡང་དག་པར་བླངས་པ་དེའི་ཡུལ་ཉིད་ཁས་བླངས་པས་དེ་མི་བྱེད་པའོ། །གང་ཞིག་དགེ་འདུན་དང་དགེ་འདུན་དུ་བྱེད་པ་པོའི་ཁས་བླངས་པས་དེ་མི་བྱེད་པའོ། །གང་ཞིག་མཁན་པོ་

Vol. 160 · folio 52a

ལ་ལས་བྱེད་པ་པོས་མིང་མ་བརྗོད་པ་དེ་ཡང་དགེ་འདུན་དུ་བྱེད་པ་པོ་ཉིད་ལ་ཁས་བླང་བར་བྱ་བ་སྟེ། གང་གི་ཕྱིར་ལས་གང་ལ་དེར་དགེ་འདུན་བྱེད་པ་པོ་ཉིད་དུ་རིག་པར་བྱ་སྟེ། དེ་ལས་གཞན་པའི་ལས་དེ་བྱེད་པའོ། །མཁན་པོ་ལ་ཡང་དག་པར་ལེན་པ་པོས་མིང་

བརྗོད་པ་གང་ཡིན་པ་དེ་ལས་གང་ལ་བྱེད་པ་མཁན་པོ་དང་བཅས་པ་དེ་ལ་དེའི་ཡུལ་ཉིད་ཀྱིས་སོ་སོར་ཉེ་བར་གནས་པའོ། །དེ་བས་ན་འདི་རྣམས་ཀྱི་མཚན་ནས་མ་བརྗོད་པར་སྡོམ་པ་མི་སྐྱེའོ། །ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་ལ་ཡང་མི་སྐྱེའོ་ཞེས་བྱ་བ་ནི་རྒྱལ་མཚན་ཅན་དང་སོ་སོར་

ཡོངས་སུ་རྫོགས་པ་སྟེ། ཁྱིམ་པའི་རྒྱལ་མཚན་ཅན་དང་མུ་སྟེགས་ཀྱི་རྒྱལ་མཚན་ཅན་ལ་ཞེས་བྱ་བའོ། །འདིར་ནི་འབྲུ་མང་པོ་ཅན་གྱི་བསྡུ་བའོ། །ཁྱིམ་པའི་རྒྱལ་མཚན་གང་ལ་ཡོད་པ་དང་མུ་སྟེགས་ཀྱི་རྒྱལ་མཚན་གང་ལ་ཡོད་པ་དེར་ནི་ཁྱིམ་པའི་རྒྱལ་མཚན་ཅན་དང་མུ་སྟེགས་ཅན་གྱི་རྒྱལ་

མཚན་ཅན་ཞེས་བྱ་བའོ། །རྒྱལ་མཚན་འདི་གང་འཛིན་པ་དག་ལ་སྡོམ་པ་མི་སྐྱེ་སྟེ། འདིར་རྒྱལ་མཚན་ནི་ཆ་བྱད་དོ། །སྒྲེན་མོ་དང་འཁྲུགས་པ་དང་མཚན་དུག་མ་ལ་ཡང་མི་སྐྱེའོ་ཞེས་བྱ་བ་ལ་སྡོམ་པ་མི་སྐྱེའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ། །ཡང་དག་པར་བླངས་པ་ལས་སྒྲེན་མོར་

གྱུར་པ་མུ་སྟེགས་ཅན་གྱི་རྒྱལ་མཚན་ཞེས་བྱ་བ་འདི་ཉིད་ཀྱིས་བསྡུས་པའི་ཕྱིར། སྒྲེན་མོའི་ཚིག་ནི་དོན་གཞན་ཅན་རབ་ཏུ་དོར་ནས་སེམས་རབ་ཏུ་བཟུང་བ་ཉིད་གནས་སྐབས་དེ་ལ་དེའི་ཕྱིར་སྡོམ་པ་མི་སྐྱེའོ། །འཁྲུགས་པ་ཉིད་ཀྱིས་དེ་ལ་བརྟན་པ་ཉིད་མེད་པ་དེ་ལ་ཡང་སྡོམ་པ་མི་

སྐྱེའོ། །འདིར་མཚན་དུག་མའི་གཞུང་ནི། རེ་ཞིག་མཚན་དུག་མ་ཞིག་བཙུན་པ་རྣམས་ཀྱིས་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་ཞེས་བགྱིའམ་བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། བསྙེན་པར་རྫོགས་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་

པ་རྣམས་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མཚན་དུག་མ་ནི་སྔར་གང་དང་མཉམ་པར་སྦྱོར་བས་སྐྱེས་པ་འཆི་བའོ། །རྒྱུ་ལས་བཟློག་པའི་ཆད་པ་ཁས་མི་ལེན་པ་གནས་ནས་ཕྱུང་བ་ལ་ཡང་མི་སྐྱེའོ་ཞེས་བྱ་བ་ནི་ལྟ་བ་དང་བཅས་པ་དྲི་བ་དང་བྲལ་བ་ཞེས་བྱ་བའི་

Vol. 160 · folio 52b

བསམ་པ་ཅན་ལ་སྡོམ་པ་སྐྱེའོ། །དེ་བས་ན་ལྟུང་བ་མ་མཐོང་བ་ལ་སོགས་པའི་རྒྱུ་གང་གིས་གནས་ནས་དབྱུང་བའི་ལས་བྱས་པ་རྒྱུ་དེ་ལས་བཟློག་པ་ལ་སོགས་པ་དེ་ཁས་མི་ལེན་པ་ལ་ཡང་སྡོམ་པ་མི་སྐྱེའོ། །འདིར་གནས་ནས་ཕྱུང་བ་སྨོས་པ་ནི་དཔེ་ཙམ་དུ་ཟད་ཀྱི། སྨད་པ་ཐམས་ཅད་ལ་

ཡང་ཆོ་ག་འདི་ཡིན་ཏེ། འཐབ་མོ་བྱེད་པ་ལ་སོགས་པའི་བསམ་པ་ཅན་ལ་ཡང་མི་བཟློག་པའི་བསམ་པ་ཅན་ཉིད་ཀྱི་ཕྱིར་རོ། །ཚིག་སྔ་མ་མེད་པ་ཉིད་ལ་ནི་ཉེས་བྱས་ཙམ་དུ་ཟད་དོ། །དགེ་བསྙེན་ཉིད་མེད་པར་དགེ་ཚུལ་ཉིད་དུ་ཁས་ལེན་པ་དང་དགེ་ཚུལ་ཉིད་མེད་པར་དགེ་སློང་ཉིད་ཁས་

ལེན་པར་བྱེད་ན་ཉེས་བྱས་ཙམ་དུ་འགྱུར་གྱི་སྡོམ་པ་མི་སྐྱེ་བར་ནི་མི་འགྱུར་རོ། །འདིར་གཞུང་ནི། ཁྱིམ་པ་རབ་ཏུ་མ་བྱུང་བ་ཞིག་བསྙེན་པར་རྫོགས་པར་བགྱིད་ན། བསྙེན་པར་རྫོགས་ཞེས་བགྱིའམ་བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། ཉེ་བ་འཁོར་བསྙེན་པར་རྫོགས་

ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་པོ་རྣམས་ལ་ནི་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མཁན་པོར་མ་གསོལ་བ་ལ་ཡང་ངོ་། །བར་ཆད་མ་དྲིས་པར་ཡང་ངོ་ཞེས་བྱ་བ་ནི་འདིར་གཉིས་ཀ་ལ་ཡང་ཉེས་བྱས་ཡིན་ཏེ། སྡོམ་པ་མི་སྐྱེ་བ་ནི་མ་ཡིན་ཞེས་བྱ་བ་དང་

རྗེས་སུ་འབྲེལ་ལོ། །དེ་མེད་པར་ཁས་ལེན་པ་ལ་སྦྱིན་ན་ཡང་ངོ་ཞེས་བྱ་བ་ལ། མེད་པར་ཞེས་བྱ་བ་ནི་ཡོད་པར་གྱུར་པ་མ་ཡིན་པ་ལའོ། །ཡང་དག་པར་ལེན་པ་པོས་བདག་བར་ཆད་ཡོད་དོ་ཞེས་བྱ་བ་ཁས་བླངས་ན་སྡོམ་པ་འབོགས་པ་ལ་ཉེས་བྱས་ཙམ་ཡིན་གྱི་མི་སྐྱེ་བ་ནི་མ་ཡིན་ནོ། །འདིར་

གཞུང་ནི་གླེང་གཞི་རྣམས་ལས། བཙུན་པ་རེ་ཞིག་བར་ཆད་ཀྱི་ཆོས་རྣམས་དང་ལྡན་ནོ་ཞེས་མཆི་བ་ཞིག་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་ཞེས་བགྱིའམ་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། ཉེ་བ་འཁོར་བསྙེན་པར་རྫོགས་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་

པོ་རྣམས་ལ་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་སོ། །དེ་བས་ན་གང་དུ་བར་ཆོད་མངོན་པར་འདོད་པས་རྣམ་པར་གནས་ཏེ། རྣམ་པ་གང་ཞིག་ལ་བདག་ནི་བསྙེན་པར་རྫོགས་པའོ། །སྐྱེས་པ་འདྲ་བའི་བུད་མེད་ཉིད་དང་། བུད་མེད་འདྲ་བའི་སྐྱེས་པ་ཉིད་མཚན་གྱི་རྣམ་པ་གཞན་མ་ཡིན་

Vol. 160 · folio 53a

པ་ལ་ཡང་ཞེས་བྱ་བ་འདིར་སྡོམ་པ་མི་སྐྱེ་བ་སྟེ་ཞེས་བྱ་བ་དེ་ལ་འདི་རབ་ཏུ་བསྟན་ཏེ་མཚན་རྣམ་པ་གཞན་ཉིད་ཀྱི་ཕྱིར་འདིར་སྐྱེ་བར་མི་འགྱུར་རོ། །དེ་ཡང་འདིར་མི་འགྱུར་ཏེ། དེ་ནི་ལག་རྡུམ་ལ་སོགས་པ་འཕངས་པ་ཉིད་ཡིན་ནོ་ཞེས་བྱ་བ་འདི་ལ་སྐྱེས་པ་འདི་ལ་བུད་

མེད་ཀྱི་རྣམ་པ་གཞན་ལ་ལག་རྡུམ་དང་རྐང་རྡུམ་ཞེས་བྱ་བ་ལ་སོགས་པས་འཕངས་པ་ཉིད་ཀྱི་ཕྱིར་ཉེས་བྱས་ཙམ་དུ་ཟད་དོ་ཞེས་བྱ་བ་བརྗོད་པར་ཟད་དོ། །སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་དང་གླིང་གཞན་ནས་སྐྱེས་པའི་ཚུལ་བྱད་མི་འདྲ་བ་གཉིས་ཀྱང་ངོ་ཞེས་བྱ་བ་ནི་འདི་དག་ལ་ཡང་ལག་རྡུམ་

ལ་སོགས་པས་འཕངས་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་གྱི་གཞུང་ནི། བཙུན་པ་སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་བསྙེན་པར་རྫོགས་པར་བགྱིད་ན་ཞེས་བྱ་བ་ནས་ཇི་སྲིད་བསྙེན་པར་རྫོགས་པར་བྱེད་པ་པོ་དགེ་སློང་རྣམས་ལ་ཉེས་བྱས་ཀྱི་ལྟུང་བར་

འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གླིང་གཞན་ནས་སྐྱེས་པའི་གཞུང་ཡང་བཙུན་པ་འཛམ་བུ་གླིང་པའི་དགེ་སློང་རྣམས་ཀྱིས་ཤར་གྱི་ལུས་འཕགས་པོ་ཞིག་བསྙེན་པར་རྫོགས་པར་བགྱིད་ན་བསྙེན་པར་རྫོགས་ཞེས་བགྱིའམ། ཇི་སྲིད་དུ་ཉེ་བ་འཁོར་བསྙེན་པར་རྫོགས་ཞེས་བྱ་སྟེ། བསྙེན་

པར་རྫོགས་པར་བྱེད་པ་པོ་རྣམས་ནི་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བ་དང་། དེ་བཞིན་དུ་རྒྱས་པར་འཁོར་ལོ་བཞིན་དུ་སྦྱར་བ་གསུམ་པ་ཡིན་ནོ། །དབྱིབས་དང་ཚད་དང་གནས་སྐབས་ཀྱི་དབྱེ་བ་མི་རྣམས་ཀྱི་གླིང་གང་ལ་དེ་ཙམ་གསལ་བའི་གཙོ་བོ་འདིར་གླིང་གི་ཚིག་ཏུ་རྣམ་པར་གནས་པ་ཡིན་ནོ། །

འདིར་ནི་ཚུལ་བྱད་ཀྱི་ཚིག་གིས་འདི་ཁྱད་པར་དུ་བྱས་ཏེ་གདོང་ལ་སོགས་པའི་དབྱེ་བ་ཡང་འདིར་ཚུལ་བྱད་མི་འདྲ་བ་ལ་མངོན་པར་འདོད་དོ། །དེ་ལྟར་ན་ཡང་གླིང་གཅིག་པ་རྣམས་ལ་ཡང་རའི་གདོང་དང་རྣ་བ་འཕྱང་བ་ལ་སོགས་པ་རྣམས་ལ་གསལ་བ་ཉིད་དུ་རིག་པར་བྱའོ། །སེན་མོ་གཅིག་པ་དང་

ལག་པ་འཇས་ཏེ་ལྟེབས་པ་དང་། གཞོགས་ཕྱེད་འཇས་པ་དང་། མགོ་སྨྱུང་དང་སྐྲ་སྒྲ་སྒྲེ་ཅན་དང་། སྒུར་པོ་དང་དགྱེ་བོ་དང་དགྱེ་སྒུར་གྱུར་པ་དང་སེན་མོ་དྲུག་པ་དང་འབྱར་བ་དང་མེད་པ་དང་། མིག་རྫི་མ་ནང་དུ་ཟུག་པ་དང་ནེའུ་ལེའི་ལྟ་བུ་དང་འུག་པའི་ལྟ་བུ་དང་ཕྱིན་ཅི་ལོག་པ་དང་བར་འཛིངས་

Vol. 160 · folio 53b

པ་དང་རློ་བ་དང་གླེའོ་དང་ཟླུམ་པོ་དང་མིག་པོ་ཆེ་འཛེར་ཅན་དང་ཤུ་བ་ཅན་དང་འབྲུམ་ཅན་དང་། རྣ་བ་སེར་བ་དང་དཀར་བ་དང་དམར་བ་དང་སྦུབས་ཅན་དང་། ཁྱི་རྔོ་གཡའ་བ་དང་། འཕུངས་པ་དང་། ཆེ་བ་དང་རླིག་པའི་ནང་དུ་མཚན་ནུབ་པ་དང་། གླེན་པ་དང་། ལྕེ་མེད་པ་དང་། རྐང་

ལག་གཅིག་པ་དང་། སྐྲ་སྔོན་དང་མགོ་གླང་པོ་ཆེའི་ལྟ་བུ་དང་། རྟའི་ལྟ་བུ་དང་ཁྱིའི་ལྟ་བུ་དང་བ་གླང་གི་ལྟ་བུ་དང་ལུག་གི་ལྟ་བུ་དང་རི་དགས་ཀྱི་ལྟ་བུ་དང་ཉའི་ལྟ་བུ་དང་སྦྲུལ་གྱི་ལྟ་བུ་དང་། རིང་བ་དང་མང་བ་དང་། མགུལ་ཏ་ལ་ལྟ་བུ་དང་། སྐྲངས་པ་དང་སྤྱོད་ལམ་གྱིས་དུབ་པ་དེ་དག་ལས་མིན་

པ་རྣམས་སོ། །གཞན་དག་ནི་ན་བས་སོ་ཞེས་བྱ་བ་ནི་སེན་མོ་གཅིག་པ་ལ་སོགས་པ་རྫོད་པར་བྱེད་པ་རྣམས་ལ་ལག་རྡུམ་ལ་སོགས་པ་དག་གིས་འཕངས་པ་ཉིད་དེ་གཞན་དག་གནོད་པར་བྱེད་པ་རྣམས་ནི་ན་བ་སྟེ། ཁྱོད་ནད་པ་ཡིན་ནམ་ཞེས་བྱ་བ་འདིས་འཕངས་པ་ཉིད་ཅེས་བྱ་བའི་དོན་ཏོ། །སེན་

མོ་གཅིག་པ་ནི་གང་ལ་སེན་མོ་གཅིག་པ་ཁོ་ན་ཡོད་པའོ། །ལག་པ་འཇས་ཏེ་ལྟེབས་པ་ནི་གང་གི་ལུས་ཀྱི་ཡན་ལག་རྒྱ་བལྟབས་པ་འདྲ་བའོ། །གཞོགས་ཕྱེད་འཇས་པ་ནི་གང་གི་གཞོགས་ཕྱེད་བསྐམས་པའོ། །མགོ་སྨྱུང་ཞེས་བྱ་བ་ནི་གང་གི་མགོ་མཚན་གྱི་རྣམ་པ་འདྲ་བའོ། །སྐྲ་སྒྲ་སྒྲེ་ཅན་

ནི་གང་གི་སྐྲ་སྨྱོན་ཐབས་མཁན་གྱི་ལྟར་བར་བར་དུ་འཛིངས་པར་གནས་པའི་སྐྲའོ། །སྒུར་པོ་དང་དགྱེ་བོ་དང་དགྱེ་སྒུར་གྱུར་པ་ཞེས་བྱ་བ་ནི་དགྱེ་སྒུའི་སྒྲ་གསུམ་ཆར་ལ་སོ་སོར་ཁྱབ་ཅིང་རྫོགས་པའོ། །ནང་དུ་སྒུར་བ་དང་ཕྱིར་དགྱེ་བ་དང་། མདུན་རྒྱབ་ཏུ་སྒུར་བ་ཞེས་བྱ་བ་ནི་དེ་གཞན་དུ་གསུངས་ཏེ།

ཞར་བ་སོར་གདུབ་སྒུར་མིའུ་ཐུང་། །ཞེས་སྨོས་སྟེ། འདིའི་རབ་ཏུ་དབྱེ་བ་བསྟན་པའི་དོན་དུའོ། །སོར་མོ་དྲུག་པ་དང་འབྱར་བ་དང་མེད་པ་ཞེས་བྱ་བ་ནི། སོར་མོ་ཞེས་བྱ་བའི་སྒྲ་ནི་སོ་སོར་ཡོངས་སུ་རྫོགས་པ་སྟེ། སོར་མོ་དྲུག་པ་དང་། སོར་མོ་འབྱར་བ་དང་། སོར་མོ་མེད་པ་ཞེས་བྱ་

བའོ། །སོར་མོ་དྲུག་པ་ཉིད་དང་། སོར་མོ་འབྱར་བ་ཉིད་དང་། སོར་མོ་མེད་པར་གྱུར་པ་ཉིད་ཙམ་སོར་མོའི་གདེངས་ཀའི་ལག་པ་ཅན་ཏེ། འདིར་སོར་མོ་འབྱར་བ་ཉིད་ཀྱི་ཁོངས་སུ་བསྡུ་བའོ། །མིག་གི་རྫི་མ་ནང་དུ་ཟུག་པ་དང་ནེའུ་ལེ་ལྟ་བུ་དང་འུག་པའི་ལྟ་བུ་དང་། ཕྱིན་ཅི་ལོག་པ་དང་བར་

Vol. 160 · folio 54a

འཛིངས་པ་ཅན་དང་། རློ་བ་དང་གླེའོ་དང་ཟླུམ་པོ་ཞེས་བྱ་བ་ནི་ཡང་མིག་ཅེས་པའི་སྒྲ་སོ་སོར་སྦྱར་ཏེ། མིག་རྫི་མ་ནང་དུ་ཟུག་པ་དང་། མིག་ནེའུ་ལེ་ལྟ་བུ་དང་། མིག་འུག་པའི་ལྟ་བུ་དང་། མིག་ཕྱིན་ཅི་ལོག་པ་དང་། མིག་བར་འཛིངས་པ་དང་། མིག་རློ་བ་དང་།

མིག་གླེའོ་དང་། མིག་ཟླུམ་པོའོ། །མིག་གི་རྫི་མ་ནང་དུ་འཛུག་པ་ཞེས་བྱ་བ་ནི་གང་གི་མིག་གི་ནང་གི་པགས་པའི་རིམ་པ་ལ་རྫི་མ་ཡོད་པའོ། །མིག་ནེའུ་ལེའི་ལྟ་བུ་ཞེས་བྱ་བ་ནི་གང་གི་མིག་ནེའུ་ལེའི་མིག་ལྟ་བུའོ། །མིག་འུག་པའི་ལྟ་བུ་ཞེས་བྱ་བ་ནི་གང་གི་མིག་འུག་པའི་ལྟ་བུའོ། །

ཡང་ན་མིག་སེར་སྐྱ་བ་ལ་ཟླུམ་པའི་ཕྱིར་སྲིན་པོའི་མིག་འདྲ་བའོ། །མིག་ཕྱིན་ཅི་ལོག་ཅེས་བྱ་བ་ནི་གང་གི་གྲྭ་ལོགས་ཀྱི་ཟུར་གང་ཡིན་པ་དེ་ནི་སྣ་ལོགས་ལ་འདུག་ལ་སྣ་ལོགས་ཀྱི་ཟུར་གང་ཡིན་པ་དེ་ནི་གྲྭ་ལོགས་ན་འདུག་པའོ། །མིག་བར་འཛིངས་པ་ནི་གང་གི་སྣ་གོང་གཏན་མེད་

ལ་མིག་གཡས་གཡོན་འབྲེལ་བའོ། །མིག་རློ་བ་ཞེས་བྱ་བ་ནི་གང་གི་མིག་དྲ་བ་བཞིན་དུ་ཧ་ཅང་འཕྱང་བའི་མིག་གོ། །མིག་གླེའོ་ཞེས་བྱ་བ་ནི་གང་གི་མིག་གི་རྫི་མའི་སྤུ་མེད་པའི་ཕྱིར་རྫི་མ་སྐྱེ་བའི་མཐར་དཔེར་ན་ཁྲག་འཛག་པའི་ཤ་ལྟར་དམར་བའོ། །མིག་ཟླུམ་པོ་ཞེས་བྱ་བ་ནི་

གང་གི་མིག་དག་གི་འབྲས་བུ་ཟླུམ་པོ་དེའི་མིག་དག་གོ། །མིག་པོ་ཆེ་དང་འཛེར་ཅན་དང་ཤུ་བ་ཅན་དང་འབྲུམ་ཅན་ཞེས་བྱ་བ་ནི་ཡང་མིག་ཅེས་བྱ་བའི་སྒྲ་སོ་སོར་སྦྱར་ཏེ། མིག་པོ་ཆེ་དང་། མིག་འཛེར་ཅན་དང་། མིག་ཤུ་ཅན་དང་། མིག་འབྲུམ་ཅན་ནོ། །དེ་ལ་མིག་པོ་ཆེ་དང་།

ཞེས་བྱ་བ་ནི་གང་གི་མིག་ཧ་ཅང་ཆེ་བའོ། །རྣ་བ་སེར་བ་དང་དཀར་བ་དང་དམར་བ་དང་སྦུབས་ཅན་ཞེས་བྱ་བ་ནི་ཡང་རྣ་བ་ཞེས་བྱ་བའི་སྒྲ་སོ་སོར་སྦྱར་ཏེ། རྣ་བ་སེར་བ་དང་། རྣ་བ་དཀར་བ་དང་། རྣ་བ་དམར་བ་དང་། རྣ་བ་སྦུབས་ཅན་ནོ། །ཁྱི་རྔོ་གཡའ་བ་དང་འཕུངས་པ་དང་། ཆེ་བ་

ཞེས་བྱ་བ་ཡང་ཁྱི་རྔོ་གཡའ་བ་དང་། ཁྱི་རྔོ་འཕུངས་པ་དང་། ཁྱི་རྔོ་ཆེ་བའོ། །རླིག་པའི་ནང་དུ་མཚན་ནུབ་པ་དང་ཞེས་བྱ་བ་ནི་གང་གི་རླིག་པ་གཉིས་ཀྱིས་ཕོ་མཚན་གཡོགས་པའོ། །གླེན་པ་དང་ལྕེ་མེད་པ་དང་རྐང་ལག་གཅིག་པ་དང་ཞེས་བྱ་བ་ལ། གླེན་པ་ཞེས་བྱ་བའི་སྒྲ་ནི་བསྙེན་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words