འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ
Sanskrit title (Tibetan script, as in the text) སྭ་བྱཱ་ཁྱཱ་ན་ཨ་བྷི་དྷཱ་ན་བི་ན་ཡ་སཱུ་ཏྲ་བྲྀཏྟི་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 160 · folio 54b
པར་རྫོགས་པར་མི་ཤེས་ཞེས་བྱ་བ་འདི་བསྡུས་པ་ཉིད་དོ། །ལྕེ་མེད་པ་ཞེས་བྱ་བ་ནི་ལྕེ་གཏན་མེད་པའོ། །ལྐུགས་པའི་ཚིག་གིས་ནི་ལྕེ་ཡོད་དུ་ཟིན་ཀྱང་སྨྲ་བར་མི་ནུས་པ་ནི་ལྐུགས་པ་སྟེ། གཞན་ནི་ལྕེ་མེད་པ་ཞེས་བྱ་བ་བརྗོད་པའི་ཕྱིར་རོ། །རྐང་ལག་གཅིག་པ་དང་ཞེས་བྱ་བ་ནི། རྐང་ལག་གི་སྒྲ་དག་
གིས་སོ་སོར་འབྲེལ་བ་སྟེ་ལག་པ་གཅིག་པ་དང་། རྐང་པ་གཅིག་པ་དང་ལག་པ་མེད་པ་དང་རྐང་པ་མེད་པ་ཞེས་བྱ་བའོ། །སྐྲ་སྔོ་ཞེས་བྱ་བ་ནི་ཡུང་བའི་ཁ་དོག་ལས་གཞན་པའི་ཁ་དོག་ལ་བྱ་སྟེ། དེ་བས་ན་ཡུང་བའི་ཚིག་གིས་སྔོན་པོ་ལ་བརྗོད་པ་ཉིད་དོ། །མགོ་གླང་པོ་ཆེའི་ལྟ་བུ་དང་། རྟའི་ལྟ་བུ་དང་།
ཁྱིའི་ལྟ་བུ་དང་། བ་གླང་གི་ལྟ་བུ་དང་། ལུག་གི་ལྟ་བུ་དང་། རི་དགས་ཀྱི་ལྟ་བུ་དང་། ཉའི་ལྟ་བུ་དང་། སྦྲུལ་གྱི་ལྟ་བུ་དང་། རིང་བ་དང་མང་བ་ཞེས་བྱ་བ་ལ། མགོའི་སྐྲ་ནི་སོ་སོར་སྦྱར་ཏེ། མགོ་གླང་པོ་ཆེའི་ལྟ་བུ་དང་། མགོ་རྟའི་ལྟ་བུ་དང་། མགོ་ཁྱིའི་ལྟ་བུ་དང་། མགོ་
བ་གླང་གི་ལྟ་བུ་དང་། མགོ་ལུག་གི་ལྟ་བུ་དང་། མགོ་རི་དགས་ཀྱི་ལྟ་བུ་དང་། མགོ་ཉའི་ལྟ་བུ་དང་། མགོ་སྦྲུལ་གྱི་ལྟ་བུ་དང་། མགོ་རིང་བ་དང་། མགོ་མང་པོ་ཞེས་བྱ་བའོ། །ཐམས་ཅད་སྔོ་བ་དང་། ཐམས་ཅད་སེར་བ་དང་། ཐམས་ཅད་དམར་བ་དང་། ཐམས་ཅད་དཀར་བ་
ཞེས་བྱ་བ་ལ་གང་ཞིག་འདི་ཡང་འདོན་པ་དེ་རྣམས་ལ་ཡང་ལུས་ཀྱི་ཁ་དོག་བཞི་རྣམས་ཀྱིས་དེ་ལྟར་བརྗོད་པ་ཉིད་དོ། །མགུལ་ཏ་ལ་ལྟ་བུ་དང་། སྐྲངས་པ་དང་། སྐྲངས་པས་དུབ་པ་དང་། སྤྱོད་ལམ་གྱིས་དུབ་པ་ཞེས་བྱ་བའོ། །རྐུན་པོས་ནི་ཕུང་ཀྲོལ་པའོ་ཞེས་བྱ་བ་ནི་འཕངས་པ་ཉིད་དོ་ཞེས་
བྱ་བ་དང་རྗེས་སུ་འབྲེལ་ཏོ། །སྡིག་པ་ལ་འཇུག་པ་མཉམ་པ་ཉིད་ཀྱི་ཐུན་མོང་གིས་སོ། །འོ་ན་སོ་སོ་ཉིད་དུ་འགྱུར་བར་སྨོས་པ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་ཕུང་ཀྲོལ་བར་གྱུར་པ་ཡང་རྐུན་པོ་ནི་སྙིང་རྗེ་དང་བཅས་ཤིང་གཞན་ལ་འཕྲོག་པ་ཡིན་ཏེ། ཐམས་ཅད་ཀྱི་ཐམས་ཅད་དུ་གང་གི་ཕྱིར་
ཕལ་ཆེར་སྲོག་གཅོད་པ་ལ་འཇུག་པའོ། །ཕུང་ཀྲོལ་བ་ནི་རྐུན་པོ་མ་ཡིན་པར་གྱུར་པ་སྙིང་རྗེ་མེད་པ་གསད་བྱ་གསོད་པར་བྱེད་པ་ལ་སོགས་པ་སྟེ། དེ་བས་ན་འདི་ལ་སོ་སོ་ཉིད་དུའོ། །རྒྱལ་པོ་ཕ་མའི་བསམ་པ་ཅན་ཉིད་ཀྱིས་གནང་བ་ནི་ཕ་མ་དང་འདྲ་བའོ་ཞེས་བྱ་བ་ནི་ཕ་མའི་བསམ་པ་ཅན་
Vol. 160 · folio 55a
ཉིད་ཀྱི་རྒྱལ་པས་གནང་བ་ནི་ཕ་མ་དག་ཉིད་ཀྱིས་གནང་བར་བལྟ་བར་བྱ་སྟེ། རྒྱལ་པོས་གནང་བས་རབ་ཏུ་དབྱུང་བ་ལ་སྐྱོན་མེད་དོ་ཞེས་བྱ་བར་དགོངས་པའོ། །ཡོངས་སུ་འཛིན་པར་བྱེད་པ་གཉིས་ཀྱང་གནང་བ་དང་བསྲེལ་བ་དང་ཞུ་བ་དག་ལ་ཕ་མ་ཉིད་དང་འདྲའོ་ཞེས་
བྱ་བ་ནི་སྐྱེད་པར་བྱེད་པ་ཉིད་མེད་པ་ལ་ཡང་ཕ་མས་ཡོངས་སུ་བཟུང་བས་གནས་པ་དག་གིས་གནང་བ་ལ་ཞག་བདུན་བཟུང་བ་དང་། དགེ་འདུན་ལ་ཞུ་བ་བྱེད་པ་ལ་ཕ་མ་ཉིད་ཡིན་གྱི། སྐྱེད་པར་བྱེད་པ་དག་ཁོ་ནས་ཡོངས་སུ་འཛིན་པ་པོ་ཉིད་ཀྱིས་གནས་པ་དག་ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །
འདིར་གཞུང་ནི། བཙུན་པ་བུ་བཅོས་མ་ཞིག་རེ་ཞིག་བསྙེན་པར་རྫོགས་པར་བགྱིད་ན་སུའི་དྲུང་དུ་བཟོད་པ་གསོལ་བར་བགྱི། བཀའ་སྩལ་པ། བུ་ཉིད་དང་འདྲ་བས་གང་གིས་ཁས་བླངས་པ་དེ་ལའོ། །དེ་བཞིན་དུ་བུ་མོ་བཅོས་མ་ཡང་བུ་མོ་ཉིད་དང་འདྲ་བར་གང་གིས་ཁས་བླངས་པ་དེ་
ལའོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །མི་མ་ཡིན་པའི་འགྲོ་བ་པ་གཉིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཕ་མ་གཉིས་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏོ། །འདིར་གཞུང་ནི། བཙུན་པ་རེ་ཞིག་གང་གི་ཕ་མ་དག་དུས་བྱས་པར་གྱུར་ཏམ། དུད་འགྲོའི་སྐྱེས་གནས་སུ་སོང་བ་ལགས་ན་དེའི་སྐྲ་བྲེག་
པའི་ཕྱིར་དགེ་འདུན་ཐམས་ཅད་ལ་ཞུ་བར་བགྱིའམ། ཉེ་བ་འཁོར་འདི་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་གཉིས་ལས་མཚམས་མེད་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཕ་མ་མིའི་འགྲོ་བ་ནི་མ་ཡིན་པ་སྐྱེད་པར་བྱེད་པ་དག་གིས་ནི་འདི་མཚམས་མེད་པ་མི་སྐྱེད་པའོ། །དེ་ནི་སྐྱེད་པར་བྱེད་པ་གཉིས་
ལས་ཏེ་མཚན་གྱུར་པ་གཉིས་ལས་ཀྱང་ངོ་ཞེས་བྱ་བ་ནི་མ་སྐྱེས་པ་ཉིད་དུ་གྱུར་ཏམ། ཕ་བུད་མེད་ཉིད་དུ་གྱུར་ན་ཡང་མཚམས་མེད་པ་འབྱུང་བར་འགྱུར་བ་ཁོ་ན་ཡིན་ནོ། །མ་བསད་པ་ལ་སོགས་པ་དེ་བྱས་པ་ཉིད་གཙོ་བོར་ཞེས་བྱ་བ་ལ། དེ་བྱས་པ་ཉིད་ནི་མཚམས་མེད་པ་བྱས་པ་ཉིད་དེ་གང་ཞིག་
མ་གསོད་པ་ལ་སོགས་པ་རྣམས་ལ་རབ་ཏུ་དབྱུང་བའི་ཕྱིར་བཀག་པ་གང་ཡིན་པ་དེ་བྱས་པ་ཉིད་དེ་མཚམས་མེད་པ་དེ་བྱས་པ་ཉིད་དུ་རྟོགས་པར་བྱའོ། །དེའི་ཕྱིར་མཚམས་མེད་པ་བྱེད་པ་པོ་ནི་རབ་ཏུ་དབྱུང་བར་མི་བྱ་ཞེས་བྱ་བ་ཐམས་ཅད་དུ་ཡིན་ཏེ། མ་བསད་པ་རབ་ཏུ་དབྱུང་བར་མི་བྱའོ་
Vol. 160 · folio 55b
ཞེས་བྱ་བ་དེ་ལྟ་བུའི་གཙོ་བོ་ཅན་དེ་མ་ཡིན་ནོ། །དེ་ལྟར་ན་ཡང་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་མ་གསོད་པར་བྱེད་པ་ལ་རབ་ཏུ་དབྱུང་བ་བཀག་པར་འགྱུར་རོ། །སྐྱེས་པས་དགེ་སློང་མ་ལ་ཇི་ཞིག་བྱས་ན་དགེ་སློང་མ་སུན་ཕྱུང་བར་འགྱུར་ཞིང་བུད་མེད་ཀྱིས་ཀྱང་དགེ་སློང་ལ་ཇི་ཞིག་
བྱས་ན་སུན་ཕྱུང་བར་འགྱུར་ཅིའི་ཕྱིར་དེ་གཉིས་སུ་བསྟན་ཞེ་ན། དེའི་ཕྱིར་ཕམ་པར་གྱུར་པ་མ་བྱུང་བ་ཉིད་ལ་མི་ཚངས་པར་སྤྱོད་པས་ཉམས་སུ་མྱོང་བ་དག་སུན་ཕྱུང་བ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་སོ། །འདིར་གཞུང་ནི་བཙུན་པ་ཇི་ཙམ་གྱིས་ན་དགེ་སློང་མ་སུན་ཕྱུང་བ་ཞེས་བགྱི།
ཉེ་བ་འཁོར་གང་གིས་མི་ཚངས་པར་སྤྱད་པས་དགེ་སློང་མ་སུན་ཕྱུང་བར་གྱུར་ནའོ་ཞེས་གསུངས་པ་ཡིན་ནོ། །ཅི་སེམས་གང་ཡང་རུང་བའི་སེམས་དག་ལ་འདི་འབྱུང་བར་འགྱུར་རམ་ཞེ་ན། དེའི་ཕྱིར་ཉམས་སུ་མྱོང་བ་དག་ལ་ཞེས་བྱ་བ་སྨོས་ཏེ། བགྲོད་པར་བྱ་བ་ཡང་སུན་ཕྱུང་
བར་འགྱུར་ལ་བགྲོད་པ་པོ་ལ་ཡང་སུན་ཕྱུང་བར་འགྱུར་བ་ཞེས་བྱ་བ་འདི་བསྟན་པའི་དོན་དུ་འདིར་གཉིས་པའི་ཚིག་གོ། །བརྗོད་པ་དང་བཅས་པའི་ཟླས་ཉམས་སུ་མྱོང་བས་སུན་ཕྱུང་བ་ཉིད་མི་འགྱུར་བ་ཞེས་བྱ་བ་འདི་ལ་འདིར་ཟླས་ཉམས་སུ་མྱོང་བ་ཡན་ལག་མ་ཡིན་པ་ཉིད་དེ་
གང་གི་ཕྱིར་གཞན་གྱི་ཉེས་པས་གཞན་ལ་མི་གོས་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བ་སུན་ཕྱུང་བ་ལ་ཡང་སུན་འབྱིན་པ་ཉིད་མི་འགྱུར་བར་ཐལ་བའི་ཕྱིར་རོ། །འདུན་པ་ཞེས་བྱ་བའི་ཚིག་གང་ཡིན་པ་དེ་ནི་འདིར་ལུང་སྟེ། རང་གི་འདོད་པས་ཞེས་བྱ་བ་འདིའི་དོན་ཏོ། །ཅི་ཕམ་པར་
གྱུར་པ་བྱུང་བའི་ཡུལ་ལ་ཡང་དགེ་སློང་དང་དགེ་སློང་མ་ཉིད་ཡོད་དམ་གནས་སྐབས་དེ་དང་ལྡན་པ་འདི་དག་ལ་ཡང་སུན་འབྱིན་པར་བགྱིད་ན་སུན་ཕྱུང་བ་ཉིད་དུ་འགྱུར་རམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་ཕམ་པར་གྱུར་པ་མ་བྱུང་བ་ཉིད་ལ་ཞེས་བྱ་བ་སྨོས་སོ། །འདིར་གཞུང་ནི། བཙུན་པ་
རེ་ཞིག་གང་ཟག་བརྒྱད་ཀྱིས་དགེ་སློང་མ་གཅིག་ལ་དངོས་པོ་བརྒྱད་པོ་རེ་རེས་སུན་འབྱིན་པར་བགྱིད་ན་དགེ་སློང་མ་དེ་སུན་ཕྱུང་བ་ཞེས་བགྱིའམ། ཉེ་བ་འཁོར་སུན་ཕྱུང་བ་ཞེས་བྱའོ། །གང་ཟག་དེ་རྣམས་ལས་དུ་ཞིག་གིས་དགེ་སློང་མ་སུན་ཕྱུང་བ་ཞེས་བགྱི། བཀའ་སྩལ་པ། ཉེ་བ་འཁོར་
Vol. 160 · folio 56a
འགའ་ཡང་མ་ཡིན་ནོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་ནི་རེག་པ་དང་ལུས་བཀན་པ་དག་གིས་དགེ་སློང་མ་ལ་ཕམ་པར་མི་འགྱུར་བ་ཞེས་བྱ་བ་འདི་ནི་སུན་ཕྱུང་བ་ཉིད་དུ་རྣམ་པར་གཞག་པར་མི་སྣང་ངོ་། །ཇི་ལྟར་ཞེ་ན། དེ་ལ་ཡང་སྐྱེ་བ་དོན་གཞན་གྱིས་
རེག་པ་དང་། ལུས་བཀན་པ་ལ་ཁས་མི་ལེན་པ་དང་། ནོམ་པ་དང་ཉུག་པ་ལ་ཡང་དག་པར་ཞུགས་པའོ། །རེག་ནས་ཀྱང་ཁས་མ་བླངས་པ་ལ་དེས་རེག་པ་ལའོ། །སྐྱེས་པའི་ལུས་ལ་རང་གིས་རེག་ཅིང་སྐྱེས་པ་དང་ཉེ་བར་གྱུར་པ་ལའོ། །བུད་མེད་བསླབ་པ་ཕུལ་ནས་སྐྱེས་པ་ཉིད་དུ་
གྱུར་པ་ནི་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་རུང་བ་ཉིད་དོ་ཞེས་བྱ་བ་ནི་བུད་མེད་བསླབ་པ་ཕུལ་ནས་ཉམས་པར་གྱུར་པ་མཚན་གྱུར་ནས་སྐྱེས་པ་ཉིད་དུ་གྱུར་པ་ནི་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་བྱར་རུང་བ་ཉིད་ཡིན་ནོ། །བུད་མེད་མ་ཡིན་པ་ཉིད་ཀྱིས་གནས་སྐབས་དང་འདྲ་
བར་མི་རུང་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཕམ་པར་གྱུར་པ་ཐུན་མོང་མ་ཡིན་པ་ལྷག་པར་སྤྱད་པ་ཅན་ཡང་ངོ་ཞེས་བྱ་བ་ནི་སྐྱེས་པ་ཉིད་དུ་ཁས་བླངས་པ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་བྱར་རུང་བ་ཉིད་ཡིན་ཏེ། བུད་མེད་བསླབ་པ་ཕུལ་ནས་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏོ། །
བུད་མེད་བསྙེན་པར་རྫོགས་པར་བྱ་བ་ལ་གཉུག་མར་གནས་པ་རྣམས་ཡན་ལག་ཡིན་ནོ་ཞེས་བྱ་བ་ལ། འདིར་གཞུང་ནི་གསོ་སྦྱོང་གི་གཞི་ལས། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ཀྱི་དགེ་སློང་རྣམས་དང་ཉེ་བར་དགེ་སློང་མའི་དངོས་པོ་ཡོངས་སུ་བཙལ་བར་བྱའོ་
ཞེས་གང་གསུངས་པ་ལ་དགེ་སློང་དེ་རྣམས་གང་དག་ལགས། ཉེ་བ་འཁོར་གཉུག་མར་གནས་པ་དང་རིང་དུ་གནས་པ་དག་གོ་ཞེས་གསུངས་པ་ཡིན་ཏེ། དེའི་གནས་ལ་བརྟེན་པའི་གནས་ལ་གནས་པའི་དགེ་སློང་གི་དགེ་འདུན་ལ་ཉེ་བར་བརྟེན་པས་དགེ་སློང་མ་རྣམས་ཀྱི་གནས་སོ། །
དེ་ནས་དུས་དུས་སུ་གདམས་ངག་དང་རྗེས་སུ་བསྟན་པ་སློང་བ་སྟེ། གནས་པ་ལས་འདའ་བ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་འདིས་ཤེས་པའོ། །གཉུག་མར་གནས་པ་ཉིད་ནི་འདིར་ཡུན་རིང་པོར་གནས་པ་ཉིད་ཀྱིས་ཁྱད་པར་དུ་གྱུར་པ་ལ་རིང་དུ་གནས་པ་ཡིན་ནོ། །སྐྱེ་བའི་ཚེ་ཉིད་
Vol. 160 · folio 56b
ན་ཕུལ་ལམ་ཉམས་ན་མི་སྐྱེའོ་ཞེས་བྱ་བ་ལ། སྐྱེ་བའི་དངོས་པོ་ནི་སྐྱེ་བ་ཉིད་དེ་སྐྱེ་བཞིན་པ་ཉིད་ཅེས་བྱ་བའི་དོན་ཏོ། །སྡོམ་པ་ལེན་པའི་ཚེ་ན་སྡོམ་པ་དེ་སྐྱེ་བའི་ཚེ་ཉིད་གང་ཡིན་པའི་སྐྱེ་བཞིན་པ་ཉིད་ཀྱི་དེའི་གནས་སྐབས་དེ་ལ་ཕུལ་བས་ཡོངས་སུ་བཏང་བ་ལ་སོགས་པས་ཕུལ་ལམ་ཉམས་
པར་འགྱུར་རོ། །གང་ཞིག་སྡོམ་པ་སྐྱེ་བཞིན་པ་དེ་ནི་རྟོགས་པ་སྟེ། རྟོགས་པ་ལ་ནི་སླར་ལོག་པ་རྒལ་བ་ལ་སོགས་པ་ལ་མཐོང་བ་མ་ཡིན་ནོ། །དེ་བས་ན་སྡོམ་པ་སྐྱེ་བཞིན་པ་ལ་སླར་ལོག་པས་གནས་པ་མ་ཡིན་ནོ་ཞེས་བྱ་བ་གང་ཞིག་གིས་འདོད་པ་དེ་བཟློག་པའི་དོན་དུ་མདོ་འདིའོ། །འདིར་
གཞུང་ནི་སིལ་བུ་རྣམས་ལས། ཉེ་བ་འཁོར་རེ་ཞིག་བསྙེན་པར་རྫོགས་ནས་ཁྱིམ་པ་ཉིད་ཡིན་ནོ་སྙམ་དུ་སོ་སོར་ཤེས་ན་ཡང་བསྙེན་པར་རྫོགས་པ་མ་ཡིན་ཞེས་བྱ་བ་ན་བསྙེན་པར་རྫོགས་པར་བྱེད་པའི་ཚེ་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པ་ཡིན་ནོ། །རབ་ཏུ་བྱུང་བའི་གཞི་ཞུ་བ་ཕལ་ཆེ་
བའི་སྐབས་སོ། །འདུལ་བའི་འགྲེལ་པ་རང་གིས་རྣམ་པར་བཤད་པ་ཞེས་བྱ་བ་ལས་རབ་ཏུ་བྱུང་བའི་གཞི་རྫོགས་སོ།། །།རང་བཞིན་ཉམས་པས་བྱས་པ་ཉིད་ནི་ཕུལ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ། རང་བཞིན་ཉམས་པས་བྱས་པ་ནི་རང་བཞིན་ཉམས་པས་བྱས་པ་ཉིད་དོ། །
ཕུལ་བ་ལས་གང་ཞིག་རང་བཞིན་ཉམས་པས་བྱས་པ་ཉིད་དེ་ནི་ཕུལ་བ་ཉིད་མ་ཡིན་ནོ། །རང་བཞིན་ཉམས་པ་ནི་ཐ་སྙད་ལས་ཉམས་པ་ཞེས་བྱའོ། །རང་བཞིན་ཉམས་པ་ཉིད་ནི་རྣམ་པ་གསུམ་གྱིས་སྐྱེས་པ་ཡིན་ཏེ། སྨྱོས་པ་དང་། སེམས་རྣམ་པར་གཡེང་བ་དང་། སྡུག་བསྔལ་གྱིས་
མངོན་པར་གདུངས་པས་སོ། །དེ་ལ་མ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་ཉམས་པའི་གང་ཟག་ལ་ཕུལ་བ་ཉིད་གང་ཞིག་བྱེད་པ་འདི་ཉིད་དེ་ནི་ཕུལ་བ་ཉིད་མ་ཡིན་ནོ། །འདི་ནི་ཐ་སྙད་དུ་རིགས་པ་མ་ཡིན་ནོ། །གང་ཞིག་འདིར་ལྐུགས་པ་ལ་མ་ཡིན་ནོ་ཞེས་བྱ་བས་ནི་དེ་ལ་ཡང་གང་ཞིག་ཕུལ་
བ་ཉིད་དེ་ནི་ཕུལ་བ་ཉིད་མ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་སྨྲ་བར་མི་ནུས་པ་དེ་ནི། འདིར་ལྐུགས་པར་འདོད་དེ། དེ་ལ་གང་ཞིག་རབ་ཏུ་རིག་པ་དེ་ནི་རབ་ཏུ་རིག་པས་འདི་ཞུགས་པ་མ་ཡིན་ནོ། །མི་མ་ཡིན་པའི་འགྲོ་བ་ལ་མ་ཡིན་ནོ་ཞེས་བྱ་བ་ནི་ལྷ་དང་སྤྲུལ་པ་ལ་སོགས་པ་ལའོ། །མ་གོ་
Vol. 160 · folio 57a
བ་ཉིད་ལ་མ་ཡིན་ནོ་ཞེས་བྱ་བ་ནི་གླེན་པ་དང་འོན་པ་དང་སྙོམས་པར་ཞུགས་པ་དང་ཞེས་བྱ་བ་ལ་སོགས་པ་དེ་རྣམས་ཀྱང་བསྡུས་ཏེ། གླེན་པ་དང་འོན་པ་དག་བསྡུས་པ་ཉིད་ཀྱི་ཕྱིར་འདི་རྒྱུ་གཞན་མཐོང་བ་ཡིན་ཏེ། དེ་བས་རྣམ་པ་ཐམས་ཅད་དུ་གོ་བ་དང་ཉན་པའི་ཕྱིར་ཞེས་བྱ་བ་
གྲངས་ཇི་ལྟ་བ་བཞིན་དུ་འདིར་མི་ནུས་པ་ནི་གླེན་པ་དང་འོན་པ་དག་ལ་འདོད་པ་རྣམ་པར་གནས་པ་ཡིན་ཏེ། གང་དང་ཉེ་བར་ཕུལ་བ་དེ་ལ་གོ་བ་ཉིད་ལ་ཞེས་བྱ་བ་འདི་འདིར་ཤུགས་ཀྱིས་རྟོགས་པ་ཡིན་ནོ། །དབེན་པར་མ་ཡིན་ནོ་ཞེས་བྱ་བ་འདི་དབེན་པའི་འདུ་ཤེས་ཀྱིས་སམ་དབེན་པ་མ་ཡིན་པའི་
འདུ་ཤེས་ཀྱིས་དབུལ་བ་ཉིད་བྱས་ན་ཡང་དེ་ཕུལ་བ་ཉིད་མ་ཡིན་ནོ། །དེ་བས་ན་ལྟོས་པ་དང་བཅས་པ་ཉིད་ལ་འདིར་དབེན་པའི་འདུ་ཤེས་ཀྱིས་ལྐུགས་པའི་ཡུལ་ལ་ཞུགས་པ་བཞིན་དུ་འགྱུར་ཏེ། ཐམས་ཅད་དུ་བྱེད་པའི་རིམ་པའོ། །དབེན་པར་འདུ་ཤེས་པས་མ་ཡིན་ནོ་ཞེས་བྱ་བ་ནི་མི་དབེན་
པར་དབེན་པའི་འདུ་ཤེས་ཀྱིས་ཕུལ་བ་ཉིད་མ་ཡིན་ནོ། །འདིར་ཕུལ་བ་ཉིད་ནི་རྒྱུ་ཅིས་མི་འདོད་ཅེ་ན། གང་གི་ཕྱིར་མ་ཉམས་པའི་འདུ་ཤེས་ཀྱིས་ཐ་སྙད་གྱི་ཡུལ་ཐམས་ཅད་དུ་བྱེད་པའི་རིམ་པ་ཐམས་ཅད་བྱེད་པ་གང་ཡིན་པ་དེ་ནི་ཕུལ་བ་ཉིད་དོ། །གཉིད་ལོག་པ་ན་བླ་བར་འགྱུར་བ་ཉིད་ཀྱིས་
འདུ་ཤེས་མ་ཉམས་པ་ཉིད་ལ་ལ་ཀུན་ནས་སྤྱོད་པ་ཉིད་ལ་གནས་སྐབས་དེ་དང་ལྡན་པས་ཕུལ་བ་ཉིད་མ་ཡིན་ཏེ། རང་བཞིན་ཉམས་པ་དང་ལྐུགས་པ་དང་མ་གོ་བ་ཉིད་དང་དབེན་པར་ཐམས་ཅད་དུ་བྱེད་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་ཐམས་ཅད་དུ་བྱེད་པ་མ་ཡིན་པ་ལ་འདི་ལྟར་བདག་ནི་ཐ་
སྙད་ལ་གནས་ཞེས་བྱ་བའི་བསམ་པ་རྫོགས་པ་མ་ཡིན་ནོ། །མི་མ་ཡིན་པའི་འགྲོ་བ་པ་ལ་ཐ་སྙད་དུ་བྱ་བ་མེད་པའི་ཕྱིར་དང་དབེན་པའི་འདུ་ཤེས་ཀྱིས་ཐམས་ཅད་དུ་བྱེད་པ་རྩོམ་པ་མེད་པའི་ཕྱིར་རོ། །ཐམས་ཅད་དུ་བྱེད་པ་རྩོམ་པ་ཉིད་མེད་པ་བདག་འདི་ལྟར་ཐ་སྙད་ལ་གནས་ཞེས་བྱ་བ་བསམ་པ་
རྫོགས་པ་མ་ཡིན་ནོ། །དེ་བས་ན་ལྟོས་པ་དང་བཅས་པ་ཉིད་རང་གི་འདོད་པས་རབ་ཏུ་གྲོལ་ཞིང་སེམས་རབ་ཏུ་བཟུང་བར་འགྱུར་རོ། །དེ་བས་ན་འདིར་ཕུལ་བ་ཉིད་འདོད་པ་མ་ཡིན་ནོ། །བསླབ་པའམ། སངས་རྒྱས་སམ་ཆོས་སམ་དགེ་འདུན་ནམ་མདོ་སྡེའམ་འདུལ་བའམ་མ་
Vol. 160 · folio 57b
མོའམ། སློབ་དཔོན་ནམ་མཁན་པོ་འབུལ་ལོ། །བདག་ཁྱིམ་པའམ། དགེ་ཚུལ་ལམ། ཟ་མའམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བའམ། རྐུ་ཐབས་སུ་གནས་པའམ། ཐ་དད་པར་གནས་པའམ། གནས་པར་མི་བྱ་བའམ། མུ་སྟེགས་ཅན་ནམ། མུ་སྟེགས་ཅན་
ཞུགས་པའམ། མ་བསད་པའམ། ཕ་བསད་པའམ། དགྲ་བཅོམ་པ་བསད་པའམ། དགེ་འདུན་གྱི་དབྱེན་བྱས་པའམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བར་གཟུང་དུ་གསོལ། །བདག་ཚངས་པ་མཚུངས་པར་སྤྱོད་པ་ཁྱེད་ཅག་དང་ལྷན་ཅིག་གནས་པའམ་
ལོངས་སྤྱོད་པས་ཆོག་གོ་ཞེས་བྱ་བ་ལྟ་བུ་ནི་འབུལ་བའི་ཚིག་དག་ཡིན་ནོ་ཞེས་བྱ་བ་ལ། ལྟ་བུ་ཞེས་བྱ་བའི་སྒྲ་ནི་རྣམ་པ་གསུམ་བསྟན་པའི་ཕྱིར་ཏེ། རྣམ་པ་དེ་ལྟ་བུ་དང་ཆོ་ག་དེ་ལྟ་བུ་དང་། རིགས་དེ་ལྟ་བུ་རྣམས་ནི་འབུལ་བའི་ཚིག་རྣམས་རྩོམ་པའོ། །སླར་མདོ་འདི་ལ་དེ་ལྟར་
ན་བསླབ་པ་འབུལ་བ་ནི་ཚིག་ཏུ་སྨྲ་བ་དེ་ཁོ་ན་ལས་བསླབ་པ་འབུལ་བར་མ་ཟད་ཀྱི། ཚིག་ཏུ་མ་སྨྲས་པར་རྣམ་པ་གང་ཡང་རུང་བས་གཏོང་བའི་མཚན་མ་ལས་ཀྱང་ཕུལ་བར་འགྱུར་ཏེ། དེས་ན་ལུས་ཀྱི་རྣམ་པར་རིག་བྱེད་ལས་ཀྱང་འདིར་ཕུལ་བར་འགྱུར་ལ། ངག་གི་རྣམ་པར་རིག་བྱེད་ལས་
ཀྱང་ཞེས་བྱ་བ་རྟོགས་པར་བྱའོ། །འདིར་སླར་རིགས་པ་ནི་འཕོ་བ་བསྟན་པས་འདིར་དགོས་པ་ཡིན་གྱི་ཚིག་གི་ཁྱད་པར་གྱིས་ནི་མ་ཡིན་ནོ། །དོན་གཞན་སྟོན་པའི་སྒྲ་ལས་དོན་གཞན་ཁོང་དུ་ཆུད་པ་ཞེས་བྱ་བ་འགྲུབ་པ་ཡིན་ནོ། །དེ་བཞིན་དུ་འཕོ་བ་ལ་དགོས་པས། ཚིག་ཏུ་སྨྲས་པ་
དང་། ཚིག་ཏུ་མ་སྨྲས་པར་ཤེས་པ་དང་། རྟོགས་པ་གཞན་གྱིས་ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་ཉམས་པ་འདི་ལ་སྒྲུབ་པར་བྱེད་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ཞེས་བྱ་བ་འདིར་རྣམ་པར་གཞག་གོ། །གཞན་གྱིས་གོ་བར་བྱས་པ་ལ་འདིར་དོན་ཡིན་པའི་ཕྱིར་གང་དུ་སུ་ཞིག་གིས་རྣམ་
པ་གང་ཡང་རུང་བས་བསླབ་པ་འདིས་ཡོངས་སུ་བཏང་ངོ་ཞེས་བྱ་བ་གཞན་གྱིས་རྟོགས་པར་གྱུར་ན་ཕུལ་བ་ཉིད་དུ་འགྱུར་རོ། །ལྟ་བུ་ནི་དབུལ་བའི་ཚིག་རྣམས་ཡིན་ནོ་ཞེས་བྱ་བས་ངག་གི་རྣམ་པར་རིག་བྱེད་ཉིད་ལས་ཡོངས་སུ་བཟུང་བ་ཡིན་ནོ། །འབུལ་བའི་བྱ་བ་ལ་འདི་ལྟ་བུའི་ཚིག་
Vol. 160 · folio 58a
རྣམས་ཞེས་བྱ་བ་འདིའི་དོན་ཡིན་ཏེ། ཚིག་ཉིད་ནི་འབུལ་བར་བྱེད་པ་ཞེས་བྱ་བ་འདི་ནི་ཡོད་པ་མ་ཡིན་ནོ། །ཚེ་དང་ལྡན་པ་དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་གང་ཞིག་འདིར་འདོན་པ་དེ་ནི་མི་གཡེང་བ་ཉིད་སྦྱིན་དུ་བཅུག་པས་དགེ་སློང་གི་ཚིག་གིས་འདོན་པ་
ཡིན་ནོ། །འདི་ནི་སྔགས་མ་ཡིན་ཏེ། གང་གི་ཕྱིར་འདིར་སྔགས་ཀྱི་དགོས་པ་མ་ཡིན་ཏེ། དོར་བ་ཙམ་ཉིད་ཀྱི་ཕྱིར་ཞེས་བྱ་བ་འདི་ནི་སོང་བ་ཙམ་དུ་ཟད་དོ། །སངས་རྒྱས་སམ། ཆོས་སམ་དགེ་འདུན་ནམ་ཞེས་བྱ་བ་ནི་དཀོན་མཆོག་འདུལ་བ་ལ་ཡང་དག་པར་བརྟགས་པའི་དོན་དུ་
འདི་ནི་འདི་ལྟ་བུ་མ་ཡིན་པ་དང་། འདི་ལྟ་བུ་ཅུང་ཟད་ཡོད་པ་མ་ཡིན་པ་དང་། འདི་ནི་འདི་ལྟ་བུ་ཡོད་དམ་འོན་ཏེ་མ་ཡིན་སྙམ་པ་འདིས་བདག་ལ་རེ་ཞིག་དགོས་པ་མེད་ཅེས་བྱ་བ་རྟོགས་པ་གསུམ་མོ། །མདོ་སྡེའམ་འདུལ་བའམ་མ་མོའམ་ཞེས་བྱ་བ་ནི་དེ་བཞིན་དུ་སྡེ་སྣོད་འབུལ་བ་ལ། འདི་
ནི་གཏོང་བའི་ཆོ་ག་ཡིན་པ་དང་། འདི་ལྟ་བུ་གཏོང་བའི་ཆོ་ག་ཡོད་པ་མ་ཡིན་པ་དང་། གཏོང་བའི་ཆོ་ག་འདི་ནི་ཡོད་དམ། འོན་ཏེ་མ་ཡིན་སྙམ་དུ་འདིས་བདག་ལ་རེ་ཞིག་དགོས་པ་མེད་ཅེས་བྱ་བ་ལ། དང་པོ་བདག་གི་འདོད་པ་བརྟགས་པ་ནི། མེད་ན་བདེན་པར་བརྟེན་འདོད་ལ། །གཏོང་
བའི་ཆོ་ག་བདེན་པར་འདོད། །ཅེས་བྱ་བས་འབུལ་བར་བྱ་བ་མ་ཡིན་པ་འབུལ་བ་ཉིད་དོ། །གཞན་ལ་བརྟེན་པའི་གཏོང་བའི་ཆོ་ག་འདི་ཡོད་དམ། དོན་གཞན་ལ་བརྟེན་པའི་གཏོང་བའི་ཆོ་ག་འདི་ཡོད་པ་མ་ཡིན་ཞེ་ན། འདུལ་བ་ཡོད་པ་མ་ཡིན་པ་དང་། འདི་ལྟ་བུ་ནི་ཅུང་ཟད་ཡོད་པ་མ་
ཡིན། འདི་ལྟ་བུར་ཡོད་དམ་འོན་ཏེ་མ་ཡིན་ཞེ་ན། དེའི་ཕྱིར་འདིས་རེ་ཞིག་བདག་ལ་དགོས་པ་མེད་དོ། །གཏོང་བའི་ཆོ་ག་འདི་ལྟ་བུ་ཡོད་པ་མ་ཡིན་པ་དང་། འདི་ནི་ཡོད་དམ་འོན་ཏེ་མ་ཡིན་ཞེ་ན། དེའི་ཕྱིར་རེ་ཞིག་འདིས་བདག་ལ་དགོས་པ་མེད་ཅེས་བྱ་བ་རྣམས་ཀྱིས་རྣམ་རྟོག་མེད་པར་
འབུལ་བའོ། །འདི་ནི་སྡོམ་པའི་རྟེན་ཡིན་ཏེ། གང་ཞིག་གསུམ་པོ་འདི་དེ་བས་ན་འདི་འབུལ་བས་བསླབ་པ་འབུལ་བ་ལ་ཡིད་ཆེས་པའོ། །སློབ་དཔོན་ནམ་མཁན་པོ་འབུལ་ལོ་ཞེས་བྱ་བ་ནི་སྡོམ་པའི་མཚན་མར་འདི་འབྲེལ་པ་ཡིན་ཏེ། གང་ཞིག་སློབ་དཔོན་ཉིད་དང་མཁན་པོ་ཉིད་འདི་དག་
Vol. 160 · folio 58b
འབུལ་བ་ལ་ཡིད་ཆེས་པའོ། །ཀློག་པའི་སློབ་དཔོན་ལ་ནི་ཆོ་ག་འདི་ཉིད་བདག་གིས་བརྗོད་པ་ཡིན་ཏེ། གང་ཞིག་པའི་དོན་དུ་དང་གཞན་འདི་ལྟ་བུ་ལ་སློབ་དཔོན་ཉིད་དེ་བདག་ལ་སླར་འདིའམ། གཞན་སློབ་དཔོན་འདི་ལྟ་བུ་གང་ལ་སྟེ་ཞེས་བྱ་བའི་ཆོ་ག་གཏོང་བའི་བརྟགས་པས་འབུལ་ལོ། །
གནས་ཀྱི་སློབ་དཔོན་ལ་ཡང་དེ་ལྟ་བུ་ཉིད་དུ་གཏོང་བའི་ཆོ་གས་སོ། །གལ་ཏེ་མཁན་པོ་ཉིད་ལ་སླར་རྣམ་པར་བཅད་ནས་འབུལ་བ་ཉིད་བསྙེན་པར་རྫོགས་པའི་མཁན་པོ་ལ་འབུལ་བ་ཞེས་བྱ་བ་བསྙེན་པར་རྫོགས་པ་ལ་འབུལ་བ་རྣམ་པར་གཅད་ནས་དགེ་ཚུལ་ཉིད་ལ་ཡང་ངོ་། །བདག་ཁྱིམ་པའམ་
ཞེས་བྱ་བ་ནི་ཁྱིམ་པ་ཉིད་དུ་དམ་བཅས་པ་ལ་རབ་ཏུ་བྱུང་བའི་སྡོམ་པ་ཡོད་པའི་དངོས་པོ་མེད་དེ་ཞེས་བྱ་བ་ནི་ཁྱིམ་པ་ཉིད་སོ་སོར་ཤེས་པ་ལ་བསླབ་པ་འབུལ་བ་ཉིད་གོ་བར་བྱེད་པའོ། །དགེ་ཚུལ་ལམ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པ་ཉིད་དགེ་ཚུལ་ལ་བརྟེན་པ་ཞེས་བྱ་བ་ཡོད་པ་མ་
ཡིན་ཏེ་ཞེས་བྱ་བ་དགེ་ཚུལ་ལ་བརྟེན་པ་ཉིད་ཤེས་པ་ལ་བསྙེན་པར་རྫོགས་པ་འབུལ་བ་ལའོ། །ཟ་མའམ་མ་ནིང་ངམ་ཞེས་བྱ་བ་ནི་ཞིང་མ་ཡིན་པ་ལ་སྡོམ་པའི་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཟ་མའམ་མ་ནིང་ཉིད་དུ་དམ་བཅས་པ་ལ་སྡོམ་པ་ཐམས་ཅད་འབུལ་བ་ལའོ། །དགེ་
སློང་མ་སུན་ཕྱུང་བའམ་ཞེས་བྱ་བ་ནི་དགེ་སློང་མ་སུན་ཕྱུང་བ་ཉིད་ནི་ཞིང་མ་ཡིན་པ་ཉིད་ཀྱི་རྟོག་པས་གལ་ཏེ་དམ་བཅས་ན་དེ་ལྟ་བུ་ཉིད་འདི་ལ་གོ་བ་ཉིད་དེ་ཕམ་པ་ཉིད་ཀྱི་བསམ་པས་གལ་ཏེ་འཕོ་བ་ཉིད་འདིར་རབ་ཏུ་བྱུང་བའི་ཕྱིར་ཞེས་བྱ་བའི་བློ་གང་ཡིན་པ་དེའི་དབང་གིས་སོ། །རྐུ་ཐབས་
སུ་གནས་པའམ་ཞེས་བྱ་བ་ནི་དམ་བཅས་པ་ལ་ཞིང་མ་ཡིན་པ་ཉིད་ཀྱི་བསམ་པ་ཉིད་ལ་ཟ་མ་དང་མ་ནིང་ཉིད་དུ་དམ་བཅས་པ་བཞིན་གོ་བར་བྱེད་པ་ཉིད་མ་ཡིན་ནོ། །སྡོམ་པ་མ་བླངས་པའི་བསམ་པ་ཉིད་ལ་ཁྱིམ་ན་གནས་པ་དམ་བཅས་པ་བཞིན་དུའོ། །ཐ་དད་པར་གནས་པའམ་ཞེས་བྱ་
བ་ལ། ཐ་དད་པར་གནས་པ་ཞེས་བྱ་བ་ནི་དམ་བཅས་པ་ལ་སྨོན་པའི་ཕྱོགས་ཀྱི་ནང་ན་གནས་པ་ཉིད་ཀྱི་བསམ་པ་ལ་འབུལ་བ་ལ་གོ་བར་བྱེད་པ་ཉིད་ནི་ཡོད་པ་མ་ཡིན་པ་སྟེ། རབ་ཏུ་བྱུང་བ་ཀུན་ལས་འདི་ཐ་དད་པ་ཉིད་ཅེས་བྱ་བ་མངོན་པར་འདོད་པ་ལ་ཁྱིམ་པ་ཉིད་དུ་དམ་བཅས་པ་བཞིན་དུའོ། །བསྙེན་
Vol. 160 · folio 59a
པར་རྫོགས་པ་ཐམས་ཅད་ལས་འདི་ཐ་དད་པ་གནས་པ་ཞེས་བྱ་བ་འདི་དགེ་ཚུལ་ཉིད་དུ་དམ་བཅས་པ་བཞིན་དུའོ། །གནས་པར་མི་བྱ་བའམ་ཞེས་བྱ་བ་ལ། གནས་པར་མི་བྱ་བ་ནི་དམ་བཅས་པ་འདི་ཕམ་པ་ཉིད་དེ་ཞེས་བྱ་བ་ཕྱོགས་འདི་ལ་དགེ་སློང་མ་སུན་འབྱིན་
པར་བྱེད་པ་ལ་དམ་བཅས་པ་བཞིན་དུའོ། །མུ་སྟེགས་ཅན་ཞེས་བྱ་བ་ལ། མུ་སྟེགས་ཅན་ནི་ཞིང་མ་ཡིན་པ་ཉིད་ཀྱིས་བསམ་པ་ཉིད་ལ་མུ་སྟེགས་ཅན་ཞུགས་པ་ལ་རིགས་པ་ཡིན་ཏེ། དེ་ལ་ཟ་མ་དང་མ་ནིང་ཉིད་དུ་དམ་བཅས་པ་བཞིན་དུའོ། །དགེ་འདུན་གྱི་དབྱེན་བྱས་པའམ། དེ་
བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བར་གཟུང་དུ་གསོལ་ཞེས་བྱ་བ་ལ། དགེ་འདུན་གྱི་དབྱེན་བྱས་པ་དང་ངན་སེམས་ཀྱིས་ཁྲག་ཕྱུང་བ་ཞེས་བྱ་བ་ནི་འདི་ཉིད་རིགས་པ་ཡིན་ཏེ། དེ་དག་ལ་ཡང་དེ་བཞིན་དུའོ། །མཚམས་མེད་པ་ལྷག་མ་རྣམས་བྱེད་པ་ལ་ཞིང་མ་ཡིན་པ་
ཉིད་ཀྱིས་བསམ་པ་ལ་ཡང་སྦྱར་བ་དང་ཕམ་པ་ཉིད་ནི་བསམ་པ་ཡང་སྦྱར་བའོ། །ཞིང་མ་ཡིན་པ་ཉིད་དུ་རྟོགས་པ་ལ་འདི་རྣམས་ཀྱང་དམ་བཅས་པ་ལ་དེ་ལྟ་བུ་ཉིད་དུ་ཕམ་པར་འགྱུར་བའི་བསམ་པ་ཅན་ལ་གནས་པར་མི་བྱ་བ་ཉིད་དུ་དམ་བཅས་པ་བཞིན་དུའོ། །བདག་ལ་ཆོག་གོ་ཞེས་བྱ་བ་ནི་ཐ་
དད་པའི་དངོས་པོའི་ཚིག་ནི་འདི་ལ་ཐ་དད་པར་གནས་པ་ཉིད་དུ་དམ་བཅས་པ་བཞིན་དུའོ། །འབུལ་བའི་ཆོ་གའོ།། །།སོ་སོར་བཤགས་པར་བྱ་བའི་མཐའ་ཅན་གྱི་ལྟུང་བ་རྣམས་ནི་མདོ་འདི་རྣམས་ལ་མ་བརྗོད་པ་ལྟུང་བ་རྒྱས་པར་བཤད་པ་སོ་སོར་ཐར་པའི་མདོ་ལ་གནས་
པ་ལ་ལྟོས་ནས་ལྟུང་བ་འདི་གང་ཡིན་ཞེས་བྱ་བའི་མཚན་ཉིད་སྟོན་པར་རིག་པར་བྱ་སྟེ། དེ་ལ་མི་ཚངས་པར་སྤྱོད་པའི་ཕམ་པར་གྱུར་པ་གང་ཞེ་ན། དེའི་ཕྱིར་བཅུག་རེག་ཉམས་སུ་མྱོང་བར་བྱས་ནའོ་ཞེས་བྱ་བ་སྨོས་ཏེ། བཅུག་པའི་རེག་པ་ཉམས་སུ་མྱོང་བར་བྱས་ན་ཞེས་བྱ་བའི་དོན་ཏོ། །
བཅུག་པ་དང་འབྲེལ་བ་དང་ཡང་ཚིག་གིས་ནི་བཅུག་པ་མེད་པར་ལྟུང་བ་སྐྱེད་པ་མ་ཡིན་ཞེས་བྱ་བར་རིག་པར་བྱའོ། །གང་དུ་བཅུག་པ་འདི་དེ་ལ་བཅུག་པའི་ཆ་དང་ཡང་དག་པར་ལྡན་པའི་ཕྱོགས་ཀྱིས་རེག་པ་གང་ཞིག་དེ་ལ་ཉམས་སུ་མྱོང་བར་བྱས་པ་ལ་དགེ་སློང་མ་ཕམ་པར་བྱེད་པ་ལ་མཚན་
Vol. 160 · folio 59b
ཉིད་འདིའོ། །དགེ་སློང་མ་བརྟེན་པ་ཉིད་ཀྱིས་ཉེ་བར་མཁོ་བ་ལ་རེག་པར་བྱ་བ་ལ་རེག་པ་གཅིག་གང་ཞིག་དེ་དང་ཡང་དག་པར་ལྡན་པས་འདི་བརྗོད་པས་ཉམས་སུ་མྱོང་བར་བྱས་ན་ཞེས་བྱ་བའི་ཚུལ་རྟོགས་པར་བྱའོ། །འདིར་ཡང་སྙོམས་པར་འཇུག་པ་གཉིས་ལས་སྒྲ་གཅིག་ལ་འཇུག་པ་
ཡང་དག་པར་འབྱུང་བ་ཡོད་པ་ཡིན་ཏེ། དེ་བས་ན་མདོ་འདི་ལ་ཡང་བལྟབས་པར་རྟོགས་པར་བྱའོ། །ཅི་ཞིག་བཅུག་པ་ཞེ་ན། དེའི་ཕྱིར། ཟག་བྱེད་དོ་ཞེས་སྨོས་ཏེ། སྐྱེས་པ་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ། །འདོད་ཆགས་དང་བྲལ་བ་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་སྒྲ་འདིས་
གང་དུ་བསྟན་ཞེ་ན། དེའི་ཕྱིར་དེར་རོ་ཞེས་བྱ་བ་སྨོས་ཏེ། ཟག་བྱེད་ལ་ཞེས་བྱ་བའི་དོན་ཏོ། །འདིར་ཟག་བྱེད་ནི་མོའི་དབང་པོའོ། །དེ་ཇི་ལྟ་བུ་ལས་ཤེ་ན། དེའི་ཕྱིར་མ་ཉམས་པར་རོ་ཞེས་བྱ་བ་སྨོས་ཏེ། མིའི་བུད་མེད་གསོན་པ་མ་ཉམས་པ་ལའོ་ཞེས་བྱ་བས་མ་ལུས་པ་ལ་བརྟེན་པ་ལ་འདིར་
རབ་ཏུ་སྦྱར་རོ། །དེར་དགོས་པ་མེད་པར་མོའི་དབང་པོ་དང་ཁའི་ནང་དུ་བརྩེགས་པ་ལ་བརྟེན་པའི་ཉམས་པ་ཉིད་ལས་དོན་གཞན་ལ་ཉམས་པ་ཉིད་ཅེས་བྱ་བར་རྣམ་པར་ཤེས་ནས་མོའི་དབང་པོ་དང་ཁའི་རྟེན་ཉེ་བར་བརྟགས་པ་ནི་ཁའམ་བཤང་བའི་ལམ་དུའོ་ཞེས་བྱ་བ་སྟེ། ཁྱད་པར་ཡོངས་
སུ་མ་བཟུང་བ་ཐམས་ཅད་དུ་རང་གི་དང་གཞན་གྱི་དང་མོའི་དང་དུད་འགྲོའི་སྐྱེ་གནས་ལ་སོགས་པ་དང་འབྲེལ་བའི་བུད་མེད་ཀྱི་ཚོགས་ལ་དང་སྐྱེས་པའི་དང་མ་ནིང་ན་ཡང་མ་ཉམས་པ་ཞེས་བྱ་བ་འཇུག་པ་ཡིན་ནོ། །ཉམས་པ་དག་ལ་ནི་སྦོམ་པོར་རོ་ཞེས་བྱ་བ་ནི་ཁ་དང་བཤང་བའི་ལམ་དང་མོའི་
དབང་པོ་ཉམས་པ་དག་ཏུ་བཅུག་པ་ལ་ནི་ཁ་ན་མ་ཐོ་བ་སྦོམ་པོར་འགྱུར་ཞེས་བྱ་བའི་དོན་ཏོ། །མི་རུང་བ་ཉིད་ནི་ན་སྨད་དོ་ཞེས་བྱ་བ་ནི་ཡན་ལག་ཐམས་ཅད་ལ་རུང་བ་ཉིད་དེ་གཟུང་བ་དང་འགྲོ་བ་དང་བསྟེན་པ་ལ་རུང་བ་ཉིད་ཅེས་བྱ་བ་ངེས་པ་རྣམས་ལ་འཆད་པར་འགྱུར་བའོ། །བགྲོད་པར་བྱ་
བ་ཕོ་དང་མོ་དང་མ་ནིང་ནི་མི་རུང་བ་ཉིད་ལ་ན་སྨད་པ་སྟེ། རུང་བ་ཉིད་གང་ལ་རྩ་བ་དང་དེར་འདི་ལ་སྦོམ་པོའོ། །གང་དུ་སྦོམ་པོ་དེར་ཉེས་བྱས་ཏེ། གང་དུ་ཉེས་བྱས་དེར་ཕྲ་མོ་ཞེས་བྱ་བའི་དོན་ཏོ། །མི་མ་ཡིན་པའི་འགྲོ་བ་ཉིད་དང་སྐྱེས་པ་ཉིད་དང་མ་ནིང་ཉིད་དང་སྟེན་པར་བྱེད་པ་དང་། བསྟེན་
Vol. 160 · folio 60a
པར་བྱ་བ་གཡོགས་མ་ཅན་དང་རོ་ཉིད་དག་ལ་ན་སྨད་པ་མེད་དོ། །མ་ཚོར་བ་དང་རང་བཞིན་ཉམས་པའི་གནས་སྐབས་དང་མི་འདོད་བཞིན་དུ་བཅུག་པ་ཉིད་ནའོ། །རང་གིས་བསྟེན་པར་བྱ་བར་རོ། །སྔར་ཕྱི་རོལ་དུ་དྲུག་པ་ཉིད་ལའོ། །ནང་དུ་མི་དབོ་བར་ཕྱི་རོལ་ཉིད་དུའོ་
ཞེས་བྱ་བ་ལ། ན་སྨད་པ་མེད་དོ་ཞེས་བྱ་བ་ནི་མེད་པའི་དོན་མི་ཟད་པའི་དངོས་པོ་བསྡུ་བ་འདི་ཡིན་ནོ། །མི་མ་ཡིན་པའི་འགྲོ་བ་པ་ཉིད་ལ་བགྲོད་པར་བྱ་བ་དང་། སྐྱེས་པ་ཉིད་ལ་སྐྱེས་པའི་དངོས་པོ་སྐྱེད་པ་ཉིད་ལ་ཞེས་བྱ་བའི་དོན་ཏོ། །མ་ནིང་ཉིད་ལ་བགྲོད་པར་བྱ་བ་དང་། སྟེན་པར་བྱེད་པ་
ཕོའི་དབང་པོའོ། །བསྟེན་པར་བྱ་བ་མོའི་དབང་པོ་དང་། ཁ་དང་བཤང་བའི་ལམ་རྣམས་ལའོ། །གཡོགས་མ་ཅན་ཉིད་ལ་ཞེས་བྱ་བ་ནི་གཡོགས་པ་ཉིད་ལའོ། །རོ་ཉིད་དག་ལ་ཞེས་བྱ་བ་ནི་བགྲོད་པར་བྱ་བ་ལའོ། །མ་ཚོར་བ་དང་ཞེས་བྱ་བ་ནི་གཉིད་ལོག་པ་ལ་སོགས་པ་ལ་བཅུག་པ་ཉིད་ལའོ། །
རང་བཞིན་ཉམས་པའི་གནས་སྐབས་དང་མི་འདོད་བཞིན་དུ་བཅུག་པ་ཉིད་ནའོ་ཞེས་བྱ་བའི་ཡུལ་གྱི་བདག་གི་བ་མེད་པ་ཉིད་ལའོ། །སྔར་ཕྱི་རོལ་དུ་དྲུད་པ་ཉིད་ལའོ་ཞེས་བྱ་བ་ནི་ཁ་དང་བཤང་བའི་ལམ་དག་ལ་ཕྱི་རོལ་ཏུ་དྲུད་པ་སྔོན་དུ་འགྲོ་བ་ཉིད་ཀྱིས་བཅུག་པ་ཉིད་ནའོ། །ནང་དུ་མི་དབོ་བར་ཕྱི་རོལ་ཉིད་
དུའོ་ཞེས་བྱ་བ་ལ། ན་སྨད་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །མི་མོ་ལ་རོ་གང་གིས་དེ་ཉིད་དུ་མི་ལ་ཕམ་པར་རིག་པ་ཞེས་བྱ་བ་ལ་སོགས་པ་དོགས་པ་ལ་དེ་བཟློག་པའི་དོན་དུ་ཚིག་འདིའོ། །རོ་གཞན་མ་རྣམས་ནི་འདི་ཡིན་ཏེ། འདི་རྣམས་ཀྱི་ཕྱི་རོལ་གྱི་ངོ་བོ་འདི་ཙམ་སྟེ། འདིར་བསྟན་པ་ལམ་
རྫོགས་པ་ཉིད་དེ། དེ་བས་ན་འདིར་ན་སྨད་པ་མེད་པར་ཤེས་པར་བྱའོ། །མ་བསྲུངས་པར་ཉིན་མོ་གློས་ཕབ་སྟེ་གཉིད་ལོག་པར་མི་བྱའོ་ཞེས་བྱ་བ་ལ། གང་གིས་འདི་བསྲུངས་པའི་སྒྲར་བརྗོད་དོ། །བསྲུངས་པ་དེ་ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་བསྲུངས་པ་ནི་གསུམ་སྟེ། སྒོ་བཅད་
ཅིང་ཀུན་ནས་བསྐོར་བ་ན་གནས་པ་ཉིད་ཅེས་བྱ་བ་སྨོས་ཏེ། སྒོ་བཅད་ཅིང་ཀུན་ནས་བསྐོར་བ་ན་ཐམས་ཅད་ནས་ཀུན་དུ་བསྐོར་བའི་གནས་ལ་གནས་པ་ན་སྒོ་བཅད་ཅིང་ཀུན་ནས་བསྐོར་བ་ན་གནས་པའོ། །དེའི་དངོས་པོ་ནི་དེ་ཉིད་དེ་ཀུན་ནས་བསྲུངས་པ་ཉིད་དོ། །སུས་ཤེ་ན། དེའི་ཕྱིར་དགེ་སློང་
Vol. 160 · folio 60b
གིས་ཀུན་ནས་བསྲུངས་པ་ཉིད་དང་། ཤམ་ཐབས་ཀྱི་མཐའ་བཅིངས་པ་ཉིད་དོ་ཞེས་བྱ་བ་སྨོས་སོ། །མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་རྣམ་པར་འབྱེད་པ་སྟེ་ཕམ་པ་དང་པོའི་རྣམ་པར་འབྱེད་པ་རྫོགས་སོ།། །།གང་དུ་བུད་མེད་ཀྱིས་བརྔོད་པ་དེར་འགྲོ་བར་མི་བྱའོ། །
གང་དུ་མི་མ་ཡིན་པས་གནོད་པའི་ཕྱིར་བརྩལ་བ་དེར་གནས་པར་མི་བྱའོ། །འདོད་ཆགས་ཤས་ཆེ་བས་འཛག་སྣོད་བཅང་བར་བྱའོ་ཞེས་བྱ་བ་ལ། འཛག་སྣོད་ཅེས་བྱ་བ་རགས་པ་འདིའི་དོན་དུ་འདི་ཞེས་བྱ་བ་ཁུ་བ་འཛག་པར་གྱུར་ན་འདི་མངོན་པར་གནང་བ་སྟེ། རྫས་ཅི་ཞིག་ལས་བྱ་ཞེ་ན། དེའི་
ཕྱིར་རའམ་རི་དགས་སམ་བྱི་བའི་པགས་པ་ལས་སོ་ཞེས་བྱ་བ་སྨོས་སོ། །པགས་པ་འདི་རྣམས་ནི་དཔེ་ཡིན་ཏེ། སྤང་བར་བྱ་བ་མ་ཡིན་པ་ལ་འཇིག་རྟེན་པ་རྣམས་ཀྱིས་མི་བྱེད་ཅིང་སེང་གེའི་པགས་པ་བཞིན་དུ་ཉེས་དམིགས་སོ། །ཅིའི་པགས་པ་ལས་བྱ་ཞེ་ན། དེའི་ཕྱིར་བྱི་བ་དང་ལུག་ལྤགས་
ལ་སོགས་པ་ཡང་འདིས་འཕངས་པའོ། །དྲི་མི་ང་བར་བྱ་བའི་ཕྱིར་སྐབས་སུ་བཀྲུ་བའམ་བསྐམ་པར་བྱའོ་ཞེས་བྱ་བ་ནི་དྲི་མི་ང་བར་བྱ་བའི་དོན་དུ་ཞེས་བྱ་བའོ། །དེའི་དུས་ཀྱི་ཆེད་དུ་གཞན་བྱའོ་ཞེས་བྱ་བ་ནི་འཛག་སྣོད་བཅང་བར་བྱའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ། །དེའི་དུས་ཀྱི་ཆེད་དུ་ཞེས་བྱ་
བ་ནི་བཀྲུ་བ་དང་བསྐམ་པའི་དུས་ཀྱི་དོན་དུ་སྟེ། འཛག་སྣོད་གཉིས་པ་བཅང་བར་བྱ་ཞེས་བྱ་བའི་དོན་ཏོ། །ཁུ་བ་ཧ་ཅང་མང་བས་ལྡར་བར་གྱུར་ན་ཕྲུ་བླུགས་སོ་ཞེས་སྨོས་ན་ཕྲུ་ཅི་འདྲ་བ་བླུགས་པར་བྱ་ཞེ་ན། དེའི་ཕྱིར་བྱེ་མའམ་སའིའོ་ཞེས་བྱ་བ་སྨོས་སོ། །ཟན་ཟ་བ་དང་མཆོད་རྟེན་ལ་ཕྱག་
འཚལ་བའི་ཚེ་ཕོག་ལ་བཀྲུས་ཏེའོ་ཞེས་བྱ་བ་ལ། ཕོག་ལ་ཞེས་བྱ་བ་ནི་འཛག་སྣོད་དེ་དབང་པོ་ལས་བསལ་བར་བྱ་སྟེ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་བཀྲུས་ཏེ་ཟན་ཟ་བ་དང་མཆོད་རྟེན་ལ་ཕྱག་འཚལ་བ་ཞེས་བྱ་བ་སྨོས་ཏེ་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །མི་ཚངས་པར་
སྤྱོད་པའི་ཕམ་པར་འགྱུར་བ་ལས་ཕྲན་ཚེགས་ཀྱི་སྐབས་རྫོགས་སོ།། །།རྨའི་སྒོ་གསུམ་རྣམས་ལས་ཕྱོགས་གང་ཕམ་པར་བྱེད་པ་ཉིད་ལ་དང་པོ་ཡིན་ཞེ་ན། དེའི་ཕྱིར་ཁའི་དང་པོ་ནི་སོ་ཕན་ཆད་དོ་ཞེས་བྱ་བ་སྨོས་ཏེ། སོའི་ནང་ལོགས་ཀྱི་ངོས་ཀྱི་སོའི་མཐར་ཐུག་པ་སྟེ་དེ་ཕན་ཆད་ནི་ཁའི་
Vol. 160 · folio 61a
དང་པོའོ། །བཤང་བའི་ལམ་གྱི་ནི་བུ་གའི་སྦུབས་ཀྱི་མཐའ་ཡན་ཆད་དོ་ཞེས་བྱ་བ་ནི་བུ་གར་གྱུར་པའི་སྦུབས་ཡིན་པས་བུ་གའི་སྦུབས་ཏེ་གཙང་མའི་རྩ་སྟེ་དེ་ལའོ། །དེ་ནས་བརྩམས་ཏེ་བཤང་བའི་ལམ་གྱི་དང་པོའོ། །གང་ནས་བརྩམས་ཏེ་བྱ་ཞིང་གནོད་པ་དང་བཅས་
པའི་ནད་ཡོད་པ་གང་ནས་འབྱུང་ཞིང་རྨའི་སྒོའི་མིག་དང་འདྲ་བ་སླར་དགའ་བས་འཇུག་པར་བྱ་བ་མ་ཡིན་པ་ཡོད་པ་དེ་ནི་མཐའ་མ་ཞེས་བྱ་བའི་དོན་ཏོ། །ཟག་བྱེད་ཀྱི་ནི་པགས་རིམ་ཡན་ཆད་དོ་ཞེས་བྱ་བ་ནི་ཕྱི་རོལ་དུ་གྲངས་གཅིག་པ་གཉིས་ཀའི་རིམ་པ་སྟེ། དེ་ལས་གཞན་ནི་པགས་རིམ་ཡན་
ཆད་ཤའི་རྣམ་པའི་དང་པོར་གྱུར་པ་རྡུལ་ཕྲ་རབ་ཀྱི་མཚམས་ལ་ཐུག་པ་ནི་དང་པོ་སྟེ། དེ་ལས་གཞན་པ་ནི་ཟག་བྱེད་ཀྱི་དང་ཞེས་བྱ་བའི་དོན་ཏོ། །དེར་ནོར་བུ་བཅུག་པ་ཉིད་ནི་དེའི་མཐའོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་ཟག་བྱེད་ཀྱིའོ། །ནོར་བུའི་གང་ཞིག་བཅུག་པ་ཉིད་ནི་དེའི་མཐའ་
སྟེ་བཅུག་པའི་མཐའ་མའོ། །ཐམས་ཅད་ལས་ཆུང་བ་བཅུག་པ་ཉིད་དེ་ནོར་བུ་རིལ་གྱིས་མ་འདས་མོད་ཀྱི། འོན་ཀྱང་གང་གིས་བཅུག་པའི་རེག་པ་ཉམས་སུ་མྱོང་བར་བྱས་པ་ཞེས་བྱ་བ་དེས་བཅུག་པ་བསྟན་པ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི། སོ་དག་ལས་ནོར་བུ་འདའ་བར་བྱེད་པ་
དང་། བུ་གུའི་སྦུབས་ལས་ནོར་བུ་འདའ་བར་བྱེད་པ་དང་། པགས་པ་ལས་ནོར་བུ་འདའ་བར་བྱེད་པ་ཞེས་གསུངས་པ་ཡིན་ནོ། །སོ་དག་ཅེས་བྱ་བ་འདི་ནི་སོ་རྣམས་ལས་ཞེས་བྱ་བ་འདི་ལ་ཟུར་ཆག་པའི་སྒྲ་ཞེས་བྱ་བར་རིགས་པ་ཡིན་ནོ། །རྣམ་པར་འབྱེད་པའི་མདོ་ལས། གང་
ཞིག་རྨའི་སྒོ་ཉིད་རྣམས་ལ་ཉམས་པ་ཉིད་སྨྲས་པ་དེའི་མཚན་ཉིད་བརྗོད་པར་བྱ་སྟེ། ཕྱོགས་ཀྱི་དང་པོ་ཅུང་ཟད་ཟིན་པ་ཉིད་དང་སུངས་པ་ཉིད་དང་རུལ་བ་ཉིད་དང་མྱགས་པ་ཉིད་དང་སྲོག་ཆགས་དག་གིས་ཟོས་པ་ཉིད་ལྟ་བུ་ཉམས་པ་ཉིད་དོ་ཞེས་བྱ་བ་ལ། གང་གི་རྨའི་སྒོ་རྣམས་མ་ཟིན་
པའམ་ཟིན་པར་གྱུར་པ་རྣམས་ཀྱང་རུལ་བ་དང་སུངས་པ་ཞེས་བྱ་བ་འདི་གཞུང་འདི་ལ་ཕྱོགས་འདི་ནི་མ་བརྟེན་ཞེས་བྱ་བའི་དོན་ཏོ། །ཕྱོགས་ཀྱི་དང་པོ་ཞེས་བྱ་བ་འདི་སྨོས་པ་ཡིན་ནོ། །གཞུང་གཞན་ལས་ཅུང་ཟད་ཟིན་ཏམ། སྐྲངས་པ་ཉིད་དམ། རུལ་བ་ཉིད་དམ། སྲོག་ཆགས་དག་
Vol. 160 · folio 61b
གིས་ཟོས་པ་ཉིད་དམ་ཞེས་གསུངས་པ་སྟེ། དེ་ལ་འདིར་སྐྲངས་པ་དང་སྲོག་ཆགས་རྣམས་ཀྱིས་ཟིན་པའི་ཚིག་བྱས་པ་ཡིན་ནོ། །འདིར་ཅུང་ཟད་ཟིན་པས་ནི་མ་ཟིན་པ་ཤེས་པར་བྱའོ། །ལྷག་མ་ནི་གོ་སླ་བ་ཉིད་ཀྱི་ཕྱིར་རྒྱས་པར་མ་བཤད་དོ། །རྨའི་སྒོ་ལ་བརྟེན་པའི་ཕྱོགས་འདི་བཟུང་བ་
ཡིན་གྱི་གཞན་གྱི་ལུས་ལ་བརྟེན་པ་ལ་ནི་མ་ཡིན་ནོ། བགྲོད་པར་བྱ་བ་ཕྱེད་བཅད་པ་ཉིད་ལ་ཡང་ན་སྨད་པ་མེད་དོ་ཞེས་བྱ་བ་ནི་འདིར་བགྲོད་པར་བྱ་བའི་ཚིག་གིས་གནས་མ་ལུས་པ་བཟུང་བ་སྟེ། རྨའི་སྒོ་ཙམ་ལ་ནི་མ་ཡིན་ནོ། །མི་ཚངས་པར་སྤྱོད་པའི་ཕྱིར་ཉེ་བར་སོང་བའི་བགྲོད་པར་བྱ་བ་
ཕོ་དང་མོ་དང་མ་ནིང་ཕྱེད་བཅད་པ་ཉིད་ལ་དང་པོ་ཡོངས་སུ་རྫོགས་པ་ཉིད་ཅེས་བྱ་བའི་དོན་ཏོ། །འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་བུད་མེད་ལུས་ཕྱེད་དུ་བཀུམ་ལ་རྨའི་སྒོ་གསུམ་པོ་རྣམས་ལ་རྨའི་སྒོ་གཞན་དང་གཞན་གང་ཡང་རུང་བ་ཞིག་མ་ཉམས་པ་དེར་མི་ཚངས་པར་སྤྱོད་
པ་སོ་སོར་བསྟེན་ན་མཐར་འགྱུར་རམ་ཞེས་གསུངས་པ་དེ་ནི་འདིར་བསྡུས་པ་ཡིན་ནོ། །ཡང་གི་སྒྲ་ནི་ན་སྨད་པ་ཉིད་མེད་པ་ཞེས་བྱ་བ་རྗེས་སུ་འཇུག་པའི་དོན་དུའོ། །བསྟེན་པར་བྱ་བའི་དབུས་ཕྱེ་བའི་མཚམས་སྦྱར་བ་མི་མངོན་པ་ལ་ཡང་ངོ་། །མངོན་པ་ལ་ནི་ཚིག་འོག་མར་རོ་ཞེས་བྱ་བ་ནི་
མངོན་པའི་རྗེས་སུ་མཚམས་ཐམས་ཅད་མངོན་པ་ལ་དེ་མ་ཐག་པའི་རིམ་པ་ཞེས་བྱ་བའོ། །གང་དུ་མཚམས་མངོན་པ་ལ་དེར་རྩ་བ་ནི་འདིར་སྦོམ་པོའོ། །གང་དུ་སྦོམ་པོ་དེ་ལ་ནི་འདིར་ཉེས་བྱས་སོ། །གང་དུ་ཉེས་བྱས་དེ་ལ་ནི་འདིར་ཕྲ་མོར་འགྱུར་ཞེས་བྱ་བའི་དོན་ཏོ། །སྦོམ་པོའི་དབང་དུ་བྱས་
པ་ནི་ཕག་ལ་སོགས་པ་བཙོས་པ་སྤུ་མེད་པ་དག་ལའོ་ཞེས་བྱ་བ་ནི་དབང་དུ་བྱས་པ་བསྟན་པའི་ཕྱིར་དང་པོར་སྦོམ་པོའི་དབང་དུ་བྱས་པ་ནི་ཞེས་བྱ་བའི་ཚིག་སྨོས་སོ། །དེ་ལས་གཞན་བརྗོད་པར་བྱ་ཞེས་བྱ་བ་ནི་དེ་ལས་སྔ་རོལ་དུ་སྦོམ་པོའི་དབང་དུ་བྱས་པ་ཞེས་བྱ་བ་འདི་དང་འབྲེལ་ཏོ། །འདིར་
ལོག་པར་རྟོག་པ་ལ་སྦོམ་པོ་ནི་གཉེན་པོ་ཀུན་ཏུ་སྤྱོད་པ་གཞན་ཡང་མ་ཡིན་ཏེ། འདིའི་རྗེས་སུ་འབྲང་ནས་ཉེས་བྱས་དང་གཞན་ལ་ནི་ཉམས་པ་ཉིད་དོ། །རྨའི་སྒོ་རྣམས་ལ་གང་ཞིག་བཅོས་མ་ཉིད་འདི་ནི་དེ་བས་ན་སྨད་པའོ། །སྤུ་མེད་པའི་ཚིག་ནི་འདིར་མིའི་པགས་པ་ཉིད་དང་འདྲ་བའི་ཕྱིར་སྤུ་མེད་པ་
Vol. 160 · folio 62a
ཉིད་ལ་ན་སྨད་པ་མེད་དོ་ཞེས་བྱ་བའི་ཀུན་ཏུ་རྟོག་པ་བཟློག་པའི་དོན་དུ་སྟེ། སྤུ་དང་བཅས་པ་ཉིད་ལ་ན་སྨད་པ་མེད་པ་བསྟན་པའི་ཕྱིར་ནི་མ་ཡིན་ནོ། །འདིར་སོགས་པའི་སྒྲ་ནི་རབ་ཏུ་དབྱེ་བ་ཉེ་བར་བསྡུ་བའི་དོན་དུའོ། །དེ་བས་ན་སྤུ་དང་བཅས་པའི་དུད་འགྲོ་རྣམས་ལ་
འདིས་འཕངས་པར་རིག་པར་བྱའོ། །འདིར་གཞུང་ནི། དེ་ལྟར་དུད་འགྲོའི་སྐྱེས་གནས་སུ་སྐྱེས་པ་ཐམས་ཅད་ལ་གཏོགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མགོ་བཅད་པའི་ཁར་རོ་ཞེས་བྱ་བ་ནི་འདིར་གཅིག་པུ་དེ་ལ་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ། །ཟག་བྱེད་དང་བཤང་བའི་ལམ་
དག་ལ་ནི་ཕམ་པ་ཉིད་དུ་བྱེད་པ་ཉིད་དོ། །ཁྱད་པར་མེད་པར་བརྗོད་པའི་ཕྱིར་ཁ་དང་འབྲེལ་པ་ཐམས་ཅད་ལའོ། །བསྟེན་པར་བྱ་བ་དང་། སྟེན་པར་བྱེད་པ་ལུས་ཐ་དད་པར་བྱས་པ་གཉིས་ཀྱིའོ་ཞེས་བྱ་བ་ནི་ཁ་དང་བཤང་བའི་ལམ་དང་གཞན་དག་དང་མོའི་དབང་པོ་བསྟེན་པ་དང་བཅས་པ་ལ་
སོགས་པ་ལུས་ལས་ཐ་དད་པར་བྱས་པའི་ཕོའི་དབང་པོ་དང་ཡང་དག་པར་སྦྱོར་བ་ལ་རང་གི་ཕོའི་དབང་པོ་དང་རང་གི་ཁའི་ལམ་དང་བཤང་བའི་ལམ་དུ་དགེ་སློང་མ་ལ་མོའི་དབང་པོས་ཀྱང་རང་གི་ཡང་དག་པར་སྦྱོར་བ་ལ་སྦོམ་པོའི་དབང་དུ་བྱས་པ་ཉིད་ཅེས་བྱ་བའི་དོན་ཏོ། །གཞན་པ་གཉིས་
ཀྱང་གཞན་གྱི་གཉིས་དང་གཞན་དུ་སྦྱོར་བར་བྱེད་ནའོ་ཞེས་བྱ་བ་ནི་ལུས་ལས་ཐ་དད་པར་མ་གྱུར་པ་ལ་ཡང་གཞན་གྱི་བསྟེན་པར་བྱ་བ་དང་སྟེན་པར་བྱེད་པ་དང་ཕོ་དང་མོ་དང་མ་ནིང་དང་གཞན་ལ་ཅི་རིགས་པར་བསྟེན་པར་བྱ་བ་སྟེན་པར་བྱེད་པ་ལ་ཡང་དག་པར་སྦྱོར་བ་ལ་སྦོམ་པོའི་དབང་དུ་བྱས་པ་ཉིད་
དོ། །དེ་བཞིན་དུ་གཞན་དུ་ཡང་གསུངས་ཏེ། བུད་མེད་ཀྱི་ཚོགས་ལ་བཅད་ནས་འཇུག་པར་བྱེད་ན་ཅི་ཞིག་ཐོབ་པར་འགྱུར་ཞེ་ན། དེའི་ཕྱིར་སྦོམ་པོའི་ལྟུང་བ་ཞེས་བྱ་བ་སྨོས་སོ། །གཅིག་ལས་གསུངས་པ་བུད་མེད་ཀྱི་ཚོགས་ལ་རྩོལ་བར་བྱེད་ན་ལྟུང་བ་ཅིར་འགྱུར་ཞེ་ན། དེའི་ཕྱིར་
གཞན་གྱི་ཡན་ལག་གི་རྣམ་པ་གཞན་གྱི་ཟག་བྱེད་དུ་རྩོལ་བར་བྱེད་ནའོ་ཞེས་བྱ་བ་སྨོས་ཏེ། སྦོམ་པོའི་ལྟུང་བ་ཞེས་བྱ་བའོ། །གཞན་དུ་ཡང་དགེ་སློང་འགའ་ཞིག་ཡོད་དེ་ཟག་བྱེད་ལ་ཟག་བྱེད་རྩོལ་བར་བྱེད་ན་ལྟུང་བ་མེད་པར་འགྱུར་རམ། བཀའ་སྩལ་པ། མཐར་འགྱུར་རོ། །བུད་
Vol. 160 · folio 62b
མེད་ཀྱི་ཚོགས་ལ་བཅད་ནས་རྩོལ་བར་བྱེད་པ་དང་གཉིས་ཆར་བཅད་ནས་བཅུག་ན་ཉེས་པ་སྦོམ་པོའི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ལྷག་མ་འདིའི་རྗེས་སུ་འབྲང་ནས་ཤེས་པར་བྱ་སྟེ། མདོ་འདི་དག་བྱས་པ་ཡིན་ནོ། །གཞན་པའི་བུ་ག་ལུས་ལས་བཅད་པ་ལ་ཡང་ཞེས་བྱ་
བ་ནི་རྨའི་སྒོ་གསུམ་ལས་གཞན་པའི་བུ་ག་མཚན་གྱིས་དྲལ་བ་ལ་སོགས་པ་བཅོས་མ་དང་། མི་ན་བ་ལ་སོགས་པ་ལུས་བྱུང་བ་ཉིད་ལས་བྱུང་བ་དང་པོ་ལས་དོད་པ་ལུས་ལས་བཅད་པ་དང་མ་བཅད་པ་ཡང་སྦོམ་པོའི་དབང་དུ་བྱས་པ་མ་ཡིན་པའོ། །གཅིག་ནས་གསུངས་པ།
ལུས་དྲལ་ཏེ་ཡན་ལག་གི་རྣམ་པས་རྩོལ་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་ཞེས་གསུངས་སོ། །གཞན་དུ་ཡང་མགོ་བོ་བཅད་པར་གྱུར་ཏེ། མཐའ་གཉིས་པ་ལ་འཇུག་པར་བྱེད་ན་ལྟུང་བར་འགྱུར་རམ། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་དེ་འདིའི་བསྡུས་པའོ། །བསྟེན་
པར་བྱ་བ་མ་ནིང་མོ་སྦུབས་མེད་པ་ལ་ཡང་ངོ་ཞེས་བྱ་བ་ལ། བུ་ག་ལུས་ལས་བཅད་པ་ལ་ཡང་ངོ་ཞེས་སྔར་སྨོས་པའི་རྗེས་བསྙག་པའི་ཕྱིར་ཡང་གི་སྒྲའོ། །སྦུབས་ཞེས་བྱ་བ་ནི་གང་ལ་ཕོའི་དབང་པོ་གཞུག་པར་བྱ་བའི་སྐབས་ཀྱི་ཚད་དེ་ལྟ་བུ་སྦུབས་ཀྱི་རྒྱུན་མ་ཆད་པར་བསྙེན་པར་
འགྱུར་བའི་མ་ནིང་ལ་བུ་ག་ལུས་ལས་བཅད་པ་ལ་ཡང་ངོ་ཞེས་སྦོམ་པོའི་དབང་དུ་བྱས་པའོ། །འབྲེལ་པ་ཙམ་ལ་འདིར་ཕམ་པ་ཞེས་བྱ་བ་སྦུབས་ཀྱི་སྒྲས་ཤེས་པར་བྱའོ། །ཀློག་པ་འབའ་ཞིག་ཏུ་འདི་བརྗོད་དེ་མ་ནིང་ལ་རྩོལ་བར་བྱེད་དེ་གང་དུ་གླགས་མེད་པ་ལ་ལྟུང་བར་འགྱུར་བ་
མཆིས་སམ། སྦོམ་པོའི་ལྟུང་བར་འགྱུར་རོ་ཞེས་བྱ་བ་ནི་བསྡུས་པའོ། །མཆུ་གཉིས་ལའོ་ཞེས་བྱ་བ་ནི་མཆུ་གཉིས་ལ་སྦྱར་བ་ཙམ་ལ་ཡང་སྦོམ་པོའི་དབང་དུ་བྱས་པ་ཉིད་དེ། སོའི་མཐའ་ཚུན་ཆད་འབའ་ཞིག་ཏུ་མ་ཟད་ཀྱི་ཇི་སྲིད་དུ་བསྩལ་བ་ཞེས་བྱ་བ་སྔོན་གྱི་རྗེས་སུ་འབྲང་བས་
རྟོགས་པར་བྱའོ། །ཕྱི་རོལ་གྱི་མཚམས་ལ་ཐུག་པར་རོ་ཞེས་བྱ་བ་ཁའི་དང་པོ་ནི་སོ་ཕན་ཆད་དོ་ཞེས་བསྟན་པ་ལ་ཕྱི་རོལ་དུ་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ། འདིར་གཞུང་ནི། སོའི་ཕྱི་རོལ་དུ་ཉམས་པར་བྱེད་ན་ཉེས་པ་སྦོམ་པོའི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྣོད་དུའོ་
Vol. 160 · folio 63a
ཞེས་བྱ་བ་ནི་བྱེ་བྲག་ཡོངས་སུ་མ་ཟིན་པའི་ཕྱིར་གང་ཞིག་སྣོད་དེའི་རང་བཞིན་དུ་འཇུག་པ་ན་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ། །བལྟབས་པ་དང་མི་རིག་པར་འཇུག་པ་གཉིས་སོ་ཞེས་བྱ་བ་ནི་ཕོའི་དབང་པོ་རྐེད་བལྟབ་ཏུ་བྱས་ཏེ་རྨའི་སྒོ་རྣམས་སུ་འཇུག་པ་གང་ཡིན་པ་
དང་། གང་ཡང་མི་རེག་པར་གྱུར་པའི་རྨའི་སྒོ་དེ་དགེ་སློང་ལ་ཡང་ལྟུང་བར་འགྱུར་བ་བཞིན་དུ་དགེ་སློང་མ་ལ་ཡང་སྦོམ་པོའི་དབང་དུ་བྱས་པ་ཉིད་ཡིན་ནོ། །གལ་ཏེ་མི་རེག་པར་འཇུག་པ་ལ་སྦོམ་པོའི་དབང་དུ་བྱས་པ་ཉིད་ཡིན་ན་གང་ཞིག་འདི་དག་བསྟེན་པར་བྱ་བ་གཡོགས་མ་ཅན་ཉིད་དག་ལས་ནི་ན་
སྨད་པ་མེད་པར་བརྗོད་དོ། །གཡོགས་མས་བར་དུ་མ་ཆོད་པ་ཞེས་བྱ་བ་དེ་ཇི་ལྟར་ཡིན་ཞེ་ན། དེའི་ཕྱིར་མཐའ་ཉིད་བརྗོད་པའི་གཡོགས་པ་དེ་ནི་བསྒྲིབས་པ་སྟེ། དེས་གཡོགས་པ་ལ་ཐམས་ཅད་ཀྱིས་ཐམས་ཅད་དུ་རེག་པར་མི་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཐ་མ་ན་ཡོད་པའི་ཕམ་པར་འགྱུར་བ་
ལ་ན་སྨད་པ་མེད་པའི་ཚིག་གིས་བརྗོད་པ་ལ་འདི་ལྟ་བུའི་གཡོགས་པ་ནི་གཡོགས་པ་དང་བཅས་པ་དེ་ནི་བསྒྲིབས་པ་ནི་འདོད་པའོ། །གང་ཞིག་བར་དུ་ཆད་པས་གཡོགས་མས་བསྒྲིབས་པ་དེ་ལ་ནི་ཐམས་ཅད་ཀྱིས་ཐམས་ཅད་དུ་རེག་པར་མི་འགྱུར་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ལ་རེག་
པ་ཡོད་པ་ཁོ་ནའོ། །གཞན་གྱིས་གཡོགས་པ་ཉིད་ནི་མི་རེག་པར་འཇུག་པས་རྣམ་པར་བགད་པ་ཡིན་ནོ་ཞེས་བྱ་བ་ལ། གཞན་གྱིས་ཞེས་བྱ་བ་ནི་གང་གིས་གཡོགས་པ་དེ་ལ་ཐམས་ཅད་ཀྱིས་ཐམས་ཅད་དུ་རེག་པར་མི་འགྱུར་བ་ནི་པགས་པ་མཐུག་པའམ། འཇམ་པོས་སམ་གོས་
ཀྱིས་རེག་པས་འཇུག་པ་ལ་དེ་རྣམ་པར་བཤད་པ་ཡིན་ཏེ། འདི་ལས་ལྷག་པ་ཤེས་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕམ་པར་འགྱུར་བ་དང་པོ་ཞུ་བའི་སྐབས་སོ་ཞེས་བྱ་བ་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་ཞུ་བའི་སྐབས་རྫོགས་སོ།། །།དགེ་སློང་གི་དངོས་
པོར་མི་ཤེས་པ་ནི་རང་བཞིན་གྱིས་ཉམས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱིས་ཉམས་པ་ཞེས་བྱ་བའི་སྒྲ་དེའི་དོན་རྒྱས་པར་གྱུར་པས་ཐ་སྙད་ཉམས་པ་ཞེས་བྱ་བའི་སྒྲ་རང་བཞིན་ཉམས་པ་སྨྱོན་པ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་བརྗོད་པ་ལ་ལྟུང་བ་མ་བླངས་པས་ཡོངས་སུ་མ་བཅད་པ་ལ་ངོ་
Vol. 160 · folio 63b
བོ་འདི་ཡིན་ནོ་ཞེས་བྱ་བ་རབ་ཏུ་བསྟན་པའི་དོན་དུ་མདོ་འདི་ཡིན་ནོ། །འདིར་གཞུང་ནི། གལ་ཏེ་དགེ་སློང་གི་དངོས་པོར་ཡང་དག་པར་ཤེས་ན་ནི་གཞི་ཇི་ལྟ་བ་བཞིན་དུ་ལྟུང་བར་འགྱུར་རོ། །གལ་ཏེ་དགེ་སློང་གི་དངོས་པོར་མི་ཤེས་པ་སྨྱོན་པ་ལ་ནི་ལྟུང་བར་མི་འགྱུར་ཏེ། སེམས་འཁྲུགས་
པ་དང་ཚོར་བས་ཉེན་པ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །ཉམས་པ་ཉིད་ནི་གཉིས་ཏེ། ནང་དང་ཕྱི་རོལ་ལོ་ཞེས་བྱ་བ་ནི་འདིར་ནང་གི་རིམ་པ་རྟོགས་པ་ཉམས་པ་ཉིད་ལ་དོན་དང་ལྡན་པ་ཉིད་དེ། དེ་བས་ན་ནང་གི་རིམ་པ་ནས་བརྩམས་ཏེ། ཇི་སྲིད་དུ་ཕྱི་རོལ་ཉམས་པའི་བར་དེ་
ནི་འདིར་ཕྱི་རོལ་ཉམས་པ་ཉིད་ཡིན་གྱི་ཕྱི་རོལ་ཉམས་པ་འབའ་ཞིག་ནི་ཉམས་པ་ཉིད་མ་ཡིན་ནོ། །བསྟན་པའི་ཕྱིར་གཞན་ལ་ཁས་བླངས་པ་ན་བསླབ་པ་འཁྲུགས་པ་ཉིད་དོ་ཞེས་བྱ་བ་ནི་དགེ་སློབ་མ་གང་གི་མིང་དེ་ནི་བསླབ་པར་འདོད་པའོ། །དེ་ལྟར་ན་དགེ་སློབ་མ་ལ་གནས་པའི་ཆོ་ག་
འདིར་རྟོགས་པར་བྱའོ། །དགེ་སློབ་མ་གང་ཞིག་བསྟེན་པའི་ཕྱིར་གཞན་སྐྱེས་པ་འདོད་པ་བསྟེན་ནུས་པ་ལ་འདི་ལྟར་ཞེས་བྱ་བར་ཁས་ལེན་པར་བྱེད་པ་དེ་ལ་དགེ་སློབ་མ་དེའི་བསླབ་པའི་གཞི་རྣམས་འཁྲུགས་པ་ཉིད་དེ་མེད་པ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི། དགོན་པ་པ་སྡིག་
ཅན་གྱིས་དགེ་སློབ་མ་ལ་ཁྱོད་བསྙེན་པར་མ་རྫོགས་ཀྱིས་མི་ཚངས་པར་སྤྱོད་ཀྱང་ལྟུང་བར་མི་འགྱུར་རོ་ཞེས་ཅོ་འདྲི་སྟེ་དེས་དེ་བསྟེན་པ་དང་བསྟེན་པ་དེ་ལ་འགྱོད་པ་སྐྱེས་སོ། །དེས་དེ་མི་འདོད་བཞིན་དུ་བརྩལ་བ་དང་། དེ་བདག་དགེ་སློབ་མར་མ་རུང་བར་མ་གྱུར་ཏམ་སྙམ་དུ་འགྱོད་པ་སྐྱེས་
སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླབ་པ་འཁྲུགས་པས་ཡང་དཔོག་པར་བྱ་སྟེ། ཉེས་བྱས་གྱི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཕྱིར་བླང་བ་མ་ཡིན་པ་ཉིད་ལ་བརྩལ་བ་ལ་ངེས་པར་མི་འདོད་པའོ། །འདི་ནི་སྐྱོན་མེད་པར་ཤེས་ནས་ཁས་བླངས་ནས་ཆོ་ག་
འདི་ཤེས་པ་ཡིན་ནོ། །དེ་ལ་དེ་ཡང་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་དགེ་སློབ་མའི་བསླབ་པའོ། །འདིར་ཉམས་པ་ཉིད་སླར་སྦྱིན་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་དགེ་སློང་གི་སྦོམ་པོའོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་བསྟེན་པའི་ཕྱིར་གཞན་ལ་ཁས་བླངས་
Vol. 160 · folio 64a
པ་ནི་དགེ་སློང་ལ་སྦོམ་པོའི་ལྟུང་བྱེད་ཅེས་བྱ་བའོ། །འདི་མན་ཆད་འོག་ནས་མདོ་ལས་བསྟན་པའི་ཕྱིར་གཞན་ལ་བསྒོ་ན་ཞེས་བྱ་བ་ཡན་ཆད་ནི་སྦོམ་པོའི་དབང་དུ་བྱས་པར་རིག་པར་བྱའོ། །འདིར་ཡང་གཞུང་ནི། དགོན་པ་པ་སྡིག་ཅན་གྱིས་ལོར་མ་ལོན་པ་ལ་ཁྱོད་བསྙེན་
པར་རྫོགས་ནས་རིང་པོར་མ་ལོན་གྱིས་མི་ཚངས་པར་སྤྱད་ཀྱང་དེས་ལྟུང་བར་མི་འགྱུར་རོ་ཞེས་ཅོ་དྲིས་ཏེ། དེས་དེ་བསྟེན་པ་དང་བསྟེན་པ་དེ་ལ་འགྱོད་པ་སྐྱེས་སོ། །དེས་དེ་མི་འདོད་བཞིན་དུ་བརྩལ་བ་དང་། དེ་བདག་ཕམ་པར་མ་གྱུར་ཏམ་སྙམ་དུ་འགྱོད་པ་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། ཕམ་པའི་ལྟུང་བར་མི་འགྱུར་ཏེ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའོ། །འདིར་ཡང་ངེས་པར་ཁས་བླངས་པ་ལ་སྦོམ་པོའི་ལྟུང་བར་འགྱུར་བ་སྟེ། བླང་བ་མ་ཡིན་པ་ཉིད་ལ་བསྩལ་བ་ལ་ངེས་པར་མི་འདོན་པ་ལས་འདིར་བཟུང་བ་ཡོད་ལ་ཕམ་པར་འགྱུར་བ་ཡོད་པས་
མེད་པ་ལ་སྐྱོན་མེད་པ་ཉིད་ལའོ། །མ་ཆུད་ན་ཡང་ངོ་ཞེས་བྱ་བ་ནི་བསྟེན་པར་བྱ་བ་སྦོམ་པོ་སྟེ། སྟེན་པར་བྱེད་པ་ལ་རུང་བ་མ་ཆུད་པ་ནི་མི་མཉམ་པ་ཞེས་བྱ་བའི་དོན་ཏོ། ཆུད་པར་བྱ་བའི་ཕྱིར་རྨ་ཉེད་ན་ཡང་ངོ་ཞེས་བྱ་བ་ནི་ཟག་བྱེད་དུ་ཆུད་པར་བྱའོ་སྙམ་ནས་དེའི་ཆེད་དུ་རྨའི་སྒོ་སྦལ་བར་
བྱེད་ན་ཡང་སྦོམ་པོའོ། །སྐྲག་པ་དང་ངོ་ཚ་བས་ཀུན་དུ་འདོད་ཆགས་མ་སྐྱེས་ནའོ་ཞེས་བྱ་བ་ནི་སྐྲག་པ་དང་ངོ་ཚ་བ་ཡོད་པ་ལ་སྦོམ་པོར་འགྱུར་རོ། །གང་གི་ཕྱིར་འདི་དག་ཀུན་དུ་འདོད་ཆགས་མ་སྐྱེས་ན་ཞེས་བྱ་བའི་དོན་ཏོ། །ཅི་བྱེད་པ་ཞེས་བྱ་བ་འདི་འདིར་མདོར་བྱས་པ་མ་ཡིན་ཏེ། དེར་
རྩོལ་བ་མ་ཡིན་པར་འགྱུར་བ་ལྷག་མ་ཉིད་གང་ཡིན་པ་དེར་ཀུན་དུ་འདོད་ཆགས་སྐྱེས་པ་ལ་ཡང་ལྟུང་བ་སྦོམ་པོ་ཞེས་བྱ་བ་ཀུན་དུ་འདོད་ཆགས་མ་སྐྱེས་པས་ཞེས་བྱ་བའི་རྒྱུའི་ཚིག་ལས་རྩོལ་བ་ཞེས་རྟོགས་པར་བྱའོ། །རྩོལ་བ་འདི་ཉམས་སུ་མ་མྱོང་ན་ཞེས་བྱ་བ་བྱས་ནས་སོ། །ཡན་
ལག་གི་རྣམ་པ་རྡོལ་བའི་ཕྱིར་རོ་མ་མྱོང་ནའོ་ཞེས་བྱ་བ་ནི་འཁྲིག་པའི་རོ་ཉམས་སུ་མ་མྱོང་ན་སྦོམ་པོ་སྟེ། འདིར་ཡང་རྩོལ་བ་ཉིད་ན་འདིའོ། །ལས་སུ་མི་རུང་བ་བཅུག་ནའོ་ཞེས་བྱ་བ་ནི་སྦོམ་པོའི་ལྟུང་བ་ཤེས་པའོ། །ལག་པས་ལག་པ་དང་རྐང་པས་རྐང་པ་དང་ཚིགས་ཀྱིས་ཚིགས་
Vol. 160 · folio 64b
སུ་དང་མདོམས་ཀྱིས་མདོམས་སུ་ལྟ་བུར་མི་རུང་ནའོ་ཞེས་བྱ་བ་ནི་ཕྲད་པར་མ་གྱུར་ན་སྦོམ་པོའོ་ཞེས་བྱ་བ་འཇུག་པ་ཡིན་ནོ། །འདིར་ཐམས་ཅད་དུ་རོ་ཉམས་སུ་མ་མྱོང་བ་ལ་རྒྱུ་རིག་པར་བྱའོ། །འདིར་མ་ཕྲད་པ་ནི་ལག་པ་ལ་སོགས་པ་རྣམས་ལ་གཟུང་དུ་མི་རུང་བ་ཉིད་དོ། །ཕྲད་པའི་
གཡོ་བ་ཉིད་ཙམ་ལའོ་ཞེས་བྱ་བ་ནི་སྟོབས་ཀྱིས་བརྩལ་བར་འགྱུར་བ་ལ་རྩོལ་བའི་བསྟེན་པར་བྱ་བ་ལ་སྟེན་པར་བྱེད་པ་དང་ཡང་དག་པར་ལྡན་པས་མཐའ་མེད་པར་གནས་པར་བྱེད་ཅིང་འཁྲིག་པའི་རོ་ཉམས་སུ་མྱོང་བ་སྤྲད་པའི་གཡོ་བ་ཉིད་ལ་ནི་དེར་སྦོམ་པོའོ། ཤིང་དང་བ་སོ་
དང་རྡོ་བ་དང་གོས་ལས་བུ་མོའི་གཟུགས་བྱས་པ་ལ་རྩོལ་བ་ན་གལ་ཏེ་དབང་པོ་ཙམ་དོད་ནའོ་ཞེས་བྱ་བ་ལ། འདིར་ཤིང་དང་རྡོ་ལ་སོགས་པའི་མཚན་ཉིད་ནི་དཔེ་ཡིན་ཏེ། གཞན་གྱི་བདག་ཉིད་བུ་མོ་ལ་བརྩལ་བ་ན་ཡང་དབང་པོ་ཙམ་དོད་པ་ལ་སྦོམ་པོ་ཉིད་དོ། །ཡན་ལག་ཐམས་
ཅད་དུ་རེག་པ་སྟེར་ན་དངོས་གཞིའོ་ཞེས་བྱ་བ་ནི་ཤིང་ལ་སོགས་པའི་རང་བཞིན་གྱི་བུ་མོའི་གཟུགས་ལ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏོ། །བསྟན་པའི་དོན་དུ་བརྩལ་བའི་ཡན་ལག་གི་རྣམ་པར་རྐང་པ་འཇུག་ནའོ་ཞེས་བྱ་བ་བསྟེན་པའི་དོན་དུ་བརྩལ་བས་ཡན་ལག་གི་རྣམ་པར་རྐང་པ་
འཛུད་ན་སྦོམ་པོའོ། །བསྟེན་པར་བྱ་བ་ལ་ཡན་ལག་གི་རྣམ་པས་དེ་ཙམ་ལ་གཞོལ་བས་ཕྱི་རོལ་དུ་རེག་ནའོ་ཞེས་བྱ་བ་ནི་བསྟེན་པར་བྱ་བ་མོའི་དབང་པོ་ལ་སོགས་པ་ཡན་ལག་གི་རྣམ་པས་ཕྱི་རོལ་དུ་རེག་པ་ལ་སྦོམ་པོའོ། །དེ་ཙམ་ལ་གཞོལ་བས་ཞེས་བྱ་བ་ནི་རིག་པ་ཙམ་ལ་
གཞོལ་བས་རྩོལ་བའི་འདུན་པ་མེད་པས་འདིར་ཉེས་བྱས་སུ་རིགས་ཀྱི་སྦོམ་པོ་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་རྟོག་པ་བསལ་བའི་དོན་དུ་འདི་ཡིན་ནོ། །འདི་ལྟ་བུའི་ཆོ་གས་རེག་པ་ལ་སྦོམ་པོ་མེད་ཅེས་བྱ་བ་ཤེས་པར་བྱ་བ་མ་ཡིན་ནོ། །འདིར་གཞུང་ནི། བུད་མེད་སྒྲེན་མོ་
ཡོལ་བའི་ཕག་ན་སྣང་བ་ཆུ་ལྡུགས་པ་དེའི་ཡན་ལག་གི་རྣམ་པ་དགེ་སློང་གིས་ཡོལ་བའི་རྒྱབ་ནས་མཐོང་ངོ་། །དེས་མཐོང་ནས་ཀུན་ནས་ཆགས་པས་དེའི་ཡན་ལག་གི་རྣམ་པ་དང་ཡན་ལག་གི་རྣམ་པ་སྤྲད་དོ། །དེ་འགྱོད་པ་སྐྱེས་ནས། ཇི་སྲིད་བཅོམ་ལྡན་འདས་ཀྱིས་བཀའ་
Vol. 160 · folio 65a
སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །བསྟན་པའི་ཕྱིར་གཞན་ལ་བསྒོ་ནའོ་ཞེས་བྱ་བ་ནི་འཁྲིག་པའི་དོན་དུ་གཞན་ལ་བསྒོ་ན་སྦོམ་པོའོ། །རང་བཞིན་གྱིས་ལས་སུ་རུང་བ་ཉིད་ལེན་ན་སྨད་པར་བྱ་བ་མེད་དོ་ཞེས་བྱ་བ་ནི་
གང་རང་བཞིན་གྱིས་ཏེ། ངོ་བོ་ཉིད་ཁོ་ནས་དུས་ཐམས་ཅད་དུ་དབང་པོ་ལས་སུ་རུང་བ་དེ་ལ་བཅུག་ནན་སྨད་པ་དང་བཅས་པ་ནི་མ་ཡིན་ཏེ། འོན་ཀྱང་དངོས་གཞི་ཉིད་ཅེས་བྱ་བའི་དོན་ཏོ། །མདུན་མ་དང་ཕྱི་མ་གཉིས་གང་དུ་བརྩམས་པ་དེ་ལས་གཞན་དུ་གཏུགས་པ་ལ་མེད་དོ་ཞེས་བྱ་བ་ནི་མདུན་ནས་
ལས་བྱས་ཏེ། རྒྱབ་ནས་གྲོལ་བ་དང་། རྒྱབ་ནས་ལས་བྱས་ཏེ་མདུན་ནས་གྲོལ་བ་ནི་ན་སྨད་པར་བྱ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི། བཙུན་པ་མདུན་ན་མོར་བསྙུགས་པའི་ལས་བྱས་ཤིང་རྒྱབ་ན་མོར་འདུག་པ་དེ་ལ་ནི་ཁོ་མོ་མི་ཚངས་པར་སྤྱད་ཀྱང་ཡིན་པར་མི་འཛིན་ཏེ་ཞེས་
ཟེར་ལ། དེས་མདུན་ན་མོར་བསྙུགས་པའི་ལས་བྱས་ཤིང་། རྒྱབ་ན་མོར་འདུག་གོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་འདྲ་བ་ཉིད་ཀྱི་བཟློག་པ་ལ་རྒྱུད་མེད་པ་དང་སྔགས་ཀྱི་ཁྱད་པར་ནི་གཞན་ཉིད་ཙམ་དེར་ཞེས་བྱ་བ་འདི་ལྟར་ཉེ་བར་འབྲེལ་པའོ། །ལམ་ལྷག་མ་རྣམས་སུ་བརྩལ་བར་བྱའོ་སྙམ་པ་
ལ་ཡང་མེད་དོ་ཞེས་བྱ་བ་ནི་ཟག་བྱེད་དང་ཁ་དང་བཤང་བའི་ལམ་རྣམས་གཅིག་ཏུ་དང་པོར་མི་ཚངས་པར་སྤྱོད་པ་བརྩམས་པ་ལ་ལམ་ལྷག་མ་རྣམས་སུ་བསྩལ་བར་བྱའོ་སྙམ་པའི་བསམ་པ་སྟེ། ན་སྨད་པའི་རྒྱུ་མཚན་དུ་ནི་མ་ཡིན་ནོ། །བདག་ནི་ཉམས་པའོ་སྙམ་པའི་བསམ་པ་ཅན་
ལ་ཡང་མེད་དོ་ཞེས་བྱ་བ་ནི་བདག་ནི་ཉམས་པ་སྟེ་དགེ་སློང་གི་ཚུལ་ཞིག་པའོ་སྙམ་པའི་བསམ་པ་ཅན་གྱིས་བཅུག་པ་ལ་ཡང་ན་སྨད་པར་བྱ་བ་མེད་པའོ། །ནད་དང་བྲལ་བར་བྱ་བའི་དོན་ཉིད་ལ་ཡང་མེད་དོ། །ལམ་ལ་གཞན་ཉིད་དུ་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ཡང་མེད་དོ་
ཞེས་བྱ་བ་ནི་མོའི་དབང་པོ་ལ་སོགས་པ་ལ་ལམ་མ་ཡིན་པ་ཉིད་དུ་ཡང་དག་པར་ཤེས་པ་གང་ཡིན་པ་དང་། གང་ལམ་ལ་ཡིད་གཉིས་ཟ་བ་ཅི་འདི་ཟག་བྱེད་ལ་སོགས་པའི་ལམ་མ་ཡིན་ནམ་འོན་ཏེ་ཡིན་སྙམ་དུ་ཡིད་གཉིས་ཟ་བས་བཅུག་ན་དེ་གཉིས་ཀ་ལ་ཡང་ན་སྨད་པར་བྱ་བ་མེད་
Vol. 160 · folio 65b
དོ། །ལམ་མ་ཡིན་པ་ནི་དེ་གཉིས་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ་ཞེས་བྱ་བ་ནི་ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པ་ཉིད་དང་། ལམ་མ་ཡིན་པ་ལ་ཡིད་གཉིས་ཟ་བས་བཅུག་པ་ལ་སྦོམ་པོའོ། །འདིར་གཞུང་ནི་ལམ་ལ་ལམ་མ་ཡིན་པ་ཉིད་དུ་འདུ་ཤེས་པ་ལ་ནི་ཕམ་པར་འགྱུར་བའི་
ལྟུང་བའོ། །ལམ་ལ་ཡིད་གཉིས་ཟ་བ་ལ་ཡང་ཕམ་པར་འགྱུར་བའི་ལྟུང་བའོ། །ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པ་ལ་ནི་ཉེས་པ་སྦོམ་པོར་འགྱུར་རོ། །ལམ་མ་ཡིན་པ་ལ་ཡིད་གཉིས་ཟ་བ་ལ་ལང་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་ནི་ལམ་
གསུམ་ཡིན་ཏེ། བཤང་བའི་ལམ་དང་། ཁའི་ལམ་དང་། ཟག་བྱེད་དོ་ཞེས་བྱ་བའོ། །བརྡོས་པས་བུད་མེད་ཀྱི་སྟེང་དུ་འགྱེལ་བ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་བ་གླང་ལ་སོགས་པས་བརྡོས་པའི་དགེ་སློང་བུད་མེད་ཀྱི་སྟེང་དུ་འགྱེལ་བ་ལ་རྒྱུ་དེས་རེག་པ་ལ་སྐྱོན་མེད་དོ་ཞེས་བྱ་བ་འདི་
ཙམ་འདིར་བརྗོད་པ་ཡིན་ཏེ། །དེ་བས་ན་མ་བསྡུས་པས་གང་ཞིག་རེག་པ་ཉམས་སུ་མྱོང་བར་བྱ་བ་མི་བྱེད་ན་དེ་ལ་ནི་ཉེས་པ་མེད་དོ་ཞེས་ཤེས་པར་བྱའོ། །ཉམ་ཐག་པས་མགུལ་ནས་མི་འདོད་བཞིན་དུ་འཁྱུད་པ་ལ་ཡང་ངོ་ཞེས་བྱ་བ་ནི་བླངས་པ་མེད་པ་ཞེས་བྱ་བའི་དོན་ཏོ། །མཆུར་
མཆུས་རེག་པ་ལ་ཡང་ངོ་ཞེས་བྱ་བ་ནི་མི་འདོད་པ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏོ། །ལྟུང་བ་མེད་དོ་ཞེས་བྱ་བ་ཡང་མི་འདོད་བཞིན་དུ་རག་པ་ཡིན་གྱི། འདིར་ཆགས་པ་སྐྱེས་པ་ལ་མངོན་པར་ཚར་གཅོད་པ་ལ་སེམས་ལ་འབད་པ་མི་བྱེད་ཅིང་རོ་མྱོང་བ་སྒྲུབ་པ་ལ་གལ་ཏེ་སྐབས་སུ་གཡོ་
བ་དང་སྤྲད་པ་ནི་དགེ་འདུན་ལྷག་མར་གཏོགས་པའི་ལྟུང་བ་སྦོམ་པོ་དེར་ཞེས་བྱ་བར་རྟོགས་པར་བྱའོ། །ཁྱིའི་མདུན་དུ་གཅི་བར་མི་བྱའོ། །གང་དུ་སྲོག་གི་བར་ཆད་འབྱུང་བའི་དགོན་པ་དེར་གནས་པར་མི་བྱའོ་ཞེས་བྱ་བ་ལ། མིའམ་ཅི་མོའི་དབང་བའི་གླེང་གཞིར་གྱུར་པའི་བསླབ་
པའི་གཞི་ལ་དེ་བསྡུ་བ་ཡིན་ནོ། །འདིར་གཞུང་ནི། ཡང་དགེ་སློང་གིས་གང་ན་ཉེས་དམིགས་དེ་ལྟ་བུ་ཡོད་པའི་དགོན་པ་དེ་ལྟ་བུར་ལྷག་པར་གནས་པར་མི་བྱ་སྟེ། གང་ན་འདི་ལྟ་བུའི་འཇིགས་པའི་ངོ་བོ་ཡོད་པར་གྱུར་པའི་ཞེས་གསུངས་པ་ཡིན་ནོ། །གང་ན་ཡན་ལག་གི་
Vol. 160 · folio 66a
རྣམ་པ་འཛིན་པའི་འཇིགས་པ་ཡོད་པའི་ཆུ་ཀླུང་དེར་སྒྲེན་མོར་རྒལ་བར་མི་བྱའོ། །དེར་ཤེས་བཞིན་དུ་གྲུ་རྒལ་བར་བྱའོ་ཞེས་བྱ་བ་ནི་བུད་མེད་ལ་རེག་པ་ཡོངས་སུ་སྤང་བའི་ཕྱིར་ཤེས་བཞིན་དུ་འགྲོ་བར་བྱ་བ་ཡིན་པར་རིག་པར་བྱའོ། །བ་གླང་གི་ནང་དུ་ཡང་ཤེས་
བཞིན་དུ་འགྲོ་བར་བྱའོ། །ཁྲོན་པ་ཡང་བརྟག་པར་བྱའོ། །བསོད་སྙོམས་པ་ལ་ཡང་གྲོང་དུ་རྒྱུ་བར་བྱའོ་ཞེས་བྱ་བ་ལ། གསུམ་པོ་དག་ལ་ཡང་ཞེས་བྱ་བའི་སྒྲ་སྨོས་པ་ནི་ཤེས་བཞིན་ཞེས་བྱ་བའི་རྗེས་སུ་འཇུག་པའི་དོན་དུའོ། །ལེགས་པར་སོ་སོར་བརྟག་པར་བྱས་ནས་རབ་ཏུ་དབྱུང་
བར་བྱའོ་ཞེས་བྱ་བ་ནི་འདིར་བྱེ་བྲག་ཏུ་འབད་པར་བྱ་ཞེས་བྱ་བ་འདི་ལ་འདི་འགྲུབ་པ་ཡིན་ཏེ། འགའ་ཞིག་ཏུ་ཡང་ལྷོད་པའི་སྦྱོར་བ་མི་བྱའོ། །དེ་བས་ན་འདི་ནི་དཔེ་ཡིན་ཏེ། ཆོ་ག་འདི་ནི་བསླབ་པ་ཐམས་ཅད་ལ་སྦྱོར་བ་ལྷོད་ན་ཉེས་བྱས་ཡིན་ཏེ། དེའི་ཕྱིར་འདི་བསྟན་པའོ། །གཅིག་པུ་བླ་
གབ་མེད་པར་གློས་མི་དབབ་པོ་ཞེས་བྱ་བ་ནི་གཉིད་ཀྱིས་ལོག་པ་དེའི་ཤམ་ཐབས་བུད་པ་ན་བུད་མེད་ཀྱིས་བརྩལ་བས་འདི་གསུངས་པ་ཡིན་ནོ། །རྩ་བའི་ལྟུང་བའི་རྒྱུར་འགྱུར་བ་ནི་སྐྱེ་བོ་མེད་པའི་ཕྱོགས་ལ་ཉིན་མོའམ་མཚན་མོ་གཉིད་མ་ལོག་པ་ན་ཡང་དེར་གློས་དབབ་པར་མི་བྱའོ། །དེ་བས་
ན་འདི་མི་བྱའོ་ཞེས་བྱ་བ་འདིར་བརྗོད་པ་ཡིན་ནོ། །དགོན་པ་དང་བླ་གབ་མེད་པ་ལ་གཅིག་པུ་ཉིད་དུ་གྱུར་པ་ལ་ཉེས་པ་དང་ལྡན་པ་ཡང་ཡིན་ཏེ། དེ་བས་ན་འདི་རིག་པར་བྱའོ། །དགེ་སློང་མས་གནས་ཁང་སྒོ་མ་བཅད་པར་སྙོམས་པར་འཇུག་པ་ཡང་མི་བྱའོ་ཞེས་བྱ་བ་ལ། ཡང་གི་སྒྲ་ནི་གློས་དབབ་
པར་མི་བྱའོ་ཞེས་བྱ་བའི་རྗེས་སུ་དྲང་བའི་དོན་དུའོ། །གཉིས་ཀ་ཡང་འདིར་དགེ་སློང་མས་གནས་ཁང་སྒོ་མ་བཅད་པར་མི་བྱའོ། །གྲོགས་དང་བཅས་པས་ཀྱང་བྱ་བར་འགྱུར་གྱི། འདིར་གྲོགས་ཡོད་པ་ལ་ཡང་འདི་ཟིལ་གྱིས་མནན་ནས་སྩོལ་བའི་ཉེས་བྱས་སུ་འགྱུར་རོ། །མི་ཚངས་པར་
སྤྱོད་པའི་ཕམ་པར་འགྱུར་བ་རྫོགས་སོ་ཞེས་བྱ་བ་དངོས་གཞི་དང་པོ་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་རྫོགས་སོ།། །།གང་བྱས་ན་མ་བྱིན་པར་ལེན་པའི་ཕམ་པར་འགྱུར་ཞེ་ན། དེའི་ཕྱིར་རྐུ་བའམ་རྐུར་བཅུག་ནའོ་ཞེས་བྱ་བ་སྨོས་ཏེ། རྐུ་བ་ནི་རང་གིས་བྱ་བའོ། །རྐུར་
Vol. 160 · folio 66b
བཅུག་པ་ནི་གཞན་ལ་བཅོལ་ནས་འཕྲོག་ཏུ་བཅུག་པའོ། །རང་གི་ལུས་ངག་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། མངགས་པས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། ཕོ་ཉས་ཀྱང་བྱེད་པར་འགྱུར་བས་རྐུ་འམ་རྐུར་བཅུག་པས་ཞེས་བྱ་བའི་དོན་ཏོ། །རྐུ་བ་ནི་མངགས་པ་སྟེ་གང་དུ་མངགས་པ་རང་གི་
ལུས་ཀྱིས་བྱེད་པའོ། །རྐུར་བཅུག་པ་ནི་གང་ལ་མངགས་པས་བཅོལ་ནས་གཞན་ལ་འདི་སྐད་ཅེས་སོ། །རང་གིས་རྐུས་ཤིག །སོང་ལ་རྐུར་ཆུག་ཤིག་ཅེས་བྱེད་དུ་བཅུག་པའོ། །བྱེ་བྲག་ཏུ་བཅོལ་བའི་དབང་གིས་དེ་ལྟར་རྣམ་པར་གཞག་སྟེ། མངགས་པའི་མངགས་པས་གཞན་
གྱིས་རྐུར་བཅུག་པ་ཡིན་ཏེ། དེས་མངགས་པ་ལ་སོགས་པས་སམ། དེ་ལ་ཡང་རང་གིས་མངགས་པ་ཉིད་ཀྱིས་ཞེས་བྱ་བའི་ཁྱད་པར་ཡོངས་སུ་མ་བཟུང་བའི་ཕྱིར་འདིར་མངགས་པ་ཉིད་རིག་པར་བྱའོ། །གང་གི་ཞེ་ན། དེའི་ཕྱིར་མ་བྱིན་པའོ་ཞེས་བྱ་བ་སྨོས་ཏེ། བྱིན་པ་ལ་ཡང་
རྐུ་སེམས་ཀྱིས་ལེན་པ་སྲིད་པས་དེའི་ཕྱིར་ཁྱད་པར་འདིའོ། །འདིར་ལུང་ནི། དེ་ལ་བུད་མེད་དམ་སྐྱེས་པའམ་མ་ནིང་དག་གིས་ཀྱང་མ་བྱིན་པ་ཞེས་གསུངས་པ་དེ་ཡིན་ནོ། །ཚད་ཇི་ཙམ་ཞེ་ན། དེའི་ཕྱིར་མ་ཤ་ཀ་ལྔ་ལ་སོགས་པའོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི། མ་ཤ་ཀ་ལྔའམ་མ་
ཤ་ཀ་ལྔ་ལས་ལྷག་པས་ཞེས་གསུངས་པ་ཡིན་ནོ། །སེམས་ཇི་ལྟ་བུས་ཤེ་ན། དེའི་ཕྱིར། རྐུ་སེམས་ཀྱིས་སོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་ཡིད་གཅུགས་པའི་སེམས་ལ་སོགས་པ་རྣམས་ཀྱིས་ནི་ལྟུང་བ་མེད་དོ་ཞེས་འོག་ནས་འབྱུང་ངོ་། །ཅི་མི་མ་ཡིན་པའི་རྒྱུད་ཀྱིས་ཡོངས་སུ་
བཟུང་བའམ་ཞེ་ན། མ་ཡིན་ཏེ། །དེའི་ཕྱིར་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བའོ་ཞེས་བྱ་བ་སྨོས་ཏེ། མིས་ཡོངས་སུ་བཟུང་བ་མ་ཡིན་པ་ལ་ན་སྨད་པ་ཉིད་དུ་གསུངས་པའི་ཕྱིར་འགྲོ་བ་གཞན་དང་འབྲེལ་པའི་འདུ་ཤེས་ཀྱིས་ཅི་ཞིག་དེ་ལྟ་ཉིད་དུ་འགྱུར་རམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་དེར་
འདུ་ཤེས་པས་སོ་ཞེས་བྱ་བ་སྨོས་ཏེ། མིའི་འགྲོ་བ་པས་ཡོངས་སུ་བཟུང་བ་ཡིན་པར་འདུ་ཤེས་པས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་མིའི་བདག་གིས་རྐུའོ་སྙམ་དུ་འདུ་ཤེས་པར་གྱུར་ན་དེས་ཕམ་པ་ཡིན་ནོ། །འདིར་གཞུང་ནི། འདི་ལྟ་སྟེ། དགེ་སློང་གིས་འདི་ལྟར་ཡོ་བྱད་ལྕི་བ་འདི་
Vol. 160 · folio 67a
རྣམས་ནི་གཞན་སྐྱེས་པའམ་བུད་མེད་དམ་མ་ནིང་རྣམས་ཀྱིས་ཡོངས་སུ་བཟུང་བར་འདུ་ཤེས་པས་ཏེ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་མ་བྱིན་པར་ལེན་པའི་ཕས་ཕམ་པ་བསྐྱེད་པ་ལ་ཡན་ལག་ལྔ་སྟེ། མ་བྱིན་པ་ཉིད་དང་། མ་ཤ་ཀ་ལྔ་ལ་སོགས་པ་ཉིད་དང་། རྐུ་
སེམས་ཉིད་དང་། མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ཉིད་དང་། དེར་འདུ་ཤེས་པ་ཉིད་དོ། །ཡན་ལག་གང་ཡང་རུང་བ་མ་ཚང་བ་ལ་ནི་ཕམ་པར་འགྱུར་བ་མེད་དེ་ན་སྨད་པ་ཁོ་ནར་འགྱུར་རོ། །མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ཞེས་སྨོས་སོ། །ཁྱེར་བ་ཉིད་ནི་བསམ་པས་མ་བཏང་བ་
ནི་བདག་པོ་ཉིད་དང་མ་བྲལ་བ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། རླུང་དང་རྐུན་པོ་ལ་སོགས་པ་རྣམས་ཀྱིས་གོས་ལ་སོགས་པའི་རྫས་ཁྱེར་བ་ཉིད་ནི་གང་གིས་དེ་དང་འབྲེལ་པར་ཇི་སྲིད་བསམ་པ་དེ་དང་ལྡན་པས་མ་བཏང་བར་གྱུར་པ་ནི་ཡོངས་སུ་གཏོང་བར་མི་འགྱུར་བ་འདི་ལ་རེ་བ་
མེད་པ་ཉིད་མ་སྐྱེས་པ་དེ་སྲིད་དུ་རྫས་ཀྱི་ཡུལ་དེ་ལ་གང་ཞིག་བདག་པོ་ཉིད་དང་མ་བྲལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི། ཇི་ལྟར་ཡང་བཙོ་བླག་མཁན་གྱིས་གོས་རྣམས་བཏིང་བ་ཞེས་བྱ་བ་ལ་སོགས་པའོ། །བདག་ཏུ་བྱས་པ་ཉིད་ལ་ཡང་གཞན་གྱིས་མ་བྲལ་
བ་ཉིད་ཀྱི་བསམ་པར་བདག་པོ་ཉིད་དུ་མ་བཏང་བ་དག་ཏུ་བྱས་པ་རྗེས་སུ་འཇུག་པའི་ཕྱིར་རོ། །དེ་དང་མ་བྲལ་བ་ཉིད་དང་བདག་ལ་བྱས་པ་ལ་དེ་བསལ་བ་མི་རིགས་པའི་ཕྱིར་རོ། །དེ་ལྟར་ན་རྒྱལ་པོའི་ཕོ་བྲང་དུ་རྐུན་པོ་རྣམས་གཏད་ཅིང་བཟློག་པ་ལ་རྐུ་བ་ཉིད་བསྐྱེད་པ་མི་སྲིད་པའོ། །ཕྱེད་རིན་
རྣམ་པར་སྦྱོར་བ་གང་ཞིག་དངོས་པོ་དེ་ལས་བདག་གིས་བྱེད་པ་སོ་སོར་མ་ལོག་པ་འདི་ནི་འདིར་བསམ་པས་མ་བཏང་བར་ཤེས་པར་བྱའོ། །ཐ་སྙད་མི་ཤེས་པའི་ནི་ཞལ་ཏ་བྱེད་པ་བདག་པོ་ཉིད་ཡིན་ནོ་ཞེས་བྱ་བ་ལ་ཐ་སྙད་ཤེས་པ་ནི་འཇིག་རྟེན་གྱི་ཐ་སྙད་སྨྲ་ནུས་པ་སྟེ། དེའི་རྒྱུད་དུ་གཏོགས་
པའི་རྫས་ནི་ཐ་སྙད་ཤེས་པའོ། །ཐ་སྙད་མི་ཤེས་པའི་ནི་ཐ་སྙད་ཤེས་པ་མ་ཡིན་པ་སྟེ། དཔེར་ན་བྱ་རྣམས་ཀྱི་རྒྱན་བཞིན་ནོ། །དེ་ལ་ཐ་སྙད་མི་ཤེས་པའི་རྒྱུད་དུ་གཏོགས་པ་ཡོད་ཀྱང་དེའི་ཞལ་ཏ་བྱེད་པ་ང་ཡིར་འཛིན་པར་བྱས་པ་གང་ཡིན་པ་དེ་བདག་པོ་ཉིད་དུ་འགྱུར་རོ། །འདིར་
Vol. 160 · folio 67b
བདག་པོ་མེད་པ་དང་འདྲ་སྟེ་དེ་བས་ན་ཞལ་ཏ་བྱེད་པ་པོའི་འདིར་ངར་འཛིན་པ་དངོས་པོ་ཅན་ལ་ཡང་དག་པར་གནས་པ་སྟེ་འདིར་བདག་ཏུ་བྱས་པ་ནི་བྱ་དེ་རྣམས་ཀྱི་བྱའི་རྒྱན་བཞིན་དུ་དེ་བས་ན་བྱ་རྣམས་ལ་ཡང་འདིར་བདག་པོ་ཉིད་དོ། །གཉིས་ཀ་བདག་པོ་ཉིད་ཡིན་ན་ནི་འདུ་ཤེས་ཀྱི་
དབང་གིས་ལྟུང་བ་རྣམ་པར་གཞག་པ་ཞེས་བྱ་བ་རིག་པར་བྱའོ། །དེ་ལྟར་འདིར་གཞུང་ནི། གལ་ཏེ་དེ་འདི་སྙམ་དུ་མི་ལས་བརྐུ་བར་བྱའི་བྱ་རྣམས་ལས་མ་ཡིན་ནོ་ཞེས་བྱ་བ་དང་། མི་ལས་རིན་ཐང་བརྩི་བར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མིའི་བདག་པོ་ཉིད་མེད་པར་
ཕམ་པར་སྦྱོར་བ་མ་ཡིན་ནོ། །བཟའ་བཏུང་གི་ཕྱིར་བྱིན་པ་ལ་ནི་བསམ་པ་དང་འབྲེལ་པ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། དགོན་པའི་ལམ་དུ་ཆུའི་སྐལ་བ་དུད་འགྲོ་རྣམས་ལ་སྦྱིན་པ་ལ་གང་གི་ཕྱིར་འདུ་ཤེས་ཀྱིས་རྣམ་པར་གཞག་པ་མ་བྱས་པ་དེ་རྒྱུར་བརྗོད་པ་ཡིན་ནོ། །གང་གི་ཕྱིར་
བཟའ་བཏུང་གི་དོན་དུ་དུད་འགྲོ་ཁྱུ་ལ་སོགས་པ་དེ་ལ་ནི་ཆུ་ལ་སོགས་པ་གང་ཞིག་སྟེར་བའི་སྦྱིན་པར་བྱེད་པ་འདི་བདག་གིའོ་སྙམ་པའི་བསམ་པས་འབྲེལ་པ་གང་ཡིན་པ་དང་ལྟོས་པ་གང་ཡིན་པ་དེ་མེད་པ་ཉིད་ནི་དངོས་པོ་མེད་པའོ། །དེ་བས་ན་དུད་འགྲོ་རྣམས་ཁོ་ན་བདག་པོ་ཉིད་ཅེས་
བྱའོ། །འདིར་གཞུང་ནི། གནས་སྐབས་དེ་ལ་དུད་འགྲོ་རྣམས་ཀྱི་སྐལ་བའི་ཆུའི་རིན་ཐང་དེ་རྣམས་ཀྱིས་བརྩི་བར་བྱ་ཞེས་གསུངས་པ་གང་ཡིན་པ་དེ་ལས་མ་བྱིན་པར་ལེན་པ་བསྐྱེད་དོ། །ནགས་མེས་བཏང་བ་ལ་སོགས་དག་གིས་གཟུང་བའི་ཕྱིར་རི་དགས་དང་བྱ་དང་སྡིག་སྦྲུལ་ལིངས་
བཏབ་པ་རྣམས་ལ་ནི་ལིངས་པ་མ་ཡིན་པ་བདག་པོ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ། རྔོན་པ་ལ་སོགས་པ་རྣམས་ཀྱིས་རི་དགས་ལ་སོགས་པ་རྣམས་ལ་ནགས་མེས་བཏང་བ་ལ་སོགས་པའི་ཐབས་རྣམས་ཀྱིས་བཟུང་བའི་ཕྱིར་མངོན་པར་བརྩོན་པ་རྣམས་ལ་གང་ཞིག་དེ་རྣམས་
ཀྱི་ནང་མངོན་པར་མི་བརྩོན་པ་དེ་ལ་མངོན་པར་བརྩོན་པ་ཉིད་ནི་བདག་པོ་ཉིད་དུ་དེར་གྱུར་ཏེ་མངོན་པར་མི་བརྩོན་པ་ནི་མ་ཡིན་ནོ། །རྐུ་སེམས་ཀྱིས་འཛིན་པ་ལ་རྐུན་མའི་དངོས་པོ་ཞེས་བྱ་བའི་དོན་ཏོ། །རི་དགས་ལ་སོགས་པ་སྨོས་པ་ནི་འདིར་དཔེ་ཡིན་ཏེ། མི་དང་ཕྱུགས་དག་ལ་
Vol. 160 · folio 68a
ཡང་ཆོ་ག་འདི་སྦྱར་བའོ། །བདག་དང་བདག་གི་དག་ལ་ཡང་ཡོད་པ་ཉིད་ཀྱི་ཕྱིར་བདག་པོ་སྐྱེས་པ་ལ་བདག་པོ་དང་བཅས་པར་སྦྱར་བའོ། །བྱེ་བྲག་མ་ཕྱེད་པ་ལ་ནི་གཞི་ལས་རྣམ་པར་གཞག་གོ་ཞེས་བྱ་བ་ནི་བདག་པོ་དང་བཅས་པ་ཞིག་གམ་འོན་ཏེ་མ་ཡིན་
ཞེས་བྱེ་བྲག་མ་ཕྱེད་པ་གང་ཞིག་དེ་ཡོད་མོད་ཅེས་བྱ་བ་གང་དུ་གཏེར་རམ། རྫས་གཞན་འཛིན་པ་དངོས་པོ་དེ་ལ་ནི་འདུ་ཤེས་ལས་རྣམ་པར་གཞག་པའོ། །གལ་ཏེ་རྫས་དེ་བདག་པོ་དང་བཅས་པ་ཡིན་ན་བདག་པོ་དང་བཅས་པའི་སྐྱོན་ནོ། །གལ་ཏེ་མིན་ན་བདག་པོ་མ་ཡིན་པ་ལ་སོགས་
པ་ལྡང་བའི་སྐྱོན་ནོ། །རིན་ཐང་ནི་བརྐུས་པའི་གནས་དང་དུས་ཀྱིས་སོ་ཞེས་བྱ་བ་ནི་རིན་ཐང་གི་རྣམ་པར་གཞག་པ་ཞེས་བྱ་བ་འཇུག་གོ། །བརྐུས་པའི་གནས་དང་དུས་གང་ཡིན་པ་དེས་རིན་ཐང་གི་རྣམ་པར་གཞག་པ་གང་དུ་བྱེད་པ་དང་། གང་གི་ཚེ་ན་དེར་དེའི་ཚེ་རིན་ཐང་དེས་དེར་ལྟུང་བྱེད་ཅེས་
བྱ་བའི་དོན་དེ་རྣམ་པར་གཞག་གོ་ཞེས་བྱ་བ་འཇུག་གོ། །མ་བསམས་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་ལ། རྫས་གང་ཞིག་རྐུ་བ་ཉིད་ཀྱིས་མངོན་པར་མི་འདོད་པ་དེ་ལྟ་བུའམ་འོན་ཏེ་ཆེ་གེ་མོའི་ཡིན་ན་ཡང་བདག་གིས་རྐུའོ་སྙམ་སྟེ། འཁྲུལ་པས་བརྐུས་པར་གྱུར་པ་དེ་ལས་ལྟུང་བར་མི་
འགྱུར་རོ། །དེ་ལྟར་ན་ཡང་ཉེ་བ་འཁོར་གྱིས་ཞུས་པ་ལས། བཙུན་པ་རེ་ཞིག་དགེ་སློང་གིས་རྐུ་སེམས་ཀྱིས་ཆོས་གོས་ཀྱི་གདང་བུ་བརྐུས་པ་ལ་གལ་ཏེ་དེར་ཆོས་གོས་དག་ཀྱང་ཞར་ལ་མཆིས་ན་ལྟུང་བ་ཅིར་འགྱུར་ཆོས་གོས་ཀྱི་གདང་བུའི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་པ་ཡིན་
ཏེ། དེ་ལ་ཆོས་གོས་རྣམས་ནི་མངོན་པར་འདོད་པ་མ་ཡིན་ཏེ། དེ་བས་ན་དེ་ལ་བརྟེན་པའི་གྲངས་གསུངས་པ་མ་ཡིན་ནོ། །རང་དང་བརྙ་བ་དང་ཡིད་གཅུགས་པའི་སེམས་དག་གིས་གཞན་ལ་གོ་བར་བྱ་སྟེ། བླངས་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི་རྐུ་སེམས་མེད་ན་ལྟུང་བ་མེད་དོ་
ཞེས་བྱ་བ་དང་འབྲེལ་ལོ། །རང་གི་སེམས་དང་བརྙ་བའི་སེམས་དང་ཡིད་གཅུགས་པའི་སེམས་ནི་རང་དང་བརྙ་བ་དང་ཡིད་གཅུག་པའི་སེམས་སོ། །དེ་རྣམས་ཀྱིས་བཟུང་བ་ལ་རྐུ་སེམས་མེད་པས་ལྟུང་བ་མེད་དོ། །དེ་ལྟར་ཡང་དགེ་སློང་གིས་རང་གི་ལྷུང་བཟེད་དང་ཆོས་གོས་ཀྱང་
Vol. 160 · folio 68b
རྐུ་སེམས་ཀྱིས་ལེན་ན་ཉེས་པ་སྦོམ་པོར་འགྱུར་རོ། །སེམས་འདི་རྣམས་ཀྱིས་ཀྱང་ལེན་པར་བྱེད་ན་གཞན་གྱིས་རྐུ་བའི་གླགས་བཟློག་པའི་དོན་དུ་དངོས་པོ་འདི་གཞན་ལ་གོ་བར་བྱ་བ་འདིར་རིགས་པ་ཡིན་ནོ། །དེ་ལྟར་ན་ཡང་གཞན་ལ་གོ་བར་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །དོགས་པ་
དང་བྲལ་བར་བྱ་བའི་ཕྱིར་བསྟན་པ་འདི་ཡིན་ཏེ། དོགས་པ་མེད་པར་དོན་དུ་གཉེར་བའི་ཕྱིར་འདི་བྱའོ། །དེ་ལྟར་བྱས་ན་འགྱོད་པའི་གླགས་རྙེད་པར་མི་འགྱུར་བ་ཞེས་བྱ་བའོ། །རང་དང་བརྙ་བ་དང་ཡིད་གཅུགས་པའི་སེམས་དང་གཞན་ལ་གོ་བར་བྱས་པ་རྣམས་ལས་རྣམ་པ་གཞན་
གྱིས་ཀྱང་རྐུ་བའི་སེམས་མེད་པར་ལེན་པ་ལ་ལྟུང་བ་མེད་ཅེས་བསྟན་པའི་ཕྱིར། །རྐུ་སེམས་མེད་པ་གཞན་གྱིས་ཀྱང་ངོ་ཞེས་བྱ་བ་སྨོས་སོ། །རྣམ་པ་གཞན་གྱིས་ཀྱང་ཇི་ལྟར་ཉེས་པ་མེད་ཅེ་ན། ཉེ་བ་འཁོར་གྱིས་ཞུས་པ་ལས། དགེ་སློང་གིས་དགེ་སློང་ལ་འདི་སྐད་ཅེས་སྨྲས་ཏེ།
ཁྱོད་ཀྱིས་དགེ་སློང་ཆེ་གེ་མོའི་ཡོ་བྱད་དེ་དང་དེ་དག་ཤེས་སམ་ཤེས་སོ། །འོ་ན་སོང་ལ་དེ་དག་རྐུས་ཤིག །དེ་དག་ཕྲོགས་ཤིག །དེ་དག་གནས་ནས་ཡང་གཞན་དུ་སྤོགས་ཤིག་ཅེས་བསྒོ་ནས་ཞེས་བྱ་བའོ། །རྐུ་བའི་སེམས་ཀྱིས་རྐུ་ཞེས་བྱ་བ་འདི་ལ་དོན་གཉིས་དང་ལྡན་པ་ཉིད་དོ། །
རྐུ་བར་བྱེད་ཁར་འཇུག་པར་བྱེད་ཅེས་བྱ་བར་མངོན་པར་འདོད་དོ། །འོན་ཏེ་དེ་འདི་སྙམ་དུ་འདི་ནི་ཞེས་བྱ་བ་འདི་ལ་བདག་པོ་ཉིད་ཀྱིས་འདི་ཞེས་བྱ་བ་དོན་གྱིས་ཀུན་དུ་སྤྱོད་པར་གྱུར་པ་རྐུ་བ་མངོན་པར་འདོད་ཅེས་བྱ་བ་དོན་འདི་ཡིན་ནོ། །སྙིང་རྗེས་རྫུ་འཕྲུལ་གྱིས་ཕྲོགས་ནའོ་ཞེས་བྱ་བ་ནི་ལྟུང་
བ་མེད་དོ་ཞེས་བྱ་བར་རྗེས་སུ་འབྲེལ་ཏོ། །སེམས་ཀྱིས་རིགས་ཉིད་དེ་འདྲ་བ་འདི་ཡིན་གྱི། གང་ཞིག་འདིར་ལྟུང་བ་མི་སྐྱེད་ཅེས་བྱ་བར་རིག་པར་བྱའོ། །སྙིང་རྗེའི་སེམས་ཀྱིས་གཞན་ནོར་དང་བྲལ་བ་ལ་ལྟུང་བ་མི་སྐྱེད་པའོ། །དེ་ལྟར་ན་ཡང་འཆད་པར་འགྱུར་བ་སྟེ་སྙིང་རྗེའི་སེམས་
ཀྱིས་ནི་ཉེས་བྱས་ཞེས་བྱ་བའོ། །དེ་བས་ན་རྣམ་པ་གསུམ་ཞེས་བྱ་བ་ཁྱད་པར་རོ། །ཐམས་ཅད་དུ་སྦྱོར་བ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི་ལྟུང་བ་ཐམས་ཅད་ལ་ཡང་སྦྱོར་བ་གང་ཡིན་པ་དེ་ལ་ནི་ཉེས་བྱས་སོ། །དེ་ནི་སྤྱིར་བཏང་བ་སྟེ། དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། སྡེ་
Vol. 160 · folio 69a
ཚན་དེ་ལ་གལ་ཏེ་དངོས་གཞིའི་ཡིན་ན་སྦོམ་པོའོ་ཞེས་བྱ་བ་སྨོས་ཏེ་དེ་ལ་ཞེས་བྱ་བ་ནི་ཕམ་པ་ལའོ། །སྡེ་ཚན་ལ་སྦོམ་པོ་ནི་སྦྱོར་བའོ། །གལ་ཏེ་དངོས་གཞིའི་ཡིན་ན་ཞེས་བྱ་བ་ནི་སྦྱོར་བ་དེའོ། །ཇི་སྟེ་སྦྱོར་བའི་སྦྱོར་བ་ཡིན་ན་དེ་ལ་ནི་ཉེས་བྱས་ཁོ་ནའོ། །འོག་མ་
དག་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་གང་ཞིག་སྡེ་ཚན་དེ་ལ་འོག་མ་སྦོམ་པོ་བརྗོད་པ་དངོས་གཞིའི་ཡིན་ན་སྦྱོར་བ་དེ་ལ་ཞེས་བྱ་བ་ནི་འོག་མའི་སྡེ་ཚན་ལ་དགེ་འདུན་ལྷག་མ་ཞེས་བྱ་བ་རྟོགས་པར་བྱའོ། །འདིར་ཡང་དངོས་གཞིའི་སྦྱོར་བ་ཡིན་ན་སྦོམ་པོའོ། །སྦྱོར་བའི་སྦྱོར་བ་ཡིན་ན་ནི་
ཉེས་བྱས་སོ། །མ་ཆོག་པ་བརྐུས་ནའོ་ཞེས་བྱ་བ་སྦོམ་པོའོ་ཞེས་བྱ་བའི་དབང་དུ་བྱ་སྟེ། འདི་མན་ཆད་འོག་ནས་སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་ན་ཉེས་བྱས་སོ་ཞེས་བྱ་བ་ནས་མ་ཤ་ཀ་ལྔར་མ་ཆོག་པ་བརྐུས་ན་གང་ཅུང་ཟད་མ་ཚང་བར་བརྗོད་པ་དེ་ཐམས་ཅད་ནི་དངོས་གཞིའི་ཆོ་ག་ལའོ། །
དེ་བས་ན་འདིར་ཇི་ཙམ་དུ་དངོས་གཞིའི་ཆོ་ག་ལ་བརྟེན་པའི་རྣམ་འགྱུར་དུ་གྱུར་པའོ། །དེ་ལས་གཞན་པའི་དངོས་གཞིའི་ཆོ་ག་བརྟེན་པ་དེ་ལ་རྗེས་སུ་སྦྱོར་བའོ། །དཔེར་ན་རྐུ་བ་དང་རྐུར་བཅུག་པ་དང་མངགས་པ་དང་མ་བྱིན་པ་དང་། རྐུ་སེམས་ཀྱིས་མིའི་རྒྱུད་ཀྱིས་ཡོངས་སུ་
བཟུང་བར་འདུ་ཤེས་པ་དང་ཞེས་བྱ་བ་འདི་རྣམས་དངོས་གཞིའི་ཆོ་ག་ལ་གཏོགས་པའི་ཡན་ལག་རྣམས་མདོ་འདི་ལ་རྗེས་སུ་སྦྱར་བའོ། །དེ་བས་ན་ཁྱད་པར་འདི་དང་ལྡན་པའི་ཆོ་ག་འདི་ལ་སྦོམ་པོ་འདི་རིག་པར་བྱའོ། །གཞན་དུ་ཡང་དེ་དང་རྗེས་སུ་འབྲང་བས་རྟོགས་པར་བྱའོ། །
མི་མ་ཡིན་པའི་འགྲོ་བ་དང་འབྲེལ་པ་ལ་དེའི་འདུ་ཤེས་དང་མིའི་འགྲོ་བ་ལ་བརྟེན་པའི་འདུ་ཤེས་ཀྱིས་མ་ཆོག་པ་བརྐུས་པ་ལ་སྦོམ་པོའི་ལྟུང་བ་བྱུང་བ་ལ་དམན་པ་ཉིད་ཀྱི་ཕྱིར་ཉེས་བྱས་སོ། །གང་དེའི་བདག་པོ་ཉིད་ཡོངས་སུ་བཟུང་བ་དང་མ་ཆོག་པ་དང་མིའི་འགྲོ་བ་པ་ཡོངས་
སུ་འཛིན་པ་ཉིད་ཀྱི་ཕྱིར་འདུ་ཤེས་ལ་ཉེས་བྱས་ཉིད་དོ། །རྐུ་བའི་སེམས་མེད་ན་ཐམས་ཅད་དུ་ལྟུང་བ་མེད་དོ། །གང་གི་ཕྱིར་འདིར་རྐུ་བའི་སེམས་ནི་ལྟུང་བ་བྱས་པ་སྟེ། ཡན་ལག་གཞན་རྣམས་ལ་ནི་དེའི་ཁྱད་པར་དུ་བྱས་པ་ཉིད་དོ། །བདག་པོ་མེད་པའི་གཏེར་རོ་ཞེས་བྱ་བ་ནི་
Vol. 160 · folio 69b
མ་བྱས་པ་ལ་འདིར་བདག་པོ་ཉིད་ཅི་འདྲ་བ་སྟེ། གང་ཞིག་དོན་རྟོགས་པའི་བདག་པོས་ཡིན་གྱི་དོན་མ་རྟོགས་པ་ནི་མ་ཡིན་ནོ། །ཡུལ་གྱི་བདག་པོའམ་དེའི་རིགས་དང་ལྡན་པས་མ་རྟོགས་པར་གྱུར་པ་ལ་གང་དང་བཅས་པས་དེའི་རིག་ཆད་པ་དེ་རྒྱལ་པོས་མ་ཤེས་པ་དང་མ་བྱས་
པ་ལ་སྦོམ་པོའི་ལྟུང་བའོ། །འདིར་དོན་མ་རྟོགས་པའི་བདག་པོ་རྒྱལ་པོ་ཡོད་པ་མ་ཡིན་ཏེ། དེ་བས་ན་ཅིའི་ཕྱིར་ཕམ་པ་མ་ཡིན་ཏེ། བདག་ཏུ་བྱས་པ་ཉིད་ཀྱི་ཆད་པས་ཡོངས་སུ་མ་རྫོགས་པའི་ཕྱིར་རོ། །དེ་ལྟར་ན་གཞུང་ནི། དེས་ནད་གཡོག་ལ་སྨྲས་པ། ཁུར་བ་སྣ་གསུམ་དང་
ཐུག་པ་སྟ་གོན་གྱིས་ཤིག་དང་དགེ་འདུན་ལ་ཡང་དབུལ་རང་ཡང་བཟའ་བཏུང་བྱའོ་ཞེས་ཟེར་ནས་དེས་དེ་དག་ལ་ཟོང་ཕོག་གོ། །དེ་དག་འདི་སྙམ་དུ་བདག་ཅག་ལ་ཁུར་བ་སྣ་གསུམ་པ་དང་ཐུག་པས་ཅི་བྱ། འདི་ལ་ཁུར་བ་སྣ་གསུམ་དང་ཐུག་པ་ཞིག་བྱིན་ལ་ཟོང་བདག་ཅག་གིས་
བགོ་བར་བྱའོ་སྙམ་ནས་དེ་དག་གིས་དེ་ལ་ཁུར་བ་སྣ་གསུམ་པ་དང་ཐུག་པ་ཞིག་བྱིན་ཏེ་ཟོང་བགོས་སོ། །དེ་ལ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པར་འགྱུར་བའི་ལྟུང་བ་ནི་མེད་དེ། ཉེས་པ་སྦོམ་པོའི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། གང་དག་
ལ་ཕུལ་བ་དེ་དག་ལ་དེར་བདག་གིར་བྱ་བ་སྐྱེས་པར་མ་གྱུར་པས་དེའི་ཕྱིར་ཕམ་པར་འགྱུར་བའི་རྒྱུ་མེད་པས་སྣང་ངོ་། །འོ་ན་མ་ཆད་པ་ལ་བདག་ཏུ་བྱ་བ་མེད་པ་ལ་ཇི་ལྟར་སྐྱེད་པ་སྟེ། དེར་གཏོགས་པ་ཉིད་ཀྱིས་རྫས་དེ་ལ་གནས་པ་ཉིད་ཀྱི་ཕྱིར་རོ། །ཇི་སྟེ་དོན་མ་རྟོགས་པའི་བདག་
པོས་ཀྱང་གང་ཞིག་བདག་པོ་མེད་པ་ཉིད་ནི་དཔེར་ན་སུས་ཀྱང་བདག་ཏུ་མ་བྱས་པའི་དགོན་པ་ལ་གནས་པའི་གཏེར་ལ་ཇི་ལྟར་སྒྲུབ་ཅེ་ན། བྱང་གི་སྒྲ་མི་སྙན་པ་རྣམས་ཀྱི་རྫས་རྐུས་པ་བཞིན་དུ་དེ་ལ་མ་བྱིན་པར་ལེན་པ་མེད་དེ། བདག་ཏུ་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །ཇི་སྟེ་རྐུ་སེམས་
སྐྱེད་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །འདིར་དངོས་གཞིའི་ཆོ་ག་ལ་གཏོགས་པའི་ཡན་ལག་རྣམས་ལ་མིའི་འགྲོ་བ་པ་ཡོངས་སུ་གཟུང་བར་བྱ་བ་འདིས་སྤང་བའི་དོན་དུ་སྦྱར་བའོ། །དེའི་འདུ་ཤེས་ཀྱིས་ཞེས་བྱ་བ་ལ་དེ་ལ་བདག་པོ་མེད་པའི་གཏེར་གྱི་འདུ་ཤེས་ཀྱིས་ཞེས་བྱ་
Vol. 160 · folio 70a
བའི་དོན་ཏོ། །བྱེ་བྲག་འདི་དང་ལྡན་པ་རྣམས་ལ་འདི་ནི་སྦོམ་པོ་སྟེ། བདག་པོ་མེད་པའི་གཏེར་ལ་བདག་པོ་དང་བཅས་པའི་འདུ་ཤེས་ཀྱིས་མིར་གྱུར་པའི་བདག་པོས་སམ་གཞན་གྱིས་ཀྱང་སྦོམ་པོ་ཉིད་དོ། །འདིར་ལས་འདི་ལ་ཤིན་ཏུ་མཆོག་ཉིད་ཀྱི་ཕྱིར་མ་ཤ་
ཀ་ལྔ་ལ་སོགས་པ་མ་ཚང་བ་ཉིད་ཀྱི་ཕྱིར་གཏེར་ལ་བདག་པོ་ཉིད་མེད་པའི་འདུ་ཤེས་ཀྱིས་དང་། བདག་པོ་དང་བཅས་པ་ཉིད་ཀྱི་འདུ་ཤེས་ལ་ཡང་བདག་པོ་མི་མ་ཡིན་པའམ། མིའི་བདག་པོས་ཀྱང་སྦོམ་པོ་བྱས་པ་ལས་དམན་པའི་ཕྱིར་ཉེས་བྱས་སོ། །རང་གིའོ་ཞེས་བྱ་བ་ནི་རང་གི་
རྫས་མ་ཤ་ཀ་ལྔ་ལ་སོགས་པ་རྐུ་སེམས་ཀྱིས་དེར་འདུ་ཤེས་པས་རྐུའམ་རྐུར་བཅུག་པ་དང་། མངགས་པས་དང་ལྟུང་བ་སྦོམ་པོར་འགྱུར་རོ། །དེར་འདུ་ཤེས་པ་ཞེས་བྱ་བའི་ཚིག་དེ་སྐབས་འདིར་ནི་རང་གི་འདུ་ཤེས་པ་ཞེས་བྱ་བར་རིག་པར་བྱའོ། །དེ་ལྟར་ཡང་གཞུང་ནི། དེའི་ཕྱིར་
དགེ་སློང་གིས་རང་གི་ལྷུང་བཟེད་དང་ཆོས་གོས་ཀྱང་རྐུ་སེམས་ཀྱིས་བླང་བར་མི་བྱའོ། །གལ་ཏེ་དགེ་སློང་གིས་རང་གི་ལྷུང་བཟེད་དང་ཆོས་གོས་ཀྱང་རྐུ་སེམས་ཀྱིས་ལེན་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རང་གི་ལ་གཞན་གྱིས་ཡོངས་སུ་བཟུང་བར་འདུ་
ཤེས་པ་ཡང་སྦོམ་པོ་ཁོ་ན་སྟེ། འདི་ལས་འདི་ལ་རྐུ་སེམས་ཤིན་ཏུ་ལྕི་བའི་ཕྱིར་རོ། །དེ་ལྟར་ཡང་གཞུང་ནི། དགེ་སློང་དག་མ་ཕམ་པ་མི་གཏི་མུག་ཅན་འདི་ནི་རང་གི་ཆོས་གོས་རྙང་རྙིང་དག་གིས་ཉེས་པ་སྦོམ་པོའི་ལྟུང་བ་འབྱུང་ངོ་ཞེས་གསུངས་པ་ཡིན་ནོ། རང་གི་ལ་གཞན་
གྱིས་ཡོངས་སུ་བཟུང་བར་འདུ་ཤེས་པ་ལ་སྦོམ་པོ་ཁོ་ན་སྟེ། རང་གི་ལ་གཞན་གྱིར་འདུ་ཤེས་པ་དང་ཡོངས་སུ་མ་བཟུང་བ་ལ་མ་བཟུང་བར་འདུ་ཤེས་པར་ཅེས་པ་ནི་ལྟུང་བ་ལ་འདྲ་བའི་ཕྱིར་རོ། །དེ་བཞིན་དུ་ཡོངས་སུ་མ་བཟུང་བ་ལ་ཡོངས་སུ་མ་བཟུང་བར་འདུ་ཤེས་པའམ།
ཡོངས་སུ་བཟུང་བ་དང་བཅས་པར་འདུ་ཤེས་པ་ལ་ཡང་སྦོམ་པོ་ཁོ་ནའོ། །འགྲོ་བ་གཞན་གྱིར་རོ་ཞེས་བྱ་བ་ནི་མིའི་འགྲོ་བ་ལས་གཞན་པའི་འགྲོ་བ་གང་ལ་ཡོད་པ་གང་ཡིན་པ་དེ་ནི་འགྲོ་བ་གཞན་ཏེ་རང་གི་ཞེས་བྱ་བ་འཇུག་གོ། །འགྲོ་བ་གཞན་ལ་གནས་པ་མིའི་འགྲོ་བ་པར་
Vol. 160 · folio 70b
ཡོངས་སུ་འཛིན་པ་ལ་འདི་དང་བྲལ་བའི་དངོས་གཞིའི་ཡན་ལག་ཡོད་དུ་ཟིན་ཀྱང་སྦོམ་པོ་སྟེ། དེར་འདུ་ཤེས་པས་སོ་ཞེས་བྱ་བ་འདི་ལ་འདིར་འགྲོ་བ་གཞན་དུ་ཤེས་པས་སོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི། དེ་འདི་སྙམ་དུ་གལ་ཏེ་བྱའི་རྐུའི་མིའི་ནི་མ་ཡིན་ནོ་སྙམ་ན་ཞེས་བྱ་བ་ལ་སོགས་
པ་ཡིན་ནོ། །མི་མ་ཡིན་པའི་འགྲོ་བ་པ་དང་འབྲེལ་བའི་འདུ་ཤེས་ཀྱིས་ནི་འགྲོ་བ་གཞན་དང་འབྲེལ་པ་ལ་སྦོམ་པོ་ཁོ་ན་སྟེ། ཤིན་ཏུ་མཆོག་ཉིད་ཀྱི་ཕྱིར་རོ། །བདག་གིར་མ་བྱས་པར་སྦ་བ་དང་ཆུད་གཟན་པ་དང་ཟིན་པ་བཏང་བ་ལ་སོགས་པས་བྲལ་བར་བྱེད་ན་ཡང་ངོ་ཞེས་བྱ་བ་ནི་བདག་
གིར་མ་བྱས་པར་སྦ་བ་ལ་སོགས་པ་གང་ཞིག་བྲལ་བར་བྱེད་ན་ཡང་དེར་སྦོམ་པོའོ། །སྦ་བ་ཞེས་བྱ་བ་ནི་འདིར་འདམ་རྫབ་ཏུ་གཞུག་པ་ལ་སོགས་པར་བསྟན་ཏོ། །ཆུད་གཟན་པ་ཞེས་བྱ་བ་ནི་བསྲེག་པ་དང་གཅད་པ་དང་བྲལ་བའི་བདག་ཉིད་ཀྱིས་ཆུད་ཟོས་པའོ། །ཟིན་པ་བཏང་བ་ཞེས་བྱ་
བ་ནི་རི་དགས་དང་ཉ་དག་ལ་སོགས་པ་རླུབས་དང་རྡོས་ལ་སོགས་པས་ཟིན་པ་དག་དེའི་ཡང་འདྲ་བ་ཉིད་ཀྱི་ཕྱིར་འདི་ལྟ་བུའི་རིགས་ཅན་གཞན་ལ་དཔེ་ཉིད་རྣམ་པར་གནས་ཞེས་བྱ་བ་བྱེ་བྲག་མེད་པར་ཉེ་བར་འབྲེལ་པའོ། །འདིར་རྣམ་པ་གཞན་ཡང་བཅིང་བ་དང་བྲལ་བ་དང་སྐྲོད་པ་དང་
གསོད་པ་ལ་སོགས་པ་ཡོད་པ་ཡིན་ཏེ། དེ་རྣམས་ལ་ཁོངས་སུ་བསྡུ་བའི་ཕྱིར་སོགས་པའི་སྒྲའོ། །རྐུའམ་རྐུར་བཅུག་པ་དག་ལ་རྐུ་སེམས་ཀྱིས་ཞེས་བྱ་བ་འདིར་དངོས་གཞིའི་ཆོ་ག་ལ་གཏོགས་པ་འབའ་ཞིག་གི་ཡན་ལག་འདི་མེད་པའོ། །དེ་བས་ན་མངགས་པས་ཀྱང་མ་བྱིན་
པའོ། །མ་ཤ་ཀ་ལྔ་ལ་སོགས་པའོ། །མིའི་འགྲོ་བ་པས་ཡོངས་སུ་བཟུང་བ་ལ་དེའི་འདུ་ཤེས་ཀྱིས་ཞེས་བྱ་བའི་ཁྱད་པར་དེ་དང་ལྡན་པའི་ཆོ་ག་འདི་ལ་སྦོམ་པོ་འདི་རིག་པར་བྱའོ། །གཞན་ལ་ཡང་དེའི་རྗེས་སུ་འབྲངས་པས་རྟོགས་པར་བྱའོ། །གཞན་གྱི་འགྲོ་བ་པ་དང་འབྲེལ་
པའི་འདུ་ཤེས་ཀྱིས་མིའི་འགྲོ་བ་པ་དང་འབྲེལ་པ་བྲལ་བར་བྱེད་ན་སྦོམ་པོའི་བྱེད་པ་དམན་པའི་ཕྱིར་ཉེས་བྱས་སོ། །དེ་བཞིན་དུ་མི་མ་ཡིན་པའི་འགྲོ་བ་པ་དེ་འབྲེལ་པ་ལ་མིའི་འགྲོ་བ་པ་དང་འབྲེལ་བའི་འདུ་ཤེས་ཀྱིས་འབྲལ་བར་བྱེད་ཀྱང་ཉེས་བྱས་སོ། །མ་ཆོག་པ་ཉིད་ལ་གང་དང་
Vol. 160 · folio 71a
དེ་འབྲེལ་པ་ལ་གང་དང་འབྲེལ་བའི་འདུ་ཤེས་ཀྱིས་སྦོམ་པོའི་བྱེད་པ་དམན་པའི་ཕྱིར་ཉེས་བྱས་སོ། །གཞན་གྱིས་ཡོངས་སུ་མ་བཟུང་བ་ཉིད་ཀྱི་འདུ་ཤེས་ཀྱིས་ཉེས་བྱས་སོ། །ཡོངས་སུ་བཟུང་བ་དང་བཅས་པའམ་ཡོངས་སུ་མ་བཟུང་བ་ལ་ལྟུང་བ་མེད་དོ། །བྲལ་
བར་བྱེད་པའི་འདུ་ཤེས་མེད་པའི་ཕྱིར་བྲལ་བར་བྱེད་པའི་འདུ་ཤེས་ཅན་ལ་འདིར་ལྟུང་བར་བྱས་པ་ཉིད་དོ། །དཔེར་ན་གཞན་ལ་རྐུ་སེམས་ཀྱིས་དེའི་ཁྱད་པར་དུ་བྱས་པ་ཉིད་ལ་ཡན་ལག་གཞན་རྣམས་ཞེས་བྱ་བའོ། །འདིར་གཉིས་ཀ་རྣམ་པར་བྲལ་བར་བྱེད་པ་ལས་ཡོངས་སུ་བཟུང་བ་དང་
བཅས་པའི་འདུ་ཤེས་ཡོད་པ་ལ་རྣམ་པར་ལྡང་བ་སྟེ། གསོད་པའི་བློ་དང་སྙིང་རྗེའི་སེམས་ཀྱིས་ཞེས་བྱ་བའོ། །དེ་ལ་སྙིང་རྗེའི་སེམས་ཀྱིས་འདི་བྱེད་པ་ལ་ཉེས་བྱས་ཏེ་ཞེས་བྱ་བར་འཆད་པར་འགྱུར་རོ། །ལྷག་མ་གསོད་པའི་བློས་ཆོ་ག་འདི་བྱེད་པ་ལ་རྣམ་པར་ཞུགས་པར་རིག་པར་བྱའོ། །
སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་ན་ཉེས་བྱས་སོ་ཞེས་བྱ་བ་ལ། ཡོངས་སུ་བཟུང་བ་དང་བཅས་པའི་འདུ་ཤེས་ཡོད་པ་ལ་བཟུང་བ་བཏང་བ་ལ་སོགས་པས་གཞན་གྱི་དོན་དང་བྲལ་བར་བྱེད་པ་ལ་ནི་ཉེས་བྱས་སོ། །སྔར་བྱས་ན་ཕྱིར་བཅོས་མ་བྱས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱིམ་
དེ་ན་བུད་མེད་ནི་མང་སྐྱེས་པ་ནི་ཉུང་ངོ་ཞེས་སྔར་སྦྲན་པའི་ལོ་རྒྱུས་དབུལ་བའི་ཕྱིར་བཅོས་པ་སྟེ། གང་དུ་ཕྱིར་བཅོས་པ་རྐུན་པོ་རྣམས་ཕྱིར་བཟློག་པ་ལ་སོགས་པ་བྱེད་པ་དེ་ལ་དང་པོ་ནི་རྩོམ་པ་བྱས་པ་མེད་པར་མི་འགྱུར་རོ། །དེ་བས་ན་དེར་སྦོམ་པོའི་ལྟུང་བ་ལས་མེད་པར་ཤེས་པར་རིག་
པར་བྱའོ། །ནོམ་པའི་སྔ་རོལ་ནི་སྦྱོར་བའི་སྦྱོར་བ་ཉིད་དོ་ཞེས་བྱ་བ་ནི་བསམ་པའི་དབྱེ་བས་བྱ་བ་ནི་དབྱེ་བའོ། །བྱ་བའི་དབྱེ་བས་ལྟུང་བ་དབྱེ་བའོ་ཞེས་བྱ་བ་ངེས་པར་བསམ་པའི་དབྱེ་བས་བྱ་བའི་དབྱེ་བ་ངེས་པར་བྱའོ། །དེ་ལ་ཇི་ལྟར་དངོས་གཞིའི་སྦྱོར་བ་ལ་བྱ་བ་གཞན་ཉིད་ངེས་པར་
བྱས་ནས་ལྟུང་བ་གཞན་དང་རྣམ་པར་ཤེས་པ་ཡིན་ནོ། །དེ་བཞིན་དུ་ནོམ་པའི་སྔ་རོལ་དུ་བསམ་པའི་དབྱེ་བ་ཡོད་པ་ཡིན་ཞེས་བྱ་བ་བྱ་བ་གཞན་ཉིད་ངེས་པར་བྱས་ནས་ལྟུང་བ་གཞན་དང་དམན་པར་རིག་པར་བྱའོ། །འདིར་གཞུང་ནི། ཇི་སྲིད་དུ་ནོམ་པར་མི་བྱེད། མཆོག་ཏུ་ནོམ་པར་
Vol. 160 · folio 71b
མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ཀུན་ནས་ནོམ་པར་བྱེད་མཆོག་ཏུ་ནོམ་པར་བྱེད་ཅིང་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཐ་མ་གཏོང་བར་གྱུར་པ་གང་ཡིན་པ་དེ་ལ་རྩོམ་པ་ནི་དེ་ནས་བྱ་བ་གཞན་ཉིད་
རྣམ་པར་གཞག་གོ། །གང་ཞིག་ལ་གཏོང་བར་གྱུར་པ་མ་ཡིན་ན་ནི་དཔེར་ན་ནོམ་ཞིང་ཉུག་ན་དོན་གྱི་དབང་དུ་སུ་ཞིག་གིས་སླར་མནན་པ་ཞེས་བྱ་བར་ཤེས་པར་རིག་པར་བྱའོ། །ཕྲི་བའི་གོམ་པ་རེ་རེ་ལ་དེ་ཐ་དད་པ་ཡིན་ནོ་ཞེས་བྱ་བ་ནི་གོམ་པ་ཕྲི་བ་ལ་རྫས་བཟུང་བའི་དགེ་སློང་གིས་
དེའི་བདག་པོའི་དྲུང་ནས་རྐུ་བའི་དོན་དུ་ཕྲི་བའི་གོམ་པ་རེ་རེ་ལ་དེ་ཐ་དད་པ་ཡིན་པར་ཤེས་པར་བྱའོ། །གང་ནས་མི་སྣང་བར་འགྲོ་བའི་རྐང་པ་བཏེག་པའི་རྐང་པ་དེ་ནི་སྦྱོར་བ་ཉིད་ཡིན་ནོ། །གཞན་རྣམས་ལ་ནི་སྦྱོར་བའི་སྦྱོར་བ་ཉིད་དང་སྣ་ཚོགས་པ་ཉིད་དེ་གཅིག་པ་ནི་མ་ཡིན་ནོ་
ཞེས་བྱ་བ་འདིའི་བྱེད་པའོ། །ཐ་མའི་རྐང་པ་བཏེག་པ་ལ་སྦོམ་པོ་སྟེ། གཞན་རྣམས་ལ་ནི་སོ་སོར་ཉེས་བྱས་སོ་ཞེས་བྱ་བ་ནི་ཡོངས་སུ་ཐོབ་པའི་དོན་དུ་སོ་སོར་བཏེག་པར་འདིར་རྩོམ་པར་གྱུར་པ་ཉིད་དེ་འགའ་ཞིག་ཏུ་ནི་རྫོགས་པར་འགྱུར་བ་མ་ཡིན་ནོ། །དེ་བས་ན་གོམ་པ་རེ་རེར་
འདིར་ཐ་དད་པའོ། །དེའི་གཞི་ལ་ནི་སེམས་ཅན་སོ་སོ་ལའོ་ཞེས་བྱ་བ་ནི་སེམས་ཅན་གྱི་གཞི་སེམས་ཅན་གྱི་རྟེན་ལ་བརྐུས་པ་དང་གསོད་པ་དང་མཚོན་བྱིན་པ་དང་སྦ་བ་ལ་སོགས་པ་ལ་སེམས་ཅན་སོ་སོ་ལ་དངོས་གཞི་དང་སྦྱོར་བའི་བདག་ཉིད་ཅན་གྱི་ལྟུང་བ་ཐ་དད་དོ། །ཕུར་པ་
ལས་བཀྲོལ་བ་ལ་ནི་གྲུ་ལ་རེག་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཐག་པ་གྲུ་དང་འབྲེལ་པ་ཉིད་ཀྱི་ཕྱིར་དེ་ལ་རེག་པས་གྲུ་ལ་རེག་པ་ཉིད་ཅེས་བྱ་བའི་དོགས་པ་བསལ་བའི་ཕྱིར་སྦྱོར་བའི་སྦྱོར་བ་ཉིད་དོ། །འདིར་སྦྱོར་བའི་སྦྱོར་བ་ཉིད་ནི་ཉེས་བྱས་ཡིན་ཏེ། འདིར་སྦོམ་པོ་མ་ཡིན་ཏེ། འདི་ལ་བྱེད་པའོ། །
འདིར་གཞུང་ནི། དགེ་སློང་གིས་རྐུ་སེམས་ཀྱིས་གྲུ་ཕུར་པ་ལ་བཏགས་པ་སྐྱོད་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་བྱས་ནས་རྐུ་བ་ལ་ནི་ཁུར་བརྐུས་པ་ནའོ་ཞེས་བྱ་བ་ལ། དེ་བྱས་ནས་ཞེས་བྱ་བ་ནི་ཁུར་བུ་བྱས་ནས་རྐུ་བ་ནི་གང་དུ་ཁུར་བུ་བྱས་ཏེ་རྐུ་བའོ། །
Vol. 160 · folio 72a
དཔེར་ན་གོས་རྣམས་རླུང་གིས་སྣ་ཚོགས་པའི་ཕྱོགས་རྣམས་སུ་རྣམ་པར་འཕེན་པར་བྱེད་པ་དེར་ཁུར་བུ་འཕྲོག་པ་ཡིན་གྱི་རྫས་རེ་རེ་ལ་ནི་མ་ཡིན་ནོ། །མ་ཤ་ཀ་ལྔ་ལ་སོགས་པའི་རིན་ཐང་གི་ཚད་ནི་གོས་ལ་སོགས་པ་དག་ཁུར་དྲགས་པའི་སྔ་རོལ་དུ་གནས་སྤོ་
བར་བྱེད་ཀྱང་དེ་ལྟར་ན་ཡང་ཕམ་པར་མི་འགྱུར་ཏེ། དེའི་ཚེ་ན་དེ་ལ་བསྡུའོ་སྙམ་པའི་བློ་ཡོད་ཀྱི་རྐུའོ་སྙམ་པའི་བློ་མེད་པའི་ཕྱིར་རོ། །འདིར་གཞུང་ནི། འདི་ལྟར་བཙོ་བླག་མཁན་གྱིས་གོས་རྣམས་འཁྲུ་ཞིང་གོས་དག་བཏིང་བ་རླུང་གིས་ཁྱེར་ཞིང་དགེ་སློང་དེ་ལ་སྦྱོར་བས་ཇི་སྲིད་དུ་ནོམ་
པར་མི་བྱེད། ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་པར་བྱེད། གོས་དག་སྡུད་པར་བྱེད། བམ་པོར་སྦྲེལ་བར་བྱེད་ཅིང་། ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་
སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དེ་སྲིད་དུ་སྦོམ་པོའི་ལྟུང་བ་ཞེས་བྱ་བའི་བར་དུའོ། །བཏུས་ནས་ནི་ཕུང་པོ་ནའོ་ཞེས་བྱ་བ་ནི་རྫས་གང་ཞིག་བཏུས་ནས་རྐུ་བར་བྱེད་པ་ནི་མེ་ཏོག་དང་འབྲས་བུ་རྣམས་སོ། །དེའི་ཚེ་ནམ་ཕུང་པོ་བཅེར་བ་ཁོ་ན་
བརྐུས་པ་ཡིན་གྱི་རྫས་རེ་རེ་ལ་ནི་མ་ཡིན་ནོ། །གང་གི་ཚེ་ན་ཕུང་པོ་དེ་གནས་ནས་འཕོ་བར་གྱུར་ན་དེའི་ཚེ་དངོས་གཞིའི་ལྟུང་བའོ། །གང་གི་ཚེ་མེ་ཏོག་དང་འབྲས་བུ་རེ་རེ་ཡང་རིན་ཐང་མ་ཤ་ཀ་ལྔ་ལ་སོགས་པའི་ཚད་དེ་ལ་བསྡུ་བའོ་སྙམ་པའི་བློ་འདིར་ཡོད་པས་རྐུ་བའི་བློ་ནི་མ་ཡིན་ནོ། །ཕུང་
པོ་འདི་ལ་གཞུང་ནི། ཤིང་རྣམས་ནི་གསུམ་ཡིན་ཏེ། མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་དང་། གྲིབ་མའི་ཤིང་ཞེས་བྱ་བ་སྟེ། དགེ་སློང་ནི་མེ་ཏོག་རྣམས་ཀྱི་ཕྱིར་ཁྲི་ལས་ལྡང་ཞིང་གོས་གྱོན་པར་བྱེད་དེ་འགྲོ་བར་བྱེད། །མེ་ཏོག་གི་ཤིང་ལ་འཛེག་སྟེ་ཇི་སྲིད་དུ་ནོམ་པར་མི་བྱེད། ཉུག་པར་མི་
བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད། ཉུག་པར་བྱེད། མེ་ཏོག་རྣམས་འཐོག་པར་བྱེད། ཐུ་བ་འགེངས་པར་བྱེད་ཅིང་ཇི་སྲིད་དུ་གནས་ནས་གནས་གཞན་དུ་འཕོ་བར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །བཏུས་པ་རྣམས་ཀྱི་ཚོགས་
Vol. 160 · folio 72b
ནི་ཕུང་པོའོ། །སྤྱིངས་པ་ལ་ནི་གནས་ཀྱི་སྟེང་ནས་རྫས་ཀྱི་སྟེང་ན་བྱིང་ནའོ་ཞེས་བྱ་བ་ནི་བརྐུ་བར་བྱ་བའི་རྫས་ཀྱི་གནས་ནི་ཆུ་ལ་སོགས་པ་གང་ཡིན་པའོ། །དེའི་སྟེང་ནི་གང་ཞིག་སྟེང་གི་ཡ་མཐའ་ཆའི་སྟེང་རིམ་མོ། །དེའི་སྤྱིངས་པའི་ལྟུང་བ་རྐུ་བཞིན་པའི་རྫས་ལ་ནི་བྱིང་བ་ཉིད་ལ་ནི་
སྟེང་གང་ཞིག་ཡ་བླའི་ཆའི་སྟེང་རིམ་དེའི་བྱིང་བ་ལས་འཕོ་བའོ། །གནས་གཞན་དུ་བྱིང་བ་ལ་ནི་འཕོ་བ་མ་ཡིན་ནོ། །འདིར་འཕོ་བ་ནི་འཕོ་བའོ། །དེ་ལས་སྟེང་གི་ཆ་ནི་སྟེང་ན་ཡོད་པའི་སྟེང་གི་མཚམས་ཞེས་བྱ་བ་འདིས་ཤེས་པ་རྫས་མ་ལུས་པ་འདའ་བ་ནི་འཕོ་བའོ། །དེ་བས་ན་བུ་ག་
ལ་གནས་གཞན་ཉིད་ཡོད་ཀྱང་འདའ་བར་བྱེད་པ་ཉིད་ལ་གནས་ཀྱི་སྟེང་ནས་རྫས་ཀྱི་སྟེང་ན་བྱིང་བ་ཉིད་མ་ཡིན་ནོ། །དེར་ཕྱིར་དབྱུང་ངོ་སྙམ་པའི་བློ་གྲོས་གང་ཡིན་པ་ནི་བསྐུར་བའི་འོ་ཞེས་བྱ་བ་ནི་བྱིང་བ་ལ་ཕྱིས་བརྐུ་བར་བྱའོ་ཞེས་བྱ་བ་འདིར་བློ་གྲོས་ཀྱི་ངེས་པ་གང་ཡིན་པ་དེ་ལ་ནི་གནས་ཀྱི་
སྟེང་ནས་རྫས་ཀྱི་སྟེང་འཕོ་བ་ཞེས་བྱ་བ་ནི་རིགས་པ་མ་ཡིན་ཞེས་བྱ་བ་གང་ཞིག་གིས་འདོད་པ་དེའི་བློ་བཟློག་པའི་ཕྱིར་མདོ་འདི་ཡིན་ཏེ། གང་གི་ཕྱིར་གལ་ཏེ་རྐུ་བའི་སེམས་ཡང་དག་པར་མ་སྐྱེས་པ་འདིར་འཇུག་པ་ཡིན་ན་བྱིང་བ་ཉིད་འཕོ་བ་མ་ཡིན་པར་འགྱུར་རོ། །རྐུ་སེམས་ཡང་དག་
པར་སྐྱེས་པ་ཉིད་ཀྱིས་རྣམ་པ་འདི་ལྟ་བུ་རྣམས་ལ་འཇུག་པའོ། །དེ་བས་ན་འདིར་རྐུ་བ་ནི་བསྐུར་བའི་དོན་ཡིན་གྱི། ཀུན་ནས་ཆད་པའི་དོན་དུ་ནི་མ་ཡིན་ཞེས་བྱ་བའོ། །འདིར་གཞུང་ནི། དགེ་སློང་གིས་ཟོང་སྤྱིང་བའི་ཕྱིར་ཁྲི་ལས་ལྡང་བར་བྱེད་ཅེས་བྱ་བ་ལ་སོགས་པའོ། །བཤལ་བ་ལ་ནི་ངོས་
ཀྱི་གཞིའི་མཚམས་ལས་ངོས་ཅིག་ཤོས་འདས་ནའོ་ཞེས་བྱ་བ་ནི་བརྐུ་བར་བྱ་བའི་རྫས་ལ་ཕྱོགས་ཀྱི་ཆ་གང་ཞིག་གིས་བཤལ་བའི་ཕྱོགས་ཀྱི་ཆ་དེ་ལ་ངོས་གང་ཞིག་ཐ་མའི་ངོས་ཙམ་དུ་གྱུར་པ་ཆ་མེད་པའི་ཆ་དེའི་རྟེན་གང་ཡིན་པ་ལ་སོགས་པ་དེའི་གནས་ཀྱི་བདག་ཉིད་ཅན་གྱི་ཆ་དེའི་མཚམས་གང་
ཞིག་ཆ་དེ་ལས་རྫས་བསྐུར་བར་བྱ་བ་དེ་འདས་པ་གང་ཞིག་ཆ་གང་ཡང་རུང་བས་མ་ཡིན་ནོ། །འོན་ཀྱང་ངོས་གཞན་གྱིས་ཏེ་ངོས་གང་ཞིག་གི་གཞི་འདི་སྟེ་མཚམས་བརྗོད་པ་དེའི་རྗེས་སུ་གྱུར་པའི་ངོས་ཀྱིས་བཤལ་བ་ལ་གཞིའི་སྟེང་གི་ཆ་ལ་གཞིའི་སྟེང་གི་ཆས་ཉེ་བར་ཁྲིད་པ་ལ་རྐུ་བའོ། །གལ་
Vol. 160 · folio 73a
ཏེ་དེས་ས་དེ་འདས་པར་གྱུར་ན་ཞེས་བྱ་བ་ནི་བྱེ་བྲག་མེད་པར་སྨོས་པས་ཕྱོགས་ལས་ཕྱི་རོལ་ཏུ་རྫས་ཀྱིས་ནི་མ་ཡིན་ནོ། །གལ་ཏེ་དེས་ས་དེ་འདས་པར་གྱུར་ན་ཞེས་བྱ་བ་སྟེ། དེ་བས་ན་འདིར་བསྐུར་བ་གདགས་པར་བྱའོ། །ཁྱབ་པའི་ཁོངས་སུ་གཏོགས་པའི་དེ་དང་
ལྡན་པ་ཉིད་ལ་བསྐུར་བར་བྱ་བའི་རྫས་དེ་ཕྱོགས་ཅི་ཙམ་ཁྱབ་པ་དེའི་ཁོངས་སུ་བསྡུས་པའི་མཚམས་ཀྱི་ཆ་ལ་ངོས་གཞན་གྱིས་བཤལ་ནས་འདས་པ་ནི་བརྐུས་པ་མ་ཡིན་ཞེས་སྟོན་པ་ཁྱབ་པའི་ཁོངས་སུ་གཏོགས་པའི་དེ་དང་ལྡན་པ་ཉིད་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྐུ་བཞིན་པའི་རྫས་དེས་
ཕྱོགས་ཇི་ཙམ་ཁྱབ་པ་དེའི་ཁོངས་སུ་གཏོགས་པའི་ཆའི་མཐའ་དང་ལྡན་པ་ཉིད་དུ་གྱུར་པ་ལ་གང་ཞིག་ཁྱབ་པའི་ཁོངས་སུ་གཏོགས་པའི་ཆའི་མཚམས་དེ་ལས་ངོས་གཞན་གྱིས་འདས་ནས་བཤལ་བས་བརྐུས་པ་མ་ཡིན་ནོ། །གང་གི་ཕྱིར་འདི་ལྟར་མ་ལུས་པ་ལ་རྐུ་བ་བསྒྲུབ་པ་མ་ཡིན་ཏེ། འོན་
ཀྱང་དུམ་བུ་ཕྱི་མ་ལས་ཕྲད་པ་བསྒྲུབ་པའི་ཆ་ཤས་འདོད་པར་གྱུར་པ་ཉིད་ཀྱིས་རྐུ་བར་གྱུར་པ་རྣམས་ལ་ཚོགས་པའི་ངོ་བོ་ལ་སོ་སོ་ཉིད་ཀྱིས་རྐུ་བ་བསྐྱེད་པ་མ་ཡིན་ཏེ། ཚོགས་པའི་ངོ་བོ་ཉིད་ཀྱིས་བརྟེན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་དགེ་སློང་གིས་ཡོ་བྱད་ལྕི་བ་ཤིན་ཏུ་ཐག་རིང་པོར་བཤལ་
ཏེ་བརྐུས་ཀྱང་མཐའི་ལྟུང་བར་མི་འགྱུར་བ་མཆིས་སམ་ཡོད་དེ། དགེ་སློང་གིས་ཡོ་བྱད་ལྕི་བའི་ངོས་གཅིག་ཁོ་ན་ནས་བཟུང་སྟེ་ཤིན་ཏུ་ཐག་རིང་པོར་བཤལ་ཀྱང་ངོས་ཅིག་ཤོས་གནས་དེ་ནས་མ་འདས་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་སོ། །དེའི་མཚན་ཉིད་ནི་གྱོང་གྲུགས་དང་
གས་པ་དང་བྲིས་པ་དང་། ཁ་དོག་གཞན་དང་བར་མཚམས་དང་བར་ཆད་དག་གོ་ཞེས་བྱ་བ་ལ། མཚམས་དེའི་མཚན་ཉིད་ནི་བདག་ཉིད་དེའི་མཚན་ཉིད་དོ། །གང་དུ་བཅད་པ་བརྗོད་པར་བྱ་བའོ། །གྱོང་དྲུགས་ཞེས་བྱ་བ་ནི་གྱོང་བ་བཟུང་བའོ། །གས་པ་ཞེས་བྱ་བ་ནི་གས་པ་བཟུང་བའོ། །བྲིས་
པ་ཞེས་བྱ་བ་ནི་ཡི་གེ་བྲིས་པ་བཟུང་བའོ། །ཁ་དོག་གཞན་བྱ་བ་ནི་ཁ་དོག་གཅིག་ལས་གཞན་པ་གང་ཡིན་པ་དེ་ནི་ཁ་དོག་གཞན་ཏེ་དེ་ནི་མཚམས་གཞན་པའོ། །བར་མཚམས་ཀྱི་ཚིག་གི་ནི་རེ་ལྡེ་ལ་སོགས་པ་རབ་ཏུ་ཤེས་པར་གྱུར་པའི་བར་མཚམས་བཟུང་བའོ། །བར་ཆད་ནི་རྣམ་པ་གཉིས་ཏེ།
Vol. 160 · folio 73b
ཤིན་ཏུ་གྱུར་པ་དང་། ས་ཕྱོགས་གཞན་ལ་རྩོམ་པར་གྱུར་པའོ། །ས་ཕྱོགས་གཞན་དེ་ལས་མཐོང་བ་ཉིད་དུ་དེ་རྩོམ་པར་གྱུར་པ་གང་གིས་འདི་རྩོམ་པར་གྱུར་པའི་ས་ཕྱོགས་གཞན་དེ་ན་ཞུགས་པའོ། །ཤིན་ཏུ་གྱུར་པ་ནི་ཤིན་ཏུའམ། གཞན་ཞིང་ལ་སོགས་པ་ངོས་གཅིག་ཏུ་གྱུར་པའི་ས་ཕྱོགས་
ལ་ཞུགས་པ་མ་ཡིན་པ་དང་། ངོས་གཞན་དུ་གྱུར་པ་ལ་ནི་གསུམ་པ་མ་ཡིན་པའོ། །དེ་བས་ན་དེ་དག་གིས་དབུས་སུ་བརྐོས་པའི་ས་ལ་དབྱིག་གུས་བཞག་པའོ། །འདིར་བར་ཆད་ཀྱི་ཚིག་གིས་ནི་བསྡུས་པར་རིག་པར་བྱའོ། །རེ་ལྡེ་ལ་སོགས་པས་བར་དུ་བཅད་པ་རྣམས་ལ་བར་མཚམས་ཀྱི་ཚིག་
གིས་ནི་ཁ་དོག་གཞན་དང་ལྡན་པ་འམ་གཞན་ལ་ཁ་དོག་གཞན་གྱི་ཚིག་གིས་ཏེ། གང་དུ་ཆད་པ་བརྗོད་པར་བྱ་བ་དེ་ཙམ་གྱི་དགོངས་པ་ནི་མདོ་འདི་ཡིན་གྱི། མ་ལུས་པའི་དགོངས་པ་ཅན་ནི་མ་ཡིན་ནོ། །འདི་ལ་བརྗོད་པར་བྱ་བ་ཉིད་ནི་གཞན་དུ་ཡིན་ཞེ་ན། དབུས་སུ་གནས་པའི་སྐྱེ་བའི་
རྒྱུན་ལའོ། །དེར་ནི་དེ་ཉིད་ད་ལྟར་ཡང་གནས་འདི་ཞེས་བྱ་བ་བློའི་སྐབས་ཡོད་དེ། བཟློག་པའི་དོན་དུ་གནས་དེ་ལ་གནས་ཀྱི་སྐྱེ་བའི་རྒྱུན་ལ་ཡོད་པ་ཉིད་དེ་གང་གི་ཕྱིར་ད་ལྟར་ཡང་གནས་དེ་ཉིད་ཅེས་བྱ་བའི་བློའི་སྐབས་ཡོད་པ་མ་ཡིན་ནོ། །སྲོག་ཆགས་ལ་ནི་རྩིབ་མ་ལ་སོགས་པ་ཐ་དད་པ་
བརྟག་ཏུ་རུང་བ་རྣམས་བར་ཆད་ཡིན་ནོ་ཞེས་བྱ་བ་ནི་སྲོག་ཆགས་ལ་ནི་རྩིབ་མ་ལ་སོགས་པ་གང་རྣམས་ལ་ཐ་དད་པར་རྟག་ཏུ་རུང་བ་རྩིབ་མ་ལ་སོགས་པའོ། །དེ་རྣམས་ཀྱི་བར་ཉིད་དེ་བར་ཆད་ནི་ངེས་པ་སྟེ། འདི་རྣམས་ལ་སོ་སོར་གནས་པ་ཉིད་ཅེས་བྱ་བའི་དོན་ཏོ། །སོགས་པའི་སྒྲས་ནི་སོ་
དང་སྣས་བར་དུ་བཅད་པ་བཟུང་བའོ། །སོག་ཆགས་ལ་གཅིག་པ་ཉིད་ཀྱི་ཕྱིར་སྲོག་ཆགས་ཀྱི་ལུས་ཀྱི་བདག་ཉིད་ལ་གཅིག་པ་ཉིད་ཀྱི་ཕྱིར་དུ་གནས་ཀྱང་གཅིག་པ་ཉིད་ཅེས་བྱ་བའི་དོགས་པ་བཟློག་པའི་དོན་དུའོ། །ཤ་དང་ཁྲག་ཉིད་ཉེ་བར་བརྟགས་པ་ཉིད་ལ་འདིའི་ཐ་དད་པར་བརྟག་ཏུ་རུང་
བ་ཉིད་ཀྱི་ཕྱིར་རྩིབ་མ་ལ་སོགས་པ་རྣམས་ཉིད་ལ་གནས་པ་ཉིད་ཡིན་ཏེ་སྟོབས་ཆུང་བ་ཉིད་ལ་མ་ཡིན་ནོ། །འདི་རྣམས་ཀྱི་ལུས་ཀྱི་བདག་ཉིད་ཀྱི་གནས་ལ་ཆ་ཤས་ཉིད་ཀྱི་ཕྱིར་སོ་སོར་གནས་པ་ཉིད་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེས་ན་རྩིབ་མ་ཞིག་གཅིག་གི་ཕྱོགས་ནས་
Vol. 160 · folio 74a
རྩིབ་མ་ཐ་དད་པར་བརྟག་ཏུ་རུང་བ་ཉིད་གཞན་གྱི་བར་དུ་སྤོས་ན་བརྐུས་པ་ཉིད་དུ་བརྗོད་པར་བྱའོ། །གདིང་བ་བཏིང་བ་ཉིད་གནས་ཉིད་ཡིན་ནོ་ཞེས་བྱ་བ་ནི་ས་ལ་སོགས་པ་གཞིར་རྩྭ་ལ་སོགས་པའི་གདིང་བ་བཏིང་བ་ཉིད་ཡོད་ན་གདིང་བ་དེ་ཉིད་ཀྱིས་དེ་ལ་གནས་པའི་རྫས་ལ་
གནས་པ་ཉིད་དེ་ས་ལ་སོགས་པ་དེ་ལ་ནི་མ་ཡིན་ནོ། །གདིང་བ་བཏིང་བའི་སྒྲ་དག་ལ་ཡང་དག་པའི་སྒྲ་ཐོག་མར་ལྡན་པ་མ་བྱས་སོ། །བྲག་ལ་སོགས་པ་གདིང་བ་ཐམས་ཅད་ལ་གདིང་བ་ཁོངས་སུ་བསྡུས་པའི་དོན་དུའོ། །ཡང་དག་པར་གདིང་བ་བཏིང་བ་ཞེས་བྱ་བ་བརྗོད་པར་གྱུར་ན་རྩྭ་དང་
ཤིང་ལོ་ལ་སོགས་པའི་རང་བཞིན་ཉིད་ཀྱི་གདིང་བ་ཉིད་ལ་གོ་བར་འགྱུར་རོ། །སྐྱེ་བ་ནི་བཞག་པ་དང་འདྲའོ་ཞེས་བྱ་བ་ནི་རྩྭ་དང་གེལ་བ་དང་རྩི་དང་ནགས་ཚལ་ལ་སོགས་པ་འབྱུང་བའི་སྐྱེ་བ་ནི་དཔེར་ན་རྫས་བཞག་པ་བརྐུས་པ་དང་འདྲ་བས་དེ་བཞིན་དུ་བལྟ་བར་བྱའོ། །གནས་ནས་སྤོ་བ་ནི་འདི་
ལ་རྐུ་བ་ཞེས་བྱ་བའི་དོན་ཏོ། །འབྲེལ་པ་སེལ་བ་ཙམ་ནི་མ་ཡིན་ཏེ། གང་ཞིག་འདི་ལ་ས་ལ་སོགས་པ་བསྡུ་བའོ། །འདིར་གཞུང་ནི། དགེ་སློང་གིས་མེ་ཏོག་གི་ཤིང་ལྗོན་པ་ཕྱུང་སྟེ། རྐུ་ན་ཇི་སྲིད་དུ་ནོམ་པར་མི་བྱེད་པའི་བར་དུ་ནི་ཉེས་བྱས་སུ་འགྱུར་རོ། །ནོམ་པ་ནས་གནས་དང་སྤོ་བའི་
བར་གྱིས་ནི་བརྐུས་པ་ཞེས་བྱ་བ་སྟེ། མེ་ཏོག་གི་ཤིང་གི་རིན་ཐང་བརྩི་བར་བྱའོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཁ་ཅིག་ནི་མེ་ཏོག་གི་ཤིང་ཕྱུང་སྟེ། རྐུ་ན་མེ་ཏོག་གི་ཤིང་གི་རིན་ཐང་བགྲང་བར་བྱེད་ཅེས་བྱ་བ་འདི་ཙམ་འདོན་པ་ཡིན་ཏེ་ལྷག་མ་ནི་མ་ཡིན་ནོ། །འདོན་པ་འདི་ལ་ཡང་གནས་ནས་
སྤོ་བ་ལས་ཆོ་ག་གཞན་ལ་ལྡང་བ་དོགས་པར་བྱ་བ་མ་ཡིན་ཏེ། འདིར་ཕྱུང་བ་ཉིད་རྐུ་བར་བརྗོད་པ་ཡིན་ཏེ། འདིར་རྐུ་བའི་ཁྱད་པར་ནི་འདོད་པ་ཞེས་བྱ་བར་རྣམ་པར་གནས་ཏེ་ཕྱུང་ནས་རྐུ་བ་ཞེས་བྱའོ། །ཇི་ལྟར་ཁ་ཕྱེ་ནས་ཉལ་བ་དང་ཕྱེ་བའི་ཁས་ཉལ་བར་བྱེད་པ་ཞེས་བྱ་བ་ལྟ་བུའོ། །ཕྱུང་བ་
ཡང་གནས་ཉིད་ནས་སྤོས་པ་ཡིན་ཏེ་ས་དང་འབྲེལ་པ་བསལ་བའི་འོག་ཏུ་རྐུ་བ་འདི་ཡིན་ནོ། །གང་དུ་ཐམས་ཅད་རྡུལ་ཕྲ་རབ་ཙམ་ཡང་འགྲོ་བ་ནི་འཕོ་བ་གནས་ལས་སོ། །བསྐོན་པ་ནི་ཕུད་ནའོ་ཞེས་བྱ་བ་བརྐུས་པ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ། །ཕུད་ནའོ་ཞེས་བྱ་བ་ནི་ཕུད་པ་དང་
Vol. 160 · folio 74b
བཀྲོལ་བ་སྟེ་དེ་ལ་གང་དུ་ཡོངས་སུ་བསལ་བའོ། །དེ་ལ་བསྐོན་པ་གང་ཡིན་པ་དེ་ནི་བརྐུས་པའོ། །འདིར་གཞུང་ནི། དེ་དག་རྒྱན་སྣ་ཚོགས་དག་གིས་བརྒྱན་པར་གྱུར་པ་དགེ་སློང་གིས་བརྒྱན་པར་གྱུར་པ་དེའི་སྦྱོར་བས་ཁྲི་ལས་ལྡང་བ་ནས། ནོམ་ཉུག་མི་བྱེད་པའི་སྦྱོར་བའི་སྦྱོར་བ་ཇི་སྲིད་
དུ་ནོམ་ཉུག་བྱེད་པ་ནས་གནས་ནས་གནས་གཞན་དུ་མ་སྤོས་པའི་བར་དུ་བྱེད་ན་སྦྱོར་བ་གནས་ནས་སྤོ་བའི་ཚེ་བརྐུས་པར་བརྗོད་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིར་བསྐོན་པ་ནི་གནས་གཞན་དུ་འཕོ་བ་ལ་མངོན་པར་འདོད་པས་རྣམ་པར་གནས་པ་སྟེ། དེའི་ཕྱིར་འདི་ལྟར་
ཉེ་བར་བརྟགས་པའོ། །ཇི་ལྟར་ཡང་རྣམ་པར་དབེན་པར་གནས་གཞན་ནས་འཕོ་བ་སྟེ་གང་གི་ཕྱིར་ཕྱུང་བ་ནི་བཏོན་པའོ། །དེ་བས་ན་ཕྱུང་བར་བྱེད་པ་ནི་འདིར་མ་ཆད་པ་སྟེ། གཞན་པའི་གནས་དོར་བ་ནི་མ་ཡིན་ནོ། །ཕྲལ་བའི་སྐབས་བཤལ་བ་ནི་ཕྱུང་བར་བྱེད་པའི་ཚུལ་མ་ཡིན་པ་ཞེས་བྱ་
བའོ། །ཤོ་གམ་ནི་ས་འདས་ནའོ་ཞེས་བྱ་བ་ནི་རྐུ་བ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏོ། །འདིར་ཤོ་གམ་གྱི་གནས་ནི་སའོ། །དེ་ཡང་གང་དུ་ཇི་ཙམ་ཞུགས་པ་ལ་ཤོ་གམ་པ་ལ་སྦྱིན་པར་བྱ་བ་ཉིད་དེ། དེ་ཙམ་དུ་ས་དེ་ལས་འདས་པ་ནི་འདས་པའོ། །གང་ཞིག་ཤོ་གམ་བྱ་བ་ཉིད་ཀྱིས་ཤོ་གམ་གྱི་ས་
ལས་འདས་པ་ནི་ཤོ་གམ་གྱི་ས་དེ་ཉིད་ཀྱིས་ཡིན་གྱི་ཕྱོགས་གཞན་གྱིས་ནི་མ་ཡིན་ཏེ། འདས་པ་དེ་ན་ཤོ་གམ་རྐུ་བའོ། །ཤོ་གམ་ཉིད་ལ་ནི་དེ་འདའ་བར་བྱེད་པ་སྟེ། གང་ཞིག་ཤོ་གམ་བྱ་བ་ལ་ཤོ་གམ་བྱ་བའི་ཆར་གྱུར་པ་ཉིད་ཀྱི་ཕྱིར་རོ། །རྒྱུད་པས་ཀྱང་ས་ལ་བརྟེན་པ་ཉིད་ཀྱིས་དགོས་པ་ནི་
མ་ཡིན་ཏེ། དེ་བས་ན་ཁུར་བས་སམ་རང་གི་ལུས་ཀྱིས་སམ། ཟླ་ལ་སོགས་པས་སམ་རང་གི་ལུས་ཀྱིས་ཁུར་བ་དང་འབྲེལ་པས་ཤོ་གམ་གྱི་བྱ་བ་འདའ་བར་བྱེད་པ་ནི་གང་ཞིག་ཤོ་གམ་འདའ་བར་བྱེད་པ་འདི་ལ་ས་ཡིས་ནི་མ་ཡིན་ནོ། །དེ་བས་ན་འདིར་འདི་ཡང་དག་པར་བསྡུས་ནས་འདའ་བར་
བྱེད་པ་བཟུང་བ་མ་ཡིན་པ་ཤེས་པར་བྱའོ། །ཤོ་གམ་གྱི་གནས་སུ་ཞུགས་པ་ལ་གང་ཞིག་ཆུ་ཞེང་དུ་འཇུག་པས་འདའ་བར་བྱེད་པ་དེ་ལ་རེ་ཞིག་ཐེ་ཚོམ་མེད་པ་ཉིད་དུ་དེས་ས་ལས་འདའ་བར་བྱེད་པའོ། །ལོག་ནས་གནས་གཞན་དུ་འགོ་བ་ལ་གལ་ཏེ་ཞུགས་པ་ལས་ས་ལ་སོགས་པ་ཡང་
Vol. 160 · folio 75a
སྦྱིན་པར་བྱ་བ་ཉིད་ཡོད་པ་འདི་ནི་འདའ་བར་བྱེད་པའོ། །དེ་ཡང་ལོག་པ་གང་ཞིག་འདི་དེ་ཉིད་ཡིན་གྱི་གཞན་ནི་མ་ཡིན་ཞེས་བྱ་བའོ། །འོ་ན་སྦྱིན་པར་བྱ་བ་ཉིད་མ་ཡིན་ན་ལོག་པ་ལ་འདའ་བར་བྱེད་པ་འདི་ཡོད་པ་མ་ཡིན་ཞེས་བྱ་བར་རིག་པར་བྱའོ། །རྣམ་པར་གཞག་
པའི་དབང་གིས་འདི་སྦྱིན་པ་ཉིད་དོ། །གང་དུ་འདའ་བར་བྱེད་པ་མཐོང་བར་སྒོ་ཆེ་གེ་མོར་ཞུགས་པ་ལ་སྦྱིན་པར་བྱ་བ་ཉིད་མ་ཡིན་ཞེས་བྱ་བ་ལ་སོགས་པའི་རྣམ་པར་གཞག་པར་བྱས་པར་འགྱུར་བ་དེ་ལ་སྦྱིན་པ་ཉིད་ཡོད་པ་མ་ཡིན་ནོ། །མི་ལ་གལ་ཏེ་བརྡས་ནི་དེ་གྲུབ་པ་ནའོ་ཞེས་བྱ་བ་ལ་
མི་རྐུ་བ་ནི་རྣམ་པ་མང་དུ་འགྱུར་ཏེ་མི་འདོད་བཞིན་དུ་དཀྲིས་པ་དང་གཞག་པ་དག་གིས་སོ། །འཇིག་པའི་རྒྱུ་མཚན་གྱིས་སམ་ཀུན་དུ་རྒྱུ་བས་རྣམ་པར་རྨོངས་པར་གྱུར་པ་ལ་ཡང་སྔགས་དང་སྨན་དག་གིས་སོ། །བཅིངས་པ་ལ་ཡང་བཀྲོལ་བས་སོ། །གཉིད་ཀྱིས་ལོག་པ་ལ་ཡང་མ་ཚོར་
བའི་འཕེན་པས་སོ། །གསོད་པ་ཉེ་བར་རྩོལ་བ་ཡང་འཆི་བདག་དང་ལྷན་ཅིག་ཏུའམ་འཆི་བདག་གིས་ཞེས་བྱ་བ་ཁྱད་པར་འདིའོ། །མི་ལ་ནི་གལ་ཏེ་བརྡས་བརྐུ་བའོ། །དེ་གྲུབ་པ་ནི་བརྡ་གྲུབ་པ་ཉིད་རྐུ་བའོ། །འདི་ལྟར་གཞུང་ལས། མི་རྐུ་བ་རྣམ་པ་གསུམ་པོ་ཡུལ་ཕྱོགས་དང་། མཚན་མ་
དང་། བརྡས་སོ། །རང་གི་འདོད་པས་རབ་ཏུ་རྒྱུ་བ་གྲོལ་བ་ཕྲད་པ་ནི་དེ་འདིར་རྐུ་བ་ཉིད་ཀྱིས་མངོན་པར་འདོད་པའོ། །འདིར་འདུན་ས་ལ་སོགས་པའི་ཡུལ་ཕྱོགས་བརྗོད་དོ། །མཚན་མ་ནི་རྟགས་ཏེ་སྐྲ་དང་ཁ་སྤུ་བྲེགས་ཏེ་རིང་པོ་མ་ལོན་པ་ཞེས་བྱ་བ་ལ་སོགས་པའོ། །བརྡ་ནི་སྔ་དྲོ་ལ་
སོགས་པའོ། །ཡུལ་ཕྱོགས་ལ་སོགས་པ་གསུམ་པོ་འདི་རྣམས་ལ་དོན་ཐ་དད་པ་ཉིད་ཡོད་ཀྱང་། སྔ་དྲོ་ལ་སོགས་པའི་ཁྱད་པར་མངོན་པར་མཚོན་པར་དཀའ་བས་ཏེ། དེ་བས་ན་སྤྱིར་བརྡའི་སྒྲས་བརྗོད་པའོ། །བརྡ་གང་ཡིན་པ་འདི་བྱས་པ་གང་གི་ཚེ་ཁྱོད་ཀྱི་ཁོ་བོ་འདི་དང་འདི་ལྟ་
བུར་མཐོང་བ་དེའི་ཚེ་ཁྱོད་ཁོ་བོའི་གན་དུ་ཤོག་ཅེས་བྱ་བ་ལྟ་བུ་སྟེ། གང་གི་ཚེ་བརྡ་དེ་གྲུབ་པ་དེའི་ཚེ་མི་དེ་བརྐུས་པར་རིག་པར་བྱའོ། །འདི་དང་རྣམ་པ་གཞན་རྣམས་ལ་ཡང་མཚན་ཉིད་ཀྱི་རྗེས་སུ་འབྲང་བས་རྐུ་བ་རྟོགས་པར་བྱའོ། །གཏེར་བཞིན་དུ་གསང་སྔགས་ཀྱིས་དྲང་བར་བྱ་བ་
Vol. 160 · folio 75b
ལ་སྣང་བར་གྱུར་ནའོ། །ཕྱི་བཞིན་དུ་འབྲང་བ་དང་ནང་བྱན་བྱེད་པ་མེད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་དེ་ལྟར་ན་བྱ་སྤར་བ་ནའོ་ཞེས་བྱ་བ་ནི་འདིར་གལ་ཏེ་བྱ་སྤར་ཏེ་བརྐུ་བར་བྱེད་ནའོ། །དེའི་ཚེ་བྱ་སྤར་ན་བརྐུས་པ་ཁོ་ན་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི། དགེ་སློང་
བྱ་སྤར་ཏེ་རྐུ་བར་བྱེད་ན་བྱའི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྤར་བ་ན་ཞེས་བྱ་འདི་ནི་རྐུ་བའི་ཁྱད་པར་ཏེ། དེ་ལྟར་སྤར་ནས་རྐུ་བར་བྱེད་ཅེས་བྱ་བའི་དོན་འདི་འགྲུབ་པར་འགྱུར་རོ། །སྤང་བ་ཐམས་ཅད་ནི་མཚམས་གཞན་དུ་འགྲོ་བ་སྟེ། དེ་བས་ན་དེའི་རྐུ་བ་ཉིད་ནི་འདིར་དཔེ་ཡིན་
ནོ། །བྱའི་ཚིག་ནི་རྫས་རྣམས་ཐམས་ཅད་ལ་ཆོ་ག་འདི་རྟོགས་པར་བྱའོ། །དུད་འགྲོ་བཏགས་པ་ནི་བཀྲོལ་ནའོ་ཞེས་བྱ་བ་ནི་དུད་འགྲོ་བཏགས་པ་རྐུ་བ་ནི་བཀྲོལ་བ་ན་བརྐུས་པ་ཡིན་ནོ། །འདིས་ནི་དགེ་སློང་གིས་རི་དགས་རླུབས་སུ་ཆུད་པ་ཕྱུང་ན་རི་དགས་ཀྱི་རིན་ཐང་བརྩི་བར་བྱའོ། །དགེ་སློང་གིས་
ཉ་དོལ་ལ་ཐོགས་པ་ཕྱུང་ན་ཉའི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་པ་རྣམས་ནི་དེ་ལ་འདི་བསྡུས་པ་ཡིན་ནོ། །བཀྲོལ་བ་ཉིད་ལས་རིན་ཐང་བརྩི་བ་ལ་རིམ་པ་ཡོངས་སུ་བཟུང་བས་བཀྲོལ་བ་ཉིད་འདིར་རྐུ་བ་མངོན་པར་འདོད་པ་ཞེས་བྱ་བ་ཤེས་པར་བྱའོ། །བརྟོད་པ་དང་ཁྱུ་ལས་བཀར་བ་གཉིས་ནི་མི་སྣང་
བར་གྱུར་པ་ཉིད་ནའོ་ཞེས་བྱ་བ་ལ། བརྟོད་པ་དང་ཁྱུ་ལས་བཀར་བས་དུད་འགྲོའི་བྱ་བ་ནི་མི་སྣང་བ་ཉིད་འདི་ལ་བརྐུས་པའོ། །གལ་ཏེ་འདི་ལ་དེར་བདག་པོ་འམ་དེ་དང་འདྲ་བ་ཡོད་ན་ཕྱི་བཞིན་འབྲང་བ་འཕྲོག་བཞིན་པ་འདི་ལའམ། ཕྱིར་འགྲོ་བཞིན་པ་མ་ཡིན་པ་དེ་ལ་རྩེ་གཅིག་དེའི་གནས་ལས་མི་སྣང་
བ་ཉིད་དོ། །འོན་ཏེ་ཡོད་པ་མ་ཡིན་ན་མ་བཀྲོལ་བ་ལའམ་དེ་ལ་རྩེ་གཅིག་པ་ལ་གལ་ཏེ་ཁྱུ་ན་གནས་པ་ལ་བརྟོད་པ་དང་ཁྱུ་ལས་བཀར་བས་ཁྱུའི་མཐའ་མ་ཚང་བས་མི་སྣང་བ་ཉིད་དོ། །གལ་ཏེ་གཅིག་པུ་མ་ཡིན་ན་གནས་དེ་ལས་མི་བསྐྱོད་ན་དེ་ནས་མི་སྣང་བ་ཉིད་ནི་རྐུ་བ་ཞེས་བྱ་བ་འདི་རིགས་པར་རྟོགས་པར་
བྱའོ། །གནས་མ་ངེས་པ་ཉིད་ཀྱི་ཕྱིར་དང་རབ་ཏུ་རྒྱུ་བ་མི་གནས་པ་ཉིད་ཀྱིས་གྲོལ་བའི་དུད་འགྲོ་ལ་གནས་ཀྱི་ཐ་མ་འདི་ལ་སྤོ་བ་རྣམ་པར་གནས་པ་ཡིན་ནོ། །དེ་ཡང་འདི་ལ་འདི་རྣམ་པར་གནས་ནས་ཏེ་གང་ཞིག་སྟོབས་ཀྱི་བདག་ཉིད་བརྟན་པའི་ཕྱིར་དེའི་ཚེ་མི་ནུས་པའམ། འཇིགས་པས་ཀྱང་འཇུག་པ་དེ་
Vol. 160 · folio 76a
བས་ན་དེ་ལྟ་བུར་གྱུར་པའི་དུད་འགྲོའི་འདི་ལ་བཟུང་བར་རྟོགས་པར་བྱའོ། །དེ་བས་ན་གཞན་དུ་ཡང་འདི་ལྟ་བུར་གྱུར་པའི་སྲོག་ཆགས་ལ་རྣམ་པར་གཞག་པས་འདི་ལ་དཔེ་ཉིད་དོ། །འདིར་གཞུང་ནི། མིག་ལམ་དུ་སྣང་བར་མ་གྱུར་ན་བརྐུས་ཞེས་བྱ་བའོ། །ཞེས་གསུངས་པ་
ཡིན་ནོ། །གསང་སྔགས་དག་གིས་འདྲེན་པ་ནི་སྣང་བ་ནའོ་ཞེས་བྱ་བ་ནི་གསང་སྔགས་རྣམས་ཀྱིས་གཏེར་ལ་སོགས་པ་འདྲེན་པ་ན་གཏེར་ལ་སོགས་པ་སྣང་བ་ན་བརྐུས་པ་ཡིན་ནོ། །ཡུལ་དེ་ན་གནས་པ་ན་ཡང་ཁ་བྱེ་བ་ཉིད་བསྒྲུབས་པས་སྣང་བར་གྱུར་ན་འདིར་བསྒྲུབ་པའི་བློར་འགྲོ་བ་མ་ཡིན་ཏེ། ཅི་སྟེ་ཤིན་
ཏུ་ཐག་རིང་པོ་ནས་དྲངས་ཏེ་རྐང་པའི་དྲུང་དུ་བཀུག་ཅིང་འབྲེལ་པ་ལ་ཡང་རྐང་པའི་དྲུང་དུ་སྣང་བར་མ་གྱུར་པ་ལ་གྲུབ་པའི་བློ་སྐྱེ་བ་མ་ཡིན་ཏེ། དེ་བས་ན་སྣང་བ་ལ་རྐུ་བ་ཉིད་དུ་ཤེས་པར་བྱའོ། །མང་པོ་ཞིག་ཡོད་པ་ལ་གཅིག་ཁོ་ན་ཞིག་གིས་འཇུག་པ་ལ་ཡང་སྣང་བར་སྒྲུབ་པ་ལ་ཐམས་ཅད་བསྒྲུབ་པ་ཉིད་
ཅེས་བྱ་བ་རྐུ་བའི་ཆོ་ག་དང་བཅས་པར་རྟོགས་པར་བྱའོ། །གཏེར་ལ་ནི་འདི་བཤད་པ་ཡིན་ཏེ་ཐམས་ཅད་དུ་འདི་སྦྱར་བ་ཞེས་བྱ་བ་དཔེ་ཉིད་དུ་རྣམ་པར་ཤེས་པ་ཁྱད་པར་དུ་སྔར་ཉེ་བར་བརྟགས་པ་བསྟན་པའི་ཕྱིར་ཕྱི་བཞིན་འབྲང་བ་དང་ནང་བྱན་བྱེད་པ་གཉིས་ནུར་བ་དང་འབྱངས་པ་དང་འབྱམ་པ་དང་འཇུག་
པ་དང་འཛེག་པ་རྣམས་ཀྱིས་སྔ་མ་ལྟར་ཡིན་གྱི་དེ་གཉིས་ཀྱིས་བླངས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེའི་ཚེ་དེ་ལ་སྔར་མི་སྣང་བ་ཉིད་མ་ཡིན་ནོ། །སུ་ལ་མི་སྣང་བ་ཉིད་ཅེ་ན། དེའི་ཕྱིར་ཕྱི་བཞིན་འབྲང་བ་དང་ནང་བྱན་བྱེད་པ་ཞེས་བྱ་བ་སྨོས་ཏེ། རྒྱབ་ནས་འགྲོ་ཞིང་ཆོས་གོས་ཉེ་བར་ཁྱེར་བར་བྱེད་པ་པོ་ཞེས་བྱ་
བའི་དོན་ཏོ། །གཟུང་བ་མ་ཡིན་པ་དེ་དག་གིས་བཟུང་བ་ལ་རྐུ་བའི་དངོས་པོ་ཉིད་དུ་ཁས་བླངས་པའི་རྫས་ལ་མི་སྣང་བ་ཉིད་ནི་བརྐུས་པ་མ་ཡིན་ནོ། །གང་གི་ཕྱིར་དེ་བརྐུ་བཞིན་པ་ཉིད་ཀྱིས་ཀྱང་ཅུང་ཟད་མི་སྣང་བར་འགྱུར་ཏེ། དེ་ལ་གང་ཞིག་མ་ཉམས་པ་ཙམ་ལ་ཡང་བརྐུས་པར་ཐལ་བའོ། ཕྱི་བཞིན་
འགྲོ་བ་དང་ནང་བྱན་བྱེད་ཅིང་སྣང་བར་གྱུར་པ་དང་མི་སྣང་བར་གྱུར་པའི་རྫས་ལ་ཡང་མ་བཅད་པའི་བློ་མ་ཡིན་པ་ལ་གནས་ནས་སྤོ་བ་དག་ལ་མི་སྣང་བར་གྱུར་པ་ཉིད་ལ་མ་ཆད་པའི་བློ་ཡོད་པར་འགྱུར་རོ། །རྣམ་པ་གང་གིས་མི་སྣང་བར་གྱུར་པ་ཉིད་ཅེ་ན། དེའི་ཕྱིར་ནུར་བ་དང་འབྱངས་པ་དང་འབྱམ་པ་
Vol. 160 · folio 76b
དང་འཇུག་པ་དང་འཛེག་པ་རྣམས་ཀྱིས་ཞེས་བྱ་བ་སྨོས་ཏེ། ནུར་བ་ནི་གང་ཞིག་མ་ཉམས་པ་ཉིད་ཀྱིས་འགྲོ་བའོ། །འབྱངས་པ་ནི་ཕྱིར་ནུར་ཏེ་སོང་བའོ། །མ་བརྗོད་པའི་དོན་རྣམས་ལ་འདི་བསྡུས་པའོ། །དེ་རྣམས་ཀྱང་འདའ་བར་བྱས་ནས་འགྲོ་བ་དང་མི་སྣང་བ་དང་གསང་སྔགས་དང་སྨན་དག་གིས་
གཟུགས་གཞན་དུ་བསྒྱུར་བ་དང་། འདི་དག་གིས་ནི་ལུས་གཞན་རྣམ་པར་བཀབ་པས་ནུས་པ་ངེས་པར་གནས་པའོ། །འཇུག་པ་ཞེས་བྱ་བ་ནི་གནས་ཁང་དུའོ། །འཛེག་པ་ཞེས་བྱ་བ་ནི་ཡང་ཐོག་གཞན་དུ་འཛེག་པའོ། །འབྱམ་པ་ཞེས་བྱ་བ་ནི་གནས་གཏང་བ་སྟེ། དཔེར་ན་གཤོང་ནས་ཐང་ལ་འབྱུང་བ་
དང་ཐང་ལས་གཤོང་དུ་འབབ་པ་དང་། མངོན་པར་སྐབས་ཡོད་པ་ནས་ཐིབས་པོར་འཇུག་པ་དང་། ཐིབས་པོ་ནས་མངོན་པར་སྐབས་ཡོད་པར་འགྲོ་བ་དང་། གནས་ཁང་ནས་ཁྱམས་སུ་དང་ཁྱམས་ནས་གནས་ཁང་དུ་དང་། ཡང་ཐོག་ནས་ཡང་ཐོག་གཞན་དུ་འཛེག་པ་དང་ཡང་ཐོག་ནས་ཡང་ཐོག་གཞན་
དུ་འབབ་པ་དང་། ཁྱམས་ནས་སྒོ་ཁང་དུ་འཇུག་པ་དང་། སྒོ་ཁང་ནས་དང་ར་ཁྱད་ཁྱུད་དུ་འགྲོ་བ་ལ་སོགས་པ་སྟེ། ནུར་བ་ལ་སོགས་པ་འདི་རྣམས་ཀྱིས་ཕྱི་བཞིན་འབྲང་བ་དང་ནང་བྱན་བྱེད་པ་དག་མི་སྣང་བར་གྱུར་པ་ཉིད་གང་ཡིན་པ་དེ་བརྐུས་པ་ཡིན་པར་རིག་པར་བྱའོ། །ཇི་ལྟར་ཡང་འགྲོ་བར་བྱ་བ་ཉིད་ལ་
ཡང་གནས་ཁང་དུ་ཞུགས་པ་དང་། ཡང་ཐོག་གཞན་དུ་འཛེག་པ་དང་ཁྱམས་ནས་གནས་ཁང་ལ་སོགས་པ་བྱས་པ་ཉིད་དམ་མ་མཐོང་བའི་མཐའ་མ་ཉིད་ནི་ཆོམ་རྐུན་པ་ལ་ཞེས་བྱ་བ་བྱས་ནས་སོ། །འདིར་གཞུང་ནི། ཇི་ལྟར་ཡང་མཁན་པོ་དང་སློབ་དཔོན་དག་ལམ་དུ་ཞུགས་པར་གྱུར་པ་དེ་དག་གིས་ལྷན་
ཅིག་གནས་པ་དང་ཉེ་གནས་དག་གི་ལག་ཏུ་ཆོས་གོས་དག་གཏད་པ་ན་དེ་ལ་དེ་དག་རྐུ་སེམས་ཉེ་བར་གནས་པར་གྱུར་ཅིང་དེ་དག་གོམ་པ་བསྲི་བས་འགྲོ་ཞིང་དལ་བུས་འགྲོ་ན་གོམ་པ་རེ་རེ་ལ་ཉེས་བྱས་སུ་འགྱུར་རོ། །ཇི་སྲིད་དུ་མིག་སྔར་སྣང་བར་གྱུར་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །མིག་སྔར་
སྣང་བར་མ་གྱུར་ན་བརྐུས་པར་བརྗོད་པར་བྱ་སྟེ་རིན་ཐང་བརྩི་བར་བྱའོ། །དེ་རྣམས་ནི་གཤོང་ནས་ཐང་ལ་འབྱུང་བར་བྱེད་པ་དང་། ཐང་ལས་གཤོང་དུ་འཇུག་པར་བྱེད་པ་དང་། མངོན་པར་སྐབས་ཡོད་པ་ནས་ཐིབས་པོར་འཇུག་པ་དང་། ཐིབས་པོ་ནས་མངོན་པར་སྐབས་ཡོད་པར་འགྲོ་བ་དང་ཇི་སྲིད་དུ་མིག་
Vol. 160 · folio 77a
སྔར་སྣང་བར་གྱུར་པ་དེ་སྲིད་དུ་སྔ་མ་བཞིན་དུ་ཇི་ལྟར་ཡང་དེ་རྣམས་དང་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ལ་མཁན་པོ་དང་སློབ་དཔོན་རྣམས་ཀྱི་ཆོས་གོས་དག་ཁུར་བར་བྱེད་པ་དེར་དེ་ལ་རྐུ་སེམས་ཉེ་བར་གནས་པར་གྱུར་ཅིང་། དེ་རྣམས་གནས་ཁང་ནས་ཁྱམས་སུ་འགྲོ་ཞིང་།
ཁྱམས་ནས་གནས་ཁང་དུ་ཞུགས་པར་བྱེད་པ་དང་། འོག་ཁང་ནས་ཡང་ཐོག་དུ་འཛེག་པར་བྱེད་པ་དང་། ཡང་ཐོག་ནས་འོག་དུ་འཇུག་པར་བྱེད་པ་དང་། ཁྱམས་ནས་སྒོ་ཁང་དུ་འཇུག་པ་དང་། སྒོ་ཁང་ནས་དང་ར་ཁྱད་ཁྱུད་དུ་འབྱུང་བ་དང་། ཇི་སྲིད་དུ་མིག་སྔར་སྣང་བར་གྱུར་པ་དེ་སྲིད་དུ་སྔ་མ་བཞིན་དུ་འདིར་
གང་ཞིག་ནུར་བ་དང་། འབྱངས་པ་དང་འབྱམ་པ་དང་། འཇུག་པ་དང་། གནས་གཞན་དུ་འཛེག་པ་ལས་གཞན་འབྱམ་པ་ཞེས་བྱ་བ་གསུངས་པ་ཡིན་ནོ། །རྐུ་བར་བྱེད་ཅེས་བྱ་བ་འདིར་རྐུ་བ་ནི་ཉེ་བར་རྐུ་བའོ། །གྲུ་ནི་སྐམས་དང་ཡུར་པོ་ཆེ་དང་ཆུ་འདལ་བ་དག་གིས་ཞེས་བྱ་བ་ནི་གྲུ་ནི་
སྐམས་ལ་སོགས་པ་རྣམས་ཀྱིས་རྐུ་བ་ལ་མི་སྣང་བ་ཉིད་ནི་རྐུ་བ་སྟེ། རྣམ་པར་མི་གནས་པའི་རྒྱུ་བ་རིགས་སུ་འབྱུང་བ་ཉིད་ཀྱི་ཕྱིར་གྲུ་ལ་འདི་གནས་གཞན་དུ་འཕོ་བ་རྣམ་པར་གནས་པ་ཡིན་ནོ། །འདིར་གྲུ་ནི་དཔེ་ཙམ་སྟེ། སེམས་མེད་པ་ཆུ་ལ་རྒྱུ་བའི་གཟིངས་ལ་ཡང་ཆོ་ག་འདི་ནི་ཤིང་དང་
སྣོད་ལ་སོགས་པའི་རང་བཞིན་ཐམས་ཅད་ལའོ། །རྒྱུན་ཕྱོགས་ཀྱིས་སོ་ཞེས་བྱ་བ་ནི་དེ་ལྟར་ཡང་རྐུ་བ་ཉིད་ནི་འདིར་རྐུ་བའོ། །ཐད་ཀར་ཡང་ཕ་རོལ་གྱི་འགྲམ་དུ་མི་སྣང་བར་གྱུར་ནའོ་ཞེས་བྱ་བ་ནི་ཐད་ཀའི་ཕ་རོལ་གྱི་འགྲམ་དེ་མི་སྣང་བར་གྱུར་ན། དེའི་ཚེ་མི་སྣང་བ་འདི་ཉིད་རྐུ་བ་ཡིན་ནོ། །
དེ་ལས་གཞན་པ་ཉིད་ལ་ནི་དེར་ཕྱིན་ནའོ་ཞེས་བྱ་བ་ནི་ཕ་རོལ་གྱི་འགྲམ་དེ་མི་སྣང་བ་ཉིད་ལ་ཕ་རོལ་གྱི་འགྲམ་ཐོབ་པ་ནི་བརྐུས་པའོ། །རྒྱུན་ལས་བཟློག་པ་ལ་ནི་གྲུ་ཚུགས་ལས་འདས་ནའོ་ཞེས་བྱ་བ་ལ། རྒྱུན་ལས་བཟློག་པ་བརྐུས་པ་ལ་ནི་གྲུ་ཚུགས་ལས་འདས་པ་ན་བརྐུས་པའོ། །རྒྱུན་
ལས་བཟློག་པའི་ཕྱིར་འདི་ལ་རྒྱུ་བ་ཉིད་ཡོད་པ་མ་ཡིན་ཏེ། གྲུའི་འགྲོ་བའི་རྐྱེན་ལས་བཟློག་པ་ལ་མཐུན་པར་མི་འགྲོ་བའི་ཕྱིར་རོ། །ཐང་ལ་རྒྱུ་བའི་འགྲམ་གྱི་རྣམ་པར་ཡང་དག་པར་རྒྱུ་བ་ཉིད་ནི་མ་ཡིན་ནོ། །དེ་བས་ན་གནས་གཞན་དུ་འཕོ་བའི་བདག་ཉིད་ཅན་ལ་འདིར་རྐུ་བའི་རྣམ་པར་གཞག་
Vol. 160 · folio 77b
པའོ། །གྲུ་ཚུགས་ལས་གནས་པ་ཉིད་ལའོ། །འདི་ལ་ཡོངས་སུ་འགྲོ་བར་བྱེད་པའི་སྤྱོད་ཡུལ་དུ་མ་གྱུར་པ་ཉིད་ཀྱིས་མ་ལུས་པའི་གནས་དེ་ཞེས་བྱ་བ་འདི་ཤེས་པའོ། །གྲུ་ཚུགས་པ་མེད་པ་ལ་འདིའི་གནས་བཟུང་བ་ཙམ་ཡིན་ཏེ་ཞེས་བྱ་བ་རྟོགས་པར་བྱའོ། །གཞན་གྱི་ལས་ཀྱི་མཐའ་དག་ལ་ཆུ་གཏོང་
བའམ་འགོག་པ་ལ་ནི་རང་གི་ལས་ཀྱི་མཐའ་གྲུབ་པའི་སྐྱེད་མ་གཏོགས་པ་དེའི་ཆེད་དུ་དེར་འདུན་པས་གཞན་དུ་གྱུར་ནའོ་ཞེས་བྱ་བ་ནི་གཏོང་བའམ་འགོག་པ་ལའོ། །དེའི་ཆེད་དུ་ཞེས་བྱ་བ་ནི་རང་གི་ལས་ཀྱི་མཐའ་གྲུབ་པའི་དོན་དུའོ། །སྐྱེད་མ་གཏོགས་པ་ཞེས་བྱ་བ་ནི་གྲུབ་པའི་ཁྱད་པར་རོ། །སྐྱེད་
མ་གཏོགས་པའི་གྲུབ་པ་ནི་རྐུ་བ་ཞེས་བྱ་བའོ། །ཅིའི་ཕྱིར་སྐྱེད་མ་གཏོགས་པ་ཞེས་བྱ་བའི་ཁྱད་པར་བསྟན་པའི་དོན་དུ་ཅིག་ཤོས་ཞེས་བྱ་བ་སྨོས་ཏེ། གྲུབ་པ་ལས་ཅིག་ཤོས་གང་ཡིན་པའོ། །ཕམ་པ་འདི་ཅི་ཡིན་པ་དང་ཕམ་པ་འདི་གང་ཡིན་པ་སྟེ་ཞེས་བྱ་བའི་རྟེན་འདི་ལ་བརྟེན་པའི་དོན་དུ་གཞན་གྱི་
ལས་ཀྱི་མཐའ་ཞེས་བྱ་བ་སྨོས་སོ། །དགོས་པ་ཅི་ལྟ་བུས་གཞན་གྱི་ལས་ཀྱི་མཐའ་ལ་ཕམ་པ་ཡོད་པ་ལ་རང་གི་ལས་ཀྱི་མཐའ་གྲུབ་པ་རྐུ་བ་ཞེས་བྱ་བ་དེར་འདུན་པས་ཞེས་བྱ་བ་སྨོས་ཏེ། གཞན་གྱི་ཕུང་བར་བྱའོ། །བདག་གི་གྲུབ་པར་བྱའོ་སྙམ་པས་བསམ་པ་འདིས་སོ། །བསམ་པ་ཙམ་ཉིད་
ཀྱིས་གཞན་གྱི་ཕུང་བར་ཡོད་པར་གྱུར་པ་དང་རང་ལ་གྲུབ་པ་རྐུ་བ་ཆུ་བཏང་བ་འམ་འགགས་པ་ལས་ཞེས་བྱ་བ་སྨོས་ཏེ། གལ་ཏེ་རང་གི་ལས་རྣམས་འཇུག་པ་དགག་པ་ལ་ཆུ་ཡོད་པར་འགྱུར་བ་དང་། གཞན་གྱི་ལས་ཀྱི་མཐའ་རྣམས་ལ་ཆུ་གཏོང་བ་ལ་ཆུ་ཡོད་པར་འགྱུར་རོ། །འོན་ཏེ་ཆུ་དཀོན་པར་གྱུར་ན་
རང་གི་ལས་ཀྱི་མཐའ་རྣམས་ལ་ཆུ་བཏང་བ་དང་། གཞན་གྱི་ལས་ཀྱི་མཐའ་རྣམས་ལས་འགོག་པར་བྱས་པ་ལ་གཞན་གྱིས་ཕུང་བར་བྱས་པའི་བསམ་པས་བྱེད་ལ། གང་གི་ལས་ཀྱི་མཐའ་གྲུབ་ཅིང་བརྐུས་པ་ཞེས་བྱ་བའི་དོན་ཏོ། །རྒྱུན་ཕྱོགས་སུ་འགྲོ་བ་ལ་ཡང་ཆུ་བཏང་བ་དང་བཀག་པ་
འདི་དག་ལས་ཀྱི་མཐར་འགྲོ་བ་ལ་གཏོགས་པར་བྱའོ། །འདིར་འབྲུ་ཕུན་སུམ་ཚོགས་པ་ལ་རྐུ་བར་གྱུར་པ་ཉིད་དུ་གནས་པའོ། །ཆུ་གཏོང་བར་བྱེད་པའམ་རང་གི་ལས་ཀྱི་མཐའ་འགོག་པ་ལ་རྐུ་བར་མི་བྱེད་པར་ཐལ་བ་མ་ཡིན་ནོ། །རང་འདོད་པ་དང་གཞན་ལ་ཉམས་པ་མེད་པར་གྱུར་པ་ལ་ཅུང་ཟད་
Vol. 160 · folio 78a
བརྐུས་པར་འགྱུར་བ་མ་ཡིན་ཞེས་བྱ་བ་རྣམ་པར་ངེས་ནས་དེ་ལ་གྲུབ་པ་དང་གཞན་ལ་ཕུང་བ་ཞེས་བྱ་བ་ཡང་གཞན་ཕུང་བ་ལ་ཡང་དག་པར་བརྟན་པའི་གཞུང་ལ་བརྟེན་ནས་ཅིག་ཤོས་ཞེས་བྱ་བ་བྱས་ཏེ་ཆད་པའི་སེམས་མེད་པར་རྐུ་བ་བསྐྱེད་པ་མ་ཡིན་ནོ། །འདི་ཡང་འདི་ལ་
ཆད་པ་གང་ཞིག་ཉམས་པ་ཞེས་བྱ་བ་རྣམ་པར་ངེས་ནས་བདག་ལ་གྲུབ་པར་གྱུར་ཅིག །གཞན་ལ་ནི་ཕུང་བར་གྱུར་ཅིག་ཅེས་བྱ་བ་གཞན་པར་འདོད་པའི་ཚིག་ལ་བརྟེན་ནས་དེར་འདུན་པས་ཞེས་བྱ་བ་བྱས་སོ། །ཇི་ཙམ་དུ་གཞན་ལས་གཅོད་པ་དེ་ཙམ་ལས་རྐུ་བ་ཉིད་ཅེས་བྱ་བ་ལྟ་བར་བྱས་ནས་སྐྱེད་མ་
གཏོགས་ཞེས་བྱ་བ་བྱས་སོ། །གང་ཞིག་གཞན་ཕུང་བ་མི་སྐྱེད་པའི་ཞིང་གི་ཡོན་ཏན་ལ་སོགས་པས་བསྒྲུབ་པར་གྱུར་པ་དེ་ལ་རྐུ་བ་ཉིད་མ་ཡིན་པ་གཏོགས་པར་བྱའོ། །རྐུན་པོ་རྣམས་ལ་དེའི་ཆེད་དུ་ལམ་རྒྱུས་གོ་བར་བྱེད་པ་ལ་ནི་ཤས་ཐོབ་པར་བྱེད་ནའོ་ཞེས་བྱ་བ་ལ། རྐུ་བའི་ལམ་ལ་བརྟེན་པའི་ལོ་
རྒྱུས་ནི་ལམ་རྒྱུས་ཏེ་ལམ་ག་གེ་མོ་ནས་དེར་འགྲོ་བར་བྱའོ། །དེ་ལྟར་འཇུག་པར་བྱ་བ་ཞེས་བྱ་བ་ལ་སོགས་པའོ། །དེའི་ཆེད་དུ་ཞེས་བྱ་བ་ནི་ཤས་ཐོབ་པར་བྱ་བའི་ཆེད་དུའོ། །རྐུན་པོ་རྣམས་ལ་ཞེས་བྱ་བ་ནི་ཆོམ་རྐུན་པ་རྣམས་ལ་གལ་ཏེ་རྐུ་བའི་དོན་དུ་ལམ་རྒྱུས་གོ་བར་བྱེད་པའི་ལས་བྱས་པ་ལ་དེ་རྣམས་ཀྱི་
དྲུང་ནས་ཐོབ་པ་གང་ཡིན་པ་དེ་ནི་ཤས་བརྐུས་པ་ཡིན་ནོ། །འདི་ནི་རྐུན་པོ་ལས་ཤས་ཐོབ་པར་བྱ་བའི་ཕྱིར་ཁས་ལེན་པ་ཡིན་ཏེ། །རྐུན་པོ་རྣམས་ལས་བརྐུས་པ་སོ་སོར་བཟུང་བ་ཉིད་དོ། །དེའི་ཕྱིར་རྐུན་པོའི་ཚོགས་ཀྱི་ཁོངས་སུ་གཏོགས་པ་ཉིད་ཀྱི་ཕྱིར་བརྐུས་པ་ཉིད་དོ། །བདག་གི་དོན་དུ་ཡང་དེ་ལས་ཆ་
ཤས་བརྐུ་བར་བྱ་བ་འདི་ལ་དེའི་དོན་དུ་རྐུ་བའོ། །ཐོབ་པ་འདི་ལ་བྲན་གྱིས་ལས་དང་འདྲ་བ་ཉིད་དེ་འདིར་ནི་མཉམ་པོར་བྱ་བ་བྱེད་པ་ཉིད་ཀྱིས་དེ་ལས་གཞན་པའི་ཆོམ་རྐུན་བཞིན་དུ་ཆ་ཤས་དང་ལྡན་པ་ཉིད་ནི་མ་ཡིན་ནོ། །ངེས་པར་སྦྱོར་བ་པོ་ཉིད་དང་གཏོང་བ་པོ་ཉིད་ཀྱི་བློ་ཡང་དག་པར་གནས་པ་ཞེས་བྱ་བ་
ཐོབ་པ་ལ་རྐུ་བ་ཉིད་ཤེས་པ་ཡིན་ཏེ། འགྲོ་བའི་དུས་ལ་ནི་མ་ཡིན་ནོ། །ས་གཞི་དང་ཁང་ཁྱིམ་དག་ཡོངས་སུ་བསྐོར་བས་ནི་མཚམས་འབྱོར་ནའོ་ཞེས་བྱ་བ་ནི་རིབ་མ་དང་རྩིག་པ་ལ་སོགས་པས་ཡོངས་སུ་བསྐོར་བས་ས་གཞི་ལ་སོགས་པ་རྐུ་བ་རིབ་མ་ལ་སོགས་པ་དེ་ལས་མཚམས་
Vol. 160 · folio 78b
འབྱོར་ན་ནི་རྐུ་བའོ། །འདིར་ངེས་པར་དེའི་ཚེ་ན་ཉེ་བར་བཟུང་བ་ཉིད་ཀྱི་བློ་ལ་ཡང་དག་པར་བསྟན་པ་ལ་དེ་རྣམ་པར་ཤེས་པའོ། །ཤགས་ཀྱིས་གལ་ཏེ་བླའི་གྲར་རྒྱལ་ནའོ། །གལ་ཏེ་འོག་ཟུར་ན་ཕ་རོལ་པོའི་སྦྱོར་བ་ཉིད་བཏང་ནའོ། །དེ་ནི་སྦྱོར་བ་ཉིད་དོ་ཞེས་བྱ་བ་ནི་གལ་ཏེ་བླའི་གྲར་
ཤགས་བཀྱེ་བ་ནི་ཤགས་ཀྱིས་རྐུ་བ་ལ་རྒྱལ་བ་ནི་བརྐུས་པ་ཡིན་ནོ། །གལ་ཏེ་འོག་ཟུར་ན་ཕ་རོལ་པོའི་སྦྱོར་བ་པ་ཉིད་བཏང་བ་ནི་བརྐུས་པ་ཡིན་ནོ། །རྒྱལ་བ་འདི་ལ་སྦྱོར་བ་ཉིད་ཡོངས་སུ་རྫོགས་པར་གྱུར་པའི་དངོས་པོ་ཅན་ལ་ཉེས་པ་སྦོམ་པོའོ། །གཞན་དུ་ཉེས་བྱས་ཞེས་བྱ་
བའི་དོན་ཏོ། །ངེས་པར་འདིར་སོ་སོར་གསལ་བ་ཉིད་ལ་གཞན་ལ་གྲུབ་པའི་བློ་ཡང་དག་པར་གནས་པ་ཡིན་ནོ། །བླའི་གྲལ་དུ་གཞན་ལ་གསལ་བ་ཉིད་ཡོད་ཀྱང་མངའ་བདག་ཉིད་ཀྱི་ཕྱིར་རྒྱལ་པོ་རྟེན་གྱི་མ་ངེས་པ་ནི་མ་ཡིན་ནོ། །གྲུབ་པའི་བློ་ཡང་དག་པར་གནས་པ་ཞེས་བྱ་བ་ནི་
རྣམ་པར་ཤེས་པ་ཡིན་ནོ། །ཤོ་གམ་གྱི་ས་ལས་འདས་ན་ཞེས་བྱ་བ་སྨོས་པ་དེར་ཤོ་གམ་གྱི་བརྐུས་པ་ཉིད་དུ་བརྗོད་དེ་ཤོ་གམ་གྱི་བྱ་བ་ཉིད་ལ་བརྟེན་པ་སྐྱེ་བ་དང་བཅས་པ་ལྟུང་བ་དང་ལྟུང་བ་མ་ཡིན་པའི་ཚིག་རྣམས་གང་ཡིན་པ་དེ་རྣམས་ནི་རྣམ་པར་འབྱེད་པ་ལས་བསྡུ་བར་བྱ་སྟེ། རྐུ་སེམས་
མེད་པ་ལ་ཤོ་གམ་དུ་གཏོགས་པའི་ཉེས་པ་འབྱུང་བར་དོགས་པར་མི་བྱའོ་ཞེས་བྱ་བ་ནི་ཡོངས་སུ་སྤང་བ་མ་ཐོབ་པའི་དགེ་སློང་རྣམས་ཀྱིས་ཚོང་པ་རྣམས་ལ་ཤོ་གམ་དུ་གཏོགས་པ་ལས་འདའ་བར་བྱ་བའི་ཕྱིར་སྦྱིན་པ་གང་ཡིན་པ་དེར་ཚོང་པ་རྣམས་འདིར་རྐུ་བར་བྱེད་པ་ཉིད་མ་ཡིན་ཏེ་ཤོ་གམ་
པའི་སེམས་བཟུང་བར་བྱས་པའི་ཚོང་པ་དེ་རྣམས་ལས་འདའ་བའི་ཕྱིར་རོ། །གང་གི་ཕྱིར་དགེ་སློང་རྣམས་ལ་བརྐུས་པ་ཉིད་དུ་མི་འགྱུར་བ་དེའི་ཕྱིར་ལྟུང་བ་མེད་པའི་ཚིག་རིགས་པ་ཡིན་ནོ། །གང་ཞིག་ཡོངས་སུ་སྤང་བ་མ་ཐོབ་པའི་དགེ་སློང་གིས་དགེ་སློང་གཞན་ལ་འདའ་བའི་ཕྱིར་སྣོད་སྦྱིན་པ་དེར་
ཡང་དགེ་སློང་འདི་ཡིན་ཏེ། འདི་ནི་དེ་ལྟར་འདའ་བར་གྱུར་པ་མ་ཡིན་ཏེ། ཇི་ལྟར་འདི་ལ་རྐུ་བ་ཉིད་འབྱུང་བར་འགྱུར་ཞེས་བྱ་བ་ལྟུང་བ་མ་ཡིན་པའི་རིགས་པར་གྱུར་པ་ཉིད་དེ་ངེས་པར་འདིར་འདིའི་བློ་ཞེས་བྱ་བ་རྐུ་བ་ཉིད་མེད་པའི་ཕྱིར་རོ། །གང་ཞིག་སྤོང་བ་ཐོབ་པ་རྣམས་ཚོང་པ་རྣམས་དང་འབྲེལ་པ་
Vol. 160 · folio 79a
ལས་འདའ་བར་བྱེད་པ་དེར་འདི་རྣམས་ལ་གཞན་གྱི་དོན་དུ་བརྐུས་པ་ཉིད་ཡོད་པ་དེར་རང་གི་སྤོང་བ་ཐོབ་པ་འདི་ཞེས་བྱ་བ་རྣམ་པར་གཞག་པའི་ཕྱིར་རོ། །དེ་ལ་འདི་རྣམས་ལ་གང་ཞིག་ལྟུང་བ་མེད་པར་བརྗོད་པ་དེར་རྐུ་སེམས་མེད་པར་རྒྱུ་རྣམ་པར་གནས་པ་ཡིན་ཏེ།
འདི་ལ་འདི་བསྡུས་པའོ། །འདི་ནི་བདག་ཅག་ལ་གཞན་གྱི་སྤོང་བའི་ཆ་ཤས་པས་འདི་རྣམས་ལ་རྐུ་སེམས་ཀྱིས་སྐབས་མ་གྱུར་ཅིག་ཅེས་བྱ་བ་འདིར་རིག་པར་བྱའོ། །གང་གིས་བླངས་པ་ཉིད་ཀྱི་སྣོད་ལས་སྦྱིན་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གང་གིས་བླངས་པ་ནི་གང་གིས་བླངས་པ་སྟེ། དེའི་
དངོས་པོ་ནི་གང་གིས་བླངས་པ་ཉིད་དོ། །གང་གིས་དངོས་པོ་བཟུང་བ་ཤོ་གམ་དེ་ལ་སྦྱིན་པ་ཉིད་དོ། །གང་ཞིག་འདིར་འདའ་བར་བྱེད་པ་གཉིས་ནི་སྐྱོན་མེད་པ་དང་ལྡན་པ་གང་གིས་དངོས་པོ་བླངས་པ་དེ་ཤོ་གམ་སྦྱིན་པ་ཉིད་དུ་གྱུར་པ་ལ། འདི་གཉིས་ལ་སྐྱོན་མེད་པ་ཉིད་དུ་རིགས་པ་ཡིན་ཏེ་ཞེས་བྱ་
བ་འདི་ཤེས་པའོ། །གནང་བ་ལས་གཞན་གྱིས་བཟླས་ན་མ་བརྐུས་པ་ཡིན་ནོ་ཞེས་བྱ་བ་ལ། །གནང་བ་ནི་སྤོང་བ་ཐོབ་པའོ། །དེ་ལ་གཞན་གྱི་ནོར་ལ་དེ་བྱས་པའི་འདའ་བར་བྱེད་པ་གང་ཡིན་པ་འདི་ནི་དེའི་ཆའི་ཕྱིར་མ་བ་རྐུས་པ་ཡིན་ནོ། །གང་ཞིག་འདི་ཤོ་གམ་མ་བྱིན་པ་ཞེས་བྱ་བ་སྤང་བ་སྦྱིན་
པ་རང་གི་ཆ་སོ་སོར་ཐོབ་པ་སྟེ་གཞན་གྱི་ནི་མ་ཡིན་ནོ། །དེ་བས་ན་སྐྱོན་འདི་འབྱུང་བ་སྟེ། ཚོང་པ་དང་འབྲེལ་པའི་འདའ་བར་བྱེད་པ་གང་ཡིན་པའོ། །སླར་དགེ་སློང་གིས་ས་ལ་རྙེད་པའི་ཤོ་གམ་འདའ་བར་བྱེད་པ་སྟེ་དགེ་སློང་གིས་ས་ལ་རྙེད་པའི་ཤོ་གམ་འདའ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་
ཞེས་བརྗོད་པ་ལ་བསྡུ་བ་ནི་འདི་ཡིན་ནོ། །དངོས་པོ་ཇི་ལྟར་ལྟུང་བ་ལ་འགལ་ཚབས་ཅན་ཞེས་བྱ་བ་གསུངས་པའི་ཚིག་ཀྱང་གཞི་ཇི་ལྟ་བ་ལས་འབྱུང་བ་ཡིན་གྱི་ཉེས་བྱས་ཉིད་ནི་མ་ཡིན་ནོ། །འདི་ཅིའི་ཕྱིར་ཞེ་ན། ཉེ་བ་འཁོར་གྱིས་ཞུས་པ་ལས་འདིར་སྦོམ་པོའི་ལྟུང་བ་ལ་བརྗོད་པའི་ཕྱིར་རོ། །
བཙུན་པ་རེ་ཞིག་ཚོང་པ་རྣམས་ཤོ་གམ་གྱི་ཕྱིར་ཤོ་གམ་ལ་ཉེ་བར་བརྟེན་པའི་དངོས་པོ་ནི་ས་ལ་ཡང་དག་པར་རྙེད་པར་འགྱུར་ཏེ། དགེ་སློང་ལ་ཚོང་པས་འདི་སྐད་ཅེས་སྨྲས་ཏེ། འཕགས་པ་བྱིན་ཅིག་ཤོ་གམ་གྱི་ས་ལས་འདའ་བར་བྱས་ནས་དགེ་སློང་གིས་དེ་ལས་འདའ་བར་བྱེད་ན་ཤོ་གམ་
Vol. 160 · folio 79b
འཇོམས་པ་སྟེ། དེ་ལ་མ་ཤ་ཀ་ལྔའི་རིན་ཐང་འབྱུང་བར་འགྱུར་ཏེ། སྦོམ་པོའི་ལྟུང་བ་ལ་ལྟུང་བར་འགྱུར་ཞེས་བྱ་བའོ། །སྤང་བ་ཐོབ་པའི་དགེ་སློང་གི་དབང་དུ་མཛད་ནས་འདི་གསུངས་པ་རྣམ་པར་གནས་པ་ཡིན་ཏེ། གཞན་གྱིས་རིག་པ་ཤོ་གམ་པ་རྣམས་ཀྱིས་འདའ་བར་བྱ་བའི་ཕྱིར་མི་ནུས་པ་
ཉིད་ཀྱིས་བརྐུ་བ་ཉིད་ཚོང་པ་རྣམས་ཉིད་ལ་ཤིན་ཏུ་བྱ་སླ་བ་ཉིད་ཀྱི་ཕྱིར་རོ། །རང་གི་བྱ་བ་མ་ཡིན་པའི་དབང་དུ་བྱས་ནས་སྦོམ་པོ་འདི་བརྗོད་པར་རིག་པར་བྱའོ། །མ་གནང་བས་གཞན་གྱིས་འདའ་བར་མི་བྱའོ་ཞེས་བྱ་བ་ནི་ཆོ་ག་ཡང་དག་པར་བྱས་པ་གཞན་གྱིས་ཤོ་གམ་རང་གིས་ཤོ་གམ་གྱི་བྱ་
བ་ལས་འདའ་བར་བྱ་བ་མ་ཡིན་ནོ། །ཚོང་པ་རྣམས་ཀྱིས་འདའ་བར་བྱེད་པས་ཀྱང་སླར་དགེ་སློང་གི་སར་ཕྱིན་པའི་ཤོ་གམ་འདའ་བར་བྱེད་པ་སྟེ། དགེ་སློང་གི་སར་ཕྱིན་པའི་ཤོ་གམ་འདའ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་དེའི་དོན་བསྡུ་བའི་ཕྱིར་མདོ་འདི་བྱས་
སོ། །རྐུ་བ་ལ་གནས་པའི་སྐྱོན་གྱིས་སྐྱོན་དང་བྲལ་བ་ཉིད་དུ་གྱུར་པ་ལ་འདི་ཡིན་ཏེ། དེ་བས་ན་བསླབ་པ་གཞན་ལ་འདི་རབ་ཏུ་བཏགས་པ་ཉིད་དོ། །རབ་ཏུ་བཏགས་པ་འདི་ན་སླར་ཅིའི་ཕྱིར་ཞེ་ན། རྐུ་བའི་རྣམ་པ་ཉིད་ཀྱིས་འདི་འཇིག་རྟེན་ན་ཁ་ཟེར་བར་འགྱུར་བའི་སྐྱོན་ཉིད་ཀྱིས་གཞན་དུ་ཡང་
གཞན་གྱིས་འདའ་བར་བྱ་བ་མ་ཡིན་ཞེས་བྱ་བ་འདིའི་རྗེས་སུ་འབྲང་བས་རྟོགས་པར་བྱའོ། །མ་ཚོར་བར་འདའ་བར་བྱེད་པ་མི་གྲུབ་པར་བྱ་བའི་ཕྱིར་མི་འབད་པར་མི་བྱའོ་ཞེས་བྱ་བ་ནི་འདའ་བར་བྱ་བ་གྲུབ་པ་ཉིད་ཀྱིས་འདི་ནི་གཞན་གྱིས་སམ་བདག་ཉིད་རང་ཉིད་ཀྱིས་སམ། གཞན་གྱི་ཡང་དག་
པར་རིག་པ་ལས་འདའ་བར་བྱེད་པ་སེར་སྣ་ལ་སོགས་པ་ཞེས་བྱ་བ་འདིའི་དོན་དུ་མི་འབད་པར་མི་བྱའོ། །འདི་ལྟར་འདའ་བར་བྱེད་པ་ལ་རྐུ་བའི་རྣམ་པ་ཉིད་དང་། སྐྱོན་ཉིད་ཀྱིས་སྲིད་པའི་སྐབས་ཡོད་པ་ཡིན་ཏེ་ཞེས་བྱ་བ་འདི་རྣམས་ནི་བཏགས་པའོ། །ཇི་ལྟར་ཡང་མི་འབད་པར་མི་བྱ་ཞེ་ན། དེའི་ཕྱིར་
སྲུང་མ་དགེ་སློང་དུ་མ་གཞག་པར་བྱའོ་ཞེས་བྱ་བ་སྨོས་སོ། །སྲུང་མ་ཇི་ལྟ་བུ་ཞེ་ན། དགེ་སློང་ཞེས་བྱ་བ་སྨོས་སོ། །གྲངས་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དུ་མ་ཞེས་བྱ་བ་སྨོས་ཏེ། གཉིས་ཡན་ཆད་ནས་བརྩམས་ཏེ་བསྲུངས་པའི་ཕྱིར་ཇི་སྙེད་ཀྱིས་དོན་གྲུབ་པ་དེ་སྙེད་གཞག་གོ་ཞེས་བྱ་བའི་དོན་ཏོ། །
Vol. 160 · folio 80a
དེའི་ཟན་བསྐྱལ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་སྲུང་བར་བྱེད་པ་དེའི་ཟན་ནི་དེའི་ཟན་ཏེ་དེའོ། །དེའི་བསྐྱལ་བར་བྱ་བ་ཉིད་དེ་འདི་ནི་ངེས་པ་མ་ཡིན་ནོ། །དེས་ན་འདིར་འཇུག་པ་གང་ཡིན་པ་དེ་ལ་རྟོགས་པ་ཉིད་མ་ཡིན་པ་ཤེས་པར་བྱ་ཞེས་བྱ་བའི་དོན་དུ་འདི་བརྗོད་པའོ། །
དེས་བཟློག་པར་བྱའོ་ཞེས་བྱ་བ་ནི་སྲུང་བའི་དགེ་སློང་གཞག་པས་སོ། །བཅུག་པ་ཉིད་བརྗོད་པར་བྱའོ་ཞེས་བྱ་བ་ནི་དེས་ཞེས་བྱ་བར་རྗེས་སུ་འབྲེལ་ཏོ། །གང་རྣམས་ཀྱིས་གཞག་པ་དེ་རྣམས་ལ་ཞེས་བྱ་བ་དོན་གྱིས་གྲུབ་པ་སྟེ་གཞག་པ་ལ་དེའི་དོན་ཉིད་ཀྱི་ཕྱིར་རོ། །མེད་ན་མཚན་མ་གདབ་པོ་
ཞེས་བྱ་བ་ནི་སྲུང་མ་མེད་ན་བསོད་སྙོམས་ལ་སོགས་པ་ལ་ཡང་འགྲོ་བའི་དོན་དུ་འགྲོ་བར་བྱེད་ཅིང་རང་གི་སྣོད་དག་ལ་མཚན་མ་གདབ་པར་བྱའོ། །བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ལ་ཤོ་གམ་གཞལ་དགོས་པ་ལ་ལས་མི་ཕྱུང་བ་མི་བཅུག་པར་བྱ་ཞེས་བྱ་བའི་དོན་ཏོ། །ཁྱེར་ཏེ་འོངས་པ་ལ་དྲི་བར་བྱའོ་
ཞེས་བྱ་བ་ནི་གཞན་གྱིས་གང་ཡང་རུང་བ་ཤོ་གམ་དུ་བྱ་བ་མ་ཡིན་པའི་དངོས་པོ་ལ་ཤོ་གམ་གྱི་གནས་ནས་འདའ་བར་བྱེད་པའི་དོན་དུ་ཁྱེར་ཏེ་འོངས་པ་ལ་ཤོ་གམ་གཞལ་དགོས་པའི་རྫས་ཅུང་ཟད་མེད་དམ་ཞེས་བྱ་བ་འདི་དྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་དོར་བ་མི་འགྲུབ་ན་རེག་པ་ཉིད་དུ་
བྱའོ་ཞེས་བྱ་བ་ནི་གསེར་ལ་སོགས་པ་རེག་པར་བྱ་བ་མ་ཡིན་པ་ལ་གཞན་གྱིས་དེའི་གཏུར་བུ་ལ་སོགས་པའི་ནང་དུ་བཅུག་པ་ལ་རང་གིས་རིག་པར་མ་བྱས་ན་དོར་བ་དབྱུང་བར་མི་འགྲུབ་ན་དེའི་ཚེ་དབྱུང་བའི་ཆེད་དུ་རང་ཉིད་ཀྱིས་རེག་པ་ཉིད་དུ་བྱས་ཏེ་དེ་ལ་ནི་ལྟུང་བར་བྱེད་པ་འགའ་ཞིག་ཏུ་འགྱུར་
བ་བག་ཡོངས་སུ་གནང་ངོ་། །མ་ཕུལ་ཡང་ངེས་པ་སྐྱེས་ན་ཕུལ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མ་ལ་སོགས་པ་རྣམས་ལ་བདག་གིས་འདི་སྦྱིན་པ་ཞེས་བྱ་བ་གང་ཞིག་འདི་རྫས་ངེས་པར་བྱས་ནས་བཟུང་བ་མ་ཕུལ་བའི་རྫས་དེ་ལ་ཡང་ཕུལ་བ་ཉིད་ཁོ་ན་ཤེས་པར་བྱའོ། །གང་ལ་ཕུལ་བ་ཡིན་པ་
དེས་མ་བཟུང་བ་ཞེས་བྱ་བ་བྱས་ཏེ། གང་གིས་དེའི་ལག་པ་ལ་དེ་དང་འབྲེལ་བ་ཉིད་ཤེས་པར་བྱ་བའི་དོན་དང་དེ་དང་འདྲ་བའི་ཤོ་གམ་གྱི་བྱ་བ་འདའ་བར་བྱེད་པ་ལ་གཞན་གྱི་དོན་དུ་རྐུ་བ་ལ་སྐྱོན་ཏེ་དེ་ལྟུང་བ་ཞེས་བྱ་བའི་དོན་ཏོ། །དེ་དག་གིས་རྫས་གནང་བར་བྱ་བའི་ཕྱིར་ཕ་མའི་བསྔགས་པ་
Vol. 160 · folio 80b
བརྗོད་དོ་ཞེས་བྱ་བ་ལ། ཕ་མ་ཞེས་བྱ་བ་ནི་ཕ་མ་དག་ལའོ། །ཕ་མ་དག་གི་ཆེད་དུ་བཀུར་བའི་རྫས་ནི་ཕ་མ་དག་ལ་བསྔགས་པ་བརྗོད་པར་བྱ་བ་སྟེ། འདིའི་དོན་དུ་ཤོ་གམ་པ་རྣམས་ཀྱི་དྲུང་དུ་འདི་དག་གི་ཡོན་ཏན་བརྗོད་པ་གང་ཡིན་པ་དེ་ནི་བརྗོད་པ་ཙམ་དོན་དུ་གཉེར་བ་ཞེས་བྱ་བ་ཡོངས་སུ་
བརྟགས་ནས་སྐྱོན་དང་ལྡན་པ་ཤེས་པར་བྱ་ཞེས་བྱ་བའི་དོན་ཏོ། །དཀོན་མཆོག་རྣམས་ཀྱི་ཡང་ངོ་ཞེས་བྱ་བ་ནི་སངས་རྒྱས་དང་ཆོས་དང་། དགེ་འདུན་རྣམས་ལ་དེ་དག་གིས་རྫས་གནང་བར་བྱ་བའི་ཕྱིར་ཡང་དག་པར་བསྔགས་པ་ཞེས་བྱ་བའི་དོན་ཏོ། །དོན་དུ་གང་ཡང་རུང་བའི་དཀོར་གང་ཡང་རུང་བ་ལས་
སྐྱིན་པོར་བླང་བའི་ཆོས་སུ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་གང་ཡང་རུང་བའི་རྫས་ལས་སྐྱིན་པོ་བླང་བའི་ཆོས་ཀྱིས་སངས་རྒྱས་ལ་སོགས་པ་རྣམས་ལ་གང་ཡང་རུང་བའི་དོན་དུ་ཤོ་གམ་གྱི་བྱ་བ་གང་ཡིན་པ་དེའི་དོན་དུ་དཀོན་མཆོག་གཞན་གྱི་དོན་དུ་ཤོ་གམ་སྦྱིན་པ་སྐྱོན་མེད་དོ་ཞེས་བྱ་བའི་དོན་ཏོ། །སྐྱིན་པོ་
བླང་བའི་ཆོས་ཀྱིས་ཞེས་བྱ་བ་དེ་གང་ལས་བཟུང་བ་སླར་སྦྱིན་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན་གང་གི་ཆེད་དུ་བཟུང་བ་དེའི་དོན་གྱིས་ཞེས་བྱ་བའི་དོན་ཏོ། །ཤོ་གམ་གཞལ་དགོས་པ་དང་བཅས་པར་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི་འདིར་རྒྱང་གྲགས་ཀྱི་ལམ་དུ་སོང་བ་ལ་བདག་ཉིད་ཅེས་བྱ་བ་འདི་ལས་རྒྱང་
གྲགས་འདི་ལ་དངོས་གཞིར་གྱུར་པའི་ཉེས་བྱས་རྒྱང་གྲགས་ཕྱེད་ཕྱེད་ཅིང་དེའི་སྦྱོར་བར་འགྱུར་བའི་ཞེས་བྱ་བ་འདི་རྟོགས་པར་བྱའོ། །འགྲོ་བ་ནི་འདའ་བར་བྱེད་པ་སྟེ། ཤོ་གམ་པ་དང་ལྷན་ཅིག་ཏུ་ཐ་སྙད་ལ་གླགས་ལྟ་བའི་ཕྱིར་བཏགས་པའོ། །མཐུན་པར་བྱེད་པ་དཀའ་བ་མ་ཡིན་པར་འགྱུར་བ་ཡང་ཤོ་
གམ་ལ་བརྟེན་པའི་ཐ་སྙད་དེ་དཀའ་བར་གྱུར་པ་ནི་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་མ་ཡིན་པ་ཉིད་ལ་ནི་བ་ལང་གི་ལྕི་བ་བཙིར་བས་ཀྱང་ཁ་བསྒྱུར་བ་དང་། ཁ་ཚར་དང་ཕུན་ཚར་བཅད་པ་ཡང་ངོ་ཞེས་བྱ་བ་ལ་དེ་མ་ཡིན་པ་ཉིད་ཅེས་བྱ་བ་ནི་ཤོ་གམ་གཞལ་དགོས་པ་མ་ཡིན་པ་ཉིད་དོ། །རེ་རེ་ཉིད་ཀྱིས་
ཀྱང་འདི་དག་ལ་བཅད་པ་དང་ཁ་བསྒྱུར་བ་དག་ལ་ཤོ་གམ་གཞལ་བ་ཉིད་མ་ཡིན་ནོ། །དེ་བས་ན་སོ་སོ་འདི་དག་ལ་ཤོ་གམ་གཞལ་དགོས་པ་མ་ཡིན་པར་རིག་པར་བྱའོ། །མ་མཐོང་བ་ལ་བློ་དེ་མི་འཆགས་སོ་ཞེས་བྱ་བ་ནི་འདི་ནི་ཁ་བསྒྱུར་བའམ་ཆད་པ་ཞེས་བྱ་བའི་བློ་ལ་མ་མཐོང་བའི་དངོས་པོ་ལ་དེ་མི་
Vol. 160 · folio 81a
མི་འཆགས་སོ། །མཐོང་བ་མེད་པར་འདིར་ལྟུང་བ་དང་རྟོགས་པའི་ངེས་པ་མེད་པའི་ཕྱོགས་པའོ། །དེའི་དབང་གིས་ཤོ་གམ་གཞལ་དགོས་པ་དང་བཅས་པ་ཉིད་ནི་མ་ཡིན་ནོ། །མི་འཆགས་སོ་ཞེས་བྱ་བ་ནི་ལྟུང་བ་མི་ལྡང་བ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་རང་གི་མིག་གིས་
བལྟ་བར་བྱའོ། །མ་བལྟས་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གཞན་གྱི་སྤྱོད་པ་བརྟོལ་བར་མི་བྱའོ་ཞེས་བྱ་བ་ནི། རང་གི་འམ་གཞན་གྱི་ཤོ་གམ་གཞལ་དགོས་པའི་རྫས་རང་ངམ་གཞན་གྱིས་ཤོ་གམ་གྱི་གནས་ནས་འདའ་བར་བྱེད་པ་གང་ཡིན་པ་དེ་དགག་པར་མཛད་
པ་ཉིད་ཀྱི་ཕྱིར་གཞན་གྱི་སྤྱོད་པ་བརྟོལ་བར་བྱེད་པ་འདི་ཡང་བཀག་པར་རིག་པར་བྱའོ། །ཡིད་གཅུགས་པ་མ་ཡིན་པ་ལ་གཅུགས་པ་ཉིད་དུ་མི་བྱའོ། །འདི་ལ་གསུམ་ཉིད་དོ། །དེ་ཉིད་ནི་འོག་མ་ལ་གོང་མའོ་ཞེས་བྱ་བ་ལ། དེ་ཉིད་ཅེས་བྱ་བ་ནི་ཡིད་གཅུགས་པ་ཉིད་དོ། །འོག་མ་ལ་ཞེས་བྱ་བ་ནི་ཡིད་
གཅུགས་པའོ། །གོང་མའོ་ཞེས་བྱ་བ་ནི་ཡིད་གཅུགས་པ་ཉིད་ལའོ། །ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཉིད་ཀྱིས་གོང་མ་དང་། འོག་མ་ཉིད་འདི་ཞེས་བྱ་བའི་རྣམ་པ་འདིས་སྦྱར་བ་ཉིད་ཀྱི་ཕྱིར་རྟོགས་པར་བྱའོ། །ཡིད་གཅུགས་པ་མ་ཡིན་པ་ལ་ཡིད་གཅུགས་པ་ཉིད་དུ་བརྟེན་པར་མི་
བྱའོ། །འདི་སྐད་བསྟན་པ་མཛའ་བཤེས་ཐ་མ་ལ་ཡིད་གཅུགས་པ་འབྲིང་དང་ཆེན་པོ་མི་བྱའོ། །འབྲིང་ལ་ནི་ཆེན་པོ་བརྟེན་བཞིན་པ་ཡིད་གཅུགས་པར་མི་བྱ་བ་བརྟེན་པར་འགྱུར་གྱི་ཡིད་གཅུགས་པར་བྱ་བ་ནི་མ་ཡིན་ནོ། །གང་ཞིག་གང་ལ་ཡིད་གཅུགས་ནས་སྣོད་ཡིན་པ་དེ་ནི་དེའི་དོན་ཡིད་
གཅུགས་པར་བྱ་བ་མ་ཡིན་ཞེས་བྱ་བ་བྱས་ཏེ་ཞེས་བྱ་བའི་དོན་ཏོ། །སླར་སུ་ཞིག་ལ་ཡིད་གཅུགས་པར་བྱ་ཞེ་ན། དེའི་ཕྱིར་དེ་ནི་སྡུག་པ་དང་། ཡིད་དུ་འཐད་པ་དང་། བླ་མ་དང་། བསྒྲུབ་པར་འོས་པ་དང་། མཆོད་པར་འོས་པ་དང་། བསྟོད་པར་འོས་པ་དང་། བླངས་ན་དགའ་བའོ་
ཞེས་བྱ་བ་ལ། འདིར་ནི་མཉེས་གཤིན་པ་དང་བཅས་པ་ནི་དགའ་བར་བརྗོད་དོ། །བསྟོད་པར་འོས་པ་ནི་ཡིད་དུ་འོང་བའོ། །བླ་མ་ཞེས་བྱ་བ་ནི་སློབ་དཔོན་དང་མཁན་པོའོ། །རྗེས་སུ་བྱེད་པ་སྒྲུབ་པའི་དོན་དུ་དགེ་བའི་བཤེས་གཉེན་ཉིད་ཀྱིས་གང་ཞིག་ཉེ་བར་བསྟེན་ལ་གནས་པ་དེ་ནི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words