འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ
Sanskrit title (Tibetan script, as in the text) སྭ་བྱཱ་ཁྱཱ་ན་ཨ་བྷི་དྷཱ་ན་བི་ན་ཡ་སཱུ་ཏྲ་བྲྀཏྟི་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 160 · folio 209b
ཕྱིར་གཞན་ལ་ནི་མེད་པ་ཉིད་དོ། །འདིར་ཁུངས་ནི་གང་གི་ཕྱིར་འཕགས་པ་ལེགས་འོངས་ཀྱི་ཕྱིར་ཏེ། གང་དེ་ལ་བརྟེན་ན་ཆུ་སྲིན་བྱིས་པ་གསོད་ཀྱི་རི་པ་རྣམས་ཀྱིས་དགེ་འདུན་སྤྱན་འདྲེན་པ་ལ་བྲམ་ཟེ་སྤྱན་དྲངས་པར་གྱུར་པས་བྲམ་ཟེ་རྣམས་འོངས་ནས་བྱིས་པ་གསོད་པའི་རི་པའི་བྲམ་ཟེ་དང་ཁྱིམ་
བདག་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཞག་བདུན་བཤོས་ལ་སྤྱན་དྲངས་པས་དེའི་ཚེ་ངས་དང་དུ་མ་བླངས་སོ་ཞེས་གསུངས་པ་ཡིན་ཏེ། དེའི་ཕྱིར་མདོ་འདི་བྱས་སོ། །དགག་དབྱེ་སོ་སོར་རྗེས་སུ་གནང་བ་དང་སྦྱར་བར་བྱའོ། །གཞན་དུ་ལྔ་པོ་འཇོག་པ་ཡང་ངོ་ཞེས་བྱ་བ་ནི་མགྲོན་
དུ་བོས་པ་མ་ཡིན་པ་ཉིད་དོ། །སིལ་བུ་དག་ལས་དང་པོ་ལྔ་པོ་ཞེས་བྱ་བ་འདི་བརྗོད་པ་ཡིན་ཏེ། དེ་བས་ན་གཞུང་ནི་ཡི་གེ་གཞན་ལས་དགེ་སློང་བཅའ་བ་དང་བཟའ་བའི་ཟན་གཉིས་དང་མགྲོན་དུ་བོས་པས་གཅིག་དགེ་སློང་ལ་རྣམ་པར་རྟོག་པར་བྱེད་ན་ལྟུང་བ་མེད་དོ། །དགེ་སློང་མ་ལ་རྣམ་པར་རྟོག་པར་
བྱེད་ན་ལྟུང་བ་མེད་དོ། །དེ་བཞིན་དུ་དགེ་སློབ་མ་དང་དགེ་ཚུལ་མ་ལ་རྣམ་པར་རྟོག་པར་བྱེད་ན་ཡང་ལྟུང་བ་མེད་དོ། །དེ་བཞིན་དུ་སྡེ་པ་ལྔ་པོ་ཐམས་ཅད་ལ་རྣམ་པར་རྟོག་པར་བྱེད་ན་ཡང་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །སིལ་བུ་དག་ལས་ཀྱང་དགེ་སློང་དང་དགེ་སློང་མ་དང་དགེ་སློབ་མ་དང་
དགེ་ཚུལ་དང་དགེ་ཚུལ་མ་རྣམས་ལས་འདིར་ལྔ་ཉིད་ཀྱི་ཚིག་གིས་གསུངས་སོ། །འཕགས་པ་འདི་བྱེད་པར་མི་རིགས་སོ་ཞེ་ན་འདིར་བརྗོད་པར་བྱ་སྟེ། དེ་ནི་ཆོས་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ནི་ཅི་གཞན་ལ་བོས་པས་གཟུང་བར་འདོད་པ་ཉིད་མེད་པ་ལ་འདི་རིགས་པ་ཉིད་ཡིན་ནམ་འོན་ཏེ་ཡོད་པ་ལ་ཡང་ཡིན་ཞེ་ན། དེའི་
ཕྱིར་གཞན་བླང་བ་ལ་ཡང་ངོ་ཞེས་བྱ་བ་སྨོས་ཏེ། མགྲོན་དུ་བོས་པ་གཞན་བླང་བ་ཡོད་པ་ལ་འཇོག་པ་ལ་ཆོས་དང་ལྡན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །མུ་གེ་བྱུང་ན་མགྲོན་དུ་བོས་པ་ཇི་སྙེད་བྱུང་བ་དག་བདག་གིར་བྱའོ་ཞེས་བྱ་བ་ནི་སྔ་མ་སྔ་མ་བཞག་ཀྱང་ཇི་སྙེད་བྱུང་བ་དེ་སྙེད་རྣམས་ལའོ། །ཟོས་
ནས་ཡང་ངོ་ཞེས་བྱ་བ་ནི་མགྲོན་དུ་བོས་པ་ཇི་སྙེད་བྱུང་བའི་སྤྱན་དྲངས་པ་རྣམས་ལའོ། །སྦྱིན་དུ་ཡང་རུང་ངོ་ཞེས་བྱ་བ་ནི་ལྔ་པོ་ལྔ་པོ་ཞེས་སྔར་བསྟན་པའི་རྗེས་སུ་འབྲེངས་ཏེ་ཤེས་པར་བྱའོ། །སྦྱིན་པ་པོ་མངོན་པར་མི་དགའ་བར་འགྱུར་བ་ལྟ་ན་ཁམ་གཉིས་སམ་གསུམ་ཟོས་པའི་འོག་ཏུ་ཁྱིམ་བདག་དགེ་
Vol. 160 · folio 210a
སློང་འདི་བསོད་སྙོམས་ཀྱིས་ཕོངས་པ་ཡིན་གྱི་རྗེས་སུ་ཡི་རང་བར་གྱིས་ཤིག་དང་འདི་ལ་སྦྱིན་པར་བྱའོ་ཞེས་མངོན་པར་དགའ་བར་བྱས་ནས་སོ་ཞེས་བྱ་བ་ནི་སྦྱིན་པ་པོ་དེ་ལྔ་པོ་དག་ལ་སྦྱིན་པའོ། །ཡང་ཡང་ཟ་བའི་ལྟུང་བྱེད་དོ།། །།འདུག་གནས་སུ་ཟ་བའི་ལྟུང་བྱེད་ལ་
བྱེད་པ་པོ་གང་ཡིན་ཞེ་ན། དེའི་ཕྱིར་ཆོས་འདི་པའི་མ་ཡིན་པ་བདག་པོ་ཁྱིམ་པ་དང་བཅས་པ་ཡ་མཚན་ཅན་ཐམས་ཅད་མ་ཡིན་པའི་འདུག་གནས་སོ་ཞེས་བྱ་བ་སྨོས་ཏེ། ཆོས་འདི་ལ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་འདུལ་བར་བྱ་བ་གང་ཡིན་པ་དེ་ནི་ཆོས་འདི་པའོ། །དེ་ལས་གཞན་པ་ནི་ཆོས་འདི་པ་
མ་ཡིན་པའོ། །བདག་པོ་ཁྱིམ་པ་དང་བཅས་པ་ཞེས་བྱ་བ་ནི། བདག་པོ་ཁྱིམ་པ་དང་ལྷན་ཅིག་འཇུག་པ་གང་ཡིན་པ་དེ་ནི་བདག་པོ་ཁྱིམ་པ་དང་བཅས་པའི་འདུག་གནས་སོ། །རང་བཞིན་ཅན་ཡང་བདག་ཏུ་བྱས་ནས་སྦྱིན་པའམ་བྱེད་དུ་འཇུག་པ་ལ་འདིར་ཉེས་པ་རྣམ་པར་གཞག་པའོ། །དེ་
བས་ན་ཁྱིམ་པས་བྱེད་དུ་འཇུག་པ་ཞེས་བྱ་བའི་ཚིག་གོ། །ཡ་མཚན་ཅན་ཐམས་ཅད་མ་ཡིན་པ་ཞེས་བྱ་བ་ནི་ཡ་མཚན་ཅན་ཐམས་ཅད་ལ་འདིར་ཆོས་འདི་པ་ཉིད་ཀྱང་ཡོད་པས་ཉེས་པ་བྱེད་པ་པོ་ཉིད་མ་ཡིན་ནོ། །འདུག་གནས་སོ་ཞེས་བྱ་བ་ནི་འདི་ལས་འདིར་བྱེད་པ་པོ་རྣམས་ཞེས་བྱ་བ་འདི་ལས་
ཡོངས་སུ་གྱུར་པ་ལ་སོ་སོར་ཉེ་བར་གནས་པའོ། །ལྟུང་བ་འབྱིན་པར་བྱེད་པ་ཇི་ལྟ་བུ་ལ་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་མི་ན་བ་ལའོ་ཞེས་སྦྱིན་བདག་གིས་མ་བསྟབས་པ་ལའོ་ཞེས་བྱ་བ་སྨོས་ཏེ། འདི་ནི་ཡིད་ཀྱི་བྱ་བ་སྟེ་དེ་ལ་ཡོངས་སུ་ལོངས་སྤྱོད་པ་མ་ཡིན་པ་རྣམས་ལ་མ་བསྟབས་པ་གང་
ཡིན་པ་འདི་དེར་ཡ་མཚན་ཅན་ཐམས་ཅད་དང་འདྲ་བར་འདིར་ཉེས་པ་མི་སྐྱེད་པའོ། །ཕྱིར་མི་འབྱུང་བ་ལ་ཆོ་ག་འདི་དང་ལྡན་པ་སྟེ། ཕྱིར་འབྱུང་བ་ལ་ནི་སྦྱིན་བདག་ཕྱུག་པོ་མེད་པས་བསྟབས་པ་ཉིད་ལ་ཡང་དངོས་གཞི་ཁོ་ན་སྟེ་གཞན་ལ་བརྟེན་པ་ནི་འདིར་སྐྱོན་ཡིན་ཏེ། དེ་ཡོངས་སུ་གསལ་བའི་དོན་དུ་བསླབ་
པའི་གཞི་འདི་ཡིན་ནོ། །འདིར་གང་དུ་གང་ལ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཟོས་ན་ཟོས་པ་ལ་དངོས་གཞིའོ། །གནས་ན་ཞག་ལོན་པ་ལ་ཉེས་བྱས་ཀྱིའོ་ཞེས་བྱ་བ་སྨོས་ཏེ། དེའི་བསོད་སྙོམས་གཅིག་ཟ་ཞིང་གཉིས་པ་ཟ་བ་ལ་དངོས་གཞིའི་བྱེད་པ་པོ་ཉིད་དོ། །ཞག་གཅིག་ལོན་པའི་ཉི་མ་གཉིས་
Vol. 160 · folio 210b
པ་ལ་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཅེས་བྱ་བའི་དོན་ཏོ། །ཉི་མ་དང་པོ་ལ་ནི་གནས་པ་དང་ཟོས་པ་ལ་ལྟུང་བ་མེད་དོ། །འདིར་གཞུང་ནི་དེར་གནས་པ་ན་ཉེས་བྱས་སུ་འགྱུར་ལ། དེར་ཟ་བ་ལ་ལྟུང་བྱེད་དུ་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཉི་མ་གཉིས་པ་ལ་གནས་པ་དང་ཟ་བའི་དབང་དུ་
མཛད་ནས་ཚིག་འདི་གསུངས་སོ། །འདུག་གནས་གཅིག་ཏུ་ཞག་ལོན་པའི་དགེ་སློང་མི་ན་བས་བསོད་སྙོམས་གཅིག་བཟའ་བར་བྱའོ། །དེའི་ཕྱིར་དང་པོ་འདི་དག་ལ་རྗེས་སུ་གནང་བ་ཉིད་ཡིན་པས་དེ་བས་ན་འདིར་ཉེ་བར་བཏགས་པའོ། །བདག་པོ་མེད་པ་ཡང་ངོ་ཞེས་བྱ་བ་ནི་ཆོས་འདི་པའི་མ་ཡིན་པ་
ཡ་མཚན་ཅན་ཐམས་ཅད་མ་ཡིན་པའི་འདུག་གནས་དེ་བདག་པོ་མེད་པ་ཡིན་ན་ཡང་ཉེས་བྱས་བྱེད་པ་པོ་ཡིན་ནོ། །འདི་ལ་རབ་ཏུ་བྱུང་བ་འདི་པ་ནི་མུ་སྟེགས་ཅན་དང་འདྲ་བ་ཉིད་དོ་ཞེས་བྱ་བ་ནི་འདིར་འདི་ལ་མུ་སྟེགས་ཅན་དང་འདྲ་བ་ཉིད་དུ་བལྟ་བར་བྱའོ། །ཇི་ལྟར་མུ་སྟེགས་ཅན་རབ་ཏུ་བྱུང་བའི་བདག་པོ་ཡིན་པའི་
འདུག་གནས་དེ་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་པ་དེ་བཞིན་དུ་རབ་ཏུ་བྱུང་བ་འདི་པ་བདག་པོ་ཡིན་ལ་ཆོས་འདི་པ་ཡ་མཚན་ཅན་ཐམས་ཅད་མ་ཡིན་པའི་འདུག་གནས་ཀྱང་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ཏེ། འདིར་ནི་ལྟུང་བ་མེད་ཅེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་རབ་ཏུ་བྱུང་བས་འདུག་གནས་བགྱིད་
དུ་སྩལ་བ་དེར་དགེ་སློང་གིས་གདུགས་གཅིག་ལས་ལྷག་པར་གནས་ཤིང་བསོད་སྙོམས་གཅིག་ལས་ལྷག་པར་འཚལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཉེ་དུས་ཀྱང་ངོ་ཞེས་བྱ་བ་མུ་སྟེགས་ཅན་དང་འདྲ་བ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི་བདག་པོ་ཉེ་དུས་བགྱིད་དུ་
སྩལ་པ་ལགས་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་ཀྱི་བྱེད་པ་པོར་འགྱུར་རོ། །ཁ་ཅིག་ནི་འདི་དག་ལ་ལྟུང་བ་མེད་ཅེས་ཟེར་ཏེ་དེ་ནི་མི་རིགས་སོ། །གང་ཡང་རུང་བ་གཅིག་རབ་ཏུ་བྱུང་བ་ལ་བརྟེན་པའི་དོན་འཛིན་པ་མི་རིགས་པའི་ཕྱིར་རོ། །འདུག་གནས་གཅིག་ཏུ་ཟ་བའི་ལྟུང་བྱེད་དོ།། །།བསོད་
སྙོམས་ནི་བྱེད་པ་པོ་ཡིན་ཞེས་བྱ་བ་གསུངས་ན། དེ་ལ་སུ་དང་འབྲེལ་པའི་བསོད་སྙོམས་འདི་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་སྟོབས་པའི་འོ་ཞེས་བྱ་བ་སྨོས་ཏེ། མ་གཏོགས་པ་ཉིད་བཟུང་བས་མ་བྱིན་པར་ལེན་པ་ཉིད་བསྐྱེད་པའོ། །ཇི་ལྟར་སྟོབས་པའི་ཞེ་ན། དེའི་ཕྱིར་ཡོངས་སུ་མ་སྤགས་པར་རོ་ཞེས་
Vol. 160 · folio 211a
བྱ་བ་སྨོས་ཏེ། རྒྱ་ཆེ་བ་ཙམ་རབ་ཏུ་བསྟན་པ་ལ་སྤགས་པ་གང་ཡིན་པ་དེ་ནི་སྦྱིན་པ་འཇུག་པས་མ་ཡིན་ནོ། །དེར་ཉེས་པ་འདི་བསྐྱེད་པ་སྟེ། གལ་ཏེ་ཡོངས་སུ་སྤྱོད་པ་འདི་ཡིན་ན་འདི་ཙམ་སྦྱིན་པར་བྱ་ཞེས་བྱ་བ་སྤགས་པ་གང་ཡིན་པ་དེ་ལ་ནི་རྒྱ་ཆེ་བ་ཙམ་དུ་བསྟན་པས་སྤགས་པ་མ་
ཡིན་པ་སྟེ། དེ་བས་ན་འདིར་ཉེས་པ་མེད་དོ། །ཅི་མ་སྤགས་པ་ཐམས་ཅད་ལ་སྟོབས་པ་བྱེད་པ་པོ་ཡིན་ནམ་ཞེ་ན། དེའི་ཕྱིར་ཅི་བདེར་མ་བྱས་པར་རོ་ཞེས་བྱ་བ་སྨོས་ཏེ། སྦྱིན་པ་ལ་འཇུག་པས་སྟོབས་པ་དེ་ཡིན་ཏེ། གང་ཞིག་ཅི་བདེར་མ་བྱས་པར་རོ་ཞེས་བྱ་བ་འདི་ལ་ཉེས་པ་མེད་དོ། །ཅི་འདི་ཐམས་
ཅད་ལ་ཡིན་ནམ་ཞེ་ན། དེའི་ཕྱིར་ཁྱིམ་པའི་འོ་ཞེས་བྱ་བ་སྨོས་ཏེ། ཚད་ཇི་ཙམ་པ་ལ་དེ་དང་འབྲེལ་པའི་བསོད་སྙོམས་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་བྲེའུ་ཆུང་དག་གི་ཚད་ནི་འབྲས་ཐུག་པོ་ཆེ་མ་ག་དྷཱའི་བྲེའུ་ཆུང་གི་ཕྱེད་དང་ལྔ་བཙོས་པ་ཚོད་མ་མ་གཏོགས་པ་ལས་ལྷག་པའི་བསོད་སྙོམས་ཏེ། གྲོགས་
ཀྱི་སྐལ་བ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། བྲེའུ་ཆུང་ཕྱེད་དང་ལྔ་བཙོས་པ་ལས་ལྷག་པའི་བསོད་སྙོམས་ནི་བྱེད་པ་པོ་ཡིན་ནོ། །བྲེའུ་ཆུང་དག་གི་ཚད་ནི་ཇི་ཙམ་ཞེ་ན། དེའི་ཕྱིར་བཙོས་པ་ཞེས་བྱ་བ་སྨོས་ཏེ། འབྲས་བཙོས་པ་མ་ག་དྷཱའི་བྲེའུ་ཆུང་གི་ཚད་བྲེ་གང་རྣམས་ལ་ཡོད་པ་དེ་རྣམས་
ལའོ། །ཚོད་མ་མ་གཏོགས་ཞེས་བྱ་བ་ནི། འདིར་ཚོད་མ་བརྩི་བར་མི་བྱ་ཞེས་བྱ་བའི་དོན་ཏོ། །འདུས་ནས་ལེན་པ་ལ་གྲོགས་དང་ལྷན་ཅིག་ཏུ་ལེན་པ་གང་ཡིན་པ་དེ་ནི་དེའི་བརྩི་བར་བྱ་འམ་འོན་ཏེ་མ་ཡིན་ཞེ་ན། དེའི་ཕྱིར་གྲོགས་ཀྱི་སྐལ་བ་དང་ཡང་བཅས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་
འདོད་ན་དགེ་སློང་དེ་དག་གི་ལྷུང་བཟེད་གང་བ་གཉིས་སམ་གསུམ་བླང་བར་བྱའོ་ཞེས་ཐམས་ཅད་བྱེད་པ་པོ་ཉིད་ཀྱིས་གཉིས་སམ་གསུམ་གྱི་ཚིག་ཅེས་གསུངས་པ་ཡིན་ནོ། །གང་དུ་འདིའི་འོག་ཏུ་འདི་དང་འབྲེལ་པའི་བསོད་སྙོམས་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་ཟོས་པ་ལའོ་ཞེས་བྱ་བ་སྨོས་སོ། །ཅི་
ཟོས་སོ་ཅོག་ཐམས་ཅད་ལའམ་ཞེ་ན། དེའི་ཕྱིར་མནོས་པའོ་ཞེས་བྱ་བ་སྨོས་ཏེ། རྙེད་པ་བཞག་པས་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཞུ་བ་ལས་དེ་ཉིད་དུ་འདུག་ཅིང་དོན་ཇི་སྲིད་དུ་ཟོས་ཀྱང་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ནི་ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི་བྱེད་པ་པོ་སྟེ་འདིར་ནི་མནོས་པ་
Vol. 160 · folio 211b
ལའོ། །འདིར་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །གཞན་གྱིས་མནོས་པ་ཡང་ངོ་ཞེས་བྱ་བ་ནི། གཞན་ནོད་དུ་བཅུག་ལ་ཟོས་ན་ཡང་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །འདིར་གཞུང་ནི་ཞུ་བ་ལས། ལྡེ་གུ་དག་དང་སྣུམ་ཁུར་དག་བསྟབས་པ་དེ་ལས་འོག་ཏུ་ལྷུང་བཟེད་གཉིས་སམ་གསུམ་ལས་ལྷག་པར་གཞན་
ནོད་དུ་བཅུག་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །གཞན་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ལ། འདིར་གཞུང་ནི་འདི་ཡིན་ཏེ། དེ་ཉིད་དུ་འདུག་སྟེ་མ་བསྟབས་པར་ཟོས་ཀྱང་ལྟུང་བ་མེད་ཅེས་གསུངས་པ་ཡིན་ནོ། །འདིར་མདོ་འདི་ནི་ཉེས་བྱས་སུ་དོགས་པ་བསལ་བའི་ཕྱིར་བྱས་སོ། །ལས་སུ་མ་
བྱས་པ་ལ་ཡང་ངོ་ཞེས་བྱ་བ་ནི་འབྲས་ལ་སོགས་པ་རྔོ་བཏགས་མ་བྱས་པ་མནོས་ཏེ་ཟ་བ་ལ་ལྟུང་བ་མེད་པ་སྟེ། ཉེས་པ་མེད་པ་ལ་དགོངས་པ་ཡིན་གྱི་འབྲུ་ཙམ་པ་ལེན་པའི་ཉེས་པ་གཞན་ནི་ཡོད་དོ། །དེ་བས་ན་འདི་ལ་ཡང་འདིར་འདི་ལས་མེད་པར་རྟོགས་པར་མི་བྱའོ། །བླང་བར་བྱ་བ་གལ་ཏེ་མང་བ་
ཉིད་ཡིན་ན་དགེ་སློང་དག་ལ་བགོ་བཤའ་བྱའོ་ཞེས་བྱ་བ་ནི། འདིར་བླང་བར་འོས་པ་བྲེའུ་ཆུང་ཕྱེད་དང་ལྔའི་མཐར་ཐུག་པ་དེ་དང་རྗེས་སུ་མཐུན་པའི་ཚོད་མ་དང་ལྷན་ཅིག་ཏུ་གང་ཡིན་པ་དེ་ལས་གལ་ཏེ་ལྷག་པ་ཡིན་པར་བླང་བར་བྱའོ། །འདིར་མང་པོ་ལ་ཡང་དག་པར་བསྟེན་པ་ལ་གཞུང་ནི་དགེ་
སློང་དག་ལ་བགོ་བཤའ་བྱ་སྟེ། ལྷུང་བཟེད་གང་བ་གཉིས་སམ་གསུམ་བླངས་ནས་ཞེས་བྱ་བའི་ཚིག་གིས་རིག་པར་བྱའོ། །ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བྱེད་དོ།། །།ཇི་ཙམ་གྱིས་ཆོག་པ་བཟའ་བར་བྱའོ། །ཟས་བརྩམས་པས་ལྡང་བར་མི་བྱའོ་ཞེས་བྱ་བ་ལ། ཟས་
ལ་བརྩམས་པའི་ངོ་བོ་གསུངས་པ་ནི། ཐ་ན་ལན་ཚྭ་ཡན་ཆད་བཟའ་བར་བྱ་བ་གང་ཡང་རུང་བ་ཅུང་ཟད་ཅིག་བླངས་ན་རྣམ་པ་དེ་ཉིད་ཡིན་ནོ་ཞེས་བྱ་སྟེ། ཅུང་ཟད་ཅིག་ཅེས་བྱ་བ་ནི་ཉུང་དུ་ཡང་ན་ཞེས་བྱ་བའི་དོན་ཏོ། །གང་ཡང་རུང་བ་ཞེས་བྱ་བ་འདིས་ནི་འདི་སྟོན་པར་བྱེད་དེ། ལན་ཚྭ་ཡན་ཆད་ཅེས་བྱ་བ་
སྟེ་ཇི་སྲིད་ལན་ཚྭ་ཞེས་བྱ་བའི་དོན་ཏེ། བླངས་ནས་ཞེས་བྱ་བ་ནི་ལེན་པ་ལའོ། །རྣམ་པ་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཟས་ལ་མ་བསྐོས་པ་དེ་ཉིད་དོ། །ཤེས་གཙོ་བོ་སྤངས་པ་ཉིད་དང་ལྷག་བོར་མ་བྱས་པ་ཉིད་དག་ལའོ་ཞེས་བྱ་བ་འཆད་པར་འགྱུར་ཏེ། དེ་ལས་སྤངས་པ་གང་ཡིན་པ་དང་། སྤངས་པ་
Vol. 160 · folio 212a
ཉིད་བྱེད་པ་བརྗོད་པར་བྱ་བ་ཡིན་ནོ། །དེ་བས་ན་སྤངས་པ་ནི་བཏང་བའོ་ཞེས་བྱ་བ་སྟེ། གང་གི་ཕྱིར་དེའི་ཚེ་ན་ཟས་ལ་སོགས་པ་ཡོངས་སུ་བཀང་བ་ཞེས་བྱ་བའོ། །འདི་གང་ལས་ཤེས་པ་ཡིན་ཞེ་ན། དེའི་ཕྱིར་འདུག་པའོ་ཞེས་བྱ་བ་སྨོས་སོ། །ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་རྩ་བ་
ལ་སོགས་པ་བཅའ་བར་བྱ་བ་ལ་སོགས་པའི་ཟས་བརྩམས་པའོ་ཞེས་བྱ་བ་སྨོས་ཏེ། སྤངས་པའི་རྩ་བ་ལ་སོགས་པ་དང་བཅའ་བར་བྱ་བ་ལ་སོགས་པའི་ཟས་གང་གིས་ཞེས་བྱ་བའི་དོན་ཏོ། །ཅི་ཅུང་ཟད་ཀྱང་མ་བྱས་པར་སྤངས་ནའང་ཞེ་ན། དེའི་ཕྱིར་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་
འབྲས་བུ་བཅའ་བར་བྱ་བ་དང་ཐུག་པ་ལས་གཞན་པ་བཟའ་བར་བྱ་བ་རུང་བ་དང་མི་རུང་བ་མ་འདྲེས་པའི་བྱིན་ལེན་སྟོབས་པ་འཐབ་པའི་ཕྱོགས་ན་འགྲེང་བ་སྤང་བར་བྱས་ནས་སོ་ཞེས་བྱ་བ་སྨོས་ཏེ། གཞན་པ་ཞེས་བྱ་བ་ལ། འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་བཟའ་བ་ལྔ་པོ་དག་
མ་གཏོགས་པ་དེ་ལས་གཞན་པའི་དངོས་པོ་དག་སྤངས་པར་གྱུར་ནས་དེས་སླད་ཀྱི་བཟའ་བ་ལྔ་པོ་དག་འཚལ་བར་གྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཐུག་པ་ལས་ཞེས་བྱ་བ་ནི་གཞན་ནོ། །མི་རུང་བ་མ་འདྲེས་པ་ཞེས་བྱ་བ་ནི། གང་ཞིག་དེར་རུང་བ་དེས་འདི་ལ་རུང་བ་ཉིད་ཤེས་པར་མི་བྱ་སྟེ་
ཞེས་བྱ་བའི་དོན་དུ་འདི་ཡིན་ནོ། །སྟོབས་པ་འཐོབ་ཕྱོགས་ནས་འགྲེང་བ་ཞེས་བྱ་བ་ནི་གཞན་ལས་བྱིན་ལེན་མི་འཐོབ་པ་དང་བྱིན་ལེན་ལས་བཟློག་པ་གང་ཡིན་པ་དེ་ལ་འདིར་ཡན་ལག་ཉིད་ཀྱི་ཕྱིར་འདི་ཤེས་པ་ཡིན་ཏེ། འཐོབ་པའི་ཕྱོགས་ནས་འགྲེང་བ་འདི་ལྟ་བུའི་ཁ་ཟས་ལ་བྱིན་ལེན་བྱེད་ཅིང་བཟློག་
པར་བྱ་སྟེ། ཁ་ཟས་སྤངས་པ་དང་འདུག་པ་ཆོག་ཤེས་པའི་གནས་ལ་སྤངས་པ་གང་ཡིན་པ་དེ་ནི་སྤངས་པ་ཡིན་ཞེས་བྱ་བ་ནི་འདིར་བསྡུས་པའི་དོན་ཏོ། །གསོལ་ཅིག་ཅེས་བྱ་བ་ཡང་དེ་ཡིན་ནོ་ཞེས་བྱ་བ་ལ་ཞེས་བྱ་བ་ནི་དེ་ལ་སྦྱིན་པར་གྱུར་པ་གང་ཡིན་པ་དེ་ཙམ་འདིས་རྣམ་པར་མ་སྤྱད་པ་ལ་བརྟེན་པར་
གྱུར་པ་དེ་བས་ན་གཞན་དེ་ལས་བཟློག་པ་ཉིད་དོ། །སོང་ཤིག་ཅེས་བྱ་བ་ཡང་ངོ་། །འཚལ་ལགས་སོ་ཞེས་བྱ་བས་ཀྱང་ངོ་ཞེས་བྱ་བ་ལས་བཟློག་པ་ནི་ཀྱང་ངོ་ཞེས་བྱ་བའི་སྒྲ་ནི་སྔར་ཡང་ངོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་རོ། །རེ་ཞིག་ཅེས་བྱ་བའི་སྒྲ་ཉེ་བར་སྦྱར་ན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འདི་གསུམ་
Vol. 160 · folio 212b
རེ་ཞིག་སྒྲ་ལ་ཉེ་བར་མཚམས་སྦྱར་བ་ལ་བཟློག་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །ཆོག་གོ་ཞེས་བྱ་བ་ཡང་ངོ་ཞེས་བྱ་བ་ནི་དེ་ལ་ཡང་རེ་ཞིག་ཅེས་བྱ་བའི་སྒྲ་ཉེ་བར་སྦྱར་ན་སྤངས་པ་མ་ཡིན་ན་སླར་གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །ཐུག་པ་ལས་ཀྱང་ཞེས་བྱ་བ་གང་ཞིག་བརྗོད་པ་དེ་ལ་སླར་
བརྗོད་པར་འདོད་ནས་ཁ་གཟར་གྱེན་དུ་འགྲེང་དུ་མི་བཏུབ་པ་ཉིད་ཀྱི་ཐུག་པ་དག་ནི་ཐུག་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། ཁ་གཟར་གྱེན་དུ་གནས་པ་གང་ཡིན་པ་དེ་གལ་ཏེ་ཐུག་པ་ལ་གྱེན་དུ་འགྲེང་དུ་མི་བཏུབ་ན་དེ་ལྟར་ན་འདི་ལ་ནི་ཐུག་པ་ཉིད་དོ། །སོར་མོ་ལྔ་མི་མངོན་པ་ནི་སྐྱོ་མའོ་ཞེས་བྱ་བ་ནི་ཐུག་པ་ཉིད་ལེན་དུ་
བཅུག་པ་ལ་ཞེས་བྱ་བ་འདི་དང་འབྲེལ་པ་བརྗོད་པར་བྱའོ། །ཐོ་འཚམས་པ་ནི་བྱིན་ལེན་སྟོབས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ཐོ་འཚམས་པར་ཤེས་པ་ཉིད་ལ་འདི་ལྟར་བྱིན་ལེན་དུ་འཇུག་པ་མ་ཡིན་ནོ། །འདི་ནི་བྱིན་ལེན་བྱེད་དུ་འཇུག་པའི་ཀུན་དུ་སྤྱོད་པ་ལ་རྗེས་སུ་མཐུན་པ་ཞེས་བྱ་བ་ཤུགས་ཀྱིས་
རྟོགས་པར་བྱའོ། །འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློང་སྔར་ཐོ་འཚམས་པར་རྟོགས་པ་ཅན་གྱིས་བྱིན་ལེན་བསྟབས་པར་གྱུར་ལ། དེས་སླད་ཀྱི་ཐ་མལ་པའི་གནས་སྐབས་སུ་བྱིན་ལེན་བསྟབས་པ་དེ་འཚལ་ན་ལྟུང་བ་ཅིར་འགྱུར། ཉེ་བ་འཁོར་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །
ཐོ་འཚམས་པའི་རྟོག་པ་ཅན་ཞེས་བྱ་བ་ནི་འདི་ལ་ཐོ་འཚམ་མོ་སྙམ་པའི་རྟོག་པ་གང་ལ་ཡོད་པར་གྱུར་པ་ཞེས་བྱ་བ་འདི་དོན་རིག་པར་བྱའོ། །སྤང་བ་བསྟན་ཟིན་ཏོ།། །།ད་ནི་ལྷག་བོར་བྱ་བ་བསྟན་པར་བྱ་སྟེ། མཚམས་ཀྱི་ཕྱི་རོལ་དང་མི་འཐོབ་པའི་ཕྱོགས་དང་མདུན་མ་ཡིན་པ་ན་འདུག་པ་ལས་ལྷག་
བོར་བྱ་བ་མི་འབྱུང་ངོ་ཞེས་བྱ་བ་ནི་མཚམས་ཀྱི་ཕྱི་རོལ་ན་གནས་པ་དང་། མི་འཐོབ་པའི་ཕྱོགས་ན་གནས་པ་དང་། མདུན་མ་ཡིན་པ་ན་འདུག་པ་ལས་ཞེས་བྱ་བའི་བསྡུ་བའོ། །གཉིས་དང་ལྡན་པ་ལ་གཅིག་པའི་དངོས་པོ་འདི་རྣམས་ལས་ལྷག་བོར་བྱ་བ་མི་འབྱུང་སྟེ། མཚམས་གཞན་ན་
གནས་པ་ན་གང་ཞིག་ལ་ཡང་ཡན་ལག་ཉིད་དོ། །དེ་བས་ན་ཕྱི་རོལ་གྱི་མཚམས་ལ་གནས་པ་དོར་བའོ། །ལྷག་བོར་ཞེས་བྱ་བ་ནི་མཐར་ཐུག་པར་གྱུར་པའི་བོར་བ་ནི་དོར་བ་སྟེ་ལྷག་བོར་རོ། །དེ་ལྟར་ཡང་འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། ལྷག་མར་མ་བྱས་ཤིང་མ་བོར་ཡོངས་སུ་མ་བཏང་
Vol. 160 · folio 213a
བ་ནི་ལྷག་བོར་མ་བྱས་པ་ཞེས་གསུངས་པ་ཡིན་ནོ། །བྱ་བ་ལག་ཏུ་མ་བླངས་པ་ལ་ཡང་མི་འབྱུང་ངོ་ཞེས་བྱ་བ་ནི་ལྷག་བོར་བྱ་བའི་དངོས་པོ་གང་ཡིན་པ་དེ་ལག་ཏུ་མ་བླངས་པ་ལ་ཡང་ལྷག་བོར་མི་འབྱུང་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་དེས་ལག་པ་གཉིས་བསྙལ་
ཏེ་བྱིན་ལེན་བྱས་པ་ལས་ཞེས་གང་གསུངས་པ་ཡིན་ནོ། །ནམ་མཁའ་ལ་ཡང་མི་འབྱུང་ངོ་ཞེས་བྱ་བ་དེ་ནི་མཚམས་ཀྱི་ཕྱི་རོལ་ཞེས་བྱ་བ་འདིའི་ཁོངས་སུ་གཏོགས་པ་ཉིད་དུ་རིག་པར་བྱའོ། །རུང་བ་མ་ཡིན་པ་དང་དེ་དང་འདྲེ་བ་ལ་ནི་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི་རུང་བ་ལ་མི་རུང་བ་འདྲེས་པས་ལྷག་བོར་
གྱི་དངོས་པོ་དོར་བ་ཉིད་ཀྱིས་མི་བྱ་བ་ཉིད་དོ། །གང་གི་ལྷག་བོར་དུ་བྱ་བ་དང་གང་གི་འདིར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་གནས་མ་བཏང་བས་བྱ་བ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། འདིར་ཟ་བའི་གནས་ནི་གནས་ཤེས་པར་དོན་གྱིས་ཤེས་པར་བྱའོ། །ཅི་ཆོག་པར་མ་བྱས་པ་ལ་ཡིན་ནམ་ཞེ་ན།
དེའི་ཕྱིར་མི་ཟ་བར་བརྟག་པར་བྱས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། ཅི་མ་གསོལ་བས་ཀྱང་བྱའམ་ཞེ་ན། དེའི་ཕྱིར་གསོལ་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་སོ། །འདིའི་བྱ་བ་ཅི་ཡིན་ཞེ་ན། དེའི་ཕྱིར་ཁྱོད་ཀྱིར་གྱུར་གྱི་བཞུད་ཅིག་ཅེས་བྱ་བའི་ཚིག་གིས་བྱའོ། །ཁ་ཅིག་ནི་ཅི་བདེར་གསོལ་
ཅིག་ཅེས་ཀྱང་བྱའོ་ཞེས་བྱ་བ་སྨོས་ཏེ། འདོད་པ་གཞན་ལ་འདི་བསྟན་པའོ། །གཞན་དག་གི་ཚིག་འདི་འདིར་བྱ་བ་ཉིད་ཀྱིས་ཤེས་ཀྱང་ཟེར་ཏེ། འདིར་དོན་གཙོ་ཆེ་བ་ཡིན་གྱི་ཚིག་ནི་མ་ཡིན་ནོ། །དེ་བས་ན་འདི་གཉིས་ཀ་འདིའི་བྱ་བ་ཡིན་ནོ། །གཞན་ཡང་འདི་ལྟ་བུའི་རིགས་ཅན་ཀྱི་ཚིག་ཅེས་བྱ་བ་
རྟོགས་པར་བྱའོ། །ཅི་ཚིག་ཙམ་ཁོ་ནས་ལྷག་བོར་བྱ་བ་ཟད་དམ་ཞེ་ན། དེའི་ཕྱིར་ཁམ་གཉིས་སམ་གསུམ་ཟོས་ནས་སོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་གི་ཡང་མ་ཟོས་པ་ལ་ཀུན་དུ་རྟོག་པར་བྱ་བའི་ལྷག་བོར་འདུ་བྱེད་པ་དེས་ཀྱང་ཁམ་གཉིས་སམ་གསུམ་ཟོས་ནས་བྱ་བ་ཞེས་སྨོས་པ་ནི་བྱ་བ་བཏང་
བས་ནི་བཟའ་བར་མི་བྱའོ་ཞེས་བྱ་བ་སྟེ། མ་ཟོས་པ་ལ་ཀུན་དུ་རྟོག་པ་བྱེད་བཞིན་པ་ལ་ཡང་གང་ཟག་བརྗོད་པ་གང་ཡིན་པ་དེ་ལ་དེས་ནི་བཟའ་བར་མི་བྱ་བར་ཁྱོད་ཀྱིར་གྱུར་གྱི་བཞུད་ཅིག་ཅེས་བྱ་བའི་ཚིག་ཙམ་ཉིད་དུ་བྱ་བ་འདིས་བསྟན་པར་ཤེས་པར་བྱའོ། །ལྷག་བོར་བྱས་པ་གཞན་གྱིས་བཟའ་བར་
Vol. 160 · folio 213b
བྱའོ་ཞེས་བྱ་བ་ནི་དགེ་སློང་གཅིག་ལ་རུང་བ་གང་ཡིན་པ་དེ་གཞན་ལ་ཡང་རུང་ངོ་ཞེས་བྱ་བ་དེ་ལ་འདི་བསྟན་པའོ། །ཤེས་གཙོ་བོ་ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་སྤངས་པ་ཉིད་དང་ལྷག་བོར་མ་བྱས་པ་ཉིད་དག་ལའོ་ཞེས་བྱ་བ་
སྨོས་ཏེ། ལྷག་བོར་མ་བྱས་པ་ཉིད་གང་ཡིན་པ་དེ་ལ་དེ་ནི་ལྷག་བོར་ཉིད་དུ་མ་བྱས་པའོ། །ཟོས་ནས་སྤངས་པ་ཉིད་ལ་ཡང་ལྷག་བོར་དུ་བྱ་བ་མ་བྱས་པ་ཞེས་བྱ་བའི་དོན་ཏོ། །ཅི་ཞིག་རྗེས་སུ་བསྒྲུབ་ན་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཟོས་ནའོ་ཞེས་བྱ་བ་སྨོས་སོ། །ཅི་ཞིག་ཟོས་ན་ཞེ་ན། དེའི་
ཕྱིར་ཟས་ཙམ་མོ་ཞེས་བྱ་བ་སྨོས་ཏེ། བཅའ་བར་བྱ་བ་ཙམ་ཡང་ཞེས་བྱ་བའི་དོན་ཏོ། །འདི་སྟན་གཅིག་པའི་ཟས་དང་པོར་བྱས་པས་དེའི་ཕྱིར་དེ་དག་ཐམས་ཅད་ནི་རྣམ་པར་ངེས་པ་མ་ཡིན་པར་རིག་པར་བྱའོ། །སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པ་སྤངས་པ་ཉིད་ཡིན་ཡང་རུང་སྤངས་པ་
ཉིད་མ་ཡིན་ཡང་རུང་སྟེ། ལྷག་བོར་བྱས་ཀྱང་རུང་ལྷག་བོར་མ་བྱས་ཀྱང་རུང་བཅའ་བར་བྱ་བ་དང་བཟའ་བར་བྱ་བ་དག་ཟོས་བཞིན་པས་བཟའ་བར་མི་བྱ་ཞེས་བྱ་བ་འདིའི་བྱེ་བྲག་རྟོགས་པར་བྱའོ། །སྟན་གཅིག་པའི་ཟས་ཀྱི་ལྟུང་བྱེད་དོ།། །།འདི་ཡང་ཤེས་གཙོའོ། །སྤངས་པ་ཉིད་དང་ལྷག་
བོར་མ་བྱས་པ་ཉིད་དག་ལའོ་ཞེས་སྔར་བསྟན་པའི་ཡན་ལག་དེ་དག་ཁས་བླངས་ནས་བསྒྲུབ་པ་གང་ཡིན་ལ་འདུ་ཤེས་པ་འདིའི་བྱེད་པ་པོ་ཉིད་ཡིན་ཞེས་བྱ་བ་འདི་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སྟོབས་ནའོ་ཞེས་བྱ་བ་སྨོས་ཏེ། ཟས་ཙམ་ཟོས་པ་ལ་ཞེས་བྱ་བའི་དོན་ཏོ། །གང་ལ་སྟོབས་ན་ཞེ་ན་དེའི་
ཕྱིར་དགེ་སློང་ལའོ་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་དུ་རུང་བ་མ་ཡིན་པའི་ཕྱིར་སྟོབས་པ་ལ་ཉེས་པ་ཞེས་བྱ་བ་འདིའི་རྗེས་སུ་འབྲངས་ནས་རིག་པར་བྱའོ། །སྤངས་པ་ལ་སྟོབས་པའི་ལྟུང་བྱེད་དོ།། །།ཤེས་གཙོ་བོ་ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ། །གང་ལ་འདུ་ཤེས་
གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་ལས་གཞན་པའི་དགེ་སློང་དགེ་འདུན་དུ་གྱུར་པ་མཚམས་ཀྱི་ནང་ན་གནས་པ་དག་ཟན་ལྷན་ཅིག་མ་ཡིན་པ་ཉིད་ལའོ་ཞེས་བྱ་བ་སྨོས་ཏེ། གནས་ཁང་ན་ཟས་ཐ་དད་པ་ཉིད་དུ་ངེས་པ་དེ་ནི་སོ་སོར་ངེས་པའི་ཟས་སོ། །
Vol. 160 · folio 214a
དགེ་སློང་གང་དག་ལ་གནས་དེ་དག་ནི་སོ་སོར་ངེས་པའི་ཟས་ཀྱི་གནས་ཅན་དག་གོ། །དེ་རྣམས་ལས་གཞན་དགེ་སློང་མཚམས་ཀྱི་ནང་ན་གནས་པའི་བཞི་ལ་སོགས་པ་དགེ་འདུན་དུ་གྱུར་པའི་དགེ་སློང་རྣམས་དང་ལྷན་ཅིག་མ་ཡིན་པ་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཚོགས་
ཤིང་ཟ་བ་བཟུང་བ་ནི་དགེ་འདུན་དུ་གྱུར་པ་རྣམས་ཀྱིས་ཞེས་བྱ་བ་རིག་པར་བྱའོ། །འདིར་རྣམ་པར་འབྱེད་པ་ལས་ལ་གཡེང་བ་ཞེས་བྱ་བ་སྟེ། ཚོགས་ཤིང་ཟ་བ་ནི་ཚོགས་ནས་ཟ་བའོ། །གཡེང་བ་ཉིད་ཅེས་པ་ནི་དགེ་འདུན་གཉིས་འབྱེད་པའོ་ཞེས་བྱ་བ་འདིའི་དོན་རྣམ་པར་གནས་པ་ཡིན་ནོ། །ཅི་གཅིག་
པུ་ཞིག་ཟན་ལྷན་ཅིག་མ་ཡིན་པ་ཉིད་ལ་ཡིན་ནམ་ཞེ་ན། དེའི་ཕྱིར་ལྷན་ཅིག་པའི་འོ་ཞེས་བྱ་བ་སྨོས་ཏེ། རྣམ་པ་གང་དང་ལྷན་ཅིག་པའི་ཞེ་ན། དེའི་ཕྱིར་ཅིག་ཅར་ཟ་བ་དང་ངོ་ཞེས་བྱ་བ་སྨོས་སོ། །སུ་དང་ལྷན་ཅིག་པའི་ཞེ་ན། དེའི་ཕྱིར་གསུམ་པོ་ལ་སོགས་པ་དང་ངོ་ཞེས་བྱ་བ་སྨོས་ཏེ།
གསུམ་པ་འམ་བཞི་ལ་སོགས་པའི་ཚོགས་དང་ངོ་། །འདིར་གཞུང་ནི་བཞི་པོ་དག་ལས་གཅིག་གིས་ཞལ་ཏ་བྱེད་ཅིང་གསུམ་ཟ་བ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །གང་གི་གསུམ་པོ་ལ་སོགས་པ་དང་ཞེ་ན། དེའི་ཕྱིར་དགེ་སློང་རྣམས་ཀྱིའོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་ལྟུང་
བ་བསྟན་པ་ལ་གསུམ་བསྙེན་པར་རྫོགས་པ་ཡིན་ལ་གཅིག་བསྙན་པར་མ་རྫོགས་པ་ཡིན་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཅི་ཐམས་ཅད་དུ་ལྷན་ཅིག་པ་འདི་ཙམ་ལ་ཡང་ཡིན་ནམ་ཞེ་ན། དེའི་ཕྱིར་དགེ་སློང་རྣམ་པ་ཇི་ལྟ་བུས་གོས་མེད་པའི་ཟས་གཉིས་པ་རྙེད་པ་བྱེད་པ་པོ་ཉིད་ཡིན་པ་བཞིན་ནོ་
ཞེས་བྱ་བ་སྨོས་ཏེ། དགེ་སློང་རྣམ་པ་ཇི་ལྟ་བུ་གོས་མེད་པའི་ཟས་གཉིས་ཡང་ཡང་ཟ་བའི་བྱེད་པ་པོ་ཉིད་ཡིན་པ་དེ་བཞིན་དུ། འདིར་ཡང་མི་ན་བ་དང་ལས་མ་བྱས་པ་དང་ལམ་དུ་མ་ཞུགས་པ་དང་། གྲུར་མ་ཞུགས་པ་དེ་ལ་ཡང་ཞེས་བྱ་བའི་དོན་ཏོ། །ལམ་དཔག་ཚད་དམ་དཔག་ཚད་ཕྱེད་དུ་སོང་བའམ་
སླར་འོང་བར་འགྱུར་ཞེས་བྱ་བ་འདི་ལ་ཁ་ཅིག་འགྲོ་བ་དང་སླར་འོང་བར་འགྱུར་ཞེས་བྱ་བའི་གཞུང་བྱེད་པ་ཡིན་ཏེ། གཞན་དག་ནི་དཔག་ཚད་དུ་འགྲོ་བར་འགྱུར་བའམ་དཔག་ཚད་དུ་འགྲོ་བའམ། དཔག་ཚད་ཕྱེད་དུ་འགྲོ་བར་འགྱུར་བའམ་སླར་འོངས་པ་ཞེས་བྱ་བར་རྣམ་པར་རྟོག་པ་ཡིན་ནོ། །འདི་གཉིས་ཀ་
Vol. 160 · folio 214b
ཡང་བདེན་པ་མ་ཡིན་ཏེ། བཙུན་པ་རེ་ཞིག་དགེ་སློང་གི་དཔག་ཚད་ཕྱེད་ལས་འདས་པར་བགྱིས་ནས་འདུས་པ་དང་ལྷན་ཅིག་འཚལ་འཚལ་ན་ལྟུང་བ་ཅིར་འགྱུར་ཉེ་བ་འཁོར་ལྟུང་བ་མེད་དོ་ཞེས་ཞུ་བ་ལས་གསུངས་པ་ཡིན་ནོ། །ཅི་ཟན་ལྷན་ཅིག་མ་ཡིན་པ་ཉིད་ཐམས་ཅད་ལའམ་ཞེ་ན། དེའི་ཕྱིར་དུས་སྟོན་ཆེན་པོ་ལས་
གཞན་པ་ལའོ་ཞེས་བྱ་བ་སྨོས་ཏེ། འདིར་དུས་སྟོན་ཆེན་པོ་ཞེས་བྱ་བའི་གཞུང་ནི་ཟན་སྤངས་པ་ཞེས་གསུངས་པ་ཡིན་ནོ། །ཀུན་དུ་སྤྱོད་པ་གང་ལ་འདི་ལ་བྱེད་པ་པོ་ཉིད་ཅེས་བྱ་བ་འདི་ལ་ཟོས་ནའོ་ཞེས་འོག་ནས་འབྱུང་ན་ཅི་དུས་ལ་མ་བབ་པའི་བཟའ་བར་བྱ་བ་ཐམས་ཅད་ལ་ཟོས་ན་ཞེས་བྱ་བ་འདི་ལ་བརྗོད་པར་བྱ་
སྟེ། དེའི་ཕྱིར་རྟགས་འདི་མེད་པའི་རབ་ཏུ་བྱུང་བའི་ཟས་ལས་གཞན་པའི་འོ་ཞེས་བྱ་བ་སྨོས་ཏེ། རབ་ཏུ་བྱུང་བ་གང་ལ་རྟགས་འདི་མེད་པ་ཞེས་བྱ་བ་ནི་ཕྱི་རོལ་པའི་རབ་ཏུ་བྱུང་བའོ། །དེའི་ཟས་ལས་གཞན་པ་ཞེས་བྱ་བ་ནི་བཟའ་བར་བྱ་བ་གང་ཡིན་པ་དེ་ཟོས་པ་ལ་ཞེས་བྱ་བའི་དོན་ཏོ། །དེར་འོང་
བར་བྱ་བ་ཉིད་དུ་གནས་པ་མཚམས་ཀྱི་ནང་ན་འཁོད་པ་དག་གི་འོང་པ་ཉིད་མ་དྲིས་པར་ཟ་ན་འདའ་བའི་ཕྱེད་ཡིན་ནོ་ཞེས་བྱ་བ་ལ། གནས་པ་ཞེས་བྱ་བ་ནི་རྣམ་པར་གནས་པ་སྟེ། གནས་གང་ལ་རྩ་བའི་གནས་ཡོངས་སུ་རྩི་བ་ལ་སོགས་པ་ལ་ཁ་ཅིག་ནི་ཟ་བར་བྱེད་པ་དེ། དེར་ཁ་ཟས་ཀྱི་དོན་དུ་འོངས་
པ་ཉིད་གང་རྣམས་ལ་གནས་གཞན་དུ་རྩ་བའི་གནས་ཡོངས་སུ་བརྩི་བ་ལ་སོགས་པ་ལ་མཚམས་ཐ་མི་དད་པར་གནས་པ་རྣམས་ལ་དེ་རྣམས་ནི་དེ་གནས་པ་དང་དེར་འོངས་པ་ཉིད་རྣམས་སོ། །དེ་རྣམས་ལ་འོང་བ་ཉིད་མ་དྲིས་པར་ཟ་ན་འདའ་བའི་ཕྱེད་ཡིན་ཏེ་ཉེས་བྱས་སོ་ཞེས་བྱ་བའི་དོན་ཏོ། །གནས་པ་
ལ་མ་ཡིན་པར་དེར་འོང་བ་ཉིད་མ་དྲིས་པར་ཟ་ན་ལྟུང་བྱེད་ཁོ་ན་སྟེ། དེ་བས་ན་མ་བྱས་པ་ཉིད་ཀྱི་དམིགས་ཀྱིས་བསལ་བར་དེ་རྟོགས་པར་བྱའོ། །འདིར་གཞུང་ནི་གཞིའི་འདུག་གནས་ཀྱི་ཉེ་འཁོར་ན་ཁང་ཁྱིམ་དག་ཡོད་པ་གཞིའི་འདུག་གནས་སུ་དགེ་སློང་དག་ཟན་ཟ་ན་དེ་དག་གིས་ཁང་ཁྱིམ་གྱི་འདུག་
གནས་ནས་དགེ་སློང་དག་འོངས་སམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ཟ་ན་གཞིའི་འདུག་གནས་པ་དག་ལ་ནི་ཉེས་བྱས་སུ་འགྱུར་ལ། ཁང་ཁྱིམ་གྱི་འདུག་གནས་པ་དག་ལ་ནི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དག་ཁང་ཁྱིམ་གྱི་འདུག་གནས་སུ་ཟན་ཟ་ན། དེ་དག་གིས་གཞིའི་འདུག་གནས་
Vol. 160 · folio 215a
ནས་དགེ་འདུན་དག་འོངས་སམ་ཞེས་དྲི་བར་བྱའོ། །མ་དྲིས་པར་ཟོས་ན་ཁང་ཁྱིམ་གྱི་འདུག་གནས་པ་དག་ལ་ནི་ཉེས་བྱས་སུ་འགྱུར་ལ། གཞིའི་འདུག་གནས་པ་དག་ལ་ནི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །དོགས་པར་གྱུར་པ་མ་དཔྱད་པར་ཞེས་བྱ་བའི་དོན་འདི་ལ་འདིར་མཚོན་
པ་དང་མ་དྲིས་པར་རྣམ་པར་གནས་པ་ཡིན་ནོ། །དོགས་པར་བྱ་བ་མ་བཟུང་བ་ཉིད་ཀྱི་ཕྱིར་དྲི་བར་བྱ་བ་མ་ཡིན་ཏེ། དེ་བས་ན་ངེས་པ་རྣམས་ལ་ནི་ཉི་མ་གཅིག་གི་དོན་ལ་ཡང་དགེ་འདུན་གྱི་སྐབས་ན་སྨད་པ་ཉིད་དོ། །གཞན་དུ་ནི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བས་ན་དེ་ལ་འདི་ནི་བྱེད་པ་པོ་
ཡིན་ནོ། །དེ་ལྟར་ན་གནས་པ་གཅིག་ཡིན་ལ། དེ་ཉིད་ན་དགེ་སློང་གང་དག་སོ་སོ་ན་ཟན་ཟ་ཞིང་དེ་དག་གིས་ཀྱང་འདུས་ཤིང་ཟ་བར་མངོན་སུམ་དུ་ཤེས་སམ་དོགས་པ་དག་ཡོད་ན་དགེ་འདུན་གྱི་ལྷག་མ་ཐམས་ཅད་ལ་ཁོངས་སུ་གཏོགས་པའི་ཉེས་བྱས་བསྐྱེད་པ་ཞེས་བྱ་བར་རིག་པར་བྱའོ། །གང་ཡང་
རུང་བ་ཅུང་ཟད་ཅིག་བྲིམས་ན་ཡང་ཟན་གཅིག་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཟན་བཟའ་བར་བྱ་བ་གང་ཡང་རུང་བ་ཅུང་ཟད་ཅིག་དགེ་འདུན་གྱིས་ལོགས་ཤིག་ན་ཟ་བའམ། ཟན་ལོགས་ཤིག་ན་ཟ་བ་བས་དགེ་འདུན་ལ་བྲིམས་ཀྱང་རུང་སྟེ་ལྟུང་བ་མེད་ཅེས་བྱ་བའི་དོན་ཏོ། །འགྲོ་བར་ཆས་པ་དང་གློ་བུར་དུ་
འོངས་པ་དང་ནད་པ་དང་ནད་གཡོག་དང་དགེ་སྐོས་ལས་གཞན་པ་ཐམས་ཅད་ཀྱིས་མ་ཟོས་པར་གཡོས་མལ་དང་སྤྱི་བུངས་ལས་མནོས་ཏེ་བཟའ་བར་མི་བྱའོ་ཞེས་བྱ་བ་ནི་སྨན་གྱི་གཞི་དང་ཕྲན་ཚེགས་དག་ལས་ཀྱང་མགྲོན་དུ་བོས་པ་ན་ཐམས་ཅད་ཀྱིས་མ་ཟོས་པ་བཟའ་བར་མི་བྱ་བ་ཉིད་དེ། དེ་བས་ན་དེར་ཡང་
ཆོ་ག་འདི་རིག་པར་བྱའོ། །འདིར་ནི་དགེ་འདུན་གྱི་དོན་དུ་ཞེས་བྱ་བ་གསུངས་པ་མ་ཡིན་ཏེ། གཉིས་གང་ལ་ཡང་མ་ཡིན་ནོ། །གསུམ་བོས་པ་ལ་ཡང་གཅིག་པ་ཉིད་དེ་བོས་པ་ལ་ནི་ཁ་ཟས་གྱ་ནོམ་པ་ལ་རིགས་པའི་ངོ་བོ་ཉིད་དོ། །དེ་བས་ན་འདིར་ཆོ་ག་འདི་མེད་པ་མ་ཡིན་ནོ། །གཙུག་ལག་ཁང་ན་
དགེ་སློང་གཅིག་པུ་ཞིག་གནས་པ་ན་ཡང་དེས་ཀྱང་བཀད་ས་ལས་གཞན་དུ་ཟན་བཟའ་བར་མི་བྱ་སྟེ། ཟོས་ན་འདས་པར་འགྱུར་རོ། །དེས་ན་བསླབ་པའི་གཞི་འདིའོ། །གཅིག་པུ་ཞིག་མགྲོན་དུ་བོས་པར་འགྱུར་བ་དེས་ཀྱང་སྦྱིན་བདག་གིས་བསྐོས་པའི་དབང་བ་མ་གཏོགས་པར་གང་ཞིག་མ་ཟོས་པར་ཟན་དེ་ནི་
Vol. 160 · folio 215b
འདི་ལས་འདའ་བར་རྗེས་སུ་བྱེད་པ་ཞེས་བྱ་བར་རིག་པར་བྱའོ། །མ་ཟོས་པ་ཉིད་ལ་ཞེས་བྱ་བ་ནི་ཚངས་པ་མཚུངས་པར་སྤྱོད་པ་དགེ་སློང་མ་ལ་སོགས་པ་གཅིག་ཏུ་འདུས་ནས་ཁ་ཟས་མི་མཐུན་པ་འདི་འཇུག་པ་དེ་ནི་བཅོམ་ལྡན་འདས་ཀྱིས་ཀྱང་དོན་དུ་རྗེས་སུ་གནང་སྟེ། དགེ་སློང་འགའ་འོང་ཡང་སྲིད་པས་དེའི་
ཆེད་དུ་གྲལ་གྱི་དང་པོར་སྟན་གཅིག་གཞག་སྟེ། ཁ་ཟས་ཀྱི་མདུན་དུ་དགེ་སློང་མ་རྣམས་བཀོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་མཚན་མཐུན་པའི་ཚངས་པར་སྤྱོད་པ་དང་མཚུངས་པ་ལ་དོན་འདི་མི་འཕངས་པར་ཤེས་པར་བྱའོ། །འདུས་ཤིང་ཟ་བའི་ལྟུང་བྱེད་དོ།། །།རང་
གི་ཕྱེད་ཡོལ་ནས་སྐྱ་རེངས་འཆར་བའི་བར་དུས་མ་ཡིན་ནོ་ཞེས་བྱ་བ་ལ། རང་གི་ཞེས་བྱ་བ་ནི་ཕྱེད་ཡོལ་བ་དང་སྐྱ་རེངས་ཤར་གྱིས་ཀྱང་འདི་ལ་འབྲེལ་པའོ། །རང་གི་ཕྱེད་ཡོལ་བའི་མཐར་ཐུག་པ་ལ་རང་གི་སྐྱ་རེངས་འབྱུང་བ་ལ་ཡང་བར་དུ་ཞེས་བྱ་བ་ནི་ཕྱེད་ཡོལ་མན་ཆད་ནས་སྐྱ་རེངས་འཆར་བའི་བར་
གང་ཡིན་པ་དེ་ནི་འདིར་མངོན་པར་འདོད་པར་རིག་པར་བྱའོ། །འདིར་གཞུང་ནི་འཛམ་བུའི་གླིང་ལ་སོགས་པ་གནས་གང་ན་སོ་སོར་གནས་པ་དེ་ལ་རང་གི་ཞེས་བྱ་བར་འགྱུར་རོ། །དགེ་སློང་གིས་དུས་མ་ལགས་པར་བཅའ་བར་བགྱི་བ་དང་བཟའ་བར་བགྱི་བ་འཚལ་བ་ལྟུང་བར་མི་འགྱུར་བ་མཆིས་སམ།
ཡོད་དེ་འཛམ་བུའི་གླིང་པའི་དུས་ཀྱིས་གླིང་གསུམ་པ་དག་ཏུ་ཟོས་ན་ལྟུང་བར་མི་འགྱུར་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ཉིད་ལ་ཤེས་གཙོ་བོ་ཞེས་བྱ་བ་ནི་དུས་མ་ཡིན་པ་དེ་ཉིད་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ནོ། །ཅི་ཀུན་དུ་སྤྱོད་ན་ཞེ་ན་དེའི་ཕྱིར་བཅའ་བར་བྱ་བ་དང་བཟའ་བར་བྱ་བ་
ཟོས་ནའོ་ཞེས་བྱ་བ་སྨོས་སོ། །དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་དོ།། །།གསོག་འཇོག་གི་ངོ་བོ་བསྟན་པར་བྱ་སྟེ། དེའི་ཕྱིར་སྔ་དྲོའི་ཟས་བྱིན་ལེན་བྱས་པ་ཕྱི་དྲོའི་ཟས་སུ་དང་དེ་ཐུན་ཚོད་ལས་འདས་པ་ལྟ་བུ་ནི་སོག་འཇོག་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་ཕྱི་དྲོའི་ཟས་སུ་དང་སྔ་དྲོའི་ཟས་བྱིན་ལེན་བྱས་
པ་ཕྱི་དྲོ་ཟོས་པ་ལ་སོགས་པ་སོག་འཇོག་དང་བྱིན་ལེན་བྱས་པ་ཕྱི་དྲོའི་ཟས་སུ་དང་། དེ་ཐུན་ཚོད་ལས་འདས་པ་ལྟ་བུ་ནི་སོག་འཇོག་བྱས་པ་ཉིད་ཡིན་ནོ། །དེ་ཉིད་ལ་ཤེས་གཙོ་བོ་ཞེས་བྱ་བ་ནི་སོག་འཇོག་བྱས་པ་དེ་ཉིད་ལའོ། །ཤེས་གཙོ་བོ་ཞེས་བྱ་བ་ནི་བཅའ་བར་བྱ་བ་དང་བཟའ་བར་བྱ་བ་ཡང་ཞེས་བྱ་བ་
Vol. 160 · folio 216a
དང་སྦྱར་རོ། །ལག་ཉར་བླངས་པ་མེད་པར་མི་བྱའོ་ཞེས་བྱ་བ་ནི་འདི་ནི་གླེང་གཞི་དག་ལས་ཡིན་ཏེ། བཟའ་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །མཚམས་ཀྱི་ནང་དུ་བཙོས་པ་དང་ཞག་ལོན་པ་ཡང་མི་བྱའོ་ཞེས་བྱ་བ་ལ་འདིར་གཞུང་ནི་སྨན་གྱི་གཞི་ལས་འདི་དང་པོ་སྟེ། གཉིས་པ་ནི་
ལྡང་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་པ་ཡིན་ནོ། །མཚམས་ཀྱི་ནང་དུ་ཞེས་བྱ་བ་ནི་མཚམས་ཀྱི་ནང་རོལ་དུའོ། །འདིར་གཞུང་ནི་ནང་དུ་བཙོས་པ་གང་ཞེ་ན། གང་ཞིག་ཀུན་དགའ་ར་བའི་ནང་དུ་བློ་མཐུན་པར་མ་བསྐོས་ཤིང་རུང་བ་མ་ཡིན་པའི་ས་གཞིར་བཙོས་པ་གང་ཡིན་པ་དེའོ། །བཙོས་པ་དང་
བཞག་པ་ཞེས་བྱ་བ་ཇི་ཙམ་ཡིན་ཞེ་ན། གང་ཞིག་ཀུན་དགའ་ར་བའི་ནང་དུ་བློ་མཐུན་པར་མ་བསྐོས་ཤིང་རུང་བ་མ་ཡིན་པའི་ས་གཞིར་བཙོས་པ་དང་ཞག་ལོན་པ་གང་ཡིན་པའོ་ཞེས་གསུངས་པ་ཡིན་ཏེ། དགེ་སློང་བསྙེན་པར་རྫོགས་པས་བཟའ་བར་མི་བྱའོ་ཞེས་བྱ་བ་མ་མོ་ལས་འདིར་ཀུན་དགའ་ར་
བའི་ནང་དུ་དོན་གྱིས་ཚོགས་བསྟན་པ་མཚམས་ཀྱི་ནང་དུ་ཞེས་བྱ་བ་གསུངས་པ་ཡིན་ནོ། །གནས་ཀྱི་གཞི་ལས་ཀྱང་འདིར་ཀུན་དགའ་ར་བའི་སྒྲ་ནི་གྲགས་པ་སྟེ། དེས་ན་དགེ་སློང་གིས་ཀུན་དགའ་ར་བའི་ཕྱི་རོལ་དུ་སོང་ནས་བཤགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཀུན་དགའ་ར་བའི་
ཕྱི་རོལ་དུ་བཅའ་བར་བྱ་བ་དང་བཟའ་བར་བྱ་བ་བླངས་ཏེ། ཀུན་དགའ་ར་བའི་ནང་དུ་བཟའ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་ར་བའི་ནང་དུ་སྟེང་གི་སྒྲ་དང་སྒྲ་ཆེན་པོ་གསན་པར་གྱུར་ནས་དེ་བས་ན་དགེ་འདུན་གྱི་ཀུན་དགའ་ར་བ་ཞེས་བྱ་བ་གནས་ཀྱི་གཞི་ལ་འདི་གསུངས་པའོ། །གསོག་
འཇོག་བྱེད་པ་ཡོངས་སུ་བསལ་བ་འདི་ནི་ལན་ཏེ། གང་ཞིག་འདི་མཚམས་ཀྱི་ནང་དུ་བཙོས་པ་དང་ཞག་ལོན་པ་ཉིད་ནི་དོར་བའོ། །གནས་ཀྱི་གཞི་ལས་ཀྱང་གསོག་འཇོག་འབྱུང་བ་སྟེ་གཞན་དུ་ནི་མ་ཡིན་ནོ། །དགེ་སློང་གིས་བཙོས་པ་ལ་ཡང་གསོག་འཇོག་བྱེད་པ་དང་གཟི་བརྗིད་མེད་པའི་ཕྱིར་བོར་བ་
ཉིད་དོ། །དེ་བས་ན་འདིར་ཡང་དགེ་སློང་གིས་བཙོས་པ་ལ་དགེ་སློང་ཉིད་ཀྱིས་བཟའ་བར་བྱ་བ་ཉིད་དང་དགེ་སློང་མས་བཙོས་པ་ལ་དགེ་སློང་མ་ཁོ་ནས་ཟ་བ་ཉིད་དོ་ཞེས་བྱ་བ་འདིའི་རྣམ་པར་འབྱེད་པའོ། །གང་ཞིག་སྦྱིན་བདག་གིས་རུང་བ་མ་ཡིན་པའི་གཞིར་བཙོས་པའམ་ཞག་ཏུ་ལོན་པ་འབུལ་བར་བྱེད་པ་དེ་
Vol. 160 · folio 216b
ལ་ནི་ལྟུང་བའི་ཉེས་པ་མེད་དོ། །འབུལ་བ་ནི་རང་འོངས་ནས་བརྟག་པར་བྱ་ཞེས་བྱ་བ་ཡང་ངེས་པ་ཡོད་དེ་བདག་ཏུ་བྱ་བའི་དོན་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ཡང་འདི་ལས་རྟོགས་པར་བྱའོ། །དགེ་སློང་གིས་གྲོང་དག་ཏུ་དགེ་སློང་གི་དོན་དུ་དགོས་པའི་གནས་ལ་སོགས་པ་གང་དག་བྱེད་ཅིང་། དེ་དག་གི་ནང་དུ་
གང་ཞིག་དགེ་སློང་རྣམས་ཀྱིས་གནས་པ་དེ་ལ་དགེ་སློང་རྣམས་ཀྱིས་གནས་ཉིད་དུ་རིག་པར་བྱའོ། །དེར་གནས་པ་བཏང་བ་ནི་དགེ་སློང་གི་གནས་ཀྱི་གཞི་ཉིད་དང་བྲལ་བ་ཉིད་ཁོ་ན་ཡིན་ནོ། །འདི་ལ་ངེས་པར་བྱས་པ་དེ་ནི་གནས་ཉིད་དང་བྲལ་བ་ཁོ་ན་ཡིན་ནོ། །དེ་བས་ན་འདིར་གནས་པར་མི་བྱ་ཞེས་བྱ་བ་
ངེས་པར་བྱས་པ་གང་ཞིག་མི་འཇུག་པར་གནས་གཞན་གྱི་དབང་གིས་གཙུག་ལག་ཁང་དུ་ཞུགས་པ་ལ་དེ་དང་བྲལ་བ་ཉིད་འབྱུང་བར་འགྱུར་རོ། །གཞི་མ་ཡིན་པའི་ས་ཕྱོགས་ལ་ཡང་ལྷག་པར་གནས་པར་གྱུར་པ་ལ་གནས་ཀྱི་གཞི་ཉིད་དོ། །དེ་བས་ན་བདེ་བའི་དོན་དུ་འདའ་བར་གྱུར་པ་རྣམས་ལ་
གཙུག་ལག་ཁང་སྟོང་པར་གནས་པ་ལ་གནས་ཉིད་ལས་སྐྱེས་པ་ཉིད་དོ། །མཚམས་གསུམ་པོ་ཉིད་ལ་གནས་ཀྱི་གཞི་དེ་གཏོགས་པར་བྱའོ། །དེར་ཡང་རང་བཞིན་ཅན་ཡིན་གྱི་བཅོས་པ་མ་ཡིན་ནོ། །སླར་འདིར་རྩིག་པ་ལ་སོགས་པའི་མཐའ་ནས་བརྩམས་ཏེ་ནང་གང་ཡིན་ཞེ་ན། དེའི་ཕྱིར་འདིར་རྗེན་པར་
བཙོས་པ་གང་ཡིན་པ་ནི་དེའོ་ཞེས་བྱ་བ་ནི་ནང་དུ་བཙོས་པ་དང་དགེ་སློང་གིས་བཙོས་པ་དག་ལས་བྱིན་ལེན་བྱས་ནས་ཡང་བཙོ་བར་བྱ་བ་ཉིད་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །མི་སྙི་བ་རྣམས་ཀྱི་ནི་སུམ་ཆ་བངས་པ་ཉིད་ཀྱི་མདུན་རོལ་དུ་དེ་ཉིད་ཡིན་ནོ་ཞེས་བྱ་བ་ལ་དེ་ཉིད་ཅེས་བྱ་བ་ནི་རྗེན་པ་ཉིད་དོ། །དེ་སྙི་བ་
རྣམས་ཀྱི་ཞེས་བྱ་བ་ནི་འདིར་སྐམ་པོའི་ལོ་མ་དང་ཤ་དག་ལ་ཞུགས་པར་རིག་པར་བྱའོ། །རྫས་སྙི་བ་ཉིད་ནི་ཕྱེ་མར་བྱས་པ་ཉིད་ན་ཡང་སྙི་བ་ཉིད་དང་བྲལ་བ་ཉིད་མ་ཡིན་ནོ། །དེ་བས་ན་འདིར་རྩྭ་སྐོར་ཀ་ལ་སོགས་པ་རྣམས་ལ་འདིར་ཞུགས་པར་རིག་པར་བྱའོ། །སྙི་བ་རྣམས་ཀྱི་ནི་ཁ་དོག་གྱུར་པའོ་ཞེས་
ཞེས་བྱ་བ་ནི་རྫས་སྙི་བ་རྣམས་ཀྱི་ཁ་དོག་གྱུར་པའི་མདུན་རོལ་དུ་དེ་ཉིད་ཡིན་ཏེ་རྗེན་པ་ཉིད་ཡིན་ནོ། །ཁུ་བ་རྣམས་ཀྱི་ནི་ལན་གཉིས་ཁོལ་བར་གྱུར་པ་ཉིད་ཀྱིའོ་ཞེས་བྱ་བ་ནི་མདུན་རོལ་དུ་དེ་ཉིད་ཅེས་བྱ་བ་དང་སྦྱར་རོ། །མེས་རུང་བར་བྱས་པ་ནི་མ་བཙོས་པ་མ་ཡིན་ནོ་ཞེས་བྱ་བ་ནི། གང་གི་ཕྱིར་དེ་ལྟར་ཡིན་པ་
Vol. 160 · folio 217a
དེ་བས་ན་མཚམས་ཀྱི་ནང་དུ་མེས་རུང་བ་མི་བྱའོ་ཞེས་བྱ་བའི་དོན་ཏོ། །འདུག་པའི་གྲུབ་པ་ཉིད་སྐྱེ་བ་ལ་རག་ལས་པ་ལ་ནི་མ་ལོན་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་འདུག་པ་གང་གི་གྲུབ་པ་ཉིད་སྐྱེ་བ་ལ་རག་ལས་པ་འདུག་པའི་གྲུབ་པ་ཉིད་དོ། །དེར་སྐྱེ་བ་ལ་གང་ཞིག་འདི་མི་འབྲེལ་བའམ་སྐྱེ་བའི་
རྒྱུན་དང་འབྲེལ་བའི་ཇི་ལྟར་སྐྱེ་བ་ཉིད་ལ་སྐྱེ་བའི་རྒྱུན་དང་བྲལ་བ་ལ་གང་ཞིག་དེར་གནས་པ་དེ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་འདི་ལྟར་གྱུར་པ་ཉིད་དོ། །གང་ཞིག་འདུག་པ་ལ་མ་ལོན་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ནང་དུ་ཞག་མ་ལོན་པ་ཉིད་དུ་མི་འགྱུར་ཞེས་བྱ་བ་དེ་ལ་འདི་བསྟན་པའོ། །སྐྱེ་བའི་རྒྱུན་རུང་བ་མ་ཡིན་པའི་
ས་ནས་བྱུང་བ་ལ་རུང་བའི་ས་ནས་བྱུང་བ་གང་ཡིན་པ་དེར་བསྒྲུབ་པ་གང་ཡིན་པའོ། །ནང་དུ་ཞག་མ་ལོན་པ་ཉིད་ཅེས་བྱ་བ་ནི་ས་བོན་ནང་དུ་ཞག་ལོན་པ་ཕྱི་རོལ་དུ་བཏབ་པ་ལས་སྐྱེས་པ་གང་ཡིན་པ་དེ་ལ་ཡང་ཆོ་ག་འདི་ཡིན་ནམ་ཞེ་ན། མ་ཡིན་ཞེས་བསྟན་པ་ནི་དེ་དང་འཕེལ་བ་ཉིད་དམ། དེའི་གནས་སྐབས་
གཞན་ཉིད་ཀྱིས་གང་དུ་ཡིད་ཆེས་པ་དེ་ལ་ནི་ཆོ་ག་འདི་ཡིན་ནོ། །སྐྱེ་བ་གཞན་ཉིད་དང་དེ་དང་འཕེལ་བ་ཉིད་དང་དེའི་གནས་སྐབས་གཞན་ཉིད་ཀྱི་ཆོ་ག་འདི་ཡིན་ནོ། །དེ་ལ་ཇི་ལྟར་ལུང་ལ་སོགས་པའི་ནང་དུ་བཞག་པ་ཞིང་ལ་གཏོར་བ་ལ་བཟའ་བར་མི་བྱ་བ་མ་ཡིན་པ་ནི་བྱེད་པ་པོ་ཉིད་མ་ཡིན་པ་དེ་བཞིན་དུ་འདི་ལ་
ཞག་ལོན་པའི་བ་ལ་འོ་མ་བྱུང་བ་གང་ཡིན་པ་དེ་ཡང་བཟའ་བར་བྱ་བ་མ་ཡིན་པ་ཁོ་ན་སྟེ། འོ་མ་དེ་མཚམས་ཀྱི་ནང་ནས་བྱུང་བ་ཡིན་པའི་ཕྱིར་རོ། །སྣོད་ཕྱོགས་ན་འདུག་པ་དེས་ཀྱང་ས་དེར་བཙོས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། སྣོད་རུང་བ་མ་ཡིན་པའི་ཕྱོགས་ན་འདུག་པ་ནི་དཔེར་ན་སར་གཞག་པའམ་
རྒྱུད་ནས་སོ། །དཔེར་ན་སོལ་བ་རྣམས་ལ་བཞག་པའམ་རྩྭ་ལ་སོགས་པ་གང་ཡང་རུང་བ་ལ་དེའི་ས་གཞི་ལ་བཙོས་པ་ཉིད་དང་མ་བཙོས་པ་ཉིད་ཅེས་བྱ་བའི་དོན་ཏོ། །འཚོད་པར་བྱེད་པ་པོ་དེ་ན་འདུག་པ་ཉིད་ཀྱིས་ནི་མི་འགྱུར་རོ་ཞེས་བྱ་བ་ནི། གང་ཞིག་ས་དེ་ལ་བརྟེན་པ་ཉིད་ཀྱིས་ས་དེའི་བཙོས་པ་ཉིད་མ་ཡིན་
ནོ། །མེ་ནི་སྣོད་མ་ཡིན་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ། མེ་ཞེས་བྱ་བ་ནི་སོལ་བ་རྣམས་ལ་ཡིན་གྱི་འོད་འཕྲོ་བ་རྣམས་ལ་མ་ཡིན་ཏེ། ནམ་མཁའ་དང་འདྲ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་ཕྱུང་བ་དང་བྱུང་བ་དག་ནི་དེ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་མེ་དེ་ལས་སམ་བོང་བ་ལ་སོགས་པ་སུ་ཞིག་གིས་
Vol. 160 · folio 217b
ཕྱུང་བ་དང་རང་གིས་སམ་རླུང་ལ་སོགས་པའི་དབང་གིས་འབྱུང་བ་ལ་དེ་ཉིད་མ་ཡིན་ཏེ། གང་ལས་ཕྱུང་བ་དང་བྱུང་བ་དག་ལས་དེར་གྱུར་པ་ཉིད་དམ་ས་དེ་ལ་བརྟེན་པ་ཉིད་དོ། །ཉེན་ཀོར་ནི་གནས་ཉིད་ཡིན་ནོ་ཞེས་བྱ་བ་ལ། གནས་ཞེས་བྱ་བ་ནི་ངེས་གནས་པར་བྱ་བ་ཡིན་པས་ན་གནས་ཞེས་བྱ་བ་བརྗོད་
དོ། །སྟེང་དུ་རྒྱུ་བ་གང་ཡིན་པ་གནས་ཀྱི་དེ་ཁོ་ན་ཉིད་ལ་དེར་མི་ཞུགས་པ་ཞེས་བྱ་བའི་དོན་ཏོ། །ལམ་ཇི་སྲིད་ཚུན་ཆད་འདིའི་དེ་ཉིད་ཡིན་ཞེ་ན། དེའི་ཕྱིར་འདོམ་གང་ངོ་ཞེས་བྱ་བ་སྨོས་ཏེ། ཕྱི་རོལ་གྱི་རྩིག་པ་ལ་སོགས་པའི་ངོས་ནས་བརྩམས་ཏེ་དེ་དང་འདྲ་བ་ཉིད་ཀྱི་ངོ་བོ་ཉིད་དུ་རྟོགས་པར་བྱའོ། །
སྟེང་དུ་ནམ་མཁའ་ལ་སླེབ་པ་མན་ཆད་དོ་ཞེས་བྱ་བ་ནི་གནས་ཀྱི་སྟེང་གི་ནམ་མཁའ་ནི་ནམ་མཁའ་སྟེ། རྒྱུ་བ་དག་གིས་སླེབ་པར་ནུས་པ་དེ་ལ་ནི་གནས་ཉིད་དེ་སྟེང་དུ་ལག་པས་སླེབ་པ་ནི་ཡན་ལག་མ་ཡིན་ནོ། །དེ་བས་ན་མགོ་བོས་སླེབས་པར་གྱུར་པ་ནི་འདིར་མཐར་ཐུག་པ་ཉིད་དེ། དེ་འདིར་མ་
གཡོགས་པ་དང་མ་བཀབ་པའི་དབང་དུ་བྱས་ནས་བསྟན་པའོ། །བཀབ་པའི་དབང་དུ་བྱས་ནས་བསྟན་པ་ནི་ཀུན་ནས་མ་བཀབ་པ་ནི་མ་གཡོགས་པའོ། །ནང་ཡང་ངོ་ཞེས་བྱ་བ་ནི་ནང་གི་ནམ་མཁའ་གང་ཡིན་པ་དེ་ཡང་གནས་ཉིད་ཡིན་ཞེས་བྱ་བའི་དོན་ཏོ། །དེ་འདི་ཙམ་དུ་རུང་བ་ལ་རུང་བ་ཉིད་དང་མི་རུང་བ་
ལ་མི་རུང་བ་ཉིད་ཀྱིས་གནས་ཀྱི་གཞི་ལ་ཞུགས་པ་ཞེས་བྱ་བ་འདིའི་བྱེད་པའོ། །སྟེང་གི་ཡ་ཐོག་གཞན་ཡང་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི། སྟེང་གི་ཡ་ཐོག་ཁ་ཁྱེར་གཞན་ཡང་འོག་ཁང་དེ་ཁོ་ན་ཉིད་ཡིན་ཞེས་བྱ་བའི་དོན་ཏོ། །ནམ་མཁའི་དཀྱིལ་ནི་སྟེང་གི་ཡ་ཐོག་ཐམས་ཅད་ལ་མངོན་སུམ་དུ་འཇུག་པའི་ཕྱིར་
རོ། །དེའི་སྒོ་འོག་མ་རྣམས་ལ་ནི་མ་ཡིན་ཞེས་བྱ་བར་རིག་པར་བྱའོ། །མ་འབྲེལ་པའི་ངོ་བོ་སྟེང་དུ་བསྒྲུབ་པ་དང་འཚེད་པ་ལ་སོགས་པའི་འོག་ཁང་གི་གནས་ཞེས་བྱ་བ་སྟེང་འོག་ཏུ་བསྒྲུབ་པ་དང་འཚེད་པ་ལ་སོགས་པའི་འོག་ཁང་གི་གནས་ཞེས་བྱ་བ་སྟེ་དེ་བས་ན་འདི་ཤེས་པའོ། །དེའི་ཕྱིར་རྟེན་ལས་
རྣམ་པར་བཅད་ནས་ཕྱི་མ་ལ་རུང་བ་ཉིད་ཀྱིས་བློ་མཐུན་པར་མ་གྲགས་པ་ཞེས་བྱ་བར་རྟོགས་པར་བྱའོ། །འདིར་གཞུང་ནི་སིལ་བུ་དག་ལས། བཙུན་པ་གང་འོག་ཁང་གི་རུང་བའི་ཁང་པ་ལགས་པ་དེའི་ཡང་ཐོག་ཀྱང་རུང་བའི་ཁང་པ་ལགས་སམ། ཉེ་བ་འཁོར་ཡང་ཐོག་ཀྱང་ཡིན་ཏེ། ངོས་དག་དེ་
Vol. 160 · folio 218a
བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །གཞན་གནས་པ་ཉིད་ནི་གཞན་གྱི་གནས་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གནས་འདི་ལ་ཡང་གནས་ཤེས་པར་བྱ་བར་བརྗོད་དོ། །གཞན་པར་གྱུར་པ་ཉིད་ནི་གཞན་གྱི་གནས་ཉིད་མ་ཡིན་ནོ། །དཔེར་ན་ཁྱིམ་པས་བཟུང་བ་འམ་གནས་པར་གྱུར་ན་འདི་
ལྟར་དགེ་སློང་དག་དེ་ཉིད་ན་གནས་སུ་ཟིན་ཀྱང་དེ་དགེ་སློང་གི་གནས་ཉིད་མ་ཡིན་པ་ལྟ་བུའོ། །འདིར་གཞུང་ནི་ཞུ་བ་ལས། བཙུན་པ་དེ་ཉིད་ན་དགེ་སློང་དང་བཅས་ཤིང་དེ་ཉིད་ན་ཁྱིམ་པ་དང་བཅས་ན་དེར་དགུང་དུ་ལགས་པ་དང་དེར་བསྒྲལ་བར་འཚལ་བར་བགྱི་འམ་མི་བགྱི། ཉེ་བ་འཁོར་བཟའ་བར་བྱའོ་
ཞེས་གསུངས་པ་ཡིན་ནོ། །གནས་སྟོང་པར་བྱས་པ་ཞིག་ཏུ་གལ་ཏེ་དགེ་སློང་རེ་ཞིག་གནས་པར་གྱུར་ན་དེ་ཡང་དགེ་སློང་གནས་སུ་རུང་བ་ཉིད་ཡིན་ནོ། །ཁྱིམ་པའི་རྫས་མ་བཏོན་ན་ནི་སྟོང་པར་བྱ་བ་ཉིད་མ་ཡིན་ནོ། །དགེ་ཚུལ་རྣམས་ཀྱི་གང་ཟག་གི་གནས་དང་། དགེ་ཚུལ་འཚོགས་ས་སྤྱིར་དབང་
བའི་གནས་དེ་ནི་དགེ་སློང་གི་གནས་ཉིད་མ་ཡིན་ནོ། །དགེ་སློང་གི་གནས་སམ་དགེ་སློང་གི་དགེ་འདུན་གྱི་གནས་ན་དགེ་ཚུལ་ཙམ་གནས་སུ་ཟིན་ཀྱང་དེ་ལྟ་མོད་ཀྱི། དགེ་སློང་གི་གནས་ཉིད་ཡིན་ཏེ། དགེ་ཚུལ་རྣམས་ནི་དགེ་སློང་གི་འཁོར་ཡིན་པའི་ཕྱིར་རོ། །ལག་ཉར་བླངས་པ་དང་ནང་དུ་
བཙོས་པ་དང་། དགེ་སློང་གིས་བཙོས་པ་དེ་དག་དུས་ཀྱི་ཕྱིར་དགག་པར་མཛད་པར་འཚོ་བའི་བར་དུ་བཅང་བ་དག་ནི་མ་བསྡུས་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། དེ་དག་དགག་པ་མཛད་པ་ཞེས་བྱ་བ་ནི་ལག་ཉར་བླངས་པ་ལ་སོགས་པ་དེ་དག་བཟའ་བར་མི་བྱའོ་ཞེས་དགག་པ་མཛད་པ་ལའོ། །དུས་ཀྱི་ཕྱིར་
ཞེས་བྱ་བ་ནི་གུང་ཚིགས་ཚུན་ཆད་ཀྱི་སྔ་དྲོ་དང་དེ་ཕྱིན་ཆད་ཐུན་ཚོད་ཀྱི་དུས་དེ་ཉིད་ལ་གང་དུ་ལག་ཉར་བླངས་པ་ལ་སོགས་པ་བྱས་ན་དུས་དེ་ཉིད་དུ་བཟའ་བར་བྱ་བ་དེ་ཉིད་ཡིན་གྱི་དེ་ཕན་ཆད་དུ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །གཞུང་ཁ་ཅིག་ལས་བཙུན་པ་ལྟུང་བར་བྱ་བའི་སྨན་རང་གིས་བླངས་ན་བྱིན་ལེན་བྱ་བ་འདི་
གསུངས་ཏེ་ལག་ཉར་བླངས་པ་དང་ནང་དུ་བཙོས་པ་དང་དགེ་སློང་གིས་བཙོས་པ་དེ་རྣམས་རྙེད་པར་གྱུར་ན་བཟའ་བར་བྱའམ། ཉེ་བ་འཁོར་བཟའ་བར་བྱ་སྟེ་དུས་ཀྱི་ཕྱིར་ཞེས་གསུངས་པ་ཡིན་ནོ། །གཞུང་གཞན་ལས་ཀྱང་ས་གཞི་རུང་བ་ལ་འཚོ་བའི་བར་དུ་བཅང་བའི་སྨན་རྙེད་ན་བཟའ་བར་མི་བྱ་འམ། བཀའ་
Vol. 160 · folio 218b
སྩལ་བ་བཟའ་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གཉིས་པོ་འདི་དག་མཉམ་པར་སྦྱར་ནས་འདི་སྐད་ཅེས་གསུངས་སོ། །གཞུང་སྔ་མ་ལས་ནང་དུ་ཞག་ལོན་པའི་ཚིག་བྱས་པ་དེ་ལ་གཞུང་ཕྱི་མ་དང་འགལ་བའི་ཕྱིར་ཉམས་པ་ཉིད་དུ་ཤེས་པ་ཡིན་ཏེ། གང་གི་ཕྱིར་འདིར་ནང་དུ་ཞག་ལོན་པ་བཟའ་བར་བྱ་བ་
ཉིད་བཀག་པ་ཡིན་ནོ། །སྔ་མ་ལ་ཡང་དུས་ཀྱི་ཕྱིར་ཞེས་བྱ་བ་འདི་དང་སྦྱར་བས་ཀྱང་ཉམས་པ་ཉིད་དུ་ཤེས་པར་བྱའོ། །གང་གི་ཕྱིར་སྔ་དྲོ་ནས་བརྩམས་ཏེ་ཉི་མ་ཡོལ་བའི་མཐར་ཐུག་པ་དེ་དང་དེའི་འོག་ཏུ་དུས་གཞན་ཐུན་མཚམས་ཀྱི་མཐར་ཐུག་པའི་དུས་འདི་དག་ལ་གང་དུ་ལག་ཉར་བླངས་པ་ལ་སོགས་པ་འདི་བྱས་
པའི་དུས་དེ་ཉིད་དུ་བཟའ་བར་བྱ་བ་ཡིན་གྱི། དེ་ཚུན་ཆད་དུ་ནི་མ་ཡིན་ཞེས་བྱ་བ་ནི་དུས་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཉིན་མཚན་གྱི་ཆ་ཐ་མ་ལ་ཡང་གནས་པ་ཉིད་ནི་ཞག་ལོན་པ་ཉིད་ཅེས་བྱ་བར་བརྗོད་དོ། །གལ་ཏེ་དེ་ལྟར་ཡིན་ན་གཞུང་ཕྱི་མ་ཡོངས་སུ་སྤངས་པས་དུས་ཀྱི་ཕྱིར་ཞེས་བྱ་བ་འདི་དང་མི་ལྡན་པ་
ཡོངས་སུ་སྤངས་ནས་ཞག་ལོན་པ་ཉིད་སྤངས་ཚིག་ལྷག་མ་མཛད་དོ་ཞེས་འདིར་མཉམ་པར་སྦྱར་བའོ། །འདིར་གཞུང་སྔ་མ་བཟུང་བ་ལས་ནང་དུ་བཙོས་པ་རྣམས་ལ་དེ་དག་དགག་པ་མ་བསྡུས་པ་ཉིད་ཡིན་ནོ། །དུས་ཀྱི་ཕྱིར་ཞེས་བྱ་བ་འདི་བསྟན་ཏོ། །ཕྱི་མ་ནི་འཚོ་བའི་བར་དུ་བཅང་བ་ཞེས་བྱ་བ་འདི་དང་རྗེན་པར་
སྤངས་པ་ཡང་མཛད་པ་ཡིན་ཏེ་དེའི་དོན་ནི་འདི་ཡིན་ནོ། །ལག་ཉར་བླངས་པ་ལ་སོགས་པ་རྣམས་བཟའ་བར་བྱའི། དུས་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་དུས་ཀྱི་ཕྱིར་བཟའ་བ་དགག་པར་བྱས་པ་གང་ཡིན་པ་དེ་བཀག་པས་འཚོ་བའི་བར་དུ་བཅང་བ་དག་བསྡུས་པ་ཡིན་ནོ། །དེ་རྣམས་ཇི་སྐད་བསྟན་པའི་
ཆོ་གས་ལག་ཏུ་བླངས་པ་ཇི་སྲིད་འཚོའི་བར་དུ་བཟའ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ལྷག་པར་གནས་པ་རྣམས་ལ་ནི་ཚུལ་འདི་ཡིན་ནོ། །ལྷག་པར་མི་གནས་པ་རྣམས་ལ་ནི་དུས་ཀྱི་ཕྱིར་བསྡུས་པ་ཉིད་ཡིན་ནོ། །འབགས་པ་ནི་ཟས་ཀྱི་ཕྱེད་ཉིད་དོ་ཞེས་བྱ་བ་ལ། ལྷུང་བཟེད་ལ་སོགས་པ་ཟས་ལ་
སོགས་པས་འབགས་པ་གང་ཡིན་པ་དེ་ནི་ཟས་ཕྱེད་ཉིད་ཡིན་གྱི་ཟས་རྫོགས་པ་ཉིད་ནི་མ་ཡིན་ཏེ། ན་སྨད་པར་བྱས་པ་ཉིད་ཅེས་བྱ་བའི་དོན་ཏོ། །འདི་ནི་བཟའ་བར་གྱུར་པ་ཉིད་ལ་ཐ་སྙད་དུ་གདགས་པ་མ་ཡིན་པ་འདིས་ཤེས་པར་བྱའོ། །འདིར་གཞུང་ནི་དགེ་སློང་གིས་ལྷུང་བཟེད་དང་ལྷུང་བཟེད་ཆུང་ངུ་དང་ཁ་
Vol. 160 · folio 219a
གཟར་དང་ཚྭ་ཁུག་དང་ལྷུང་བཟེད་ཀྱི་སྣོད་དང་གོས་དང་མེ་ཤེལ་དང་། ཁྲི་དང་ཁྲིའུ་དང་ཁར་བ་དང་བུམ་པ་དང་རིལ་བ་དང་ལྡེ་མིག་དང་ལྡེ་མིག་ཀྱོག་པོ་དང་གསོག་འཇོག་བྱས་པས་འབགས་པ་ཟ་ན་ཐམས་ཅད་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་ཟས་ཀྱི་ཕྱིར་
འབགས་པ་སྟེ་ཟོས་ནའོ་ཞེས་བྱ་བའི་ཚིག་སྟེ་རང་ལོངས་སྤྱོད་པའི་ཕྱིར་ནི་མ་ཡིན་ནོ། །འདི་རྣམས་ནི་མཐའ་མེད་པར་བྱས་པ་ཉིད་ཀྱི་ཕྱིར་རོ། །གསོག་འཇོག་གི་མཚན་ཉིད་ལ་དེ་དང་འདྲེས་པའི་ཁ་ཟས་ཟ་བ་ནི་འདིར་དེ་ཡོངས་སུ་ལོངས་སྤྱོད་པར་མངོན་པར་འདོད་པ་ཞེས་བྱ་བར་རྣམ་པར་གཞག་པའོ། །
ཁ་དྲི་མ་ཅན་གྱིས་བཟའ་བ་དང་བཏུང་བ་དག་ཀྱང་ངོ་ཞེས་བྱ་བ་ཁའི་ནང་མ་དག་པས་བཟའ་བ་དང་བཏུང་བ་དག་ཟོས་སམ་འཐུངས་ན་དེ་དང་རེག་པས་ཁ་དྲི་མ་ཅན་དུ་གྱུར་པས་ཟན་གྱི་ཕྱིར་ཉིད་དེ་གཞན་དུ་འཇུག་པར་བྱེད་ན་ལྟུང་བ་མེད་ཅེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་གིས་ཁ་མ་བཀྲུས་པར་སྐོམ་
འཐུངས་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཇི་ཙམ་གྱིས་ནི་ཁ་དག་པ་ཡིན་ཞེ་ན། དེའི་ཕྱི་རོལ་ནི་ལྕི་བའམ་སས་ཀུན་ནས་དྲུད་དེ་ཆུས་བཤལ་ན་དག་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། མཆུ་གཉིས་ནི་དག་པ་འདིས་རྣམ་པར་གནས་པ་ཡིན་ནོ། །སིལ་བུ་རྣམས་ལས་འདི་ལ་སོགས་པ་ཡང་
དག་པར་རིག་པར་བྱའོ་ཞེས་བྱ་བའི་མཐར་ཐུག་པ་གསུངས་པ་ཡིན་ནོ། །ནང་ནི་ཆུ་མཁུར་བ་དོའམ་གསུམ་གྱིས་བཤལ་ནའོ་ཞེས་བྱ་བ་ནི་ཁའི་ནང་གི་དག་པ་འདི་ཡིན་ནོ། །ལྷུང་བཟེད་ནི་བསམ་པ་ཐག་པས་ལན་གཉིས་སམ་ལན་གསུམ་བཀྲུ་བཤལ་བྱས་ན་སྒྲ་མི་སྙན་ཡང་དག་པ་ཡིན་ནོ་ཞེས་བྱ་བ་
ལ། ལྷུང་བཟེད་ནི་བསམ་པ་ཐག་པས་གུས་པར་བྱ་སྟེ་ལན་གཉིས་ལན་གསུམ་དུ་བསྒྱུར་ལོག་བྱ་ཞིང་ཐོ་རངས་ཀྱི་ཆུ་ལ་སོགས་པས་བཀྲུ་བཤལ་བྱས་ན་སྒྲ་མི་སྙན་ཅིང་སྒྲ་སང་སང་པོ་མ་བྱུང་དུ་ཟིན་ཀྱང་དག་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྩི་ལངས་པ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི་ལྷུང་བཟེད་ལ་
ཞེས་བྱ་བའི་སྒྲ་འཇུག་པ་ཡིན་ཏེ། ལྷུང་བཟེད་དག་པར་བྱས་པ་ལ་ང་ལངས་པ་ནི་རྩི་ལངས་པ་སྟེ། དེ་ལ་ནི་ཉེས་པ་མེད་ཅེས་བྱ་བའི་དོན་ཏོ། །འབགས་པ་མེད་པར་རེག་པ་ལ་ཡང་ངོ་ཞེས་བྱ་བ་ནི་གང་ཞིག་ལྷུང་བཟེད་བཟའ་བར་བྱ་བ་ལ་རེག་ཀྱང་འབགས་པ་མེད་ན་དེ་ལ་ཡང་ཉེས་པ་མེད་ཅེས་བྱ་བའི་དོན་ཏོ། །
Vol. 160 · folio 219b
ལྕི་སྐམ་མམ་ལྕི་བའམ་ས་གང་ཡང་རུང་བ་ལན་གསུམ་བཀྲུས་པ་ལ་སྣུམ་པ་ཉིད་ཀྱང་ངོ་ཞེས་བྱ་བ་ནི་ཉེས་པ་མེད་དོ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་དགེ་སློང་གིས་ལྷུང་བཟེད་ལྕི་སྐམ་མམ་ལྕི་བའམ་སས་ལན་གསུམ་འཁྲུ་བར་བགྱིད་ཅིང་དེ་ཡང་སྣུམ་ཞིང་སྣུམ་བག་ཆགས་པར་གྱུར་
ན་ཡོངས་སུ་ལོངས་སྤྱད་པར་བགྱི་འམ། ཉེ་བ་འཁོར་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དེ་ནི་ཐ་སྙད་དུ་བྱ་བའི་རིན་མི་ཆོག་པའི་ཕྱིར་རོ། །འདིར་ལྕི་སྐམ་ལ་སོགས་པ་གསུམ་པོ་འདི་དཔེ་ཙམ་དུ་ཟད་ཀྱི་གཞན་དག་ཀྱང་རུང་བར་རིག་པར་བྱའོ། །ལངས་པ་བསལ་བར་བྱ་
བ་ཉིད་དོ་ཞེས་བྱ་བ་དེ་ལྷུང་བཟེད་དག་པར་བྱས་པ་ལ་སྣུམ་བག་གམ་ཚོན་རྩིའི་བག་སྐོ་ལ་སོགས་པ་དག་ཕྲད་པས་ལངས་པར་གྱུར་ན་བསལ་བར་བྱ་བ་ཉིད་ཡིན་ནོ། །འདིར་གཞུང་ནི་དགེ་སློང་ཞིག་ལ་ལྷུང་བཟེད་འཕྲེན་ཆེན་ཞིག་ཡོད་ནས། དེས་དེར་ཁུ་བ་བྱིན་ལེན་བྱས་པ་ན་སྣུམ་བག་འཐོན་ཅིང་
སྟེང་དུ་ཞག་ཉ་མིག་ཆགས་ཤིང་འདུག་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟེང་གི་སྣུམ་བསལ་ཏེ་བཏུང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འབགས་པའི་ཕྱོགས་ཉི་ཚེ་བཀྲུ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ལ། དེ་ཉི་ཚེ་ཞེས་བྱ་བ་ནི་ལྷུང་བཟེད་ཀྱི་
ཕྱོགས་གང་དུ་འབགས་པར་གྱུར་པའི་ཕྱོགས་དེའོ། །འདིར་གཞུང་ནི་དགེ་སློང་གིས་ལྷུང་བཟེད་འཕྲེན་ཅན་ཞིག་དེས་འཁྲུ་བར་བྱེད་པ་ན་འཕྲེན་རེར་འབྲས་ཆན་གྱི་དུམ་བུ་སོང་བ་ཞིག་མཐོང་ནས་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིང་བུས་བྲུད་དེ་ཆུས་ལན་གཉིས་
སམ་གསུམ་བཤལ་ནས་ཡོངས་སུ་སྤྱད་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །བུམ་པ་ལ་སོགས་པ་སྣུམ་ཅན་དག་སྣུམ་མེད་པར་བྱ་བའི་ཕྱིར་ཆུའི་རྫིང་བུ་ཟབ་མོའི་ནང་དུ་གཞུག་གོ། །ཉའམ་རུས་སྦལ་ལམ་སྦལ་པའམ་ཆུ་སྲིན་བྱིས་པ་གསོད་དམ་ཉ་ཁྱི་བ་དག་གིས་མ་
ལུས་པར་ལྡོགས་ཀྱི་བར་དུ་གཞག་གོ། །བསྲེགས་པས་ཀྱང་སྣུམ་མེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་མ་ལུས་པར་ལྡོགས་པ་དང་བསྲེག་པ་དག་གིས་སྣུམ་མེད་པར་འགྱུར་བའི་བུམ་པ་ལ་སོགས་པ་དག་ཇི་ལྟར་དག་ཅིང་གཙང་བ་ཉིད་དུ་བྱ་ཞེ་ན། དེའི་ཕྱིར་སྣུམ་མེད་པར་གྱུར་པ་ནི་བཀྲུས་པས་སོ་ཞེས་
Vol. 160 · folio 220a
བྱ་བ་སྨོས་ཏེ། དག་པ་ཉིད་ཡིན་ནོ་ཞེས་བྱ་བ་དེ་དང་འདི་འབྲེལ་ཏེ། གང་གིས་བཀྲུ་ཞེ་ན། དེའི་ཕྱིར་ལྕི་སྐམ་མམ་ལྕི་བས་དག་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། ཐོ་རངས་ཀྱི་ཆུ་འམ་ལྕི་བས་དག་པ་སྟེ་སྣུམ་མེད་པར་གྱུར་པ་ནི་དག་པ་ཉིད་དོ། །ལན་ཚྭ་ལ་སོགས་པ་ཚྭ་ཆུ་དང་འགྱུར་བྱེད་
ཀྱི་ཆུ་དང་རྙོག་ཆུར་གྱུར་པ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི་ལན་ཚྭ་དང་འགྱུར་བྱེད་དང་། རྙོག་པ་དག་ལས་ཚྭ་ཆུར་གྱུར་པ་དང་འགྱུར་བྱེད་ཀྱི་ཆུར་གྱུར་པ་དང་རྙོག་པ་རྙོག་ཆུར་གྱུར་པ་འཐུང་བ་ནི་ཕྱེད་ཉིད་དེ་ཉེས་བྱས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཐམས་ཅད་ལ་དུས་མ་ཡིན་པར་རུང་བ་ཉིད་དོ་ཞེས་བྱ་བ་ནི་ལན་ཚྭ་ལ་སོགས་པར་
གྱུར་པ་དེ་ནི་རུང་བ་ཉིད་དེ་ནད་པ་མ་ཡིན་པ་ཐམས་ཅད་ཀྱིས་ཀྱང་ངོ་། །ལན་ཚྭ་དང་འགྱུར་བྱེད་རང་གི་བྱ་བ་མི་བྱེད་པ་དག་ལ་ནི་མེད་པ་ཉིད་དོ་ཞེས་བྱ་བ་ནི་འདིར་ཕྱེད་ཉིད་ཀྱང་མེད་པ་ཉིད་དེ། དེ་ལ་ནི་ལྟུང་བ་མེད་པ་ཁོ་ན་སྟེ། ཉེས་བྱས་ཀྱི་ལྟུང་བ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །འདིར་ཐམས་ཅད་ལ་ལན་ཚྭ་དང་
འགྱུར་བྱེད་ཅེས་སྨོས་པ་ནི་ལྷན་ཅིག་སྐྱེས་པ་ཡིན་པར་རིག་པར་བྱའི་ཉེ་བར་སྒྲུབ་པ་ནི་མ་ཡིན་ནོ། །ཉེ་བར་བསྒྲུབས་པ་དེ་ལ་འབྱུང་ཁུང་གི་དབང་གིས་འབྱུང་ཁུང་དག་ལ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ཆོ་གའོ། །གཞན་ལ་ཐ་སྙད་བཏགས་པར་འགྱུར་བ་མ་ཡིན་པ་ལ་ཡང་ཉེས་པ་ཡོངས་སུ་རྫོགས་པ་ལ་བྱེད་
པ་པོ་ཉིད་དོ། །གང་ལ་གནས་པ་ལ་ཡང་དང་བ་འབྱུང་བར་འགྱུར་བའི་དུས་ཀྱིས་བར་དུ་ཆུས་དག་པ་དེའི་ཚེ་ནི་ལྷན་ཅིག་སྐྱེས་པ་མ་ཡིན་ཡང་ལྷན་ཅིག་སྐྱེས་པ་ཉིད་དང་འདྲ་བར་རིག་པར་བྱའོ། །འདིར་ཕྱེད་ཉིད་ཀྱི་གཞུང་ནི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློང་གིས་ཆབ་དབོན་ཚ་ཅན་དུ་བགྱིས་པ་
གསོག་འཇོག་བགྱིས་ཏེ་འཚལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་རེ་ཞིག་དགེ་སློང་གིས་ཆབ་དབོན་ཚ་ཅན་དུ་བགྱིས་ནས་བྱིན་ལེན་མ་བགྱིས་པ་འཚལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ། །འདིར་ནི་སྔ་རོལ་དུ་ཡང་དབོན་ཚ་ཅན་དུ་བགྱིས་པ་ཞེས་བྱ་བའི་ཚིག་ནི་གང་གིས་ཤེས་བྱེད་ཡིན་
སྙམ་དུ་ཤེས་པར་བྱ་བ་མ་ཡིན་ཏེ། ལྷན་ཅིག་སྐྱེས་པ་ལ་ཡང་སྦྱོར་བ་འདི་ཡོད་པའི་ཕྱིར་རོ། །གང་གི་ཕྱིར་རང་བཞིན་གྱིས་ཀྱང་དབོན་ཚ་ཅན་གྱི་ཆུ་ནི་དབོན་ཚ་ཞེས་བྱ་བར་སྨྲ་བ་ཡིན་ཏེ། ཉམས་པ་འདི་ལ་ཡང་དབོན་ཚ་ཅན་དུ་བྱས་པ་ཞེས་བྱ་བ་རང་བཞིན་ཡིན་ནོ། །འདིར་ཡང་གཞུང་ནི་བཙུན་པ་རེ་ཞིག་
Vol. 160 · folio 220b
དགེ་སློང་གིས་ཆབ་འགྱུར་བྱེད་ཅན་དུ་བྱས་པ་བྱིན་ལེན་མ་བྱས་པར་འཚལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །འགྱུར་བྱེད་ཅན་དུ་བགྱིས་པའི་ཚིག་ཀྱང་དབོན་ཚ་ཅན་དུ་བྱས་པའི་སྤྱོད་པས་བསལ་ཟིན་ཏོ། །རྙོག་པ་ཅན་གྱི་གཞུང་ཡང་བཙུན་པ་རེ་ཞིག་དགེ་སློང་གིས་ཆབ་རྙོག་པ་ཅན་བྱིན་
ལེན་མ་བྱས་པར་འཚལ་ན་ལྟུང་བར་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཐ་མ་ལ་ནི་གཟུགས་བརྙན་བྱུང་ནའོ་ཞེས་བྱ་བ་ནི་ལན་ཚྭ་ཅན་དང་འགྱུར་བྱེད་དག་གི་ཐ་མ་ནི་རྙོག་མ་ཅན་གྱི་ཆུར་གྱུར་པ་ཉིད་ཀྱིས་བཞིན་གྱི་གཟུགས་བརྙན་འབྱུང་བ་ཡོད་པ་ལ་མེད་པ་ཉིད་དོ། །ཀ་ཏ་ཀའི་འབྲས་
བུས་ཆུ་ཤིན་ཏུ་དང་བར་འགྱུར་རོ། །འགྱུར་བྱེད་ཀྱིས་ཀྱང་ངོ་ཞེས་བྱ་བ་ནི་དང་བར་འགྱུར་བའོ། །ཟན་གྱིས་ཀྱང་ངོ་ཞེས་བྱ་བ་ནི་རྫས་གཞན་འདིས་དང་བར་འགྱུར་བའོ། །དེ་མི་འཇིག་པར་བྱ་བའི་ཕྱིར་སྣུམ་གྱིས་བསྐུའོ་ཞེས་བྱ་བ་ནི་གཞུག་པར་བྱ་བའི་ཟན་དེས་ཆུ་ཤིན་ཏུ་དང་བར་འགྱུར་རོ། །དེ་ལྟར་
མ་ཞུགས་པ་ལ་འབྱུང་ཁུང་དུ་བཏབ་པ་ཉིད་ནི་མ་ཡིན་ནོ། །དེ་བས་ན་འདི་ལ་ཐ་སྙད་དུ་གྱུར་པ་ཉིད་ལ་ཉེ་བར་ལོངས་སྤྱོད་པ་ནི་ཤེས་པར་བྱ་བ་མ་ཡིན་ནོ། །འབྱུང་ཁུང་དག་ཏུ་བཏབ་པ་མི་མངོན་པ་ནི་ཡོད་པའི་གྲངས་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་དགེ་སློང་མང་པོ་འདུས་པ་དག་ཁྲོན་པ་དག་ཏུ་ལྷུང་བཟེད་དག་
འཁྲུ་བར་བྱེད་པ་ན། ཀུན་དགའ་ར་བ་པ་དང་དགེ་བསྙེན་དག་གིས་དེ་དག་ཏུ་མར་སར་དང་འབྲུ་མར་དང་ཞོ་དང་སྦྲང་རྩིའི་བུམ་པ་དག་འཁྲུ་བར་བྱེད་པས་སྟེང་དུ་སྣུམ་གྱི་ཉ་མིག་ཆིལ་ཆིལ་པོ་དག་ཆགས་པར་གྱུར་ནས། དགེ་སློང་དག་འགྱོད་པ་སྐྱེས་ནས་མི་འཐུང་བའི་སྐབས་དེ་དགེ་སློང་དག་གིས་
བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་དག་གིས་འབགས་པ་དེས་ཟས་ཀྱི་བྱ་བ་བྱར་མི་རུང་གི་བསལ་ལ་བཏུང་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་པ་དེ་བསྡུས་པ་ཡིན་ནོ། །ཕྱོགས་གཅིག་ཏུ་འདྲེས་པར་གྱུར་ན་དེ་ཉིད་ཉི་ཚེ་བསལ་བ་ཉིད་
ཡིན་ནོ་ཞེས་བྱ་བ་ནི་གང་འདི་འདྲེས་པར་གྱུར་པའི་ཕྱོགས་དེ་ཉིད་ལའོ། །ཁྭའི་མཆུས་རེག་པ་ལ་ནི་ཐན་སྐོར་ཡང་ངོ་ཞེས་བྱ་བ་ནི་གང་རེག་པའི་ཕྱོགས་དེ་ཉིད་དང་དེའི་ཐན་སྐོར་ཡང་བསལ་བར་བྱ་བ་ཉིད་ཡིན་ནོ། །འོ་ན་མདོ་སྔ་མ་ཤོས་ཀྱི་དགོངས་པ་མེད་དམ་ཞེ་ན་མ་ཡིན་ཏེ། འདིར་ཐམས་ཅད་མི་རུང་
Vol. 160 · folio 221a
བར་འགྱུར་བར་ཤེས་པར་བྱ་བ་མ་ཡིན་ཏེ། དེ་བས་ན་དེ་ལ་འདི་བསྟན་གྱི་ལྷག་མ་ལ་ནི་མ་ཡིན་ཏེ་བཙོག་པ་ཉིད་སྤང་བའི་ཕྱིར་བཟའ་བར་བྱ་བ་མ་ཡིན་པ་ཉིད་དུ་ཤེས་པར་བྱ་སྟེ། དེ་བས་ན་དོན་འདི་བརྗོད་པའོ། །དེ་དང་འབྲེལ་པའི་རྒྱུན་གྱིས་རེག་པ་ནི་དེ་ལ་རེག་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་
ནི་གང་དང་འབྲེལ་པའི་རྒྱུན་ལ་རེག་པ་དེ་འོ་མ་ལ་སོགས་པ་དེ་ལ་དེར་རེག་པ་ཉིད་མ་ཡིན་ནོ། །ནོར་བ་དང་བརྗེད་པས་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི་རེག་པ་ལ་རེག་པ་ཉིད་དོ། །དེ་གཉིས་ཀྱིས་སྤོས་པ་གཞག་པའི་ཕྱིར་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ནོར་བ་དང་བརྗེད་པ་དེ་ཉིད་ཀྱིས་སྤོས་པ་ཕྱིར་གཞག་པར་བྱ་
བའི་དོན་དུ་རེག་པ་ཡང་རེག་པ་ཉིད་མ་ཡིན་ནོ། །གནས་ཀྱི་ཐག་ཤིན་ཏུ་ཉེ་བར་བསྐུར་རོ་ཞེས་བྱ་བ་ནི་གནས་གང་དུ་བར་སྐབས་ཀྱི་ཐག་ཤིན་ཏུ་ཉེ་བ་ཡོད་པ་དེར་སྤོང་བ་ལ་ཉེ་བར་བསྐུར་བར་བྱའོ། །གནས་ཀྱི་ཐག་ཤིན་དུ་རིང་བར་ཁྱེར་ན་དེ་ལ་རྗེས་སུ་གནང་བ་ཉིད་ཀྱི་ཕྱིར་རེག་པ་ཉིད་ཤེས་པར་འགྱུར་རོ་ཞེས་
བྱ་བ་ཤེས་པར་བྱའོ། །གཡེལ་བས་ལག་ཉར་བླངས་པ་ཉིད་དང་བྱིན་ལེན་བླངས་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ལ། གཡེལ་བས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་འདུལ་བ་ལ་མ་མོས་པའམ་དེ་ཉིད་ལ་ཐེ་ཚོམ་དུ་བྱེད་ཅིང་འཛིན་ལ་ལག་ཏུ་ལེན་པ་དག་འབྱུང་བ་མ་ཡིན་ནོ། །འདིར་གཞུང་ནི་ངོ་ཚ་མེད་པ་དང་
གཡེལ་བས་ཞེས་བྱ་བ་འདི་གསུངས་སྟེ། གང་ཞིག་གཡེལ་བས་འབྱུང་ཞིང་རྒྱལ་མཚན་དེ་འཛིན་པ་དེ་ནི་འདིར་ངོ་ཚ་མེད་པ་ཉིད་དུ་མངོན་པར་འདོད་པ་རྣམ་པར་གནས་པ་ཡིན་གྱི་ཕམ་པ་བྱུང་བ་ནི་མ་ཡིན་ནོ། །དེ་བས་ན་དེ་ལ་འདིར་བཟུང་བར་མ་མཛད་དོ། །བྱིན་ལེན་སྟོབས་པར་འོས་པ་དང་འབྲེལ་པ་
མ་བྲལ་བའི་བླང་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་བཟའ་བར་བྱ་བ་གང་ལ་བྱིན་ལེན་དེ་སྟོབས་པར་འོས་པའི་གང་ཟག་དང་འབྲེལ་པ་གང་ཡིན་པ་དེ་དང་ཇི་སྲིད་དུ་མ་བྲལ་བ་དེའི་བླང་བ་ཡང་ལག་ཉར་བླངས་པ་ཉིད་ཀྱང་མ་ཡིན་ལ་བྱིན་ལེན་བྱས་པ་ཉིད་ཀྱང་མ་ཡིན་ནོ། །དེས་གཟུང་བའི་ཐག་པ་ལ་དང་འབྲེལ་པ་ཉིད་ནི་
འབྲེལ་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་བྱིན་ལེན་སྟོབས་པར་འོས་པས་སོ། །གཟུང་བའི་ཞེས་བྱ་བ་ནི། གང་ཞིག་དེ་ཐག་པ་ལ་སོགས་པ་དེ་དང་ཟས་སུ་འབྲེལ་པ་ཉིད་ཡིན་ན་བྱིན་ལེན་སྟོབས་པར་འོས་པའི་ཟས་དང་འབྲེལ་པ་ཉིད་ཡིན་ནོ། །སྡོམ་པས་མཉམ་པ་ལྟ་བ་ཐ་མི་དད་པ་དག་
Vol. 160 · folio 221b
གིས་གསོག་འཇོག་བྱས་པ་དང་། བྱིན་ལེན་བྱས་པ་དང་ལག་ཉར་བླངས་པ་དག་ནི་གཅིག་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། ལྟ་བ་ཐ་དད་པའི་ཕྱིར་འདིར་གཞུང་ནི་ཞུ་བ་ལས། བཙུན་པ་རྗེས་སུ་ཁས་མ་བླངས་པས་བྱིན་ལེན་བགྱིས་པ་འཚལ་བར་བགྱི་འམ་ཉེ་བ་འཁོར་མི་བྱའོ། །བཙུན་པ་རྗེས་སུ་ཁས་བླངས་
པས་བྱིན་ལེན་བགྱིས་པ་འཚལ་བར་བགྱི་འམ། ཉེ་བ་འཁོར་མི་བྱའོ་ཞེས་བྱ་བ་འདི་ནི་ལྟ་བ་ཐ་མི་དད་པ་དག་གིས་ཞེས་བྱ་བ་འདིས་བསྡུས་པ་ཡིན་ནོ། །མཆོག་དང་མཆོག་མ་ཡིན་པར་རོ་ཞེས་བྱ་བ་ལ། མཆོག་དང་ཞེས་བྱ་བ་ནི་སྡོམ་པ་མཆོག་དང་ལྡན་པ་དེས་གཞན་ལ་སྡོམ་པ་གཅིག་པ་ཉིད་དེ་གཞན་དམན་
པ་གང་ཡིན་པ་དེ་ནི་དེས་གཞན་མཆོག་ཉིད་ལ་ནི་མ་ཡིན་ནོ། །དགེ་སློང་མའི་གསོག་འཇོག་བྱས་པ་ནི་དགེ་སློབ་མ་དང་བསླབ་པ་བྱིན་པ་མོས་ཀྱང་གསོག་འཇོག་བྱས་པ་ཉིད་ལ་དེ་གཉིས་ཀྱིས་གསོག་འཇོག་བྱས་པ་ནི་དགེ་སློང་མས་གསོག་འཇོག་བྱས་པ་མ་ཡིན་ནོ་ཞེས་བྱ་བ་དེ་འདིར་བསྡུས་པ་ཡིན་ནོ། །
སྐྱེས་པ་དང་བུད་མེད་དག་ནི་ཕན་ཚུན་ཁྱིམ་པ་དང་འདྲའོ་ཞེས་བྱ་བ་ནི། དཔེར་ན་ཁྱིམ་པས་ལག་ཉར་བླངས་པ་དང་བྱིན་ལེན་བྱས་པ་དང་གསོག་འཇོག་བྱས་པ་དགེ་སློང་ལ་སོགས་པའི་ལག་ཉར་བླངས་པ་དང་བྱིན་ལེན་བྱས་པ་དང་། གསོག་འཇོག་བྱས་པ་ཉིད་མ་ཡིན་པ་དེ་བཞིན་དུ་དགེ་སློང་དང་དགེ་སློང་མ་
དང་བསླབ་པ་བྱིན་པས་ཀྱང་དགེ་སློང་དང་དགེ་སློང་མ་དང་བསླབ་པ་བྱིན་པ་མོ་དང་དགེ་སློང་མ་རྣམས་ཀྱི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དགེ་ཚུལ་དག་གི་ལ་རེག་པ་ནས་སྦེད་པའི་བར་ལ་ཉེས་པར་མི་འགྱུར་བ་ནི་དེ་བཞིན་ནོ་ཞེས་བྱ་བ་ལ། རེག་པ་ནས་སྦེད་པའི་བར་ལ་ཞེས་བྱ་བ་ནི་དེ་ལ་རེག་པ་ནས་
སྦེད་པའི་བདག་ཉིད་ཀྱི་རེག་པའི་བར་ལའོ། །ཉེས་པར་མི་འགྱུར་བ་ནི་དེ་བཞིན་ནོ་ཞེས་བྱ་བ་ནི། གང་གིས་ལག་ཉར་བླངས་པ་ལ་སོགས་པའི་ཉེས་པར་མི་འགྱུར་བ་དེ་བཞིན་དུ་དགེ་ཚུལ་དབང་བ་གང་ཡིན་པ་དེ་དགེ་སློང་གིས་སྦེད་པར་བྱེད་དུ་ཟིན་ཀྱང་དེས་དགེ་སློང་དེ་ཉིད་དང་དགེ་སློང་གཞན་གང་ལ་རུང་བ་
མ་ཡིན་པ་ཉིད་དུ་མི་འགྱུར་ལ། དགེ་ཚུལ་མ་དབང་བ་གང་ཡིན་པ་དེ་དགེ་སློང་མས་སྦེད་པར་བྱེད་དུ་ཟིན་ཀྱང་དེས་དགེ་སློང་མ་དེ་ཉིད་དང་དགེ་སློང་མ་གཞན་དག་ལ་རུང་བ་མ་ཡིན་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་དགེ་ཚུལ་གྱི་ཡིན་པས་ན་དགེ་ཚུལ་གྱིའོ། །ལྟོས་པ་དང་བཅས་པས་བྱིན་པ་ནི་
Vol. 160 · folio 222a
བཏང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་ལག་ཉར་བླངས་པ་ལ་སོགས་པ་ལ་ལྟོས་པ་དང་བཅས་པས་གཞན་ལ་སྟེར་ན་དེས་དེ་ཟ་བ་ལ་ལག་ཉར་བླངས་པ་ཉིད་དང་གསོག་འཇོག་གི་ཕྱེད་ཉིད་དེ་ཉེས་བྱས་སོ་ཞེས་བྱ་བའི་དོན་ཏོ། །ལྟོས་པ་མེད་པར་བཏང་བ་ལ་ལྟོས་པ་དང་བཅས་པ་ཉིད་ནི་ཕྱེད་
ཉིད་དོ་ཞེས་བྱ་བ་ནི་གསོག་འཇོག་དང་ལག་ཉར་བླངས་པ་ལ་སོགས་པ་ལ་ལྟོས་པ་མེད་པར་བཏང་བ་ལ་ལྟོས་པ་དང་བཅས་པ་ཡོད་ན་བྱིན་ལེན་བྱ་བ་དང་བཟའ་བ་ལ་ཕྱེད་ཉིད་དེ་ཉེས་བྱས་སོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དེ་བླང་བར་མི་བྱའོ་ཞེས་བྱ་བ་ནི་གང་གི་ཕྱིར་ལྟོས་པ་མེད་པར་གཏང་པ་དེ་ནི་ལྟོས་པ་
དང་བཅས་པ་ཉིད་ཀྱི་ཕྱེད་ཉིད་ཡིན་པ་དེ་བས་ན་འདི་བླང་བར་མི་བྱ་སྟེ། བཟའ་བའི་དོན་དུ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་བླངས་པ་ལ་ངེས་པར་ལྟོས་པ་དང་བཅས་པ་ཉིད་སྐྱེ་བ་ཡིན་ནོ། །ཤེས་བཞིན་དུ་མི་བླང་ངོ་ཞེས་བྱ་བ་ནི་ལྟོས་པ་མེད་པར་གཏད་པ་དེ་ཤེས་བཞིན་དུ་ཕྱིར་བླངས་ན་རྟོགས་པ་དང་བཅས་
པ་ཉིད་དུ་འགྱུར་ལ། མི་ཤེས་པ་ལ་ནི་མ་ཡིན་ནོ། །དེ་བས་ན་ཤེས་བཞིན་དུ་བླང་བར་མི་བྱའོ། །མི་ཤེས་པས་བླངས་པ་ལ་ནི་ཉེས་པ་མེད་དོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་གིས་ཀུན་དགའ་ར་བ་འམ་དགེ་ཚུལ་ལ་ཟས་བརྩལ་བ་དེ་གཉིས་ཀྱི་དེ་ཉིད་ལ་སླར་བརྩལ་ན་འཚལ་བར་
བགྱི་འམ། གལ་ཏེ་མངོན་པར་མ་བསམས་ན་བཟའ་བར་བྱའོ། །བླང་བར་བགྱིའམ་ཉེ་བ་འཁོར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །མངོན་པར་མ་བསམས་ན་ཞེས་བྱ་བ་ནི་འཐོབ་བོ་སྙམ་དུ་ཡིད་ཀྱིས་མ་བསམས་ནའོ། །གླེང་གཞི་དག་ལས་ཀྱང་ལྟོས་པ་དང་བཅས་པས་ཟོས་ནའོ་ཞེས་བྱ་བ་ལ་སོགས་
པ་གསུངས་པ་ཡིན་ནོ། །ཤས་མནོད་པ་དང་དེ་འགུགས་པའི་ཕྱིར་རེག་པ་ནི་རྐྱེན་དེ་ལྟ་བུ་དག་ཡོད་ན་རུང་བ་མ་ཡིན་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བ་ལ། ཤས་མནོད་པ་ཞེས་བྱ་བ་ནི་སྐལ་བ་སློང་བའོ། །བཀུག་པར་འགྱུར་བ་ནི་འདི་གཙུག་ལག་ཁང་དུ་ཁྱེར་བ་བྱེད་པ་ཉིད་ཅེས་བྱ་བ་སྐལ་བ་ལེན་པ་
གསུངས་པ་གང་ཡིན་པ་དེ་ལ་རེག་པ་ལ་མི་རུང་བ་ཉིད་ནི་མ་ཡིན་ནོ། །ཅི་དུས་ཐམས་ཅད་དུ་འམ་ཞེ་ན། མ་ཡིན་ཞེས་བྱ་བ་བསྟན་པ་ནི་དེའི་ཕྱིར་རྐྱེན་དེ་ལྟ་བུ་དག་ཡོད་ན་ཞེས་བྱ་བ་སྨོས་ཏེ། བསྙེན་པར་མ་རྫོགས་པ་དག་མེད་པའམ་ནད་པ་ཉིད་ལ་གྲུ་དང་ཤིང་རྟ་གནས་པ་ལ་སྦྱར་བ་འདི་དག་ལ་གཞན་
Vol. 160 · folio 222b
མེད་པ་ལ་གྲོགས་བྱེད་པ་པོ་དང་གྲོགས་བྱེད་པ་ལ་ཞུགས་པ་གཞན་མེད་པ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །ཤིང་རྟ་ལ་ནི་ཁ་ལོ་བའི་སྟན་མ་གཏོགས་པ་ཉིད་དོ་ཞེས་བྱ་བ་ནི་འདི་དག་ཐམས་ཅད་ཀྱང་རྐྱེན་དེ་ལྟ་བུ་དག་ཡོད་པ་ན་ཞེས་བྱ་བའི་རྗེས་སུ་སྦྱར་བར་རིག་པར་བྱའོ། །རྐྱེན་དེ་ལྟ་བུ་རྣམས་ནི་ཤིང་རྟ་
བསྐུལ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་འདིར་གསུངས་སོ། །མི་བྱ་བར་བརྗོད་པ་ཙམ་དུ་ཟད་པ་འདི་རྣམ་པར་གནས་པ་ཡིན་ནོ། །བཟའ་བར་བྱ་བ་ནང་དུ་བཅུག་པའི་ཤིང་རྟ་ནི་རེག་པར་བྱ་བ་ཉིད་མ་ཡིན་ཏེ། མི་རེག་ཏུ་མི་རུང་བའི་རྐྱེན་དེ་ལྟ་བུ་དག་ཡོད་ན་དེའི་ཚེ་ཡང་ཁ་ལོ་བའི་སྟན་གཅིག་པོ་སྟེ་གཏོགས་
པའི་ཤིང་རྟ་ལ་རེག་པར་བྱའོ། །འདིར་ཤིང་རྟ་ལ་རེག་པ་ལ་མི་རུང་བ་ཉིད་ནི་མ་ཡིན་ཏེ། ཤིང་རྟ་དང་འབྲེལ་པའི་ཟས་སུ་བྱ་བ་ལ་འདི་བསྟན་པའོ། །གང་བ་ལ་ཡང་ངོ་ཞེས་བྱ་བ་ནི་འབྲས་ལ་སོགས་པས་ཁ་ལོ་བའི་སྟན་གྱིས་ཤིང་རྟ་ཉིད་སྤངས་པ་ཉིད་དོ། །ནད་པ་ཞོན་པ་ལ་ཡང་ངོ་ཞེས་བྱ་བ་ནི་ཟས་ཀྱིས་
སྟོང་པའི་ཤིང་རྟ་དག་ཡང་ཁ་ལོ་བའི་སྟན་སྤངས་པ་ཉིད་ཁོ་ནའོ། །གྲུ་ལ་ནི་རུ་སྐྱའོ་ཞེས་བྱ་བ་ནི་དེ་དང་འབྲེལ་པའི་བཟའ་བར་བྱ་བ་བཅུག་པའི་གྲུ་དང་དེ་དག་འབྲེལ་པས་གང་བའི་གྲུ་དང་གྲུར་འཇུག་པ་ལ་རུ་སྐྱ་སྤངས་པ་ཉིད་དོ། །ན་བ་མེད་ཀྱང་འདིར་འཇུག་པ་རིགས་པ་ཞེས་གསུངས་པ་དེ་བས་ན་ན་བའི་
སྒྲས་ནི་འདི་ལས་བཟློག་པས་ཤེས་པའོ། །དེ་འཛིན་པའི་སྟན་ཡང་ངོ་ཞེས་བྱ་བ་ནི་རུ་སྐྱ་འཛིན་པའི་དོན་ཅན་གྱི་སྟན་ལས་དེ་འབྲེལ་པའི་ཁ་ཟས་སུ་བྱས་པ་ལ་རེག་པ་དང་གང་བ་དང་གྲུར་འཇུག་པ་ན་སྤང་བར་བྱ་བ་ཉིད་དོ། །དགེ་འདུན་གྱི་སྨན་དག་ལྡུད་པ་ནི་བསྐྱམ་པ་དང་དབྱུང་བ་དང་གཟར་བུའི་ལས་དང་
དབོག་པ་དག་ལ་ཡང་ངོ་ཞེས་བྱ་བ་ནི་དགེ་འདུན་གྱི་ཟ་བ་ལ་སོགས་པ་སྨན་དག་དང་གང་ཟག་གི་ཡང་རུང་སྟེ། དེ་དག་ལྡུད་པ་ན་བསྐྱམ་པ་ལ་སོགས་པའི་ཕྱིར་རེག་པ་ལ་ཡང་མི་རུང་བ་ཉིད་དུ་མི་འགྱུར་རོ། །ཅི་དང་པོ་ཉིད་དུ་འདི་དག་རྣམ་པ་འདི་ལྟ་བུ་ཉིད་ལ་རེག་པར་བྱ་བ་ཉིད་ཡིན་ནམ་ཞེ་ན། དེའི་
ཕྱིར་དང་པོར་ཤིང་དབྲི་བ་དང་མེ་གསད་པ་དང་གོས་ཀྱི་ཐུ་བ་ལ་སོགས་པས་རླུང་གཡབ་པས་འབད་པར་བྱའོ་ཞེས་བྱ་བ་སྨོས་ཏེ། དང་པོ་ཁོ་ནར་ལུད་པ་ཞི་བར་བྱ་བའི་ཕྱིར་འདི་ལྟར་འབད་པར་བྱའོ། །དེ་ལྟར་གཉེན་པོར་བྱ་བ་མ་གྲུབ་པ་ལ་བསྐྱམ་པ་ལ་སོགས་པ་བྱ་ཞེས་བྱ་བའི་དོན་ཏོ། །གཉེན་པོ་བྱེད་
Vol. 160 · folio 223a
པའི་ནུས་པ་མེད་ན་མ་རེག་པར་བསྐྱམ་པ་ལ་སོགས་པ་ལ་ཉེས་པ་མེད་ཅེས་བྱ་བ་འདིར་དེ་ལ་རྩེ་གཅིག་པ་ཉིད་དུ་རྣམ་པར་གནས་པ་ཡིན་ནོ། །དེ་བས་ན་འདི་ལྟར་ཤེས་པར་གྱུར་པ་ལ་གཉེན་པོར་བྱ་བ་མ་ཡིན་པ་ཉིད་དེ་དང་པོར་བསྐྱམ་པ་ལ་སོགས་པ་ཉེས་པ་མེད་ཅེས་བྱ་བ་རྟོགས་པར་
བྱའོ། །ཆུ་ཀླུང་རྒལ་བའི་ཕྱིར་རམ་ཁུར་ཚ་བ་སྙེག་པའི་ཕྱིར་ལག་ཉར་བླངས་པའི་ལམ་བརྒྱགས་རུང་སྟེ། ཆོ་ག་མ་འབྱོར་ཏམ་ལམ་བརྒྱགས་གཞན་མེད་ནའོ་ཞེས་བྱ་བ་ནི། རུང་སྟེ་ཞེས་བྱ་བ་ནི་བཟར་རུང་ངོ་ཞེས་བྱ་བའི་དོན་ཏོ། །ཆོ་ག་མ་འབྱོར་ཏམ་ཞེས་བྱ་བ་ནི་གང་གིས་རེག་པ་ལ་བླངས་པ་ཉིད་
མ་ཡིན་ན་དེས་ནི་ཆུ་ཀླུང་རྒལ་བ་དང་སྙེག་པ་འདི་དག་ལ་བྱ་བ་ཉིད་དོ། །དེས་གནས་པ་ལ་རང་གི་ཡན་ལག་གམ་དེ་དང་འབྲེལ་པ་གཞན་གྱིས་ཤེས་པར་བྱ་བ་འདི་ལ་བྱ་བ་ཉིད་དོ། །གཞན་མེད་ནའོ་ཞེས་བྱ་བ་ནི་གལ་ཏེ་གཞན་ཁུར་ཚ་བ་མེད་པར་གྱུར་ན་དེ་ལ་ཆོ་ག་མ་གྲུབ་པའི་དབང་གིས་འདིར་དོན་དུ་
བསྐུར་བ་ལ་རུང་བ་ཉིད་ཅེས་བྱ་བའི་དོན་ཏོ། །ཁུར་ཚ་བ་མེད་ན་སྦྱིན་བདག་སྤྲོ་བར་བྱའོ་ཞེས་བྱ་བ་ནི་ལམ་བརྒྱགས་དེ་ཁྱེར་བའི་ཁུར་ཚ་བ་གཞན་མེད་ན་དེ་སྦྱིན་བདག་གིས་དེ་ལ་བསྐུར་བར་སྤྲོ་བ་བསྐྱེད་པར་བྱ་ཞེས་བྱ་བའི་དོན་ཏོ། །ཁྱེར་བ་མེད་ན་རང་གིས་སོ་ཞེས་བྱ་བ་ནི་སྦྱིན་བདག་ལ་བཅོལ་བ་ཡང་མ་
གྲུབ་ན། དེའི་ཚེ་རང་གིས་ལམ་བརྒྱགས་བསྐུར་བར་བྱའོ། །དེ་ཉིད་ལས་སྦྱིན་པར་བརྗེ་ཞིང་བླང་བ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་གཞན་ཁྱེར་དུ་གཞུག་པ་མ་གྲུབ་ཅིང་རང་གིས་ཁྱེར་བར་གྱུར་ན། རང་གིས་ཁྱེར་བ་དེ་ཉིད་ལས་གཞན་ལ་སྦྱིན་པས་ལམ་བརྒྱགས་བརྗེ་ཞིང་བླང་བ་བསྒྲུབ་པར་བྱའོ་ཞེས་བྱ་བའི་
དོན་ཏོ། །འདི་ནི་གཞན་ལ་བསྒྲུབ་པ་ལ་མི་བྱའོ། །དེ་ཡང་མ་གྲུབ་ན་དེ་བཟའ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་དེ་ཡང་དེ་ཉིད་ཀྱི་ཕྱིར་སྦྱིན་པས་བརྗེ་ཞིང་བླང་བ་མ་གྲུབ་ན་རང་གིས་ཁྱེར་བ་དེ་ཡང་བཟའ་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱིན་ལེན་སྟོབས་པ་མེད་ན་བྱིན་ལེན་མ་བྱས་པ་དེ་འམ་
གཞན་ཡང་ངོ་ཞེས་བྱ་བ་ནི་རང་གིས་ཁུར་བ་དེ་འམ་གཞན་བྱིན་ལེན་བྱས་པ་མེད་པར་གྱུར་ན་བྱིན་ལེན་མ་བྱས་པ་ཡང་བཟའ་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སླར་རང་གིས་ཁྱེར་བ་དང་བྱིན་ལེན་མ་བྱས་པ་དེ་གཉིས་གང་གིས་བཟའ་བར་བྱ་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཟན་བཅད་པར་བྱས་པའི་འོ་
Vol. 160 · folio 223b
ཞེས་བྱ་བ་སྨོས་ཏེ། གང་ལ་ཇི་ཙམ་བཟའ་བར་བྱ་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཉི་མ་དང་པོ་ལ་སྤར་གང་ངོ་། །གཉིས་པ་ལ་ནི་དོའོ། །གསུམ་པ་ལ་ནི་ཅི་ཙམ་གྱིས་ཆོག་པའོ། །ཤིང་ཐོག་རུང་བར་མ་བྱས་པ་དང་བྱིན་ལེན་མ་བྱས་པ་དང་། ལག་ཉར་བླངས་པ་དག་ཀྱང་དུས་མ་ཡིན་པར་ཡང་བཟའ་བར་
བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། དེ་དག་ཐམས་ཅད་ཀྱང་གཞན་མ་གྲུབ་ན་ཞེས་བྱ་བའི་དབང་དུ་བྱས་པ་ཉིད་ཡིན་ནོ། །དེ་དག་སུའི་བཟའ་བར་བྱ་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཟན་མེད་ནའོ་ཞེས་བྱ་བ་སྨོས་ཏེ། ཟན་མེད་པར་གྱུར་པ་ལ་ཞེས་བྱ་བའི་དོན་ཏོ། །ཅི་གནས་སྐབས་ཐམས་ཅད་དུ་འམ་ཞེ་ན།
དེའི་ཕྱིར་ཤིན་ཏུ་བཀྲེས་པ་ཉིད་ནའོ་ཞེས་བྱ་བ་སྨོས་ཏེ། བཀྲེས་པ་སྲོག་ལ་བབ་པ་ལ་ཐུག་ན་ཞེས་བྱ་བའི་དོན་ཏོ། །རྩ་བ་དག་ཀྱང་ངོ་ཞེས་བྱ་བ་ཡང་དུས་མ་ཡིན་པར་བཟའ་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་གིས་ཀྱང་བཏོགས་པ་ཉིད་དང་དབྱུང་བ་ཉིད་དང་བསྒྲུབ་པར་བྱ་བ་
ཉིད་ཀྱང་ངོ་ཞེས་བྱ་བ་ནི་ཟས་མེད་པ་ཤིན་ཏུ་བཀྲེས་པ་ཉིད་ན་འབྲས་བུ་རྣམས་དང་རྩ་བ་རྣམས་ལའོ། །འདིར་གྲངས་ཇི་ལྟ་བ་བཞིན་དུ་ཤེས་པར་མི་བྱ་སྟེ། རྩ་བ་རྣམས་ལ་ཡང་བཏོགས་པ་ཉིད་ཡོད་པའི་ཕྱིར་རོ། །དཔེར་ན་ཆུ་འགྲམ་དུ་སྐྱེས་པ་ངོས་ལྟུང་བ་རྣམས་ལྟ་བུའོ། །འབྲས་བུ་རྣམས་
ལ་ཡང་བཏོན་པ་ཉིད་ཡོད་པའི་ཕྱིར་རོ། །དཔེར་ན་པ་ན་ས་ལ་སོགས་པ་རྣམས་ལྟ་བུའོ། །བྱིན་ལེན་མ་བསྟབས་པ་དང་རུང་བར་མ་བྱས་པ་དང་དུས་མ་ཡིན་པར་བཟའ་བ་ལ་སོགས་པ་རུང་བར་བྱ་བ་དག་ལ་ཐམས་ཅད་དུ་རྩོམ་འདོད་པ་ལ་སོགས་པ་ན་བྱང་གི་སྒྲ་མི་སྙན་ན་གྲགས་པའི་ཡིད་ལ་བྱེད་པ་
བྱའོ་ཞེས་བྱ་བ་ནི་རང་གིས་བྱེད་པར་འདྲ་བ་ལ་རྣམ་པར་དག་པར་གྱུར་པའི་སྡེ་འདི་སྐས་ཀྱི་གདང་བུ་ལྟ་བུར་གྱུར་པ་སྟེ། བྱེ་བྲག་ཐོབ་པའི་ཕྱིར་དེ་དང་འདྲ་བའོ། །ཇི་ལྟར་མངོན་པར་འདུ་བྱེད་པས་ཀྱང་ཡིད་ལས་ངེས་པར་འབྱུང་བ་ཞེས་བྱ་བ་ནི་རྩོམ་འདོད་པ་ནའོ། །དེ་བས་ན་འདིར་ཐམས་ཅད་དུ་བྱང་
གི་སྒྲ་མི་སྙན་ན་གྲགས་པའི་ཕྱིར་རྩོམ་འདོད་པ་ལ་སོགས་པའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་རྩ་བ་དང་འབྲས་བུ་ལ་བརྟེན་པ་འདི་ཉིད་ལ་མ་ཡིན་ནོ། །འདིར་སོགས་པའི་སྒྲས་ནི་ལེན་པ་དང་ཉེ་བར་ལེན་པའི་དོན་དུ་རིག་པར་བྱའོ། །ལག་པ་བསྙལ་བ་དང་འདབ་མ་དག་ཡོད་ན་སྐྱོགས་ཀྱིས་སྐོམ་མི་བཏུང་ངོ་
Vol. 160 · folio 224a
ཞེས་བྱ་བ་ནི་ཆུ་ཉུང་ཟད་ཉིད་དང་ལམ་འགྲོན་ཤོར་བ་ལ་སོགས་པས་ལག་པ་བསྙལ་བ་མེད་པའོ། །མེད་ན་མ་བསྒྲིབས་པར་མི་བྱའོ་ཞེས་བྱ་བ་ནི། ལག་པ་བསྙལ་བ་དང་འདབ་མ་དག་མེད་ན་སྐྱོགས་ཀྱིས་སྐོམ་བཏུང་བ་མ་བསྒྲིབས་པར་བཏུང་བར་མི་བྱའོ། །དེ་ཆུ་དང་བཅས་པ་ཉིད་ཡིན་
ན་ཁ་མ་བཅད་པ་ཉིད་དུ་མི་གཞག་གོ་ཞེས་བྱ་བ་དེ་ལ་དེ་ཞེས་བྱ་བ་ནི་སྐྱོགས་སོ། །དེའི་ཁ་གབ་ནི་རྣམ་པ་གསུམ་སྟེ། ཤིང་ལས་བྱས་པ་དང་རྡོ་ལས་བྱས་པ་དང་ས་ལས་བྱས་པའོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་སྐྱོགས་ལའོ། །སྐྱོགས་གཞི་ཤིང་ལས་བྱས་པའམ་རྡོ་ལས་བྱས་པ་བཅང་བར་བྱའོ་ཞེས་བྱ་བ་ལ།
གང་དུ་གནས་པའི་དོན་དུ་སྐྱོགས་འདི་གཞག་པར་བྱ་བ་དེ་ནི་སྐྱོགས་ཀྱི་གཞིའོ། །འདབ་མ་དག་སྣོད་ཉིད་དུ་སྤྱོད་པ་ནི་བྱིན་ལེན་མ་བྱས་པ་ཉིད་ལ་ཉེས་པ་མེད་དོ། །འདི་ལ་བརྔས་པ་དང་མ་བརྔས་པ་དག་ནི་ཁྱད་པར་མེད་དོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ཤིང་ལྗོན་པ་ལ་སོགས་པ་མ་བརྔས་པ་དག་ལ་ཡང་
སྐྱེས་པ་ལས་འདི་རྣམས་དང་འབྲེལ་པས་འདིར་ཉེས་པ་མེད་པ་ནི་བྱིན་ལེན་མ་བྱས་པ་ཉིད་ཅེས་བྱ་བའི་དོན་ཏོ། །གཞན་མེད་ན་མ་བརྔས་པ་དག་སྤྱད་དོ་ཞེས་བྱ་བ་ལ། གཞན་ཞེས་བྱ་བ་ནི་འདབ་མ་བརྔས་པའམ་དེའི་དོན་བྱེད་ནུས་པ་གཞན་ལའོ། །ཤིང་ལྗོན་པ་ལ་སོགས་པ་དག་དང་འབྲེལ་པའི་སྐོམ་ལ་སོགས་པ་འཐུང་
བར་བྱེད་པ་བཞད་གད་དུ་འགྱུར་བས་མི་བྱའོ་ཞེས་བྱ་བ་འདི་ལ་བསྟན་པའོ། །གསོག་འཇོག་གི་ལྟུང་བྱེད་དོ།། །།གཞན་དང་བྱིན་ལེན་སྟོབས་པ་མེད་ན་སྦྱིན་བདག་གིས་བསམ་པ་ཐག་པ་ནས་བཏང་བ་རང་གིས་བླངས་ཏེ་བཟའ་བར་བྱའོ་ཞེས་བྱ་བ་ནི་བྱིན་ལེན་མ་བསྟབས་པར་བཟའ་བ་ཐམས་ཅད་ལ་
བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ཐམས་ཅད་དུ་ཤེས་པར་བྱའོ། །བྱིན་ལེན་བྱས་ཟིན་པའི་ཟས་གཞན་མེད་དམ་བྱིན་ལེན་སྟོབས་པ་པོ་གཞན་མེད་ན་ཞེས་བྱ་བའི་དོན་ཏོ། །གང་ཡང་རུང་བ་ཅིག་ཡོད་ན་ཉེས་པ་ཁོ་ནར་འགྱུར་རོ། །འདིར་གཞན་མེད་པའི་གཞུང་ནི་དགེ་སློང་
གཅིག་གིས་བསོད་སྙོམས་བླངས་ཏེ། གཙུག་ལག་ཁང་དུ་བཞག་ནས་ཕྱི་རོལ་དུ་བྱུང་བ་དང་། ཁྱིམ་བདག་གཅིག་གིས་ཀྱང་བསོད་སྙོམས་གཅིག་ཁྱེར་ཏེ་འོངས་ནས་དེ་ཉིད་ཀྱི་སྟེང་དུ་བསོད་སྙོམས་གཞན་གཞག་པ་མཐོང་ནས་དེ་འགྱོད་པ་སྐྱེས་ཏེ་མི་ཟ་བའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་
Vol. 160 · folio 224b
འདས་ལ་གསོལ་པ་དང་། ཇི་སྲིད་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་བྱིན་ལེན་སྟོབས་པ་ཡོད་ན་ནི་བྱིན་ལེན་བྱས་ཏེ་བཟའ་བར་བྱའོ། །ཅི་སྟེ་མེད་ན་ནི་ཕྱིས་བྱིན་པ་གང་ཡིན་པ་དེ་བསལ་ཏེ་སྔ་མ་ཤོས་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །བྱིན་ལེན་
བསྟབས་པ་མེད་པའི་གཞུང་ནི་དེ་ཉིད་ལས་ཚོང་བ་རབ་ཏུ་མང་པོ་དག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་ལ་སྤྱན་དྲངས་ཏེ། དེ་དག་གིས་ཟས་དག་སྤྱི་བུངས་བཅེར་བ་དང་། ཚོང་ཁང་དག་ཏུ་མེ་ཤོར་ནས་དེ་དག་མེ་གསོད་པའི་ཕྱིར། དོང་པ་དང་གདུགས་ཚོད་དག་ཀྱང་བབ་པར་
གྱུར་ནས་དགེ་སློང་དག་གིས་ཇི་ལྟར་བསྒྲུབ་པར་བྱ་བ་མི་ཤེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་བསམ་པ་དག་པས་བཏང་བ་ཡིན་པས་བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་བརླབ་ཅིང་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །ཤེས་
གཙོ་བོ་བྱིན་ལེན་མ་བྱས་པ་ཉིད་ལའོ་ཞེས་འོག་ནས་འབྱུང་ན་དེ་བྱིན་ལེན་གང་ཡིན་ཞེ་ན། དེའི་ཕྱིར་དེ་བརྗོད་པར་བྱ་སྟེ། མངོན་སུམ་དུ་མཚམས་ཀྱི་ནང་དུ་འཐོབ་པའི་ཕྱོགས་ན་གནས་པས་ལག་པ་བཀན་པས་ལུས་སམ་དེ་དང་འབྲེལ་པར་གྱེན་དུ་འདེགས་ནུས་པ་བསྙེན་པར་མ་རྫོགས་པ་མི་མ་ཡིན་པ་ལས་
ཀྱང་སྦྱིན་པར་འདོད་པས་ཡན་ལག་གིས་སམ་དེ་དང་འབྲེལ་པས་བྱིན་པ་མནོས་པ་ནི་བྱིན་ལེན་ནོ་ཞེས་བྱ་བ་སྨོས་ཏེ། མངོན་སུམ་དུ་ཞེས་བྱ་བ་ནི་མངོན་སུམ་དུ་ཕྱོགས་པ་སྟེ། གློའམ་རྒྱབ་ནས་བླངས་པ་ནི་བྱིན་ལེན་མ་ཡིན་ནོ། །མཚམས་ཀྱི་ནང་དུ་ཞེས་བྱ་བ་ལ་འདི་ནི་སྤྲོས་པ་སྟེ། མཚམས་
གཞན་ན་གནས་པ་གང་ལ་ཡན་ལག་ཉིད་མ་ཡིན་ཞེས་གསུངས་སོ། །གྱེན་དུ་འདེགས་ནུས་པ་ལས་ཞེས་བྱ་བ་ནི་གང་ཞིག་སྦྱིན་པར་ནུས་པ་དེ་ལས་སོ། །མི་མ་ཡིན་པ་ལས་ཀྱང་ཞེས་བྱ་བ་ལ། འདིར་གཞུང་ནི་དགེ་སློང་དགོན་པ་པ་རྣམས་ལ་དགོན་པ་ན་གནས་པའི་གླང་པོ་ཆེ་ཅང་ཤེས་དང་རྟ་ཅང་ཤེས་དང་
སྤྲེའུ་ཅང་ཤེས་དག་གིས་ཤིང་ཐོག་དག་འབུལ་བ་དགེ་སློང་དག་མི་ལེན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་གྱེན་དུ་འདེགས་པ་ཡོད་པ་དེ་ལ་བྱིན་ལེན་ཡང་ཡོད་པས་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །སྦྱིན་པར་འདོད་པས་ཞེས་བྱ་བ་
Vol. 160 · folio 225a
ལ་འདིར་གཞུང་ནི་དབང་མེད་པ་ལ་སོགས་པས་སྦྱིན་པར་བྱེད་པ་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཡུལ་གྱིས་མི་སྨད་པར་བྱ་བ་ཉིད་ཡིན་ན་དཀྱིལ་འཁོར་གྱི་སྟེང་དུ་ཞོག་ཅིག་ཅེས་བསྟན་ན་ཡང་ངོ་ཞེས་བྱ་བ་ནི་དེ་ལྟར་ཉེ་བར་བསྟན་པའི་དཀྱིལ་འཁོར་ལ་ཡང་བཏང་བ་ལ་སོ་སོར་
འདོད་པ་ནི་བྱིན་ལེན་མནོས་པ་ཡིན་གྱི་ལུས་སམ་དེ་དང་འབྲེལ་པར་མནོས་པ་འབའ་ཞིག་ཏུ་ནི་མ་ཟད་དོ། །ལྷུང་བཟེད་དང་དེའི་གཞི་དག་ནི་གཅིག་པ་ཉིད་དོ་ཞེས་བྱ་བ་ནི་འདི་དག་ལས་གཅིག་ཏུ་བྱེད་དུ་བཅུག་པ་དག་ལ་གཞན་དུ་ལྟུང་བ་མི་འདོད་པ་ལས་སྐྱེས་པར་ཤེས་པར་མི་བྱ་ཞེས་བྱ་བ་དེ་ལ་འདི་བསྟན་
པའོ། །སྤྲེའུ་རྣམས་ཀྱི་སྤྱོད་ཡུལ་ནི་ཡལ་ག་ཡིན་པས་དེ་ནས་དེའི་ཕྱིར་མི་འཐོབ་པའི་ས་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་ཡལ་ག་དེ་ནས་སྤྲེའུ་རྣམས་བྱིན་ལེན་བསྟབས་པ་དེའི་ཕྱིར་མི་འཐོབ་པའི་ས་ཉིད་ནི་མ་ཡིན་ནོ། །ཤིང་ཐོག་དག་མན་ཤེལ་དང་ཁྲི་དང་ཁྲིའུ་དང་ཐུ་བ་དང་ལྷུང་བཟེད་དག་གིས་བྱིན་
ལེན་མནོད་དུ་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ། བྱིན་ལེན་མནོད་དུ་ཞེས་བྱ་བ་ནི་བྱིན་ལེན་གྱི་བདག་ཉིད་ཅན་ནི་བྱིན་ལེན་གྲུབ་པར་འགྱུར་བའི་སྣོད་དུ་རུང་བར་གྱུར་པ་ལའོ། །དེ་དག་གནས་པ་དག་གིས་ཅང་མི་སྨྲ་བས་སོ་སོར་བརྟག་པར་བྱ་བ་ལ། དེ་རྣམས་ཞེས་བྱ་བ་ནི་ཤིང་ཐོག་རྣམས་ལའོ། །སྙོམས་
པར་འདྲིམ་པར་བྱེད་པ་མོས་པར་བྱའོ་ཞེས་བྱ་བ་ནི་སྙོམས་པར་འདྲིམ་པ་འདི་ལ་ཡོད་པས་ན། སྙོམས་པར་འདྲིམ་པ་ཞེས་བྱ་བས་བསྡུས་པའོ། །འདིར་གཞུང་ནི་འདྲིམ་པའི་ཕྱིར་ཁྱིམ་པ་རྣམས་ཤིང་ཐོག་དག་མི་སྙོམས་པར་འདྲིམ་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ཚུལ་
དག་བྲིམ་དུ་གཞུག་པར་བྱའོ། །དགེ་ཚུལ་དག་ཀྱང་མི་སྙོམས་པར་འདྲིམ་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་ལག་པ་དག་བསྙལ་ཏེ་བྱིན་ལེན་བྱས་ནས་བྲིམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་བྱིན་ལེན་བྱས་པས་བྲིམ་པ་ཉིད་ནི་རུང་བ་ཉིད་
ཡིན་ནོ་ཞེས་ཟས་བྱིན་ལེན་བྱས་པ་བྲིམ་པ་ཉིད་ནི་རུང་བ་ཡིན་ཏེ། ཚུལ་དང་མི་མཐུན་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བའི་བུམ་པ་དག་འདྲིམ་ན་རྩྭ་དང་ལོ་མ་དག་ལ་སོགས་པ་དག་གིས་གོས་དག་བསྐྱབ་པར་བྱའོ། །བྲིམ་པར་བྱ་བ་གཅེས་པ་དང་
Vol. 160 · folio 225b
བར་མ་དང་ཐ་མ་དག་སོ་སོར་བྱའོ་ཞེས་བྱ་བ་ནི་བྲིམ་པར་བྱ་བའི་ཟས་འདི་རྣམས་ནི་སོ་སོར་བྲིམ་པར་བྱ་སྟེ་མི་བསྲེ་བར་བྲིམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཨ་མྲ་ཞིམ་པོ་དག་ལོགས་ཤིག་ཏུ་བསལ་ཏེ་བྲིམ་པར་བྱའོ་ཞེས་བྱ་བ་ལ་མདོ་སྔ་མ་འདི་སྙོམས་པར་བསལ་བའི་དོན་དུའོ། །འདི་རྣམས་ནི་རྒན་པ་ཉིད་མ་
ཡིན་ཏེ། དེ་བས་ན་སྤྲོས་པ་འདི་ནི་རྒན་པ་དང་གཞོན་པ་དང་བར་མ་དག་ལ་ཤེས་པར་མི་བྱའོ། །འདྲིམ་པར་བྱེད་པ་ཡི་ནི་མཁན་པོའམ་སློབ་དཔོན་གྱིས་མནོད་པར་བྱའོ། །མི་འཐོབ་པ་འཐོབ་ན་དྲུང་དུ་འདུག་པས་སོ་ཞེས་བྱ་བ་གལ་ཏེ་མཁན་པོའམ་སློབ་དཔོན་གྱིས་འདྲིམ་པར་བྱེད་པས་མི་ཐོབ་པ་ཐོབ་པ་མི་
རིགས་པ་ནི་གནས་གཞན་མ་ཡིན་པས་འདི་ལ་བྱིན་ལེན་དུ་བྱ་བའོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདྲིམ་པར་བྱེད་པའི་སྐལ་བ་ནི་མཁན་པོ་དང་སློབ་དཔོན་དག་གིས་མནོད་པར་བྱའོ། །དེ་དག་གིས་བཟང་པོ་དག་ཐོབ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་
དག་གི་དྲུང་དུ་འདུག་པ་དག་གིས་མནོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དུ་མ་ཉིད་ཡིན་ན་སྟན་ལས་མ་འཕགས་པས་ཇི་ཙམ་ལེན་ནུས་པའོ་ཞེས་བྱ་བ་ནི། གང་གི་དོན་དུ་དེ་མ་ཐག་པའི་གནས་ལ་གཟུང་བར་བྱ་བ་ཉིད་ནི་དེ་དག་དུ་མ་ལ་སྟན་ལས་མ་འཕགས་པར་ཇི་ཙམ་ལེན་ནུས་པ་དེ་ཙམ་མནོད་པར་
བྱ་ཞིང་དེ་མ་ཐག་པའི་གནས་དང་ལྡན་པས་གཟུང་བར་བྱའོ། །འདྲིལ་བ་ལ་ནི་རང་གནས་ལས་མ་འཕགས་པས་ལེན་ནུས་པ་ཉིད་ཡིན་ན། བྱིན་ལེན་མ་ཞིག་གོ་ཞེས་བྱ་བ་ནི་གང་ཞིག་བྱིན་ལེན་བྱས་པའི་ཟས་འདྲིལ་ཅིང་གནས་ནས་གུད་དུ་སོང་བ་གང་ཡིན་པ་དེ་ནི་སྟན་ལས་མ་འཕགས་པས་ལེན་ནུས་པ་
ཉིད་ཡིན་ན་བྱིན་ལེན་མ་ཞིག་པ་ཡིན་ལ་གཞན་དུ་ན་ཞིག་པ་ཁོ་ན་ཡིན་ནོ། །སྦྲང་བུ་དང་གྲོག་སྦུར་ལ་སོགས་པ་དག་གིས་རེག་པ་ཡང་ངོ་ཞེས་བྱ་བ་ནི་བྱིན་ལེན་མ་ཞིག་པའོ། །སོགས་པའི་སྒྲས་ནི་བྱིའུ་ཕྲུག་བྱུང་མ་ཐག་པའི་ཚད་པས་ཀྱང་ཆུང་བའི་སྐྱེ་བ་ཕྲ་མོ་དག་བསྡུའོ། །དགེ་སློང་གིས་མ་བཏང་བ་ལ་
གཞན་གྱིས་ཀྱང་ངོ་ཞེས་བྱ་བ་ནི་དགེ་སློང་གིས་འཛིན་པ་མ་བཏང་བ་ལ་སྦྲང་བུ་དང་གྲོག་སྦུར་ལ་སོགས་པ་གཞན་གྱིས་རེག་པས་ཀྱང་བྱིན་ལེན་མ་ཞིག་པའོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཉིད་ཀྱིས་བྱིན་ལེན་བྱ་ཞིང་དེ་ལ་བགོ་བཤའ་བྱ་སྟེ་བཟའ་བར་བྱའོ་ཞེས་གསུངས་པ་
Vol. 160 · folio 226a
ཡིན་ནོ། །བྱི་བས་ནི་གཞིག་པར་བྱེད་དོ་ཞེས་བྱ་བ་ནི། བྱི་བས་རེག་པས་ནི་བྱིན་ལེན་ཞིག་པར་བྱེད་དོ། །འདིར་གཞུང་ནི་དེ་ལྟར་དེར་སྦྲང་བུ་དང་གྲོག་སྦུར་དང་བྱི་བའི་བར་དག་ལྷུང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱི་མངས་ལ་སོགས་པའི་བྱི་བ་དག་གིས་རེག་པ་ནི་བྱིན་ལེན་བྱ་
སྟེ་བཟའ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །བྱིན་ལེན་བྱས་པའི་བྱིན་ལེན་སྟོབས་པ་ནི་མི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་རེག་པར་མ་གྱུར་ཏམ་འོན་ཏེ་བྱིན་ལེན་བྱས་པ་མ་ཡིན་སྙམ་པའི་ཐེ་ཚོམ་བསལ་བའི་ཕྱིར་རོ། །བྱིན་ལེན་བྱས་པ་ལ་སླར་བྱིན་ལེན་བྱེད་པ་ནི་རིགས་པ་དང་མི་ལྡན་པ་མ་ཡིན་ནོ། །ཤེས་
གཙོ་བོ་ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་བྱིན་ལེན་མ་བསྟབས་པ་ཉིད་ལའོ། །ཆུ་དང་སོ་ཤིང་མ་གཏོགས་པ་བཟའ་བར་བྱ་བའི་འོ་ཞེས་བྱ་བ་སྨོས་ཏེ། ཆུ་དང་སོ་ཤིང་མ་གཏོགས་པའི་བཟའ་བར་བྱ་བ་ལའོ་ཞེས་བྱ་བའི་དོན་ཏོ། །
འདིར་ཆུ་དང་སོ་ཤིང་ཞེས་བྱ་བ་སྨོས་པ་ནི་དཔེ་ཙམ་དུ་ཟས་དེ་ཁ་སྦྱང་བའི་ཐོ་རངས་ཀྱི་ཆུ་དང་བའི་ལྕི་སྐམ་དང་ལྕི་བ་དག་ཀྱང་འདིས་བསྡུས་པར་རིག་པར་བྱའོ། །དེ་ཡང་ཁ་སྦྱང་བའི་ཟས་ཀྱི་ཕྱིར་སོ་ཤིང་ལ་འདི་ནི་ཉེས་པ་མེད་པ་ཉིད་ཡིན་གྱི་མགུལ་དུ་མིད་པའི་ཕྱིར་ནི་མ་ཡིན་ནོ། །དེར་བྱིན་ལེན་མ་བྱས་པ་ཉིད་
མགུལ་དུ་མིད་པ་ལ་ནི་ལྟུང་བྱེད་ཁོ་ནར་འགྱུར་རོ། །མགུལ་ནས་ཁའི་ཆ་ཐ་དད་པར་གྱུར་པས་བཟའ་བ་གང་ཡིན་པའི་དེ་ལ་ནི་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ཡང་དེའི་ཕྱིར་ཤེས་པར་བྱའོ། །གཟུགས་དང་མི་ལྡན་པ་ལ་ཡང་བློས་བཟའ་བར་འགྱུར་བ་ཡིན་ཏེ། དེ་ལྟར་ཡང་རེག་པ་དང་ཡིད་ཀྱིས་ཀུན་དུ་སེམས་པ་
བཟའ་བ་ཉིད་ཀྱིས་མངོན་པར་བརྗོད་པའོ། །བཟའ་བ་ཡང་གང་ཞིག་བློ་འདི་རྣམས་ཉེ་བར་འཚོ་བར་བྱེད་པ་དེ་ཞེས་བྱ་བ་ནུས་པར་བྱའོ། །དེ་བས་ན་ཁྱད་པར་བསྟན་པར་བྱ་བའི་ཕྱིར་ཁར་རོ་ཞེས་བྱ་བ་སྨོས་སོ། །ཇི་ཞིག་རྗེས་སུ་བསྒྲུབ་ན་འདིའི་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཟོས་ནའོ་ཞེས་བྱ་བ་སྨོས་སོ། །
ཅི་ཡུལ་ཐམས་ཅད་དུའམ་ཞེ་ན། དེའི་ཕྱིར་བྱང་གི་སྒྲ་མི་སྙན་མ་གཏོགས་པར་རོ་ཞེས་བྱ་བ་སྨོས་ཏེ། འདིར་ཞུ་བ་ལས་བྱང་གི་སྒྲ་མི་སྙན་གྱི་གླིང་ན་ཟས་མ་བྱིན་པར་ཁའི་སྒོ་ནས་ཟ་བར་བྱེད་དེ། གལ་ཏེ་བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་བརླབས་ན་ནི་ལྟུང་བ་མེད་དོ། །ཇི་སྟེ་བྱིན་གྱིས་མི་རློབ་ན་ནི་ཉེས་བྱས་
Vol. 160 · folio 226b
སོ་ཞེས་གསུངས་པ་ཡིན་ནོ་ཞེས་བྱ་བ་དེ་འདིས་བསྡུས་པ་ཡིན་ནོ། །ནད་པས་བསྙེན་པར་རྫོགས་པ་མེད་ན་བསྙེན་པར་མ་རྫོགས་པ་ལ་ཟན་མནོད་པར་བྱའོ་ཞེས་བྱ་བ་ནི་ནད་པའི་ཁར་ཟན་མནོད་པ་ལ་འདི་ཡིན་གྱི་རྗེས་སུ་གནང་བའི་དངོས་པོ་ལ་ནི་དེ་བསྙེན་པར་རྫོགས་པ་ལ་གནང་བ་མ་ཡིན་པས་བཏང་བ་མ་ཡིན་པ་
ཉིད་ཀྱི་ཕྱིར་འདི་མི་བྱ་བ་ཉིད་དོ། །བསྙེན་པར་མ་རྫོགས་པས་བཟའ་བར་བྱའོ་ཞེས་བྱ་བ་ནི། ནད་པ་ཁོ་ན་སྟེ་གཏོང་བར་བྱེད་པ་ཉིད་ཀྱི་ཕྱིར་འདི་མི་བྱ་བ་ཤེས་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ཀྱི་ཆོ་ག་གཉིས་པོ་དག་གོ། །བྱིན་
ལེན་མ་བྱས་པར་ཟ་བའི་ལྟུང་བྱེད་དོ།། །།འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་སྐམ་ལྟ་བུ་ནི་ཁ་ཟས་བསོད་པ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུ་དག་ཅེས་བྱ་བའི་དོན་ཏོ། །དེ་ནི་བྱེད་པ་པོའོ་ཞེས་བྱ་བ་ལ་འདི་ནི་ཟས་བསོད་པ་སྟེ། དེ་ནི་ལྟུང་བ་འདིའི་བྱེད་པ་པོ་ཡིན་ནོ། །སྦྱིན་པར་བྱེད་པ་ཉེ་དུ་མ་
ཡིན་པ་ཁྱིམ་པ་ཉིད་ཀྱང་ངོ་ཞེས་བྱ་བ་ལ། ཉེ་དུར་མ་གྱུར་པའི་ཁྱིམ་པ་ནི་ཉེ་དུ་མ་ཡིན་པའི་ཁྱིམ་པ་སྟེ་དེའི་དངོས་པོ་ནི་དེ་ཉིད་དོ། །འདིར་སྦྱིན་པ་པོའི་བྱེད་པ་པོ་གཞན་གྲོགས་སུ་གྱུར་པ་ནི་ཟས་བསོད་པ་འདི་ལའོ། །ཉེ་དུ་མ་ཡིན་པ་ཞེས་སྨོས་པ་ལ། གཞུང་ནི་ཞུ་བ་ལས་བཙུན་པ་དགེ་སློང་གིས་བྲོ་མ་
འཆལ་བར་བདག་ཉིད་ཀྱིས་སླད་དུ་ཁྱིམ་དག་ནས་ཟས་བསོད་པ་བླངས་ཏེ་འཆའ་འམ་འཆའ་བ་ལ་ལྟུང་བར་ཡང་མི་འགྱུར་བ་མཆིས་སམ་ཡོད་དེ་ཉེ་དུ་ལས་བླངས་ཏེ་ཟ་ན་ལྟུང་བ་མེད་དོ་ཞེས་བསྟན་པ་ཡིན་ནོ། །རབ་ཏུ་བྱུང་བ་གང་ལ་ཉེས་བྱས་བྱེད་པ་ཉིད་མ་ཡིན་པ་ཉིད་ལྟུང་བའི་རྟགས་འདི་ཡིན་ཞེས་བྱ་བ་འདིར་
ཁྱིམ་པའི་ཚིག་གིས་འདི་འབྱུང་བར་རིག་པར་བྱའོ། །གང་གི་ཚེ་དེ་གཉིས་ལྟུང་བ་འདི་ལ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་རང་གིས་བླངས་ཏེ་ཟོས་ནའོ་ཞེས་བྱ་བ་སྨོས་ཏེ། རང་གིས་བླངས་ཏེ་ཟོས་ནའོ། །མི་ན་བས་བླངས་པ་དང་སློང་དུ་བཅུག་པ་ཉིད་དེ་ལ་ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི་མི་ན་བས་རང་གིས་
བླངས་པ་ཙམ་ལ་ཡང་དེ་གཉིས་ཉེས་བྱས་ཁོ་ནའི་བྱེད་པ་པོ་ཡིན་ལ་མིན་བར་གཞན་སློང་དུ་བཅུག་པ་ཉིད་ཡིན་ན་སློང་དུ་བཅུག་ཏེ་ཟོས་པ་དེ་ལ་ནི་དེ་གཉིས་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །མི་ན་བར་སློང་དུ་བཅུག་པ་ལ་ནི་ཉེས་བྱས་ཕྲ་མོར་འགྱུར་རོ། །ཅི་མི་ན་བར་ཐམས་ཅད་ལ་དེ་གཉིས་ཁ་ན་མ་ཐོ་བ་འདིའི་
Vol. 160 · folio 227a
བྱེད་པ་པོ་ཡིན་ནམ་ཞེ་ན། དེའི་ཕྱིར་ཅི་བདེར་བསྟབས་པ་མ་བྱས་པ་ལའོ་ཞེས་བྱ་བ་སྨོས་ཏེ། གང་ལ་སློང་བར་བྱེད་པ་དེས་མ་བྱས་པ་དེས་ནི་ཅི་བདེར་བསྟབས་པ་མ་བྱས་པ་ལ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་བསོད་སྙོམས་ལ་རྒྱུ་ཞིང་ཁྱིམ་དག་ཏུ་འགྲོ་བ་ན་བུད་མེད་ཀྱི་ཡུལ་
ཟས་ཐོགས་ཏེ་ཕྱིར་བྱུང་བའི་ཚེ་དགེ་སློང་ཅང་མི་སྨྲ་བར་སྡོད་པ་ན་བུད་མེད་ཀྱི་ཡུལ་ན་རེ་འཕགས་པ་ཅི་བཞེད་ཅེས་འདྲི་ན་བསྟབས་པར་བརྗོད་པར་བྱ་སྟེ། ཅི་འདོད་པ་དེ་བླང་བར་བྱ་བ་ལ་ལྟུང་བ་མེད་དོ། །སྦྱིན་བདག་གིས་ཅི་བདེར་བྱས་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་ངན་
པའམ་བསོད་པའམ་ཐ་མལ་པའམ་བཟང་པོ་ཐོབ་པ་ནི་གལ་ཏེ་བླངས་ན་ཡང་ངོ་ཞེས་བྱ་བ་ནི་གང་གི་ཕྱིར་ཅི་བདེར་བསྟབས་པ་མ་བྱས་པ་ལ་འདི་ནི་བྱེད་པ་པོ་ཡིན་ཏེ། ཅི་བདེར་བསྟབས་པར་བྱེད་པ་ཅིག་ནི་འདིར་ངེས་པར་འབྱུང་བ་སྟེ། ཉེ་བར་བསྡུས་པ་ལ་བྱེད་པ་པོ་མ་ཡིན་ནོ། །དེ་ལས་རྙེད་པར་གྱུར་པ་ལ་
ཡང་གལ་ཏེ་འདི་དང་འབྲེལ་པའི་བླངས་པ་མེད་ན་དེ་ལྟར་ཡང་འདི་བླངས་ཏེ་ཟོས་ན་དངོས་གཞིའི་བྱེད་པ་པོ་ཡིན་ནོ། །ངན་པ་འདི་ལ་ཕྱེད་ཉིད་དོ་ཞེས་བྱ་བ་ནི་གང་ཞིག་བླངས་ཏེ་ཟ་བ་འདི་ལ་བྱེད་པ་པོ་ཉིད་བསྟན་པ་དེར་ངན་པ་འདི་ལ་ནི་ཕྱེད་ཉིད་དེ་ཉེས་བྱས་སོ། །རང་གིས་བླངས་ཏེ་ཟ་བ་འདི་ལ་ནི་ཉེས་བྱས་ཕྲ་
མོར་འགྱུར་ཏེ་སློང་དུ་བཅུག་པའི་སྦྱོར་བ་ལ་ཡང་ཞེས་བྱ་བའི་དོན་ཏོ། །འདིར་གཞུར་ནི་དགེ་སློང་གིས་འོ་མ་ཐོབ་པ་ན་ཞོ་སློང་བར་བྱེད་ན། དེ་སློང་བ་ལ་ནི་ཉེས་བྱས་ལ་མ་འཐུངས་ན་ནི་ལྟུང་བ་མེད་དོ། །དགེ་སློང་གིས་བསོད་པ་ཐོབ་པ་ན་ངན་པ་སློང་བར་བྱེད་ན་དེ་སློང་བ་ལ་ཡང་ཉེས་བྱས་ལ་ཟོས་པར་
གྱུར་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ངན་པ་ཐོབ་པར་གྱུར་པ་ཉིད་ལ་ནི་ཐམས་ཅད་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བ་འདིས་ནི་ཕྱེད་ཚིག་གིས་འདི་ལ་བྱས་པར་རིག་པར་བྱའོ། །ཟས་ཁྱེར་ཏེ་ཕྱིས་བྱུང་བས་ཅང་མི་སྨྲ་བའམ་ཕྱིར་སྤོང་བ་ལ་འོ་ན་ཅི་སློང་ཞེས་དྲིས་པ་ན་ཅི་བདེ་བར་བསྟབས་
པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དྲིས་པ་འདི་ལ་ཅི་བདེ་བར་བསྟབས་པ་ཉིད་ཡིན་ནོ། །དེ་བས་ན་འདིར་བྱིས་པ་ལས་གང་འདོད་པ་དེ་བླང་བར་བྱའོ། །བསོད་པ་སློང་བའི་ལྟུང་བྱེད་དོ།། །།རང་སྤྱོད་པའི་དོན་ཉིད་ལ་འཇུག་པ་དང་སྤྱོད་དུ་འཇུག་པ་དག་ལའོ་ཞེས་བྱ་བ་ནི་འདི་དག་ལ་གཞན་ཉེ་བར་སྤྱོད་
Vol. 160 · folio 227b
པའི་དོན་ཉིད་ལ་སྟེ། དཔེར་ན་དགེ་འདུན་གྱི་གཙུག་ལག་ཁང་དུ་ལྷུང་བཟེད་དང་ཆོས་གོས་ལ་སོགས་པའི་ལས་ལ་དོན་མ་ཡིན་པ་ཉིད་ལ་ཡང་ངོ་། །འདི་ལྟ་སྟེ་དཔེར་ན་དོན་མེད་པར་ཆུ་ལ་སོགས་པ་ལ་སྤྱོད་པ་དང་། རྩྭ་ལ་སོགས་པ་སྦེངས་པ་དང་ཤིང་ལ་སོགས་པ་འཐུ་བ་ལ་སོགས་པ་ལ་སྔར་བསྟན་པའི་ལྟུང་
བྱེད་ནི་བྱེད་པ་པོ་ཉིད་དོ། །གང་ལ་རང་འཇུག་པ་དང་གཞན་འཇུག་དུ་འཛུད་པར་བྱེད་ན་རང་སྤྱད་པའི་དོན་ཉིད་ལ་ཡང་སྨྲས་པ་ནི་དེ་ལ་ཤེས་གཙོ་བོ་ཞེས་བྱ་བ་སྟེ། དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་ཉིད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་འདི་ཡིན་ཞེ་ན། དེའི་ཕྱིར་སྲོག་ཆགས་དང་བཅས་པ་ཉིད་ལའོ་
ཞེས་བྱ་བ་སྨོས་སོ། །གང་གི་སྲོག་ཆགས་དང་བཅས་པ་ཉིད་ལ་ཞེ་ན་དེའི་ཕྱིར་ཆུ་དང་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བ་དང་འོ་མ་དང་ཞོ་དང་མར་སར་པ་དང་ཚྭ་དང་འབྲུའི་ཚ་དང་ཞོ་ག་ཆུ་དང་། རྩ་བ་མོ་དང་ཤིང་ཏོག་དང་བཅའ་བར་བྱ་བ་ལ་སོགས་པ་ཉེ་བར་སྦྱར་བར་བྱའོ་ཞེས་བྱ་བ་སྨོས་ཏེ།
སྲོག་ཆགས་དང་བཅས་པའི་ཆུ་ལ་ཞེས་བྱ་བ་ལ། ཆུའི་ཚིག་ནི་སོ་སོར་ཐར་པར་དཔེར་མཚོན་པ་ཙམ་དུ་ཟད་ཀྱི་འདི་ནི་སྐྱེ་བའི་དབང་གིས་གནས་ཡིན་ཏེ། ཆུ་འདི་ལ་ཤིན་ཏུ་མང་དུ་འཇུག་པ་འདི་ལ་ལྟུང་བའི་ཕྱིར་རོ། །ཉེ་བར་སྦྱར་བ་དེ་དག་སྲོག་ཆགས་ཇི་ལྟ་བུ་དང་བཅས་པ་ཉིད་ཡིན་ཞེ་ན། དེའི་ཕྱིར་
སྣང་བ་དག་གིས་སོ་ཞེས་བྱ་བ་སྨོས་སོ། །འདིར་གང་གི་ཚེ་འདིའི་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཤི་ནའོ་ཞེས་བྱ་བ་སྨོས་ཏེ། འདིར་སྲོག་ཆགས་དུ་མ་ཤི་ན་ཡང་ཁ་ན་མ་ཐོ་བ་གཅིག་གི་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་སྲོག་ཆགས་རེ་རེའི་འོ་ཞེས་བྱ་བ་སྨོས་ཏེ། སྲོག་ཆགས་ཇི་
སྙེད་སྦྱོར་བ་དེའི་དབང་གིས་སྲོག་བཅད་དེ་དུས་བྱས་ན་དེ་ཉིད་ཁོ་ནའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སླར་སྤྱོད་པ་གང་ཡིན་ཞེ་ན། དེའི་ཕྱིར་སྤྱོད་པ་ན་ལུས་ཀྱི་ཉེ་བར་སྤྱོད་པའོ་ཞེས་བྱ་བ་སྨོས་ཏེ། དེ་ནི་སྤྱད་པ་མཚན་ཉིད་ཀྱི་སྒོ་ནས་བསྟན་ནས། ད་ནི་ངོ་བོའི་སྒོ་ནས་བསྟན་པའི་ཕྱིར། འདི་
ལྟ་སྟེ་ཁྲུས་དང་བཏུང་བ་དང་སོ་ཤིང་དོར་བ་དང་ལག་པ་དང་རྐང་པ་བཀྲུ་བའོ་ཞེས་བྱ་བ་སྨོས་ཏེ། ལུས་ཀྱི་ཡོ་བྱད་དག་ཏུ་ཉེ་བར་སྤྱོད་པ་གང་ཡིན་པ་དེ་ལུས་ཀྱིས་ཉེ་བར་སྤྱོད་པ་ཁོ་ན་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་ཕྱིར་ཡོ་བྱད་དག་ཏུ་ཉེ་བར་སྤྱད་པ་གང་ཡིན་པ་དེ་ནི་ལུས་ཀྱིར་ཡིན་ནོ་ཞེས་བྱ་བ་སྨོས་ཏེ།
Vol. 160 · folio 228a
གང་གི་ཡན་ལག་ཏུ་གང་བྱེད་པ་དེ་ཉིད་ལ་དེ་བྱས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །སླར་ལུས་ཀྱི་ཡོ་བྱད་དེ་དག་གང་དག་ཡིན་ཞེ་ན། དེའི་ཕྱིར་བཟའ་བར་བྱ་བ་དང་ལྷུང་བཟེད་དང་ཆོས་གོས་དང་གནས་དང་སོ་བཀྲུ་བ་དང་མེ་ལ་སོགས་པ་ནི་ལུས་ཀྱི་ཡོ་བྱད་ཡིན་ནོ་ཞེས་བྱ་བ་སྨོས་སོ། །འོ་ན་
ལུས་ཀྱི་ཡོ་བྱད་རྣམས་སུ་ཉེ་བར་སྦྱར་བ་གང་ཡིན་པར་བལྟ་བར་བྱ་ཞེ་ན། དེའི་ཕྱིར་དེ་དག་ཏུ་ནི་ས་དང་ལྕི་བ་དང་ཚོན་དང་རྩྭ་དང་ཤིང་ལ་སོགས་པའོ་ཞེས་བྱ་བ་སྨོས་སོ། །ལུས་ཀྱི་ཡོ་བྱད་དེ་དག་ཏུ་ཉེ་བར་སྦྱར་བ་དེ་དག་ལ་ཆུ་ལ་སོགས་པ་དགོས་པ་གང་ཡིན་ཞེ་ན། དེའི་ཕྱིར་དེ་དག་ཏུ་དགོས་པ་ནི་འདི་ལྟ་སྟེ་
བྱི་དོར་བྱ་བ་དང་ཁ་བསྒྱུར་བ་དང་ཆག་ཆག་གདབ་པ་དང་། ཕྱག་དར་བྱ་བ་དང་ཞལ་ཞལ་བྱ་བ་དང་འུ་ཤ་དང་ཐང་དང་ཐུག་པ་རྣམས་བཏུང་བའོ་ཞེས་བྱ་བ་སྨོས་ཏེ། སྦྱོར་བ་འདི་རྣམས་ཞེས་བྱ་བ་འོག་ནས་འབྱུང་བ་འདི་རྣམས་ལ་ཐམས་ཅད་དུ་སོ་སོར་མངོན་པར་སྦྱར་བར་བྱའོ། །ཆུ་སྲོལ་བཀག་པ་དང་བསལ་
བ་དག་ཀྱང་ངོ་། །ཤིང་དང་གཡེང་བ་དག་གཞུག་པ་དང་དྲ་བ་དང་བཤལ་བ་དག་ཀྱང་ངོ་ཞེས་བྱ་བ་ནི་བྱའོ་ཞེས་བྱ་བར་སྦྱར་རོ། །འདིར་ཤིང་དང་གཡེང་བ་ཞེས་བྱ་བ་ནི་དཔེ་ཙམ་དུ་རིག་པར་བྱའོ། །རིམ་པ་གཅིག་པ་ལས་གཞན་པ་སྤུ་ཅན་ལ་སོགས་པ་བཀྲུ་བ་ཡང་ངོ་ཞེས་བྱ་བ་ལ། རིམ་པ་གཅིག་པ་ལས་
གཞན་པ་ཞེས་བྱ་བ་ཆིག་རྐྱང་ལས་སོ། །གཞན་པ་ཞེས་བྱ་བ་ལ། འདི་ནི་ངོ་བོ་ལས་སྟོན་པར་བྱེད་པ་སྤུ་ཅན་ལ་སོགས་པས་ཞེས་བྱ་བས་སོ། །དེ་ཡང་སྲོག་ཆགས་ཀྱི་ཁམས་ལྷག་པར་མང་བའི་ཆུ་ལྟ་བུ་ཡང་སྦྱོར་བ་དག་ཡིན་ནོ་ཞེས་བྱ་བ་ལ། དེ་ཡང་ཞེས་བྱ་བ་ནི་གོས་རིམ་པ་གཅིག་པ་དེ་ཡང་
ངོ་། །ཆུ་ཞེས་བྱ་བ་ནི་བཀྲུ་བ་ཡང་ངོ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་བུ་ཡང་ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུ་ཡང་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་གིས་སྲོག་ཆགས་དང་བཅས་པའི་ཆུས་ཆག་ཆག་འདེབས་སམ་ཕྱག་དར་བྱེད་པ་དང་འུ་ཤ་དང་ཐང་དང་ཐུག་པ་དག་བྱེད་ན་སྲོག་ཆགས་ཇི་སྙེད་
འཆི་བ་དང་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་ལ། མ་འཆི་ན་ནི་ཉེས་བྱས་སོ། །དགེ་སློང་གིས་སྲོག་ཆགས་དང་བཅས་པའི་ཆུའི་ཡུར་བ་འགོག་གམ་སེལ་བར་བྱེད་ན་སྲོག་ཆགས་ཇི་སྙེད་འཆི་བ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་ལ་མི་འཆི་ན་ནི་ཉེས་བྱས་སོ། །དགེ་སློང་གིས་སྲོག་ཆགས་དང་བཅས་པའི་
Vol. 160 · folio 228b
ཆུར་ཤིང་འཛུད་དམ་འདྲེན་ནམ། ཆུའི་ནང་ནས་སྐམ་སར་བཤལ་ལ་གཡེང་བས་གཡེང་བར་བྱེད་དམ་འདྲེན་ནམ་ཆུའི་ནང་ནས་སྐམ་སར་བཤལ་བར་བྱེད་ན་སྔ་མ་བཞིན་ནོ། །གོས་སྤུ་ཅན་དང་ལྷན་པ་ཅན་དག་ཤིང་གིས་བརྡུང་བ་དང་འཁྲུ་བར་བྱེད་ན་སྲོག་ཆགས་ཇི་སྙེད་འཆི་བ་དེ་ཉིད་ཀྱི་ལྟུང་བྱེད་དུ་འགྱུར་ལ་
མ་འཆི་ན་ནི་ཉེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གོས་སྤུ་ཅན་དང་ལྷན་པ་ཅན་དག་ཤིང་གིས་བརྡུངས་པ་དང་བཀྲུ་བར་མི་བྱ་སྟེ་འཁྲུ་ན་འགལ་ཚབས་ཅན་དུ་འགྱུར་རོ། །འོན་ཀྱང་རིམ་པ་གཅིག་པ་ནི་བཀྲུ་བར་བྱའོ། །དགེ་སློང་དག་གིས་བཀྲུ་བ་གཏན་བཏང་བ་དང་། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། གང་ན་སྲོག་ཆགས་ཀྱི་ཁམས་མང་ལ་ཆུའི་ཁམས་ཉུང་བ་དེར་བཀྲུ་བར་མི་བྱའི་གང་ན་ཆུའི་ཁམས་མང་ལ་སྲོག་ཆགས་ཀྱི་ཁམས་ཉུང་བ་དེར་བཀྲུ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ནི་ཉེ་བར་ལོངས་མི་སྤྱད་པ་མ་ཡིན་ནོ། །དེ་བས་ན་འདིར་འགལ་
ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ནི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བར་དགོངས་པར་རིག་པར་བྱའོ། །སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱོད་པའི་རྣམ་པར་འབྱེད་པའོ།། །།དཔྱང་ཚགས་བཅབ་པར་བྱའོ་ཞེས་བྱ་བ་ལ། དཔྱང་ཚགས་ཞེས་བྱ་བ་འདི་ཡང་ཅི་ཞིག་ཡིན་ཞེ་ན།
དེའི་ཕྱིར་བཟེད་སྣོད་ཀྱི་སྟེང་གི་ནམ་མཁའ་ལ་གཞག་པར་བྱ་ཞིང་དགང་བ་དང་བཙག་པར་བྱ་བའི་ཆུ་བཟེད་པར་བྱེད་པ་ཚགས་གདགས་པར་བྱ་བའི་ལྕགས་དག་བཏབ་པའི་ཤིང་བུ་གསུམ་དང་ལྡན་པ་ནི་དེ་ཞེས་བྱའོ་ཞེས་བྱ་བ་སྨོས་ཏེ། ཆུ་ཟེད་པར་བྱེད་པའི་ཚགས་གདགས་པར་བྱ་བའི་འོག་ཏུ་བུམ་
པ་ལ་སོགས་པའི་སྣོད་གཞག་པར་བྱ་བ་གང་ཡིན་པའི་བཟེད་སྣོད་ཀྱི་སྟེང་གི་ནམ་མཁའ་ལ་གཞག་པར་བྱ་ཞིང་དགང་བ་དང་ཆུ་བཟེད་པར་བྱེད་པའི་ཚགས་གདགས་པར་བྱ་སྟེ། དེ་དབྱུང་བར་བྱ་བའི་དོན་དུ་གོང་དུ་ལྕགས་གཟེར་དག་བཏབ་པ་དེ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དཔྱང་
ཚགས་བྱ་ཞིང་དེའི་ཡ་ཐོག་ཏུ་ལྕགས་གཟེར་དག་གདབ་པར་བྱའོ། །དེ་ལ་ཆུ་ཚགས་གདགས་པར་བྱ་ཞིང་དེའི་འོག་ཏུ་བུམ་པ་གཞག་པར་བྱའོ། །ཆུ་སྣོད་ཀྱི་བུམ་པ་དག་དགང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་ཞིག་འདིར་ཆུ་སྣོད་ཀྱི་བུམ་པ་དགང་བར་བྱའོ་ཞེས་གསུངས་པའི་དོན་ནི་ཆུ་
Vol. 160 · folio 229a
སྣོད་ཀྱི་ཆུས་བུམ་པ་གང་བར་བྱ་ཞེས་གསུངས་པས་ཟེད་སྣོད་དང་འདི་ལ་སོགས་པ་བྱེད་པས་ཞེས་བྱ་བ་དོན་གྱིས་རིག་པར་བྱའོ། །ཆུ་གནས་པར་བྱ་བའི་ཕྱིར་ཆུ་ཚགས་སུ་གཅལ་གཞུག་པར་བྱའོ་ཞེས་བྱ་བ་ནི་ཆུ་གནས་པར་བྱ་བའི་ཕྱིར་ཆུ་ཚགས་དེའི་ནང་དུ་གཅལ་གཞུག་པར་བྱའོ། །
གཅལ་ཅི་ཞིག་གཞུག་པར་བྱ་ཞེ་ན། དེའི་ཕྱིར་ཕྱེ་མའམ་ལྕི་བའོ་ཞེས་བྱ་བ་སྨོས་སོ། །ཡང་ན་ཚགས་རྟེན་སྣོད་དོ་ཞེས་བྱ་བ་ནི་ཆུ་གནས་པར་བྱ་བའི་ཕྱིར་ཆུ་ཚགས་ལ་ཡང་ན་ཚགས་རྟེན་སྣོད་གཞུག་གོ། །དེ་ཅི་འདྲ་བ་ཅིག་ཅེ་ན་དེའི་ཕྱིར་ས་དང་ཟངས་མ་ལས་བྱས་པ་གང་ཡང་རུང་བའོ་ཞེས་བྱ་བ་
སྨོས་ཏེ། ས་ལས་བྱས་པ་ཡང་རུང་ཟངས་མ་ལས་བྱས་པ་ཡང་རུང་ཞེས་བྱ་བའི་དོན་ཏོ། །དེ་ནི་ཤིང་བུ་གསུམ་གྱི་ཐོག་མ་ལ་གདགས་སོ་ཞེས་བྱ་བ་སྟེ་ཇི་ལྟར་ཞེ་ན། དེའི་ཕྱིར་བུ་གུར་ལུང་བྱས་ཏེའོ་ཞེས་བྱ་བ་སྨོས་ཏེ། འདིར་བུ་ག་ཕུག་ནས་དོན་བསྒྲུབ་པ་ལ་ལྟོས་ནས་བུ་ག་དུ་མ་ཡང་བྱའོ་ཞེས་བྱ་བ་འདིས་
ཁས་བླངས་པར་རིག་པར་བྱའོ། །ཕྱི་རོལ་གྱི་ངོས་སུ་ཚགས་རྟེན་སྣོད་གཞག་པར་བྱའོ་ཞེས་བྱ་བ་ནི་བཅིང་བ་གང་དང་གང་མེད་པས་འདི་ལ་གནས་པ་མེད་ན་དེ་འདི་ལ་བྱའོ། །དེ་ཡང་སྐྱེས་པ་ལ་དགོངས་ནས་སྨོས་པ་ཡིན་ནོ། །དེ་ལྟར་དེ་ཅི་ཞིག་གིས་གདགས་ཤེ་ན། དེའི་ཕྱིར་སྔ་མ་ནི་ཐ་གུས་སོ། །ཕྱི་མ་
ནི་ལྕགས་ཐག་འཇམ་པོས་སོ་ཞེས་བྱ་བ་སྨོས་ཏེ། སྔ་མ་ས་ལས་བྱས་པ་ནི་ཐ་གུས་གདགས་སོ། །ཕྱི་མ་ཟངས་ཀྱིས་བྱས་པ་ནི་ལྕགས་ཐག་འཇམ་པོས་གདགས་སོ་ཞེས་བྱ་བའི་དོན་ཏོ། །དེ་བཅང་བར་བྱའོ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་བཅང་བར་བྱ་བའི་སྣོད་དོ། །འདིར་དེ་ཡན་ལག་ཉིད་ལྕགས་ཐག་
དང་ཐ་གུ་བསྟན་ནོ། །དེ་བས་ན་འདི་དག་ལ་ཡང་འདིར་འཆང་བ་བསྟན་པར་རིག་པར་བྱའོ། །ཆུ་མི་འཛག་ན་ཤིང་ལེབ་ཀྱིས་ཆུ་ཚགས་ལ་དལ་བུ་དལ་བུས་གདབ་པར་བྱའོ། །བུམ་ཚགས་གཅེའུ་ཅན་ནི་ཚེགས་ཆུང་ངུ་ཞེས་བྱ་བ་ནི་དཔྱང་ཚགས་ཡོད་ཀྱང་ཚེགས་ཆུང་ཞིང་སླ་བ་ཡིན་པས་དེ་ལ་འདོད་
པ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བུམ་ཚགས་གཅེའུ་ཅན་ནི་དེ་ནས་དགའ་བར་བྱ་བར་རིག་པར་ཞེས་བྱ་བས་བསྟན་ཟིན་ཏོ། །བཅང་བ་ནི་རིགས་སམ་མི་རིགས་ཞེས་བྱ་བས་མ་བསྟན་ཏོ། །དེ་བརྗོད་པར་བྱ་སྟེ། དེའི་ཕྱིར་དེ་བཅང་བར་བྱའོ་ཞེས་བྱ་བ་སྨོས་སོ། །དེ་ཅི་ལས་བྱས་པ་ཞེ་ན།
Vol. 160 · folio 229b
དེའི་ཕྱིར་ས་འམ་ཟངས་ལས་བྱས་པའོ་ཞེས་བྱ་བ་སྨོས་སོ། །དེའི་དབྱིབས་ཅི་འདྲ་ཞེ་ན། དེའི་ཕྱིར་དེ་ནི་བུམ་པའི་དབྱིབས་དང་ནང་པདྨའི་སྤུ་གུ་ལྟ་བུ་དང་ལྡན་པས་འོག་སྦུབས་ཅན་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདི་རྣམས་ཀྱི་འོག་ཏུ་རྩའི་སྦུབས་ཡོད་པས་ན་འོག་སྦུབས་ཅན་ནོ། །ནང་པདྨའི་སྦུ་གུ་
ལྟ་བུ་དང་ལྡན་པ་ཞེས་བྱ་སྟེ། པདྨའི་སྙིང་པོའི་ནང་ན་གནས་པའི་སྦུ་གུ་དག་ལྟ་བུ་ནང་གི་སྦུ་གུ་འོག་སྦུབས་ཅན་གང་ལ་ཡོད་པ་དེ་ནི་འོག་སྦུབས་ཅན་པདྨ་ལྟ་བུ་ནང་གི་བུ་ག་ལྟ་བུའོ། །པདྨའི་ལྟེ་བ་མེད་པར་པདྨ་ལྟ་བུ་ཉིད་འགྲུབ་པ་མ་ཡིན་ཏེ། དེ་བས་ན་འདི་ལ་ཚིག་འདིས་ཀུན་ནས་ཐོབ་པར་རིག་པར་བྱའོ། །
འདིར་གཞུང་ནི་བུམ་པའི་དབྱིབས་ལྟ་བུར་བྱ་ཞིང་དེའི་ནང་དུ་པདྨའི་རྣམ་པ་ལྟ་བུའི་བུ་ག་དག་གདོད་པར་བྱའོ། །དེ་དག་བསྡུ་བའི་ཕྱིར་དེ་དག་གི་སྟེང་དུ་བུ་གུ་ཆེན་པོ་གཅིག་གདོད་པར་བྱའོ། །དེ་དག་ཉིད་བསྡུ་བའི་ཕྱིར་འོག་སྦུབས་ཅན་དུ་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་བུམ་པའི་བུ་ག་ཆེན་པོ་གཅིག་
གདོད་པར་བྱའོ་ཞེས་རྣམ་པར་གནས་པ་ཡིན་ནོ། །དེ་ཡང་འདིར་དོན་གྱིས་ཐོབ་པ་སྟེ་དེ་བས་ན་འདིར་མ་བསྟན་ཏོ། །དེ་དག་ཏུ་རས་མ་དགབ་པ་ཉིད་དོ་ཞེས་བྱ་བ་ལ་དེ་དག་ཏུ་ཞེས་བྱ་བ་ནི་ནང་གི་བུ་ག་རྣམས་ལའོ། །འདིར་གཞུང་ནི་དེ་དག་གི་སྟེང་དུ་རས་གཡོགས་ཏེ་ཆུ་བཙགས་པར་བྱའོ་ཞེས་གསུངས་པ་
ཡིན་གྱི་བུམ་པའི་བུ་ག་ལ་ནི་མ་ཡིན་ནོ། །ཆུ་ཚགས་ཉེ་བར་གཞག་པར་བྱའོ་ཞེས་བྱ་བ་ནི་བདག་གི་བ་འདི་ཤིན་ཏུ་བྱས་པ་ངེས་པར་བྱ་བའི་དོན་ཏོ། །ཆུ་ཚགས་གྲུ་གསུམ་མམ་རིལ་བ་ཞབས་ཚགས་ཅན་ནམ་གསལ་ཚགས་ཀྱང་ངོ་ཞེས་བྱ་བ་ནི་བུམ་ཚགས་གཅེའུ་ཅན་ནི་ཚུ་ཚགས་ཉིད་མེད་པ་མ་ཡིན་ཏེ།
དེ་བས་ན་འདིས་འདི་ལ་མ་བཟུང་བ་ཉིད་དུ་ཤེས་པར་མི་བྱའོ། །འཆང་བ་ཉེ་བར་དགོས་པར་བྱ་བ་ལ་གསལ་ཚགས་ཀྱི་ཚིག་གིས་བཟུང་བ་ཉིད་དུ་རིག་པར་བྱའོ། །འམ་ཞེས་བྱ་བའི་སྒྲ་ནི་འདིར་གཅིག་གི་རྣམ་པ་འདི་ཉེ་བར་གཞག་པ་ལ་འདི་ཉེས་པ་ལ་འདི་ཉེས་པ་ཡིན་གྱི་དུ་མ་ལ་ནི་མ་ཡིན་ནོ་ཞེས་
བསྟན་པའི་ཕྱིར་བྱ་མ་བུམ་དང་རིལ་བ་དག་གིས་ཆུ་རུང་བར་བཅུས་པ་ཉིད་དང་ཡོད་པ་ཉིད་ཀྱང་དེ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། བྱ་མ་བུམ་ཞེས་བྱ་བ་ནི་ལམ་ཇི་སྲིད་དུ་ཆུ་རུང་བ་བཅུས་པ་ཡོད་པ་དེ་སྲིད་དུ་ཆུ་ཚགས་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ། །ཡོད་པ་ཉིད་
Vol. 160 · folio 230a
ཀྱང་ཞེས་བྱ་བ་ནི། དེ་ནས་ལམ་གྱི་ཕྱིར་དེ་བཟུང་བ་ལ་བསྒྲུབ་པར་འགྱུར་བའི་བྱ་མ་བུམ་ཉིད་ལ་ཉེ་བར་བརྩིས་པ་འདི་ཉིད་དོ། །དེ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ལ། ཉིད་དོ་ཞེས་བྱ་བ་ནི་ཆུ་ཚགས་ཉིད་དོ། །དེ་མེད་པར་ལྗོངས་རྒྱུ་ཞིང་འགྲོ་བར་མི་བྱའོ། །ནང་དང་བཅས་པ་དང་ལྷན་
ཅིག་ཏུ་མི་བྱའོ། །གལ་ཏེ་རྐྱེན་དེ་ལྟ་བུ་ཡོད་ན་བཟོད་པ་གསོལ་ཏེའོ། །བྱ་བ་བྱེད་པ་ན་ཡོད་པ་ཉིད་ནི་ཡོད་པ་ཉིད་ཡིན་ནོ། །གཞན་གྱིས་འདི་ལྟར་དེར་བྱིན་ནོ་ཞེས་ཁས་བླངས་པ་ཉིད་དེ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ་དེར་ཞེས་བྱ་བ་ནི་བྱ་བ་བྱེད་པའི་དུས་ལའོ། །ཆུ་བཙགས་པའི་དུས་དེར་གཞན་གྱིས་
ཁས་བླངས་པ་ལ་དེ་དང་ལྡན་པ་ཉིད་ནི་ཆུ་ཚགས་དང་ལྡན་པ་ཉིད་དོ། །གང་གི་ཕྱིར་བྱ་བ་བྱེད་པ་ལ་ཡོད་པ་ཉིད་གང་ཡིན་པ་དེ་ནི་འདིར་ཡོད་པ་ཉིད་ཅེས་བྱ་བའི་དོན་ཏོ། །ལྗོངས་རྒྱུ་བའི་ཚེ་འབྲལ་བ་ན་སྦྱིན་པར་ཁས་མ་བླངས་ན་དེ་ལ་བརྟེན་པར་མི་བྱའོ་ཞེས་བྱ་བ་ནི། གང་གི་ཚེ་འབྲལ་བ་ཡོད་པར་གྱུར་ན་
དེའི་ཚེ་ཆུ་ཚགས་སྦྱིན་ནོ་ཞེས་དེ་ལྟར་ཆུ་ཚགས་དང་ལྡན་པས་ཆུ་ཚགས་སྦྱིན་པར་ཁས་བླངས་ན་ལྗོངས་རྒྱུ་བའི་ཚེ་འདི་སྦྱིན་པར་ཁས་བླངས་པ་དེ་དང་ལྡན་པ་ཉིད་གང་ཡིན་པ་དེ་ནི་ཆུ་ཚགས་དང་ལྡན་པ་ཉིད་དེ། དེ་ལ་བརྟེན་པར་མི་བྱ་སྟེ་འབྲལ་པའི་ཚེ་སྦྱིན་པར་ཁས་བླངས་པ་ནི་སྔ་མའི་ཁས་བླངས་པ་ནི་ཕྱིས་
འབྲལ་པའི་ཚེ་ན་མེད་པའི་ཕྱོགས་དང་མཐུན་པ་ཉིད་ཡིན་པའི་ཕྱིར་རོ། །ཕོངས་པར་མི་འགྱུར་བའི་ཉེ་འཁོར་དུ་འགྲོ་བ་ནི་རྒྱུ་བ་མ་ཡིན་ནོ། །དེའི་ཕྱིར་རྒྱང་གྲགས་ལྔ་ཉིད་ཡིན་ནོ་ཞེས་བྱ་བ་ལ། ཕོངས་པར་མི་འགྱུར་བ་ནི་ཉེ་འཁོར་དེ་ཉིད་དོ། །འདིར་དེ་དག་གི་གཞུང་ནི་གཞུང་ཁ་ཅིག་ལས་བཙུན་པ་ཆང་
ཚགས་མ་མཆིས་པར་གྲོང་གཞན་ནས་གཙུག་ལག་ཁང་གཞན་དུ་མཆིར་རུང་ངམ། རུང་སྟེ་གལ་ཏེ་དེར་སོང་ཡང་ཕོངས་པར་མི་འགྱུར་ནའོ་ཞེས་བྱ་བ་དང་། གཞུང་ཅིག་ཤོས་ཀྱིས་ནི་ཆབ་ཚགས་མ་མཆིས་པར་ཤུལ་དུ་ཞུགས་ཏེ་མཆིར་རུང་ངམ་རུང་སྟེ་རྒྱང་གྲགས་ལྔ་ཚུན་ཆད་དོ། །དེ་དེས་དེར་
སོན་པ་ན་ཕོངས་པར་མ་གྱུར་ན་ཞེས་བྱ་བ་གསུངས་པ་ཡིན་ནོ། །མདོ་འདི་ནི་གཞུང་ཕྱི་མ་ཤོས་བསྡུས་པ་ཡིན་ནོ། །གང་ཞིག་འདིར་གལ་ཏེ་དེར་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བསྡུས་པ་ཡིན་ནོ། །གནས་སུ་བཞག་སྟེ་སོང་བ་དེ་དང་ལྡན་པ་ཉིད་མ་ཡིན་པ་དེ་ནི་རང་དགར་བྱེད་པ་མ་ཡིན་པ་མ་ཡིན་
Vol. 160 · folio 230b
ནོ་ཞེས་བྱ་བ་ནི་གལ་ཏེ་བདག་དེར་སོང་ན་དེ་དང་ལྡན་པ་ཉིད་ཅེས་བྱ་བ་དེ་ལྟར་ངེས་པ་མེད་ན་དེའི་ཚེ་ཆུ་ཚགས་མེད་པར་དེས་དེར་འགྲོ་བར་མི་བྱའོ། །དེ་བས་ན་དེ་ལ་འདི་ནི་བྱེད་པ་པོའོ། །འདོད་པས་བྱས་པ་ཉིད་དེ་ལ་ཆུ་ཚགས་ཉིད་མེད་པར་ཞེས་བྱ་བའི་དོན་ཏོ། །གཅིག་གིས་དགེ་འདུན་མན་ཆད་དུ་མ་དེ་དང་
ལྡན་པ་ཉིད་མ་ཡིན་པར་མི་འགྱུར་རོ་ཞེས་བྱ་བ་ནི་དགེ་འདུན་མན་ཆད་དུ་མ་དག་ལ་གཅིག་གིས་ཆུ་ཚགས་དང་ལྡན་པ་ཉིད་མ་ཡིན་པར་མི་འགྱུར་ཞེས་བྱ་བའི་དོན་ཏོ། །རྒྱུན་མགྱོགས་པ་ལ་ཕོངས་པར་མི་འགྱུར་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལས་གཞན་པའི་རྒྱང་གྲགས་ལྔ་ལ་དེ་དང་ལྡན་པ་ཉིད་མ་ཡིན་
ནོ་ཞེས་བྱ་བ་འདི་ཤེས་པར་བྱའོ། །འདི་ལ་ཡང་ཆོ་ག་འདི་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་བཙུན་པ་ཆུ་ཀླུང་འབབ་པ་ལ་ཆབ་ཚགས་མ་མཆིས་པར་མཆིར་རུང་ངམ། ཉེ་བ་འཁོར་རུང་སྟེ་རྒྱང་གྲགས་ལྔ་ཚུན་ཆད་དུའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་རྒྱུན་ཕྱོགས་སུ་རྗེས་སུ་འབྲལ་བར་འགྲོ་
བ་ནི་རྒྱང་གྲགས་ཀྱི་བར་དུ་འཇུག་ཏུ་རུང་ངོ་ཞེས་པ་ལ། ཆུ་རྟོག་པ་ལས་བརྩམས་ཏེ་རྗེས་སུ་འགྲོ་བར་བྱེད་པ་ན། རྒྱང་གྲགས་འདི་ལ་རྒྱུན་ཕྱོགས་སུ་ཆུ་བོ་ལ་ཆུ་རྟོག་པ་དེ་ཉིད་ཀྱིས་འཇུག་པའོ། །དེའི་འོག་ཏུ་སླར་ཆུ་རྟོག་པས་ཞེས་བྱ་བའི་དོན་ཏོ། །ཆོ་ག་དེའི་དམིགས་ཀྱིས་བསལ་བ་བྱས་པ་
ཡིན་ཏེ། གལ་ཏེ་ཆུ་གཞན་དང་འདྲེས་པར་གྱུར་ན་དེ་མན་ཆད་དུའོ་ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་ནི་ཆུའི་རྒྱུན་མགྱོགས་པ་དེ་རྒྱང་གྲགས་གཅིག་གི་མཐར་ཡང་ངོ་། །གལ་ཏེ་ཆུ་གཞན་དང་འདྲེས་པ་དེ་ལས་སྔ་རོལ་དུ་ཆུ་རྟོག་པ་དེ་ཉིད་ཀྱི་འཇུག་པའོ། །ཆུ་འདྲེས་པ་མན་ཆད་ལ་ནི་དེས་ཡང་
བརྟག་ཅིང་འཇུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བརྟགས་པ་ནས་འདོམ་གང་འཁོར་ཡུག་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཆུ་བརྟག་པའི་གནས་ནས་འདོམ་གང་འཁོར་ཡུག་ཚུན་ཆད་ནི་བརྟགས་པ་ཉིད་ཡིན་ནོ། འདིར་གཞུང་ནི་བཙུན་པ་ཆབ་ཀའི་ཉེ་འཁོར་གང་ལགས། ཉེ་བ་འཁོར་འདོམ་གང་ངོ་ཞེས་
གསུངས་པ་ཡིན་ནོ། །ཉེ་འཁོར་ཞེས་བྱ་བ་ནི་ཆབ་ཀའི་དཔེ་ཙམ་ཉིད་ཡིན་ནོ་ཞེས་བྱེ་བྲག་མེད་པར་གསུངས་སོ། །མིག་གིས་དག་པ་ཉིད་ཀྱིས་ཆུ་ནི་དག་པ་ཡིན་ནོ་ཞེས་བྱ་བ་སྟེ། མིག་གང་གིས་ཤེ་ན། དེའི་ཕྱིར་ཐ་མལ་པས་སོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་ཚེ་དང་ལྡན་པ་མ་འགགས་
Vol. 160 · folio 231a
པས་ལྷའི་མིག་གིས་ཆུ་བརྟགས་པ་ན་དེའི་ཚེ་སྲིད་པ་བར་མ་པའི་སྲོག་ཆགས་དག་གིས་ཐམས་ཅད་ཁྱབ་པར་མཐོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་མིག་ནི་ཐ་སྙད་དུ་གདགས་སུ་མི་རུང་སྟེ། དེ་བས་ན་ལྷའི་མིག་གིས་ཆུ་བརྟག་པར་མི་བྱ་བར་འདི་ལྟར་ཆུ་རུང་
བ་ལྔ་བཤད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མི་གཡོ་བ་ཉིད་དང་རྙོག་པ་མེད་པ་ཉིད་ལ་བརྟག་པར་བྱའོ་ཞེས་བྱ་བ་ནི་བརྟག་པར་བྱ་བའི་ཆུ་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ། །བུམ་པ་གང་བ་ཉིད་ལའོ་ཞེས་བྱ་བ་ནི་བརྟག་པར་བྱ་ཞེས་བྱ་བ་འཇུག་པ་ཡིན་ནོ། །དེ་ལ་བྱ་བ་ལས་འདས་པར་
བགྲང་བའི་ཡུན་རིང་པོ་ཉིད་དུ་མི་བྱའོ་ཞེས་བྱ་བ་ནི་དེ་བྱ་བ་ལས་འདས་པ་ཡིན་ནོ་ཞེས་བྱ་བ་ཡུན་རིང་བ་ཉིད་ཀྱིས་གྲངས་སུ་གྲགས་པ་འདིར་ནི་ཡུན་རིང་པོ་ཉིད་དུ་བརྟག་པར་མི་བྱའོ། །གང་གི་ཕྱིར་ཇི་ཙམ་གྱིས་སེམས་དག་པར་གྱུར་པ་དེ་ཙམ་དུ་བརྟག་པར་བྱའོ། །འོག་ཏུ་མ་གྲུབ་པ་ལ་སེམས་དག་པར་
འགྱུར་བས་གདོན་མི་ཟ་བར་ཤིན་ཏུ་རིང་པོར་བྱས་པ་ཉིད་ཀྱི་ཕྱིར་ཤིན་ཏུ་རིང་པོར་བརྟག་པར་བྱ་བ་མ་ཡིན་ནོ། །འོན་ཀྱང་ཇི་ཙམ་གྱིས་བ་ལང་དྲུག་དང་ལྡན་པའི་ཤིང་རྟ་རྨིག་པའི་ཤར་བས་བཀང་བ་གཡངས་ཀྱིས་འཁོར་བར་གྱུར་པ་དེ་སྲིད་དུ་བརྟག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཡང་དེ་སྲིད་དུ་
སེམས་དག་པར་གྱུར་པ་ཞེས་གསུངས་པ་ཡིན་ནོ། །དེ་ལ་སེམས་དག་པར་གྱུར་པ་ཞེས་བྱ་བ་དེ་ལ་སེམས་དག་པར་གྱུར་ཅེས་བྱ་བ་ནི་མིག་གིས་དག་པ་ཉིད་ཅེས་བྱ་བ་དེ་ཡིན་པས། དེའི་ཕྱིར་ཞེས་བྱ་བ་འདི་ལས་ལྷག་པར་གྱུར་པ་མ་ཡིན་ནོ། །བ་ལང་དྲུག་གིས་ཞེས་བྱ་བ་ནི་དེ་ཉིད་འདིར་
ཚད་མ་ཡིན་ཏེ། དུས་འདི་ཙམ་གྱིས་དེ་ལ་ཕལ་ཆེར་བསྒྲུབ་པར་འགྱུར་ཞེས་བྱ་བའོ། །ཧ་ཅང་ཡུན་རིང་དུ་བརྟག་པར་མི་བྱ་བར་ཞེས་བྱ་བ་འདིས་འདི་བསྡུས་པ་ཡིན་ནོ། །འདིར་རྩེ་གཅིག་པ་ནི་རྣམ་པར་གནས་པ་ཡིན་ནོ། །རྩེ་མོ་འཇམ་པོས་སྲོག་ཆགས་དག་བསྟན་ལའོ། །དེ་དག་འཆི་བར་
འགྱུར་བའི་ལམ་དུ་མི་འདོར་རོ་ཞེས་བྱ་བ་ནི་ཆུའི་སྲོག་ཆགས་དེ་དག་དོར་བའི་ལམ་གྱི་ཐག་ཇི་སྲིད་ཀྱིས་འཆི་བར་འགྱུར་བའི་ལམ་གྱི་ཐག་དེ་སྲིད་དུ་དོར་བར་མི་བྱའོ། །གཞན་ཡང་མི་དོར་རོ་ཞེས་བྱ་བ་ནི་ཆུའི་སྲོག་ཆགས་དག་ལས་གཞན་ལ་ཤིག་དང་རྩྭ་ཤིག་ལ་སོགས་པ་དག་ཀྱང་འཆི་བར་འགྱུར་
Vol. 160 · folio 231b
བའི་ལམ་གྱི་ཐག་དེ་སྲིད་དུ་མི་དོར་རོ། །གལ་ཏེ་མར་མེའི་ནང་དུ་སྲོག་ཆགས་ལྟུང་ན་དེ་བྱེད་པས་དེ་གཡོགས་པར་བྱའོ་ཞེས་བྱ་བ་ནི་མར་མེད་དེ་བྱེད་པས་ཞེས་བྱ་བའི་དོན་ཏོ། །དེའི་ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་སྨྱིག་ཚལ་གྱི་གཟེབ་དར་དཀར་རམ་ལྷང་ཚེར་སྲབ་མོས་གཡོགས་པ་སྟེ་དེ་ཞེས་བྱ་བ་ནི་འོད་
ཁང་ཞེས་བྱའོ། །མིག་བརྒྱ་པ་ཡང་རུང་ངོ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི་འོད་ཁང་གི་གཟེབ་དར་དཀར་གྱིས་གཡོགས་པར་བྱའོ། །དེ་མི་རྙེད་ན་ལྷང་ཚེར་སྲབ་མོས་གཡོགས་པར་བྱའོ། །དེ་ཡང་མ་རྙེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་བརྒྱ་པ་བྱའོ་ཞེས་གསུངས་པ་ཡིན་ནོ། །
མིག་བརྒྱ་པ་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར་དང་པོ་ནས་བྱས་པའམ་བུམ་པ་ལ་སོགས་པའི་སྣོད་བུ་ག་ཅན་ནོ་ཞེས་བྱ་བ་སྨོས་ཏེ། དང་པོ་ཉིད་དུ་སྐྱེད་པར་བྱེད་པའི་བྱས་པ་འདི་ལ་ཡོད་པས་ན་དང་པོ་ཉིད་དུ་བྱས་པའོ། །ས་ལས་བྱས་པའི་སྣོད་བུམ་པའི་དབྱིབས་འདྲ་བ་གྱོ་མོག་གི་རྣམ་པ་ལྟ་བུའི་སྣོད་ཀྱི་
ཚོགས་བྱ་སྟེ་སོ་བཏང་ཞེས་བྱ་བའི་དོན་ཏོ། །འདིར་བརྒྱའི་ཚིག་ནི་མང་པོ་ཉིད་དུ་བསྟན་པ་ཙམ་དུ་རྣམ་པར་གནས་པ་ཞེས་བྱ་བར་རིག་པར་བྱའོ། །སྐྲའི་རྙིས་སྦྲུལ་གཟུང་བར་མི་བྱ་བ་ནི་འོ་ན་འདི་ཇི་ལྟར་བསལ་བར་བྱ་ཞེ་ན། དེའི་ཕྱིར་སེ་གོལ་གྱི་སྒྲ་ཕྱུང་སྟེ། བཞིན་བཟངས་མིག་ལམ་ན་མ་འདུག་
ཤིག་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་སྨོས་སོ། །དེ་སྐད་བརྗོད་ཀྱང་མིག་ལམ་ན་འདུག་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་མི་འདུག་ན་དབྱུག་གུ་སྐམ་ཁས་དལ་བུ་དལ་བུས་རྫ་མའམ་བུམ་པར་བཅུག་སྟེ་ཁ་བཅད་ནས་བུ་ག་བཏོད་དེ་བསལ་བར་བྱའོ་ཞེས་བྱ་བ་སྨོས་ཏེ། ཁ་ཞེས་བྱ་བ་ནི་བུམ་པའམ་རྫ་མ་
དེའོ། །མ་གྲུབ་ན་ལྕག་པོད་དམ་ཤུར་བུ་ཕྲེའུ་འམ་ཐེ་གུ་རས་མས་དཀྲིས་པས་ཞགས་མིག་གིས་མགུལ་པར་བཅིངས་ཏེ་དོར་བར་བྱའོ། །དེ་དག་ནི་གཞུག་པ་ཡང་ངོ་ཞེས་བྱ་བ་ནི། ལྕག་པོད་ལ་སོགས་པ་འདི་རྣམས་དོར་བ་འབའ་ཞིག་ལ་བྱ་བར་མ་ཟད་ཀྱི་བུམ་པ་ལ་སོགས་པ་ལ་གཞུག་པ་ལ་ཡང་
བྱའོ། །ཚང་ཚིང་གི་ནང་དུ་དོར་བར་མི་བྱའོ་ཞེས་བྱ་བ་འདི་ནི་སྐྱེ་བ་བསལ་བའི་དོན་དུའོ། །ཁུང་དུ་ཞུགས་ཀྱི་བར་དུ་བསྡད་པར་བྱའོ་ཞེས་བྱ་བ་ནི། འདིར་བར་དུ་ཞེས་བྱ་བའི་སྒྲ་ནི་བཞག་པ་སྟེ། ཇི་སྲིད་ཁུང་དུ་ཞུགས་ཀྱི་བར་དུ་ཞེས་བྱ་བའི་དོན་ཏོ། །འོལ་བ་ལ་སོགས་པ་རྣམས་ཀྱིས་འདི་ལ་སྲོག་གཅོད་
Vol. 160 · folio 232a
པར་མ་གྱུར་ཅིག་ཅེས་བྱ་བ་ནི་འདིར་དོན་ཏོ། །དེ་བས་ན་བླ་གབ་མེད་པར་ནི་འདི་རྣམས་ལ་ནི་བྱེད་པ་པོ་སྟེ། ནགས་ལ་ནི་མ་ཡིན་ཞེས་བྱ་བ་དོན་གྱིས་རྟོགས་པར་བྱའོ། །ཤིག་རྣམས་ནི་རས་མར་གཞུག་པར་བྱའོ། །དེ་ནི་གསེབ་དག་ཏུའོ་ཞེས་བྱ་བ་ནི་རས་མ་དེ་ནི་ཀ་བ་ལ་སོགས་
པའི་གསེབ་དག་ཏུ་གཞུག་པར་བྱའོ། །འདིར་གཞུང་ནི་རས་མའི་ནང་དུ་དཀྲིས་ཏེ་ཀ་བའི་གསེབ་བམ་རྩིག་པའི་གསེབ་དག་ཏུ་གཞུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྩ་ཤིག་རྣམས་ནི་བསིང་མར་རོ། །ཡང་ན་ཕྱོགས་བསིལ་བར་རོ་ཞེས་བྱ་བ་ནི་གང་དུ་གནས་པ་བསྒྲུབ་པ་དེ་ཞེས་བྱ་བ་དོན་གྱིས་ཤེས་
པའོ། །སྔ་མ་གཞུག་པར་བྱ་བའི་ཕྱིར་བསལ་སྣོད་བཅང་བར་བྱའོ་ཞེས་བྱ་བ་ནི་གང་ཞིག་འདི་ལ་ཆུའི་སྲོག་ཆགས་རྣམས་ཀྱི་སྐབས་སྔར་མཛད་པ་དེ་རྣམས་གཞུག་པའི་དོན་དུ་དེ་ལྟ་བུ་བཅང་བར་བྱའོ། །བུམ་པ་གང་བཞིན་དུ་གཞུག་ཅིང་ཤིན་ཏུ་སྟོང་པར་དབྱུང་དུ་རུང་བ་ཞེས་བྱ་བ་ནི་བསལ་བའི་སྣོད་བརྗོད་པ་
ཉིད་ཀྱིས་གྲུབ་པའི་ཕྱིར་བརྗོད་པར་བྱ་བ་མ་ཡིན་ཏེ། གང་གི་ཕྱིར་གང་ཞིག་གང་བར་འཇུག་པ་དེ་ནི་གང་བ་ཁོ་ན་ལྡང་བ་མ་ཡིན་གྱི་དེ་བས་བསལ་སྣོད་དུ་འགྱུར་རོ། །ཡང་ན་ཆུ་ཚགས་དེ་ཉིད་ཀྱིས་གཞུག་པར་བྱའོ་ཞེས་བྱ་བ་ནི་གང་གིས་སྲོག་ཆགས་དེ་དག་བཙགས་པར་གྱུར་པའི་ཆུ་ཚགས་དེ་ཉིད་ཀྱིས་འདི་
རྣམས་ལ་བུ་ག་རྣམས་ཀྱི་ལྟུང་བ་མ་གྲུབ་པའོ། །འདིར་དོན་ནི་འདི་ཡིན་ཏེ། དེ་བས་ན་གཞན་བསགས་པར་བྱེད་པས་འདི་མི་བྱ་ཞིང་ཤེས་པར་བྱ་བ་མ་ཡིན་ནོ། །ཆུ་ཚགས་ལ་སྲོག་ཆགས་ཆགས་པ་བསལ་བའི་ཐབས་ནི་བཤལ་བ་ཡིན་ནོ། །དྲི་མ་ནི་བཀྲུ་བ་ཡིན་ནོ་ཞེས་བྱ་བ་ནི་དྲི་མ་ཆགས་པ་
བསལ་བའི་ཐབས་སོ། །རུལ་པ་ཉིད་དུ་མི་འགྱུར་བ་ནི་སྐམ་པའོ་ཞེས་བྱ་བ་ཡང་། ཐབས་ཤེས་རབ་རྣམ་པར་སྦྱར་རོ། །རུལ་པའི་དངོས་པོ་ནི་རུལ་པ་ཉིད་དོ། །དེ་གཉི་ག་ལ་ཡང་དམ་དུ་བཙིར་ན་ཕན་པ་ཉིད་དོ་ཞེས་བྱ་བ་ནི་དྲི་མ་བསལ་བ་དང་རུལ་པ་ཉིད་དུ་མི་འགྱུར་བར་བྱ་བ་ལའོ། །དགེ་འདུན་
དང་གང་ཟག་དང་ཆུ་ཚགས་དང་ཆུ་ཚད་མ་རྙེད་པའི་ཤེས་པས་འཇུག་པ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་བྱ་བ་ནི་འདིར་ཚད་མ་རྙེད་པའི་སྒྲ་ལ་སོ་སོར་ཤེས་པས་ཞེས་བྱ་བ་ནི་འདི་དང་སྦྱར་བར་བྱའོ། །དེ་ལྟར་ན་དགེ་འདུན་ཚད་མ་རྙེད་པའི་ཤེས་པས་འཇུག་པ་དང་། གང་ཟག་ཆུ་ཚད་མ་རྙེད་པའི་ཤེས་པས་
Vol. 160 · folio 232b
འཇུག་པ་དང་ཆུ་ཚགས་ཚད་མ་རྙེད་པའི་ཤེས་པས་འཇུག་པ་དང་ཆུ་ཚད་མ་རྙེད་པའི་ཤེས་པས་འཇུག་པ་ཞེས་བྱ་བར་སྦྱར་རོ། །དེ་ལ་དགེ་འདུན་ཚད་མ་རྙེད་པའི་ཞེས་བྱ་བ་ནི་དགེ་འདུན་འདི་ལ་མ་དག་པ་ཉིད་མེད་པ་དང་ཆུ་ཐ་སྙད་བྱེད་པ་མེད་དོ་ཞེས་བྱ་བ་མ་ལུས་པར་ཤེས་པའོ། །གང་ཟག་འདི་ནི་དག་པ་མ་
ཡིན་པ་དང་། ཆུ་དེས་ཐ་སྙད་དུ་བྱེད་པ་ཞེས་བྱ་བ་གང་ཟག་ཆུ་ཚགས་འདི་དང་བུམ་ཚགས་གཅེའུ་ཅན་ནམ་དེ་དག་ཐམས་ཅད་ཀྱིས་ཆུ་དག་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཆུ་ཚགས་ཀྱིའོ། །ཆུ་འདི་ལ་ཕྱོགས་འདི་འམ་ཐམས་ཅད་དུ་ནམ་ཡང་སྲོག་ཆགས་དང་བཅས་པ་ཉིད་ཡོད་པ་མ་ཡིན་ནོ། །དེ་བས་ན་ཆུ་
ཚགས་ལ་ཚད་མ་རྙེད་པ་ཉིད་དོ། །ཐ་སྙད་ཀྱི་དུས་སུ་ཆེགས་པ་ཉིད་གང་ཡིན་པ་དེ་ལ་འདིར་ཡན་ལག་ཉིད་དུ་རིག་པར་བྱའོ། །ཁྱིམ་པ་ལ་ཡང་གང་ཟག་གི་ཚིག་གིས་བཟུང་བ་ཉིད་ལ་སྦྱར་བར་གྱུར་པ་ཉིད་དོ། །འདིར་གཞུང་ནི་ཆུ་རུང་བ་ཉིད་དུ་རྣམ་པ་ལྔ་སྟེ། དགེ་འདུན་གྱིས་རུང་བ་དང་གང་ཟག་
གིས་རུང་བ་དང་ཆུ་ཚགས་ཀྱིས་རུང་བ་དང་། ཁྲོན་པས་རུང་བ་དང་། ཉིན་ཞག་གཅིག་ཏུ་རུང་བའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་རུང་བ་དང་པོ་བཞི་ནི་མདོ་འདིས་བསྡུས་པ་ཡིན་ཏེ་གོ་རིམས་བཞིན་ནོ། །ལྔ་པ་ཉིན་ཞག་གཅིག་ཏུ་རུང་བའི་བཏུང་བ་བསྟན་པའི་ཕྱིར། བཅུས་པ་དང་ཁྲོན་པ་དག་ནི་ཉི་མ་འཆར་
ཀ་ཚུན་ཆད་བརྟགས་པ་དེ་ཉིད་རྗེས་སུ་འཇུག་གོ་ཞེས་བྱ་བ་ལ། འདིར་ཁྲོན་པ་ཞེས་བྱ་བ་ནི་ཆུ་དོང་ཡིན་པར་རིག་པར་བྱའོ། །རྐང་ཁྲུས་སྣོད་སྟོང་པར་མཐོང་ན་དགང་བར་བྱའོ། །ཆུ་དང་གཞན་གྱི་སྣོད་ཀྱང་ཉེ་བར་གཞག་པར་བྱའོ་ཞེས་བྱ་བ་ནི་རྫ་མ་དང་བུམ་པ་དང་། ཆུའི་སྣོད་ལ་སོགས་པ་རྣམས་སོ། །
དགེ་འདུན་གྱིས་དེར་གཏོགས་པ་ནི་སྣོད་སྤྱད་འབྲུབ་པའི་ལས་ཡིན་ནོ་ཞེས་བྱ་བ་ལ། དེར་རྟོགས་པ་ཞེས་བྱ་བ་ནི་ཆུའི་སྣོད་ལ་སོགས་པ་དང་འབྲེལ་པའོ། །འདིར་གཞུང་ནི་གནས་མལ་གྱི་གཞི་ལས་ཡོན་བདག་དག་གཙུག་ལག་ཁང་དུ་ལྷགས་ཏེ། དེ་དག་རྫ་མཁན་གྱིས་བྱས་པའི་སྣོད་དག་རེད་པ་དང་།
བཅོམ་ལྡན་འདས་ཀྱིས་བསྐུར་ཅིག་ཅེས་བཀའ་སྩལ་ཏོ། །དེ་དག་སུས་ཀྱང་མ་བསྡུས་པས་དེ་དག་ཆུད་ཟོས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་སྣོད་སྤྱད་འབྲུབ་པ་བསྐོ་བར་བྱ་ཞིང་དེས་ཀྱང་འོང་བ་དག་ལ་སྦྱིན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་སྦྱིན་པ་དང་བླང་
Vol. 160 · folio 233a
བ་དག་ཀྱང་མ་འདུས་པ་མ་ཡིན་ནོ་ཞེས་བྱ་བ་ལ་འདིར་ཞེས་བྱ་བ་བཟུང་བ་ལའོ། །སྦྱིན་པ་དང་བླང་བ་ཞེས་བྱ་བ་ནི་འདི་ཡང་སྣོད་སྤྱད་འབྲུབ་པས་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གནས་མལ་གྱི་གཞི་ལས་གང་ཞིག་འདི་དེ་རྣམས་མ་བསྡུས་པ་ཞེས་བྱ་བ་ལ་སོགས་པའི་སྦྱིན་པ་དང་
བླང་བ་དག་ཀྱང་སྣོད་སྤྱད་འབྲུབ་པས་བྱ་བ་བསྟན་པ་འདི་ལ་ནི་འདི་བསྡུས་པ་ཉིད་བསྟན་པའོ། །ཁྱིམ་པ་རྙིང་པ་བརྙན་པ་ཉིད་ལ་དེ་ཡོད་པ་ཉིད་ལ་ནི་སྦྱིན་པར་བྱའོ་ཞེས་བྱ་བ་ནི་རྙིང་པ་དེ་ཡོད་པ་ཉིད་ཡིན་ན་གཡར་པོར་སྦྱིན་པར་བྱའོ། །དེས་གཙུག་ལག་ཁང་དུ་ཡོན་བདག་རྣམས་ལ་སྦྱིན་པར་བྱ་བ་ཉིད་
ཀྱང་མ་བསྟན་པ་མ་ཡིན་ནོ་ཞེས་བྱ་བ་ནི་དེས་ཡོན་བདག་ལ་སྦྱིན་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་ཚིག་དེས་གཙུག་ལག་ཁང་དུ་ཡོན་བདག་རྣམས་འོངས་ཏེ་བརྙན་པ་དག་ལ་གཡར་བ་སྦྱིན་པར་བྱ་བ་ཉིད་ཀྱང་མ་བསྟན་པ་མ་ཡིན་པ་དེ་ནི་སྔར་གཞུང་ལས། ཡོན་བདག་གཙུག་ལག་ཁང་དུ་ལྷགས་ཏེ་
ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ཉིད་འདིས་བསྡུས་པ་བསྟན་པ་ཡིན་ནོ། །དགེ་སློང་ལ་ནི་སར་པ་ཕྱིས་བླང་བ་མེད་པ་ཉིད་དུའོ་ཞེས་བྱ་བ་ནི་སྣོད་སྤྱད་སར་པ་དགེ་སློང་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པའོ། །དེ་ཡང་དེ་ཡོད་པ་གཉིས་ལ་སྦྱིན་པ་འདི་ཆ་གཅིག་གིས་བརྟགས་པའོ། །འདིར་
གཞུང་ནི་དགེ་སློང་རྣམས་ལ་ནི་སར་པ་དག་སྦྱིན་པར་བྱའོ། །ཁྱིམ་པ་རྣམས་ལ་ནི་རྙིང་པ་དག་བརྙན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྣོད་སྤྱད་ཀྱི་ཆེད་དུ་མཛོད་ཁང་བསྐོ་བར་བྱའོ། །ས་དང་ཟངས་མའི་སྣོད་སྤྱད་དག་སོ་སོར་གཞག་པར་བྱའོ་ཞེས་བྱ་བ་ནི་འདིར་ཐ་དད་པ་ཉིད་དུ་གདོན་མི་ཟ་བར་བསྒྲུབ་
པར་བྱའི་གནས་ཐ་དད་པར་ནི་མ་ཡིན་ཞེས་བྱ་བའི་དགོངས་པའོ། །འདིར་གཞུང་ནི་གནས་བརྟན་གཉིས་པ་སྦྱིན་པར་བྱ་སྟེ། གང་དུ་ཟངས་ལས་བྱས་པའི་སྣོད་སྤྱད་དག་གཞག་པ་ཞེས་བྱ་བ་འདི་གསུངས་སོ། །དེ་ནི་འདིར་དེ་དང་རྩེ་གཅིག་པ་ཉིད་དུ་རྣམ་པར་གནས་པ་ཡིན་ནོ། །ཆུ་ཉེ་བར་གཞག་
པར་བྱའོ། །གར་བབ་བབ་ཏུ་མི་གཞག་གོ། །དེའི་ཆེད་དུ་ཆུ་ཁང་བྱའོ། །གཙུག་ལག་ཁང་གི་ལྷོ་ནུབ་ཀྱི་མཚམས་སུའོ་ཞེས་བྱ་བ་ལ་ལྷོ་ནུབ་ཀྱི་མཚམས་སུ་ཞེས་བྱ་བ་ནི་སྒོ་ནི་ཤར་ཕྱོགས་སུ་ངེས་པར་བྱ་སྟེ་ཞེས་གསུངས་པ་ཡིན་ནོ། །སྒོ་ཕྱོགས་གཞན་དུ་ལྟ་བ་ལ་ནི། ལྷོ་དང་ནུབ་ཀྱི་ཕྱོགས་
Vol. 160 · folio 233b
མཚམས་ཁོ་ནར་ཆ་དང་འབྲེལ་པའི་མཚམས་ཀྱི་རྩ་བ་ལ་བྱེད་པ་ཁང་པའི་མཚམས་སྤང་ནང་དུ་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་ཕྱོགས་འདིའི་ནང་དུ་ཡིན་གྱི་གར་བབ་བབ་ཏུ་མ་ཡིན་ཞེས་བྱ་བའི་དོན་ཏོ། །སྐར་ཁུང་གདོད་པ་དང་སོ་ཕག་གི་གཅལ་དགྲམ་པ་དང་། ཆུ་ཁུང་གདོད་པ་དང་སྒོ་གདོད་
པ་དང་སྒོ་གླེགས་དང་ཡང་མིག་གཞུག་པར་བྱའོ། །ཆུ་ཚགས་གཞག་པའི་ཕྱིར་གདང་བུ་བྱའོ་ཞེས་བྱ་བ་ལ། འདིར་གཞུང་ནི་སྦྱིན་པ་སྟེ་དེར་གདང་བུ་བཅིང་བར་བྱའོ། །གང་དུ་ཆུ་ཚགས་རུང་བ་དག་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཤིང་གི་ཁྲིའུ་དག་ལ་གཞག་གོ་ཞེས་བྱ་བ་ནི་ཆུ་སྣོད་ལ་
ཞེས་བྱ་བ་ལ་སྐབས་ཀྱིས་རྟོགས་པའོ། །ཡང་ན་སོ་ཕག་གི་སྟེགས་བུའི་སྟེང་དུ་བྱའོ་ཞེས་བྱ་བ་ནི་དེ་ཙམ་ཉིད་ཀྱིས་མ་ཡིན་ཏེ་འོན་ཀྱང་གཞི་དག་ལའོ་ཞེས་བྱ་བས་ཏེ། མ་མོ་ལས་རྒྱུ་བར་བྱ་ཞེས་བྱ་བའི་མཐར་ཐུག་པའོ། །ཆུ་སྣོད་ནི་ཁྲུས་ཆུའི་ཆེད་ཀྱི་བར་ཡན་ཆད་གཙང་སྦྲ་བྱ་བ་ནི་གཞན་གྱིས་སློབ་དཔོན་
ལ་སོགས་པ་དང་འབྲེལ་པའི་ཡོངས་སུ་འཛིན་པའི་ཆོ་ག་འདི་རྟོགས་པའི་དོན་དུ་གཞན་གྱི་དོན་གྱི་ཚིག་ཉེ་བར་བླང་བའོ། །དེ་ནི་འདིར་དྲི་མ་མེད་པར་བྱ་བ་བསྒྲུབ་པ་བསྟན་པ་དེ་ནི་གཙང་བར་བྱ་བ་ཉིད་བསྟན་པའི་ཕྱིར་གཙང་བར་རོ་ཞེས་བྱ་བ་སྨོས་ཏེ། ཡོངས་སུ་ལོངས་སྤྱོད་པར་བྱེད་པ་ལ་གཙང་བ་ཉིད་དུ་བྱེད་
པ་དང་། སྦྱོར་ཤེས་པར་བྱ་བ་མ་ཡིན་ཏེ་ཤིན་ཏུ་ཡོད་པ་ཉིད་ཀྱི་ཕྱིར་རོ། །དེའི་གནས་འཇོག་པ་ཡོངས་སུ་དག་པས་གཙང་བར་བྱེད་པས་གཙང་བ་ཉིད་ལའོ། །བཏུང་བར་བྱ་བའི་ཆུ་ཡང་ངོ་ཞེས་བྱ་བ་ནི་བཏུང་བར་བྱ་བའི་ཆུ་ཡང་གཙང་སྦྲ་དང་གཙང་བར་བྱའོ། །ཡོངས་སུ་ལོངས་སྤྱོད་པར་བྱ་བའི་ཆུ་ལ་དེ་
དང་རྗེས་སུ་མཐུན་པའི་གཙང་སྦྲ་བསྒྲུབ་པ་འདི་ནི་རྗེས་སུ་འབྲངས་པས་ཤེས་པར་བྱའོ། །དེ་ལག་པ་དང་གོས་རུང་བ་མ་ཡིན་པ་དག་གིས་བྲིམ་པར་མི་བྱའོ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་བཏུང་བར་བྱ་བའི་ཆུའོ། །ལག་པ་དང་གོས་རུང་བ་མ་ཡིན་པ་ཞེས་བྱ་བ་ནས་ཀུན་ནས་རེག་པས་ཉེ་བར་འབགས་པར་གྱུར་
པ་དག་གིས་སོ། །ཆུ་སྣོད་རྣམས་ཀྱི་ནང་དུས་དུས་སུ་སྦྱང་བར་བྱའོ་ཞེས་བྱ་བ་ལ། ནང་ཞེས་བྱ་བ་ནི་ཁྱད་པར་ཡང་དག་པར་བསྟན་པའོ། །ཕྱི་རོལ་དུ་ནི་གཙང་སྦྲ་ཞེས་བྱ་བ་འདི་ཉིད་ཀྱིས་བྱས་པའོ། །ཟབ་མོ་རྣམས་ཀྱི་ནི་པུ་ཤེལ་ཙིའི་ཁྲུ་ད་ཤིང་ངམ་འདབ་མའི་ཆང་བུའམ་རས་མ་ཤིང་བུའི་རྩེ་མོ་ལ་བཏགས་
Vol. 160 · folio 234a
པས་སོ་ཞེས་བྱ་བ་ལ་པུ་ཤེལ་ཙི་ཞེས་བྱ་བ་འདི་ལ་གང་དུ་རྣམ་པར་འབྱེད་པ་རྣམས་ཀྱི་ཁྲུ་ད་ཤིང་ཞེས་བྱ་བར་སྨོས་པ་དེ་བས་ན་འདིར་ཡོངས་སུ་གྱུར་པ་འདི་ལ་འབྲེལ་པ་ཤེས་པར་བྱ་བ་མ་ཡིན་ནོ། །དེ་ལ་ཟས་ཀྱི་འབྲེལ་ཟེར་མི་བསྲུང་བ་ཉིད་དུ་མི་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་
ནི་པུ་ཤེལ་ཙིའི་ཤིང་ལ་སོགས་པའོ། །གང་ཞིག་ཟང་ཟིང་ཅན་དུ་འགྱུར་བ་ནི་ཟང་ཟིང་དང་བཅས་པ་ཉིད་དུ་འགྱུར་བ་དེ་ལ་ནི་མི་བསྲུང་བ་ཉིད་དུ་མི་བྱའོ། །མི་རུང་བ་ཉིད་ཡོད་པ་ལ་འདི་ནི་རུང་བར་བྱེད་པ་ཡིན་ཏེ། འདི་ནི་གཙང་བར་བྱའོ་ཞེས་བྱ་བ་དེ་ལ་འདི་བསྟན་པའོ། །བསྐམ་པར་ཡང་
ངོ་ཞེས་བྱ་བ་ནི་ཆུ་སྣོད་བཀྲུ་བཤལ་བྱས་པ་རྣམས་ལའོ། །དེའི་ཚེ་འབྲེལ་པར་མི་འགྱུར་བར་བྱ་བའི་ཕྱིར་ཅིག་ཅར་ཉིད་དུ་མི་བྱའོ་ཞེས་བྱ་བ་ནི་བཀྲུ་བཤལ་བྱ་བ་དང་བསྐམ་པའི་དུས་དེ་ལ་བྲེལ་པར་མ་གྱུར་ཅིག་ཅེས་བྱ་བ་འདིའི་དོན་ཅིག་ཅར་ཉིད་དུ་འདི་བཀྲུ་བ་དང་བསྐམ་པར་མི་བྱའོ། །སྣོད་རྣམས་ཀུན་ལ་དུས་
གཅིག་ཏུ་མ་ཡིན་ནོ། །ཆུ་དང་འབྲེལ་པའི་ལས་ནི་གནས་པས་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་འདི་རྣམས་ལ་བརྩམ་པ་དང་གཞན་ལ་བརྗོད་པའོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་ཆུ་བླང་བར་བྱའོ་ཞེས་གསུངས་པ་དང་། དགེ་སློང་གིས་སུས་བླང་བར་བྱ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། གནས་པ་དག་གིས་བྱའོ་ཞེས་གསུངས་པ་ཡིན་ནོ། །ཆུ་ཁང་གི་འཁོར་དུ་གཏོགས་པ་དང་ཆུ་ཚགས་ཀྱི་བྱ་བ་ཡང་འདི་རྣམས་ཉིད་ལ་རིགས་པ་ཡིན་གྱི་གཞན་དུ་ན་ཡང་ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །སྲོག་ཆགས་དང་བཅས་པའི་ཆུ་དང་འབྲེལ་པ་ཕྲན་ཚེགས་ལ་སོགས་པའི་
སྐབས་སོ།། །།ཤེས་གཙོ་བོ་ཞེས་བྱ་བ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་ཞེ་ན། དེའི་ཕྱིར་ཞུགས་པ་འམ་ཕྱོགས་པ་ལའོ་ཞེས་བྱ་བ་སྨོས་སོ། །ཅི་ཞིག་ལ་ཞུགས་པའམ་ཕྱོགས་པ་ལ་ཞེ་ན་དེའི་སྤྱོད་པ་ལའོ་ཞེས་བྱ་བ་སྨོས་ཏེ། གཉིས་
ཀྱིས་གཉིས་སྤྱོད་པ་ལ་ཞེས་བྱ་བའི་དོན་ཏོ། །གང་གི་སྤྱོད་པ་ལ་ཞེ་ན་དེའི་ཕྱིར་སྐྱེས་པ་དང་བུད་མེད་ཀྱིའོ་ཞེས་བྱ་བ་སྨོས་སོ། །ཅི་གནས་སྐབས་འདི་ཐམས་ཅད་ལ་ཡིན་ནམ་ཞེ་ན། དེའི་ཕྱིར་ཁྱིམ་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། གལ་ཏེ་སྐྱེས་པ་དང་བུད་མེད་གཉིས་ཁྱིམ་པ་ཉིད་ཡིན་ནའོ་ཞེས་བྱ་བའི་
Vol. 160 · folio 234b
དོན་ཏོ། །ཡང་དག་པར་སྦྱོར་བ་གཅིག་ལ་ཡང་ཁྱིམ་པ་ཉིད་མ་ཡིན་པ་ལ་མ་ཆོག་པའི་ཁ་ན་མ་ཐོ་བ་བསྐྱེད་པ་ཞེས་བྱ་བའི་དོན་ཏོ། །ཅི་དེ་གཉིས་གནས་གང་ན་འདུག་ཀྱང་རུང་ངམ་ཞེ་ན། དེའི་ཕྱིར་གནས་གཞན་ཉིད་ནའོ་ཞེས་བྱ་བ་སྨོས་ཏེ། ལྟུང་བ་ལས་གཞན་གང་ཡིན་པ་དེའི་གནས་གང་ཞིག་དེ་དང་འབྲེལ་
པ་ཉིད་ལ་ཞེས་བྱ་བའི་དོན་ཏོ། །གནོད་པར་གྱུར་པ་ལས་གཞན་མ་ཡིན་གྱི་རང་གི་གནས་ཉིད་དུ་ནི་ཉེས་པ་འདི་མི་བསྐྱེད་ཅེས་བྱ་བ་འདི་ཤེས་པར་བྱའོ། །གང་ཞིག་དགེ་སློང་གིས་ཁྱིམ་པ་ལ་གཡར་པོར་བྱིན་ཅིང་དེ་ལ་ཡང་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ཞིག་ཁྱིམ་པས་དགེ་སློང་དེ་ལ་ནི་ལྟུང་
བ་མེད་པར་རིག་པར་བྱའོ། །དེ་བཞིན་དུ་དགོན་པ་ལ་ཡང་གལ་ཏེ་དགེ་སློང་སྔ་ན་གནས་པ་ཡིན་ན་ནི་དེ་ལ་ལྟུང་བ་མེད་དོ། །གཞན་ལ་ནི་ལྟུང་བར་འགྱུར་རོ་ཞེས་བྱ་བ་གང་ཞིག་གཞན་རབ་ཏུ་བྱུང་བ་འདི་ལ་གཙུག་ལག་ཁང་གཅིག་གམ་གཞན་ན་གནས་པ་དེ་ལ་ནི་གནས་གཞན་ཉིད་ཡིན་པར་
རིག་པར་བྱ་བ་མ་ཡིན་ནོ། །དེ་ལ་ཡང་རུང་བ་ཉིད་ཡོད་པ་ལ་ལྟུང་བ་འབྱུང་བར་འགྱུར་ཏེ། དེ་ལ་ཡང་གཞན་གྱི་དངོས་པོ་ལ་རྗེས་སུ་འབྲེལ་པ་ཞེས་གསུངས་པ་ཡིན་ནོ། །ཅི་གནས་གཞན་ཙམ་འབའ་ཞིག་ལ་འདི་རྣམ་པར་གཞག་གམ་ཞེ་ན། དེའི་ཕྱིར་གནས་གཞན་མེད་པ་ཉིད་ཀྱིས་སྤུད་དུ་རུང་བ་ཉིད་
ཡིན་ནའོ་ཞེས་བྱ་བ་སྨོས་ཏེ། གང་ཉེ་བར་གནས་པ་ལ་སྤུད་དུ་རུང་བ་ཉིད་ཡིན་ན་དེ་ནི་འདིར་གཞན་མ་ཡིན་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པའོ། །གཉིས་སྤུད་པ་ལས་བྱུང་བའི་འཇུག་པའི་ལ་གེགས་སུ་གྱུར་པ་གཞན་མེད་པས་རུང་བ་ཉིད་ལ་གཉིས་ཀྱིས་གཉིས་སྤུད་པའི་བདག་ཉིད་ཅན་སྦྱོར་བ་ལ་
ཞེས་བྱ་བ་ནི། འདིར་དོན་གྱིས་གཞན་ཡོད་པ་ལ་ནི་ལྟུང་བ་མེད་དོ། །ཅི་ཞིག་རྗེས་སུ་སྒྲུབ་ན་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་མངོན་སུམ་དུ་བརྣགས་པས་འདུག་ནའོ་ཞེས་བྱ་བ་སྨོས་ཏེ། ཕྱིས་གནོན་བྱས་ཏེ་སྟོབས་ཀྱིས་གློ་བུར་དུ་བརྣགས་པས་ཞེས་བྱ་བ་འདིས་དེ་བསྡུས་པ་ཡིན་ཏེ། དེ་ནི་འདིར་བསྡུས་
པའི་དོན་ཏོ། །ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད་དོ།། །།ཤེས་གཙོ་བོ་ཞེས་བྱ་བ་ལ་སོགས་པ་ནས་ཡང་དག་པར་སྦྱོར་བ་ཞེས་བྱ་བའི་མཐར་ལྟོས་ནས་སོ། །ཅི་ཞིག་རྗེས་སུ་སྒྲུབ་ན་འདིར་བྱེད་པ་པོ་ཉིད་ཡིན་ཞེ་ན་དེ་ལ་བརྗོད་པར་བྱ་སྟེ། དེའི་ཕྱིར་དབེན་པར་བརྣགས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words