འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ
Sanskrit title (Tibetan script, as in the text) སྭ་བྱཱ་ཁྱཱ་ན་ཨ་བྷི་དྷཱ་ན་བི་ན་ཡ་སཱུ་ཏྲ་བྲྀཏྟི་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 160 · folio 81b
བསྒྲུབ་པར་འོས་པའོ། །མཆོད་པར་འོས་པ་ཞེས་བྱ་བ་ནི་གང་སྦྱིན་པ་དང་བསྙེན་བཀུར་བ་ལ་སོགས་པའི་མཆོད་པས་གང་ཞིག་ལ་དུས་དུས་སུ་བསྙེན་བཀུར་བར་བྱ་བ་དེ་ནི་མཆོད་པར་བྱ་བའོ། །བསྟོད་པར་འོས་པ་ཞེས་བྱ་བ་ནི་གང་གང་ལ་དུས་དུས་སུ་ཉེ་བར་གནས་ནས་ཚུལ་ཁྲིམས་དང་
ཐོས་པ་དང་གཏོང་བ་ལ་སོགས་པའི་ཡིད་བཟུང་བ་ཉིད་ཀྱིས་ཡང་དག་པར་མཐོང་བ་དེ་ནི་བསྟོད་པར་བྱ་བའོ། །བླངས་ན་དགའ་བ་ཞེས་བྱ་བ་ནི་བདག་གིས་བཟུང་བ་ལ་དགའ་བའི་ཕྱིར་གང་དུ་ཡིད་ཆེས་པ་འདི་སྐྱེས་པའོ། །ལག་སྤོད་ཀྱི་ལས་ཀྱིས་ལས་བྱ་ཞིང་བསོད་ནམས་ཀྱི་བློས་ཀྱང་སྟེ་གླ་
རྔན་གྱིས་ནི་མ་ཡིན་ནོ། །ཡུལ་གྱི་ངེས་པའི་ཚིག་ནི་འདྲིད་པ་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟར་ཡང་རྣམ་པར་འབྱེད་པ་ལས་བཅོམ་ལྡན་འདས་ཀྱིས་དགེ་སློང་མའི་གནས་སུ་ཁྱོད་ཀྱིས་ཅི་ཞིག་བྱས་ཞེས་བྱ་བ་གང་བརྗོད་པ་ཅིའི་ཐ་ཚིག་ཅེས་སྨྲས་པ་དང་། གསོལ་བ་བཙུན་པ་འཇིག་རྟེན་ན་ལྟུང་ངོ་
ཞེས་བྱ་བ་གང་ལགས་པའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཡུལ་གྱི་ངེས་པའི་ཚིག་གིས་ལྟུང་བར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདི་ལྟར་བརྗོད་པར་གྱུར་པ་འདི་སྡུག་བསྔལ་དུ་རྟོགས་པར་བྱ་བ་མ་ཡིན་ཏེ་ཞེས་བྱ་བ་འདི་བསྟན་པའོ། །ལྟུང་བ་
བླངས་པ་ཡུན་རིང་དུ་མི་བསྲེལ་ལོ་ཞེས་བྱ་བ་ནི་དུས་ཇི་སྲིད་ཀྱིས་ན་འདིས་བཅབས་སོ་སྙམ་དུ་དོགས་པ་སྐྱེ་བའི་དུས་དེ་སྲིད་ན་འདིར་ཡུན་ཤིན་ཏུ་རིང་བ་ཉིད་དུ་རིག་པར་བྱས་ཏེ་དེ་སྲིད་དུ་བསྲེལ་བར་མི་བྱའོ། །དེ་དགེ་སྐོས་ལ་གཏད་པ་ཉིད་དུ་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ལྟུང་བ་བླངས་པ་ལའོ། །
དེས་རབ་ཏུ་བྱུང་བ་ཡིན་པར་དོགས་ན་དགེ་འདུན་ལ་བསྟན་པར་བྱའོ་ཞེས་བྱ་བ་ནི་དགེ་སྐོས་དེ་རབ་ཏུ་བྱུང་བ་ལ་འདི་དང་འབྲེལ་པ་ལ་ཞེས་བྱ་བ་དོགས་པ་འདི་ཡོད་པ་ལ་དེའི་ཚེ་རྫས་དེའི་བདག་པོ་ངེས་པར་ཤེས་པར་བྱ་བའི་ཕྱིར་དགེ་འདུན་ལ་བསྟན་པར་བྱའོ། །བདག་པོ་མ་བྱུང་ན་གཟར་ཐག་ལ་
བཏགས་ཏེ་གཞག་གོ་ཞེས་བྱ་བ་ནི་གལ་ཏེ་དེ་ལྟར་ན་འདི་ཉེ་བར་བསྟན་པ་རབ་ཏུ་བྱུང་བའམ་གཞན་འགའ་ཞིག་བདག་པོ་བྱུང་སྟེ། འདི་ནི་བདག་གི་ཡིན་ཞེས་བྱ་བ་བདག་ཉིད་ཉེ་བར་བསྟན་པར་བྱེད་པ་དེའི་ཆེད་ནི་རྫས་དེ་གཟར་ཐག་ལ་ཉེ་བར་བཏགས་པ་ཉིད་དོ། །འདི་ལ་གོས་རྣམས་གཟར་ཐག་ཏུ་བྱ་
Vol. 160 · folio 82a
བས་ན་གཟར་ཐག་སྟེ་ཀ་བ་ལ་སོགས་པ་ལ་བཅིངས་པ་དགེ་སློང་ཐམས་ཅད་ལ་གསལ་བར་གྱུར་པ་འདི་འདིར་མངོན་པར་འདོད་པ་ཞེས་བྱ་བ་ཤུགས་ཀྱིས་གོ་བར་བྱའོ། །ཉེ་བར་བཏགས་པ་ནི་ལྟུང་བའི་དོན་དུའམ་སླར་མི་སྟོར་བའི་དོན་དུའམ། མ་བྱིན་པར་ལེན་པར་ཡང་
མི་རིགས་པ་བཟུང་བ་མ་གྲུབ་པའི་དོན་དུའོ། །ནད་པས་མ་གནང་བ་དེ་ལ་སྨན་མི་བླང་ངོ་ཞེས་བྱ་བ་ནི་འདི་ལས་སྨན་ལོང་ཤིག་ཅེས་བྱ་བ་ནད་པས་དེ་ལྟར་གནང་བ་མ་ཐོབ་པ་གང་ཡིན་པ་དེ་ལས་སྨན་དེ་ནད་པའི་ནད་གཡོག་གམ་གཞན་གྱིས་ཀྱང་བླང་བར་མི་བྱའོ། །མ་བྱིན་པར་ལེན་པའི་ཕམ་
པར་འགྱུར་བ་རྣམ་པར་འབྱེད་པའོ་ཞེས་བྱ་བ་མ་བྱིན་པར་ལེན་པའི་ཕམ་པར་གྱུར་པའི་སྐབས་རྣམ་པར་འབྱེད་པ་ལས་འབྱུང་བ་རྫོགས་སོ།། །།ཡོངས་སུ་བཟུང་བ་དང་བཅས་པ་གནང་བ་ལས་གཞན་པའི་ཐབས་ཀྱིས་བདག་གིར་མི་བྱའོ་ཞེས་བྱ་བ་ནི་ཆོམ་རྐུན་དག་གིས་འགྲོན་པོ་
བཅོམ་པ་དང་། དུར་ཁྲོད་དང་ལྷའི་ཆུའི་རྡོ་སྣོད་དུ་ཞེས་བྱ་བ་ལ་སོགས་པ་ལ་སོང་བ་ཡོངས་སུ་འཛིན་པ་དང་བཅས་པའི་རྫས་དེ་གནང་བ་ལས་གཞན་པའི་ཐབས་ཀྱིས་འདི་ཕྱག་དར་ཁྲོད་དོ་ཞེས་བཤད་པ་ཡིན་ནོ། །བདག་གིས་བཙུགས་པའི་ལྷའི་ཆུའི་རྡོ་སྣོད་ལ་འབྱོར་པར་གྱུར་པ་ཉིད་ཀྱི་ཕྱིར་
ངའི་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཐབས་ཀྱིས་བདག་གིར་མི་བྱ་སྟེ། བདག་ཉིད་དུ་བྱ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །བདག་གིར་བྱས་པ་དགུག་པར་མི་བྱའོ་ཞེས་བྱ་བ་ནི་རང་གི་མ་ཡིན་པའི་ནོར་རང་གི་མིང་གིས་བྱས་པ་རྐུ་བའམ་བཏང་བ་ལྷག་པར་གནས་པས་བདག་ཏུ་བྱས་པ་གང་ཡིན་
པ་དེ་ནི་སོ་སོར་ལེན་པ་དང་། འཚོང་བ་དག་གི་ལས་ཀྱིས་རྙེད་པ་དེར་བདག་ཏུ་བྱས་པ་མ་ཡིན་པ་ཞེས་བྱ་བ་འདི་གྲགས་པ་ཡིན་ནོ། །དགུག་པར་མི་བྱ་བ་ཞེས་བྱ་བ་འདིས་ཉོ་བ་དགག་པ་མ་ཡིན་པ་དང་མཛའ་བོས་སྦྱིན་དུ་བཅུག་པ་དགག་པ་མ་ཡིན་པ་དང་། བྱིན་ལེན་ལ་དགག་པ་མ་ཡིན་
པའོ། །དེ་བས་ན་སྟོབས་ཀྱིས་བྱ་བས་ཞེས་བྱ་བ་ཡིད་ཆེས་པ་ཡིན་ནོ། །འདིར་ནི་རང་གི་འདུ་ཤེས་ཀྱིས་འཇུག་པ་ལ་ཆོ་ག་ནི་འདི་ཡིན་ཏེ། ཁ་ན་མ་ཐོ་བ་མེད་པ་ལ་གཞན་དུ་བྱས་པ་ཉིད་ཀྱི་ཕྱིར་རོ། །འདིར་གཞུང་ན་སླར་དགེ་སློང་གིས་བདག་ཏུ་བྱས་པ་དགུག་པར་བྱ་བ་ཡང་མ་ཡིན་ཏེ།
Vol. 160 · folio 82b
དེ་ནི་གང་གིས་ཕྲོགས་པ་དེའི་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །འདིའི་དོན་ནི་གང་ཞིག་རྐུ་བ་དེའི་དེ་མ་ཡིན་པ་དེ་ནི་དེ་ལ་དེ་རང་ཉིད་མི་འབྱུང་སྟེ། མི་འདོད་པ་ནི་གཞན་ལ་སྦྱིན་པ་ཞེས་བྱ་བ་རིགས་པ་ཡིན་ཏེ། དེ་བས་ན་འདི་མི་བྱ་བ་ཞེས་བྱ་བའོ། །འདིར་སླར་ཇི་ལྟར་བསྒྲུབ་
པར་བྱ་ཞེ་ན། དེའི་ཕྱིར། དེ་ནི་ཆོས་བཤད་པས་བླང་བར་བྱའོ་ཞེས་བྱ་བ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་བརྐུས་པའི་ནོར་རོ། །རིན་ཕྱེད་དུ་ཉེ་བས་ཀྱང་ངོ་ཞེས་བྱ་བ་ནི་བླང་བར་བྱ་ཞེས་བྱ་བར་སྦྱར་རོ། །ལྷུང་བཟེད་དང་ཆོས་གོས་ནི་རིན་ཆེན་པོས་བླུས་ཀྱང་རུང་ངོ་ཞེས་བྱ་བ་ལ། རུང་ངོ་ཞེས་
བྱ་བ་ནི་རྙེད་པར་བྱ་བ་མ་ཡིན་པ་དང་བརྐུས་པ་ལའོ། །བླུས་ཀྱང་ཞེས་བྱ་བ་ནི་རིན་ཐང་ཡོངས་སུ་རྫོགས་པས་ཀྱང་ངོ་ཞེས་བྱ་བའི་དོན་ཏོ། །མི་སྙན་པ་འབྱུང་བར་འགྱུར་བ་ནི་ཕྱིར་བོར་བའོ་ཞེས་སྐྱེ་བོ་ཕལ་པོ་ཆེའི་མངོན་སུམ་དུ་མ་བབ་པར་བསྐུར་བར་མི་བྱའོ་ཞེས་བྱ་བ་ནི་དངོས་པོ་གང་ལས་འདི་ཉིད་
ཀྱིས་འདི་བསད་དོ། །འདི་ཉིད་ཀྱིས་འདི་བརྐུས་སོ་ཞེས་བྱ་བ་ལ་སོགས་པ་མི་སྙན་པ་མི་མཛེས་པ་འབྱུང་བར་འགྱུར་བ་ནི་དེ་བདེན་དུ་བོར་བ་ཉིད་ཡིན་ན་དེ་བདེན་དུ་བོར་བ་ཉིད་ཡིན་ནོ། །སྐྱེ་བོ་ཕལ་པོ་ཆེ་སུའི་ཡང་མངོན་སུམ་དུ་མ་བབ་པར་བསྐུར་བར་མི་བྱ་བླང་བར་མི་བྱ་ཞེས་བྱ་བའི་དོན་ཏོ། །སྐྱེ་བོ་
ཕལ་པོ་ཆེའི་མངོན་སུམ་དུ་དམ་པ་མ་ཡིན་པའི་ཡང་དག་པར་འབྱུང་བ་ལ་སྐབས་མེད་པའོ། །འདིར་གཞུང་ནི་ཕག་གི་མགོ་བཅད་པ་ཞེས་བྱ་བ་གསུངས་པ་ཡིན་ནོ། །རོའི་རྫས་མི་མ་ཡིན་པས་བླངས་པ་ཉིད་ནི་ཡོངས་སུ་མ་བཟུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་རོའི་རྒྱུད་དུ་གཏོགས་པའི་རྫས་གང་ཡིན་པ་
དེ་གལ་ཏེ་མི་མ་ཡིན་པས་བླངས་པར་གྱུར་ན་དེ་ཡོངས་སུ་མ་བཟུང་བའོ་སྙམ་དུ་ཤེས་པར་མི་བྱ་སྟེ། དེ་བརྐུས་ན་ཉེས་པ་སྦོམ་པོར་འགྱུར་བ་ཉིད་ལ་འདི་བརྗོད་པའོ། །རབ་ཏུ་གཏུམ་པ་དེའི་ཕྱི་བཞིན་དུ་འགྲོ་བར་བྱའོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་མི་མ་ཡིན་པ་དེས་གནོད་པར་བྱེད་པ་སྤང་བའི་
ཕྱིར་རབ་ཏུ་གཏུམ་པ་དེའི་ཕྱི་བཞིན་དུ་འགྲོ་བར་བྱའོ། །ཁས་བུབ་ཏུ་བསྙལ་བ་ལ་རྐང་པའི་མཐའ་ནས་བརྩམས་ཏེ་གཡོགས་པར་བྱའོ་ཞེས་བྱ་བ་ལ་བསྙལ་བ་ཞེས་བྱ་བ་ནི་རོ་ལའོ། །འདི་ཡང་རབ་ཏུ་འགྲོ་བ་ཡོངས་སུ་སྤང་བའི་དོན་དུ་རོ་མ་རྨས་པ་ལས་གོས་བླང་བར་མི་བྱའོ། །རང་གིས་རྨས་པ་དང་
Vol. 160 · folio 83a
རྨས་པར་བྱེད་དུ་གཞུག་པར་མི་བྱའོ་ཞེས་བྱ་བ་ནི་འདིར་རོ་ཞེས་བྱ་བ་མཐའ་གཉིས་ཀར་སྦྱར་རོ། །ཐམས་ཅད་དུ་བསྟི་གནས་དང་སོ་ཤིང་དང་ཆུ་དང་འདག་རྫས་དང་ལྕི་བ་དང་ས་ཅི་བདེར་བྱའོ་ཞེས་བྱ་བ་ནི་འདིར་བྱུག་པ་ལ་སོགས་པའི་དོན་དུ་བ་ལང་གི་ལྕི་བ་བཟུང་བ་ཡིན་ཏེ།
འདག་རྫས་སུ་གྱུར་པ་ལ་ནི་མ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་གང་དུ་བསྟི་བ་དེར་རྣམ་པ་ལྔ་པོ་ཅི་བདེར་བརྗོད་པར་བྱ་སྟེ། སོ་ཤིང་དང་ཆུ་དང་འདག་རྫས་དང་ལྕི་བ་དང་སའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་དང་དགེ་ཚུལ་མི་འདོད་བཞིན་དུ་འབྲེལ་བས་ཁྲིད་པ་ན་གཟུང་བར་བྱའོ་ཞེས་བྱ་བ་
ལ། འབྲེལ་བས་ཞེས་བྱ་བ་ནི་ཕུ་ནུ་དང་བུ་སྲིང་དང་ཆུང་མ་ལ་སོགས་པས་མི་འདོད་བཞིན་དུ་ཁྲིད་པར་གྱུར་ན་དགེ་སློང་གིས་གཟུང་བར་བྱའོ། །འདིར་གཞུང་ནི་དེ་ལ་ལག་པ་གང་ཤོས་ན་ཞེས་དྲིའོ། །གལ་ཏེ་སྔོན་གྱི་ཆུང་མས་བཟུང་བ་ཤོས་ནའོ་ཞེས་ཟེར་ན་ནི་མི་གཏང་ངོ་། །གལ་ཏེ་ཁྱོད་ཀྱིས་
བཟུང་བ་ཤོས་ནའོ་ཞེས་ཟེར་ན་ནི་བསམ་པ་ལས་ཆུང་མ་འདོད་པ་འདྲ་བས་ཐོང་ཤིག་ཅེས་གསུངས་པ་ཡིན་ནོ། །ཐམས་ཅད་དུ་མཚན་མ་ཉམས་པ་དང་ཚངས་པར་སྤྱོད་པ་དང་བཅས་པའི་རབ་ཏུ་བྱུང་བ་ལ་འདིའི་བྱ་བ་ཉིད་རིགས་པ་ཡིན་ཏེ། དེ་བས་ན་དགེ་ཚུལ་གྱི་ཚིག་བཟུང་བའོ། །ཕྲན་ཚེགས་
ཀྱི་སྐབས་སོ།། །།ཀ་ཀ་ནི་བཞི་ལ་མ་ཤ་ཀའོ་ཞེས་བྱ་བ་ལ། ཀ་ཀ་ནི་ཞེས་བྱ་བ་ནི་བོ་དྷི་ཀ་སྟེ། འགྲོན་བུ་ཉི་ཤུའི་རིན་ཐང་གི་མིང་ཡིན་ནོ། །ཀ་ཀ་ནི་བཞི་ལ་ནི་མ་ཤ་ཀ་སྟེ། ཚིགས་ཉིད་ཉི་ཤུ་སྟེ་ཞེས་བྱ་བ་འཆད་པར་འགྱུར་བའི་ཚིག་དེའི་རང་གི་ངོ་བོ་བསྟན་པའི་ཕྱིར་མདོ་འདིའོ། །
གང་གི་ཕྱིར་འདིར་མ་ཤ་ཀ་ནི་ཚིགས་ཏེ་དེ་ཡང་དག་པར་བརྗོད་པ་ནི་ཀཱར་ཥཱ་པ་ཎའི་ཚད་མ་ལུས་པ་ཤེས་པའི་དོན་དུའོ། །དེ་མ་ལུས་པར་ཤེས་པ་ནི་དེའི་བཞི་ཆ་ཅིག་བརྐུས་པའི་མཐའ་མར་འགྱུར་པ་ཉིད་ཀྱིས་ཚད་ཤེས་པར་བྱ་བའི་ཕྱིར། །ལྔ་ཉིད་ནི་ཀཱར་ཥཱ་པ་ཎ་བཞི་ཆའི་དཔེ་ཡིན་ནོ་ཞེས་བྱ་བ་སྨོས་
ཏེ། གང་ཞིག་རྣམ་པར་འབྱེད་པའི་མདོ་ལས་མ་ཤ་ཀ་ལྔ་ལ་སོགས་པ་ཞེས་བྱ་བ་གསུངས་པ་དེ་ནི་ཀཱར་ཥཱ་པ་ཎའི་བཞི་ཆ་ཅིག་ནི་དཔེ་ཡིན་པར་རིག་པར་བྱའོ། །ཀཱར་ཥཱ་པ་ཎ་བཞི་ཆ་ཅིག་ཏུ་རྐུ་ན་ཕམ་པ་ཞེས་བྱ་བ་ཉིད་དོ། །དེའི་ཕྱིར་འདི་གནས་གང་དང་དུས་གང་ལ་བརྟེན་ནས་ཤེས་ཤེ་ན། དེའི་ཕྱིར་
Vol. 160 · folio 83b
གང་ན་དེའི་ཚིགས་ཉིད་ཉི་ཤུ་ཡིན་པ་དེ་ལ་བརྟེན་ནས་སོ་ཞེས་བྱ་བ་སྨོས་ཏེ། གནས་དང་དུས་གང་ན་ཀཱར་ཥཱ་པ་ཎ་དེའི་ཚིགས་ཉིད་མ་ཤ་ཀ་ཉི་ཤུ་ཡིན་པ་དེ་ལ་བརྟེན་ནས་མ་ཤ་ཀ་ལྔ་ཉིད་ནི་འདིའི་དཔེ་ཡིན་ཞེས་བྱ་བའི་དོན་ཏོ། །གང་ཞིག་བརྐུ་བའི་གནས་དང་དུས་ཀྱིས་དེའི་བརྩི་བ་རྣམ་པར་གཞག་
གོ་ཞེས་བྱ་བ་འཆད་པར་འགྱུར་བ་ལས་དགར་བར་བྱ་བ་དང་དུས་དང་གནས་ཀྱི་དགོངས་པ་ཉིད་ཤེས་པར་བྱའོ། །ལྔ་ཉིད་ཅེས་བྱ་བ་ནི་དཔེ་ཡིན་ཏེ། དེ་བས་ན་ཚིགས་ལ་མ་ཤ་ཀའི་དགོས་པ་ཉིད་དོ། །འོ་ན་ན་ན་ཀ་ཞེས་བྱ་བ་ལ་ཚིགས་འདི་འདོན་པ་ཡིན་ཏེ། ན་ན་ཀ་ཅི་ལྟ་བུ་མ་ཤ་ཀ་ལྔའི་བར་དུ་ལྟུང་བར་མི་འགྱུར་ན་ཐ་
མའི་བཞི་ཆའི་ཀ་ཀ་ནིས་མ་ཤ་ཀ་ཚིགས་ཉི་ཤུ་པའི་ན་ན་ཀས་ཞེས་བྱའོ། །འདིར་ཀཱར་ཥཱ་པ་ཎ་ཉིད་ན་ན་ཀའི་སྒྲས་གསུངས་པ་འདི་ལྟ་སྟེ། འདོན་པ་གང་ཞིག་ལ་མ་ཤ་ཀ་ནི་ན་ན་ཀ་ཉིད་ཀྱིས་འདོན་པ་ཡིན་ཏེ། ཀཱར་ཥཱ་པ་ཎ་ནི་ཚིགས་ཉིད་ཀྱིས་སོ། །ན་ན་ཀ་ཇི་ལྟ་བུས་བརྐུས་ཤིང་ཀ་ཀ་ནི་བཞིས་ཉེ་
བར་མཚོན་པའི་ཉི་ཤུ་ཉེ་བར་སོང་བའི་ཀཱར་ཥཱ་པ་ཎས་མ་ཤ་ཀ་ལྔ་རྐུ་ཞིང་ཐ་མ་ལ་ལྟུང་བར་འགྱུར་རོ་ཞེས་གསུངས་སོ། །འདིར་ཁ་ཅིག་རྣམས་ཀྱིས་འདོན་པ་དེ་ཇི་ལྟར་ཡང་མ་ཤ་ཀ་ལྔ་བརྐུས་ན་ལྟུང་བའི་མཐར་འགྱུར་རོ། །མ་ཤ་ཀ་ཉི་ཤུ་པའི་ན་ན་ཀས་སོ། །ཇི་ལྟ་བུས་ཤེ་ན་ཀ་ཀ་ནི་བཞི་ལ་མ་ཤ་ཀའོ། །
ཀཱར་ཥཱ་པ་ཎ་ཇི་ལྟ་བུས་ཤེ་ན། ན་ན་ཀའོ། །དེའི་བཞི་ཆ་བརྐུ་བར་བྱས་པ་ཞེས་བྱ་བའོ། །འདིར་མ་ཤ་ཀ་ཞེས་བྱ་བ་ཉིད་ཀྱིས་ཚིགས་བརྗོད་དེ་དེ་བས་ན་ཀཱར་ཥཱ་པ་ཎའི་དགོངས་པ་ཉིད་ན་ན་ཀའི་སྒྲ་ལ་དེའི་ཕྱིར་ལྟུང་བའོ། །འོ་ན་དེ་ལྟར་ཡིན་ན་ཀཱར་ཥཱ་པ་ཎ་ཅི་ལྟ་བུ་ཞེས་བྱ་བའི་དྲི་མ་འདི་མི་ལྡང་ངོ་ཞེ་ན། འདི་ན་ཡོད་
པ་མ་ཡིན་ཏེ། ཅི་ཞིག་བྱས་པ་དང་། ཅི་ཞིག་རྣམ་པར་གཞག་པས་ཞེས་བྱ་བ་ཉེ་བར་ཤེས་པ་པོ་མ་ལུས་པ་ཤེས་པའི་དོན་ཉིད་ཀྱི་ཕྱིར་འདི་ལའོ། །དེ་ལྟར་ན་ཡང་བརྐུ་བར་བྱས་པས་ཞེས་བྱ་བས་ཉེ་བར་ཤེས་པ་པོ་ཉིད་ལ་བརྐུས་པ་ལ་རྒྱལ་པོས་བསྟན་པའོ། །གཞུང་འདི་རྣམས་ལ་མ་ཤ་ཀ་ཉི་ཤུ་པ་ཉིད་ཀཱར་ཥཱ་པ་ཎ་གང་ལ་
གསུངས་པའོ། །ཀཱར་ཥཱ་པ་ཎ་ཅི་ལྟ་བུས་མ་ཤ་ཀ་ལྔ་བརྐུས་ན་ལྟུང་བ་ཐ་མར་འགྱུར་རོ་ཞེས་བྱ་བའི་དོན་འདི་ལ་གཙོ་བོ་མ་ཡིན་པར་འགྱུར་བ་ཉིད་དོ། །དེ་བས་ན་འདིར་ལྔ་ཉིད་ནི་དཔེ་ཡིན་ཏེ། ཀཱར་ཥཱ་པ་ཎའི་བཞི་ཆ་ཞེས་བྱ་བ་འདི་རྙེད་པའོ། །དེ་ལྟར་ཡང་གཏམ་གྱི་གཞིའི་སྐབས་ནས་ཤིན་ཏུ་གསལ་བར་འདི་
Vol. 160 · folio 84a
གསུངས་པ་ཡིན་ཏེ། བཙུན་པ་མ་ཤ་ཀ་གསུམ་བརྐུས་ན་ཕམ་པའི་ལྟུང་བར་འགྱུར་བ་མཆིས་སམ། བཀའ་སྩལ་པ་ཡོད་དོ། །གང་ན་མ་ཤ་ཀ་བཅུ་གཉིས་ལ་ཀཱར་ཥཱ་པ་ཎ་གཅིག་ཏུ་གྱུར་པ་ནའོ། །མ་ཤ་ཀ་ལྔ་ལས་ལྷག་པ་བརྐུས་ན་ཕམ་པའི་ལྟུང་བར་མི་འགྱུར་བ་མཆིས་སམ།
བཀའ་སྩལ་པ་ཡོད་དེ། གང་ན་མ་ཤ་ཀ་བཞི་བཅུ་ལ་ཀཱར་ཥཱ་པ་ཎ་གཅིག་ཏུ་འགྱུར་ནའོ་ཞེས་གསུངས་པ་ཡིན་ཏེ། དེར་ནི་མ་ཤ་ཀ་བཅུ་བརྐུས་ན་ཕམ་པར་འགྱུར་བར་དགོངས་སོ། །དེང་སོང་ནི་འདིར་ཀཱར་ཥཱ་པ་ཎ་གཅིག་ནི་པ་ཎ་བཅུ་དྲུག་གིས་ཏེ། དེང་སོང་ནི་འདིར་པ་ཎ་བཞི་བརྐུས་ན་ཕམ་པར་འགྱུར་བར་རིག་
པར་བྱའོ། །རྐུ་བའི་གནས་དང་དུས་ཀྱིས་དེའི་བརྩི་བ་རྣམ་པར་གཞག་གོ་ཞེས་བྱ་བ་ནི་རྐུ་བའི་གནས་དང་རྐུ་བའི་དུས་ཀྱི་རིན་ཐང་བརྩི་བ་གང་ཡིན་པས་ཀཱར་ཥཱ་པ་ཎ་དེའི་རིན་ཐང་མ་ཤ་ཀ་བཅུ་གཉིས་ལ་ཀཱར་ཥཱ་པ་ཎ་གཅིག་གམ་མ་ཤ་ཀ་བཅུ་དྲུག་གམ་མ་ཤ་ཀ་ཉི་ཤུའམ། མ་ཤ་ཀ་བཞི་བཅུའམ་དེ་
ལ་སོགས་པའི་རིན་ཐང་བརྩི་བ་དེས་བརྩིས་པའི་ཀཱར་ཥཱ་པ་ཎའི་བཞི་ཆ་ཅིག་བརྐུས་ན་ཕམ་པར་འགྱུར་བར་ཤེས་པར་བྱའོ། །ཡུལ་གཞན་དང་དུས་གཞན་དང་གླིང་གཞན་གྱི་རིན་ཐང་བརྩི་བ་དེས་ཡུལ་དང་དུས་དང་གླིང་གཞན་དུ་བརྩི་བ་ནི་མ་ཡིན་ནོ། །ཆེ་བ་ཉིད་ཀྱིས་རིན་ཐང་གདབ་པར་མི་ནུས་པ་ནི་རབ་
ཀྱི་མཐར་ཕྱིན་པ་ཉིད་དོ་ཞེས་བྱ་བ་ནི་རྡོ་རྗེ་ཕ་ལམ་ལ་སོགས་པ་རིན་པོ་ཆེ་གང་ཆེ་བ་ཉིད་ཀྱིས་རིན་ཐང་གདབ་པར་མི་ནུས་པ་དེ་ནི་རབ་ཀྱི་མཐར་ཕྱིན་པ་ཉིད་ཡིན་ཏེ། རྫས་དེ་ལ་རིག་པར་བྱའོ། །མ་ཤ་ཀ་ལྔ་ལ་སོགས་པའི་རིན་ཐང་བཟློག་པར་མི་ནུས་པ་ཉིད་ཀྱི་ཕྱིར་འདིར་ཕམ་པ་འབྱུང་བར་བྱ་བ་གང་ཞིག་བསམ་པ་
དེའི་འདོད་པ་བཟློག་པའི་དོན་དུ་མདོ་འདི་གསུངས་སོ། །ཕམ་པ་ནི་འདི་རྐུ་བ་ཞེས་བྱ་བ་དགུག་པའི་དོན་ཏོ། །ཆུང་བ་ཉིད་ཀྱིས་དེར་མི་ཆོག་པ་ནི་ཁོངས་སུ་མ་གཏོགས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་རིན་ཐང་གདབ་མི་ནུས་པ་ལ་སྟེ། གང་ཞིག་ལ་ཆུང་བ་ཉིད་ཀྱིས་རིན་ཐང་གདབ་པར་མི་ཆོག་
པ་སྟེ། གང་ཞིག་མི་ཆོག་པ་ཉིད་ནི་དེར་ཁོངས་སུ་མ་བསྡུས་པ་ཉིད་མ་ཡིན་སྟེ། དེར་སྦོམ་པོའི་ལྟུང་བ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལ་སངས་རྒྱས་ཀྱི་སྐུ་གདུང་ནི་གཞལ་དུ་མེད་པའི་རིན་པོ་ཆེ་ཉིད་ཡིན་ནོ་ཞེས་བྱ་བ་ལ། གཞལ་དུ་མེད་པ་ནི་མི་ནུས་པ་སྟེ། རབ་ཀྱི་མཐར་ཕྱིན་པ་ཉིད་ཡིན་པའི་ཕྱིར་
Vol. 160 · folio 84b
འདི་ཙམ་ཞེས་བྱ་བ་གང་ཞིག་གཞལ་བར་མི་ནུས་པའི་རིན་པོ་ཆེ་དེ་ནི་གཞལ་དུ་མེད་པ་སྟེ། སངས་རྒྱས་ཀྱི་སྐུ་གདུང་དེ་ཉིད་ལ་ཞེས་བྱ་བའི་དོན་ཏོ། །དཔེར་ན་ནོར་བུའི་བདག་ཉིད་གཞལ་དུ་མེད་པའི་རིན་པོ་ཆེ་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ཞིག་རྐུ་སེམས་ཀྱིས་རྐུ་ན། གལ་ཏེ་དོན་ཇི་ལྟ་བ་བཞིན་དུ་འདི་ལ་
དེའི་རིན་ཐང་རྣམ་པར་གནས་པ་ཡིན་ན་ནི་དེའི་ཚེ་ཕམ་པར་འགྱུར་རོ། །གལ་ཏེ་དེའི་རིན་ཐང་དེ་བཞིན་དུ་གནས་པ་མ་ཡིན་ན་ལྟུང་བ་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་སྐུ་གདུང་ལ་ཞེས་བྱ་བ་དེ་ལ་འདི་བྱེད་པའོ། །དེའི་གནས་ལ་ལུགས་སུ་གྱུར་པའི་དུས་དེ་ལ་གང་ཞིག་རྣམ་པར་གཞག་པ་དེས་འདིར་ལྟུང་བ་
སྐྱེད་པར་རིག་པར་བྱའོ། །གང་ཞིག་གང་ཟག་འགའ་ཞིག་ལ་གཅིག་གམ་དུ་མ་ལ་དོར་བྱེད་པ་ཉིད་ཀྱིས་འདིའི་རིན་ཐང་རྣམ་པར་གཞག་པ་འདི་ལ་བཟུང་བ་ཉིད་དང་ཞེས་བྱ་བ་དོར་བྱས་ནས་དེ་ལྟར་བྱ་སྟེ། རིན་ཐང་ཆེན་པོ་ལ་སྙིང་པོ་དེ་དང་ལྡན་པ་ཉིད་དུ་ཤེས་ནས་ཀྱང་གནས་གང་ལ་དོར་བྱེད་པ་ཉིད་ཀྱིས་ཐམས་
ཅད་ཀྱིས་རིན་ཐང་ཆུང་བ་ཉིད་དུ་རྣམ་པར་གཞག་པ་དེ་ལ་ཡང་འཇིག་རྟེན་པའི་རིན་ཐང་ཉིད་ལྟུང་བ་བྱེད་པ་ཉིད་དོ། །མཆོད་པའི་དོན་དུ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི་འདིར་བདག་ཏུ་བྱ་བའི་བློས་ནི་མ་ཡིན་ལ་གཞན་གྱི་བློས་ཀྱང་མ་ཡིན་ལ་དེ་བས་ན་ཉེས་བྱས་བསྐྱེད་པ་སྟེ། ཕམ་པ་ཡང་མ་ཡིན་ལ་སྦོམ་པོ་ཡང་མ་
ཡིན་ནོ། །འདིར་གཞུང་ནི་ཇི་སྟེ་མཆོད་པའི་དོན་དུ་འདི་བདག་གི་སྟོན་པའོ། །བདག་གིས་འདི་ལ་བཀུར་སྟི་བྱའོ་སྙམ་དུ་རྐུ་བར་བྱེད་ན་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དཔེ་བྲི་བ་ལ་ནི་ཉེས་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་མཐོང་ནས་གཞན་དུ་འདྲི་བ་ནི་དེའི་ཡི་གེ་ལ་སོགས་
པ་འདྲི་བར་བྱ་སྟེ། ཡི་གེ་ལ་སོགས་པའི་མཚན་མ་དེ་བསྐུས་པས་བླངས་པ་ལ་སྐྱོན་མེད་པ་ཉིད་དེ་ལྟུང་བ་མི་བྱེད་པ་ཉིད་དོ། །གཞན་དུ་འདྲི་བ་མཐོང་ནས་འདི་ལ་བཟུང་བའོ། །འདིར་ནི་ཅུང་ཟད་གཞན་ལ་ཆད་པར་འགྱུར་བ་མ་ཡིན་ཏེ། འདྲི་བའི་སྣོད་བསྐུས་པ་ལ་ནི་རིན་ཐང་ཇི་ལྟ་བར་ལྟུང་བའོ། །
བཤིག་སྟེ་རྐུ་བ་ལ་ནི་དེའི་གནས་སྐབས་རྐུ་བའི་དངོས་པོ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གསེར་ལ་སོགས་པའི་རྫས་གང་ཞིག་བཤིག་པ་དེའི་གནས་སྐབས་རྐུ་བའི་དངོས་པོ་ཉིད་དོ། །དེའི་གནས་སྐབས་ཞེས་བྱ་བ་འདི་ལ་རྐུ་བའི་བདག་ཉིད་ཅན་གྱི་སྦྱོར་བ་བདུན་དུ་དེས་སྦྱོར་བ་དང་བྲལ་བར་གྱུར་པ་ཞེས་བྱ་བའི་དོན་
Vol. 160 · folio 85a
ཏོ། །འཇིག་པ་ལ་ནི་སྦོམ་པོ་སྟེ། འཇིག་པའི་རྣམ་པར་འགྱུར་བའི་གནས་སྐབས་ལ་རིན་ཐང་གང་ཡིན་པ་དེའི་དབང་གིས་ལྟུང་བ་ཞེས་བྱ་བ་དེ་ལ་འདི་བརྗོད་པའོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་མི་རྣམས་ཀྱི་རིན་པོ་ཆེའམ་རིན་པོ་ཆེར་སྨོས་པའམ་གསེར་བཤིག་སྟེ་རྐུ་ན་ལྟུང་
བ་ཅིར་འགྱུར། བཀའ་སྩལ་པ། རིན་ཐང་བརྩི་བར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་དང་གནས་སྐབས་ཅན་ཉིད་ལ་རིན་ཐང་བརྩི་བར་བྱའོ་ཞེས་བྱ་བ་གསུངས་པའི་ཕྱིར་དོན་འདི་མངོན་པར་འདོད་ཅེས་བྱ་བ་འདི་ལྟར་དོན་བྱས་སོ། །བྱང་གི་སྒྲ་མི་སྙན་ན་ནི་ཡོངས་སུ་འཛིན་པ་མེད་པ་ཉིད་དོ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པ་
མེད་པའི་དངོས་པོ་ནི་རང་གི་བཞིན་དུ་བལྟ་བར་བྱའོ། །དེ་ནི་རང་གི་དང་འདྲའོ་ཞེས་བྱ་བ་ནི་ཇི་ལྟར་རང་གི་རྫས་རྐུ་སེམས་ཀྱིས་བརྐུས་ན་ཉེས་པ་སྦོམ་པོར་འགྱུར་བ་བཞིན་དུ་འདི་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཞུ་བའི་སྐབས་འདིས་དངོས་པོའི་སྐབས་དང་། བདག་པོའི་སྐབས་དང་། རྗེས་སུ་
སྒྲུབ་པའི་སྐབས་དང་། མཐར་ཐུག་པའི་སྐབས་ཞེས་བྱ་བའི་རྣམ་པ་བཞི་བསྡུས་པ་དེ་རྣམས་ལས་དེ་ཡན་ཆད་དུ་དངོས་པོའི་སྐབས་བཤད་ཟིན་ཏོ། །ད་ནི་བདག་པོའི་སྐབས་བརྗོད་པར་བྱ་སྟེ། དེའི་དུས་ན་བདག་ཉིད་ཡོད་པ་བདག་པོ་ཉིད་དོ་ཞེས་བྱ་བ་ལ། དེའི་དུས་ཀྱི་ཞེས་བྱ་བ་ནི་རྐུ་བའི་དུས་ཀྱིའོ། །མཆོད་
རྟེན་ལས་བསྐུས་པ་ཡང་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་མེད་པའི་ཕྱིར་ཡན་ལག་མ་ཡིན་པ་ཉིད་ལ་དངོས་པོ་ཚང་ན་ཉེས་པ་སྦོམ་པོར་འགྱུར་ཏེ་འདི་ནི་བསྡུས་པ་ཡིན་ནོ། །མྱ་ངན་ལས་འདས་པ་ནི་ལྷ་ཉིད་དོ་ཞེས་བྱ་བ་ནི་སླར་འདི་རྣམ་པར་ངེས་པར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་
དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་ནི་རྣམ་པར་དག་པའི་ལྷ་ཉིད་དུ་བཞེད་དོ། །མྱ་ངན་ལས་འདས་པ་འབྱུང་བའི་དབང་གིས་དེར་ཕུང་པོ་སྤངས་པ་ལ་ཕུང་པོ་ལྷག་མ་མེད་པ་ལ་རྣམ་པར་དག་པའི་ལྷ་ཉིད་དུ་སྐྱེས་པ་ཉིད་དོ། །མཆོག་ཏུ་བདེ་བའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་མྱ་ངན་ལས་འདས་པ་ལ་ཡང་
ལྷ་ཉིད་ཁོ་ནར་རྣམ་པར་གནས་པ་ཡིན་ཞེས་བྱ་བའོ། །བརྙན་པ་ངེས་པར་སྦྱིན་པ་ཉིད་བཞིན་དུ་ཉེ་བར་སྤྱོད་ན་སྦྱོར་བ་བཞིན་ནོ་ཞེས་བྱ་བ་ནི་གཞན་དུ་ནི་རྐུ་སེམས་མེད་པ་ཞེས་བྱ་བ་བསྟན་པའི་ཕྱིར་རྐུ་བའི་སེམས་ཀྱིས་ཞེས་བྱ་བ་འདིར་རྗེས་སུ་ཆགས་པར་རིག་པར་བྱའོ། །དངོས་པོ་མ་ཆོག་པ་ཉིད་ལ་སྦོམ་པོའི་
Vol. 160 · folio 85b
ལྟུང་བ་ལ་དངོས་གཞིར་བརྗོད་པའི་ཕྱིར་ཡོངས་སུ་རྫོགས་པ་ལ་སྦྱོར་བ་ཉིད་ཤེས་པར་བྱའོ། །དོན་ཅི་ཞིག་གིས་དངོས་པོ་གང་ཞིག་གནང་བ་དེ་ཡང་ཇི་ལྟར་བསྲི་བ་མེད་པར་ཐམས་ཅད་ཉིད་ཀྱིས་བསྟན་པ་ལ་སྦྱིན་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་ལོངས་སྤྱོད་པ་དེ་ནི་སྦྱོར་བ་བཞིན་དུ་བལྟ་བར་བྱའོ། །དེ་ལྟ་བུའི་ཉེ་
བར་ལོངས་སྤྱོད་པ་ལ་སྦོམ་པོའི་ལྟུང་བ་ཞེས་བྱ་བའི་དོན་ཏོ། །ཉེ་བར་སྤྱོད་ན་སྦྱོར་བ་བཞིན་ནོ་ཞེས་བྱ་བ་ནི་མ་ཆད་པའི་རྣམ་པ་ཡང་ཉེ་བར་སྤྱོད་པར་བྱ་བ་གཟུང་བ་དང་བཅས་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་འདིར་སྦོམ་པོའི་ལྟུང་བའོ། །མ་གནང་བ་ལ་བསྲི་བ་མེད་པ་ཉེ་བར་ལོངས་སྤྱོད་པ་ནི་ཤིན་ཏུ་ལྕི་བ་
ཉིད་དེ་དེ་བས་ན་འདིར་ཡང་འདིས་སྦོམ་པོའི་ལྟུང་བ་བྱས་པ་ཉིད་དུ་རིག་པར་བྱའོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་ཁྱིམ་བདག་གི་གོས་བརྙན་པ་བཏགས་ཏེ་རྐུ་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །ཅི་སྟེ་ཁྱིམ་བདག་འདི་སྐད་ཅེས་འཕགས་པ་བདག་ཉིད་འདི་ཁྱོད་ལ་བརྙན་ནོ་ཞེས་ཟེར་ན་
དགེ་སློང་དེ་ལ་བསྲི་བ་མེད་པའི་འདུ་ཤེས་ཅན་དེ་ལ་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་སྦོམ་པོའི་ལྟུང་བར་འགྱུར་ཞེས་བྱ་བ་འདིའི་འདི་བསྡུས་པའོ། །འདི་ལས་སྔ་རོལ་གྱི་གཞུང་ལས་རུང་བ་ཞེས་བྱ་བའི་མདོ་འདི་བསྡུས་པའོ། །གསང་སྔགས་དང་སྨན་དག་གིས་འབུལ་དུ་བཅུག་ན་ཡང་ངོ་ཞེས་བྱ་བ་ནི་
སྦྱོར་བ་བཞིན་ནོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏོ། །དེ་ནི་ཆད་པས་བཅད་པའི་རྣམ་པ་ཡིན་པ་སྟེ། དེ་བས་ན་འདིར་ཉེས་པ་སྦོམ་པོར་འགྱུར་རོ། །འདིར་གཞུང་ནི་ཇི་སྟེ་དེས་གསང་སྔགས་ཀྱིས་སམ། མེ་ཏོག་དང་འབྲས་བུ་རྣམས་ཀྱིས་སྩལ་ནས་ཁྱིམ་བདག་དེས་འདི་སྐད་ཅེས་འཕགས་པ་བདག་གིས་
འདི་ཁྱོད་ལ་བརྙས་པ་བརྙན་ནོ་ཞེས་ཟེར་ནས། དགེ་སློང་དེ་ལ་ཡང་བསྲི་བ་མེད་པའི་འདུ་ཤེས་ཅན་དང་། ངེས་པར་བྱིན་པ་ཉིད་ཀྱི་འདུ་ཤེས་ཀྱིས་ཉེ་བར་སྤྱད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ངེས་པར་བྱིན་པའི་འདུ་ཤེས་ཅན་ཞེས་བྱ་བ་ནི་དེ་ལྟར་རྙེད་པ་ལ་བདག་ཏུ་བྱ་བ་བསྟན་
པར་རིག་པར་བྱའོ། །ཡོངས་སུ་ཚིམ་པར་བྱ་བའི་ཕྱིར་མེ་ཏོག་དང་འབྲས་བུ་སྦྱིན་པ་གང་ཡིན་པ་ནི་མ་གཏོགས་པ་སྟེ། དེ་ནི་ལོག་པའི་འཚོ་བ་ལ་མཚན་མ་རྙེད་པ་དང་བླངས་པས་བསམ་པ་བྲལ་བར་གྱུར་པ་རྐུ་བ་ལ་བརྟེན་པའི་སྐྱོན་མི་སྐྱེད་པ་ཉིད་དོ། །དེ་བས་ན་དབང་དུ་བྱ་བ་ལ་མཁས་པར་
Vol. 160 · folio 86a
གྱུར་པའི་མེ་ཏོག་དང་འབྲས་བུ་རྣམས་ལ་མ་བཟུང་བ་འདི་རྣམ་པར་ཤེས་པའོ། །གཞན་གྱི་དོན་ཉིད་དུ་ན་ཡང་དངོས་གཞིའི་རྣམ་པའོ་ཞེས་བྱ་བ་ནི་གཞན་གྱི་དོན་ལ་བདག་གི་བྱ་བ་མ་སྐྱེས་པར་གང་རྐུ་བར་བྱེད་ན་ཡང་དེ་ལ་དངོས་གཞིའི་རྣམ་པའོ་ཞེས་བྱ་བ་དངོས་གཞིའི་སྦྱོར་བ་སྟེ།
དངོས་གཞིའི་ཁ་ན་མ་ཐོ་བ་མ་ཚང་བ་ཞེས་བྱ་བའི་དོན་ཏོ། །ཕམ་པར་འགྱུར་བའི་སྦྱོར་བ་ལ་དགོངས་ནས་དངོས་གཞིའི་རྣམ་པ་ཞེས་བརྗོད་དོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་མ་བསྒོ་བར་གཞན་གྱི་དོན་ལ་རྐུ་བར་བྱེད་ན་ལྟུང་བར་ཅིར་འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །
རྟོག་པས་ཀྱང་ངོ་ཞེས་བྱ་བ་ནི་དངོས་གཞིའི་རྣམ་པའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏོ། །ཁ་བཅིངས་པ་ཙམ་དུ་གྱུར་པའི་རྟོག་པ་གང་ཡིན་པ་དེ་ལ་མི་སྐྱེད་པ་འགྲིབ་པ་ལ་དངོས་གཞི་ཉིད་དུ་རྣམ་པར་གནས་ཏེ་དངོས་གཞིའི་རྣམ་པ་ནི་མ་ཡིན་ནོ། །དེ་བས་ན་ཡང་དག་པར་ན་སྐྱོན་མེད་པའི་རྣམ་པའི་
གནས་དང་རྗེས་སུ་འབྲེལ་པ་དེ་ལས་བཟློག་པ་རྣམས་ལ་རྟོག་པ་འདི་ཅིས་རྟོགས་པར་བྱ་ཞེ་ན། འདི་ལྟ་སྟེ་དཔེར་ན་འདི་ནི་བདག་གི་ཡིན་ནོ་སྙམ་པའམ། ཡོངས་སུ་བཟུང་བ་མ་ཡིན་ནོ་སྙམ་པའམ། དེ་བདག་ལ་སྦྱིན་ནོ་ཞེས་བྱ་བའི་འདུ་ཤེས་སམ། དམིགས་པ་མེད་པའམ། དོགས་པ་དང་
བཅས་པའམ། གཡོ་བ་མེད་པའམ། ཅིག་ཤོས་ཀྱི་འདུ་ཤེས་ཀྱི་སྐྱོན་གྱིས་རྗེས་སུ་འབྲེལ་བའོ། །འོ་ན་འདི་ནི་ཐེ་ཚོམ་ཡིན་ན་དེར་འདི་ལ་སྐྱོན་གྱི་འདུ་ཤེས་ཏེ་ཐེ་ཚོམ་ནི་མ་ཡིན་ནོ། །དེ་བས་ན་གཞན་ཉིད་དུ་གྱུར་པ་ལ་ཕམ་པ་འབྱུང་བར་འགྱུར་ཏེ། གང་ཡང་རུང་བའི་འོ་སྙམ་པའི་བསམ་པ་ཡང་དག་པར་
གནས་པར་འགྱུར་བ་ལ་འདི་འབྱུང་བར་འགྱུར་བ་ཉིད་དེ། དེ་ལྟ་བུ་ནི་བདག་ཏུ་བྱས་པ་མ་ཡིན་ནོ་ཞེས་བྱ་བ་ངེས་པ་ལ་གནས་པའི་འཛིན་པ་ལ་སྦོམ་པོ་འདི་བརྗོད་པར་རིག་པར་བྱའོ། །གདམས་ཏེ་བཟང་པོ་རྐུ་བར་འདོད་པ་ལ་ཡང་ངོ་ཞེས་བྱ་བ་ནི་དངོས་གཞིའི་རྣམ་པའོ་ཞེས་བྱ་བ་དང་རྗེས་སུ་འབྲེལ་ཏོ། །རྐུ་བར་འདོད་པ་ལ་
ཞེས་བྱ་བ་འདི་ལྟ་བུའི་འདོད་པ་ཡོད་པ་ལ། གང་ཞིག་གདམས་པ་དངོས་གཞིའི་རྣམ་པ་དེ་ལ་ཁ་ན་མ་ཐོ་བ་མེད་པའོ། །ཇི་ལྟ་བུ་མེ་ཏོག་རྣམས་ཀྱི་གདམས་པ་དེ་ལྟ་བུ་འདིའོ། །འདི་ལྟར་གཞན་དུ་ནི་ནོམ་པའི་སྔ་རོལ་དུ་ཞེས་བྱ་བ་བརྗོད་པས་འདིའི་ནོམ་པ་སྔ་རོལ་དུ་འདིར་དེའི་དངོས་པོ་དེ་བས་ན་སྦྱོར་བའི་སྦྱོར་བ་ཉིད་
Vol. 160 · folio 86b
དོ། །ནོམ་པའི་སྔ་རོལ་དུ་ཞེས་བྱ་བ་ཉེས་བྱས་ཐོབ་པ་ལ་མདོ་འདིའོ། །འདིར་གཞུང་ནི་བཙུན་པ་མི་རྣམས་ཀྱི་གོས་ཀྱི་གདང་ཤིང་ངམ། གོས་ཀྱི་སྣོད་དམ་གོས་ཀྱི་ཟ་མ་ཏོག་གམ་གླང་པོ་ཆེའི་སོ་བཞག་པར་འགྱུར་ཏེ། དེར་དགེ་སློང་རྐུ་བའི་སེམས་རྣམ་པར་ཤེས་ཏེ། གང་འདོད་པར་གྱུར་པ་དེ་རྐུ་བར་བྱེད་
ན་ཅི་ལྟུང་བར་འགྱུར་རམ། ཉེས་པ་སྦོམ་པོའི་ལྟུང་བར་འགྱུར་ཞེས་བྱ་བའོ། །གང་ཞིག་འདོད་པ་དེ་ནི་བརྐུས་ཏེ་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །སོ་སོར་བྱེད་པར་འགྱུར་བ་ལ་ཡང་གནས་ནས་གདམས་པ་འདི་ནི་ཉེས་པ་སྦོམ་པོར་རིག་པར་བྱའོ། །གཞན་དོན་དང་བཅས་པ་འདྲ་བར་
ཡང་དག་པར་འགྲོ་བ་ལ་བསྡུས་པའི་བློ་ལ་དེར་ཡང་དག་པར་གནས་པས་གདམས་ཏེ། འདིར་སྦོམ་པོའི་ལྟུང་བ་གཅིག་གོ། །གདམས་ཏེ་རྐུ་བའི་དོན་དུ་ནོམ་པ་ལ་གཞན་ཞེས་བྱ་བ་རྣམ་པར་གནས་པ་ཡིན་ནོ། །རྒྱན་ལ་དོར་བྱེད་ན་གལ་ཏེ་དེ་རྒྱལ་བ་ཉིད་དུ་མ་གྱུར་པའི་ཚེ་སྦྱོར་བའོ་ཞེས་བྱ་བ་ནི་རྒྱན་ལ་
དོར་བྱེད་ན་གལ་ཏེ་དེ་རྒྱལ་བ་ཉིད་དུ་མ་གྱུར་གྱི་བར་དུ་དོར་ཏེ་སྦྱོར་བར་འགྱུར་རོ། །དེ་ལ་དེ་ནི་བརྐུས་པ་ཡིན་ནོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་རྒྱན་ལའོ། །དེ་ནི་ཞེས་བྱ་བ་རྒྱལ་བ་ཉིད་ན་བརྐུས་པ་ཡིན་ནོ། །གང་གི་ཕྱིར་འདིར་རྐུ་བ་ཉིད་ནི་དེ་བས་ན་འདི་ལ་བརྟེན་པའི་དོར་བྱེད་པ་ལ་སྦྱོར་བ་ཉིད་དོ། །
དངོས་གཞི་ལ་སོ་སོར་དེ་མ་ཐག་པ་ཉིད་ཀྱི་ཕྱིར་རོ། །གྲངས་ལ་ནི་དེའིའོ་ཞེས་བྱ་བ་ནི་གྲངས་ནི་རྩིས་ལས་ཏེ། གང་ཞིག་དོར་བྱེད་པ་ནི་རང་གི་སྦྱོར་ལ་དེའི་སྦྱོར་བ་ཉིད་དང་བཅས་པ་དང་། །དངོས་གཞི་ལ་ཉེས་བྱས་མ་ཡིན་པ་ལ། གྲངས་ཀྱི་སྐབས་སུ་དོར་བྱེད་པ་ཉིད་ནི་ཉེས་བྱས་ཡིན་གྱི་
སྦོམ་པོར་ནི་མི་འགྱུར་ཞེས་བྱ་བའི་དོན་ཏོ། །མཚན་མ་ཕྱིས་པ་དང་བསྣན་པ་གཉིས་གནས་གཞན་དུ་གཞག་པ་ཡང་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མཚན་མ་གང་ཞིག་གཅིག་ལ་སོགས་པ་ཤོད་ཐབས་ཀྱི་མཚན་ཉིད་བྱས་པ་དེ་ཕྱིས་པ་ཞེས་བྱ་བ་ནི་མེད་པར་བྱས་པའོ། །བསྣན་པ་ལ་གང་ཞིག་མཚན་མ་ལ་ཇི་
ལྟར་ཐོབ་པའི་གཞན་དུ་གཞག་པ་ཡང་དེ་ཉིད་དོ་ཞེས་བྱ་བ་ནི་དོར་བྱེད་པ་ཉིད་ཅེས་བྱ་བའི་དོན་ཏོ། །ཐམས་ཅད་དུ་དབང་བྱེད་པའི་མདོ་ཡིན་ནོ། །རྒྱན་གྱི་དབང་དུ་བྱེད་པ་ཉིད་མ་ཡིན་ནོ། །དེ་ལ་གྲུབ་པ་ན་བརྐུས་པ་ཡིན་ནོ་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ནི་གྲངས་ལའོ། །གྲུབ་པ་ན་ཞེས་བྱ་བ་ནི་ཐོབ་པ་སྟེ་ནོར་ལ་བརྐུས་པ་ཡིན་ནོ། །
Vol. 160 · folio 87a
དེ་བས་ན་འདིར་དོར་བྱེད་ན་སྦྱོར་བའི་སྦྱོར་བ་ཉིད་དོ། །ཐོབ་པའི་ཕྱིར་དེ་མ་ཐག་པའི་བྱ་བ་ལ་སྦྱོར་བ་ཉིད་དོ། །སླར་ཐོབ་པ་ནི་འདིའི་བདག་ཉིད་དམ་དེ་ལས་གཞན་པའི་གང་ཟག་བསྟན་པ་དང་། བྱ་བ་འགའ་ཞིག་ལ་དེའི་ངེས་པར་སྦྱར་བས་སོ། །ཚོམས་གཞན་དུ་བགྲང་བ་ཡང་དེ་
དང་འདྲའོ་ཞེས་བྱ་བ་ཡང་རྙེད་པའི་ཕྱིར་བདག་ཉིད་ཚོམས་གཞན་དུ་བགྲང་བ་ཡང་དེ་དང་འདྲ་སྟེ། དེའི་གྲངས་ཀྱི་སྐབས་སུ་དོར་བྱེད་པ་དང་འདྲ་བར་བལྟ་བར་བྱའོ། །འདིར་ཡང་བགྲང་བ་ནི་སྦྱོར་བའི་སྦྱོར་བ་ཉིད་དེ་ཉེས་བྱས་ཉིད་དོ། །གྲུབ་པའི་ཚེ་ནི་བརྐུས་པ་ཉིད་དོ། །འདིར་གཞུང་ནི་བཙུན་པ་དགེ་
སློང་གིས་རེ་ཞིག་བདག་ཉིད་ཚོམས་གཉི་གར་བགྲངས་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་སྦྱོར་བའི་ཉེས་བྱས་སུའོ་ཞེས་གསུངས་པ་ཡིན་ནོ། །སྔ་མ་ཉིད་ཕྱི་མ་དག་ལ་ཕྱི་མ་ཉིད་སྔ་མ་དག་ལ་བསྙོན་པ་ཡང་ངོ་ཞེས་བྱ་བ་ཡང་གི་སྒྲ་ནི་དེ་དང་འདྲའོ་ཞེས་བྱ་བ་རྗེས་སུ་དྲང་བའི་དོན་དུའོ། །སྔ་མའི་
གྲངས་ལ་ཕྱི་མ་དག་ལ་ནི་ཚོམས་དག་ལ་ཐོག་མར་འདིར་བདག་ཉིད་བགྲང་བར་བྱས་པའི་ཚོམས་དེ་ལས་གཞན་དེ་རྣམས་ལས་བསྙོན་པའམ་གཞན་གྲངས་གཉིས་པ་གང་ཡིན་པ་དེ་ལ་ཚོམས་སྔ་མ་ཤོས་གང་ལ་དང་པོར་དེའི་གྲངས་བྱས་པ་དེའི་ཚོམས་ཡོངས་སུ་ཐོབ་པ་རྣམས་ལ་བསྙོན་པ་གང་ཞིག་དེ་
ཡང་དེ་དང་འདྲ་བར་གྲངས་ཟིན་པ་དོར་བ་བཞིན་དུ་བལྟ་བར་བྱའོ། །འདིར་ཡང་ཚོམས་ལ་སྦྱོར་བའི་སྦྱོར་བ་ཉིད་དེ་ཉེས་བྱས་སོ། །གྲུབ་པའི་ཚེ་ནི་བརྐུས་པ་ཉིད་དོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རེ་ཞིག་བདག་ཉིད་བགྲང་དུ་སྩལ་བས་བསྙོན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་
པོར་སྦྱོར་བའི་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །སྐལ་བ་ཉིད་ནི་དེ་དག་གང་དུ་ཐམས་ཅད་ཀྱི་དང་པོར་བགྲངས་པ་དེར་རོ་ཞེས་བྱ་བ་ནི་གང་དུ་དེ་ཚོམས་ཐམས་ཅད་ཀྱི་དང་པོར་བགྲངས་པ་དེར་གཏོགས་སོ། །དེ་ལ་སྐལ་བ་བླངས་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་དེ་ལ་འདི་ནི་བྱེད་པའོ། །མི་དབང་
བ་དབང་བར་སྒྲོགས་པ་ཡང་ངོ་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་དེ་དང་འདྲའོ་ཞེས་བྱ་བ་རྗེས་སུ་དྲང་བའི་དོན་དུའོ། །འདིར་ཡང་དབང་བར་སྒྲོགས་པ་ནི་སྦྱོར་བའི་སྦྱོར་བ་ཉིད་དེ་ཉེས་བྱས་སོ། །གྲུབ་པའི་ཚེ་ན་ནི་བརྐུས་པ་ཉིད་དོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རེ་ཞིག་རྙེད་པ་གློ་བུར་བ་མི་དབང་
Vol. 160 · folio 87b
བ་ལ་འདི་སྐད་ཅེས་བདག་ཀྱང་དབང་ངོ་ཞེས་དབང་བར་སྒྲོགས་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་སྦྱོར་བའི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མ་བསྒོ་བར་སློང་བ་ཡང་ངོ་ཞེས་བྱ་བ་ནི་གྲངས་ཀྱི་སྐབས་སུ་དོར་བྱེད་པ་དེ་དང་འདྲ་བར་མ་བསྒོ་བར་སློང་བ་བལྟ་བར་བྱའོ། །འདིར་
ཡང་མ་བསྒོ་བར་སློང་བ་ནི་སྦྱོར་བའི་སྦྱོར་བ་ཉིད་དེ་ཉེས་བྱས་སོ། །གྲུབ་པའི་ཚེ་ན་ནི་བརྐུས་པ་ཉིད་དོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རེ་ཞིག་ཁྱིམ་བདག་གི་ཁྱིམ་དུ་ཉེ་བར་མཆིས་པས། དེ་ཁྱིམ་བདག་དེའི་ཉེ་དུའི་ཐད་དུ་མཆིས་ནས་ཁྱིམ་བདག་ན་རེ་འདི་སྐད་ཅེས་དངོས་པོ་ཆེ་གེ་མོ་དང་མང་
གེ་ཞིག་བྱིན་ཅིག་ཅེས་ཟེར་རོ་ཞེས་བགྱིས་ན་ལྟུང་བ་ཅིར་འགྱུར་ཉེས་པ་སྦོམ་པོར་སྦྱོར་བའི་ཉེས་བྱས་སུའོ་ཞེས་གསུངས་པ་ཡིན་ནོ། །བརྙས་པ་དང་བསྐྱིས་པ་དང་གཏམས་པ་རྣམས་བསྙོན་པ་ནི་སྦྱོར་བའོ་ཞེས་བྱ་བ་ནི་བརྙས་པ་ལ་སོགས་པ་བསྙོན་པ་ནི་སྦྱོར་བ་སྟེ། མེད་པ་ནི་སྦྱོར་བ་མ་ཡིན་པ་ཞེས་
བྱ་བའི་དོན་ཏོ། །བརྣོགས་པ་ན་བརྐུས་པ་ཡིན་ནོ་ཞེས་བྱ་བ་ནི་བརྙས་པ་ལ་སོགས་པ་དེ་དག་གང་གི་ཚེ་བརྣོགས་ཤིང་མི་སྦྱིན་པར་ངེས་པ་དེའི་ཚེ་ན་བརྐུས་པ་ཡིན་ནོ། །དེ་ལ་བརྙས་ནས་གཞན་ལ་འདིར་སོ་སོར་དེ་མ་ཐག་པར་གྱུར་པའི་བྱ་བ་ལ་བྱ་བ་མེད་པ་ཞེས་བྱ་བ་དེ་ལ་བརྙས་པ་ཉིད་ལ་སྦྱོར་བ་ཉིད་
དོ། །བརྣོགས་པ་ལས་སྔ་རོལ་དུ་གྱུར་པའི་བསྙོན་པ་གང་ཞིག་ཕྱི་མ་ནི་མ་ཡིན་ཞིང་དུས་མཉམ་པར་ཡང་མ་ཡིན་པར་འདིར་མངོན་པར་འདོད་པ་ཞེས་བྱ་བ་འདི་ཤུགས་ཀྱིས་རྟོགས་པར་བྱའོ། །དེ་ལ་བརྙས་ནས་ཞུགས་པ་ནི་བརྙན་པོར་ཞུགས་པའོ། །བསྐྱིས་ནས་ཞུགས་པ་ནི་སོ་སོར་སྦྱིན་པར་བགྱི་
ཞེས་བྱ་བས་རྙེད་པ་ནི་བསྐྱིས་ནས་རྙེད་པའོ། །རབ་ཏུ་བསྐྱིས་ནས་རྙེད་པ་ཞེས་བྱ་བ་དྲང་སྲོང་གི་ཚིག་གང་ཡིན་པ་དེ་ལ་འདི་ཉམས་པའོ། །ཡོངས་སུ་སྦྱོར་བ་ཞེས་བྱ་བ་འདི་གཞན་ཞུ་བ་ལས་འབྱུང་བ་ཡིན་ཏེ། ནོར་ཟད་པར་ཡོངས་སུ་སྦྱར་བའི་དོན་དུ་སྟེ། དེ་ལས་ནོར་བཟུང་བ་མ་བཏང་བ་ཞེས་བྱ་བའི་
དོན་ཏོ། །ཡོངས་སུ་འགྲོ་བར་བྱེད་པ་ཞེས་བྱ་བ་འདི་གཞན་དག་གིས་བརྗོད་པ་སྟེ། འདི་དང་ཆེ་གེ་མོ་ལས་འགྲོ་བ་བསྒྲུབ་པའི་དོན་དུ་ཞེས་བྱ་བ་ནི་འདིའི་དོན་ཏོ། །འདི་གཉིས་ཀ་ཡང་ཐ་མི་དད་པར་བསྐྱིས་པ་ཞིག་བྱ་བ་བརྣོགས་པ་ན་བརྐུས་པ་ཡིན་ནོ་ཞེས་བྱ་བའོ། །འདིས་ནི་འདིར་བརྐུ་བའམ་འོན་ཏེ་མ་
Vol. 160 · folio 88a
ཡིན་སྙམ་དུ་ཡིད་གཉིས་ཟ་བར་གྱུར་པ་དེའི་ཚེ་ན་གང་ཞིག་གནས་ལ་འཕོ་བ་དེར་ནི་ཉེས་པ་སྦོམ་པོར་འགྱུར་རོ། །དངོས་པོ་ཡོངས་སུ་རྫོགས་པ་དེ་ལ་ཕམ་པ་མི་བསྐྱེད་ཅེས་བྱ་བ་འདི་ཐལ་བར་རིག་པར་བྱའོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རེ་ཞིག་བསྙོན་པར་བྱས་ནས་རྐུ་ན་ལྟུང་བ་
ཅིར་འགྱུར། གཡར་ནས་བསྙོན་པར་བྱེད་ན་ཉེས་པ་སྦོམ་པོར་རོ། །དེ་གཉིས་ལན་འགའ་མཐར་འགྱུར་བ་ཡང་ཡོད་དེ་གང་གི་ཚེ་བརྣོགས་པ་ནའོ། །དགེ་སློང་གི་ཐད་དུ་གཞན་གྱིས་གཏམས་ཏེ་གཞག་པ་དེ་ལེན་པའི་ཚེ་བསྙོན་ན་ལྟུང་བ་ཅིར་འགྱུར། ཉེས་པ་སྦོམ་པོར་རོ། །ལན་འགའ་ནི་མཐར་འགྱུར་ཏེ།
གང་གི་ཚེ་བརྣོགས་པ་ནའོ་ཞེས་གསུངས་པ་ཡིན་ནོ། །གཏམས་པ་སྦས་པ་ལ་གལ་ཏེ་སྤོ་བ་དང་ལྷན་ཅིག་ཏུ་དང་། སྤོས་པའི་འོག་ཏུ་དང་། གལ་ཏེ་སྔར་ན་ནི་སྦྱོར་བ་གཞན་ཉིད་དོ་ཞེས་བྱ་བ་ནི་གཏམས་པ་ཡང་བ་གང་ཡིན་པ་གང་ཞིག་གཞག་པ་གནས་གང་དུ་གལ་ཏེ་སྤོ་བས་གནས་པ་དང་། ལྷན་ཅིག་
ཏུ་བརྣོགས་ན་ཕྱིར་སྤོ་བའི་འོག་ཏུ་དེ་ལས་བརྣོགས་པ་ཉིད་ནི་བརྐུས་པ་ཉིད་ཡིན་ནོ། །འོན་ཏེ་སྤོ་བ་ལས་སྔ་རོལ་དུ་བརྣོགས་ན་གཞན་དུ་བསྙོན་པ་ནི་སྦྱོར་བ་སྟེ་དངོས་གཞིའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །བསྙོན་པ་ཡོད་ཀྱང་གང་དུ་ཆད་པ་ཉིད་ཀྱིས་བརྣོགས་ན་སྦྱོར་བ་མ་ཡིན་པ་ཉིད་དུ་རྟོགས་པར་མི་བྱའོ། །བརྣོགས་
པ་ལ་བརྣོགས་པའི་སྔ་རོལ་དུ་བསྙོན་པ་ལ་སྦྱོར་བའི་སྦྱོར་བ་ཉིད་དོ། །དེ་བས་ན་སྦྱོར་བ་ཉིད་དོ། །བརྣོགས་པ་དང་བསྙོན་པའོ། །འདིར་སྦས་པ་ནི་བརྐུས་པའོ། །འདིར་གཞུང་ནི་དགེ་སློང་གི་ཐད་དུ་གཞན་གྱིས་གཏམས་ཏེ་གཞག་པ་དེ་ལེན་པའི་ཚེ་བསྙོན་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལན་
འགའ་ནི་མཐར་འགྱུར་ཏེ་གང་གི་ཚེ་བརྣོགས་པར་བྱེད་ཅིང་དངོས་པོ་ཚང་ན་ནི་མཐར་འགྱུར་རོ། །གལ་ཏེ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །སྔར་བརྣོགས་པར་བྱེད་ཅིང་ཕྱིས་གནས་ནས་སྤོ་བར་བྱེད་ན་བརྣོགས་པའི་ཚེ་ཉིད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཅི་སྟེ་སྔར་གནས་ནས་སྤོ་བར་བྱེད་ཅིང་དངོས་པོ་
ཚང་ན་མཐར་འགྱུར་རོ། །དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྒྱིད་པ་གཅོད་པ་དང་གསོད་པ་ནི་ཆུད་གཟོན་པ་ཡིན་ནོ་ཞེས་བྱ་བ་ནི་གླང་པོ་ཆེ་དང་རྟ་དང་རྔ་མོ་དང་བ་ལང་དང་བསེ་ལ་སོགས་པ་རྣམས་ལ་ཕན་པར་མ་གྱུར་ཅིག་ཅེས་ཚུལ་གཅོད་པ་དང་། གསོད་
Vol. 160 · folio 88b
པ་ནི་སྦེད་པའོ། །ཆུད་གཟན་པ་ཞེས་བྱ་བ་འདི་ལ་ཆུད་གཟན་པའི་ཚིག་གི་ཁོངས་སུ་བསྡུ་བ་ཉིད་ཅེས་བྱ་བའི་དོན་ཏོ། །འདིར་སྒྱིད་པ་གཅོད་པ་ནི་དཔེ་ཡིན་ཏེ་རྣམ་པར་འཚེ་བ་གཞན་དག་ལ་ཡང་རིག་པར་བྱའོ། །འདིར་གཞུང་ནི་ཅི་སྟེ་ཕན་པར་མ་གྱུར་ཅིག་ཅེས་གསོད་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་
རོ། །ཅི་སྟེ་ཕན་པར་མ་གྱུར་ཅིག་ཅེས་སྒྱིད་པ་གཅོད་པར་བྱེད་ན་ཡང་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མཚམས་ཀྱི་ནམ་མཁའ་ལས་ཤོ་གམ་འདྲལ་བར་བྱེད་ན་ཡང་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ་ཞེས་བྱ་བ་ནི་མཚམས་དང་འབྲེལ་བའི་ནམ་མཁའ་གང་ཡིན་པ་དེ་ལ་ཤོ་གམ་
འདྲལ་བའི་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ། །གང་གིས་མཚམས་ཀྱི་ཁོངས་སུ་བསྡུས་པའི་ས་ལ་གནས་པ་ལུས་ཀྱིས་བརྩལ་བ་མཚོན་ཆ་འཕངས་པ་ལ་སོགས་པས་སམ། ངག་གིས་བརྩལ་བ་གསང་སྔགས་ཀྱི་བཟླས་བརྗོད་ལ་སོགས་པས་སམ། ཡིད་ཀྱིས་བརྩལ་བ་རྫུ་འཕྲུལ་མངོན་པར་
འདུ་བྱེད་པ་ལ་སོགས་པ་ཤོ་གམ་གྱི་བྱ་བ་མ་ཆགས་པར་གྱུར་པ་ལུས་དང་འབྲེལ་བའི་ནམ་མཁའ་འགའ་ཞིག་ལ་ཤོ་གམ་གྱིས་འདའ་བར་བྱེད་ན་དེར་མ་ཤ་ཀ་ལྔ་ལ་སོགས་པའི་དངོས་པོར་ཚང་བ་ལ་ཡང་ཉེས་པ་སྦོམ་པོ་ཡིན་ནོ། །གང་གི་ཚེ་དགེ་སློང་ནམ་མཁའ་ལ་གནས་པ་དང་ཕྱི་རོལ་གྱི་མཚམས་
ཀྱི་ས་ལ་གནས་པ་ལ་ནི་དེར་ལྟུང་བ་མེད་ཅེས་བྱ་བ་འདིར་བསྡུས་པར་རིག་པར་བྱའོ། །རྒྱལ་པོ་དག་ནི་ས་ལ་དབང་བ་ཡིན་གྱི། ནམ་མཁའ་ལ་ནི་མ་ཡིན་ནོ། །དེ་བས་ན་དགོངས་པ་མེད་པ་ལ་ས་ལ་སྐྱོན་མེད་པ་ཉིད་དུ་རྣམ་པར་གཞག་གོ། །རྫུ་འཕྲུལ་གྱིས་ཁྱེར་བ་ལ་ནི་ཉེས་པ་མེད་པ་ཉིད་དོ་
ཞེས་བྱ་བ་ལ། འདི་ནི་ཤོ་གམ་དྲལ་བ་ལ་གནས་པ་ཉིད་དེ་གསང་སྔགས་དང་སྨན་གྱིས་བྱས་པ་དང་ཡང་འདིར་ལས་ལས་སྐྱེས་པའི་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་ཡང་འདི་ལྟར་མངོན་པར་ཤེས་པ་མེད་པར་ཞིང་ཉིད་མ་ཡིན་པའི་ཕྱིར་ཡིད་མི་ཆེས་པའི་སེམས་དང་ལྡན་པ་ལ་ཐམས་ཅད་དུ་ལྟུང་བ་
མེད་དོ། །གསང་སྔགས་དང་སྨན་གྱི་ལས་ཀྱིས་སྐྱེས་པ་གང་ཞིག་ལ། མཚམས་ཀྱི་ཁོངས་སུ་གཏོགས་པའི་ས་ལ་གནས་པའི་ཁྱེར་བ་པོ་ལ་དགོས་པ་མེད་པ་དེ་ལ་ལྟུང་བ་མེད་དོ། །མཚམས་ཀྱི་ཁོངས་སུ་གཏོགས་པའི་ས་ལ་གནས་པའི་ཁྱེར་བ་པོ་ལ་སྦོམ་པོ་ཉིད་དོ། །འདིར་གཞུང་ནི་བཙུན་པ་དགེ་
Vol. 160 · folio 89a
སློང་གིས་རེ་ཞིག་ནམ་མཁའ་ལས་ཤོ་གམ་འདྲལ་བར་བྱེད་ན་ལྟུང་བ་ཅིར་འགྱུར། གལ་ཏེ་རྫུ་འཕྲུལ་གྱིས་འདྲལ་བར་བྱེད་ན་ནི་ལྟུང་བ་མེད་དོ། །ཅི་སྟེ་རྣམ་པ་གཞན་དག་གིས་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མཚམས་གཞན་དུ་ཡང་ངོ་ཞེས་བྱ་
བ་ནི་ཉེས་པ་མེད་པ་ཉིད་དོ། །ཤོ་གམ་དྲལ་བ་ན་ཡང་ཞེས་བྱ་བ་དང་རྗེས་སུ་སྦྱར་རོ། །མཚམས་གཞན་དུ་ཞེས་བྱ་བ་ཤོ་གམ་གྱི་བྱ་བ་འདའ་བར་བྱེད་པ་ལ་ལྟུང་བ་ཡོད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཤོ་གམ་གྱི་གནས་ནས་ཐོབ་པའི་སྤོང་བའི་བདག་ཉིད་ཅན་དྲལ་བའི་བསམ་པ་མེད་པ་ལ་རྐུ་
བའི་སེམས་ཞེས་བྱ་བ་འདི་ལ་འདི་བརྗོད་པའོ། །བསྒོ་ན་ཉེས་བྱས་སོ་ཞེས་བྱ་བ་ནི་ཤོ་གམ་དྲལ་ན་ཞེས་བྱ་བར་སྦྱར་ཏེ། ས་གང་ཞིག་ལ་ཤོ་གམ་ལ་སྦྱིན་པར་བྱ་བ་ཉིད་དེས་མི་འགྲོ་བ་ལ་ཐད་ཀར་དེ་ལས་འདའ་བར་བྱེད་པའམ་སོ་སོར་བཟློག་པ་ལ་ས་མ་ཐོབ་པ་ཉིད་ལ་གཞན་གྱིས་འགྲོ་བའམ་བཟློག་
པ་ཞེས་ཤུགས་ཀྱིས་རྟོགས་པར་བྱའོ། །ལམ་གཞན་སྟོན་ན་ཡང་ངོ་ཞེས་བྱ་བ་ཤོ་གམ་དྲལ་བའི་ཞེས་བྱ་བར་སྦྱར་ཏེ། ཤོ་གམ་གྱི་ས་ལ་འགྲོ་བའི་ལམ་གཞན་ནས་འགྲོ་བའམ་ཕྱིར་བཟློག་པར་བྱ་བའམ་ཐད་ཀར་འགྲོ་བ་ལས་ས་མ་ཐོབ་པ་ཉིད་ལ་ཤོ་གམ་གྱི་ས་ལ་འགྲོ་བ་ལས་ལམ་གཞན་ནས་
འགྲོ་བ་འམ་ཕྱིར་བཟློག་པ་ལ་ཞེས་བྱ་བ་འདི་འདིར་ཤུགས་ཀྱིས་རྟོགས་པར་བྱའོ། །ཐབས་ཀྱིས་བརྗོད་ན་ཕྲ་མོར་རོ་ཞེས་བྱ་བ་བསྒོ་བ་དང་ལམ་གཞན་སྟོན་པ་དེ་གཉིས་ཀའི་དངོས་སུ་མི་བྱེད་པར་ཐབས་ཀྱིས་བརྗོད་པ་ཡིན་པ་དེ་ནི་ཟུར་གྱིས་སྨྲ་བ་སྟེ། དངོས་སུ་བརྗོད་པ་ནི་མ་ཡིན་ནོ་ཞེས་བྱ་
བ་འདི་ལྟ་བུར་གྱུར་པ་ཕྲ་མོ་སྟེ། ཤིན་ཏུ་ཡང་བའི་ཉེས་བྱས་ཞེས་བྱ་བའི་དོན་ཏོ། །ལམ་གོལ་བ་ནི་ལམ་དང་འདྲའོ་ཞེས་བྱ་བ་ནི་ཐམས་ཅད་དུ་ལམ་མ་ཡིན་པས་བརྐུས་པ་ལ་ཤོ་གམ་གྱི་སར་འགྲོ་བའི་ལམ་ཡིན་པས་འདའ་བར་བྱེད་པ་ལ་སྐྱོན་དང་བྲལ་བ་ཉིད་དང་འགྲིབ་པ་ཡང་མ་ཡིན་ཞེས་
བྱ་བའི་དོན་ཏོ། །ཁ་དང་ཚེམ་བུ་ནི་སྐུངས་གཞན་དང་འདྲའོ་ཞེས་བྱ་བ་ནི་ཇི་ལྟར་སྒྲོ་བ་དག་ལ་སོགས་པའི་སྐུངས་གཞན་གྱིས་རྐུ་བའམ་འདའ་བར་བྱེད་ན་ཉེས་པར་འགྱུར་བ་དེ་བཞིན་དུ་ཁ་དང་ཚེམ་བུའི་ནང་དང་བར་དུ་བཅུག་སྟེ་རྐུ་འམ་འདའ་བར་བྱེད་ན་ཡང་ཉེས་པར་འགྱུར་རོ། །ལུས་ཀྱི་
Vol. 160 · folio 89b
ཁོངས་སུ་གཏོགས་པ་ཉིད་ཀྱི་ཕྱིར་འདི་ནི་ལུས་སུ་གྱུར་པ་སྟེ། གོས་ཀྱི་ཁོངས་སུ་གཏོགས་པ་ཉིད་ཀྱི་ཕྱིར་གོས་ཡིན་པར་ཤེས་པར་བྱ་བ་མ་ཡིན་ནོ། །དེ་བས་ན་ཉེས་པ་མེད་པ་ཉིད་དང་འགྲིབ་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཁས་རྐུ་ན་མཐའི་ལྟུང་བར་འགྱུར་རོ། །
ཚེམ་བུས་རྐུ་ན་མཐའི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྐུ་སེམས་དང་བྲལ་ན་མཐའི་མཐར་ཐུག་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གང་རྐུ་སེམས་ཀྱི་སྦྱོར་བ་དང་དེ་མེད་པར་བརྣོགས་པ་ལ་སྦྱོར་བའི་ལྟུང་བ་ཙམ་ལ་དེ་བསྐྱེད་པའོ། །དངོས་གཞིའི་ལྟུང་བ་ཙམ་མ་ཡིན་ནོ་ཞེས་
བྱ་བ་འདི་ལ་འདི་ནི་བྱེད་པའོ། །ཡོངས་སུ་རྫོགས་པའི་དུས་སུ་རྐུ་སེམས་ཉིད་བསལ་བ་ལ་མཐར་ཐུག་པ་དང་དངོས་གཞི་ལ་རྗེས་སུ་འགྲུབ་པ་ཉིད་མ་ཡིན་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ལ་དེ་མེད་ན་དེ་མ་བྱས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ། སྦྱོར་བ་ལ་ཞེས་བྱ་བ་ནི་སྦྱོར་བའི་གནས་
སྐབས་ལའོ། །དེ་མེད་ན་ཞེས་བྱ་བ་ནི་རྐུ་སེམས་དེ་མེད་ལ་རྫས་བཟུང་བའི་དུས་སུ་འདི་ཡོད་པས་ཐ་མ་དང་དངོས་གཞི་ལ་བྱས་པ་ཉིད་ཁོ་ནའོ། །གང་དུ་རྐུ་སེམས་མེད་པར་སྦྱོར་བ་མཐར་ཐུག་པ་ནི་རྐུ་སེམས་ཀྱི་སྦྱོར་བའི་ལྟུང་བ་ཉིད་ལ་དེར་སྒྲུབ་པ་ཡིན་གྱི་དངོས་གཞིའི་ལྟུང་བ་ནི་མ་ཡིན་
ནོ་ཞེས་བྱ་བ་འདི་ལ་འདི་བརྗོད་པའོ། །འདིར་གཞུང་ནི་བཙུན་པ་དགེ་སློང་ཆོས་གོས་ཀྱི་གདང་ལས་ཆོས་གོས་ལེན་པའི་སྔ་རོལ་དུ་རྐུ་སེམས་བྱུང་ལ་ཕྱིས་ནི་རང་གི་འདུ་ཤེས་ཀྱིས་བླངས་ན་ལྟུང་བ་ཅིར་འགྱུར། སྔར་ནི་ཉེས་པ་སྦོམ་པོར་རོ། །ཕྱིས་ནི་ལྟུང་བ་མེད་དོ། །སྔར་རང་གི་
འདུ་ཤེས་ཀྱིས་ལེན་ལ་ཕྱིས་རྐུ་སེམས་ཀྱིས་རྐུ་ན་ལྟུང་བ་ཅིར་འགྱུར། སྔར་ནི་ལྟུང་བ་མེད་དོ། །ཕྱིས་ནི་ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །རང་གི་འདུ་ཤེས་ཡོད་པ་ལ་རྐུ་སེམས་ཉེ་བར་གཞག་པའི་དབང་དུ་མཛད་ནས་འདིར་ཉེས་པ་སྦོམ་པོར་རོ་ཞེས་གསུངས་སོ་ཞེས་རྣམ་པར་
གནས་སོ། །སྤྲིང་ཡིག་ལ་སོགས་པས་ནི་ན་སྨད་པ་མེད་དོ་ཞེས་བྱ་བ་ནི་འདོད་པ་ཞེས་བྱ་བ་ངེས་པའི་ཚིག་ལས་ལག་ཡིག་དང་རྒྱའི་ཡི་གེ་རྣམས་ཀྱིས་འགྲིམ་པ་ཐོབ་པ་ལ་འདི་ནི་རྩོམ་པའོ། །འདིར་གཞུང་ནི་སྤྲིང་ཡིག་དང་ལག་ཡིག་རྣམས་སམ། ལག་རྩིས་ཀྱིས་རྐུ་ན་རིན་ཐང་བརྩི་བར་བྱ་བ་ལ་སོགས་
Vol. 160 · folio 90a
པ་གསུངས་པ་ཡིན་ཏེ། རྣམ་པ་གང་ཡང་རུང་བས་རྐུ་ན་ཡང་ན་སྨད་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་བསྒྲུབ་པའི་སྐབས་སྨྲས་ནས། ད་ནི་མཐར་ཐུག་པའི་སྐབས་བརྗོད་པར་བྱ་སྟེ། ནན་ཁུགས་དང་དངན་འཐེན་ཡང་མ་བརྐུས་པ་མ་ཡིན་ནོ་ཞེས་བྱ་བ་ནི། ནན་ཁུགས་
ཀྱིས་རྐུ་བ་གང་ཡིན་པ་སྦྱིན་པར་བྱ་བ་ལ་གཅིག་པ་ན་ཡང་གང་ཡིན་པ་འདི་ནི་རྐུ་བ་མ་ཡིན་ཞེས་བྱ་བར་ཤེས་པར་བྱའོ། །འདི་ལ་ཡང་ཁྱད་པར་མེད་པར་བརྗོད་པ་རྣམས་ལ་ཆོམ་རྐུན་པས་རྐུ་བ་བཞིན་དུ་ཁོངས་སུ་བསྡུ་བར་རིག་པར་བྱའོ། །དེ་ལྟར་ཡང་འདིར་གཞུང་ནི་བཙུན་པ་རྐུ་བ་རྣམ་པ་དུ་མཆིས།
ཉེ་བ་འཁོར་དྲུག་སྟེ། ནན་ཁུགས་ཀྱིས་རྐུ་བ་དང་། སྒྱུ་ཐབས་ཀྱིས་རྐུ་བ་དང་། གཏམས་པ་རྐུ་བ་དང་། ཕྱིར་བསབ་པ་རྐུ་བ་དང་། དངན་འཐེན་གྱིས་རྐུ་བ་དང་། ཆོས་རྐུ་བའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་གང་རྐུ་བ་དྲུག་པོ་འདི་རྣམས་གསུངས་ན་འདི་རྣམས་ཀྱི་ནང་ནས་དུ་
ཞིག་མཐའི་ལྟུང་བར་འགྱུར། ཉེ་བ་འཁོར་ཆོས་རྐུ་བ་མ་གཏོགས་པ་གཞན་ཐམས་ཅད་ཀྱིས་མཐའི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ཆོས་རྐུ་བ་ནི་ཉེས་པ་མེད་དེ། རྐུ་སེམས་མེད་པའི་ཕྱིར་རོ་ཞེས་བྱ་བ་དོན་གོ་བར་ཟད་དོ། །སྒྱུ་ཐབས་ཀྱིས་རྐུ་བ་ནི་རྣམ་པ་གཉིས་ཏེ།
ཆོམ་རྐུན་གྱིས་ལེན་པ་དང་། དོར་བྱེད་པའོ། །དེ་ལ་ཆོམ་རྐུན་གྱིས་ལེན་པ་ནི་རྐུ་བ་ཉིད་ཡིན་པས་དོགས་པར་བྱ་བ་མེད་དོ། །དོར་བྱེད་པ་ལ་ནི་སྦྱོར་བ་དོར་བྱེད་པ་ཞེས་བྱ་བ་ལ་སོགས་པས་བརྐུས་པ་ཉིད་དུ་གྲགས་པའོ། །གཏམས་པ་རྐུ་བ་ལ་ནི་གཏམས་པ་ཞེས་བྱ་བ་ལ་སོགས་པའོ། །
ཕྱིར་བསབ་པ་རྐུ་བ་ལ་ནི་སྔར་བརྙས་པ་དང་བསྐྱིས་པ་ཡིན་ཞེས་བྱ་བའོ། །ནན་ཁུགས་ཀྱིས་རྐུ་བ་ལ་ནི་དབང་གིས་མནན་ཞིང་ལེན་པ་སྟེ། དེའི་ཕྱིར་དེ་བརྐུས་པ་མ་ཡིན་ནོ་སྙམ་དུ་དོགས་པ་འགའ་ཡང་ཡོད་ལ། གང་ཞིག་དང་ན་འཐེན་གྱིས་རྐུ་བ་ཡང་དེ་ནི་མི་སྟེར་བ་ཙམ་དུ་ཟད་ཀྱིས་བརྐུས་
པ་ནི་མ་ཡིན་ནོ་སྙམ་དུ་དོགས་པ་ཡོད་པས་དེ་བས་ན་བརྐུས་པ་ཉིད་དུ་བཏགས་པ་མ་ཡིན་ནོ། །དོགས་པ་དེ་གཉིས་བསལ་བའི་ཕྱིར་མདོ་འདི་བསྟན་པར་རིག་པར་བྱའོ། །གནས་དང་བཅས་པ་དང་མ་ཡིན་ནོ་ཞེས་བྱ་བ་ནི་རྫས་གང་གནས་དང་ལྷན་ཅིག་ཏུ་བརྐུས་པ་དེ་ཡང་མ་བརྐུས་པ་མ་ཡིན་ཏེ་
Vol. 160 · folio 90b
བརྐུས་པ་ཁོ་ན་ཡིན་ནོ། །རྫས་ཀྱི་གནས་ལས་མི་སེལ་བ་ཉིད་དུ་གང་དུ་གནས་ལ་སེལ་བར་བྱེད་པ་དེ་ནི་འདིར་གནས་དང་བཅས་པ་ལ་རྐུ་བར་རིག་པར་བྱའོ། །འདིར་སྦྱོར་བ་དང་བྲལ་བ་ཉིད་ནི་དེ་གཉིས་ནི་དེ་ཉིད་དེ་གནས་དང་བཅས་པར་ཡང་བརྐུས་པ་ཉིད་ལ་བདག་པོ་ལ་རྫས་དང་སྦྱོར་བ་དྲལ་བ་
ཉིད་ཀྱི་ཕྱིར་རོ། །འདིར་གཞུང་ནི་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཡོ་བྱད་ལྕི་བ་གནས་ནས་སྤོ་བར་བྱེད་ན་མཐའི་ལྟུང་བར་འགྱུར་རོ་ཞེས་བཀའ་སྩལ་ན། དགེ་སློང་གིས་ཡོ་བྱད་ལྕི་བ་གནས་ལས་མ་སྤོས་པར་བརྐུས་ན་མཐའི་ལྟུང་བར་འགྱུར་བ་མཆིས་སམ། ཡོད་དེ་གནས་གང་ན་
འདུག་པ་དེ་གནས་དང་བཅས་ཏེ་བརྐུས་ནའོ་ཞེས་གསུངས་པ་ཡིན་ནོ། །བསད་པ་ཉིད་ནི་བརྐུས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་དེ་བས་ན་འདི་ཙམ་གྱིས་བརྐུས་པ་ཉིད་དུ་འགྱུར་བ་མ་ཡིན་ནོ། །འདིར་གནས་ནས་སྤོས་པ་ཉིད་བསད་པ་དང་ལྷན་ཅིག་ཏུ་འགྱུར་བའམ་ཕྱིས་བརྐུས་པ་ཞེས་བྱ་བར་
གྲུབ་པའོ། །ཕྱོགས་གཅིག་ཏུ་གནས་ནས་མ་འཕགས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་གནས་གང་ཞིག་ལ་གནས་ནས་སྤོ་བར་གྱུར་པ་ལ་རྫས་རྒྱུད་གཅིག་ལ་ཕྱོགས་འགའ་ཞིག་གནས་དོར་བར་གྱུར་ཏེ་གཞན་ཅུང་ཟད་ཀྱང་མ་གྲོལ་བ་ནི་མི་འདོར་བ་དེ་ལ་འདི་བྱས་པ་ཉིད་མ་ཡིན་ནོ། །ཐམས་
ཅད་ཀྱིས་དོར་བ་ལ་བྱས་པ་ཉིད་ཅེས་བྱ་བའི་དོན་ཏོ། །ལྟུང་བ་ནི་དེ་ལས་ཁྱེར་ན་བརྐུས་པ་ཡིན་ནོ་ཞེས་བྱ་བ་ནི་འབྲས་བུ་རྣམས་ལ་དེས་ལྟུང་བས་ཏེ། སྔོན་དུ་འདེགས་པ་ལ་རང་གི་གནས་ནས་ཕྱུང་བ་ལ་ལྟུང་བ་དེ་ཉིད་རྐུ་བའོ། །དེར་འོག་ཏུ་སའམ་གོས་ལ་སོགས་པ་གང་ཡིན་པ་དེ་ནི་
མཆོག་གི་བརྩེགས་མ་ཐོབ་པའི་བདག་ཉིད་ཅན་གྱི་ལྟུང་བ་ནི་འདིར་བརྐུས་པར་རིག་པར་བྱའོ། །འདིར་ཡུལ་དུ་ཐོབ་པར་བྱེད་པའི་བློ་ཡང་དག་པར་གནས་ཏེ་བསྡུས་པའི་བློ་ནི་མ་ཡིན་ནོ། །ཇི་ལྟར་བསྡུས་ཏེ་གཞག་པ་ལ་དེ་བས་ན་འདིར་བརྐུས་པ་ཉིད་དུ་ཤེས་པའོ། །འདིར་མངོན་པར་འདོད་
པས་ཡུལ་གྱི་རྣམ་པར་གཞག་པའོ། །གང་དུ་རྟེན་པ་ཉིད་ཀྱིས་འགྲོ་བར་བྱ་བ་མ་ཡིན་པའམ། འགྲོ་བར་བྱ་བ་མངོན་པར་འདོད་པ་དེ་འདིར་ཡུལ་ལོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་ཤིང་ཐོག་རྣམས་སྤྲུགས་ཏེ་ལྷུང་བར་བྱས་ནས་བརྐུས་ན་ལྟུང་བ་ཅིར་འགྱུར། གལ་ཏེ་སྦྱོར་བ་གཅིག་
Vol. 160 · folio 91a
གིས་མ་ཤ་ཀ་ལྔ་ལ་སོགས་པ་ཚང་ན་མཐར་འགྱུར་རོ། །ཅི་སྟེ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འཛག་པ་དང་འབྲུལ་བར་བྱེད་པའི་བུ་གུ་ལས་ནི་བྱུང་ནའོ་ཞེས་བྱ་བ་ལ། འཛག་པར་བྱེད་པའི་བུ་གུ་ཞེས་བྱ་བ་ནི་དཔེར་ན་ཆུ་ཀླུང་ལ་སོགས་
པའོ། །ལག་པས་བྱས་པ་དང་རྐང་པས་བྱས་པ་ནི་དཔེར་ན་གཞིའི་ཆོས་ཅན་རྫོགས་པའི་བང་མཛོད་ལ་སོགས་པ་ལ་བུ་ག་ནི་དེ་བསལ་བ་མ་ཡིན་པ་ལ་ངེས་པར་བྱུང་ནའོ། །དེ་བས་ན་ཆུ་ཀླུང་དང་བང་མཛོད་ལ་སོགས་པ་ལ་རྐུ་བའོ། །འདིར་ཐ་མ་དེ་ཚུན་ཆད་རྫས་གཅིག་པ་ཉིད་ཡིན་ནོ་
ཞེས་བྱ་བ་ལ། འདི་ལ་ནི་བྱུང་བ་ཐ་མ་ལས་ཇི་སྲིད་དུ་བུ་ག་ལ་རྫས་ཐམས་ཅད་གཅིག་པ་ཉིད་དེ། དེ་ཐམས་ཅད་ཀྱི་རིན་ཐང་གིས་ལྟུང་བ་ལ་རྣམ་པར་གཞག་པ་ཞེས་བྱ་བའི་དོན་ཏོ། །གང་ལ་ལོ་ཐོག་བསྐྱེད་པ་ལ་སོགས་པའི་དགོས་པ་ལ་རྩེ་གཅིག་པ་ཉིད་མ་བརྟེན་པར་ཆུ་རྐུ་བ་ལ་
སོགས་པ་དེའི་དོན་དུ་ཆུ་འདི་བརྗོད་པར་རིག་པར་བྱའོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་འབབ་ཆུ་བཅད་ནས་རྐུ་ན་ལྟུང་བ་ཅིར་འགྱུར། ཆུའི་ཕུང་པོ་དང་པོ་ནས་བཟུང་སྟེ། ཇི་སྲིད་ཐ་མའི་བར་གྱི་ཆུའི་རིན་ཐང་བརྩི་བར་བྱ་སྟེ། དངོས་པོ་ཚང་ན་ནི་མཐའི་ལྟུང་བར་འགྱུར་རོ། །དངོས་
པོ་མ་ཚང་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་དགེ་སློང་གིས་བང་བ་བརྟོལ་ཏེ། འབྲུ་རྐུ་ན་ལྟུང་བ་ཅིར་འགྱུར། སྦྱོར་བ་གཅིག་གིས་རྐུ་བ་ཉིད་ཚུན་ཆད་ཀྱི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་འབུགས་པ་ཉིད་སྦྱོར་བ་སྟེ། གཞན་མེད་པའི་ཕྱིར་དེས་བུག་པ་
བྱས་ལ་ཇི་སྲིད་རང་ཉིད་འབྱུང་བ་དེ་སྲིད་དེར་སྦྱོར་བ་གཅིག་བྱས་པ་བརྗོད་པར་རྣམ་པར་གནས་སོ། །ཕུང་པོ་ལས་རྐུ་ན་ནི་ལེན་རེ་རེ་ཞིང་བླངས་པ་ཐ་དད་དོ་ཞེས་བྱ་བ་ནི་བླངས་པ་རེ་རེ་ཕུང་པོ་ལ་རྐུ་ན་ཐ་དད་པའོ། །བསྡུས་པ་ལས་སེལ་བ་འདི་འདིར་བསྡུས་པ་ལས་ལ་ཡང་དག་པར་གནས་པ་ཡོད་པ་
མ་ཡིན་ནོ། །བཏུས་པ་བཞིན་དུ་ནི་འདིར་རྣམ་པར་གཞག་པ་མ་ཡིན་ནོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་འབྲུའི་ཕུང་པོ་ལས་བཅད་དེ་འབྲུ་རྐུ་ན་ལྟུང་བ་ཅིར་འགྱུར། རིན་ཐང་བརྩི་བར་བྱ་སྟེ། གལ་ཏེ་སྦྱོར་བ་གཅིག་གིས་དངོས་པོ་ཚང་ན་ནི་མཐའི་ལྟུང་བར་འགྱུར་རོ། །གལ་ཏེ་མ་ཚང་
Vol. 160 · folio 91b
ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དབྲལ་བར་བྱ་བ་དུ་མ་ཉིད་ཡིན་ན་དེའི་ཆ་སོ་སོའི་ཞེས་བྱ་བ་ནི་བརྐུས་པ་ཐ་དད་དོ་ཞེས་སྦྱར་རོ། །དེ་རྣམས་ནི་སྦྱར་བ་དང་རྣམ་པར་དབྲལ་བར་བྱ་སྟེ། གང་རྣམས་ཀྱི་རྫས་རྐུ་བ་དེ་རྣམས་དུ་མ་ཉིད་ལ་རེ་རེའི་ཆ་གང་ཡིན་པ་རེ་རེའོ། །དེའི་དོན་དུ་རྐུ་
བ་ཐ་དད་པའོ། །བརྐུ་བར་བྱ་བའི་རྫས་ཀྱི་བདག་པོ་གཅིག་ལ་དེའི་ཆ་གང་ཡིན་པ་དེའི་རིན་ཐང་གང་གིས་ལྟུང་བ་གཅིག་གོ། །གཉིས་པ་ལ་གང་ཞིག་དེའི་རིན་ཐང་གིས་གཞན་ནོ། །གསུམ་པ་ལ་གང་ཞིག་དེའི་རིན་ཐང་གིས་གཞན་ནོ། །དེ་ལྟར་ན་དེ་བཞིན་དུ་བཞི་པ་ལ་སོགས་པ་རྣམས་ལ་
ཞེས་བྱ་བའི་དོན་ཏོ། །སྦྱར་བ་དང་དབྲལ་བར་བྱ་བ་སོ་སོ་ལ་འདི་ལ་རིན་ཐང་ཚང་བ་ནི་གང་གི་ངོ་བོ་གཞན་དང་གཞན་ཞེས་བྱ་བ་འདི་འདིའི་ཤེས་པའོ། །རྐུན་པོ་རྣམས་ཀྱང་ངོ་ཞེས་བྱ་བ་ལ་ཡང་དུ་མ་ཉིད་ཡིན་ན་སོ་སོའི་སྐལ་བའི་ཆས་རྐུས་པ་ཐ་དད་དོ་ཞེས་སྦྱར་རོ། །དེར་རྐུ་བ་པོ་གཅིག་
ལ་ཆ་ཇི་ཙམ་པ་དེ་ཙམ་གྱི་རིན་ཐང་གིས་དེ་ལ་ལྟུང་བའོ། །གཉིས་པ་ལ་ཇི་ཙམ་པ་དེ་ཙམ་པ་དེ་ལ་ལྟུང་བའོ། །དེ་བཞིན་དུ་གསུམ་པ་ལ་སོགས་པ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །སྦྱར་བར་བྱ་བ་དང་འབྲལ་བ་ཉིད་ལ་དུ་མ་ཡིན་ན་རྐུ་བ་པོ་རྣམས་ལ་ཡང་དུ་མ་ཉིད་ལ་བསྒྲུབ་པ་གཅིག་གོ། །
སྦྱར་བར་བྱ་བ་དང་དབྲལ་བ་གཅིག་ལ་ཆ་ཇི་ཙམ་པ་དེའི་རིན་ཐང་གིས་དེ་ལ་ལྟུང་བ་གཅིག་གོ། །སྦྱར་བར་བྱ་བ་དང་དབྲལ་བར་བྱ་བའི་གཉིས་པའི་ཆ་གང་ཡིན་པ་དེའི་རིན་ཐང་གཉིས་པ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་བྱའོ། །མདོ་འདི་དག་གི་གཞུང་ནི་ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་
དགེ་སློང་གིས་མ་ཤ་ཀ་ལྔ་ལ་སོགས་པ་བརྐུས་ན་ལྟུང་བ་མཐར་འགྱུར་རོ་ཞེས་གསུངས་པ་ལ། དགེ་སློང་ཤིན་ཏུ་མང་པོ་དག་གིས་བརྐུས་ན་མཐར་མི་འགྱུར་བ་མཆིས་སམ། ཡོད་དེ། སྐྱེ་བོ་མང་པོ་ལ་བརྐུས་ན་ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སྐྱེ་བོ་མང་པོ་རྣམས་དང་ལྷན་ཅིག་ཏུ་རྐུ་
ན་ཡང་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་སྐྱེ་བོ་མང་པོ་ཞེས་བྱ་བའི་ཚད་ནི་གཅིག་གི་ཆས་དངོས་པོ་ཚང་བར་མི་འགྱུར་བ་དེ་སྙེད་དུ་སྐྱེ་བོ་མང་པོ་དེ་ལ་དགོངས་ནས་ཉེས་པ་སྦོམ་པོའི་ཚིག་འདི་རྣམ་པར་གནས་པ་ཡིན་ནོ། །འདི་ལ་བློ་གྲོས་དུ་མ་ཉིད་ཡིན་ན་ཐོབ་ན་བརྐུས་པ་
Vol. 160 · folio 92a
ཡིན་ནོ་ཞེས་བྱ་བ་ནི་འདི་ལ་རྐུན་པོ་རྣམས་དུ་མ་ཡིན་ན་རྫས་གང་ལ་མ་སྐྱེས་པ་ལ་བློ་གྲོས་གཅིག་པ་ནི་བཏུས་ནས་བྱེད་པ་ཉིད་དོ། །བློ་གྲོས་ཐ་དད་པ་འབྱུང་ཞིང་རྐུན་པོ་མང་པོ་རྣམས་རྣམ་པར་བསྒྲུབ་པ་ཡིན་ཏེ། དེར་རྫས་དེ་ལ་ཐོབ་པ་ནི་བརྐུས་པ་སྟེ་སྤོས་པ་ནི་མ་ཡིན་ནོ། །
གང་གི་ཚེ་འབྲེལ་བ་དང་བཅས་པ་ཉིད་ཀྱིས་ཐོབ་པའི་སྔ་རོལ་དུ་བདག་གིར་བྱེད་པ་ལ་འདིར་མི་སྐྱེད་པ་ཉིད་དོ། །འདིར་གཞུང་ནི་བཙུན་པ་མུན་ཁྲོད་དུ་ཆོས་གོས་གཞག་པ་ལ་དགེ་སློང་བཞིས་རྐུ་ན་ལྟུང་བ་ཅིར་འགྱུར། བཀའ་སྩལ་པ། ཉེས་པ་སྦོམ་པོར་རོ། །ལན་འགའ་མཐར་འགྱུར་ཏེ།
གང་གི་ཚེ་ཆ་བཞིར་བྱས་པ་དེའི་ཆ་རེ་རེས་ཀྱང་དངོས་པོ་ཚང་ན་མཐའི་ལྟུང་བར་འགྱུར་རོ། །མ་ཚང་ན་ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་དངོས་པོ་དང་བདག་པོ་དང་རྗེས་སུ་བསྒྲུབ་པ་དང་། མཐར་ཐུག་པའི་སྐབས་དེ་རྣམས་ཀྱིས་མ་བྱིན་པར་ལེན་པའི་སྐབས་དག་གི་ཆོ་ག་རྣམ་
པར་རིག་པར་བྱའོ། །ཕམ་པར་འགྱུར་བ་གཉིས་པའི་ཞུ་བའི་སྐབས་སོ།། །།བླང་བའི་སྔ་རོལ་དུ་ཤི་བ་ཉིད་དུ་གྱུར་ན་གཞག་པ་ཉིད་དོ་ཞེས་བྱ་བ་བློང་བར་བྱེད་པ་དེའི་བླང་བ་སྟེ་བཟུང་བའོ། །རྣམ་པར་འབྱེད་པའི་དུས་ལ་སྔར་ཆ་བཟུང་བས་གལ་ཏེ་རབ་ཏུ་བྱུང་བ་ཤི་བ་ཉིད་དུ་གྱུར་ན་གང་
ལས་ཆ་སྟེ་བླངས་པ་དེ་ཉིད་ལ་འདིའི་གཞག་པ་ཉིད་དེ། དེ་ཤི་བའི་ཡོ་བྱད་ཉིད་ནི་མ་ཡིན་ནོ། །བཟློག་པ་ན་ཤི་བའི་ཡོ་བྱད་ཉིད་དོ་ཞེས་བྱ་བ་ནི་ཅི་སྟེ་ཤི་བ་ལས་སྔ་རོལ་དུ་རྫས་བླངས་པར་གྱུར་ན་དེའི་ཚེ་ཤི་བ་དང་འབྲེལ་པ་ཉིད་དོ། །གང་ལས་གཟུང་བ་དེ་ལ་དེར་སོ་སོར་སྦྱིན་པར་བྱ་བ་ཉིད་ནི་མ་
ཡིན་ཏེ། ཤི་བའི་ཡོ་བྱད་ཉིད་ཁོ་ན་འདི་ལ་ཞེས་བྱ་བའི་དོན་ཏོ། །དགེ་འདུན་ནི་ཕོ་ནུ་དང་འདྲ་བས་དེའི་ཆེད་དུ་རྐུ་བ་ནི་བདག་གིར་མི་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ལ། དཔེར་ན་ཕོ་ནུ་རྣམས་ནོར་གཅིག་པ་རྣམས་ལ་སོ་སོར་ཐམས་ཅད་དུ་ནོར་མ་བགོས་པས་བདག་གིར་བྱ་བའི་བློ་འབྱུང་བ་དེ་བཞིན་
དུ་དགེ་སློང་རྣམས་ཀྱང་དགེ་འདུན་གྱིའོ། །དེ་བས་ན་དགེ་འདུན་གྱི་དོན་དུ་རྐུ་བ་གང་ཡིན་པ་འདི་ནི་བདག་གིས་བྱ་བ་མིན་པ་མ་ཡིན་ནོ། །ཕམ་པ་ཉིད་གཅིག་གིས་དགེ་འདུན་གྱི་ཆེད་དུ་མ་ཤ་ཀ་ལྔ་ཙམ་གྱི་དངོས་པོ་བརྐུས་པ་ལ་སོ་སོར་དགེ་སློང་རྣམས་ཀྱི་སྐལ་བ་ཚད་མ་ཡིན་པས་སྦོམ་པོའི་ལྟུང་
Vol. 160 · folio 92b
བ་མེད་ཅེས་བྱ་བ་འདི་རྣམ་པར་གནས་པ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་གཉུག་མར་གནས་པ་དགེ་འདུན་གྱི་ཞིང་རྨེད་དུ་འཇུག་པ་དེས་ཉེན་ཀོར་ན་ཁྱིམ་བདག་གི་ཞིང་འདུག་པ་ཡང་རྨེད་དུ་བཅུག་པ་དང་ཁྱིམ་བདག་འོངས་ཏེ་སྨྲས་པ། བཙུན་པ་ཅིའི་ཕྱིར་བདག་གི་ཞིང་རྨེད་དུ་བཅུག །སྨྲས་པ། འདི་ཁྱོད་ཀྱི་མ་ཡིན་གྱི་དགེ་འདུན་གྱི་ཞིང་ཡིན་
ནོ། །སྨྲས་པ། བཙུན་པ་ཁོ་བོས་མི་མ་ཡིན་པའི་ཆེ་བཞི་བསྟན་པར་བྱའོ། །ཁྱིམ་བདག་དེ་རྣམས་ལ་ཡུལ་ཆོས་རྙིང་པས་མཚམས་སུ་ཕུར་པ་བཏབ་པ་དེ་བསྐོས་ནས་བསྟན་པ་དང་། དགེ་སློང་གིས་བརྐུས་པ་དང་ཕྲོགས་པ་ན་དེས་ཁྱིམ་བདག་དེ་སོང་བ་དང་ཕུར་པ་དེ་ནང་དུ་བསྣུར་ནས་ཞིང་དེ་རྨོས་པ་དང་
ཁྱིམ་བདག་ཡང་འོངས་ཏེ་སྨྲས་པ། བཙུན་པ་ཁྱོད་ནི་ཁར་ཚང་ཕམ་པར་བྱས་ཏེ་ད་དུང་ཡང་ཅིའི་ཕྱིར་རྨེད་པར་བྱེད་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དངོས་པོ་ཚང་ན་ཕམ་པའི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་གལ་ཏེ་དངོས་པོ་
ཚང་ན་ཞེས་བྱ་བའི་ཚིག་གིས་འདི་ལ་དེར་སྐལ་བ་གང་ཡིན་པ་དེ་ལས་ལྟུང་བ་འདིར་བསྐྱེད་པར་མངོན་པར་འདོད་པ་ཞེས་བྱ་བ་ཤེས་པར་བྱ་བ་ཡང་མ་ཡིན་ཏེ། མ་ཤ་ཀ་ལྔ་ཉིད་ཀྱི་ཕྱིར་སྦྱིན་པར་གྱུར་པའི་ཞིང་ལ་མི་རིགས་པའི་ཕྱིར་ཞེས་བྱའོ། །ཏིལ་ཙམ་ལ་སོགས་པ་ལ་རིགས་པའི་ཕྱིར་དང་།
ཚད་མེད་པ་ཉིད་ཀྱིས་ཀྱང་དགེ་སློང་རྣམས་ལ་ཡོངས་སུ་རྫོགས་པ་ཉིད་མི་རིགས་པ་ཉིད་ཀྱི་ཕྱིར་དངོས་གཞིའི་ཆོ་ག་ལ་རྣམ་པར་མི་འབྱེད་པ་ཉིད་ཀྱི་ཕྱིར་སྐལ་བ་རྣམ་པར་བཅད་པས་གནས་པ་མི་རིགས་པའི་ཕྱིར་རོ། །བདག་པོ་ཐ་དད་པ་མ་ཡིན་པ་ནི་རང་གི་དང་འདྲའོ་ཞེས་བྱ་བ་ནི་གང་དང་འབྲེལ་
བའི་རྫས་དེ་ཉིད་ལ་རྐུ་བ་གང་ཡིན་པ་དཔེར་ན་དགེ་འདུན་གྱི་ཡོ་བྱད་ལ་གནས་ནས་དགེ་འདུན་གྱི་དོན་ཉིད་དུ་སྤོ་བར་བྱེད་ཅིང་ཇི་ལྟར་རང་གི་དོན་འདི་ལྟ་བུ་འདི་རིག་པར་བྱའོ། །དཔེར་ན་རང་གི་རྫས་རྐུ་སེམས་ཀྱིས་བླངས་ན་སྦོམ་པོར་འགྱུར་བ་དེ་བཞིན་དུ་འདིར་ཡང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །
འདིར་གཞུང་ནི་དགེ་སློང་གཉུག་མར་གནས་པས་ཕྱོགས་བཞིའི་དགེ་འདུན་གྱི་ཡོ་བྱད་རྐུ་སེམས་ཀྱིས་གནས་ནས་གནས་གཞན་དུ་སྤོས་པ་དང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྟུང་བ་ཕམ་པར་ནི་མི་འགྱུར་རོ། །ཉེས་པ་སྡོམ་པོར་འགྱུར་རོ་ཞེས་གསུངས་
Vol. 160 · folio 93a
པ་ཡིན་ནོ། །བདག་པོ་ཐ་དད་པ་ཉིད་ལ་སྡེ་པ་ཐ་དད་པ་ལ་སོགས་པ་གནས་དག་ལ་གལ་ཏེ་འདི་ལ་གང་དུ་འཕོ་བ་ཡོད་ན་དེའི་བདག་པོ་རྣམས་ལ་ཁོངས་སུ་བསྡུས་པ་ཉིད་དོ། །ཚང་བ་ལ་ཕམ་པ་སྟེ། གལ་ཏེ་མ་ཡིན་ན་སྦོམ་པོ་སྟེ། གཞན་དོན་ཉིད་ཀྱི་ཕྱིར་
ཞེས་བྱ་བ་རྣམ་པར་གནས་སོ། །དེ་བས་ན་བདག་པོ་ཐ་མི་དད་པ་ལ་འདི་རྣམ་པར་ཤེས་པའོ། །འགོད་པ་གཙོ་བོ་ཉིད་རྐུ་བ་ལ་ཐམས་ཅད་ལ་སྦྱོར་བའི་ཕྱིར་འཇུག་པ་ལ་ཕུ་ནུ་འམ་གཞན་ལ་སྐལ་བ་ལ་གཙོ་བོ་ཉིད་དོ། །དེ་བས་ན་ཆོ་ག་གཉིས་པོ་འདི་དག་ལ་ཡང་འགོད་པའི་དོན་ལ་རང་གི་སྐལ་
བ་ཉིད་རྣམ་པར་གཞག་པ་ཞེས་བྱ་བར་རིག་པར་བྱའོ། །ཕྱིར་ལྡོག་གམ་མི་བླང་བར་ངེས་པ་ན་ལྷག་མ་རྣམས་ཀྱིས་བརྐུས་པ་ནི་དེའི་ཡན་ལག་མ་ཡིན་ནོ་ཞེས་བྱ་བ་ནི་ཚོགས་ནས་རྐུ་བའི་དོན་དུ་སོང་བ་རྣམས་ལ་གང་ཞིག་ལ་ཚོམས་དེ་ལས་ཕྱིར་ལོག་པ་ནི་སོ་སོར་ཐོབ་པ་གཞན་དང་ཕྱིར་ལོག་
པའོ། །བདག་འདི་རྣམས་དང་ལྷན་ཅིག་ཏུ་སོང་ཡང་མ་བྱིན་པར་ལེན་པར་མི་བྱེད་ཅེས་བྱ་བ་འདི་ལྟར་མི་ལེན་པའི་ངེས་པའོ། །དེར་རྐུན་པོ་ལྷག་མ་རྣམས་ཀྱིས་བརྐུས་པ་ནི་དེ་ལ་རྐུ་བ་དེའི་ཡན་ལག་ཉིད་མ་ཡིན་ཏེ། རྐུན་པོ་རྣམས་དང་ལྷན་ཅིག་ཏུ་བྱ་བ་གཅིག་པ་ཉིད་མེད་པའི་ཕྱིར་རོ། །
འདིར་ཚོགས་ཏེ་འགྲོ་བ་ན་སྦྱོར་བའི་སྦྱོར་བ་ཞེས་བྱ་བའི་ཉེས་བྱས་ཏེ། བླང་བའི་སྔ་རོལ་དུ་ཞེས་བྱ་བ་འདི་ལས་རྟོགས་པར་བྱའོ། །ཆ་བདག་གིར་བྱ་བར་འདོད་པ་ནི་མི་བླང་བའི་བསམ་པ་མ་ཡིན་ནོ་ཞེས་བྱ་བ་ནི་མི་བླང་བའི་བསམ་པ་ཅན་ལ་མ་བྱིན་པར་ནི་མི་བླང་ངོ་། །བགོ་སྐལ་གྱི་ཆ་ནི་
བདག་གིར་བྱའོ་ཞེས་བྱ་བ་དེ་ལྟ་བུའི་ངོ་བོ་རྐུན་པོ་རྣམས་དང་འགྲོགས་པའི་དོན་དུ་སོང་བ་ལ་སྐལ་བ་ལེན་པར་འདོད་པ་གང་ཡིན་པ་དེ་ནི་མི་བླང་བའི་བསམ་པ་མ་ཡིན་ནོ། །འདིར་བསྙེན་པ་ལ་སྐལ་བ་དང་ལྡན་པ་ཉིད་ནི་འདིའོ། །དེ་བས་ན་འདི་ལ་བླང་བའི་བསམ་པ་ཁོ་ན་ཡིན་ནོ། །འདི་ལྟ་བུར་
གྱུར་པའི་འདོད་པ་ཡོད་པ་ལྷག་མ་རྣམས་ཀྱིས་བརྐུས་པ་ལ་བརྐུས་པའི་ཆ་དང་ལྡན་པ་ཉིད་དོ། །དེར་གཏོགས་པའི་ལས་རྗེས་སུ་སྒྲུབ་པ་ནི་དེའི་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྐུན་པོའི་བྱ་བ་དེར་གཏོགས་པའི་ལམ་བསྲུངས་པ་ལ་སོགས་པ་དག་རྗེས་སུ་སྒྲུབ་པ་ནི་རྐུ་བ་དེའི་རྗེས་སུ་སྒྲུབ་པ་
Vol. 160 · folio 93b
མ་ཡིན་པ་མ་ཡིན་ནོ། །སྐལ་བ་ཉིད་ཀྱི་ཕྱིར་ཡང་འདི་ལ་ལྟུང་བ་གྲུབ་པའོ། །བྱ་བའི་རང་གི་ངོ་བོ་ཡང་བསལ་བར་འགྱུར་བ་ཞེས་བྱ་བ་འདིའི་ཚིག་གོ། །ལྷན་ཅིག་གནས་པ་ཉིད་དང་ཉེ་གནས་ཉིད་ཀྱང་བརྐུས་པར་མི་འགྱུར་བའི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་འདི་དག་གིས་རང་ཉིད་མ་
ཡིན་པ་གཞན་དག་གིས་བླངས་པ་དག་དང་ལྷན་ཅིག་གནས་པ་ཉིད་དང་ཉེ་གནས་ཉིད་དག་རང་གིས་བརྐུས་པ་ཡང་བརྐུས་པའི་ཉེས་པར་མི་འགྱུར་བའི་རྒྱུ་མ་ཡིན་ཏེ། འདིར་བརྐུས་པ་ཁོ་ནར་འགྱུར་རོ། །བླངས་པ་ཉིད་ནི་འདི་དག་གིས་དབང་དུ་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་རྟོགས་པར་བྱའོ། །
ཡོངས་སུ་བསྐོར་བ་ལ་མཚམས་ཉིད་གཙོ་བོའོ། །མཚམས་གནས་པ་སྤོས་པ་ཡང་འདིས་མ་བསྡུས་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཚམས་དང་འབྲེལ་པའོ། །འདིར་ཡོངས་སུ་བསྐོར་བ་ཞེས་སྨོས་པ་མཚམས་གཙོ་བོར་རིག་པར་བྱའོ། །ཡོངས་སུ་བསྐོར་བ་ཉིད་ལ་ནི་མི་བྱའོ། །དེ་བས་ན་
མི་མཐུན་པ་དང་ལྷན་ཅིག་གནས་པས་ཕུར་པས་བརྐོ་བ་ལ་སོགས་པ་གང་ཡིན་པ་མཚམས་དེའི་སྤོས་པ་ཡང་འདིས་མ་བསྡུས་པ་མ་ཡིན་ནོ། །འདི་ཡང་འདིར་རྐུ་བ་ཉིད་ཀྱིས་བརྗོད་པ་རྟོགས་པར་བྱ་ཞེས་བྱ་བའི་དོན་ཏོ། །མངོན་སུམ་དུ་བླངས་པ་ཡང་མི་སྣང་བ་ཉིད་ན་བརྐུས་པ་ཡིན་ནོ་ཞེས་བྱ་བ་ལ་
དབང་པོ་དང་ཉེ་བ་ནི་མངོན་སུམ་མོ། །དེའི་དངོས་པོ་འབུལ་བ་བླངས་པ་ནི་མངོན་སུམ་གྱིས་བླངས་པའོ། །དེར་ཡང་མི་སྣང་བ་ཉིད་ན་བརྐུས་པ་ཡིན་གྱི་ཕྱི་བཞིན་འབྲང་བ་དང་ནང་བྱན་གཉིས་མི་སྣང་བར་གྱུར་པ་འབའ་ཞིག་ཏུ་མ་ཟད་དོ། །དེ་བས་ན་བདག་པོ་གཟུང་བར་བྱེད་པ་ལ་ཡང་ཇི་སྲིད་དུ་
མཐོང་བའི་བར་ལ་བརྐུས་པར་མི་འགྱུར་ཏེ། དེ་ལྟར་ཡང་རྫས་འདི་དང་རྣམ་པར་བྲལ་བར་མི་འགྱུར་ཞེས་བྱ་བར་སྦྱོར་བ་དང་བྲལ་བ་ཉིད་ནི་ཉེས་བྱས་སོ། །དེ་བས་ན་ནན་གྱིས་རྐུ་བ་ཡང་ཆོ་ག་འདི་ཡོད་པར་རིག་པར་བྱའོ། །འདིར་གཞུང་ནི་དགེ་སློང་གིས་བེའུ་རས་འཚོང་བ་བག་མེད་པར་གྱུར་པ་
ལས་བེའུ་རས་བརྐུས་ཏེ། དེས་དེ་ཁྱེར་ཏེ་འགྲོ་བ་ན་བེའུ་རས་འཚོང་བ་དེས་མཐོང་ནས་དེས་དགེ་སློང་དེ་ལ་སྨྲས་པ། བེའུ་རས་མ་འཕྲོག་ཅིག །དགེ་སློང་གིས་སྨྲས་པ། བསྟན་ལ་ཁྱེར་ཏེ་འོང་བར་བྱའོ། །དེས་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་
Vol. 160 · folio 94a
པའི་ལྟུང་བར་ནི་མི་འགྱུར་ཏེ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་མི་སྣང་བ་ཉིད་ལས་གཞན་དུ་ལྟུང་བའི་ཚིག་ལ་རྒྱུ་མཐོང་བ་ཡིན་ཏེ། སྦྱོར་བ་ཉིད་ཀྱི་ཕྱིར་འདིར་ཉེས་པ་སྦོམ་པོར་བརྗོད་པ་ཞེས་བྱ་བ་འདིར་ནི་ཤེས་པ་ཡིན་ནོ། །མི་མཐུས་རྐུ་བ་
ནི་དབང་དུ་བྱས་པ་ཉིད་ནའོ་ཞེས་བྱ་བ་ནི་ནན་གྱིས་ལེན་པ་ལ་མི་ལ་བག་ཕེབས་ཤིང་དབང་དུ་བྱས་པ་ཉིད་ན་བརྐུས་པ་ཡིན་ནོ། །འདིར་མི་ཞེས་སྨོས་པའི་སྒྲ་འདི་ནི་རིགས་ལ་བསྙགས་པ་དེས་ན་སྐྱེས་པ་འབའ་ཞིག་ཏུ་མ་ཟད་དེ་བུད་མེད་ལ་སོགས་པ་ལ་ཡང་ཡོད་པར་རིག་པར་བྱའོ། །གཞན་
དང་ལྷན་ཅིག་ཏུ་གཙུག་ལག་ཁང་ལ་སོགས་པ་ལས་རྐུ་བ་ནས་དབང་དུ་བྱས་པ་ལས་གྲོལ་བ་གང་ཡིན་པ་དེའི་དོན་དུ་ཡང་འདི་དེ་ལྟར་བླང་བར་བྱས་པ་ལ་གྲོལ་བ་ན་རྐུ་བ་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །དེ་བདག་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི། གཞན་རྣམས་ཀྱིས་བདག་ཉིད་དབང་དུ་བྱ་བ་
ལ། སྐབས་གྲོལ་བ་གང་ཡིན་པ་འདི་ནི་རྐུ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་བདག་ཉིད་ལ་བརྐུས་པ་མེད་དོ་ཞེས་གསུངས་པ་ཡིན་ནོ། །གང་བསམས་པ་དེ་དང་འབྲེལ་བས་མ་བསམས་པ་བླངས་པ་བརྐུས་པ་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ཞེས་བྱ་བ་དང་སྦྱར་རོ། །འདི་ལྟར་
མ་བསམས་པ་ནི་རྐུ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་གིས་རས་སྦྱར་མ་མ་བྱིན་པར་བླངས་ནས་དེ་བརྐུས་ཏེ་བར་ཕྱེ་བ་དང་དེའི་བར་ནས་དར་རིན་ཐང་ཆེན་པོ་བྱུང་ནས་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རས་སྦྱར་མའི་རིན་ཐང་བརྩི་བར་
བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་དར་རིན་ཐང་ཆེན་པོ་ནི་རྐུ་བར་བསམས་པ་མ་ཡིན་པས་དེ་བས་ན་ལྟུང་བར་མི་འགྱུར། སྦོམ་པོ་ནི་གང་གི་གང་ལེན་པ་དེ་དེའི་རྣམ་པར་གཞག་པ་ལ་གཞན་གྱིར་རྐུ་བའོ་ཞེས་བྱ་བ་ལ། སྦོམ་པོ་ནི་ཞེས་བྱ་བའི་ཚིག་དེ་དང་པོར་སྨོས་པ་ནི་དབང་དུ་བྱས་པ་ཉིད་བསྟན་
པའི་ཕྱིར་རོ། །གང་ཞིག་གང་ལེན་པ་དེའི་དེ་ཞེས་བྱ་བ་འདིའི་རྣམ་པར་གཞག་པ་ལ་བསྡུས་ནས་འཇུག་པ་རྣམས་ལ་གཞན་གྱི་ནོར་རྐུ་བ་ལ་གང་ཞིག་གྲོགས་ཀྱི་ཕྱིར་འགྲོ་བ་སྟེ། བདག་གི་དོན་དུ་ན་མ་བྱིན་པར་ལེན་པར་འདོད་པ་ནི་ཉེས་པ་སྦོམ་པོར་རོ། །དེར་གཞན་གྱི་དོན་ཉིད་དུ་ན་ཡང་དངོས་
Vol. 160 · folio 94b
གཞིའི་རྣམ་པའོ་ཞེས་སྨོས་པ་ནི་མདོ་འདི་སྤྲོས་པའོ། །ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་ནས་ལེན་པ་པོ་ཞེས་བྱ་བ་ནི་འདིར་ལེན་པའི་བདག་ཉིད་ཅན་ཡོངས་སུ་འཛིན་པ་དང་བཅས་པ་ཉིད་ལ་ཕམ་པར་བྱས་པ་ཉིད་དོ། །དེ་བས་ན་མ་བྱུང་བ་དང་འབྱུང་བར་འགྱུར་བ་ཉིད་ཀྱིས་བདག་གིར་བྱ་བ་
ལ་སོགས་པའི་དབང་གིས་གང་ཞིག་རྣམ་པར་གནས་པ་ཉིད་འདིར་ཡོངས་སུ་བཟུང་བ་དང་བཅས་པ་ཉིད་འདི་རིག་པར་བྱའོ། །གང་རྣམས་ཀྱིས་དུར་ཁྲོད་ཀྱི་དངོས་པོ་དེ་མ་བྱུང་བར་འགྱུར་བ་དེ་རྣམས་དང་དེ་ལ་ཡོངས་སུ་འཛིན་པ་དང་བཅས་པ་ཉིད་དོ། །ཅི་སྟེ་ཤོ་གམ་བཞིན་འདིར་ཕམ་པ་ཡོད་པར་
འགྱུར་རོ་ཞེ་ན། འདི་ནི་ཡོད་པ་མ་ཡིན་ཏེ་སྐྱིན་པོ་བཞིན་དུ་ཤོ་གམ་ལ་སྦྱིན་པ་ཉིད་དོ། །འདི་ལྟར་དུར་ཁྲོད་ཀྱི་རྫས་དེ་དག་ལ་ཕོངས་པ་ཉིད་ཀྱིས་བླངས་པ་ཉིད་དོ། །བརྩེ་བ་མེད་པ་ཉིད་ཀྱིས་འདིའི་དོན་དུ་བསྲིས་ལ་སོགས་པ་ཉིད་ཀྱི་རྒྱུའོ། །དེ་བས་ན་མ་བྱུང་བ་དང་འབྱུང་བར་མ་གྱུར་པ་ཉིད་ཡོད་
ཀྱང་འདིར་མ་བྱུང་བ་རྣམས་ལ་ལོག་པར་མ་གྱུར་པ་དེའི་དངོས་པོ་ལ་བདག་གིར་བྱ་བའི་བློ་ཡང་དག་པར་གནས་པའོ། །དེ་བས་ན་འདིར་ཕམ་པ་མི་སྐྱེད་པ་ནི་རྐུ་བའི་རྣམ་པ་འདི་ཡོངས་སུ་བཟུང་བ་དང་བཅས་པའི་འདུ་ཤེས་ཀྱིས་བཟུང་བ་ཞེས་བྱ་བ་འདིར་ནི་ཉེས་པ་སྦོམ་པོར་ཤེས་པའོ། །དངོས་པོ་ཚང་
བ་ནི་སྦོམ་པོ་འདི་རྟོགས་པར་བྱའོ། །རྩ་བའི་ལྡུམ་ཞིང་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུའི་ཀུན་དགའ་ར་བ་ལ་སོགས་པ་གསང་སྔགས་དག་གིས་སྐེམས་པར་བྱེད་པའོ་ཞེས་བྱ་བ་ནི་གསང་སྔགས་དག་གིས་ཆུད་གཟོན་པས་ཆུད་གསོན་པ་དེ་བསྟན་པའི་ཕྱིར་མདོ་འདི་བསྟན་པ་ཡིན་ནོ། །ཆས་
ཀྱིས་རྡོ་བས་རྟ་བཀྲི་བ་དང་ཞོན་ཏེ་འདི་བརྐུ་བར་བྱའོ་སྙམ་ནས་ལུས་འགྱུར་བའོ་ཞེས་བྱ་བ་ནི་ཆས་སྦྱིན་པས་རྟ་ཁྱེར་བ་དེ་ལྟར་རྣམ་པ་དེས་རྟ་འདི་བརྐུ་བར་བྱའོ་སྙམ་དུ་ལུས་འགྱུར་བ་ལ་ཉེས་པ་སྦོམ་པོའོ། །དེ་བཞིན་དུ་ཞོན་ཏེ་རྟ་འདི་བརྐུ་བར་བྱའོ་སྙམས་ནས་དེ་ལྟར་སེམས་ཤིང་ལུས་གཡོ་བ་ལ་
སོགས་པས་ལུས་འགྱུར་བ་ཡང་སྦོམ་པོར་འགྱུར་རོ། །གྲུ་ཡང་ངོ་ཞེས་བྱ་བ་ནི་གྲུ་འདིར་ཞུགས་ཏེ་འདི་རྐུ་བར་བྱའོ་སྙམ་དུ་སེམས་ཤིང་ལུས་འགྱུར་བར་བྱེད་ན་ཞེས་བྱ་བ་ནི་སྦོམ་པོར་ཞེས་བྱ་བ་དང་སྦྱར་རོ། །འདི་ལས་འདི་ལྟར་སྙམ་པ་ཡང་ངོ་ཞེས་བྱ་བ་ནི་སྔར་འདི་ཞེས་བྱ་བ་སྨོས་པའི་ཚིག་གི་
Vol. 160 · folio 95a
གནས་སུ་འདིར་རྟ་འདི་ལས་གྲུ་འདི་ལྟར་བརྐུ་བར་བྱའོ་སྙམ་ནས་ལུས་འགྱུར་བ་ཡང་སྦོམ་པོའོ། །འདིར་འདི་ནི་མི་བསལ་བ་མ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་གྲུ་རིན་པོ་ཆེས་བཀང་བ་རྒལ་བར་བྱེད་པ་དེས་འདི་ལས་འདི་ལྟར་བརྐུ་བར་བྱའོ་སྙམ་ན་དེར་ལུས་འགྱུར་བར་བྱས་ནས་
དེས་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པར་མི་འགྱུར་ཏེ་ཉེས་པོ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཇི་སྟེ་སྦྱོར་བའི་རྣམ་པ་འདི་ཡིན་གྱི་སྦྱོར་བ་ནི་མ་ཡིན་ནོ། །དེ་བས་ན་ཉེས་བྱས་ཀྱིས་འདིར་འབྱུང་བར་འགྱུར་རོ། །ངེས་པ་ཐོབ་པ་ལ་འབྱུང་བ་མེད་
པ་མཐོང་བས་གཅིག་ཏུ་སྤྲོ་བ་ཉམས་པ་ལ་རྣམ་པར་འགྱུར་བ་འདི་ཞེས་བྱ་བ་ཤེས་པར་བྱའོ། །དེ་ལྟར་ན་འདི་ལ་སྦྱོར་བ་ཉིད་སྐྱེས་པར་འགྱུར་རོ། །ཕ་མ་དང་ཕུ་ནུ་དང་བུ་སྲིང་དང་མཁན་པོ་དང་སློབ་དཔོན་དང་མཆོད་རྟེན་དང་དགེ་འདུན་ལ་སོགས་པ་ལ་བསྔོས་པ་ཤོ་གམ་གཞལ་དགོས་པ་བཟླས་
པའོ་ཞེས་བྱ་བ་ནི། འདི་ལ་བདག་གི་ཤོ་གམ་གྱི་བྱ་བ་འདི་དག་ཕུལ་བ་ཞེས་བྱ་བའི་བརྣག་པ་བསྐྱེད་ནས་དེ་འདའ་བར་བྱེད་ན་གཞན་དོན་ཉིད་ཀྱི་ཕྱིར་ཉེས་པ་སྦོམ་པོར་ཏེ་ཕམ་པ་ནི་མ་ཡིན་ནོ། །གཞན་གྱི་དོན་ལ་ནི་དངོས་གཞིའི་རྣམ་པ་ཞེས་བྱ་བ་འདི་སྤྲོས་པ་ཡིན་ནོ། །བརྙས་པ་དང་བསྐྱིས་པ་དག་
མི་སྦྱིན་པར་སེམས་པའོ་ཞེས་བྱ་བ་ལ། བརྣོགས་པ་ནི་འདིར་བརྐུས་པའོ། །དེ་བས་ན་དེས་སྦྱིན་པར་མི་འགྱུར་བ་ཞེས་བྱ་བ་མི་སྦྱིན་པའི་ཀུན་ཏུ་རྟོག་པ་ལ་སྦྱོར་བ་ཉིད་རིགས་པ་ཡིན་ཏེ། སྣོན་པ་ལ་ཡང་བརྙས་པ་དང་བསྐྱིས་པ་དག་ལ་སྦོམ་པོ་སྟེ། མེ་སྦྱིན་པའི་ཀུན་ཏུ་རྟོག་པ་ཡང་ངོ་ཞེས་བྱ་
བ་ནི་འདིར་རྣམ་པར་གཞག་པར་བྱའོ། །གཞན་གྱི་དོན་དུ་བྱིན་པ་འགོད་པ་ཡང་ངོ་ཞེས་བྱ་བ་ནི་ཡོན་བདག་གིས་དགེ་འདུན་ལ་མཆོད་རྟེན་ལ་སོགས་པའི་དོན་དུ་རྫས་དགེ་སློང་གི་ལག་ཏུ་བྱིན་པ་དེ་རྣམས་ཀྱིས་འགོད་པ་ལ་སྦོམ་པོ་སྟེ། འདིར་དོན་མི་ཤེས་པ་ཉིད་དགེ་འདུན་གྱི་བདག་ཉིད་ཀྱི་
བདག་པོ་ལ་རྒྱུ་ཡིན་ཏེ། གང་གི་ཕྱིར་ཕམ་པ་དང་འདྲ་བའི་སྦོམ་པོའོ། །གང་གི་ཕྱིར་དགེ་སློང་ནད་པས་དགེ་འདུན་ལ་རྫས་ཕུལ་བ་དགེ་འདུན་གྱི་འདི་ཤེས་པ་མ་ཡིན་ནོ། །དགེ་འདུན་ལས་ཀྱང་ཉེ་གནས་དེ་དག་གིས་བརྐུ་བ་འདི་བྱས་པ་སྟེ་སྦྱིན་པ་པོ་ལ་ནི་མ་ཡིན་ནོ། །དེ་བས་ན་བརྐུས་པ་ལ་
Vol. 160 · folio 95b
ཕམ་པ་བསྐྱེད་པའོ། །ཡོངས་སུ་མ་བཟུང་བ་ཡོངས་སུ་བཟུང་བར་འདུ་ཤེས་པའོ་ཞེས་བྱ་བ་ནི་དངོས་པོ་གང་སུས་ཀྱང་ཡོངས་སུ་མ་བཟུང་བ་ལ་འདི་ཡོངས་སུ་བཟུང་ངོ་སྙམ་པའི་འདུ་ཤེས་ཅན་གྱིས་བླངས་པ་ལ་ཉེས་པ་སྦོམ་པོར་འགྱུར་རོ། །ཟན་དྲོན་དང་འབྲས་ཆང་དང་ཕྱེ་དང་ཉ་ཤ་དང་ཁུར་བ་ལ་
སོགས་པའི་བསོད་སྙོམ་པ་གཞི་མེད་པ་ནོད་པའོ་ཞེས་བྱ་བ་ནི་གཞི་མེད་པ་ཞེས་བྱ་བ་མི་དབང་བའོ། །ཟན་དྲོན་ལ་སོགས་པའི་བསོད་སྙོམས་ཐོབ་ཅིང་བཟུང་བ་ལ་སྦོམ་པོའོ། །འདིར་གཞུང་ནི་དགེ་སློང་གིས་བསོད་སྙོམས་འབྲས་ཆན་གཞི་མེད་པ་བླངས་ནས་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། ཕམ་པར་མི་འགྱུར་ཏེ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བསོད་སྙོམས་ལ་འབྲས་ཆན་ལ་ཇི་ལྟ་བ་བཞིན་དུ་བསོད་སྙོམས་ཕྱི་བ་སོགས་པ་ཇི་ལྟ་བ་མ་ཡིན་པ་ན་ན་ཀར་གྱུར་པའི་ནོར་ལེན་པ་ལ་མངོན་པར་ཞེན་པ་དེ་ལྟ་བུའི་ཁ་ཟས་ལ་ཞེས་བྱ་བ་འདི་འདིར་
དམ་པ་མ་ཡིན་པ་ཉིད་ཀྱི་ཕྱིར་འདི་ལ་སྦོམ་པོའི་ལྟུང་བ་རྣམ་པར་ཤེས་ཏེ། ཕམ་པ་ནི་མ་ཡིན་ནོ་ཞེས་བྱ་བ་མཐོང་བ་ཡིན་ནོ། །མ་ཆོག་པ་ཉིད་ཀྱི་ཕྱིར་རིན་ཐང་བརྩི་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་མ་གསུངས་པའི་ཕྱིར་གཞན་གྱིས་ཀྱང་མ་ཡིན་ནོ། །མ་གསུངས་པ་ཉིད་ཀྱིས་མ་བླངས་
པ་གཞན་གྱི་དོན་དུ་རྐུ་བ་མི་བསྐྱེད་པས་མ་ཐོབ་ཅིང་འདི་བཟུང་བ་ལ་གང་ཞིག་གཞི་མེད་པ་ཐོབ་པ་ནི་འདིར་རྐུ་བའོ། །གཞན་གྱིས་བླངས་པར་མི་ཤེས་པ་ནི་གཞི་མེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་རང་གི་དོན་ནམ་གཞན་གྱི་དོན་ལ་བསོད་སྙོམས་སམ་རྙེད་པ་གཞན་གྱིས་དེའི་དོན་དུ་བླངས་པ་ཉིད་ཡོད་པ་
ལ་གལ་ཏེ་མི་ཤེས་ན་གཞན་གྱིས་བཟུང་བ་ཉིད་སླར་རྙེད་པར་གྱུར་པ་ལེན་ན་དེར་གཞི་མེད་པར་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །མ་བཅོལ་བས་མ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་ལེན་པ་དེའི་དོན་གྱིས་འདིར་བཅོལ་བར་མ་གྱུར་པ་དེས་འདི་ལ་གལ་ཏེ་ཅུང་ཟད་ཐོབ་ཅིང་བཟུང་བ་ཡིན་ན་
དེ་ལ་དེར་གཞི་མེད་པ་མ་ཡིན་ནོ། །ལེན་པ་ཉིད་དེ་ལ་མི་འགྱུར་ན་ཅིའི་ཕྱིར་འདི་ལ་གཞི་མེད་པ་ཉིད་འབྱུང་བར་འགྱུར་ཞེས་བྱ་བའི་དོན་ཏོ། །མགྲོན་དུ་མ་བོས་པར་ཟན་ཟ་ན་ཉེས་བྱས་སོ་ཞེས་བྱ་བ་ནི་འདིར་རྙེད་པ་ནི་རྣམ་པ་གཉིས་ཏེ། བརྒྱ་ལ་བདག་པོས་ཤེས་ཏེ་འདི་བདག་གིས་མགྲོན་དུ་ནི་མ་བོས་
Vol. 160 · folio 96a
མོད་ཀྱི་འོན་ཀྱང་སྦྱིན་ནོ་སྙམ་པ་དང་། མི་ཤེས་པས་སྦྱིན་པར་བྱེད་པའོ། །སྔར་གྱི་ལ་མེད་པ་སྟེ། རྐུ་བའི་སྦྱོར་བ་ལ་ཉེས་བྱས་ཉིད་དོ། །ཕྱི་མ་ལ་ནི་ཤིན་ཏུ་དྲང་བ་སྟེ། འདིར་དགའ་བས་བསོད་སྙོམས་བླངས་པ་ལས་མངོན་པར་ཞེན་པའོ། །དེ་ལྟར་ན་ནི་འདིར་འཇིག་རྟེན་པ་
ལ་རྐུ་བའི་བློ་མེད་པ་ཉིད་དེ་དེ་བས་ན་ཉེས་བྱས་སུ་རྣམ་པར་ཤེས་པའོ། །རྐུ་བའི་ཆེད་དུ་འགྲོ་བ་ཡང་ངོ་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་ཉེས་བྱས་ཞེས་བྱ་བ་རྗེས་སུ་དྲང་བའི་དོན་དུའོ། །སྔར་བླངས་པ་ལས་ཞེས་བྱ་བ་གང་ཞིག་བརྗོད་པ་དེར་འདི་ཁོངས་སུ་བསྡུ་བ་མ་ཡིན་ཏེ། དེ་བས་ན་མདོ་ཕྱི་
མ་ལ་ཡན་ལག་ཏུ་གཏོགས་པ་མདོ་འདི་རིག་པར་བྱའོ། །དེ་བས་ན་གྲོས་བྱེད་པ་ཐ་དད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་འགྲོ་བ་འདི་ལས་གྲོས་བྱེད་པར་གྱུར་པ་ངག་གི་ལས་སམ་ལུས་ཀྱི་བྱ་བའི་བདག་ཉིད་ཅན་གང་ཡིན་པ་དེ་ལ་མི་འགྲོ་བ་ལས་ཐ་དད་པ་ཉིད་མ་ཡིན་ཏེ། ཉེས་བྱས་འདི་ཉིད་ལ་དེ་
ཁོངས་སུ་གཏོགས་པ་སྟེ། ཉེས་བྱས་གཉིས་པ་ནི་མ་ཡིན་ཞེས་བྱ་བའོ། །ཀུན་དུ་བཟུང་བ་མ་ཡིན་ནམ་ཞེས་ལེགས་པར་སོ་སོར་བརྟག་པར་བྱ་སྟེ་བླང་བར་བྱའོ་ཞེས་བྱ་བ་ནི་འགྱོད་པ་དང་གཞན་གྱི་ཚིག་ལ་གླགས་གཅད་པའི་དོན་དུ་འདི་བཏགས་པའོ། །དེ་ལྟར་ལེགས་པར་སོ་སོར་བརྟག་པར་བྱས་
ནས་བླང་བར་བྱའོ། །ཇི་ལྟར་ཀུན་དུ་བཟུང་བ་མ་ཡིན་པ་འདི་ཞེས་བྱ་བའི་བརྟན་པ་ངེས་པར་འགྱུར་རོ། །ལུས་བསྙལ་བར་མི་བྱའོ་ཞེས་བྱ་བ་ནི་ལུས་སྒྱེལ་ཅིང་བསྙལ་བ་ནི་གྲགས་པ་ལས་དགོས་པའི་དོན་དུའོ། །བརྡུང་བ་དང་བརྡེགས་པ་ལ་སོགས་པ་གཞན་རྣམ་པར་འཁྲུགས་པར་གྱུར་པས་འདི་
ལྟ་བུ་བསྙལ་བར་མི་བྱའོ། །འབྲས་བུའི་མདུན་དུ་དགེ་སློང་གིས་བདག་ཉིད་དོར་བ་ལ་སྨྲ་བ་པ་གང་ཡིན་པའོ། །སླར་དགེ་སློང་གི་ལུས་འགྱུར་བ་རྣམ་པ་དེ་ལྟ་བུ་མི་བྱའོ་ཞེས་གསུངས་པ་གང་ཡིན་པ་དེ་བསྡུས་པ་ཡིན་ནོ། །ཚང་གཞིག་པར་མི་བྱའོ་ཞེས་བྱ་བ་ནི་བྱེའུ་དང་ཕུག་རོན་ལ་སོགས་པའི་
རྟེན་ནི་ཚང་ངོ་། །འདི་ལ་སྐུར་པ་གདབ་པ་ནི་དགེ་སློང་གི་གནས་སུ་སྒོ་ང་མེད་པ་ལ་སོགས་པ་གསལ་བའི་ཆོ་ག་ལ་སོགས་པ་རིག་པར་བྱའོ། །མ་གནས་པ་དེར་ཆོས་གོས་ཀྱི་ཆ་མི་བླང་ངོ་ཞེས་བྱ་བ་ལ། གང་དུ་གནས་པ་ལ་རྙེད་པ་དེ་འབྱུང་བ་དེ་ལས་གཞན་དུ་ལོ་གཅིག་གི་ཆོས་གོས་རྙེད་པ་ལ་
Vol. 160 · folio 96b
ཡང་མི་བླང་ངོ་། །འདིར་གཞུང་ནི་དགེ་སློང་གིས་དབྱར་གཞན་དུ་གནས་ལ། གཞན་དུ་དབྱར་གྱི་སོ་སོར་ཆ་བླང་བར་མི་བྱའོ་ཞེས་བྱ་བའོ། །སོ་སོའི་ཆ་ནི་སྐལ་བའོ། །འདིར་ལོ་གཅིག་གི་ཚིག་ནི་དཔེ་ཡིན་ནོ། །གཞན་དུ་ཡང་མི་ཐོབ་པ་འདི་བཀག་པའོ། །ཆོམ་རྐུན་པ་ལས་སྦྱིན་བདག་གི་
སེམས་ཀྱིས་ལེན་པ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ནི་ཆོམ་རྐུན་པ་དེའི་དྲུང་ནས་བླངས་པ་གང་ཡིན་པ་དེ་ལ་འདི་ནི་སྦྱིན་བདག་སྙམ་པའི་སེམས་ཀྱིས་ལེན་ན་དེ་ལ་ཉེས་པ་མེད་དོ། །ཇི་ལྟར་གཞན་ལས་བླངས་པ་ལ་ཉེས་པ་མེད་པ་དེ་བཞིན་དུ་འདི་ལའོ། །གང་གི་ཕྱིར་འདིས་བརྐུས་པ་དེ་ཉིད་ཀྱིས་
འདི་འབྲེལ་པའོ། །ནོར་འདི་ལ་འདི་ནི་བདག་པོ་སྟེ་དེ་ཉིད་ཀྱིས་འདི་གནང་བ་ཞེས་བྱ་བ་འདི་ལྟར་ཡོངས་སུ་མ་དག་པའི་སེམས་ཀྱིས་བླངས་པ་ལ་ལྟུང་བ་དང་བཅས་པ་ཉིད་དུ་འགྱུར་རོ། །དེ་བས་ན་སྦྱིན་པ་པོའི་སེམས་ཀྱིས་ཞེས་བྱ་བ་འདི་ནི་བྱེ་བྲག་གོ། །འོང་བ་རྐུ་ཐབས་ཅན་གྱི་ཆོམ་རྐུན་
པར་མ་གྲགས་པ་ལས་བླང་བར་མི་བྱའོ་ཞེས་བྱ་བ་ནི་མ་ཤེས་པ་དང་གློ་བུར་དུ་གྱུར་པ་མ་གྲགས་པ་ལས་བླང་བར་མི་བྱའོ། །རྐུ་བ་ཡང་དག་པར་སྲིད་པ་ལ་གླགས་གཅད་པའི་དོན་དུ་འདི་བཏགས་པའོ། །གང་གི་ཕྱིར་རྐུ་བ་དེ་ལ་གང་ཞིག་ཤེས་པ་དེ་ནི་གྲགས་པ་ཞེས་བྱ་བར་རྟོགས་པར་
བྱའོ། །གྲགས་པ་ལས་བླངས་པ་ལ་ཆོམ་རྐུན་པ་ཉིད་ཀྱིས་འདི་བརྐུས་ཏེ་གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བའི་རྐུ་བ་ཡང་དག་པར་སྲིད་པ་ལ་གླགས་མེད་དོ། །དེ་ལས་བླངས་པ་ནི་མཚོན་གྱིས་བཅད་པ་དང་ཁ་དོག་ངན་པར་བྱ་སྟེ་བཅང་བར་བྱའོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་གྲགས་པ་ལས་དེ་ལྟ་བུར་
གྱུར་པ་ཉིད་འཛིན་པ་ལ་སུ་ཞིག་ལ་གློ་བུར་དུ་མ་བཅད་པ་ཡོད་པ་སྲིད་པར་འགྱུར་རོ་ཞེས་བྱ་བ་འདི་བཏགས་པའོ་དེ་ལྟར་བྱས་ཀྱང་སློང་ན་སྦྱིན་ནོ་ཞེས་བྱ་བ་ནི་དེ་ལྟར་བརྐུས་པ་ལ་ཡང་མཚོན་གྱིས་གཅད་པ་དང་། ཁ་དོག་ངན་པར་བྱས་ཀྱང་སློང་ན་གང་ལས་དེ་བརྐུས་པ་དེས་ཤེས་ཏེ་གལ་ཏེ་སློང་བ་དེ་
ལ་དེར་སྦྱིན་པར་བྱ་བའི་དོན་ཏོ། །གནད་ལ་བསྒྲེ་བར་མི་བྱའོ་ཞེས་བྱ་བ་ལ། གཡོན་པོས་གནོད་པ་ནི་ཡོད་པའོ། །གང་གི་ཚེ་ཚེ་དང་ལྡན་པ་སྤོང་བྱེད་ཀྱིས་བཟོད་པར་བྱ་བའི་ཕྱིར་ཁྱིམ་པ་རྣམས་ཀྱིས་འཕགས་པ་ཀུན་དགའ་བོ་ལ་ཁྱེའུ་དང་བུ་མོ་ངུ་བ་དག་སྡུད་དུ་བཅུག་སྟེ་གནོད་པར་བྱེད་པ་དེའི་
Vol. 160 · folio 97a
ཚེ་ཐམས་ཅད་དུ་སྦྱར་བ་འདི་ཐམས་ཅད་ཀྱིས་བྱ་བ་ཉེ་བར་བཏགས་པའོ། །མ་བྱིན་པར་ལེན་པ་ལ་ཡང་འདི་སྦྱར་བ་ཡོད་དེ་རྡོ་རྗེ་ཕ་ལམ་གྱིས་བརྐུས་པ་ལ་གཏོང་བ་དང་སྦྱིན་དུ་འཇུག་པ་ལ་ནོར་ལ་ཁ་ན་མ་ཐོ་བ་ཉིད་དང་བཅས་པ་ཞེས་བྱ་བ་འདི་ལས་རྟོགས་པར་བྱའོ། །གསང་
སྔགས་དག་གིས་གཏོང་བ་ལ་ཉེས་པ་མེད་དོ་ཞེས་བྱ་བ་ནི་རྫུ་འཕྲུལ་དང་འདྲ་བའི་རྣམ་པར་དག་པ་དང་སྐྱོན་མེད་པའི་སེམས་ཀྱིས་རྐུ་བའི་རྣམ་པ་ངེས་པ་གང་གིས་ཀྱང་བརྐུས་པ་ཆོམ་རྐུན་པ་རྣམས་ལས་གསང་སྔགས་རྣམས་གསང་སྔགས་ཀྱིས་གཏོང་བ་གང་ཡིན་པ་དེ་ནི་ཉེས་པ་དང་བཅས་
པར་ཤེས་པར་བྱ་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །བྱི་བས་ཁྱེར་བ་བདག་པོས་བླངས་པ་ཡང་ངོ་ཞེས་བྱ་བ་གང་ཞིག་ལེན་པ་པོ་འདི་དེའི་རྫས་བྱི་བས་བརྐུས་པ་བླངས་པ་ལ་ཡང་ཉེས་པ་མེད་དོ། །རང་གི་འདུ་ཤེས་ཉིད་ཀྱིས་དེ་ལེན་པ་ཞེས་བྱ་བ་འདིར་ཉེས་པ་དང་བྲལ་བ་ཉིད་དོ། །དགེ་སློང་གཞན་
གྱི་རྫས་ལ་དེའི་རྫས་སུ་ན་ཡང་ངོ་ཞེས་བྱ་བ་ནི་དགེ་སློང་གཞན་གང་ལ་ནོར་དེ་བརྐུས་པ་དེ་ལ་ནོར་ལེན་པར་བྱེད་པ་ལ་ཉེས་པ་མེད་དེ། རྐུ་སེམས་མེད་པའི་ཕྱིར་རོ། །རྔོན་པ་དག་གིས་མངོན་པར་གཙེས་པར་གྱུར་པའི་རི་དགས་གནས་ཁང་དུ་ཞུགས་པ་བླངས་པ་ལ་ཡང་ངོ་ཞེས་བྱ་བ་ནི་
ཡོངས་སུ་བསྐྱབ་པ་ཙམ་དུ་འདི་བླངས་པ་སྟེ། བཟུང་བ་མ་ཡིན་ཞིང་གཏོང་བ་ཡང་མ་ཡིན་ནོ། །དེ་བས་ན་འདིར་སྐྱོན་མེད་དོ། །དེ་ཤི་ན་དེ་དག་ལ་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་དེ་དག་གིས་གཙེས་པས་དེར་ཞུགས་ན་དེ་རྣམས་ལ་སྦྱིན་པར་བྱ་བ་ཉིད་དེ་རང་གིས་གཟུང་བར་བྱ་བ་ཉིད་དང་གཞན་ལ་
སྦྱིན་པར་བྱ་བ་མ་ཡིན་པ་ཉིད་དོ། །ཕམ་པ་གཉིས་པའི་འདུལ་བྱེད་ཀྱི་སྐབས་སོ།། །།ནད་པ་ལ་འཆི་བའི་སེམས་པ་དང་རྗེས་སུ་མཐུན་པའི་ཆོས་ཉེ་བར་བསྒྲུབ་པས་ཉེ་བར་བསྒྲུབ་པར་མི་བྱའོ་ཞེས་བྱ་བ་ནི་ཉེ་བར་བསྒྲུབ་པ་གང་ཞིག་ཐོས་ནས་ནད་པ་འདི་འཆི་བའི་བསམ་པ་སྐྱེས་པར་
འགྱུར་བའི་ཉེ་བར་བསྒྲུབ་པ་དེ་ནི་ནད་པའི་ཕྱིར་མི་བྱའོ། །དཔེར་ན་ཁྱོད་དུག་ཟོས་པར་གྱུར་པ་ནི་བླའི་འདི་ལྟ་བུའི་མི་འཕྲོད་པ་ཟ་བར་བྱེད་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །ཉེས་པ་ཡོད་པ་ལ་ཕམ་པར་འགྲོ་བ་ལས་གཞན་བསྐྱེད་པའོ། །ཉེས་པ་མེད་པ་ཡོད་པ་ཉིད་ལ་བཏགས་པ་འདི་
Vol. 160 · folio 97b
ཡིན་ནོ། །མི་ཤེས་པ་ལས་འཆི་བའི་དགྲ་བོ་མ་སྨྲས་པར་དེའི་ནད་གཡོག་ཏུ་མི་གཞག་གོ་ཞེས་བྱ་བ་ནི་འདི་ལ་ཁྱོད་ཀྱི་དགྲ་བོས་འཆི་བའི་ཕྱིར་རྗེས་སུ་སྒྲུབ་པ་པོས་འཆི་བ་རྗེས་སུ་དབྱུང་བར་བྱའོ། །དེ་ལྟར་བསྒོ་བར་མ་བྱས་པར་ནད་པ་ལ་ནད་གཡོག་མི་ཤེས་པ་ཉེ་བར་གཞག་པར་མི་བྱའོ། །གནས་
ཡོད་ན་མི་གཞག་གོ་ཞེས་བྱ་བ་ནི་གལ་ཏེ་མི་ཤེས་པ་དེ་མེད་པར་ཡོངས་སུ་འཇུག་ན་འདི་ནི་གཞག་པར་བྱ་བ་མ་ཡིན་པ་ཁོ་ནའོ། །དེའི་ངོ་བོ་ཡིད་ཆེས་པ་ལ་དེའི་ཚིག་གོ། །སླར་དགེ་སློང་གི་ནད་པ་ལ་མི་ཤེས་པའི་ནད་གཡོག་ཉེ་བར་གཞག་པར་བྱ་བ་མ་ཡིན་ནོ། །གལ་ཏེ་དེའི་ངོ་བོ་ཡིད་ཆེས་པར་
གྱུར་ན་སྦས་ནས་གཞག་པར་བྱའོ་ཞེས་བྱ་བ་བསྟན་པ་འདིར་སྦ་བའོ། །འཆི་བའི་འཚོག་ཆས་མི་གཞག་གོ་ཞེས་བྱ་བ་ནི་ནད་པ་ལ་ཞེས་སྦྱར་བར་བྱའོ། །དེ་ཡང་མཚོན་ལ་སོགས་པའོ། །དེ་འཆི་བའི་ཕྱིར་རྗེས་སུ་བསྒྲུབ་པ་ལས་ནད་གཡོག་གིས་བཟློག་པར་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ནད་
པའོ། །རྫས་ཀྱི་ཕྱིར་གཞན་འཆི་བར་འདོད་པར་མི་བྱའོ་ཞེས་བྱ་བ་ནི་ལྷུང་བཟེད་དང་། ཆོས་གོས་ལ་སོགས་པའི་རྫས་ཐོབ་པར་བྱ་བའི་དོན་དུའོ། །བྱ་བ་མ་ཡིན་པ་བྱེད་པ་ལ་སེམས་ཀྱིས་རྗེས་སུ་ཡི་རང་བར་མི་བྱའོ་ཞེས་བྱ་བ་ལ། བྱ་བ་མ་ཡིན་པ་ཉིད་བྱེད་པ་ནི་བྱ་བ་མ་ཡིན་པ་ཉིད་བྱེད་པའོ། །
རང་ངམ་གཞན་གྱིས་འདས་པའམ་མ་འོངས་པའམ། ད་ལྟར་བྱུང་བ་ལ་དེའི་རྗེས་སུ་ཡི་རང་བར་སེམས་ཀྱིས་མ་བྱས་པ་ཉིད་དམ་ལུས་ཀྱི་བྱ་བས་ཀྱང་མ་ཡིན་ཞེས་བྱ་བ་སྟེ། འདི་དག་ལ་སེམས་སྔོན་དུ་འགྲོ་བ་ཉིད་ཀྱི་ཕྱིར་གྲུབ་པ་དམན་པའི་དེ་ཉིད་བརྗོད་པ་ལ་གཞན་དུ་གཏམ་གང་ཡང་མེད་དོ་
ཞེས་བྱ་བ་རྟོགས་པའི་ཕྱིར་རོ། །གཞུང་ཁ་ཅིག་ལས་ཚེ་དང་ལྡན་པ་ཉེ་སྡེའི་དབང་དུ་མཛད་ནས་གསུངས་པ། ཉེ་སྡེ་ཁྱོད་ཀྱིས་མངལ་ན་གནས་པ་རླུགས་པར་བྱས་པ་བདེན་ནམ། བཙུན་པ་མ་ལགས་ཏེ་འདི་ལྟར་བདག་གིས་རྗེས་སུ་ཡི་རང་བར་ནི་བགྱིས་སོ། །བཀའ་སྩལ་པ། དགེ་སློང་དག་
དགེ་སློང་ཉེ་སྡེ་ལ་ལྟུང་བ་མེད་དེ་སླར་དགེ་སློང་གིས་མངལ་ན་གནས་པ་རླུགས་པར་མི་བྱའོ། །དགེ་སློང་མངལ་ན་གནས་པ་རླུགས་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་ཏེ། དེ་བས་ན་མདོ་འདི་བྱས་སོ། །མཛེས་པ་འདི་བྱེད་པར་འགྱུར་བ་ཁྱེད་ནི་འདི་བྱེད་དུ་གཞུག་པ་མ་ཡིན་ཏེ། འཇུག་
Vol. 160 · folio 98a
པ་མ་ཡིན་ཞེས་བྱ་བར་སེམས་པར་བྱེད་ན་འདིས་ནི་འདི་བྱེད་དེ་ཅིའི་ཕྱིར་མི་བྱེད། བདག་ལ་འདིས་ཅི་ཞིག་བྱ་ཞེས་བྱ་བའི་དབང་དུ་མཛད་ནས་འདོན་པ་འདི་ཡིན་ནོ། འདི་ལ་དཔེ་ཉིད་རྣམ་པར་གནས་པ་ཡིན་ནོ། །བྱེད་པར་འགྱུར་བ་ལ་གནས་པ་ཐམས་ཅད་ཉིད་ལ་བྱ་བ་ལ་གནས་པ་
དང་བྱ་བ་མ་ཡིན་པ་བྱེད་པ་ལ་རྗེས་སུ་ཡི་རང་བ་ལ་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་ཀྱི་ཕྱིར་ཤིན་ཏུ་ཡང་དགེ་སློང་ལ་མི་མཐུན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་ཁྱད་པར་མི་བརྟེན་པའོ། །ཇི་ལྟར་ཡང་རྗེས་སུ་ཡི་རང་བ་ལ་ལྟུང་བ་ཉིད་དེ་གང་གི་ཕྱིར་འདི་ལ་ལྟུང་བར་བྱ་བ་ཞེས་བྱ་བ་བརྗོད་པ་དང་སྦྱར་བའོ། །ལྟུང་
བ་ལ་བརྟེན་པའི་ཡིད་ཀྱི་སྒྲིབ་པ་འདི་ཞེས་བྱ་བའོ། །གང་དུ་ཕམ་པ་གསུམ་པ་ཞེས་བྱ་བ་ལ་ལྟོས་ནས་བརྗོད་པར་བྱ་སྟེ། དེའི་ཕྱིར་སྲོག་བཅད་ནའོ་ཞེས་བྱ་བ་སྨོས་སོ། །སེམས་ཇི་ལྟ་བུས་ཤེ་ན། དེའི་ཕྱིར་དེ་ལྟར་བསམས་པས་སོ་ཞེས་བྱ་བ་སྨོས་ཏེ། སྲོག་གཅོད་པའི་སེམས་ཀྱིས་སོ། །སུའི་
སྲོག་གཅོད་པ་ཡིན་ཞེ་ན། དེའི་ཕྱིར་མིར་གྱུར་པའིའོ་ཞེས་བྱ་བ་སྨོས་ཏེ། འདིར་འགྲོ་བ་ཙམ་ལ་ནི་མཚན་མ་ཉིད་མ་ཡིན་ཏེ། བུད་མེད་དང་སྐྱེས་པ་དང་མ་ནིང་དང་མཚན་མེད་པ་དང་། མཚན་གཉིས་པ་དང་། མངལ་ནས་སྐྱེས་པ་ཉིད་ལ་སོགས་པ་ཁྱད་པར་འགའ་ཞིག་ལ་ཞེས་བྱ་བ་དེའི་ཕྱིར་འགྲོ་
བའི་ཚིག་གོ། །གཞན་དུ་འདུ་ཤེས་པས་སམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་དེ་ལྟར་འདུ་ཤེས་པས་སོ་ཞེས་བྱ་བ་སྨོས་ཏེ་མ་ནོར་བར་རོ། །ཇི་ལྟར་རྣམ་པ་གང་གིས་ཤེ་ན། དེའི་ཕྱིར་གང་ཡང་རུང་བས་སོ་ཞེས་བྱ་བ་སྨོས་ཏེ། རྣམ་པ་གང་ཡང་རུང་བས་སོ། །དེ་ཉིད་ཀྱི་སྤྲོས་པ་བསྟན་པའི་ཕྱིར། བྱེ་བྲག་མེད་པ་
ནི་ལུས་དང་དེ་དང་འབྲེལ་པ་དང་། འཕངས་པ་དང་གཞན་དང་བསྒོ་བ་རྣམས་སོ་ཞེས་བྱ་བ་སྨོས་ཏེ། བྱེ་བྲག་མེད་པ་ཞེས་བྱ་བ་ནི་འདི་ནས་བརྩམས་ཏེ་ཇི་སྲིད་དུ་རྒྱུ་དེས་གཞན་གྱི་ཚེ་ཤི་ནའོ་ཞེས་འབྱུང་བ་ཡན་ཆད་ཀྱི་དབང་དུ་བྱས་ཏེ་རིག་པར་བྱའོ། །བྱེ་བྲག་མེད་པ་ནི་ཐ་མི་དད་པ་སྟེ། ཤི་བའི་དོན་བྱེད་པ་ལ་འདི་རྣམས་
ལ་ཞེས་བྱ་བའི་དོན་ཏོ། །རྣམ་པ་གང་ཡང་རུང་བས་གསོད་པ་ལ་ཕམ་པར་འགྱུར་རོ་ཞེས་བྱ་བའི་དགོངས་པའོ། །ལུས་ཞེས་བྱ་བ་ནི་ལུས་ཉིད་དོ། །དེ་དང་འབྲེལ་པ་ཞེས་བྱ་བ་ནི་ལུས་དང་འབྲེལ་པ་དབྱིག་ལ་སོགས་པའོ། །འཕངས་པ་ནི་ལུས་ཀྱིས་སམ་དེ་དང་འབྲེལ་པས་གཏང་བའོ། །དེ་ལ་གཞན་གྱི་
Vol. 160 · folio 98b
ངེས་པར་སྦྱར་བ་གསད་པར་བྱ་བ་ནི་བུད་མེད་ལ་སོགས་པའོ། །བསྒོ་བ་ཞེས་བྱ་བ་ནི་གསད་པར་བྱ་བ་དེ་ཉིད་ལ་རང་གིས་བསྒོ་བའོ། །དུག་དང་ཕྱེ་མ་དང་དོང་དང་ཤིང་དང་རང་བཞིན་ཉམས་པ་གཏོང་བ་དང་བྲང་དུ་འདེབས་པ་དང་། འཁྲུལ་འཁོར་དང་སྒྱུ་ཐབས་དང་རོ་ལངས་དང་རྗེས་སུ་སྦྱོར་བ་
རྣམས་སོ་ཞེས་བྱ་བ་ནི་བྱེ་བྲག་མེད་པ་ཞེས་བྱ་བར་སྦྱར་རོ། །རང་བཞིན་ཉམས་པ་ཞེས་བྱ་བ་ནི་དེ་ཉིད་ཀྱིས་ཉམས་པ་འམ་གསོད་པ་འདི་ཉིད་ཀྱི་དོན་དུ་མཚན་མ་དེ་མེད་པར་ཉམས་པའི་རང་བཞིན་གྱིས་གང་ཞིག་དེར་འདི་ལྟ་བུར་གྱུར་པ་དེ་ལ་འཆི་བའི་རྐྱེན་ཉེ་བར་གནས་པར་འགྱུར་ཞེས་བྱ་བའི་བློས་
བསྐུར་བ་ནི་རང་བཞིན་ཉམས་པས་བསྐུར་བའོ། །རོ་ལངས་ཕྱེད་པ་དང་ཕྱེད་དུ་གྱུར་པ་ཉིད་ཀྱིས་ཡོ་བྱད་རྣམས་ལ་གཞན་དུ་མ་ཡིན་པར་བསྟན་པ་འདི་ལ་རོ་ལངས་ཉིད་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བའི་རོ་ལངས་ཀྱི་ཚིག་བཟུང་བ་ཉིད་དུ་ཤེས་པས་བསྡུས་པ་ཉིད་དུ་མ་བྱས་སོ། །གཡང་དུ་གཏང་བའོ་
ཞེས་བྱ་བ་ནི་གཡང་ལ་སོགས་པ་ལ་ཞེས་བྱ་བའི་དོན་གྱིས་གོ་བར་བྱའོ། །མེ་དང་ཆུར་འཇུག་པའོ། །གྲང་བ་དང་ཚ་བར་འདོགས་པ་ཞེས་བྱ་བ་ནི་རྐྱེན་འདི་དང་ལྡན་པ་འདི་ལ་འཆི་བ་འབྱུང་བར་འགྱུར་ཞེས་བྱ་བའི་བློས་སོ། །ཕོ་ཉར་གཏོང་བ་ལ་སོགས་པའི་ཞེས་བྱ་བ་ནི་གང་དུ་འཇིགས་པ་སྲིད་པ་དེར་ཕོ་
ཉ་དང་མངགས་པ་ཉིད་དུ་གཏོང་བའོ། །དེར་སོང་ན་འདི་དང་འདི་ལྟ་བུ་རྙེད་པར་འགྱུར་རོ་ཞེས་བྱ་བའི་རྣམ་པས་བསྐུལ་བ་གང་ཡིན་པ་དེ་ཉེ་བར་བསྡུ་བའི་དོན་དུ་སོགས་པའི་སྒྲའོ། །དེའི་རྗེས་སུ་བསྒྲུབ་པ་ཆུང་ངུ་ཉིད་ཀྱང་ངོ་ཞེས་བྱ་བ་ནི་རྐང་པའི་མཐེ་བོང་དང་རྒྱ་ཤུག་གི་ཚི་གུ་དང་ཤིང་བལ་ལ་
སོགས་པ་བསྣུན་པ་ལྟ་བུ་དག་གོ། །རྗེས་སུ་བསྒྲུབ་པ་ལ་ཆུང་བ་འདི་ནི་མཚན་ཉིད་འདི་ལས་གྲུབ་སྟེ་བྱེ་བྲག་མ་སྨོས་པ་དེ་གསལ་བར་བསྟན་པའི་ཕྱིར་འདི་སྤྲོས་པའོ། །གསད་པར་བྱ་བ་ནི་སྐྱེས་པ་དང་བུད་མེད་དང་མ་ནིང་ཉིད་དོ་ཞེས་བྱ་བ་ནི་བྱེ་བྲག་མེད་པར་ཞེས་བྱ་བར་སྦྱར་རོ། །གནས་
དེ་དག་བསྟན་པ་ནི་སྤྲོས་པའི་དོན་བསྟན་པ་ཡིན་ནོ། །གཞི་དེས་གཞན་གྱི་ཚེ་ཤི་ནའོ་ཞེས་བྱ་བ་ལ་འདིར་གཞུང་ནི་དེས་དེའི་ཚེ་མ་ཡིན་ཡང་འོན་ཀྱང་དེས་དེའི་འོག་ཏུའོ་ཞེས་གསུངས་པ་ཡིན་ནོ། །འདུན་པ་བཟློག་པའི་འོག་ཏུ་ནི་རྒྱུ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ཤི་ན་ཞེས་བྱ་བར་སྦྱར་རོ། །ཤི་བའམ་
Vol. 160 · folio 99a
འགྲོ་བ་ལ་འཇིགས་པ་དང་བཅས་པའི་གནས་ལ་བསྒོ་བར་བྱ་བའམ། ངེས་པར་སྦྱར་ཏེ་གསད་པར་བྱ་བའམ། གཞན་ལ་དེའི་དོན་དུ་འདུས་པ་ཟློག་པར་བྱེད་པ་དེ་ལས་གཞན་ལ་འདའ་བར་བྱས་ནས་དེའི་ཚིག་མ་ཡིན་ནོ། །སྦྱར་བར་བྱས་པའི་ཤི་བ་ལ་སྦྱོར་བར་བྱེད་པ་
པོའི་རྒྱུ་མཚན་ཉིད་དུ་སྔར་འདུན་པ་ཟློག་པར་བྱེད་པར་གྱུར་པའི་ཤི་བ་ལ་དེ་ལས་ཕམ་པ་འདའ་བར་འགྱུར་རོ། །ཕྱིས་དེས་སྐྱེ་བ་ཡིན་ཏེ། འདི་ལ་ནི་སྦྱོར་བ་ཙམ་ཉིད་ཡིན་ཏེ། དངོས་གཞིའི་ཕམ་པ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །དཀུ་མཉེས་པས་མ་དང་མངལ་ན་གནས་པ་གཉིས་ལས་མ་བསམས་
པ་ཤོས་ན་སྦོམ་པོའོ་ཞེས་བྱ་བ་ནི་ཤི་ནའོ་ཞེས་བྱ་བར་སྦྱར་རོ། །ཤི་བའི་དོན་དུ་མངལ་དང་བཅས་པའི་ལྟོ་བ་མཉེས་པ་ལས་གང་གི་མངལ་དུ་ཤི་བ་ལ་མ་བསམས་པ་ཉིད་དེ། ཤི་བ་ལ་སྦོམ་པོའོ་ཞེས་བྱ་བའི་དོན་ཏོ། བསམས་པ་ཤོས་ཤི་བ་ཕམ་པ་ཉིད་དེ། འདིར་ངེས་པ་འདི་ལ་འབྲེལ་པ་ཡིན་
ཏེ། འདི་ལ་གསོད་པར་འགྱུར་ཞེས་བྱ་བའོ། །དེ་ལྟར་ཡིད་ལ་འབྲེལ་བར་གྱུར་པ་ལ་ཡོངས་སུ་མ་སྤངས་པ་གང་ཡིན་པ་དེ་ལ་དེ་བས་ན་འདི་སྦོམ་པོའོ། །འཆི་བའི་བདག་ཉིད་ཅན་གྱི་ཉེ་བར་གསོད་པའི་མཚན་མ་ཅན་གྱིས་མཉེས་པ་ཡང་ཆོ་ག་འདི་དང་སྦྱར་བ་ཤི་བའི་དོགས་པ་ཡོད་པར་གྱུར་པ་ལས་
རྟོགས་པར་བྱའོ། །གཞི་དེ་ལས་གསོད་པ་ལ་འཇུག་པ་དང་དུ་ལེན་ནའོ་ཞེས་བྱ་བ་ནི་སྦོམ་པོའོ་ཞེས་བྱ་བར་སྦྱར་རོ། །གཞི་བྱེད་པ་པོ་གང་ལ་སྦོམ་པོ་འདི་དེའི་རྒྱུ་མཚན་དུ་གཞན་ལ་གསོད་པའི་དོན་གྱིས་འཇུག་པ་གང་ཡིན་པ་དེ་གཞི་དེ་ལ་སྦོམ་པོའོ། །འདིར་གཞུང་ནི་གཞན་ལས་ཚེ་དང་ལྡན་པ་ཉེ་སྡེའི་
དབང་དུ་མཛད་ནས་གསུངས་པ། ཉེ་སྡེ་ཁྱོད་ཀྱིས་མངལ་ན་གནས་པ་རླུགས་པར་བྱས་སམ། བཙུན་པ་བདག་གིས་མངལ་ན་གནས་པ་རླུགས་པར་མ་བགྱིས་ཏེ། འོན་ཀྱང་བདག་གིས་དང་དུ་བླངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་ཀྱིས་དེ་ལྟ་བུའི་གནས་པ་
དང་དུ་བླང་བར་མི་བྱའོ། །གལ་ཏེ་དང་དུ་ལེན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེའི་དོན་དུ་མདོ་འདི་བྱས་སོ། །ཁྱོད་ཀྱི་མིང་གིས་འཆི་བའི་ཡོ་བྱད་སྦྱིན་ནོ་ཞེས་ཟེར་བ་ཡང་ངོ་ཞེས་བྱ་བ་ནི་འདི་ལྟ་བུའི་ཚིག་འདི་ལ་ཡང་གཞི་བྱས་པ་ལ་སྦོམ་པོའོ། །ཇི་སྐད་དུ་དགེ་
Vol. 160 · folio 99b
སློང་མའི་རྣམ་པར་འབྱེད་པ་ལས་ཁྱོད་ཀྱི་མིང་གིས་ཕྱེ་མ་སྦྱིན་ནོ་ཞེས་བྱ་བ་བརྗོད་པ་ལ་དགེ་སློང་མས་གཞི་བྱས་ཏེ། ཇི་སྲིད་དུ་བདེན་པར་དགེ་སློང་མ་ཁྱོད་མངལ་རླུགས་པར་བྱས་པ་བདེན་ནམ། བཙུན་པ་བདག་གིས་མངལ་ན་གནས་པ་རླུགས་པར་མ་བགྱིས་ཏེ། འོན་ཀྱང་བདག་གིས་དང་དུ་
བླངས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བོས་ཏེ་བཀའ་སྩལ་པ། དགེ་སློང་མས་གནས་རྣམ་པ་དེ་ལྟ་བུ་དང་དུ་བླང་བར་བྱ་བ་མ་ཡིན་ཏེ། དང་དུ་ལེན་པར་བྱེད་ན་ཉེས་པ་སྦོམ་པོའི་ལྟུང་བ་འཕེལ་བར་འགྱུར་རོ་ཞེས་བྱ་བ་གསུངས་ཏེ། དེ་བས་ན་མདོ་འདི་བྱས་པ་ཡིན་
ནོ། །ཆོ་ག་འདི་ལ་འདི་སྦྱོར་ཅིག་ཅེས་བྱ་བ་འདི་ལྟ་བུའི་གཞི་བྱས་པའི་དབང་དུ་བྱས་ནས་འདི་གཉིས་ནི་སྦོམ་པོའི་ལྟུང་བ་ལ་བཏགས་པའོ། །བདག་གི་ཕྱིར་ཉེས་པ་སྦོམ་པོའི་དགོངས་པ་ཉིད་འདི་དགེ་སློང་གི་རྣམ་པར་འབྱེད་པ་ལས་འགལ་ཚབས་དང་བཅས་པའི་ཚིག་ཅན་རང་གིས་འཇུག་པ་
རབ་ཏུ་རིག་པ་ལ་གཞི་བྱེད་པ་འདི་ཡིན་གྱི་སྣང་བ་དང་བསླངས་པ་ལ་ནི་མ་ཡིན་ནོ། །དེ་བས་ན་རྣམ་པར་སྦྱར་བ་ཉིད་ཀྱི་ཕྱིར་གོ་བར་བྱེད་པ་ཉིད་ཡོད་ཀྱང་མི་སྨྲ་བའི་ངོ་བོར་གཞི་བྱས་པ་ལ་འདིར་སྦོམ་པོར་རྣམ་པར་ཤེས་པ་སྟེ་ཕམ་པ་ལ་ནི་མ་ཡིན་ནོ། །གཞན་དུད་འགྲོ་མ་ཡིན་པ་དང་སྤྲུལ་པ་བསད་
པ་ལས་ཡང་ངོ་ཞེས་བྱ་བ་ལ་ཡང་ངོ་ཞེས་བྱ་བའི་སྒྲ་ནི་སྦོམ་པོའོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་རོ། །མིའི་འགྲོ་བ་ལས་གཞན་པའི་སྤྲུལ་པ་དུད་འགྲོ་སྤངས་པ་ལ་ཡང་གསོད་པ་ལ་སྦོམ་པོའོ་ཞེས་བྱ་བའི་དོན་ཏོ། །འདི་ནི་དངོས་གཞིའི་ཆོ་ག་ལ་ལྟོས་པའོ། །འདི་ལས་སྲོག་ཆགས་སུ་
གྱུར་པ་མ་ཡིན་པའི་སྤྲུལ་པ་ལ་འདིར་བཀག་པའོ། །འདིར་གཞུང་ནི་ཚེ་དང་ལྡན་པ་རྣམས་མི་མ་ཡིན་པ་ཤིན་ཏུ་ཆེན་པོ་བསད་ཀྱང་སྦོམ་པོར་ཟད་དོ་ཞེས་གསུངས་པ་ཡིན་ནོ། །སྤྲུལ་པའི་ཕྱིར་གཞུང་ནི་གཏམ་གྱི་གཞི་ལས། འགྲོ་བ་ཐམས་ཅད་དུ་མ་གཏོགས་པ་གང་ཡིན་པའོ། །མྱ་ངན་ལས་
འདས་པ་ཡང་མ་ཡིན། རྒྱལ་བའི་བསྟན་པ་ལ་མི་འཇུག་པ་ཡང་ཡིན་ནོ། །ཡོངས་སུ་མྱ་ངན་ལས་འདས་པ་མ་ཡིན་ནོ། །དེས་དེ་ལ་སྨྲས་པ། ཁྱོད་ནི་སྤྲུལ་པ་སྟེ་སྲོག་བཅད་ན་ལྟུང་བ་ཅིར་འགྱུར། བཀའ་སྩལ་པ། ཉེས་པ་སྦོམ་པོར་རོ། །གཞན་ལས་ནི་རོ་ལངས་ཀྱི་བསམ་པས་
Vol. 160 · folio 100a
སྤྲུལ་པ་གསོད་པར་བྱེད་ན་ཞེས་གསུངས་སོ། །གཞན་དུ་ཡང་དེ་དང་འདྲ་བ་ཉིད་ཀྱི་ཕྱིར་འདི་རྣམ་པར་གཞག་གོ། །དུད་འགྲོ་གསོད་པ་ལྟུང་བྱེད་འབའ་ཞིག་པར་བྱས་པ་ཉིད་ཀྱི་ཕྱིར་སྤོང་བའོ། འདིར་དུད་འགྲོ་འགྲོ་བ་པའི་སྤྲུལ་པ་ལ་མིར་འདུ་ཤེས་པས་འགྲོ་བ་
གཞན་གྱི་ངོ་བོས་གནས་པ་ལ་གཞན་གྱི་འགྲོ་བ་པ་ཡང་མིའི་འགྲོ་བའི་ངོ་བོ་སྟེ། འདུ་ཤེས་ཀྱིས་འདི་རྣམ་པར་གནས་པའི་ཕྱིར་དོན་ཇི་ལྟ་བ་ཉིད་ལ་དངོས་གཞིའོ། །དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ཉེ་བའི་དངོས་གཞིའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ལྟུང་བ་རྟོགས་པར་བྱའོ། །
དྲི་བར་བྱས་པ་ལ་མ་སྨྲས་པར་ནད་པ་ལ་སྨན་སྦྱིན་པར་མི་བྱའོ་ཞེས་བྱ་བ་ནི་གསོ་བ་ལ་མཁས་པས་ཚངས་པ་མཚུངས་པར་སྤྱོད་པའི་ནད་གཡོག་བྱའོ་ཞེས་གསུངས་པའི་ཚིག་གིས་གསོ་བར་བྱ་བ་ལ་མཁས་པ་མ་ཡིན་པ་དེའི་ཕྱིར་འདི་བཏགས་པའོ། །འདིར་སུ་ཞིག་ལ་མངོན་པར་དྲི་བར་
འདོད་ན་གང་གིས་མ་སྨོས་པའི་སྨན་སྦྱིན་པར་མི་བྱ་ཞེ་ན། དེའི་ཕྱིར་སྨན་པ་དང་དེ་རབ་ཏུ་བྱུང་བ་དང་། བཀོལ་བ་རྣམས་ལ་དྲི་བར་བྱ་བ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། དེ་རབ་ཏུ་བྱུང་བ་ཞེས་བྱ་བ་ནི་སྨན་པ་རབ་ཏུ་བྱུང་བའོ། །འདིར་བཀོལ་བ་ལ་ཡང་ངོ་ཞེས་བྱ་བའི་སྒྲ་བཀོལ་བ་ཞེས་བྱ་བ་ཡང་སྦྱར་
རོ། །དེས་བཀོལ་བ་ཞེས་བྱ་བའི་སྨན་པས་བཀོལ་བའོ། །ནད་ཀྱིས་ཀྱང་ངོ་ཞེས་བྱ་བ་ནི་བཀོལ་བ་ཞེས་བྱ་བར་སྦྱར་ཏེ། ནད་ཀྱིས་བཀོལ་པར་གྱུར་པ་རྣམས་ལ་ཡང་དྲི་བར་བྱ་བའི་དོན་ཏོ། །དགེ་སློང་རྒན་རབས་རྒན་རབས་ཤེས་རབ་ཅན་རྣམས་ལ་ཡང་ངོ་ཞེས་བྱ་བ་ནི་དྲི་བར་བྱ་བ་ཉིད་དོ་ཞེས་བྱ་
བར་སྦྱར་རོ། །སྔ་མ་ཉིད་མེད་ན་ཕྱི་མ་ལའོ་ཞེས་བྱ་བ་ནི་དྲི་བར་བྱ་བ་འདི་རྣམས་ལ་གང་ཞིག་འདི་ལ་སྔ་རོལ་དུ་མེད་པ་ལ་འདིར་གཞན་ལ་དྲི་བར་བྱ་བ་ཉིད་དོ། །འདི་རྣམས་ཀྱི་སྔ་མ་ནི་ཤིན་ཏུ་མཁས་པ་ཡིན་ཏེ། དྲི་བ་འདི་ནི་རྫས་ཀྱི་དོན་དུ་སྟེ། མེད་པ་ལ་ནི་ཕྱི་མ་ལ་དྲི་བའོ། །ཕུན་སུམ་ཚོགས་
པ་ལས་དྲི་བར་རིགས་ཏེ། སྨན་པ་མེད་ན་དེ་རབ་ཏུ་བྱུང་བ་ཞེས་བྱ་བ་ལ་སོགས་པའོ། །ཕན་པར་འདོད་པ་ཉིད་ཀྱིས་འཆི་བའི་ཕྱིར་སྨན་མ་ཡིན་པ་སྦྱིན་པ་ལ་ནི་ན་སྨད་པ་མེད་དོ་ཞེས་བྱ་བ་ནི་རང་གིས་བསྒོ་བ་མ་བྱས་པར་ཅི་ཞིག་སྙམ་དུ་འདི་ལྟར་ཕན་པར་འདོད་པས་འཆི་བའི་དོན་དུ་སྨན་མ་ཡིན་
Vol. 160 · folio 100b
པ་སྦྱིན་པ་ལ་ན་སྨད་པ་མེད་དོ། །ཕན་པར་འདོད་པ་ཉིད་ཀྱིས་སྦྱིན་པ་འདི་དེའི་ཕྱིར་སྐྱོན་མེད་པ་ཉིད་དང་། ན་སྨད་པ་ལ་ཡང་འདིར་གང་ཞིག་གིས་འདོད་པ་དེ་བཟློག་པའི་དོན་དུ་ཡོངས་སུ་རྫོགས་པ་ཉིད་འདིར་ཁ་ན་མ་ཐོ་བ་ཞེས་བྱ་བའི་དོན་ཏོ། །ཆོམ་རྐུན་པ་རྣམས་ཀྱི་ལག་པ་ལ་སོགས་པ་
བཅད་དེ་ཚོར་བས་གནོད་པར་འགྱུར་བ་རྣམས་ལ་འཆི་བར་བྱ་བའི་ཕྱིར་གང་ཞིག་དགེ་སློང་མས་འགྱུར་བྱེད་ཀྱི་ལན་ཚྭ་བྱིན་པ་ལས་མདོ་འདི་བྱས་སོ། །ཁུར་འདེགས་པར་མི་ནུས་པ་ལ་གྲོགས་ཉིད་མི་བྱའོ། །གལ་ཏེ་དེ་ལྟ་བུའི་རྐྱེན་གྱིས་མ་བྱིན་མ་དག་རུབ་པ་ཉིད་ལ་ཅིག་ཅར་འདེགས་པར་
སྐད་སྦྱར་ཏེ་བྱའོ་ཞེས་བྱ་བ་ནི་བྱའོ་ཞེས་བྱ་བ་བྱེད་པའི་ཚིག་དང་པོར་སྨོས་པ་ན་འདིར་ཡང་ཅི་དགར་བསྟན་པ་ཡིན་ནོ། །ཁུར་འདེགས་པར་མི་ནུས་པ་ཉིད་ལ་བར་བར་དུ་དེ་ལ་བརྩན་པའི་དོན་དུ་ནུས་པའི་ཁྱིམ་དུ་གནས་པ་རྣམས་ཀྱིས་རུབ་པ་ཉིད་ཤེས་པར་བྱའོ། །གནས་པ་ཙམ་གྱིས་ཉེ་བར་
གནས་པ་རྣམས་ནི་མ་ཡིན་ནོ། །དེ་འདེགས་པའི་དུས་ནི་ཅིག་ཅར་འདེགས་པར་སྐད་སྦྱར་ཏེ་ཞེས་བྱ་བ་ནི་ཁྱིམ་པ་རྣམས་ལ་བསྒོ་བར་བྱ་ཞིང་སྐད་སྦྱར་ནས་གདེག་པར་བྱའི། ཅིག་ཅར་དུ་མི་བྱ་ཞེས་བྱ་བའི་དོན་ཏོ། །གཞག་པ་ལ་ཡང་ཅིག་ཅར་ཉིད་དུ་སྐད་སྦྱར་བར་བྱའོ་ཞེས་བྱ་བ་ནི་ཁུར་མི་
བཟོད་པ་དེ་ལ་གདེག་པའི་དུས་དང་གཞག་པ་ལ་ཡང་ཅིག་ཅར་ཉིད་དུ་སྐད་སྦྱར་ཏེ་བྱའོ། །སོ་ཕག་མི་འཕང་ངོ་ཞེས་བྱ་བ་ནི་ལག་ནས་ལག་ཏུ་སྦྱིན་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ནི་ལག་གི་ལས་དག་བྱེད་པ་ལ་བསྟན་པ་ཡིན་ཏེ། གང་གི་ཚེ་བརྗོད་དོ། །བྱེ་བ་དང་གས་པ་མ་བརྗོད་པར་དེ་ཉིད་
སྦྱིན་པར་མི་བྱའོ་ཞེས་བྱ་བ་ལ། དེ་ཉིད་ཅེས་བྱ་བ་ནི་བྱེ་བ་དང་གས་པ་ཉིད་དོ། །རྐུན་པོ་སྤ་བཀོང་བའི་ཕྱིར་ཚམ་ངམ་བྱའོ་ཞེས་བྱ་བ་ནི་ཅི་དགར་བསྟན་པའི་དོན་དུ་དང་པོ་བྱའོ་ཞེས་བྱ་བའི་ཚིག་གོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་དང་པོ་ཆོ་གའི་ཚིག་རྣམས་ལ་རིག་པར་བྱའོ། །གཎྜཱི་ལ་སོགས་པ་
མི་འཕོག་པར་འཕང་ངོ་ཞེས་བྱ་བ་ནི་ཇི་ལྟར་གཎྜཱི་ལ་སོགས་པ་ཆོམ་རྐུན་པ་རྣམས་ལ་ཕོག་པར་མི་འགྱུར་བ་དེ་ལྟར་འཕང་བར་བྱ་སྟེ། ཅི་ནས་ཀྱང་གཞན་ལ་གནོད་པར་མི་འགྱུར་བར་བྱ་བའི་དོན་ཏོ། །རྫི་ཕྱོགས་ན་རྡུལ་གྱི་བུམ་པ་དང་ཐལ་བའི་གྱོ་མོ་ཡང་ངོ་ཞེས་བྱ་བ་ནི་འདིར་ཕོག་པ་ཡོངས་
Vol. 160 · folio 101a
སུ་སྤོང་བ་ནི་མ་ཡིན་ཏེ་དེའི་ཕྱིར་འདིས་རྩོམ་པའོ། །རྡུལ་གྱི་བུམ་པ་དང་ཐལ་བའི་གྱོ་མོ་སྟེ་ཞེས་བྱ་བའི་བསྡུ་བའོ། །རྡུལ་དང་ཐལ་བ་དག་ནི་དཔེ་ཡིན་ཏེ། རྡུལ་འབྱིན་པའི་རྫས་རྣམས་ལ་བུམ་པ་དང་གྱོ་མོ་དག་ཀྱང་དེ་སྡུད་པར་བྱེད་པ་པོས་སོ། །འུར་རྡོ་བཅང་བར་བྱའོ་
ཞེས་བྱ་བ་ནི་རྐུན་པོ་སྤ་བཀང་བར་བྱ་བའི་ཕྱིར་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་འཕེན་པར་བྱའོ། །འདིར་འུར་རྡོ་འཕངས་པའི་དགོས་པ་ནི་ཆོམ་རྐུན་པ་རྣམས་ཕམ་པར་བྱ་བའི་དོན་དུ་ཆགས་པ་ཡོངས་སུ་སྤངས་པས་འདི་བཅང་བར་བྱ་སྟེ། འདིའི་དོན་དུ་ཞེས་བྱ་བ་འདིས་བྱ་བ་ཉིད་དོ། །
དགེ་སློང་ངལ་བ་མི་ཕུལ་ལོ་ཞེས་བྱ་བ་ནི་གཞན་ངལ་བ་ལ་དེ་དང་འདྲ་བས་ཉེས་བྱས་ཕྲ་མོར་རིག་པར་བྱའོ། །དེའི་གྲོགས་བྱའོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་དགེ་སློང་ངལ་བ་དེའོ། །ཆོས་འདི་པའི་རབ་ཏུ་བྱུང་བ་ཉིད་འདི་ལྟ་བུའི་རིགས་ཅན་རྣམས་ལ་དགེ་སློང་གི་ཚིག་རྣམ་པར་གནས་
སོ། །དེ་བས་ན་དགེ་ཚུལ་ལ་ཡང་འདི་བྱའོ་ཞེས་བྱ་བར་རིག་པར་བྱའོ། །གྲོགས་ཇི་ལྟ་བུས་ཤེ་ན་དེའི་ཕྱིར་ངལ་སོར་གཞུག་གོ། །སྣོད་སྤྱད་བླང་བར་བླའོ། །གལ་ཏེ་ལྷན་ཅིག་ཏུ་གནས་སུ་ཕྱིན་པར་མི་ནུས་ལ་ཟན་དང་སྒོམ་གྱི་དུས་སུ་མ་ཡིན་ན་ལྷུང་བཟེད་བཀྲུ་བ་དང་བྱུག་རིས་གཞག་པ་དང་བྱིན་
ལེན་དང་བརྟག་པར་བྱའོ་ཞེས་བྱ་བ་ནི་གལ་ཏེ་ཁྱོད་ལ་གྲོགས་པོ་དང་མཉམ་པར་གནས་སུ་ཕྱིན་པར་མི་ནུས་ལ་ཟན་དང་སྐོམ་གྱི་དུས་སུ་མ་ཡིན་ན་ལྷུང་བཟེད་བཀྲུ་བ་དང་བྱུག་རིས་གཞག་པ་དང་བྱིན་ལེན་དང་བརྟག་པར་བྱའོ། །གལ་ཏེ་དུས་སུ་ན་ཁྱེར་ཏེ་བསུ་བར་བྱའོ་ཞེས་བྱ་བ་ནི་ཅི་སྟེ་དུས་
ལ་ཡང་ཟས་དང་བཏུང་བ་དག་ལ་ཕྱིན་པར་ནུས་པ་མེད་ན་དེའི་ཕྱིར་ཁྱེར་ཏེ་བསུ་བར་བྱས་ཏེ་ཟན་དང་སྐོམ་དེ་བླངས་ནས་ཞེས་བྱ་བའི་དོན་ཏོ། །འདིར་ལྟུང་བས་ནི་ཕྱི་དྲོ་བཟུང་ངོ་ཞེས་བྱ་བ་ཤུགས་ཀྱིས་གོ་བར་བྱའོ། །ཕམ་པར་འགྱུར་བ་གསུམ་པའི་རྣམ་པར་འབྱེད་པའོ།། །།
མིའི་འགྲོ་བ་པའི་ལག་པ་གཅོད་པ་ནི་སྦོམ་པོའོ། །ནགས་མེས་གཏོང་ནའོ་ཞེས་བྱ་བ་ནི་དེ་ལས་སྲོག་ཆགས་གསད་པར་མ་བསམས་ཀྱང་སྤྱིར་སྲོག་ཆགས་མང་པོ་ཡོད་པའི་བློས་འདི་ནི་སྦོམ་པོའོ། །སྲོག་ཆགས་ཉུང་ངུའི་བློས་ནི་འདི་ཉེས་བྱས་སུ་རྣམ་པར་གཞག་པའོ། །མེད་པར་ངེས་པ་
Vol. 160 · folio 101b
ལ་ལྟུང་བ་མེད་དོ། སྲོག་ཆགས་རྣམས་ལ་མ་ལྟོས་པར་མཉམ་པར་སྤྱོད་པ་ཉིད་ཀྱི་ཕྱིར་འདིར་འདི་རྣམ་པར་ཤེས་པའོ། །སྦྱོར་བ་ཐོབ་པའི་ཕྱིར་འདི་མ་སྨོས་སོ། །འདིར་དངོས་གཞི་རྣམས་ལ་མཚན་ཉིད་ཇི་ལྟ་བར་རྟོགས་པར་བྱ་བ་ཉིད་དེ་གནོད་པ་མེད་པའི་ཕྱིར་སྲོག་གཅོད་པ་ནི་ནགས་ལ་
མེས་གཏོང་དུ་འཇུག་པ་ལ་མེད་པ་ལ་ངེས་པ་ཡོད་པར་འགྱུར་བ་ལ་མི་སྐྱེད་དོ། །ཡོད་པའི་བློ་ལ་ཉེས་བྱས་ཙམ་པོར་འགྱུར་བ་ལ་ཡང་ཇི་ཙམ་དུ་ཉེས་བྱས་འདིར་རིགས་སུ་གྱུར་པ་གང་ཡིན་པ་རྣམས་ལ་སྤྱིའམ་བྱེ་བྲག་གཅིག་ཏུ་མ་ཟད་ཀྱི་དེ་རྣམས་ཤི་བ་ལ་དེའི་རིགས་ཡོངས་སུ་རྫོགས་པའི་
རྗེས་ལ་ན་སྨད་པར་གྱུར་པའི་ལྟུང་བ་དེ་ཙམ་དག་ལ་སྐྱེད་པའོ། །གལ་ཏེ་མིའི་འགྲོ་བ་པ་རྣམས་ལ་ཉེས་པ་ཡོད་ན་ནི་སྦོམ་པོའོ། །ཅི་སྟེ་དུད་འགྲོ་རྣམས་ལ་ནི་ཉེས་བྱས་སོ། །གཞན་དུ་གནོད་པ་ལ་ནི་དེ་ལས་ཀྱང་ན་སྨད་པ་སྟེ་དེ་ཙམ་དག་ལ་མངོན་པར་འབྲེལ་བའི་ཕྱིར་གསོད་པ་དང་སྦ་བ་ལ་འདི་བཅད་
ནས་འདིར་ལ་ལ་ཐམས་ཅད་གང་ཡིན་པ་འདི་ནི་རྒུད་པར་གྱུར་ཅིག་ཅེས་བྱ་བས། དེ་རྣམས་ཤི་བ་ལ་ཇི་ལྟར་ཇི་ཙམ་དུ་སྲོག་ཆགས་དེ་དང་རྗེས་སུ་མཐུན་པའི་ལྟུང་བ་རྣམས་ཀྱང་དེ་ཙམ་མོ། །རྣམ་པར་གཅད་པ་ལ་རི་དགས་རྣམས་ཉིད་ཤི་བར་གྱུར་ཅིག་ཅེས་བྱ་བས་གལ་ཏེ། དེ་མ་ཡིན་ན་དེར་མི་ལ་སོགས་
པ་གཞན་རྣམས་མེད་པའམ་ཡོད་པར་གྱུར་པ་མ་བཟུང་བར་ཤེས་པ་ཉིད་ལ་མངོན་པར་བརྟེན་པའི་རི་དགས་རྣམས་ལ་ཇི་ལྟ་བར་བྱས་པའི་ཁ་ན་མ་ཐོ་བ་དང་མ་ཤེས་པའི་མི་ལ་སོགས་པ་རྣམས་ལ་ནི་མ་ཡིན་ནོ། །གལ་ཏེ་ཤེས་པ་ཉིད་མི་རྣམས་ལ་ཡང་འདིར་དུད་འགྲོ་གཞན་རྣམས་ཡོད་དེ་དེ་ཡང་རི་དགས་
རྣམས་ལ་ཇི་ལྟ་བར་བརྗོད་པ་མི་རྣམས་ཤི་བ་ལ་སྦོམ་པོ་དང་གཞན་རྣམས་ལ་ནི་ཉེས་བྱས་སོ། །ཤི་བ་ལས་གཞན་པའི་གནོད་པ་གཉིས་ཀ་ལ་ཉེས་བྱས་ཉིད་དོ། །སྐྲ་ཅན་འཚོང་ནའོ་ཞེས་བྱ་བ་ནི་མིའི་འགྲོ་བ་པ་འཚོང་ན་ནི་སྦོམ་པོའོ། །འདིར་གཞུང་ནི་ཉེ་དགས་ཤ་ཟའི་བུ་གཅིག་བཟུང་སྟེ་བྲོ་གར་
མཁན་ལ་བཙོངས་པ་ནས། ཇི་སྲིད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་སྐྲ་ཅན་བཙོང་བར་མི་བྱའོ། །བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་བར་དུ་གསུངས་པ་ཡིན་ནོ། །གང་གིས་བརྐུས་པ་དེ་བླའི་གྲར་འབུལ་ནའོ་ཞེས་བྱ་བ་ཡང་སྦོམ་པོའོ་ཞེས་བྱ་བར་
Vol. 160 · folio 102a
སྦྱར་རོ། །ཡོངས་སུ་དོར་བར་གྱུར་པ་ནི་བཏང་བ་འདིའོ། །འཚོང་ན་ཞེས་བྱ་བ་འདི་ལ་སྦོམ་པོར་ཤེས་པའོ། །འདི་གཉིས་ཀ་ལ་མངོན་པར་མ་བསམས་པས་གནོད་པ་གཅིག་པུ་འདི་ཉིད་ཁ་ན་མ་ཐོ་བ་མེད་པ་ཉིད་དོ། །མངོན་པར་བསམས་པའི་གནོད་པ་ལ་ནི་དེ་བསྒྲུབ་
པར་གྱུར་པ་ལ་གནོད་པ་ཇི་ལྟ་བར་ཁ་ན་མ་ཐོ་བའོ། །ཕྲན་ཚེགས་ཀྱི་སྐབས་སོ།། །།སྟོན་པས་བསྒོ་ནའོ་ཞེས་བྱ་བ་ནི་གསད་པའི་སེམས་ཀྱིས་གང་ཞིག་གསོད་པ་ལ་རང་གི་བསམ་པ་ཉིད་ཀྱིས་བསད་པ་དེའི་དོན་དུ་རྗེས་སུ་འབྲེལ་པས་སྟོན་པ་སུ་ཞིག་ལ་བརྗོད་པ་ནི་སྟོན་པའོ། །
གསོད་པར་བྱེད་པ་ལ་གསད་པའི་ཕྱིར་བསྒོ་བ་བྱས་པ་ཡིན་ཏེ། དེ་གསོད་པར་བྱེད་པ་ལ་བསད་དུ་ཟིན་ཀྱང་དེ་བསྟན་པ་དེས་གསད་པར་གྱུར་པས་འདིར་ཕམ་པ་བསྐྱེད་པ་ཞེས་བྱ་བའི་དོན་ཏོ། །མ་དང་མངལ་ན་གནས་པ་གཉིས་ནི་དཔེའོ་ཞེས་བྱ་བ་ནི་གསད་པར་བྱ་བ་མང་པོའི་རྗེས་སུ་གསོད་པར་བྱེད་པས་
སུ་ཞིག་བགྲང་བ་དེ་རྣམས་ལ་གསད་པར་བྱ་བ་གང་ལ། གསོད་པའི་སེམས་ཉེ་བར་གནས་པར་གྱུར་ལ་དེ་བསྟན་པའི་ཕྱིར་མ་བསམས་པ་གཞན་ཐམས་ཅད་ཀྱང་སྟོན་པར་བྱེད་ཅིང་དེ་ནི་ཞར་ལ་སྦོམ་པོའོ། །དེར་སྦོམ་པོ་དེ་ནི་མ་བསམས་པ་ལ་མ་དང་མངལ་ན་གནས་པ་དག་ལ་དཀུ་མཉེས་པ་ཞེས་བྱ་བ་
འདིས་བསྟན་པར་རིག་པར་བྱ་སྟེ། འདིར་མ་དང་མངལ་ན་གནས་པ་གཉིས་ནི་དཔེ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་གསོད་ན་སྦོམ་པོ་ཞེས་བྱ་བ་ནི་གསད་པའི་ཕྱིར་རྗེས་སུ་བསྒྲུབ་པ་ལས་འདིར་ལྟུང་བ་རྣམ་པར་གཞག་པའི་བསད་པ་ལས་ནི་མ་ཡིན་ནོ། །དེ་བས་ན་འདིར་ཚེ་རབས་གཞན་དུ་
ལས་ཀྱིས་ལམ་སྐྱེ་བ་མེད་དོ། །སེམས་གྱུར་པ་མེད་པར་ལེགས་པར་བྱས་ནས་ཉེས་བྱེད་དོ་ཞེས་བྱ་བ་ནི་མ་བསམས་པའི་འབྲས་བུ་གང་ཞིག་མ་ལེགས་པར་བྱས་པ་དཔེར་ན་གསད་པར་བྱ་བ་བསྟན་པ་དེ་ནི་ཉེས་བྱེད་དེ་ལེགས་པར་བྱེད་པ་མ་ཡིན་ནོ། །དེ་བས་ན་སེམས་འགྱུར་བ་མེད་པ་ཉིད་ཡོད་ཀྱང་འདི་
ནི་ཉེས་བྱས་སུ་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཆེད་དུ་མ་བསམས་པར་གྲུབ་པ་ནི་བྱེད་པ་པོ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་མ་བསམས་པའི་འབྲས་བུ་གང་ཞིག་ལས་སྐྱེ་བ་དཔེར་ན་བཞད་གད་ཀྱི་བསམ་པས་མཚོན་འཕངས་པས་ཤི་བའི་གསོད་པར་གཏོགས་པ་གྲུབ་པ་དེ་ནི་ལྟུང་བའི་བྱེད་པ་པོ་ཉིད་མ་ཡིན་
Vol. 160 · folio 102b
ཏེ། དེ་ལ་ནི་མཚོན་འཕངས་པ་ལས་དེར་ལྟུང་བ་ཁོ་ན་སྟེ། ཤི་བ་ལས་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་བཞད་གད་དུ་གཞན་ལ་མཚོན་འཕངས་པས་རྐྱེན་དེས་དུས་བགྱིས་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཚེ་རབས་གཞན་
དུ་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་བསད་པ་ལ་སོགས་པའི་སྦྱོར་བ་བྱས་ནས་ཐོག་མར་ཤི་བར་གྱུར་པའི་སྲོག་ཆགས་པ་ལ་སོགས་པ་མི་བསྐྱེད་དེ་སྦྱར་བ་ཙམ་ཉིད་ལས་དེར་ལྟུང་བའོ། །ཕམ་པར་གྱུར་པ་གསུམ་པའི་ཞུ་བའི་སྐབས་སོ།། །།སྦོམ་པོ་ནི་ཁོ་བོ་འཆི་བར་འོང་ངོ་ཞེས་དེ་སྐད་ཟེར་བ་ལ་ཡིད་
མི་ཆེས་ཤིང་དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་ནའོ་ཞེས་བྱ་བ་ལ། སྦོམ་པོ་ནི་ཞེས་བྱ་བའི་ཚིག་དང་པོར་སྨོས་པ་ནི་དབང་དུ་བྱ་བ་བསྟན་པའི་ཕྱིར་ཏེ། གལ་ཏེ་ནད་པ་ན་རེ་བདག་ལ་ཁྲུས་དང་བསྐྱོད་པ་ལ་སོགས་པ་ཅུང་ཟད་བྱེད་ན་གདོན་མི་ཟ་བར་ཁོ་བོ་འཆི་བར་འོང་ཞེས་དེ་སྐད་ཟེར་བ་ལ་ཡིད་མ་ཆེས་ཤིང་
དེ་གཞན་ཉིད་དུ་ཁྲུས་ལ་སོགས་སྒྲུབ་པར་བྱེད་ན་སྦོམ་པོའོ། །ངེས་པར་འདིར་ལྟུང་བར་འགྱུར་བ་ལ་ཡང་རྩུབ་པས་ཉེ་བར་གནས་པ་ཞེས་བྱ་བ་ལྟུང་བ་འདིའོ། །ནད་པ་ཤི་བླའོ་ཞེས་གཡོག་མི་བྱེད་ནའོ་ཞེས་བྱ་བ་ནི་སྦོམ་པོ་ཞེས་བྱ་བ་དང་སྦྱར་རོ། །མེད་པར་བྱ་བ་མི་འཕྲོད་པ་སྦྱིན་ནའོ་ཞེས་བྱ་བ་ནི་ནད་པ་ལ་
ཞེས་བྱ་བ་དང་རྗེས་སུ་འབྲེལ་ལོ། །འདིར་ཡང་ཡིད་མ་ཆེས་པའི་ཕྱིར་ཤེས་པར་གྱུར་པ་ན་རྩུབ་པ་ཉིད་ལ་ཉེ་བར་གནས་པའོ། །འདིར་འཆད་པར་འགྱུར་བ་ལ་ཡང་སྦོམ་པོའོ། །འབྲས་ཡོངས་སུ་མ་སྨིན་པ་བརྟོལ་ནའོ་ཞེས་བྱ་བ་ནི་འདིར་ཡང་ངེས་པར་རྩུབ་པ་ཉིད་ཉེ་བར་གནས་པ་ཞེས་བྱ་བ་ལྟུང་བ་འདིའོ། །
དོང་དུ་འཇུག་པ་དང་སྒོ་གླེགས་ཀྱིས་བཙིར་བ་ལ་སོགས་པས་ཉོན་མོངས་པར་བྱེད་པའོ་ཞེས་བྱ་བ་ལ། འདི་ནི་གསད་པའི་སྦྱོར་བའི་རྣམ་པ་སྟེ་དེ་བས་ན་འདིར་སྦོམ་པོའོ། །གཡང་ས་ནས་མཆོང་བ་དང་འཆི་བ་ལ་སོགས་པ་ལ་འཆི་བའི་དོན་དུ་བསྒྲུབ་པ་ཡང་ངོ་ཞེས་བྱ་བ་ནི་ཡང་གི་སྒྲས་ནི་སྦོམ་པོའོ་ཞེས་བྱ་བ་དེའི་
རྗེས་སུ་བསྙག་པའི་ཕྱིར་རོ། །འདིར་གཞན་ཤི་བ་ཡོད་པར་གྱུར་པ་ལ་ཕམ་པ་སྟེ་མེད་པར་གྱུར་ན་སྦྱོར་བ་ཉིད་ཀྱི་ཕྱིར་སྦོམ་པོ་འགྲུབ་པའོ། །དེ་བས་ན་བདག་ཉིད་གསད་པ་ལ་གཡང་ས་དེར་བཏང་བ་ལ་སོགས་པ་ལ་བཟུང་བར་རྟོགས་པར་བྱའོ། །འདིར་བདག་ཉིད་གསོད་པ་ལ་སྦོམ་པོ་སྟེ། དེ་བས་ན་འདི་
Vol. 160 · folio 103a
ཤི་བ་ལ་བརྗོད་དོ། །དེ་བས་ན་མེད་པར་གྱུར་པ་ལ་ཞེས་བྱ་བར་རྟོགས་པར་བྱའོ། །ནད་པ་ལ་བབ་ཅོལ་དུ་མཚོན་དང་ཐག་པ་སྦྱིན་པར་མི་བྱའོ་ཞེས་བྱ་བ་ནི་ནད་གཡོག་ལ་ཤི་བའི་ཡོ་བྱད་མ་ཡིན་ན་ཞེས་བྱ་བ་བརྗོད་ཟིན་ཏོ། །ནད་གཡོག་མ་ཡིན་པའི་དོན་དུ་ནི་རྩོམ་པ་འདིའི་
བབ་ཅོལ་དུ་ཞེས་བྱ་བའི་ཚིག་གིས་ཤི་བ་ལ་མ་ཡིན་པའི་ཡོ་བྱད་ཉིད་ཤེས་ནས་བྱ་བ་གཞན་གྱི་དོན་དུ་སྦྱིན་པར་བྱ་ཞེས་བྱ་བའི་དོན་ཏོ། །འདིར་ནི་མཚོན་དང་ཐག་པའི་ཚིག་ནི་དཔེ་ཡིན་ཏེ་ཁབ་ལ་སོགས་པ་རྣམས་ཀྱང་བསྡུས་པ་ཡིན་ནོ། །ཞལ་ཏ་བས་ཤེས་བཞིན་དུ་བྱའོ། །གསང་སྔགས་
ཀྱི་ཐལ་ལྕག་བྱ་བ་ཡང་ངོ་ཞེས་བྱ་བ་ནི་ཤེས་བཞིན་དང་ཞེས་བྱ་བ་དང་སྦྱར་རོ། །ཤེས་བཞིན་དུ་ཞེས་བྱས་པས་གདོན་གྱིས་ཟིན་པ་ཐར་བར་བྱ་བའི་གསང་སྔགས་སྔོན་དུ་འགྲོ་བས་གདོང་དུ་ཐལ་ལྕག་གིས་བསྣུན་པ་ནི་ཐལ་ལྕག་བསྣུན་པའོ། །ཤི་བ་དང་གནོད་པ་དང་གཞན་ལ་དགག་པའི་དོན་དུ་དེ་
ལྟ་བུའི་རིགས་ཅན་གྱི་ཐ་སྙད་རྣམས་སོ། །ཁོང་ནད་བསལ་བའི་ཕྱིར་དང་ཐོགས་པ་བསལ་བའི་ཕྱིར་བསྣུན་པ་ཡང་ངོ་ཞེས་བྱ་བ་ནི་མགྲིན་པ་ལ་སོགས་པའི་ལུས་ལ་ཅུང་ཟད་ནུས་པ་ལུས་ལས་དོན་གཞན་དུ་གྱུར་པ་ནི་ཐོགས་པའོ། །དེ་བསལ་བའི་ཕྱིར་བསྣུན་པ་གང་ཡིན་པ་དེ་ཡང་དག་པར་
ཤེས་ཤིང་སྦྱིན་པར་བྱ་ཞེས་བྱ་བའི་དོན་ཏོ། །དེར་འགྱུར་བས་ལེགས་པར་སོ་སོར་བརྟག་པར་བྱ་སྟེ་དྲིལ་བར་བྱའོ་ཞེས་བྱ་བ་ལ་དེར་གྱུར་པས་ཞེས་བྱ་བ་ནི་ཡང་དག་པར་ཤེས་པར་གྱུར་པ་ཤེས་བཞིན་ལ་གནས་པའོ། །དེ་ལྟར་སོ་སོར་བརྟག་པར་བྱ་སྟེ་རྡོ་བ་ལ་སོགས་པས་དྲིལ་བར་བྱའོ། །ཇི་
ལྟར་སུ་ཞིག་ལ་ཡང་གནོད་པར་མི་འགྱུར་བར་རོ། །གནོད་པར་བྱ་བ་མེད་པར་ཤེས་པའི་ཕྱིར་སོ་སོར་རྟོག་པ་འདིའོ། །དེ་བས་ན་གནོད་པ་བྱེད་པའི་རྡོ་བ་ལ་སོགས་པ་ལ་འདི་དྲིལ་བ་ཞེས་བྱ་བ་ལ་སོགས་པ་བརྟག་པར་བྱའོ། །ཕྱོགས་ཉུང་དུས་གདག་པ་ལྕི་བ་ལ་འབད་པར་མི་བྱའོ་ཞེས་བྱ་བ་ནི་ཉུང་
བའི་གསུམ་གྱི་ཚོགས་བརྩོན་པ་ཆ་ཤས་སུ་གྱུར་པ་ལྕི་བའི་ཁུར་གདེག་པར་བྱ་བའི་དོན་ཏོ། །སྤྱི་བོ་ཚུགས་སུ་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི་སྤྱི་བོ་ཚུགས་མཁན་ལྟར་རོ། །མ་བསླབས་པས་བསླབས་པ་ལ་སྦྱར་བར་མི་བྱའོ་ཞེས་བྱ་བ་ནི་མཚོན་གྱི་ལས་ལ་སོགས་པ་གཞན་ལ་གནོད་པའི་ཕྱིར་ནུས་
Vol. 160 · folio 103b
པ་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ། །མཚོན་འཕང་བ་ལ་བསྒོ་བར་མི་བྱའོ་ཞེས་བྱ་བ་ནི་དཔེར་ན་མདའ་འཕངས་ཤིག་དང་བལྟ་བར་བྱའི་ཞེས་བྱ་བའོ། །ནད་པ་མི་ནུས་པ་ལམ་དུ་མི་བཀྲིའོ་ཞེས་བྱ་བའོ། །ཕམ་པ་གསུམ་པ་འདུལ་བྱེད་ཀྱི་སྐབས་སོ།། །།གང་དུ་ཕམ་པར་
གྱུར་པ་བཞི་པ་ཞེས་བྱ་བ་ལ་ལྟོས་ནས་བརྗོད་པར་བྱ་སྟེ། དེའི་ཕྱིར་འདུ་ཤེས་བསྒྱུར་ཏེ་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་སྨྲ་ནའོ་ཞེས་བྱ་བ་ནི་གང་ཞིག་འདི་བདེན་པར་གྱུར་པ་དང་མིང་དུ་གྱུར་པའི་དོན་བཟུང་སྟེ་བསྒྱུར་ཏེ་སྦ་བར་བྱས་ནས་འོག་ཏུ་བྱས་ཏེ་བརྫུན་པའི་དོན་གྱིས་འདུ་ཤེས་གཞན་
གྱིས་བཀབ་ནས་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་བརྗོད་པ་ལ་ཅི་བདག་ཉིད་དམ་གཞན་ལ་ཞེས་བྱ་བ་ནི་བདག་ཉིད་ལའོ། །དེ་ཉིད་མཐོང་ངོ་བདག་མཐོང་ངོ་སྒྲ་ཐོས་སོ། །བདག་གིས་ཐོས་སོ། །འགྲོའོ། །བདག་གི་དྲུང་དུ་འོང་ངོ་། །ལྷན་ཅིག་ཏུ་གཏམ་འདྲེའོ། །ཕེབས་པར་
སྨྲའོ། །སོ་སོར་ཀུན་དགའོ། །བདག་དང་རྟག་དུ་ཡང་ལྷན་ཅིག་གནས་པར་བྱེད་དོ་ཞེས་སྨྲས་པ་འདི་ཉིད་དོ་ཞེས་བྱ་བ་མཐོང་ངོ་ཞེས་བྱ་བ་ལ། སོགས་པ་སྨྲས་པ་དེ་ཉིད་ནི་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་དུ་སྨྲ་བ་ཉིད་ཡིན་པར་བལྟ་བར་བྱའོ། །བདག་དང་ལྷན་ཅིག་གཏམ་འདྲེའོ་
ཞེས་བྱ་བ་འདིས་ནི་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཕན་ཚུན་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་དོ་ཞེས་དེ་ལྟར་ཡང་སྦྱར་བར་ཤེས་པར་བྱའོ། །ཅི་མཐོང་ངོ་། །བདག་མཐོང་ངོ་ཞེས་བྱ་བ་དེ་ཙམ་གྱི་ཚིག་ཁོ་ན་ལས་ཕམ་པར་འགྱུར་རམ། འོན་
ཏེ་ཟླ་ཅུང་ཟད་ཅིག་ལ་ལྟོས་ནས་ཡིན། དེ་ལྟར་ན་ཡང་ཟླ་གང་ཡང་རུང་བ་ཞིག་ཡིན་ནམ་འོན་ཏེ་ཁྱད་པར་ཅན་ཞིག་ཡིན་ནམ་ཞེ་ན། །དེའི་ཕྱིར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། སྲུལ་
པོ་དང་། ལུས་སྲུལ་པོའི་ཟླ་ཉིད་ལའོ་ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་ལྷ་རྣམས་བདག་གིས་མཐོང་ངོ་། །ལྷ་རྣམས་ཀྱིས་བདག་མཐོང་ངོ་། །ལྷ་རྣམས་དང་ལྷན་ཅིག་བདག་གནས་སོ་ཞེས་བྱ་བ་ཉེ་བར་གནས་པ་འདི་རྣམས་ཀྱི་ཚིག་དང་ལྡན་པས་བདག་ཉིད་མིའི་ཆོས་བླ་མ་དང་ལྡན་པ་ཉིད་སྨྲ་བ་ཞེས་བྱ་
Vol. 160 · folio 104a
བའི་དོན་ཏོ། །སྦོམ་པོའི་དབང་དུ་བྱས་པ་ཉིད་ནི་དུར་ཁྲོད་ཀྱི་ཤ་ཟའོ་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་ཤ་ཟ་བ་ལ་སོགས་པ་འགལ་བའི་ཟླ་ལ་བདག་གིས་རགས་པ་མཐོང་ངོ་ཞེས་བྱ་བ་འདི་ལྟ་བུ་ལ་སོགས་པ་ཚིག་རྣམས་གཞན་སོ་སོ་ཉིད་ཀྱི་ཕྱིར་འདི་ལ་དེ་ལྟར་འདི་དང་ལྷན་ཅིག་བདག་
ལ་སྟོད་པར་བྱེད་ཅེས་བྱ་བ་འདི་ཤེས་པའོ། །འབྲས་བུ་དང་ལྷན་ཅིག་ཏུ་མིའི་ཆོས་བླ་མ་བསྟན་པའི་ངོ་བོ་ཉིད་ལ་བརྗོད་པར་བྱ་སྟེ། མི་རྟག་པ་ལ་སོགས་པའི་འདུ་ཤེས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པ་རྣམས་དང་། འབྲས་བུ་རྣམས་
དང་། མངོན་པར་ཤེས་པ་ལ་སོགས་པ་ནི་ཆོས་བླ་མའོ་ཞེས་བྱ་བ་ནི་མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་
བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། རྣམ་པར་བསྔོས་པའི་འདུ་ཤེས་དང་། རྣམ་པར་རྣགས་པའི་འདུ་
ཤེས་དང་། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་གོང་གི་འདུ་ཤེས་དང་། སྟོང་པ་ཉིད་ལ་སོ་སོར་རྟོགས་པའི་འདུ་ཤེས་སོ་
ཞེས་བྱ་བའི་མདོ་སྡེ་རྣམས་ལས་ཡང་དག་པར་འབྱུང་བའི་འདུ་ཤེས་རྣམས་ཉེ་བར་བསྡུ་བའི་ཕྱིར་རོ། །མི་རྟག་པ་ལ་སོགས་པ་འདི་ལ་འདིར་སོགས་པའི་སྒྲ་དང་མངོན་པར་ཤེས་པ་ལ་སོགས་པ་ཞེས་བྱ་བ་འདིར་ཡང་སོགས་པའི་སྒྲས་འདི་ལྷག་མ་འདི་ལྟ་བུའི་རྣམ་པའི་ཡོན་ཏན་རྣམས་བསྡུ་བའི་དོན་
དུའོ། །སྦོམ་པོའི་དབང་དུ་བྱས་པ་ཉིད་ནི་ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་ཉོན་མོངས་པ་རྣམ་པར་གནོན་པའོ་ཞེས་བྱ་བ་ནི་མོས་པ་ཡིད་ལ་བྱེད་པའི་བདག་ཉིད་ཚད་མེད་པ་ལ་སོགས་པ་རྣམས་ལའོ། །དེ་ཁོ་ན་ཡིད་ལ་བྱེད་པའི་བདག་ཉིད་ཅན་རྣམས་ལ་ཡང་མི་རྟག་པའི་འདུ་ཤེས་
Vol. 160 · folio 104b
ལ་སོགས་པའི་དགེ་བའི་རྣམ་པ་རྣམས་ཡོངས་སུ་རྫོགས་པ་གང་ཡིན་པ་དེ་ལ་ཚུ་རོལ་གྱི་ཆ་གང་ཡིན་པ་དེ་འདིར་རང་གི་མཚན་ཉིད་འཛིན་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བརྗོད་པའོ། །ཞི་གནས་ཀྱི་དོན་ནི་ཏིང་ངེ་འཛིན་གྱི་དོན་ཏོ། །ཡོངས་སུ་རྫོགས་པ་དང་མི་རྟག་པ་ལ་སོགས་པའི་འདུ་ཤེས་
རྣམས་ལ་མི་རྟག་པ་ལ་སོགས་པའི་འདུ་ཤེས་ཉིད་ཀྱིས་བཀའི་ཚིག་གོ། །དེ་བས་ན་ཕྱིར་མི་བཟློགས་པས་བསྡུས་པའི་དགེ་བའི་རྩ་བ་རྣམས་ཡོངས་སུ་རྫོགས་པ་ལུང་བསྟན་པ་ལ་ནི་ཕམ་པའོ། །ཚུ་རོལ་ཉིད་ལ་ཡོངས་སུ་རྫོགས་པ་ལུང་བསྟན་པ་ནི་སྦོམ་པོའི་ལྟུང་བ་ཞེས་བྱ་བ་རྣམ་པར་གཞག་པ་རྟོགས་
པར་བྱའོ། །དེ་དང་ལྡན་པའི་ཆོས་ཅན་ཉིད་དུ་སྨྲ་བ་ནི་དེ་དང་ལྡན་པ་ཉིད་མ་སྨྲས་པ་མ་ཡིན་ནོ་ཞེས་བྱ་བ་ནི། དེ་དང་ལྡན་པ་ཉིད་ཀྱི་ཆོས་གང་ཡིན་པ་དེ་ལ་བརྗོད་པ་གང་ཡིན་པ་འདི་ནི་དེ་དང་ལྡན་པ་ཉིད་མ་ཡིན་ནོ། །དེ་བས་ན་མི་མ་ཡིན་པ་རྣམས་མི་འཚེ་བ་ཉིད་དང་། ཁྲ་བོ་བཀྲ་བ་ལ་སོགས་པ་
འཐོབ་པའི་ཆོས་ཞེས་བྱ་བ་ལ་སོགས་པ། རྒྱུན་དུ་ཞུགས་པ་ལ་སོགས་པའི་ཆོས་ཉིད་ཀྱིས་རྣམ་པར་གནས་པ་ལ་བརྗོད་པ་གང་ཡིན་པ་དེ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་མ་ཡིན་ཞེས་བྱ་བར་ཤེས་པར་མི་བྱ་སྟེ་བརྗོད་པ་འདི་ལ་ཕན་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ཡོད་དོ་ཞེས་རང་གི་བསམ་
པ་གཞན་ལ་སྦྱོར་ཞིང་སྟོན་པ་ཉིད་དོ་ཞེས་བྱ་བ་ནི་དགེ་སློང་ཡོད་དེ་གང་ཞིག་ལྷ་རྣམས་མཐོང་བ་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་བདག་ཉིད་ལ་དགོངས་ནས་འདི་ཡོད་དོ་ཞེས་བྱ་བ་བསམས་པས་ཚིག་གོ། །གལ་ཏེ་ཡང་དེར་བདག་ཉིད་མངོན་པར་བསམས་པ་དེ་ལྟར་ན་ཡང་གཞན་ལ་སྦྱོར་
བ་ཉིད་དེ་ལ་ཚིག་གི་ངོ་བོ་རང་དང་གཞན་ལ་སྦྱོར་བ་རྣམ་པར་གཞག་པ་རང་གི་བསམ་པས་གདུག་པ་ཅན་དང་གདུག་པ་ཅན་མ་ཡིན་པ་ཉིད་ལ་དེ་བས་ན་ཚིག་ལ་ཚིག་འདི་ལས་རྣམ་པར་གཞག་པ་མེད་དོ། །དེ་བས་ན་འདིར་ཁ་ན་མ་ཐོ་བ་མ་ཡིན་པ་ཆད་པ་ལ་ཕམ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་
ཏོ། །གལ་ཏེ་འདི་ཡོད་ཅེས་བསམས་པ་རྣམས་ལ་མ་བསྟན་པ་ཡང་བདག་ཅེས་བྱ་བ་ལ་སོགས་པའི་སྒྲས་ཉེ་བར་བསྡུ་བའོ། །འདི་ནི་བདག་ཉིད་ཅེས་བྱ་བ་ལ་སོགས་པར་འགྱུར་ན་དེའི་ཚེ་ན་ཡང་གཞན་ལ་སྦྱོར་ཞིང་ཞེས་བྱ་བ་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་ཉེ་བར་སྦྱོར་ན་མ་ཡིན་ནོ་ཞེས་བྱ་བ་
Vol. 160 · folio 105a
སྨོས་ཏེ། རང་ལ་ཞེས་བྱ་བར་སྦྱར་རོ། །དགེ་སློང་འདི་ཡོད་དེ་གང་ཞིག་ལྷ་རྣམས་མཐོང་ཞེས་བྱ་བ་འདི་ལ་གལ་ཏེ་རང་གི་སྟོན་པའི་སྒྲ་ལ་བདག་ཉིད་འདི་ཡིན་ཞེས་བྱ་བ་བསམ་པར་བྱེད་ན་དེ་བས་ན་གཞན་གྱི་བསྟན་པ་ཉིད་མ་ཡིན་ནོ། །རང་བསྟན་པ་ཉིད་ཀྱིས་དེར་
ལྟུང་བ་ཡོངས་སུ་རྫོགས་པ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་གཞུང་ནི་འདི་སྐད་ཅེས་ང་ཉིད་དོ་ཞེས་མི་སྨྲ་ན་ཞེས་བྱ་བ་ཡིན་ནོ། །མ་བསམས་པར་བསྟན་པར་མི་བྱའོ་ཞེས་བྱ་བ་ནི་ཇི་ལྟར་བསླུ་བའི་བློས་ཡིད་ཆེས་དང་བྲལ་བའི་ཚིག་གིས་གླགས་མི་རྙེད་པ་དེ་བཞིན་དུ། སོ་སོར་
བརྟགས་པ་མ་བྱས་པར་ལུང་བསྟན་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཕམ་པར་འགྱུར་བ་བཞི་པ་རྣམ་པར་འབྱེད་པའི་སྐབས་སོ།། །།བླ་མ་ཐོབ་པ་ཡོངས་སུ་ཉམས་པ་གོ་བར་བྱེད་པ་ནི་མ་བརྗོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་བདག་ཉིད་དམན་པ་སྟེ། བདག་ནི་དགེ་སྦྱོང་གི་འབྲས་བུ་
བཞི་ལས་ཉམས་པའོ་ཞེས་བྱ་བ་ལ་སོགས་པས་ཐོབ་པ་ལས་ཡོངས་སུ་ཉམས་པ་ལས་བསྟན་པ་གང་ཡིན་པ་དེ་ཡང་མིའི་ཆོས་བླ་མ་མ་བརྗོད་པ་མ་ཡིན་ཏེ་བརྗོད་པ་ཁོ་ན་ཉིད་ཡིན་པས། འདིར་གལ་ཏེ་བརྫུན་དུ་སྨྲ་བ་ཉིད་ཡོད་པར་གྱུར་པ་ལ་ཕམ་པར་མི་འགྱུར་བ་མ་ཡིན་ཏེ། ཕམ་པར་འགྱུར་
བ་ཁོ་ན་ཡིན་ནོ། །མ་ཐོབ་པ་ལ་ཉམས་པ་གང་ཞིག་བསྟན་པ་དེ་གལ་ཏེ་སྐྱོན་དང་བཅས་ན་ཁྱད་པར་སུ་ཞིག་སྲིད་པའི་འདུན་པས་ཡང་དག་པར་མཚོན་པ་ཉིད་དེ་ལ་རིག་པར་བྱའོ། །སླར་གང་ཞིག་སྐྱོན་དང་བྲལ་བ་དེ་ལ་སྐྱོན་དང་བྲལ་བ་ཉིད་དོ། །བླ་མ་བརྗོད་པའི་འདུན་པས་མིང་མཐུན་པའི་དོན་
བརྗོད་ན་སྦོམ་པོའོ་ཞེས་བྱ་བ་ནི་མིང་འདྲ་བའི་དོན་བརྗོད་པ་ནི་མིང་དང་མཐུན་པའི་དོན་བརྗོད་པའོ། །བདག་སློབ་པ་ཞེས་བྱ་བ་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་ལ་སློབ་པའོ། །བདག་ནི་མི་སློབ་ཅེས་བྱ་བ་བསྟན་པ་དང་། འདུལ་བ་དང་སོ་སོར་ཐར་པའི་མདོ་ལ་སོགས་པ་དང་། ཆོས་མངོན་པ་
ལ་སོགས་པ་སློབ་པ་ཉིད་དང་མི་བརྩོན་པ་ཉིད་ལྷུང་བཟེད་ལ་སོགས་པ་ལས་ལྷག་མ་མེད་པ་དང་། བདག་ལ་ཅིའང་མེད་དོ་ཞེས་བྱ་བ་སྐྱེ་བའི་ཐ་མ་བཟློག་པ་ཉིད་ཅེས་བྱ་བའོ། །གྲུར་འགྲོ་བ་དག་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བྱ་བ་བསྟན་པ་ཉིད་དེར་འབྲས་བུ་འདི་ལ་མེ་ཏོག་ལ་སོགས་པ་བདག་
Vol. 160 · folio 105b
ཉིད་ཀྱིས་བཟུང་ནས་འབྲས་བུ་ཐོབ་པོ་ཞེས་བྱ་བ་དང་། ཁྱོད་ནི་ཟག་པ་མེད་དོ་ཞེས་བྱ་བ་ལ་སོགས་པས་འདྲི་བའི་བདག་ཉིད་ལ་བདག་ལ་འཚོ་བ་ལ་སོགས་པ་མེད་དོ་ཞེས་བྱ་བ་ནི་འདི་འདས་པའོ། །འཚོ་བའི་འཇིགས་པ་ལས་བདག་ནི་འཇིགས་པ་མ་ཡིན་ཞེས་བྱ་བ་དང་བདག་ནི་ཀུན་ཏུ་སྦྱོར་བ་ལ་སོགས་
པ་ལས་གྲོལ་ལོ་ཞེས་བྱ་བའི་མིང་དང་བཅས་པའི་དོན་ལ་དགོངས་ནས་བླ་མའི་མིང་དང་འདྲ་བའི་མིང་དེ་ལ་བླ་མ་བསྟན་པའི་འདུན་པས་བརྗོད་པ་ལ་སྦོམ་པོའོ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་ཐོས་པ་ལ་ཡོད་པར་འགྱུར་བ་འདི་རྟོགས་པར་བྱའོ། །ནོར་ན་ཡང་ངོ་ཞེས་བྱ་བ་ནི་བརྗོད་པ་ཞེས་བྱ་བ་
དང་སྦྱར་རོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་མི་བདེན་པ་མིའི་ཆོས་བླ་མ་བརྗོད་པར་བྱའོ་སྙམ་པ་ལས་ནོར་ཏེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སོགས་པ་གོང་མ་དག་བརྗོད་ན་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཞོགས་སྨོས་ཀྱང་ངོ་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་སྦོམ་པོ་
ཞེས་བསྙག་པའི་དོན་དུའོ། །ཨེ་མའོ་ཁྱོད་ཁོ་བོ་ཅི་འདྲ་བ་དེ་འདྲ་བར་འགྱུར་རོ། །ཁོ་བོ་དང་ཁྱོད་དང་འུ་ཅག་འདི་ལྟར་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་རྣམས་སུ་གྱུར་ཅིག །བདག་ནི་རྒྱུན་དུ་ཞུགས་པ་མ་ཡིན་པ་ནས་ཇི་སྲིད་དུ་དགྲ་
བཅོམ་པའི་བར་ཡང་མ་ཡིན་ནོ་ཞེས་དེ་སྐད་དུ་ཟེར་ཞིང་། གང་གི་ཕྱིར་བདག་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཡིན་ཞེས་སུ་ཟེར་ཞེས་བྱ་བའོ། །བདག་ནི་དེང་ནས་འཇིག་རྟེན་པའི་བསམ་གཏན་ལ་སྙོམས་པར་ཞུགས་པ་མ་ཡིན་ཏེ་ཁར་རྩང་
ནི་མ་ཡིན་ནོ། །དེ་བས་གཞན་པས་ཀྱང་དུས་གཅིག་གི་ཚེ་ན་ཡང་མ་ཡིན་ནོ། །ཚུར་ཤོག་འབྲས་བུ་རྣམས་ལ་ལུང་བསྟན་པར་བགྱིའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ལུང་བསྟན་པར་འགྱུར་བར་བགྱི་སྟེ། བདག་ནི་རྒྱུན་དུ་ཞུགས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འདི་ལྟ་བུ་ལ་སོགས་པ་
ལ་མཐར་བྱེད་པ་བླ་མ་མཚོན་པ་གཞན་གྱིས་ཐོས་བཞིན་པ་ལས་སྦོམ་པོ་ཞེས་བྱ་བའི་དོན་ཏོ། །ཡང་དག་པར་ཕྱི་མ་ཉིད་ལ་དེ་མི་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་ལ། ཡང་དག་པ་ནི་བདེན་པའོ། །ཕྱི་མའི་གང་ལ་ཡོད་པ་ཞེས་བྱ་བའི་བསྡུ་བའོ། །བདེན་པའི་དོན་ཅན་གཞན་མ་གྲོལ་བ་ལ་སྔ་མའི་
Vol. 160 · folio 106a
ཚིག་ལ་གཞོགས་སྨོས་མ་བྱས་པ་ཉིད་མ་ཡིན་ནོ། །གང་གི་ཕྱིར་མ་བྱས་པ་ཉིད་ནི་བྱས་པའི་དོན་ཇི་ལྟར་ཡང་རྟོགས་པར་བཟོད་པ་མ་ཡིན་ནོ། །འདིར་གཞུང་ནི། བཙུན་པ་དགེ་སློང་འདི་སྐད་ཅེས་སློང་མོ་སྟེར་བའི་ཁྱིམ་ཆེ་གེ་མོ་དགེ་སློང་གང་གི་ཡིན་པའི་དགེ་སློང་དེ་ནི་རྒྱུན་
དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པའོ། །རིགས་དེ་སུ་ཞིག་གིས་ཏེ་དེ་ནི་བསོད་སྙོམས་པའི་རིགས་སོ། །དེས་སྨྲས་པ། ཁོ་བོའི་སྟེ་ཁོ་བོ་ནི་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་དགྲ་བཅོམ་པ་མ་ཡིན་ཞེས་མཆི་ན་ལྟུང་བ་ཅིར་
འགྱུར། ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་ཡིན་ནོ། །ཕམ་པ་བཞི་པ་ལས་ཉེ་བ་འཁོར་གྱི་ཞུས་པའོ།། །།སྦོམ་པོ་ནི་བཙུན་པ་ནི་དགྲ་བཅོམ་པ་ཆོས་གོས་ལ་སོགས་པ་མཆོག་འོས་པ་བྲམ་ཟེ་སྡིག་པའི་ཆོས་བསལ་བ་བཙུན་པའི་དབང་པོ་དྲུག་པོ་དག་ནི་ཤིན་ཏུ་དུལ་བ་སྦས་པ།
བསྲུངས་པ། བསྒོམས་པ་དག་ཡིན་ནོ་ཞེས་ཟེར་བ་ལ་ཅང་མི་སྨྲ་བས་དང་དུ་ལེན་པར་བྱེད་ནའོ་ཞེས་བྱ་བ་ལ། ཡང་དག་པར་ཞུགས་པ་ནི་ཡིད་ལ་དང་དུ་ལེན་པ་བརྗོད་ཡང་དོན་འདི་བསྒྲུབ་པ་སྟེ། དེ་བས་ན་ཅང་མི་སྨྲ་བའི་ངོ་བོ་ཞེས་བྱ་བ་ནི་བྱེ་བྲག་གོ། །འདིར་ཅང་མི་སྨྲ་བ་ཉིད་ལ་རྣམ་པར་
རིག་བྱེད་ཀྱིས་རྣམ་པ་ཉིད་བསྒྲུབ་པ་ཡིན་ཏེ། དེ་བས་ན་ཁ་ཅིག་རྣམས་ལ་རྟོགས་པའོ། །དེ་བས་ན་འདིར་སྐྱོན་འདི་དང་དུ་བླངས་པ་གཞན་གྱིས་རྟོགས་པ་ཡོད་པར་འགྱུར་བ་ལ་འདི་སྦོམ་པོའོ། །གཞན་དུ་ནི་འདི་ལྟ་བུ་ན་སྨད་པ་ཞེས་བྱ་བ་རིག་པར་བྱའོ། །བཙུན་པ་གལ་ཏེ་དགྲ་བཅོམ་པ་
ཡིན་ན་བདག་གི་བསོད་སྙོམས་ལོང་ཤིག་ཁྱིམ་དུ་ཞུགས་ཤིག་སྟན་ལ་འདུག་ཤིག་ལག་ཆུ་བཟེད་ཅིག །བཟའ་བ་དང་སྲན་ཚོད་དང་བཅའ་བ་ལོང་ལ་ཟོ་ཤིག །རྗེས་སུ་ཡི་རང་བར་བྱོས་ཤིག །བྱུང་ཤིག་ཅེས་ཟེར་བ་ལ་དེ་བཞིན་དུ་བསྒྲུབ་ནའོ་ཞེས་བྱ་བ་ནི་སོ་སོར་འདིར་བརྗོད་པ་ཞེས་བྱ་
བའི་ཚིག་ལ། བཙུན་པ་གལ་ཏེ་དགྲ་བཅོམ་པ་ཡིན་ན་ཞེས་བྱ་བ་འདི་ལོང་ཤིག་ཅེས་བྱ་བ་རྣམས་ལ་བསྒྱུར་བར་བྱའོ། །བཟའ་བ་དང་སྲན་ཚོད་ཅེས་བྱ་བ་ནི་ལོང་ཤིག་ཅེས་བྱ་བ་འདི་གཉིས་ཀ་ཡང་སྦྱར་ཏེ་དེ་བཞིན་དུ་བསྒྲུབ་ནའོ་ཞེས་བྱ་བའོ། །ཇི་སྐད་དུ་གསུངས་པ་དེ་ལྟར་བསྒྲུབ་པ་ལ་
Vol. 160 · folio 106b
བཙུན་པ་གལ་ཏེ་དགྲ་བཅོམ་པ་ཡིན་ན་བདག་ཉིད་བསོད་སྙོམས་ལོང་ཤིག་ཅེས་ཟེར་བ་ལ་དེ་བཞིན་དུ་བསྒྲུབ་པ་ལ་བསོད་སྙོམས་ལེན་པར་བྱེད་ན་སྦོམ་པའོ། །གཞན་དུ་ན་ཡང་ཇི་ལྟར་རིགས་པ་ཞེས་བྱ་བའི་དོན་ཏོ། །བཙུན་པ་གལ་ཏེ་དགྲ་བཅོམ་པ་ཡིན་ན་རྗེས་སུ་ཡི་རང་བར་མཛོད་ཅིག་ཅེས་
ཟེར་བ་ལ་ཅང་མི་སྨྲ་བའི་ངོ་བོས་རྗེས་སུ་ཡི་རང་བ་ལ་སྦོམ་པོའམ་འདིར་ཚིག་གིས་ནི་ཕམ་པའོ། །ཕམ་པར་འགྱུར་བ་བཞི་པ་འདུལ་བྱེད་ཀྱི་སྐབས་ལས་བླ་མ་བརྗོད་པའོ།། །།རྨི་ལམ་ནི་མེད་པ་དང་འདྲའོ་ཞེས་བྱ་བ་ནི་ཐ་སྙད་ཀྱི་ཆོས་ལས་ཡང་དག་པར་འདས་པ་ཉིད་ཀྱི་ཕྱིར་རྨི་
ལམ་གྱི་དངོས་པོ་མེད་པ་དང་འདྲ་བ་ཉིད་དོ། །དེའི་འབྲས་བུ་ནི་མ་བྱས་པ་ཉིད་དོ་ཞེས་བྱ་བ་ནི་རྨི་ལམ་གྱི་འབྲས་བུ་ལ་རྨི་ལམ་གྱི་བདག་ཉིད་ཀྱིས་སེམས་དམིགས་པའི་བུད་མེད་ལ་སོགས་པས་གང་ཞིག་བྱས་པས་ཁུ་བ་འབྱིན་པ་ནི་བྱ་བའོ། །ཚིག་ཀྱང་བྱེད་པ་དང་བཅས་པའི་བྱ་བ་ཅན་ནོ། །བྱ་
བ་མ་བྱས་པ་དེ་ནི་ལྟུང་བ་མ་ཡིན་ཏེ། ལྟུང་བའི་མཚན་མ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གང་དུ་ཁུ་བ་འབྱིན་པ་དགེ་འདུན་གྱི་ལྷག་མ་ཞེས་བྱ་ཞེ་ན། དེའི་ཕྱིར་ཕྱུང་ནའོ་ཞེས་བྱ་བ་སྨོས་སོ། །སེམས་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དེར་འདུན་པས་སོ་ཞེས་བྱ་བ་སྨོས་ཏེ། འབྱིན་པར་འདུན་པས་ཡིན་
གྱི་རྒྱུག་པ་ལ་སོགས་པའི་སེམས་ནི་མ་ཡིན་ནོ། །སུ་ལས་ཕྱུང་བ་ཞེ་ན། དེའི་ཕྱིར་རང་གི་ཁུ་བའོ་ཞེས་བྱ་བ་སྨོས་ཏེ། རང་གི་ཁུ་བ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལ་ཁུ་བ་ཕྱུང་བ་ནི་མང་དུ་ཡོད་དེ། གནས་ནས་དབྱུང་བ་དང་གཞན་ཡང་སྦུབས་སུ་འོང་བས་དབྱུང་བ་
དང་། དབང་པོའི་མཐའ་ནས་དབྱུང་བ་ནི་གསུམ་པ་ཞེས་བྱའོ། །འདི་རྣམས་འདི་ལ་སུ་ཞིག་ལས་ཕྱུང་བ་ཞེ་ན། དེའི་ཕྱིར་དང་པོ་ལའོ་ཞེས་བྱ་བ་སྨོས་ཏེ། རང་གི་ཁུ་བ་ཡིན་པ་ནི་དང་པོ་སྟེ་ཕྱུང་བ་དེ་ལའོ་ཞེས་བྱ་བའི་དོན་ཏོ། ཁུ་བ་ལ་ནི་མ་ཡིན་ཏེ་འོན་ཀྱང་ལུས་འདི་ལ་ཁུ་བའི་གནས་སུ་གྱུར་
པ་ལོགས་ཤིག་ན་འཁྲིས་པ་ལྟ་བུ་མེད་དེ། ཡན་ལག་རྣམས་ལས་འབྱུང་བ་སྟེ། དཔེར་ན་བུ་རམ་ཤིང་ལས་ཁུ་བ་དང་ཤ་ལས་ཚིལ་དང་། ཞོ་ལས་མར་རོ། །དེ་བཞིན་དུ་འདིར་འཕོ་བ་རྟོགས་པར་བྱའོ། །སླར་འདི་ནི་ཕྱུང་བ་དང་པོ་དགེ་འདུན་ལྷག་མ་ཅིའི་ཕྱིར་ཏེ། དབང་པོའི་
Vol. 160 · folio 107a
མཐའ་མ་ལ་སོགས་པ་རྣམས་ཀྱིས་ནི་མ་ཡིན་ནོ། །འགའ་ཞིང་ཏུ་ཉེ་བ་འཁོར་གྱིས་ཞུས་པའི་འདོན་པ་ལས་བཙུན་པ་ཇི་ཙམ་གྱིས་ན་ཁུ་བ་ཕྱུང་བར་བརྗོད་པར་བགྱི། གང་གི་ཕྱིར་རྩའི་སྦུབས་ལ་བརྟེན་པར་གྱུར་ནའོ་ཞེས་བྱ་བའི་ཚིག་དང་། རྣམ་པར་འབྱེད་པའི་
ཚིག་ལས་ཀྱང་། ཕྱུང་བའི་ཚིག་འདི་ནི་དེ་མ་ཐག་ཏུ་ཕྱུང་བའོ་ཞེས་གསུངས་སོ། །གང་གི་ཕྱིར་གནས་ལ་གནས་པ་ལས་དེ་མ་ཐག་པ་ཉིད་མངོན་པར་འདོད་པ་རྣམ་པར་གནས་པ་ཡིན་གྱི་དབང་པོའི་མཐའ་མ་ནས་མ་ཡིན་ཏེ་མེད་པའི་ཕྱིར་རོ། །དེ་བས་ན་རྣམ་པར་ཕྱུང་བ་གཞན་རྣམས་
ཀྱིས་དེ་མ་ཐག་ཏུ་ཞེས་བྱ་བ་ཁྱད་པར་དོན་མེད་པའི་ཕྱིར་རོ། །གང་གི་ཕྱིར་རྣམ་པར་སྤྱད་པར་བྱ་བ་མེད་ན་ཁྱད་པར་རབ་ཏུ་སྦྱོར་བ་མ་ཡིན་ཏེ། དབང་པོའི་མཐའ་མ་ནས་འབྱུང་བ་ལ་འདོད་ཆགས་ཤིན་ཏུ་ཤས་ཆེར་གྱུར་པ་ཉིད་དང་བསྒྲུབ་པ་ནི་མ་རྫོགས་པའོ། །དེ་བས་ན་འདིར་དངོས་གཞི་འདི་
ལ་སྦྱོར་བ་ཞེས་བྱ་ཞེ་ན་དེ་ནི་མ་ཡིན་ཏེ། ཚངས་པར་སྤྱོད་པ་མ་ཡིན་པ་བཞིན་དུ་དང་པོ་ལ་སྦྱོར་བའི་ཕྱིར་རོ། །དེ་ལས་གཞན་པའི་ཆ་འབྱུང་བ་ལ་ཡང་འདི་ལྟར་དངོས་གཞིར་ཐལ་བར་འགྱུར་བས་སོ། །རྩ་ལ་བརྟེན་པ་ཕྱུང་བ་ལ་ཡང་དངོས་གཞིར་ཐལ་བའི་ཕྱིར་འདིར་སྦོམ་པོའི་ལྟུང་བར་
འདོད་པ་ཡིན་ནོ། །བདེ་བ་དོན་དུ་གཉེར་བར་ཕྱུང་བའི་བདེ་བ་སོ་སོར་ཉམས་སུ་མྱོང་བའི་བསམ་པ་ཅན་སུ་ཞིག་ལ་འབྱིན་པའི་འདུན་པ་སྐྱེ་བ་ཡིན་ཏེ། རིག་པ་དོན་དུ་གཉེར་བ་སུ་ཞིག་ལ་གསང་སྔགས་ཀྱིས་ཕྱུང་བ་བསྒྲུབ་པ་ལ་བཞད་གད་ཅན་གྱི་ཆ་བྱད་ཅན་རིག་པར་གྱུར་པའི་བསླབ་པ་
ཡང་དག་པར་བསྒྲུབ་པ་མངོན་པར་འདོད་པ་མང་ངོ་། །རིག་པ་དོན་དུ་གཉེར་བ་སུ་ཞིག་ལ་ཕྱུང་ནས་བཞག་པས་སོ། །རྨ་རྣམ་པར་སྦས་པ་ལས་ཕྱུང་བར་སྐྱེ་དགུ་བསྒྲུབ་པ་སོ་སོར་ཤེས་བཞིན་པ་ལའོ། སྨན་དོན་དུ་གཉེར་བ་སུ་ཞིག་ལ་ཁུ་བ་ཕྱུང་བས་ནད་ཉེ་བར་ཞི་བ་སྨན་གྱིས་སམ་རྫས་
གཞན་དང་ལྡན་པ་ལའོ། །འགའ་ཞིག་ལ་ཁུ་བ་རྣམ་པར་དོར་བ་ལ་མངོན་པར་བརྩོན་པ་ལའོ། །ཤིན་ཏུ་སྦྱངས་པ་དོན་དུ་གཉེར་བ་སུ་ཞིག་ལ་ལམ་དག་པ་བསྒྲུབ་པའམ། ལམ་ལ་ཡིད་ཆེས་པར་འདོད་པ་ལ་བདག་གི་ཁུ་བ་ཕྱུང་ངམ་འོན་ཏེ་མ་ཡིན་ཞེས་བྱ་བ་ཡོད་པ་ཉིད་དམ། བདག་ལ་ཁུ་བ་ཡོད་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words