འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ
Sanskrit title (Tibetan script, as in the text) བི་ན་ཡ་སཱུ་ཏྲ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 162 · folio 374a
དུ་གུ་ལའི་རས་དང་ཀོ་ཏམ་པའི་རས་ཀྱི་རེག་པ་ལྟ་བུ་ཞེས་བྱ་བས་ནི། ལྷ་ལ་སོགས་པའི་རེག་པའི་བྱེ་བྲག་བསྟན་ཏོ། །ཉིད་སྒྲོགས་པའོ་ཞེས་བྱ་བ་ནི། ལྷ་ལ་སོགས་པའི་བྱེ་བྲག་དེ་ལྟ་བུ་དང་ལྡན་པ་ཉིད་འདི་ན་ཡོད་དོ་ཞེས་གོ་བར་བྱེད་པའོ། །འདིར་
ལྷ་ལ་སོགས་པ་སྨོས་པ་ནི་མཚོན་པ་ཙམ་དུ་ཟད་དེ་ཡི་དགས་དབང་ཆེ་བར་གྲགས་པ་དག་ཀྱང་བསྡུའོ། །སྐྱོ་བར་བྱ་བའི་ཆེད་ཉིད་ནི་མ་གཏོགས་སོ་ཞེས་བྱ་བ་ནི། གལ་ཏེ་སྐྱོ་བར་བྱ་བའི་ཆེད་ཉིད་དུ་རྣམ་པ་འདི་ལྟ་བུ་དག་བྱེད་ན་དེའི་ཚེ་ཉེས་པ་མེད་དོ། །དེའི་ཕྱིར་སྐྱོ་བར་
བྱ་བའི་ཆེད་ཉིད་དུ་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་ཀྱི་གཏམ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། གང་གི་ཕྱིར་སྐྱོ་བར་བྱ་བའི་ཆེད་ཉིད་མ་གཏོགས་པ་དེའི་ཕྱིར་འདི་ལ་ཡང་ལྟུང་བ་མེད་དོ་ཞེས་ཕན་པར་བསྟན་ན་སེམས་ཅན་དམྱལ་བའི་གཏམ་
ལ་སོགས་པས་འགའ་ཞིག་སྔངས་པར་གྱུར་ཀྱང་ལྟུང་བ་མེད་དོ། །སྔངས་པར་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཅི་ཞིག་བྱས་ན་སྦེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རབ་ཏུ་བྱུང་བ་འདི་ལ་དབང་བའི་ལྷུང་བཟེད་དང་ཆོས་གོས་དང་དྲྭ་བ་དང་ཕོར་བུ་
དང་སྐ་རགས་ལ་སོགས་པ་དང་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་སྦེད་དམ་སྦེད་དུ་བཅུག་ནའོ་ཞེས་བྱ་བར་སྨྲས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་རབ་ཏུ་བྱུང་བ་འདི་པ་དགེ་སློང་དང་དགེ་སློང་མ་དང་དགེ་སློབ་དང་དགེ་ཚུལ་དང་དགེ་ཚུལ་མ་ཞེས་བྱ་བའི་གང་ཟག་གང་དག་
ལ་ཡོད་པ་དེ་དག་ནི་རབ་ཏུ་བྱུང་བ་འདི་པ་ཞེས་བྱ་བའོ། །རབ་ཏུ་བྱུང་བ་འདི་པ་དེ་དག་དབང་བའི་ལྷུང་བཟེད་ལ་སོགས་པ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་ཚད་དང་ལྡན་པ་རུང་བ་རང་གིས་སྦེད་དམ་གཞན་སྦེད་དུ་འཇུག་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཚད་དང་ལྡན་པ་མ་
ཡིན་པ་དང་རུང་བ་མ་ཡིན་པ་ལ་ནི་ཉེས་བྱས་སོ། །ཕན་པར་འདོད་པས་ནི་མ་གཏོགས་སོ་ཞེས་བྱ་བ་ནི། ཕན་པའི་བསམ་པས་སྦེད་དམ་སྦེད་དུ་བཅུག་པ་ལ་ནི་ལྟུང་བ་མེད་དོ། །སྦེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་བྱིན་པས་ཉེ་བར་འཚོ་བའི་
Vol. 162 · folio 374b
ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་ལ་གོས་བླང་བ་མེད་པར་བྱིན་གྱི་དེས་གནང་བ་མེད་པར་སྤྱོད་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གིས་དགེ་སློང་ལ་གོས་ཕྱིར་བླང་བ་མེད་པར་གཏན་བྱིན་ནས་དེའི་འོག་ཏུ་དེས་གནང་བའི་གདེང་མེད་པར་སྤྱོད་ན་ཁ་ན་མ་ཐོ་བ་འདིར་འགྱུར་
རོ། །རང་གི་བློས་ཉེ་བར་འཚོ་བ་ལས་ལྟུང་བྱེད་འདིར་འགྱུར་གྱི། གཞན་གྱི་བློས་ཉེ་བར་འཚོ་བ་ནི་མ་བྱིན་པར་ལེན་པ་དང་ལྡན་པའི་སྦོམ་པོར་འགྱུར་ཏེ། བརྙན་པ་ངེས་པར་བྱིན་པ་ཉིད་བཞིན་དུ་ཉེ་བར་སྤྱོད་ན་སྦྱོར་བ་བཞིན་ནོ་ཞེས་བྱ་བའི་རྗེས་སུ་འབྲང་བའི་ཕྱིར་རོ། །དེ་བས་ན་ང་ཉིད་ཀྱིས་
བྱིན་པ་ང་ཉིད་སྤྱོད་དོ་ཞེས་རྗེས་སུ་གནང་བ་མེད་པར་སྤྱོད་ན་ལྟུང་བྱེད་དོ། །གོས་ལས་གཞན་པའི་ཡོ་བྱད་སྤྱོད་པ་ལ་ནི་ཉེས་བྱས་སོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་གོས་མ་གཏོགས་པ་དེ་ལས་གཞན་པའི་དགེ་སློང་གི་ཡོ་བྱད་སྩལ་ནས། སླར་མ་བླངས་པར་སྤྱོད་ན་
ཉེས་བྱས་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཅི་བསམ་པ་གང་ཡང་རུང་བས་སྤྱོད་པ་ལའམ་ཞེ་ན་དེའི་ཕྱིར། གལ་ཏེ་གཞི་དེས་དགའ་བར་མི་འགྱུར་ནའོ་ཞེས་བྱ་བ་དེ་སྨྲས་ཏེ། གལ་ཏེ་བདག་གིས་སྤྱད་པའི་རྒྱུས་དགེ་སློང་གང་ལ་བྱིན་པ་དེ་དག་དགའ་བར་
འགྱུར་རོ་སྙམ་པའི་བསམ་པ་དེ་ལྟ་བུ་ཡོད་ན་ཉེས་པ་མེད་དེ་ཡིད་གཅུགས་པས་སྤྱོད་པའི་ཕྱིར་རོ། །བྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཅི་ཞིག་བྱས་ན་སྐུར་པ་འདེབས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། སྐུར་པ་འདེབས་པར་འདོད་པས་
དགེ་སློང་ལ་འདུ་ཤེས་བསྒྱུར་ཏེ། དགེ་འདུན་ལྷག་མས་སྐུར་པ་འདེབས་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་ལྷག་མའི་ལྟུང་བས་སྐུར་པ་འདེབས་པར་འདོད་པས་དགེ་སློང་ལ་བདེན་པའི་ཚོར་བ་སྦས་ཤིང་འདུ་ཤེས་བསྒྱུར་ཏེ་དགེ་འདུན་ལྷག་མ་བརྫུན་པས་སྐུར་པ་གོ་བར་བྱས་ན་
ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཅི་གསལ་བར་བརྗོད་པ་འབའ་ཞིག་ལའམ་ཞེ་ན་དེའི་ཕྱིར། བག་ཙམ་གྱིས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། འདིར་གཞུང་ནི་བཙུན་པ་དགེ་སློང་གིས་རེ་ཞིག་བསླབ་པ་སྩལ་བ་ལ་བག་ཙམ་གྱི་དགེ་འདུན་ལྷག་མས་སྐུར་པ་འདེབས་ན་ལྟུང་བ་ཅིར་
Vol. 162 · folio 375a
འགྱུར། ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །སྐུར་པ་འདེབས་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བུད་མེད་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་སྨྲ་བར་འདོད་ནས། སྔར་ལམ་དུ་འགྲོ་བ་ལ་བུད་མེད་བྱེད་པ་པོ་ཉིད་དོ་ཞེས་གང་སྨོས་པ་དེ་
ལ་ཅི་གཞན་གང་ཡང་རུང་བ་ལ་བུད་མེད་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་འདོད་པས་ལམ་དུ་འགྲོ་ནའོ་ཞེས་བྱ་བ་སྨྲས་ཏེ། རང་དགར་ལམ་དུ་འགྲོ་ན་ཁ་ན་མ་ཐོ་བ་འདིར་འགྱུར་གྱི། གཞན་གྱི་དབང་གིས་འགྲོ་བ་ལ་ནི་མ་ཡིན་ནོ། །ལམ་ཇི་སྲིད་དུ་འགྲོ་བ་ལ་ཞེ་ན་དེའི་
ཕྱིར་རྒྱང་གྲགས་རེ་རེར་རོ་ཞེས་བྱ་བ་སྨྲས་ཏེ། རྒྱང་གྲགས་རེ་རེར་རིག་པའི་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་རང་དགར་ལམ་དུ་འགྲོ་བ་ལ་བུད་མེད་བྱེད་པ་པོ་ཉིད་ཡིན་ནོ། །དེའི་ཕྱིར། རེ་རེར་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། རྒྱང་གྲགས་ཀྱི་ཕྱེད་ཀྱི་རེ་རེར་ནི་བུད་མེད་ཉེས་བྱས་ཀྱི་བྱེད་པ་
པོ་ཉིད་ཡིན་ནོ། །ཅི་བུད་མེད་ཀྱི་གནས་སྐབས་ཐམས་ཅད་དགེ་སློང་གི་གནས་སྐབས་ཐམས་ཅད་ལ་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན་དེའི་ཕྱིར། བསེལ་བྱེད་པ་ནི་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བུད་མེད་དགེ་སློང་ལམ་དུ་འགྲོ་བའི་བསེལ་བྱེད་པ་ནི་མ་གཏོགས་སོ། །
ཕོངས་པ་ལ་སོགས་པར་གྱུར་པ་དེ་ལ་བསེལ་བྱེད་པ་ལ་ནི་ཉེས་པ་མེད་པར་འགྱུར་རོ། །དེས་ལམ་ནོར་བ་ལམ་དུ་འཛུད་པར་བྱེད་པ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་དེས་ལམ་ནོར་བ་ཡང་ལམ་དུ་འཛུད་པར་བྱེད་པའི་བུད་མེད་ཀྱང་མ་གཏོགས་སོ། །མི་ནུས་པ་འཁྲིད་པ་ཡང་ངོ་
ཞེས་བྱ་བ་ནི། དགེ་སློང་ལམ་དུ་འགྲོ་མི་ནུས་པ་བཀྲི་བའི་ཕྱིར་གྲོགས་བྱེད་པའི་བུད་མེད་ཀྱང་མ་གཏོགས་སོ། །བུད་མེད་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་རྐུན་མ་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར་གྲོང་
འཇོམས་པར་བྱེད་པའི་ཆོན་རྐུན་པ་དག་གམ་ཤོ་གམ་འདྲལ་པའི་ཚོང་པ་དག་དང་ལྷན་ཅིག་འགྲོ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། བསླབ་པའི་གཞི་སྔ་མར་འདོད་པས་འགྲོ་ནའོ། །རྒྱང་གྲགས་རེ་རེར་རོ། །དེའི་ཕྱེད་རེ་རེར་ནི་ཉེས་བྱས་སོ། །བསེལ་བྱེད་པ་ནི་མ་གཏོགས་
Vol. 162 · folio 375b
སོ། །དེས་ལམ་ནོར་བ་ལམ་དུ་འཛུད་པར་བྱེད་པ་ཡང་ངོ་། །མི་ནུས་པ་འཁྲིད་པ་ཡང་ཞེས་ཇི་སྐད་བསྟན་པ་ཐམས་ཅད་འདིར་ཡང་སྦྱར་བར་བྱའོ། །ཟོལ་པ་དང་རྐུ་ཐབས་སུ་རབ་ཏུ་བྱུང་བ་དག་ནི་ལྷན་ཅིག་འགྲོ་བ་དག་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་ལ། ཟོལ་པ་ཞེས་བྱ་བ་ནི་གཡོ་
སྒྱུས་ཐ་སྙད་བྱེད་པའོ། རྐུ་ཐབས་སུ་རབ་ཏུ་བྱུང་བ་ཞེས་བྱ་བ་ནི། རང་གི་རྟགས་བླངས་པ་སྟེ། ལས་ཉམས་སུ་མྱོང་བ་མ་ཐོབ་པའི་དགེ་སློང་དང་དགེ་ཚུལ་ལ་སོགས་པ་རབ་ཏུ་བྱུང་བའི་རྟགས་ཅན་ཐམས་ཅད་དོ། །འདིར་ཡང་འདོད་པས་ལམ་དུ་འགྲོ་ནའོ་ཞེས་བྱ་བ་ལ་སོགས་པ་སྔར་
བསྟན་པ་ཐམས་ཅད་སྦྱར་བར་བྱའོ། །རྒྱང་གྲགས་རེ་རེར་ནི་ཉེས་བྱས་སོ། །རྒྱང་གྲགས་ཕྱེད་ཕྱེད་དུ་ནི་ཉེས་བྱས་ཕྲ་མོའོ། །འདིར་གཞུང་ནི་ཞུ་བ་ལས་ཟོལ་པ་དག་དང་ཚོང་པ་རྐུན་མ་དག་དང་ལྷན་ཅིག་ལམ་དུ་འགྲོ་ན་ཉེས་བྱས་སོ། །རྐུ་ཐབས་སུ་རབ་ཏུ་བྱུང་བ་དག་དང་ལྷན་
ཅིག་ལམ་དུ་འགྲོ་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །རྐུན་མ་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་ལ་བྱེད་པ་པོ་གང་ཡིན་ཞེ་ན་དེའི་ཕྱིར། ཤེས་གཙོ་བོ་ཞེས་བྱ་བ་སྨྲས་ཏེ། འདིར་
ཡང་ཤེས་གཙོ་བོ་ཞེས་བྱ་བའི་མིང་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་སྦྱོར་བར་བྱེད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར། བསྙེན་པར་རྫོགས་པར་བྱ་བ་ལོ་ཉི་ཤུ་མ་ལོན་པ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། བསྙེན་པར་རྫོགས་
པར་བྱ་བ་གང་ཡིན་པ་དེ་གལ་ཏེ་ལོ་ཉི་ཤུ་མ་ལོན་པ་ཉིད་ཡིན་ལ། དགེ་སློང་གིས་ཀྱང་ལོ་ཉི་ཤུ་མ་ལོན་པ་ཞེས་བྱ་བར་ཤེས་པར་གྱུར་ན་ཡུལ་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །ཡན་ལག་གང་གིས་བསྙེན་པར་རྫོགས་པར་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་
ཞེ་ན་དེའི་ཕྱིར། མཁན་པོ་ཉིད་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་རྣམ་པར་འབྱེད་པ་ལས་ཚིག་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་མོད་ཀྱི། འོན་ཀྱང་མཁན་པོ་ལ་ནི་ལྟུང་བྱེད་དོ། །འདིར་ལྷག་མ་རྣམས་ལ་ཉེས་བྱས་སུ་འགྱུར་བར་ནི་གླེང་གཞི་དང་མོད་
Vol. 162 · folio 376a
ལས་ཀྱང་སྣང་ངོ་། །འདིར་གཞུང་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་རྨས་ཏེ། མཽད་གལ་གྱི་བུ་ཁྱོད་ཀྱིས་ལོ་ཉི་ཤུ་མ་ལོན་པའི་གང་ཟག་དགེ་སློང་གི་དངོས་པོའི་ཕྱིར་བསྙེན་པར་རྫོགས་པར་བྱས་པ་བདེན་ནམ། བཙུན་པ་མད་
དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྨད་ནས། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཟག་ལོ་ཉི་ཤུ་མ་ལོན་པ་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ཏེ། མཁན་
པོ་ཉིད་ཀྱིས་བསྙེན་པར་རྫོགས་པར་བྱེད་པའི་དབང་དུ་མཛད་ནས། འདི་བཅའ་བ་མཛད་དོ། །ཅི་ཞིག་བྱས་ནས་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར། བསྙེན་པར་རྫོགས་པར་བྱས་ནའོ་ཞེས་བྱ་བ་སྨྲས་སོ། །དེས་དེ་ལ་ལོན་པ་ཉིད་མི་དྲི་བར་མི་བྱའོ་ཞེས་བྱ་བ་ནི།
མཁན་པོ་དེས་བསྙེན་པར་རྫོགས་པར་བྱ་བ་དེ་ལ་ལོ་ཉི་ཤུ་ལོན་པ་ཉིད་མི་དྲི་བར་མི་བྱ་སྟེ། དྲི་བ་ཁོ་ནར་བྱའོ། །གཞན་གྱིས་ཀྱང་མི་བྱའོ་ཞེས་བྱ་བ་ནི། མཁན་པོ་ལས་གཞན་པ་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་བསྙེན་པར་རྫོགས་པར་བྱ་བ་དེ་ལོ་ཉི་ཤུ་ལོན་པ་ཉིད་མི་དྲི་
བར་མི་བྱའོ། །ངེས་པར་མི་ཤེས་པས་དེ་བསྙེན་པར་རྫོགས་པར་མི་བྱའོ་ཞེས་བྱ་བ་ནི་དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་བསྙེན་པར་རྫོགས་པར་བྱ་བ་དེ་ལ་ལོ་ཉི་ཤུ་ལོན་པ་ཉིད་དུ་ངེས་པར་མི་ཤེས་པར་བསྙེན་པར་རྫོགས་པར་མི་བྱའོ། །རྣམ་པ་ཐམས་ཅད་དུ་ལོ་ཉི་ཤུ་ལོན་པ་
ལ་ནི་བསྙེན་པར་རྫོགས་པ་འཆགས་སོ་ཞེས་བྱ་བ་ནི། གལ་ཏེ་བསྙེན་པར་རྫོགས་པར་བྱ་བ་དེ་ཡང་དག་པར་ལོ་ཉི་ཤུ་ལོན་པ་ཉིད་ཡིན་ན་ནི་དེའི་ཚེ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་མེད་དེ་འདི་ལྟར་བསྙེན་པར་རྫོགས་པར་བྱ་བ་བསྙེན་པར་རྫོགས་པར་བྱེད་པ་དག་ལོ་ཉི་ཤུ་མ་ལོན་པ་ཉིད་དུ་འདུ་
ཤེས་སམ་ཡིད་གཉིས་ཟ་ན་མ་དྲིས་སམ་མ་བརྗོད་པར་རྣམ་པ་ཐམས་ཅད་དུ་ལོ་ཉི་ཤུ་མ་ལོན་པ་ཉིད་དུ་འདུ་ཤེས་སུ་ཟིན་ཀྱང་གང་ཟག་ལོ་ཉི་ཤུ་ལོན་པ་ལ་བསྙེན་པར་རྫོགས་པར་འཆགས་ཏེ། ལོ་ཉི་ཤུ་ལོན་པའི་ཞིང་ཉིད་ལ་ཉམས་པར་བྱ་བར་མི་ནུས་པའི་ཕྱིར་རོ། །ཅིག་ཤོས་ལ་ནི་ལོན་པར་འདུ་
Vol. 162 · folio 376b
ཤེས་པ་ཉིད་ནའོ་ཞེས་བྱ་བ་ནི། ཅིག་ཤོས་ལོ་ཉི་ཤུ་མ་ལོན་པའི་གང་ཟག་ལ་ནི་ལོ་ཉི་ཤུ་ལོན་པ་ཉིད་དུ་འདུ་ཤེས་ན་བསྙེན་པར་རྫོགས་པ་འཆགས་ཏེ་འདི་ལ་ནི་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །མི་ཤེས་པ་དང་མི་དྲན་པ་དང་ཡིད་གཉིས་ཟ་བ་དག་ལ་ཡང་ངོ་ཞེས་བྱ་བ་ཡང་ཅིག་ཤོས་ལ་
བསྙེན་པར་རྫོགས་པར་འཆགས་སོ་ཞེས་བྱ་བར་སྦྱར་རོ། །མི་ཤེས་པ་ཞེས་བྱ་བ་ནི། ལོ་གྲངས་མི་ཤེས་པའོ། །མི་དྲན་པ་ཞེས་བྱ་བ་ནི་ལོ་ཚིགས་མི་དྲན་པའོ། །ཡིད་གཉིས་ཟ་བ་ཞེས་བྱ་བ་ནི་ལོ་ཉི་ཤུ་ལོན་ནམ་མ་ལོན་སྙམ་དུ་ཡིད་གཉིས་ཟ་བ་སྟེ་དེ་དག་ལ་ཡང་གང་ཟག་ལོ་ཉི་
ཤུ་མ་ལོན་པ་ལོ་ཉི་ཤུ་ལོན་པ་ཉིད་དུ་འདུ་ཤེས་པ་ཉིད་ཡིན་ན་གལ་ཏེ་མཁན་པོ་ལ་སོགས་པ་བསྙེན་པར་རྫོགས་པར་བྱེད་པ་དག་ལ་མི་ཤེས་པ་དང་མི་དྲན་པ་དང་ཡིད་གཉིས་ཟ་བ་དག་ཡོད་དུ་ཟིན་ཀྱང་བསྙེན་པར་རྫོགས་པར་བྱ་བ་ལ་བསྙེན་པར་རྫོགས་པ་འཆགས་སོ། །འདི་ལྟར་ལོ་ཉི་ཤུ་
མ་ལོན་པ་ཞིང་ཉིད་ཡིན་ཞེ་ན། འདིར་རྣམ་པ་གཉིས་ཀྱི་ཞིང་ཉིད་དུ་རྣམ་པར་གཞག་སྟེ། དངོས་པོ་དང་ཡིད་གཉིས་སོ། །དེ་ལ་དངོས་པོ་ལས་ནི་ཞིང་ཉིད་དུ་རྣམ་པར་གཞག་པ་ནི་དེས་ལོ་ཉི་ཤུ་ལོན་པ་ཉིད་ཡིན་ནོ། །ཡིད་ཀྱིས་ཞིང་ཉིད་དུ་རྣམ་པར་གཞག་པ་ནི་ཡང་དག་པར་ལེན་
པར་བྱེད་པའི་ཡིད་ཀྱི་དབང་གིས་ཞིང་ཉིད་ཡིན་པ་སྟེ། གལ་ཏེ་བདག་ཉིད་ལོ་ཉི་ཤུ་ལོན་པར་འདུ་ཤེས་པ་ཡིན་པའོ། །བསམ་པའི་དབང་གིས་ཀྱང་སྡོམ་པའི་ཞིང་ཉིད་མཐོང་སྟེ། དཔེར་ན་དགེ་བའི་རྩ་བ་ཕྱིར་འབྱོར་པ་ལྟ་བུའོ། །རྐུ་ཐབས་སུ་གནས་པ་ཉིད་ཀྱང་དེ་དང་འདྲ་བ་ཉིད་
དུ་རིག་པར་བྱ་སྟེ། གལ་ཏེ་བདག་ཉིད་ཀྱི་ཆོ་ག་འཁྲུགས་པ་ལ་སོགས་པའི་ཉེས་པ་འགའ་ཞིག་གིས་སྡོམ་པ་མ་ཆགས་པ་ཉིད་དུ་ཤེས་ནས་དེའི་ཚེ་རྐུ་ཐབས་སུ་གནས་པ་ཉིད་སྐྱེ་བར་འགྱུར་ལ། གལ་ཏེ་མི་ཤེས་ན་ནི་རྐུ་ཐབས་སུ་གནས་པ་ཉིད་སྐྱེ་བར་མི་འགྱུར་ཏེ། འདི་ལྟར་རྐུ་
བའི་བསམ་པས་དགེ་འདུན་གྱི་ཁོངས་སུ་གཏོགས་པར་བྱེད་པ་མེད་པའི་ཕྱིར་རོ། །ཤེས་ན་ནི་དེ་ཞིག་གོ་ཞེས་བྱ་བ་ནི། ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པས་ལོ་ཉི་ཤུ་མ་ལོན་པར་ཤེས་ན་སྔར་སྡོམ་པ་འཆགས་པ་དེ་ཞིག་གོ། །ཅི་ཆོ་ག་གཅིག་ཏུ་ཟད་དམ་ཞེ་ན། དེའི་ཕྱིར་
Vol. 162 · folio 377a
གལ་ཏེ་སྐྱེས་པ་ན་མ་ལོན་པའི་འོ་ཞེས་བྱ་བ་སྨྲས་ཏེ། བསྙེན་པར་རྫོགས་པའི་འོག་ཏུ་བདག་ཉིད་ལོ་ཉི་ཤུ་མ་ལོན་ནོ་སྙམ་པའི་གནས་སྐབས་དེའི་ཚེ་གལ་ཏེ་དགེ་སློང་དེས་ལོ་ཉི་ཤུ་ལོན་པར་གྱུར་ན་དེའི་ཚེ་དེའི་སྡོམ་པ་སྔར་ཆགས་པ་དེ་ཞིག་གོ། །གལ་ཏེ་
བདག་ཉིད་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་སོ་སྙམ་པའི་འདུ་ཤེས་སྐྱེས་པའི་གནས་སྐབས་དེའི་ཚེ་ན་དེས་ལོ་ཉི་ཤུ་ལོན་པར་གྱུར་ན་ནི་དེའི་སྡོམ་པ་སྔར་ཆགས་པ་དེ་མི་འཇིག་གོ། །བསམས་པ་ཙམ་གྱི་དབང་གིས་ཀྱང་སྡོམ་པ་གཏོང་བ་སྣང་སྟེ། དཔེར་ན་དགེ་བའི་རྩ་བ་ཆད་
པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །ཅི་བསྙེན་པར་རྫོགས་པའི་གནས་སྐབས་ན་བདག་ཉིད་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་ཤེས་པའི་ཚེ་དེའི་གནས་སྐབས་ཕན་ཆད་ལོ་ཉི་ཤུ་ལོན་ནམ་མ་ལོན་བརྩི་བ་སྟེ། དང་པོ་མངལ་གྱི་གནས་ནས་བཙས་པ་ནས་བརྩམས་ཏེ། དེ་ཚུན་ཆད་ནས་
བརྩི་བར་བྱ་བའམ་འོན་ཏེ་དང་པོ་མངལ་དུ་ཞུགས་པ་ཚུན་ཆད་ནས་བརྩི་བར་བྱ་ཞེ་ན་དེའི་ཕྱིར། མངལ་ན་གནས་པ་དང་ཤོལ་གྱི་ཟླ་བ་དང་ཡང་བཅས་ཏེའོ་ཞེས་བྱ་བ་སྨྲས་ཏེ། མངལ་ན་གནས་པའི་ཟླ་བ་དག་དང་ཤོལ་གྱི་ཟླ་བ་ལྷག་མ་དག་དང་ཡང་བཅས་ཏེ། དེའི་ལོ་ཉི་ཤུ་ཉིད་བརྩི་བར་
བྱའོ། །བསྙེན་པར་རྫོགས་པར་འདོད་པའི་གནས་སྐབས་སུ་ནི་བརྩི་བར་མི་བྱ་སྟེ། གལ་ཏེ་བརྩི་བར་བྱེད་ན་བསྙེན་པར་རྫོགས་པ་ནི་འཆགས་ལ་བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ། །མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་
བ་དེ་བཤད་ཟིན་ཏོ།། །།གང་ལ་ས་རྐོ་བའི་ཁ་ན་མ་ཐོ་བར་འགྱུར་ཞེ་ན་དེའི་ཕྱིར་རྐོའམ་རྐོར་བཅུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། རང་གིས་ས་རྐོའམ་གཞན་རྐོར་བཅུག་པ་ལའོ། །རྐོ་བ་ཞེས་བྱ་བ་ནི། ས་ལ་སོགས་པ་དེ་ཙམ་ཞིག་ས་ཕྱི་མོ་ལས་ཕྲལ་ཞིང་ཐ་དད་པར་བྱས་པ་གང་ཡིན་
པའོ། །དེའི་ཕྱིར་འདིར་ནི་ལན་རེ་བཏབ་པ་ལ་སྦྱོར་བ་ཐ་དད་པར་རིག་པར་བྱ་སྟེ། འདིར་སྦྱོར་བ་ཐ་དད་པ་རེ་རེ་ལས་ལྟུང་བ་ཐ་དད་པ་རེ་རེར་རྣམ་པར་བཞག་གོ། །ཅི་ཞིག་རྐོའམ་རྐོར་བཅུག་པ་ལ་ཞེ་ན་དེའི་ཕྱིར་སའི་སའོ་ཞེས་བྱ་བ་སྨྲས་ཏེ། སའི་རང་བཞིན་གྱི་ས་ཡིན་གྱི་བྱེ་མ་དང་རྡོ་ཐལ་
Vol. 162 · folio 377b
རྒྱུ་དང་རྡོ་ལ་སོགས་པའི་རང་བཞིན་གྱི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་དུས་ཐམས་ཅད་དུ་དེ་གཉིས་ཁ་ན་མ་ཐོ་བ་འདིར་འགྱུར་ཞེ་ན་དེའི་ཕྱིར། ལག་གི་བླས་རྒྱུ་སྐར་གྱི་སྦྱོར་བས་རུང་བར་བྱེད་པ་མེད་ན་ཐུར་མ་སོར་བཞི་ཙམ་འཛུགས་པ་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་
སློང་ལག་གི་བླས་རྒྱུ་སྐར་གྱི་སྦྱོར་བས་གཙུག་ལག་ཁང་ལ་སོགས་པའི་ཐིག་འདེབས་པའི་ཚེ་དུས་ལས་ཡོལ་དུ་མི་རུང་ལ་དེའི་ཚེ་ན་བསྙེན་པར་མ་རྫོགས་པ་རུང་བར་བྱེད་པའི་འོས་གཞན་མེད་ན་དེའི་ཚེ་ཐུར་མ་སོར་བཞི་ཙམ་གྱི་ཚད་ས་ལ་འཛུགས་པ་ནི་མ་གཏོགས་ཏེ། དེ་ལ་ནི་ཉེས་པ་མེད་དོ་
ཞེས་བྱ་བའི་ཐ་ཚིག་གོ། །སའི་ས་ཇི་ལྟ་བུ་ཞིག་ཁ་ན་མ་ཐོ་བ་ཇི་ལྟ་བུར་འགྱུར་ཞེ་ན་དེའི་ཕྱིར། གལ་ཏེ་རང་བཞིན་ཅན་ཡིན་ན་དངོས་གཞིའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རང་བཞིན་དུ་ཆགས་པའི་ས་ཡིན་ན་དེ་རྐོས་སམ་རྐོར་བཅུག་ན་དངོས་གཞིར་འགྱུར་རོ། །རང་བཞིན་ཅན་
ཞེས་བྱ་བ་ནི་འཐས་པར་གནས་པའོ། །གལ་ཏེ་མ་ཡིན་ན་ཉེས་བྱས་སོ་ཞེས་བྱ་བ་ནི། རང་བཞིན་དུ་ཆགས་པའི་ས་མ་ཡིན་ན་དེ་རྐོས་སམ་རྐོར་བཅུག་ན་ཉེས་བྱས་ཏེ། འཐས་པ་མ་ཡིན་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །རང་བཞིན་ཅན་ཞེས་བྱ་བ་ནི། ཇི་ལྟ་བུ་ཞིག་
ཡིན་རང་བཞིན་ཅན་མ་ཡིན་པ་ཞེས་བྱ་བ་ནི་ཇི་ལྟ་བུ་ཞིག་ཡིན་ཞེ་ན་དེའི་ཕྱིར། སྔ་མ་ཤོས་ནི་ཟླ་བ་གསུམ་ལོན་པའི་འཐས་པའོ་ཞེས་བྱ་བ་སྨྲས་ཏེ། སྔ་མ་ཤོས་རང་བཞིན་ཅན་ཞེས་བྱ་བ་ནི་དང་པོ་འཐས་པ་ལས་ཞིག་པའི་ཡན་ལག་རྣམས་ཟླ་བ་གསུམ་ལོན་ཅིང་ཕྱིར་འཐས་ཏེ་འབྱོར་
པར་གྱུར་པ་དེའི་ཚེ་ན་རང་བཞིན་ཅན་ཞེས་བྱ་བའོ། །ཅི་དུས་ཐམས་ཅད་དུ་ཡུན་དེ་སྲིད་ཀྱིས་རང་བཞིན་ཅན་དུ་འགྱུར་རམ་ཞེ་ན་དེའི་ཕྱིར། གལ་ཏེ་ཆར་ཆུ་ཞོད་ནའོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཚེ་ནམ་ཞོད་པར་གྱུར་ཅིང་ཡང་དང་ཡང་དུ་ཆར་འབབ་པར་གྱུར་པ་དེའི་ཚེ་ན་ཟླ་བ་
གསུམ་གྱིས་ས་རང་བཞིན་ཅན་དུ་འགྱུར་རོ། །དུས་གཞན་གྱི་ཚེ་ན་ཟླ་བ་དུ་ལོན་ན་རང་བཞིན་དུ་འགྱུར་ཞེ་ན་དེའི་ཕྱིར་གཞན་གྱི་ཚེ་ན་དྲུག་གོ་ཞེས་བྱ་བ་སྨྲས་ཏེ། ནམ་ཞོད་པ་ལས་གཞན་གྱི་དུས་ཀྱི་ཚེ་ན་ནི་ཟླ་བ་དྲུག་ལོན་ན་རང་བཞིན་ཅན་དུ་འགྱུར་རོ། །རྩིག་པ་ནི་ས་ཉིད་མ་ཡིན་པར་ཤེས་
Vol. 162 · folio 378a
པར་མི་བྱའོ་ཞེས་བྱ་བ་ནི། རྩིག་པ་ནི་ས་ཉིད་མ་ཡིན་པར་ཤེས་པ་མི་བྱ་སྟེ་ས་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སའི་དངོས་པོ་ནི་ས་ཉིད་དོ། །འདིས་ནི་ཁང་ཐོག་ཀྱང་ས་ཉིད་ཡིན་པར་བྱས་པར་རིག་པར་བྱའོ། །ས་ཕུང་གལ་ཏེ་སྟེང་གི་ཆ་ནི་འཐས་ལ་འོག་གི་ཆའི་
ཡན་ལག་མ་འཐས་པར་གྱུར་ན་དེ་ནི་ས་ཉིད་མ་ཡིན་པར་ཤེས་པར་བྱའོ། །འཐས་པར་གྱུར་ན་ནི་དེ་ས་ཉིད་དུ་རྣམ་པར་གཞག་པ་ཁོ་ན་ཡིན་ནོ། །འདུས་པ་དག་ལ་ནི་ཤས་ཆེ་བས་མཚན་ཉིད་དག་རབ་ཏུ་དབྱེ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། འདི་ལྟར་ས་ལ་སོགས་པ་འདུས་པ་དག་ལ་ནི་ཤས་
ཆེ་བ་ཉིད་ཀྱིས་མཚན་ཉིད་དག་རབ་ཏུ་དབྱེ་བ་ཉིད་ཡིན་ཏེ། འདུས་པ་གང་ལ་སྲ་བ་ཉིད་ལ་སོགས་པའི་རྫས་ཀྱི་མཚན་ཉིད་གང་གི་ཤས་ཆེ་བ་ཉིད་ཡོད་པའི་མཚན་ཉིད་དེ་ཉིད་ཀྱིས་འདུས་པ་རབ་ཏུ་དབྱེ་ཞིང་བསྟན་པ་དང་ཁས་བླང་བར་བྱ་སྟེ། འདུས་པ་དེ་ལ་དེའི་ཤས་ཆེ་བའི་ཕྱིར་རོ། །དེའི་
ཕྱིར་ཉུང་ངུ་གཞན་ཡོད་པའི་རྫས་ཉིད་ལ་ནི་ཕལ་ཆེ་བ་ཉིད་དོ་ཞེས་བྱ་བ་ནི། གང་གི་ཕྱིར་འདུས་པ་དག་ལ་ཤས་ཆེ་བས་མཚན་ཉིད་དག་རབ་ཏུ་དབྱེ་བ་ཉིད་ཡིན་པ་དེའི་ཕྱིར་རྫས་རིགས་མི་མཐུན་པ་གཞན་དང་འདྲེས་པ་ཉིད་ལ་ནི་ཕལ་ཆེ་བ་ཉིད་ལྷག་པ་ཡིན་པར་ཤེས་པར་བྱ་སྟེ། སའི་ཚོགས་བྱེ་མ་དང་
འདྲེས་པ་ལ་ཡང་ས་ཕལ་ཆེན་ས་ཉིད་ཡིན་པར་བལྟ་བར་བྱའི། འདྲེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། འདིར་དེ་རྐོས་སམ་རྐོར་བཅུག་ན་དངོས་གཞིར་འགྱུར་ལ་གཞན་ལ་ནི་ཉེས་བྱས་སོ། །ཚིག་པ་ཉིད་ནི་ཉམས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། ས་ཉིད་ཚིག་པ་ཉིད་ནི་ཉམས་པ་ཉིད་
ཡིན་པར་རིག་པར་བྱའོ། །ཉམས་པ་ཉིད་ལ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི། ས་ཉིད་ཉམས་པ་ཉིད་ལ་ནི་ཕྱེད་ཉིད་དེ་ཉེས་བྱས་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཞུ་བ་ལས་ས་ཚིག་པ་རྐོ་ན་ཉེས་བྱས་སོ། །རྐོར་འཇུག་ན་ཉེས་བྱས་སོ། །རྣམ་པར་ཉམས་པ་ཡང་དེ་
བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །འདིར་རྣམ་པར་ཉམས་པ་ཞེས་བྱ་བ་ནི། འདམ་རྫབ་ཏུ་གྱུར་པ་ཉིད་ལ་སོགས་པ་ཡིན་པར་ཤེས་པར་བྱའོ། །ས་ཞག་དང་ངོགས་དང་རྩིག་པ་དང་དེའི་སྐྱང་ནུལ་གྲུགས་པ་དག་ཀྱང་ངོ་ཞེས་བྱ་བ་ནི། ཕྱེད་ཉིད་དོ་ཞེས་བྱ་བར་སྦྱར་རོ། །ས་ཞག་དང་ངོགས་
Vol. 162 · folio 378b
དང་རྩིག་པ་དང་དེའི་སྐྱང་ནུལ་དག་གལ་ཏེ་གྲུགས་པར་གྱུར་ན་དེ་དག་ནི་ཕྱེད་ཉིད་དོ། །དེའི་སྐྱང་ནུལ་ཞེས་བྱ་བའི་སྒྲས་ནི་རྩིག་པའི་སྐྱང་ནུལ་བརྗོད་དོ། །རྡོ་ཐལ་རྒྱུ་དང་བྱེ་མ་ལ་སོགས་པ་ཤས་ཆེ་བ་ཡང་ངོ་ཞེས་བྱ་བ་ཡང་ཕྱེད་ཉིད་དོ་ཞེས་བྱ་བར་སྦྱར་རོ། །རྡོ་ཐལ་རྒྱུ་ཞེས་བྱ་བའི་སྒྲས་ནི་རྡོ་རྒྱུས་ལ་
སོགས་པ་བརྗོད་དོ། །ས་གང་ལ་དེ་གཉིས་ཤས་ཆེ་བ་དེ་ནི་ཕྱེད་ཉིད་དོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སའི་ངོ་བོ་ཉིད་མ་ཡིན་པའི་རྫས་ལྷག་མ་དག་ཀྱང་བསྡུའོ། །བྱ་བ་དག་ཀྱང་ངོ་ཞེས་བྱ་བ་ཡང་ཕྱེད་ཉིད་དོ། །དེ་གང་ཡིན་ཞེ་ན་དེའི་ཕྱིར། ཕུར་པ་འབྱིན་པ་དང་རི་མོ་འདྲེན་པ་དང་སའི་བྱེ་མ་འདྲེན་པ་
དང་ལྕི་བ་འགོགས་པ་དང་འདམ་བསྐྱོད་པ་དང་དེ་དང་འབྲེལ་བའི་ཕྲུ་བ་ལ་སོགས་པ་འདེགས་པ་དང་འཇིག་པའི་བདག་ཉིད་ཀྱི་ཚ་སྒོ་དག་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཕྱེད་ཉིད་དོ་ཞེས་བྱ་བར་སྦྱར་རོ། །ཕུར་པ་བཏབ་ན་ནི་ལྟུང་བྱེད་དུ་འགྱུར་ལ། ཕུར་པ་འབྱིན་པ་ནི་ཉེས་བྱས་སུ་འགྱུར་རོ། །
ས་ལ་མཛུབ་མོ་ལ་སོགས་པས་རི་མོ་འདྲེན་པ་དང་ལྕི་བ་འགོགས་པ་གང་ལ་སའི་ཕྱེ་མ་འདྲེན་པར་འགྱུར་བའི་ལྕི་བ་འགོགས་པ་དེ་ནི་སའི་ཕྱེ་མ་འདྲེན་པའི་ལྕི་བ་འགོགས་པ་སྟེ། དེ་དག་དང་འདམ་མེར་མེར་པོ་བསྒུལ་ཞིང་བསྐྱོད་པ་དང་འདམ་རྫབ་དང་འབྲེལ་བའི་ཕྲུ་བ་དང་བུམ་པ་ལ་སོགས་པ་
འདེགས་པ་དང་རྩིག་པ་ལ་སོགས་པ་འཇིག་ཅིང་འབྲུལ་བར་བྱེད་པའི་བདག་ཉིད་ཅན་གྱི་ཚ་སྒོའི་རྫས་ཀྱི་རང་བཞིན་གང་ཡིན་དེ་འབྲུལ་བར་བྱེད་པ་ཡང་ཉེས་བྱས་སོ། །ཅི་དགེ་སློང་གི་བསམ་པ་གང་ཡང་རུང་བས་འདིར་དེ་དག་སྤྱད་ན་ཁ་ན་ཐོ་བ་རྫོགས་པའམ་ཆུང་བར་འགྱུར་རོ་ཞེ་ན་དེའི་ཕྱིར། འདིར་
གཞིག་པའི་བློ་དང་ལྡན་ན་དེའི་འོ་ཞེས་བྱ་བ་སྨྲས་ཏེ། ཕུར་པ་འབྱིན་པ་ལ་སོགས་པའི་བྱ་བ་འདིར་དགེ་སློང་གང་ལ་ས་གཞིག་པའི་བློ་ཡོད་པ་དེ་ནི་གཞིག་པའི་བློ་དང་ལྡན་པ་སྟེ། དེ་བྱས་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་ཡང་ས་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བར་
རིག་པར་བྱའོ། །འདི་ལྟར་སར་འདུ་ཤེས་པ་མེད་ན་ནི་སའི་ཡུལ་ལ་གཞིག་པའི་བློ་ཡང་མི་འབྱུང་བས་གང་ལ་གཞིག་པའི་བློ་ཡོད་པ་དེ་ལ་ནི་སར་འདུ་ཤེས་པ་ཡང་གདོན་མི་ཟ་བར་ཡོད་པར་འགྱུར་རོ། །དེའི་ཕྱིར་བགྲང་བ་དང་ཤོད་དགོད་པ་ལ་སོགས་པའི་བསམ་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་
Vol. 162 · folio 379a
བ་ནི། གང་གི་ཕྱིར་གཞིག་པའི་བསམ་པ་མེད་པ་ལ་ལྟུང་བ་མེད་པ་དེའི་ཕྱིར་འདི་ལ་ཡང་ལྟུང་བ་མེད་དོ། །ས་རྐོ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།མགྲོན་དུ་གཉེར་བ་ལ་རིང་དུ་འདུག་པའི་ལྟུང་བྱེད་སྨྲ་བར་འདོད་ནས། ཧ་ཅང་བླང་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ།
མ་བསྟབས་པར་སློང་བ་ནི་མི་རིགས་པ་ཁོ་ན་ཡིན་པས་དེའི་ཕྱིར་འདི་ནི་བསྟབས་པའི་ཕྱིར་བྱས་པ་ཡིན་ནོ། །མགྲོན་དུ་བོས་པའི་ཁྱིམ་དུ་གདུགས་ཚོད་ལ་མ་བསྐུལ་བ་དེ་མེད་ན་འགྲོར་རུང་ངོ་ཞེས་བྱ་བ་ནི། མགྲོན་དུ་བོས་པའི་ཁྱིམ་དུ་འགྲོར་རུང་ངོ་ཞེས་བྱ་བར་སྦྱར་ཏེ། ཁྱིམ་གང་དུ་ཟས་
སྦྱར་བར་ཁས་བླངས་པའི་ཁྱིམ་དེར་ནི་མགྲོན་དུ་བོས་པའི་ཁྱིམ་སྟེ་དེར་འགྲོར་རུང་ངོ་། །སུ་ཞེ་ན་གདུགས་ཚོད་མ་བསྐུལ་བ་སྟེ། དགེ་སློང་ལ་སྦྱིན་བདག་གིས་ད་གདུགས་ཚོད་ལ་བབ་ན་གཤེགས་སུ་གསོལ་ཞེས་མ་བསྐུལ་བ་གང་ཡིན་པ་དེ་ནི་གདུགས་ཚོད་མ་བསྐུལ་བ་སྟེ། དེར་
འགྲོར་རུང་ངོ་། །གང་གི་ཚེ་ཞེ་ན་དེ་མེད་ན་སྟེ། གདུགས་ཚོད་བསྐུལ་བ་མེད་ནའོ། །འདིར་གཞུང་ནི་བདག་གིས་གདུགས་ཚོད་བསྐུལ་བར་མི་ནུས་ཀྱི་རང་གིས་དུས་ཤེས་ནས་ཤོག་ཤིག་ཅེས་གསུངས་པ་ཡིན་ནོ། །དུས་ལས་ཡོད་དུ་བྱེད་ན་རིམས་ཤིག་ཅེས་བསྒོ་བ་ཡང་ངོ་ཞེས་བྱ་བ་ཡང་།
མགྲོན་དུ་བོས་པའི་ཁྱིམ་དུ་སོང་བ་ན་གདུགས་ཚོད་ཡོལ་དུ་བྱེད་ན་དགེ་སློང་རང་གིས་སྦྱིན་བདག་ལ་ད་གདུགས་ཚོད་བྲིམས་ཤིག་ཅེས་བསྐུལ་དུ་རུང་བ་ཉིད་ཡིན་པའོ། །ཚིག་འབྲུ་དེ་ཉིད་མ་ཡིན་པ་ལ་གུས་པར་མི་བྱའོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གསོལ་བ་དང་བཞིའི་ལས་ལ་
སོགས་པའི་ཚིག་འབྲུ་གང་དུ་གསུངས་པ་དེ་ཉིད་མ་གཏོགས་པ་དེ་ལས་གཞན་པའི་ཚིག་འབྲུ་འཇིག་རྟེན་གྱི་ཐ་སྙད་དུ་བྱ་བའི་དོན་གྱི་སྐབས་དག་ཏུ་གསུངས་པ་གང་ཡིན་པ་དེ་ལ་གཅིག་ཏུ་འཆེལ་ཞིང་གུས་པར་མི་བྱ་སྟེ། དོན་དེ་གོ་བར་བྱ་བའི་ཚིག་འབྲུ་ཡུལ་དང་དུས་གང་དུ་གང་འཇེབས་
ཤིང་གོ་བར་འགྱུར་བའི་ཚིག་འབྲུ་གཞན་དུ་བསྒྱུར་ཏེ། སྨྲས་ཀྱང་ཉེས་པ་མེད་པའོ། །དེ་ལྟར་ཡང་འདིར་གཞུང་ནི་སྟན་དག་ཅི་བདེར་གྱིས་ཤིག །ཚེ་དང་ལྡན་པ་ཁྱེད་ཀྱི་ཅི་བདེ་ཞེས་བྱ་བ་ནི་བདག་མི་ཤེས་ཀྱི་འདི་ལྟར་སྟན་དག་ནི་ཁྱེད་ཁོ་ནའི་ཕྱིར་བཤམས་སོ་ཞེས་ཟེར་བ་དང་།
Vol. 162 · folio 379b
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་དེ་སྐད་ཟེར་ན་ཅི་བདེར་བྱས་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ནི་ཐ་སྙད་ཐམས་ཅད་ལ་སྦྱར་བར་བྱ་བ་ཡིན་པའི་ཕྱིར་སྤྱིར་མདོར་བྱས་པ་ཡིན་ནོ། །སོ་སོར་མགྲོན་དུ་བོས་པ་བདག་གིར་བྱའོ་ཞེས་བྱ་བ་ནི། ཐ་དད་པ་མགྲོན་དུ་
བོས་པ་བདག་གིར་བྱ་བའོ། །དགེ་འདུན་སྤྱན་དྲངས་པ་ཡོད་ན་གང་ཟག་གིས་ཁས་བླང་བར་མི་བྱ་སྟེ། མགྲོན་དུ་བོས་པ་གཉི་ག་བཀག་པའི་ཕྱིར་རོ་སྙམ་དུ་དོགས་པ་བསལ་བའི་ཕྱིར། དགེ་འདུན་དང་བཅས་ཏེ་མགྲོན་དུ་བོས་པ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་དགེ་འདུན་སྤྱན་དྲངས་
པ་ཡོད་ན་གང་ཟག་གིས་ཀྱང་ཁས་བླངས་པ་ལ་ཉེས་པ་མེད་པའོ། །དུས་ཐམས་ཅད་དུ་ཡང་ངོ་ཞེས་བྱ་བ་ནི། དགེ་འདུན་ནམ་གང་ཟག་ཇི་སྲིད་འཚོ་བའི་བར་དུ་མགྲོན་དུ་བོས་ན་ཡང་བདག་གིར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། །།བམ་པོ་སུམ་ཅུ་ལྔ་པའོ། །ཅི་ཞིག་བྱས་ན་མགྲོན་དུ་
གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཚིགས་རྣམ་པར་གཞག་པ་མེད་པར་མགྲོན་དུ་གཉེར་བ་དང་ལྡན་པ་ལས་ཕྱིས་གཞན་ནམ་ཡང་དང་ཡང་དུའམ་དུས་ཀྱིས་མགྲོན་དུ་གཉེར་བ་མ་བྱས་པར་ཟླ་བ་བཞི་པ་ཡོངས་སུ་རྫོགས་པའི་འོག་ཏུ་བཤམས་པ་ཟོས་ནའོ་ཞེས་
བྱ་བ་སྨྲས་ཏེ། ཚིགས་རྣམ་པར་གཞག་པ་མེད་པར་ཞེས་བྱ་བ་ནི། སྦྱིན་པ་པོ་དང་སྦྱིན་བདག་གང་ཡིན་པས་བདག་གིས་ཁྱོད་དུས་འདི་སྲིད་དུ་མགྲོན་དུ་གཉེར་ཏོ་ཞེའམ་ཁྱོད་རྟག་ཏུ་མགྲོན་དུ་གཉེར་ཏོ་ཞེས་བྱ་བ་རྣམ་པ་དེ་ལྟ་བུས་དུས་ངེས་པར་བྱས་པའི་ཚིགས་རྣམ་པར་གཞག་པ་མེད་
པར་རོ། །མགྲོན་དུ་གཉེར་བ་དང་ལྡན་པ་ཞེས་བྱ་བ་ནི། སྦྱིན་པ་པོའམ་སྦྱིན་བདག་དེས་གང་ཟག་གམ་དགེ་འདུན་གྱི་ཁོངས་སུ་གཏོགས་པས་མགྲོན་དུ་གཉེར་བས་དགེ་སློང་འགའ་ཞིག་མགྲོན་དུ་གཉེར་བར་འགྱུར་བའི་སྦྱིན་པ་པོའམ་སྦྱིན་བདག་གང་ཡིན་པ་དེ་ནི་མགྲོན་དུ་གཉེར་བ་དང་
ལྡན་པ་ཞེས་བྱ་བ་སྟེ། དགག་པ་ཕྱེ་བ་དང་ལྡན་པའི་ཕྱིར་བཟློག་པ་བརྩལ་བ་དང་ལྡན་པ། མགྲོན་དུ་གཉེར་བ་བོས་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །སྦྱིན་པ་པོའམ་སྦྱིན་བདག་མགྲོན་དུ་གཉེར་བ་དང་ལྡན་པ་དེ་ལས་ཕྱིས་དགེ་སློང་དེས་གནས་སྐབས་ཀྱི་ཁྱད་པར་ཇི་ལྟ་བུར་གྱུར་པ་
Vol. 162 · folio 380a
ཞིག་ཏུ་ཟོས་ན་དེའི་ཕྱིར། ཕྱིས་གཞན་ནམ་ཡང་དང་ཡང་དུའམ་དུས་ཀྱིས་མགྲོན་དུ་གཉེར་བ་མ་བྱས་པར་ཞེས་བྱ་བ་སྨྲས་ཏེ། སྦྱིན་པ་པོའམ་སྦྱིན་བདག་མགྲོན་དུ་གཉེར་བ་དང་ལྡན་པ་དེས་སྔར་དགེ་སློང་དེ་མགྲོན་དུ་གཉེར་བ་དང་ལྡན་པ་མ་གཏོགས་པར་དེ་ལས་གཞན་པའི་དུས་སུ་ཕྱིས་
དགེ་སློང་དེ་མགྲོན་དུ་གཉེར་བར་མ་བྱས་པ་གང་ཡིན་པ་དེ་ནི་ཕྱིས་མགྲོན་དུ་གཉེར་བ་མ་བྱས་པ་སྟེ། རྣམ་པ་གང་གིས་ཕྱིས་མགྲོན་དུ་གཉེར་བ་མ་བྱས་པར་ཤེས་ན་དེའི་ཕྱིར་གཞན་ནམ་ཡང་དང་ཡང་དུའམ་དུས་ཀྱིས་མགྲོན་དུ་གཉེར་བ་མ་བྱས་པ་ཡིན་ནོ། །དེ་ལ་གཞན་གྱིས་མགྲོན་དུ་
གཉེར་བ་མ་བྱས་པ་ཞེས་བྱ་བ་ནི། སྔར་ཚིགས་རྣམ་པར་གཞག་པ་མེད་པར་མགྲོན་དུ་གཉེར་བ་ལས་གཞན་པའི་རྣམ་པ་གཞན་གྱིས་མགྲོན་དུ་གཉེར་བ་མ་བྱས་པའོ། །ཡང་དང་ཡང་དུ་མགྲོན་དུ་གཉེར་བ་མ་བྱས་པ་ཞེས་བྱ་བ་ནི། ཉིན་རེ་ཉིན་རེ་ཞིང་ཡང་དང་ཡང་དུ་མགྲོན་དུ་གཉེར་བ་མ་བྱས་པའོ། །
དུས་ཀྱིས་མགྲོན་དུ་གཉེར་བ་མ་བྱས་པའོ་ཞེས་བྱ་བ་ནི། བསམ་པ་ཤས་ཆེན་པོ་ཉིད་ཀྱིས་མགྲོན་དུ་གཉེར་བ་མ་བྱས་པའོ། །དེ་ལྟར་སྦྱིན་པ་པོའམ་སྦྱིན་བདག་གང་གིས་སྔར་མགྲོན་དུ་གཉེར་བ་དང་ལྡན་པ་དེས་དེ་ལས་གཞན་པའི་དུས་སུ་ཕྱིས་གཞན་ནམ་ཡང་དང་ཡང་དུའམ་དུས་ཀྱིས་མགྲོན་དུ་གཉེར་
བ་མ་བྱས་པར་དེ་ལས་དགེ་སློང་དེས་ཟླ་བ་བཞི་པ་ཡོངས་སུ་རྫོགས་པའི་འོག་ཏུ་སྔར་བཤམས་པའི་ཟས་ཟོས་ན་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། གལ་ཏེ་སྦྱིན་པ་པོའམ་སྦྱིན་བདག་གིས་སྔར་དགེ་སློང་དེ་ཟླ་བ་བཞིའི་
བར་དུ་མགྲོན་དུ་བོས་ནས་ཕྱིས་དེའི་འོག་ཏུ་དགེ་སློང་དེ་གཞན་ནམ་ཡང་དང་ཡང་དུའམ་དུས་ཀྱིས་མགྲོན་དུ་མ་བོས་པར་དགེ་སློང་དེས་ཟླ་བ་བཞི་ཚང་བའི་འོག་ཏུ་སྦྱིན་བདག་དེ་ལས་ཟས་བཤམས་པ་ཟོས་ན་ལྟུང་བྱེད་དོ། །སྔར་མགྲོན་དུ་བོས་པའི་གནས་ཀྱི་ཡུལ་ལ་ཁ་ན་མ་ཐོ་བ་འདི་རྣམ་པར་གཞག་
གི་མགྲོན་དུ་མ་བོས་པའི་གནས་ཀྱི་ཡུལ་ལ་ནི་བསོད་པ་སློང་བའི་ཁ་ན་མ་ཐོ་བར་འགྱུར་ཏེ་དེ་གཉིས་ཀྱི་བྱེ་བྲག་ནི་འདི་ཡིན་ནོ། །འདི་ལ་ནི་ངན་པ་དང་བཟང་པོ་གཉིས་ལ་བྱེ་བྲག་མེད་དེ་ཐམས་ཅད་དུ་ཁ་ན་མ་ཐོ་བར་འགྱུར་རོ། །འདིར་གཞུང་ནི་ལྟུང་བ་བསྟན་པ་ལས་དགེ་སློང་ཟླ་བ་བཞིའི་བར་དུ་
Vol. 162 · folio 380b
མགྲོན་དུ་བོས་པ་ལས་ཅུང་ཟད་ལྷག་པར་རོ་མྱོང་བར་བྱེད་ན་སོ་སོར་མགྲོན་དུ་བོས་པ་དང་། རྟག་ཏུ་མགྲོན་དུ་བོས་པ་མ་གཏོགས་པར་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྣམ་པར་རིག་བྱེད་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་འདི་ནི་སྦྱོར་བ་ལ་ཉེས་བྱས་སོ་ཞེས་བྱ་བ་དེའི་སྤྲོས་པ་ཡིན་ཏེ། འདིར་རྣམ་
པར་རིག་བྱེད་ཅེས་བྱ་བ་ནི་ཟླ་བ་བཞི་ལས་ལྷག་པར་བཤམས་པའི་ཟན་གྱི་ཕྱིར་ཉེ་བར་འགྲོ་བ་ཡང་ཡིན་པར་རིག་པར་བྱའོ། །ནད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། ནད་པའི་ཕྱིར་ལུས་དང་ངག་གི་ཕྱིར་རྣམ་པར་རིག་བྱེད་ཀྱི་ཟས་གྲུབ་པ་ལ་ནི་ལྟུང་བ་མེད་པའོ། །འདིར་གཞུང་ནི་མི་ན་བར་བླངས་ཏེ་ཟན་བླངས་པ་ལ་
ནི་ཉེས་བྱས་སོ། །ཟོས་པ་ལ་ནི་ལྟུང་བྱེད་དོ་ཞེས་ཞུ་བ་ལས་གསུངས་པ་དེ་ཉིད་མདོ་འདིར་བསྡུས་པ་ཡིན་ནོ། །ཉེ་དུ་ལས་ཀྱང་ངོ་ཞེས་བྱ་བ་ནི། སྦྱིན་བདག་ཉེ་དུ་ལས་བླངས་ཏེ་ཟོས་པ་ལ་ཡང་ལྟུང་བ་མེད་པའོ། །འདིར་གཞུང་ནི་ཞུ་བ་ལས་ཁྱིམ་བདག་དེ་དེའི་ཕོ་ནུའམ་བུ་ཚའམ་བུ་སྲིང་ཡིན་ན་དེ་དག་ལས་རོ་མྱང་བར་
བྱའོ་ཞེས་གསུངས་པ་ཡིན་ནོ། །རྣམ་པར་འཁྱམས་པ་ལས་སྔ་མ་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་ནི། རྣམ་པར་འཁྱམས་པ་ཞེས་བྱ་བ་ནི་ཁྱིམ་པར་བབས་པ་ལས་སྔ་མ་ཞེས་བྱ་བ་དེ་དགེ་སློང་ཉིད་ནི་ཐ་དད་པ་ཉིད་ཡིན་པའོ། །འདིར་གཞུང་ནི་ཞུ་བ་ལས་ཚེ་དང་ལྡན་པ་ལ་གང་དག་དགོས་པ་དེ་ཁྱེར་ཅིག་ཅེས་དགེ་སློང་
ལ་བསྟབས་པར་གྱུར་པ་ལས་དགེ་སློང་དེ་རྣམ་པར་འཁྱམས་པར་གྱུར་ཅིང་དེ་ཡང་བསྙེན་པར་རྫོགས་པར་བགྱིད་ན་དགེ་སློང་དེས་ཆོ་ག་སྔ་མ་དེ་ཉིད་ཀྱི་རོ་མྱོང་བར་བགྱིའམ། གལ་ཏེ་ཡང་སྟོབས་པར་བྱེད་ན་ནི་རོ་མྱང་བར་བྱའོ། །སྟོབས་པར་མི་བྱེད་ན་ནི་རོ་མྱང་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་མ་
སྟོབས་པའི་ཉེས་པ་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། རྣམ་པར་འཁྱམས་པའི་འོག་ཏུ་བསོད་པ་སློང་བར་བྱེད་པ་ལ་སོགས་པ་དེ་ནི་མ་བསྟབས་པའི་ཉེས་པར་བྱེད་པ་ཡིན་ཏེ། དེ་ནི་མ་བསྟབས་པའི་ཉེས་པ་གང་ཡིན་པ་དེ་ནི་བྱེད་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། རྣམ་པར་འཁྱམས་པའི་འོག་ཏུ་ལན་གཉིས་པ་
བསྙེན་པར་རྫོགས་པ་ན་དགེ་སློང་མ་བསྟབས་པར་སློང་བར་བྱེད་པ་ལ་སོགས་པ་དེའི་ཁ་ན་མ་ཐོ་བ་གང་ཡིན་པ་དེ་ནི་བསོད་པ་སློང་བའི་ཁོངས་སུ་གཏོགས་པར་རིག་པར་བྱའོ། །མདུན་རོལ་དུ་ཡང་གང་གིས་མ་བསྟབས་པའོ་ཞེས་བྱ་བ་ནི། ཟླ་བ་བཞིའི་འོག་འབའ་ཞིག་ཏུ་མ་ཟད་ཀྱི། ཟླ་བ་བཞི་མ་ཚང་བའི་མདུན་རོལ་
Vol. 162 · folio 381a
དུ་ཡང་བཟའ་བར་བྱ་བའི་དངོས་པོ་གང་གིས་མ་བསྟབས་པ་དེ་སློང་ངམ་ཟ་ན་མ་བསྟབས་པའི་ཉེས་པ་བྱེད་པ་ཉིད་ཡིན་པའོ། །མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་ལ་བྱེད་པ་པོ་ཉིད་གང་ཡིན་ཞེ་ན་དེའི་ཕྱིར།
ཤེས་གཙོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་ཤེས་གཙོ་ཞེས་བྱ་བའི་མིང་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་དུ་སྦྱོར་བར་བྱེད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར། མངོན་པར་ཤེས་པ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། ཡོངས་སུ་ཤེས་པ་ཉིད་ལའོ། །མངོན་པར་ཤེས་
པ་ཉིད་གང་ལ་ཞེ་ན། དེའི་ཕྱིར་སྨྲ་བ་པོ་ལའོ་ཞེས་བྱ་བ་སྨྲས་ཏེ། སྨྲ་བར་བྱེད་པ་ལའོ། །དེས་གང་ལ་མངོན་པར་ཤེས་པ་ཉིད་ཡིན་ཞེ་ན་དེའི་ཕྱིར་བསླབ་པ་ལའོ་ཞེས་བྱ་བ་སྨྲས་ཏེ། འདུལ་བ་ལས་གསུངས་པ་ལའོ། །འདི་སྐད་བསྟན་ཏེ་གལ་ཏེ་དགེ་སློང་དག་གིས་དགེ་སློང་འགའ་ཞིག་ལ་ཁྱོད་ཀྱིས་བསླབ་
པ་འདི་ལ་སློབས་ཤིག་ཅེས་སྨྲས་ཏེ་དེ་འདི་སྐད་ཅེས་ཁོ་བོ་ནི་བྱིས་པ་གླེན་པ་མི་གསལ་བ་མི་མཁས་པ་ཁྱེད་ཅག་གི་ཚིག་གིས་བསླབ་པ་འདི་ལ་མི་སློབ་པོ་ཞེས་ཟེར་ལ་དེས་སྨྲ་བ་པོ་དེ་བསླབ་པའི་ཡུལ་ལ་མངོན་པར་ཤེས་པ་ཉིད་དུ་ཡང་ཤེས་ན་དེའི་ཚེ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གལ་ཏེ་སྨྲ་བ་པོ་བསླབ་པའི་ཡུལ་
ལ་མངོན་པར་མི་ཤེས་པ་ཉིད་ཡིན་ན་ནི་དེའི་ཚེ་ཉེས་པ་མེད་དོ། །འདིར་གཞུང་ནི་ཡང་དག་པ་ཁོ་ནར་བྱིས་པ་གླེན་པ་མི་གསལ་བ་མི་མཁས་པ་དག་ཡིན་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །གང་ལ་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར། དགེ་སློང་གིས་ཁྱོད་ཀྱིས་འདི་ལ་བསླབ་པར་བྱའོ་ཞེས་
བརྗོད་པ་ན་འམ་བསྒོ་བ་ན་མི་སློབ་པོ་ཞེས་རྒྱུའི་དངོས་པོ་དེས་གོ་བར་བྱེད་པ་ལས་མི་ཤེས་པ་ཉིད་སྒྲོགས་པར་བྱེད་པའི་ཚིག་བརྗོད་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གིས་ཞེས་བྱ་བ་ནི། གོ་བར་བྱེད་པའི་དགེ་སློང་གིས་སོ། །ཁྱོད་ཀྱིས་ཞེས་བྱ་བ་ནི། ལྟུང་བ་འབྱིན་པར་བྱེད་པས་སོ། །འདི་ལ་ཞེས་བྱ་བ་ནི།
འདུལ་བ་ལས་གསུངས་པ་ལ་སྟེ་མདོ་སྡེ་ལས་གསུངས་པ་ལ་ནི་ཉེས་བྱས་ཀྱིའོ་ཞེས་འབྱུང་བའི་ཕྱིར་རོ། །བསླབ་པར་བྱའོ་ཞེས་བརྗོད་པ་ན་ཞེས་བྱ་བ་ནི། དངོས་གཞིའི་ལྟུང་བ་སོ་སོར་ངེས་པའི་བསླབ་པ་ལ་ཁྱོད་ཀྱིས་བསླབ་པར་བྱའོ་ཞེས་བརྗོད་པ་ནའོ། །བསྒོ་བ་ནའོ་ཞེས་བྱ་བ་ནི། བརྗོད་པ་འདི་ལ་ཁྱོད་ཀྱིས་བསླབ་
Vol. 162 · folio 381b
པར་བྱའོ་ཞེས་སྨོས་པར་བྱས་ནའོ། །དེ་ལྟར་བྱ་བར་རྗོད་པ་ནའམ་བསྒོ་བ་ན་གོ་བར་བྱེད་པའི་དགེ་སློང་ལ་ལ་ལྟུང་བ་འབྱིན་པར་བྱེད་པས་མི་ཤེས་པ་ཉིད་སྒྲོགས་པར་བྱེད་པའི་ཚིག་བརྗོད་ན་དེ་ལ་དེ་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །རྣམ་པ་གང་དང་གང་ཞེ་ན་དེའི་ཕྱིར། མི་སློབ་པོ་ཞེས་རྒྱུའི་དངོས་པོ་དེས་ཞེས་བྱ་བ་
སྨྲས་ཏེ། ཁོ་བོ་བསླབ་པ་འདི་ལ་མི་སློབ་པོ་ཞེས་ཟེར་ཞིང་དེའི་རྒྱུའི་དངོས་པོ་ནི་འདི་སྐད་ཅེས་བདག་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་འདིའི་བར་དུ་མི་སློབ་བོ་ཞེས་ཟེར་བ་སྟེ། དེ་ཡང་ཡང་དག་པར་ནི་མ་ཡིན་ནོ། །གང་ལ་མི་ཤེས་པ་ཉིད་སྒྲོགས་པར་བྱེད་ཅེ་ན། དེའི་ཕྱིར་གོ་བར་
བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། འདུལ་བ་དང་ལྡན་པའི་བསླབ་པའི་ཡུལ་ལ་མངོན་པར་ཤེས་པ་ཉིད་དང་ལྡན་པའི་དགེ་སློང་དག་ལའོ། །མི་ཤེས་པ་ཉིད་སྒྲོགས་པར་བྱེད་པའི་ཚིག་ཇི་སྐད་བརྗོད་ཅེ་ན་དེའི་ཕྱིར་མི་ཤེས་པ་ཉིད་སྒྲོགས་པར་བྱེད་པའི་ཚིག་བརྗོད་ནའོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་བྱིས་པ་གླེན་པ་མི་གསལ་བ་མི་
མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་པོ་ཞེས་དེ་སྐད་ཟེར་བ་སྟེ། གང་གི་ཕྱིར་ཁྱོད་མི་ཤེས་པ་དེའི་ཕྱིར་ཁོ་བོ་མི་སློབ་པོ་ཞེས་གོ་བར་བྱེད་པ་ལ་མི་ཤེས་པ་ཉིད་སྒྲོགས་པར་བྱེད་པའི་ཚིག་གང་ཡིན་པ་དེ་བརྗོད་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མདོ་སྡེ་ལས་གསུངས་པ་ལ་ནི་ཉེས་
བྱས་ཀྱིའོ་ཞེས་བྱ་བ་ཡང་མངོན་པར་ཤེས་པ་ཉིད་ལའོ། །སྨྲ་བ་པོ་ལའོ། །སློབ་པ་པོ་ལའོ། །དགེ་སློང་གིས་ཁྱོད་ཀྱིས་འདི་ལ་བསླབ་པར་བྱའོ་ཞེས་བརྗོད་པ་ནའམ་བསྒོ་བ་ན་མི་སློབ་པོ་ཞེས་རྒྱུའི་དངོས་པོ་དེས་གོ་བར་བྱེད་པ་ལ་མི་ཤེས་པ་ཉིད་སྒྲོགས་པར་བྱེད་པའི་ཚིག་བརྗོད་ན་དེ་ལ་དེ་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ་ཞེས་
བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཞུ་བ་ཅིག་ལས་འདུལ་བ་དང་ལྡན་པ་དག་མ་གཏོགས་པ་མདོ་སྡེ་དག་ལ་འདི་སྐད་ཅེས་ཁོ་བོ་འདི་ལ་མི་སློབ་པོ་ཞེས་ཟེར་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། གལ་ཏེ་ལྟུང་བ་འབྱིན་པར་བྱེད་པའི་དགེ་སློང་གིས་དགེ་སློང་སྨྲ་བ་པོ་དེ་
བསླབ་པའི་གཞིའི་ཡུལ་ལ་དགེ་སློང་འདིས་མངོན་པར་ཤེས་སོ་ཞེས་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ཤེས་ཤིང་དགེ་སློང་སྨྲ་བ་པོ་དེས་ཁྱོད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བརྗོད་པ་ནི་གལ་ཏེ་ལྟུང་བ་འབྱིན་པར་བྱེད་པ་དེས་གོ་བར་བྱེད་པ་དེ་ལ་མི་ཤེས་པ་ཉིད་བསྒྲགས་པར་བྱའོ་སྙམ་པའི་བསམ་པས་འདི་སྐད་
Vol. 162 · folio 382a
ཅེས་ཁོ་བོ་མི་སློབ་པོ་ཞེས་སྒྲོགས་པར་བྱེད་ན་ལྟུང་བ་འབྱིན་པར་བྱེད་པའི་ཚིག་གང་ཡིན་པ་དེ་བརྗོད་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཅི་ཞིག་བྱས་ན་ཉན་རྣ་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་
སློང་དག་རྩོད་པར་གྱུར་པ་དགེ་སློང་དག་གྲོས་བྱེད་པ་ན་མཉན་པའི་ཕྱིར་རྣ་གཏོད་ན་དེ་ཉེ་བར་ཞི་བར་འདོད་པས་ནི་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། ཡུལ་གྱི་དོན་གཅིག་ལ་བརྟེན་པའི་རྒོལ་བ་དང་ཕྱིར་རྒོལ་བ་དག་མང་པོ་ཞིག་ཡོད་མོད་ཀྱི་འོན་ཀྱང་རིགས་གཉིས་ཡོད་པའི་ཕྱིར། དགེ་སློང་དག་ཅེས་གཉིས་
ཀྱི་ཚིག་ཏུ་བྱས་སོ། །རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་དག་ལ་གལ་ཏེ་རྩོད་པར་གྱུར་པ་ནི་རྩོད་པ་དེ་དགེ་སློང་དག་དང་གྲོས་བྱེད་པ་ན་དགེ་སློང་འདི་དག་ཇི་སྐད་ཟེར་བ་བཞིན་དེ་བདག་གིས་མཉན་ཏེ་དེ་ལྟར་དེ་ལྟ་བུར་སྟ་གོན་བྱའོ་སྙམ་ནས་རྐྱེན་དེ་ཉིད་ཀྱིས་མཉན་པའི་ཕྱིར་ཅིའང་མི་སྨྲ་བར་བཞབས་ཏེ་རྣ་
གཏོད་ཅིང་ཉན་ན་ལྟུང་བྱེད་དོ། །ཅི་རྣ་གཏོད་པ་ཐམས་ཅད་ལའམ་ཞེ་ན་དེའི་ཕྱིར་ཉེ་བར་ཞི་བར་འདོད་པས་ནི་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། རྩོད་པ་དེ་ཉེ་བར་ཞི་བར་འདོད་པས་རྣ་གཏོད་ཅིང་ཉན་པ་ནི་མ་གཏོགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གང་ལ་ཁ་ན་མ་ཐོ་བ་ཇི་ལྟར་འགྱུར་ཞེ་ན་དེའི་ཕྱིར།
སྒྲ་ཐོས་པ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་སྒྲ་ཙམ་ཐོས་ན་ཉེས་བྱས་སོ། །དོན་ལ་ནི་དངོས་གཞིའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་སྒྲའི་དོན་གོ་ན་དེའི་ཚེ་དངོས་གཞིའི་ལྟུང་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་དོན་གང་ཡང་རུང་བ་གོ་ན་དངོས་གཞིར་འགྱུར་རམ་ཞེ་ན་དེའི་ཕྱིར། གལ་
ཏེ་འཁྲུག་ལོང་བྱ་བ་ལ་གཞོལ་བས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་འཁྲུག་ལོང་བྱ་བ་ལ་གཞོལ་བས་དེའི་དོན་གོ་ན་དེའི་ཚེ་དངོས་གཞིའོ། །དོན་གཞན་གྱི་དབང་ཉིད་ཀྱིས་སོན་ཅིང་ཤེས་པའི་འོག་ཏུ་རྐང་པ་དང་སེ་གོལ་དང་ལུད་པའི་སྒྲ་དག་གིས་གོ་བར་མི་བྱེད་ན་ངེས་པར་ལྟུང་བ་འབྱིན་པ་
ཉིད་དུ་འགྱུར་ཏེ། གལ་ཏེ་ནོར་པ་དང་ཞི་བར་འདོད་པ་ནི་མ་གཏོགས་སོ་ཞེས་བྱ་བ་ནི། དགོས་པ་གཞན་གྱི་དབང་ཉིད་ཀྱིས་གྲོས་བྱེད་པའི་གནས་སུ་སོན་ཅིང་གལ་ཏེ་དགེ་སློང་དེས་ཀྱང་འདི་ན་དགེ་སློང་དག་གྲོས་ཅུང་ཞིག་བྱེད་དོ་སྙམ་དུ་དེ་ལྟར་ཤེས་ལ་དེ་ལྟར་ཤེས་པའི་འོག་ཏུ་རྐང་
Vol. 162 · folio 382b
པའི་རྟིང་སྒྲའམ་སེ་གོལ་གྱི་སྒྲའམ་ལུད་པའི་སྒྲ་དག་གིས་གྲོས་བྱེད་པ་དེ་དག་ལ་གོ་བར་མི་བྱེད་ན་གོ་བར་མི་བྱེད་པའི་དགེ་སློང་དེས་ངེས་པར་ལྟུང་བ་འབྱིན་པ་ཉིད་དུ་འགྱུར་རོ། །གལ་ཏེ་ནོར་པར་གྱུར་ཏམ་ཞི་བར་འདོད་ན་ནི་མ་གཏོགས་སོ། །འཐབ་གཅུགས་མི་བྱའོ་ཞེས་བྱ་བ་ནི། འཐབ་
མོ་སྤར་བར་མི་བྱའོ། །མཉན་པར་མི་བྱའོ་ཞེས་བྱ་བ་ནི་འཐབ་མོའོ། །དེ་བྱེད་པ་ལ་ཉེ་བར་བསྐོར་ཏེ་འདུག་པར་མི་བྱའོ་ཞེས་བྱ་བ་ནི། འཐབ་མོ་དེ་བྱེད་པའི་གང་ཟག་ལ་ཉེ་བར་བསྐོར་ཞིང་འདུག་པར་མི་བྱ་བ་སྟེ། དེའི་དྲུང་ན་འདུག་པར་མི་བྱ་བའོ་ཞེས་བྱ་བའི་ཐ་ཚིག་གོ། །ཉེ་བར་
ཞི་བར་བྱ་བའི་ཕྱིར་མི་འབད་པར་མི་བྱའོ་ཞེས་བྱ་བ་ནི། རྩོད་པ་དེ་ཉེ་བར་ཞི་བར་བྱ་བའི་ཕྱིར་འབད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཉན་རྣ་ལས་གྱུར་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་མི་སྨྲ་བར་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར་གསོལ་བ་ལ་སོགས་
པའི་ལས་ལ་འདུས་པ་དགེ་སློང་ལས་སྨྲས་པར་འགྲོ་ནའོ་ཞེས་བྱ་བ་སྨྲས་ཏེ། གསོལ་བ་ལ་སོགས་པའི་ལས་ལ་ཞེས་བྱ་བ་ནི། གསོལ་བ་འབའ་ཞིག་དང་གསོལ་བ་དང་གཉིས་དང་གསོལ་བ་དང་བཞིའི་ལས་ཀྱིས་བདག་ཉིད་གསོ་སྦྱོང་དང་དགག་དབྱེ་ལ་སོགས་པ་ལ་སྟེ་རབ་ཏུ་བྱུང་བ་
ལ་ལྟོས་པ་ཞུ་བ་ལ་སོགས་པ་ལ་ནི་མ་ཡིན་ནོ། །འདུས་པ་ཞེས་བྱ་བ་ནི། དགེ་འདུན་འདུས་པའི་ནང་དུ་ཞུགས་པའི་དགེ་སློང་ངོ་། །དགེ་སློང་ལ་མ་དྲིས་པར་འགྲོ་ནའོ་ཞེས་བྱ་བ་ནི། དེར་འདུས་པའི་དགེ་སློང་དེ་འཕྲལ་གྱི་བྱ་བ་ལ་སོགས་པའི་རྐྱེན་ཅིག་བྱུང་ན་ལྟག་འོག་ན་འདུག་
པའི་དགེ་སློང་ཅིག་ལ་མ་སྨྲས་པར་སྟན་ལས་ལངས་ཏེ་འགྲོ་ན་ལྟུང་བྱེད་དུ་འགྱུར་རོ། །འདིར་དགེ་སློང་ལ་སྨྲས་པ་ཞེས་བྱ་བ་ཡང་དགེ་འདུན་ཕྲིན་ལས་མཛད་པ་ལ་སྡོད་དུ་གཞུག་པའི་ཕྱིར་ནི་མ་ཡིན་གྱི། མཐུན་པ་སྒྲུབ་པའི་ཕྱིར་ཏེ་འདུན་པ་འབུལ་བ་དང་འདྲའོ། །ཐག་ཇི་སྲིད་དུ་
སོང་ན་ཁ་ན་མ་ཐོ་བ་ཅིར་འགྱུར་ཞེ་ན་དེའི་ཕྱིར། ཐོས་པའི་ཉེན་ཀོར་ལས་འདས་ན་དངོས་གཞིའོ་ཞེས་བྱ་བ་སྨྲས་ཏེ། སྒྲ་ཐོས་པའི་ཉེན་ཀོར་གང་ཡིན་པ་དེ་ལས་འདས་ན་དགེ་སློང་དེ་ལ་དངོས་གཞིར་འགྱུར་རོ། །མདུན་རོལ་དུ་ཉེས་བྱས་སོ་ཞེས་བྱ་བ་ནི་ཐོས་པའི་ཉེན་ཀོར་ལས་
Vol. 162 · folio 383a
འདའ་བའི་མདུན་དུ་ནི་ཉེས་བྱས་སུ་འགྱུར་བའོ། །དོན་མེད་པ་དང་མི་རིགས་པར་འགྲོ་བའོ་ཞེས་བྱ་བ་ནི། དགོས་པ་མེད་པ་དང་། མི་རིགས་པའི་ཚུལ་གྱིས་དགོས་པ་ནི། དགེ་སློང་ལ་སྨྲས་ཏེ་འགྲོ་ན་ཡང་ཉེས་བྱས་སུ་འགྱུར་བའོ། །གསོལ་བ་བྱས་པ་ཉིད་ལའོ།
ཞེས་བྱ་བ་ནི། ཐོས་པའི་ཉེན་ཀོར་ལས་འདས་པ་ལ་ཡང་ཉེས་བྱས་ཁོ་ནར་འགྱུར་བའོ། །འདིར་གཞུང་ནི་བཙུན་པ་ལས་བརྗོད་པ་བགྱིས་པ་ན་དགེ་སློང་སྟན་ལས་ལངས་ཏེ་མཆི་ཞིང་དགེ་སློང་མཆིས་པ་དག་ལ་ཡང་མི་མཆི་ན་ལྟུང་བ་ཅིར་འགྱུར། ཉེ་བ་འཁོར་ཉེས་བྱས་སོ་ཞེས་གསུངས་པ་
ཡིན་ནོ། །ཆོས་དང་ལྡན་པ་ཉིད་མ་ཡིན་པའི་ལས་ལ་ཡང་ངོ་ཞེས་བྱ་བ་ཡང་། མ་སྨྲས་པར་ཐོས་པའི་ཉེན་ཀོར་ལས་འདའ་ན་ཉེས་བྱས་ཁོ་ནར་འགྱུར་བའོ། །དེ་ལྟར་མདོ་གསུམ་པོ་དེ་དག་ལ་ནི་དངོས་གཞིའི་གནས་སུ་ཉེས་བྱས་སུ་རིག་པར་བྱའོ། །འདིར་གཞུང་ནི་ཞུ་བ་ཁ་ཅིག་ལས་ཆོས་
དང་ལྡན་པ་ཉིད་མ་ཡིན་པའི་ལས་བྱེད་པ་ན་འགྲོ་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཐོས་པའི་ཡུལ་ལས་མི་འདའ་བར་འདོད་པས་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ཐོས་པའི་ཡུལ་ཡོངས་སུ་མི་གཏོང་ངོ་སྙམ་པའི་བསམ་པས་འགྲོ་བ་ལ་ནི་ལྟུང་བ་མེད་དོ། །འདི་ནི་སྔར་མདུན་རོལ་དུ་ནི་ཉེས་བྱས་
སོ་ཞེས་སྨྲས་པ་དེའི་དམིགས་ཀྱིས་བསལ་བ་ཡིན་ནོ། །འདིར་གཞུང་ནི་ཞུ་བ་ལས་གསོལ་བ་བརྩམས་པ་ན་བཤང་བའི་སའམ་གཅི་བའི་སར་འགྲོ་ཞིང་དགེ་སློང་འཁོད་པ་དག་ལ་མི་སྨྲ་བར་ཡང་ཐོས་པའི་ཉེན་ཀོར་ཡོངས་སུ་མི་གཏོང་བ་གང་ཡིན་པ་ལ་ནི་ལྟུང་བ་མེད་དོ། །གཏོང་ན་ནི་དངོས་
གཞི་ཁོ་ནར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མི་སྨྲ་བར་འགྲོ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་མ་གུས་པའི་ཚུལ་གྱིས་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། འདུག་པ་དང་འགྲོ་བ་དང་གནས་མལ་དང་གཙུག་ལག་ཁང་ལེན་པ་དང་སྨྲ་བ་ལ་སོགས་པ་བསྒོ་བའི་
དོན་ལ་མ་གུས་པས་ཆོས་དང་ལྡན་པར་ཤད་ཀྱིས་སྦྱང་བ་མེད་པར་དེ་ལ་བཟློག་པ་སྟེ་འགལ་བར་བྱེད་པའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གི་དགེ་འདུན་གྱིས་འདུག་པ་དང་འགྲོ་བ་དང་གནས་མལ་ལེན་པ་དང་གཙུག་ལག་ཁང་ལེན་པ་དང་སྨྲ་བ་ལ་སོགས་པ་བསྒོ་བའི་དོན་ལ་མ་
Vol. 162 · folio 383b
གུས་པས་ཆོས་དང་ལྡན་པར་ཤད་ཀྱིས་སྦྱང་བ་མེད་པར་དེ་ལས་བཟློག་སྟེ་མི་འདུག་པ་དང་མི་འགྲོ་བ་དང་གནས་མལ་མི་ལེན་པ་དང་། གཙུག་ལག་ཁང་མི་ལེན་པ་དང་མི་སྨྲ་བ་ལ་སོགས་པས་འགལ་ཞིང་འདའ་བར་བྱེད་པ་ལས་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སོགས་པ་ཞེས་སྨོས་པའི་སྒྲས་ནི་
དོན་ལྷག་མ་དག་ཀྱང་བསྡུ་བའི་ཕྱིར་རོ། །མ་གུས་པས་ཞེས་བྱ་བ་དང་ཆོས་དང་ལྡན་པས་ཤད་ཀྱིས་སྦྱང་བ་མེད་པར་ཞེས་བྱ་བའི་ཚིག་གཉི་ག་སྨོས་པ་ནི་ཕན་ཚུན་འཁྲུལ་པ་མེད་པར་བསྟན་པའི་ཕྱིར་ཏེ། འདི་ལྟ་སྟེ་དཔེར་ན། སྨྲོས་ཤིག་ཅེས་བྱས་ན་ཤིན་ཏུ་ཤེད་དམན་པའི་ཕྱིར་ཅུང་ཟད་ཀྱང་
སྨྲ་བར་མི་ནུས་པར་ཅང་མི་སྨྲ་བར་འདུག་ཅིང་ཆོས་དང་ལྡན་པར་ཤད་ཀྱིས་སྦྱོང་བར་མི་བྱེད་ན་དེ་ལ་ནི་མ་གུས་པ་མེད་ལ། ཚིག་རྩུབ་མོས་ཆོས་དང་ལྡན་པར་ཤད་ཀྱིས་སྦྱོང་བར་བྱེད་ན་དེ་ལ་ནི་མ་གུས་པ་ཡོད་པས་དེའི་ཕྱིར་གང་ལ་གཉི་ག་ཡོད་པ་དེ་ལ་ནི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་ལ།
གང་ཡང་རུང་བ་མེད་པ་ལ་ནི་ཉེས་བྱས་སོ། །སུས་བསྒོ་བའི་དོན་ལས་འགལ་བར་བྱེད་པ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་གི་དགེ་འདུན་གྱིས་ལ་ནི་དངོས་གཞིའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གི་དགེ་འདུན་གྱིས་བསྒོ་བའི་དོན་ལས་འགལ་བར་བྱེད་པ་ལ་ནི་དངོས་གཞིར་འགྱུར་
རོ། །མཁན་པོ་དང་སློབ་དཔོན་གྱིས་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། དེ་དག་གིས་བསྒོ་བའི་དོན་ལས་འགལ་བར་བྱེད་པ་ལ་ནི་ཉེས་བྱས་སུ་འགྱུར་བའོ། །ཆོས་དང་ལྡན་པ་ཉིད་མ་ཡིན་པའི་བསྒོ་བ་ལས་ཀྱང་ངོ་ཞེས་བྱ་བ་ནི། དགེ་སློང་གི་དགེ་འདུན་གྱིས་བསྒོ་བའི་དོན་ཆོས་དང་ལྡན་པ་ཉིད་མ་
ཡིན་པའི་བསྒོ་བ་ལས་འགལ་བར་བྱེད་པ་ལ་ཡང་ཉེས་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་དགེ་སློང་གིས་དགེ་སློང་གནས་བརྟན་རྣམས་ཆོས་དང་ལྡན་པའི་བཀའ་མཆིད་རྣམ་པར་གཏན་ལ་འབེབས་པ་ན་གློ་བུར་དུ་བཀའ་མཆིད་མཆི་ལ་ལྟུང་བར་ཡང་མི་འགྱུར་བ་
མཆིས་སམ་ཡོད་དེ་འདི་ལྟ་སྟེ། དགེ་སློང་གནས་བརྟན་དག་ཆོས་མ་ཡིན་པ་སྨྲ་ལ་གསར་བུ་དག་ནི་ཆོས་སྨྲ་བས་གློ་བུར་དུ་གཏམ་ཟེར་ན་ཉེས་བྱས་སུ་འགྱུར་བའོ་ཞེས་གསུངས་པ་ཡིན་ནོ། །གཏམ་ཟེར་བ་ནི་དེ་ཉིད་དོ་ཞེས་བྱ་བ་ནི། གཞན་དག་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་
Vol. 162 · folio 384a
པའི་བར་དུ་གློ་བུར་དུ་གཏམ་ཟེར་བ་ནི། དགེ་སློང་གི་དགེ་འདུན་གྱིས་བསྒོ་བ་ལས་འགལ་བར་བྱེད་པ་ཡིན་ཏེ་ལྟུང་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་གླང་ཆེན་ལྷས་ཀྱི་བདག་པོའི་བུ་ནག་པ་གཏམ་གྱི་མཇུག་མོད་པར་མི་བྱེད་གུས་པར་མི་བྱེད་ཞེས་མི་བྱེད་ཅིང་
ཕྱིར་སྨྲ་བར་བྱའོ་སྙམ་དུ་སེམས་སོ་ཞེས་བྱ་བའི་བར་དུ་གསུངས་པ་དེ་དང་འདིར་གཞུང་ནི་ཞུ་བའི་གཞུང་ལས་ཀྱང་གསར་བུ་ཆོས་མ་ཡིན་པ་སྨྲ་བ་དག་གནས་བརྟན་ཆོས་སྨྲ་བ་རྣམས་ལ་གློ་བུར་དུ་གཏམ་ཟེར་བ་ནི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱི་ཐ་སྙད་པ་ནི་དེའི་ཁ་ཡིན་ནོ་
ཞེས་བྱ་བ་ནི། དགེ་འདུན་གྱི་ཐ་སྙད་པ་ནི་དགེ་འདུན་གྱི་ཁ་ཡིན་ཏེ། དགེ་འདུན་གྱི་ཐ་སྙད་པས་བསྒོ་བ་ཡིན་པ་དེ་ནི་དགེ་འདུན་ཉིད་ཀྱིས་བསྒོ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་ནི་དགེ་འདུན་དང་འདྲའོ་ཞེས་བྱ་བ་ནི། སངས་རྒྱས་ལ་མ་གུས་པ་ལས་ཁ་ན་མ་ཐོ་བ་ཡོངས་སུ་
རྫོགས་པར་འགྱུར་བ་ནི་དགེ་འདུན་དང་འདྲ་བ་སྟེ། བསླབ་པ་ལས་འགལ་བར་བྱེད་པའི་དུས་ན་གལ་ཏེ་དེའི་ཚིག་མི་དགོས་པ་འདིས་ཅི་ཞིག་བྱ་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་བཅོམ་ལྡན་འདས་ལ་མ་གུས་པ་སྐྱེ་བ་ལ་ནི་ལྟུང་བྱེད་དོ། །གལ་ཏེ་བསླབ་པ་ཙམ་ལ་ཅུང་ཟད་ཙམ་
དང་ངན་ངོན་ཙམ་འདིས་ཅི་ཞིག་བྱ་ཞེས་བྱ་བ་ལ་སོགས་པས་བསླབ་པ་ལ་མ་གུས་པ་སྐྱེ་ན་ནི་ཉེས་བྱས་སོ། །རྒྱལ་པོ་དང་དགྲ་བཅོམ་པ་དང་དགེ་འདུན་གྱི་གནས་བརྟན་རྣམས་ཀྱི་ཚིག་རྣམ་པར་དཀྲུག་པར་མི་བྱའོ་ཞེས་བྱ་བ་ལ། འདིར་གཞུང་ནི་ཤཱ་རིའི་བུ་ལྔ་པོ་དག་གི་ཚིག་ནི་མི་བསྐྱོད་
པར་བྱ་བ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་དང་། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དང་། དགེ་འདུན་གྱི་གནས་བརྟན་དང་དགེ་སྐོས་ཀྱིའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་སངས་རྒྱས་ནི་དགེ་འདུན་དང་འདྲའོ། །
དགེ་འདུན་གྱི་ཐ་སྙད་པ་ནི་དེའི་ཁ་ཡིན་ནོ་ཞེས་བྱ་བའི་མདོ་སྔ་མ་གཉིས་ཀྱིས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང་དགེ་འདུན་གྱི་དགེ་སྐོས་ཀྱི་ཚིག་དང་འགལ་བར་བྱེད་པ་ལ་ལྟུང་བྱེད་དུ་བསྟན་པ་ཡིན་ནོ། །མདོ་འདིས་ནི་ལྷག་མ་གསུམ་པོ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་
Vol. 162 · folio 384b
ནས་དབང་བསྐུར་བ་དང་། དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་དང་། དགེ་འདུན་གྱི་གནས་བརྟན་རྣམས་ཀྱི་ཚིག་ལས་འགལ་བར་བྱེད་པ་ལས་ཉེས་བྱས་སུ་བསྟན་པ་ཡིན་ནོ། །མ་གུས་པའི་ཚུལ་གྱིས་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཅི་ཞིག་བྱས་ན་མྱོས་པར་འགྱུར་
བ་འཐུང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། མྱོས་པར་འགྱུར་བ་འཐུང་ནའོ་ཞེས་བྱ་བ་སྨྲས་ཏེ། མྱོས་པར་འགྱུར་བའི་བལྟུང་བ་འཐུང་ནའོ། །དེ་བསྐོལ་ན་ནི་དེ་ཉིད་ལས་ཉམས་པ་ཡིན་ནོ་ཞེས་བྱ་བ་ལ། མྱོས་པར་འགྱུར་བ་དེ་བསྐོལ་ན་ནི་མྱོས་པར་འགྱུར་བ་དེ་ཉིད་ལས་ཉམས་པ་ཡིན་
ནོ། །འདིར་གཞུང་ནི་བསྐོལ་བ་འཐུང་བ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །སྔ་མ་དང་ཚིགས་མ་ཟ་བ་ལ་ནི་དེའི་འཇུག་པ་ཡོད་དོ་ཞེས་བྱ་བ་ནི། །སྦང་མ་དང་ཚིགས་མ་ཟ་བ་ལ་ནི་མྱོས་པར་འགྱུར་བ་དེའི་འཇུག་པ་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྦང་མ་ཞེས་བྱ་བ་ནི་འབྲུའི་ཆང་གི་
སྦང་མའོ། །ཚིགས་མ་ཞེས་བྱ་བ་ནི་བཅོས་པའི་ཆང་གི་ཚིགས་མའོ། །འདིར་གཞུང་ནི་སྦང་མ་ཟ་ན་ལྟུང་བྱེད་དོ། །ཚིགས་མ་ཟ་ན་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ཕབས་ཀྱི་ཆང་བུ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི། མྱོས་པར་འགྱུར་བའི་ཕྱེད་ཉིད་དེ་ཉེས་བྱས་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་
གོ། །རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་མྱོས་པར་འགྱུར་བ་རྣམས་ཀྱང་ངོ་ཞེས་བྱ་བ་ནི། མྱོས་པར་འགྱུར་བའི་ཕྱེད་ཉིད་དོ། །མྱོས་པར་འགྱུར་བའི་དྲི་དང་རོ་བྲོ་བའི་ཐུག་པ་མྱོས་པར་མི་བྱེད་པ་རྣམས་ཀྱང་ངོ་ཞེས་བྱ་བ་ཡང་མྱོས་པར་འགྱུར་བའི་ཕྱེད་ཉིད་དོ། །མདོག་
ཙམ་མྱོས་པར་འགྱུར་བ་དང་འདྲ་བ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། འདིར་གཞུང་ནི་མདོག་ཙམ་འབའ་ཞིག་མྱོས་པར་འགྱུར་བ་དང་འདྲ་བ་འཐུང་བ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །མཁུར་བར་བསྲེལ་བ་དང་ལུས་སྐུད་པ་ནི་སྦྱོར་བ་དང་འདྲའོ་ཞེས་བྱ་བ་ནི། མྱོས་པར་འགྱུར་
བ་མཁུར་བར་བསྲེལ་བ་དང་དེས་ལུས་སྐུད་པ་ནི་སྦྱོར་བ་དང་འདྲ་བར་རིག་པར་བྱ་སྟེ་ཉེས་བྱས་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ནད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། ནད་པས་མཁུར་བར་བསྲེལ་བ་དང་ལུས་སྐུད་པ་དག་བྱེད་པ་ལ་ནི་ལྟུང་བ་མེད་པའོ། །འདིར་གཞུང་ནི་སྨན་
Vol. 162 · folio 385a
པའི་ལུང་གིས་མཁུར་བར་བསྲེལ་བ་དང་ལུས་དག་སྐུད་པ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ཉིད་སྦྱོར་བ་དང་འདྲའོ་ཞེས་བྱ་བ་ནི་མདོ་སྔ་མ་ཤོས་ཀྱི་ཁུངས་ཡིན་ནོ། །མྱོས་པར་འགྱུར་བ་འཐུང་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།དུས་མ་
ཡིན་པར་འགྲོ་བའི་ལྟུང་བྱེད་ལ་བྱེད་པ་པོ་ཉིད་གང་ཡིན་ཞེ་ན་དེའི་ཕྱིར། ཤེས་གཙོ་བོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་ཤེས་གཙོ་བོ་ཞེས་བྱ་བའི་མིང་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་དུ་སྦྱོར་བར་བྱེད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་
ཞེ་ན་དེའི་ཕྱིར་དུས་མ་ཡིན་པ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། དུས་མ་ཡིན་པའི་ཡུལ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །དུས་མ་ཡིན་པའི་མཚན་ཉིད་ནི་སྔར་དུས་མ་ཡིན་པར་ཟ་བའི་སྐབས་སུ་རང་གི་ཕྱེད་ཉིད་ཡོལ་ནས་སྐྱ་རེངས་ཤར་བའི་བར་ནི་དུས་མ་ཡིན་ནོ་ཞེས་བསྟན་
པ་ཡིན་ནོ། །དགེ་སློང་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ལ་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར་དགེ་སློང་འཁོད་པ་ལས་མ་སྨྲས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གང་གིས་དགེ་སློང་འཁོད་ཅིང་ཡོད་པ་ལ་མ་སྨྲས་པ་དེ་ནི་དགེ་སློང་འཁོད་པ་ལ་མ་སྨྲས་པ་སྟེ་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་
ཡིན་ནོ། །ཅི་ཞིག་བྱས་ན་དགེ་སློང་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར་གྲོང་དུ་ཞུགས་ནའོ་ཞེས་བྱ་བ་སྨྲས་ཏེ། ཁྱམས་གཅིག་པའི་གནས་ཀྱང་གྲོང་ཉིད་ཡིན་པར་གསུངས་པས་དེའི་ཕྱིར་ཁང་པ་གཅིག་ཙམ་ཡོད་པའི་གནས་ཀྱང་གྲོང་ཉིད་ཡིན་ནོ། །གྲོང་པའི་
ཆོས་དང་ལྡན་པར་ལྷག་པར་སྤྱོད་པའི་གནས་དག་ལ་ནི་གྲོང་གི་སྒྲ་འཇུག་པར་འགྱུར་བས་དེའི་ཕྱིར་མ་སྨྲས་པར་ཕྱི་རོལ་པའི་རབ་ཏུ་བྱུང་བའི་གནས་སུ་འཇུག་པ་ལ་ཉེས་པ་མེད་དོ། །བསྐོར་བ་དང་བཅས་པའི་གྲོང་ལ་ནི་སྒོ་གཏན་གྱི་བར་དུ་འཇུག་ན་ཞུགས་པ་ཡོངས་སུ་རྫོགས་པར་
རིག་པར་བྱའོ། །མ་བསྐོར་བ་ལ་ནི་བསྐོར་བའི་མཐའི་འདོམ་གང་ལ་སོགས་པར་རོ། །ཅི་ཞུགས་པ་ཐམས་ཅད་ལའམ་ཞེ་ན་དེའི་ཕྱིར། གལ་ཏེ་གཏད་པའི་བྱ་བ་མ་བྱུང་ནའོ་ཞེས་བྱ་བ་སྨྲས་ཏེ། གང་ལ་ཆོམ་རྐུན་ལ་སོགས་པས་གནོད་པའི་བྱ་བ་གཏད་པ་མེད་པ་དེ་ལ་ཁ་ན་མ་
Vol. 162 · folio 385b
ཐོ་བ་འདིར་འགྱུར་རོ། །དེའི་དབང་གིས་འཇུག་པ་གང་ཡིན་པ་དེ་ལ་ནི་ལྟུང་བ་མེད་དོ། །གཞན་དུ་རྒྱུ་བ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། དེ་ཕྱོགས་གང་དུ་གྲོང་བའི་ཕྱིར་སྨྲས་པའི་ཕྱོགས་དེ་ལས་གཞན་པ་དེའི་ཡན་ལག་ཏུ་གྱུར་པའི་ཕྱོགས་གང་ཡིན་པ་དེར་རྒྱུ་བ་དེ་ལ་ནི་ཉེས་བྱས་
སོ། །གྲོང་གཅིག་པའི་ཁྱིམ་གཞན་དུ་འགྲོ་བ་སྨྲ་ཞིང་ཁྱིམ་གཞན་དུ་རྒྱུ་བ་ཡང་ཉེས་བྱས་སོ། །གྲོང་གཞན་དུ་རྒྱུ་བ་ལ་ནི་ལྟུང་བྱེད་དོ། །གྲོང་ཡོངས་སུ་ཆད་པར་བྱེད་ཅིང་ཁྱིམ་ཡོངས་སུ་ཆད་པར་མི་བྱེད་པར་གྲོང་དེའི་ཁྱིམ་དུ་འཇུག་པ་ཡང་ཉེས་བྱས་ཁོ་ནའོ། །འདིར་གཞུང་ནི་ཞུ་བ་
ལས་གང་ལ་ཉེན་ཀོར་གཅིག་ཡིན་པའི་ཉེན་ཀོར་ཤེས་པ་ལས་འདས་སྟེ་དེར་འགྲོ་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །འདིར་ཉེན་ཀོར་གཅིག་ཉིད་ཅེས་བྱ་བས་ནི་གྲོང་གཅིག་ཉིད་བསྟན་པར་རིག་པར་བྱའོ། །འདི་ལ་དགེ་སློང་མེད་ན་དགེ་སློང་མ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི།
དགེ་སློང་འཁོད་པ་ལ་སྨྲས་ཏེ། འགྲོ་བར་བྱ་བ་འདི་ལ་གང་ལ་སྨྲ་བར་བྱ་བའི་དགེ་སློང་མེད་ན་དགེ་སློང་མ་ཡང་དེ་དང་འདྲ་བར་རིག་པར་བྱ་སྟེ། གལ་ཏེ་དགེ་སློང་མེད་ན་དགེ་སློང་མ་དེ་ལ་སྨྲ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་མེད་ན་དགེ་ཚུལ་ལའོ་ཞེས་བྱ་བ་ནི། དགེ་སློང་མ་དེ་
ཡང་མེད་ན་དགེ་ཚུལ་དགེ་སློང་དང་འདྲ་བར་རིག་པར་བྱའོ། །དེ་ཡང་མེད་ན་དགེ་སློབ་མའོ་ཞེས་བྱ་བ་ནི། དགེ་ཚུལ་དེ་ཡང་མེད་ན་དགེ་སློབ་མ་དགེ་སློང་དང་འདྲའོ། །དེ་ཡང་ན་དགེ་ཚུལ་མའོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློབ་མ་དེ་ཡང་མེད་ན་དགེ་ཚུལ་མ་ཡོད་ན་དེ་ལ་སྨྲ་བར་བྱའོ་ཞེས་
བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་དགེ་སློང་གིས་དགེ་སློང་ལ་སྨྲ་བར་བྱ་ཞིང་དགེ་སློང་མ་དང་དགེ་ཚུལ་དང་དགེ་སློབ་མ་དང་དགེ་ཚུལ་མ་ལ་ཡང་སྨྲ་བར་བྱ་སྟེ་འཁོར་ལོ་བཞིན་དུ་སྦྱར་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །བརྡ་མི་ཕྲད་པ་ནི་མེད་པ་ཉིད་དོ་ཞེས་བྱ་བ་ནི། གླེན་པ་དང་ལྐུགས་པ་དང་
ཀླ་ཀློ་ལ་སོགས་པ་དག་དེས་བརྡ་མི་ཕྲད་པ་ཡིན་ན་སྨྲ་བར་བྱ་བ་ཉིད་མ་ཡིན་ནོ། །འདིར་གཞུང་ནི་ཐ་མལ་པར་སྨྲས་པ་མི་ཐོས་པ་དང་ཐ་མལ་པར་སྨྲས་པ་མི་ཤེས་པ་གང་དག་ཡིན་པ་དེ་དག་དང་ལྷན་ཅིག་འདུག་པས་དེ་དག་ལ་མ་སྨྲས་པར་འཇུག་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །
Vol. 162 · folio 386a
མཚམས་གཞན་ན་གནས་པ་དང་། སྤངས་པ་དང་གཞན་གྱི་ཕྱོགས་དང་མཐུན་པ་དག་ཀྱང་ངོ་ཞེས་བྱ་བ་ཡང་མེད་པ་ཉིད་ཡིན་པའི་མཚམས་གཞན་ན་གནས་པ་ཞེས་བྱ་བ་ནི། ནམ་མཁའ་ལ་གནས་པའི་དགེ་སློང་ལ་ས་ལ་གནས་པའི་དགེ་སློང་གིས་མ་སྨྲས་པར་
འཇུག་པ་ལ་ལྟུང་བ་མེད་པའོ། །དེ་བཞིན་དུ་སྤངས་པ་དང་། གཞན་གྱི་ཕྱོགས་སུ་གྱུར་པ་ལ་མ་སྨྲས་པར་འཇུག་པ་ལ་ཡང་ལྟུང་བ་མེད་དོ། །གཞན་གྱི་ཕྱོགས་དང་མཐུན་པ་ཞེས་བྱ་བ་ནི། ཐ་དད་པར་གྱུར་པའི་དགེ་འདུན་གྱི་ཕྱོགས་གཞན་དུ་གཏོགས་པར་རིག་པར་བྱའོ། །འདིར་
གཞུང་ནི་ས་ལ་གནས་པས་ནམ་མཁའ་ལ་གནས་པ་ལ་མ་སྨྲས་པར་འཇུག་པ་ལ་ལྟུང་བ་མེད་དོ། །ཐ་དད་པར་སྨྲས་པ་དང་ལྷན་ཅིག་འདུག་པས་དེ་ལ་མ་སྨྲས་པར་འཇུག་པ་ལ་ལྟུང་བ་མེད་དོ། །དེ་བཞིན་དུ་མི་མ་ཡིན་པ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དག་དང་ལྷན་ཅིག་འདུག་
པས་དེ་ལ་མ་སྨྲས་པར་འཇུག་པ་ལ་ལྟུང་བ་མེད་དོ། །སྔོན་ལྟུང་བ་བྱུང་བ་དང་། དང་པོ་འཁྲུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། དགེ་སློང་མ་སུན་ཕྱུང་བ་དང་། མཐའི་ལྟུང་བ་འབྱུང་བ་དང་ལྷན་ཅིག་འདུག་པས་དེ་དག་ལ་མ་སྨྲས་པར་འཇུག་པ་ལ་ལྟུང་བ་མེད་དོ། །དེ་
ལས་གཞན་པའི་དགེ་སྦྱོང་དང་བྲམ་ཟེ་དག་དང་ལྷན་ཅིག་འདུག་པས་མ་དྲིས་པར་འཇུག་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །རྫུ་འཕྲུལ་གྱིས་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། རྫུ་འཕྲུལ་གྱིས་གྲོང་དུ་འཇུག་པ་ལ་ནི་ལྟུང་བ་མེད་དོ། །འདིར་གཞུང་ནི་རྫུ་འཕྲུལ་གྱིས་
ནམ་མཁའ་ལ་འཇུག་ན་མ་སྨྲས་ཀྱང་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་གྲོང་རྒྱུ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར་དུས་མ་ཡིན་པར་ཁྱིམ་བཞི་པ་ལ་སོགས་པར་འགྲོ་བ་ལའོ་ཞེས་བྱ་བ་
སྨྲས་ཏེ། དགེ་སློང་གུང་ཚིགས་ལས་ཡོལ་བའི་དུས་མ་ཡིན་པར་ཁྱིམ་བཞི་པ་ལ་སོགས་པར་འགྲོ་བ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ལྟུང་བྱེད་སྔ་མ་ལ་ནི་དགེ་སློང་འཁོད་པ་དག་ལ་མ་སྨྲས་པར་འགྲོ་བ་ལ་ལྟུང་བྱེད་དུ་བསྟན་ཏོ། །འདིར་ནི་དགེ་སློང་འཁོད་པ་དག་ལ་
Vol. 162 · folio 386b
སྨྲས་སུ་ཟིན་ཀྱང་ལྟུང་བྱེད་དུ་འགྱུར་རོ། །ཅི་འདིར་དེ་འབའ་ཞིག་ལའམ་ཞེ་ན་དེའི་ཕྱིར། དེའི་ཚིག་གིས་དགེ་འདུན་སྤྱན་དྲངས་པ་ནི་སྦྱིན་བདག་ལ་ཁོ་བོ་མ་འོངས་པའི་དབང་གིས་བྲིམ་པ་ཡོལ་བར་མི་བྱ་ཤིག་ཅེས་མ་བསྒོ་བར་གསུམ་པ་ལ་སོགས་པར་རྒྱུ་བ་ལ་ཡང་ངོ་ཞེས་བྱ་བ་
སྨྲས་ཏེ། དགེ་སློང་དེའི་ཚིག་གིས་དགེ་འདུན་ཟས་དང་བཅས་པའི་ཁྱིམ་དུ་སྤྱན་དྲངས་པ་ན་གལ་ཏེ་དགེ་སློང་དེས་སྦྱིན་པ་པོ་དང་སྦྱིན་བདག་ལ་འདི་སྐད་ཅེས་ཁོ་བོ་མ་འོངས་པའི་དབང་གིས་ཁྱོད་ཀྱིས་དགེ་སློང་རྣམས་ལ་ཟས་བྲིམ་པ་ཡོལ་བར་མི་བྱ་ཤིག་ཅེས་མ་བསྒོ་བར་ཁྱིམ་གསུམ་
པ་ལ་སོགས་པར་རྒྱུ་ཞིང་འགྲོ་བ་དེ་ལ་ཡང་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དགེ་སྦྱོང་གི་ཚུལ་དང་སྲོག་ལ་སོགས་པའི་བར་ཆད་ཀྱི་དབང་གིས་ནི་ལྟུང་བ་མེད་དོ། །འདིར་ནི་ཁྱིམ་རེ་རེར་སོང་བ་ལ་ལྟུང་བྱེད་རེ་རེར་འགྱུར་བ་དེའི་ཕྱིར་ཁྱིམ་བཞི་པ་ལ་སོགས་པར་འགྲོ་བ་ལའོ་ཞེས་
བྱ་བའི་མདོ་སྔ་མ་ལ་ནི་ཁྱིམ་བཞི་པ་དང་ལྔ་པ་དང་དྲུག་པ་ལ་སོགས་པར་འགྲོ་བ་ལས་ཞེས་བྱ་བའི་ཐ་ཚིག་སྟེ། ཁྱིམ་སོ་སོར་འགྲོ་བ་ལ་ནི་གསུམ་པ་ལ་སོགས་པར་རྒྱུ་བ་ལ་ཡང་ངོ་ཞེས་བྱ་བའི་མདོ་ཕྱི་མ་ལ་ནི་ཁྱིམ་གསུམ་པ་དང་བཞི་པ་དང་ལྔ་པ་ལ་སོགས་པར་འགྲོ་བ་ལ་ཞེས་བྱ་
བའི་ཐ་ཚིག་སྟེ། ཁྱིམ་སོ་སོར་འགྲོ་བ་ལ་ནི་སྦྱོར་བ་ཐ་དད་པའི་ཕྱིར་རོ། །ཟན་གཅད་པར་བྱ་བའི་བསླབ་པ་ལ་ནི་འདིར་ཁྱིམ་རེ་རེ་ལ་ལྟུང་བྱེད་གཞན་ཡོད་པར་རིག་པར་བྱའོ། །གྲོང་རྒྱུ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་ལ་
བྱེད་པ་པོ་གང་ཡིན་ཞེ་ན། དེའི་ཕྱིར་ཤེས་གཙོ་བོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་ཤེས་གཙོ་ཞེས་བྱ་བའི་མིང་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་དུ་སྦྱོར་བར་བྱེད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར། ནམ་མ་ལངས་པ་ཉིད་
ལའོ་ཞེས་བྱ་བ་སྨྲས་ཏེ། ནམ་མ་ལངས་པའི་ཡུལ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཏེ། ནམ་ཡང་མ་ལངས་ལ་དགེ་སློང་གིས་ཀྱང་ནམ་མ་ལངས་པར་འདུ་ཤེས་ན་ཞེས་བྱ་བའི་ཐ་ཚིག་གོ། །ཉིན་མོའི་དང་པོ་ནི་སྐྱ་རེངས་དང་པོ་ཤར་བ་ཡིན་པར་གསུངས་པ་དེའི་མདུན་རོལ་ནི་
Vol. 162 · folio 387a
མཚན་མོའི་མཐའ་ཡིན་པར་རྣམ་པར་གཞག་ན། ཅི་འདིར་ཡང་དེ་བཞིན་དུ་རྣམ་པར་གཞག་གམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར། འདི་ནི་སྐྱ་རེངས་ཐ་མ་ཤར་བ་ཉིད་དེ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྐབས་འདིར་ནི་སྐྱ་རེངས་ཐ་མ་མ་ཤར་བ་ཉིད་
ནམ་མ་ལངས་པ་ཉིད་ཡིན་ལ། སྐྱ་རེངས་ཐ་མ་ཤར་བ་ཉིད་ནི་ནམ་ལངས་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གནས་སྐབས་གང་ལ་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར། བཙུན་མོའི་འཁོར་འདུག་པའི་གནས་དང་འབྲེལ་པ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། བཙུན་
མོའི་འཁོར་འདུག་པའི་གནས་དང་ལྟུང་བ་འབྱིན་པར་བྱེད་པའི་ལུས་སུ་འབྲེལ་པ་ཉིད་ལ་འདུ་ཤེས་གང་ཡིན་པ་དེ་བྱེད་པ་པོ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་ནུབ་མོ་བཙུན་མོའི་འཁོར་གྱི་གནས་སུ་ལུས་འབྲེལ་བར་གྱུར་ཅིང་དེར་འདུ་ཤེས་པར་ཡང་གྱུར་
ན་དེའི་ཚེ། ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཅི་ནུབ་མོ་གང་ལ་འབྲེལ་པ་ཉིད་དུ་འགྲོ་བའི་སྐབས་བྱེད་པ་པོ་དེ་ལ་འདུ་ཤེས་གང་ཡིན་པ་དེ་བྱེད་པ་པོ་ཉིད་ཡིན་ནམ་འོན་ཏེ་དུས་གཞན་གྱི་ཚེ་འགྲོ་བའི་སྐབས་བྱེད་པ་པོ་ལ་ཡང་ཡིན་ཞེ་ན་དེའི་ཕྱིར། དེའི་ཚེ་སྐབས་མ་ཡིན་པ་ལ་ཡང་ངོ་ཞེས་
བྱ་བ་སྨྲས་ཏེ། དེའི་ནུབ་མོ་དང་འབྲེལ་པ་ཉིད་ཀྱི་སྐབས་མ་ཡིན་པ་དེ་ནི་དེའི་ཚེ་སྐབས་མ་ཡིན་པ་སྟེ། དེའི་སྐབས་མ་ཡིན་པ་དུས་གཞན་གྱི་ཚེ་དེའི་སྐབས་ལ་ཡང་འདུ་ཤེས་གང་ཡིན་པ་དེ་བྱེད་པ་པོ་ཡིན་ནོ། །འདི་སྐད་བསྟན་ཏེ། ནུབ་མོའམ་ཉིན་མོ་གཞན་གང་
གི་ཚེ་འགྲོ་བའི་སྐབས་བྱེད་པ་དེ་ལ་ཡང་འདུ་ཤེས་གང་ཡིན་པ་དེ་བྱེད་པ་པོ་ཉིད་ཡིན་ནོ། །འདིར་གཞུང་ནི་གང་གི་ཚེ་འཕགས་པ་ཤཱ་རིའི་བུ་བཙུན་མོ་དཔལ་ལྡན་གྱིས་ཇི་སྲིད་དུ་བདེན་པ་དག་མ་མཐོང་གི་བར་དུ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་
པར་བྱེད། ཡང་དག་པར་འཛིན་དུ་འཇུག་པར་བྱེད་པའི་ཚེ་ཉི་མ་ནུབ་པའི་དུས་ལ་བབ་པ་ལ་དགེ་སློང་རྣམས་སྟན་དག་ལས་ལངས་ཏེ་དོང་བ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་ཀུན་དུ་བརྟགས་པ་འདི་ལྟར་བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་གནང་མོད་ཀྱི།
Vol. 162 · folio 387b
འོན་ཀྱང་རྐྱེན་འདི་ལྟ་བུ་ཉིད་ཀྱི་དབང་དུ་བྱས་ན་རྗེས་སུ་གནང་བར་འགྱུར་བའི་གནས་དེ་ནི་ཡོད་དོ་སྙམ་ནས་འདུལ་བ་ལ་ལྟོས་པས་དེ་ཉིད་དུ་འདུག་གོ་ཞེས་གསུངས་པ་ཡིན་ཏེ། འདི་ལྟར་འཕགས་པ་ཤཱ་རིའི་བུས་ཉིན་མོ་འབྲེལ་པ་ཉིད་དུ་འགྲོ་བའི་སྐབས་བྱས་མོད་ཀྱི།
འོན་ཀྱང་དོགས་པ་ཉིད་དུ་གྱུར་པས་དེའི་ཕྱིར་མདོ་འདི་བྱས་སོ། །མཚན་མོ་དུ་མར་འབྲེལ་པ་ཉིད་ལ་ཅི་ཐམས་ཅད་ལ་འདུ་ཤེས་གཅིག་ཁོ་ན་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན་དེའི་ཕྱིར། མཚན་མོ་རེ་རེ་ལའོ་ཞེས་བྱ་བ་སྨྲས་ཏེ། མཚན་མོ་རེ་རེ་ལ་འབྲེལ་པ་ཉིད་དུ་གྱུར་པ་རེ་
རེའི་ནང་རོལ་དུ་འདུ་ཤེས་བྱེད་པ་པོ་ཉིད་ཡིན་ནོ། །མཚན་མོ་ཐམས་ཅད་ལ་ལྟུང་བ་ཐ་དད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མཚན་མོའི་ཆ་གང་ཡང་རུང་བ་ལ་ལྟུང་བྱེད་དུ་འགྱུར་བ་ཡིན་གྱི། མཐའ་འབའ་ཞིག་ལ་ལྟུང་བྱེད་དུ་འགྱུར་བ་ནི་མ་ཡིན་ནོ། །
སྔར་འཆང་བའི་སྤང་བའི་ལྟུང་བྱེད་ལ་སོགས་པའི་ཐུན་མོང་གི་མཚན་ཉིད་རྣམ་པར་གཞག་པ་བསྟན་པའི་སྐབས་སུ་ཉིན་མཚན་གྱི་དང་པོ་མ་ཡིན་པ་ལ་ཐ་མ་མ་ཡིན་པ་མེད་པ་ཉིད་དོ་ཞེས་སྨོས་པ་དེས་ནི་ཉིན་མཚན་གྱི་མཚན་ཉིད་བསྟན་པ་ཡིན་གྱི་མཚན་མོ་འབའ་
ཞིག་གི་མཚན་ཉིད་བསྟན་པ་ནི་མ་ཡིན་པས་དེའི་ཕྱིར་རྣམ་པ་དེ་ནི་འདིར་ཁས་མི་བླང་ངོ་། །མཚན་མོའི་དང་པོ་གང་ཡིན་ཞེ་ན། ཉི་མ་ནུབ་པའི་འོག་ཏུ་འོད་དམར་པོ་ཆགས་པ་གང་ཡིན་པ་དེ་འདས་པར་གྱུར་པ་ནི་མཚན་མོའི་དང་པོ་ཡིན་ཏེ། དེ་ཡང་
ནམ་ནངས་པ་ཉིད་བསྟན་པའི་རྗེས་སུ་འབྲངས་པ་ལ་ཁོང་དུ་ཆུད་པར་བྱའོ། །ཇི་ལྟར་འདིར་ཉིན་མོའི་དང་པོ་ནི་སྐྱ་རེངས་ཐ་མ་ཞེས་བྱ་བ་དམར་རེངས་ཤར་བ་ཡིན་པ་དེ་བཞིན་དུ་འོད་དམར་པོ་དེ་ནུབ་པ་ཡང་ཉིན་མོའི་མཐའ་ཡིན་ལ་དེ་ཕྱིན་ཆད་ནི་མཚན་
མོ་ཡིན་པར་རིག་པར་བྱའོ། །དགེ་སློང་གལ་ཏེ་མཚན་གཅིག་ཐོག་ཐག་ཏུ་རྒྱུན་དུ་གནས་པར་བྱེད་པ་དེ་ལ་ཇི་ལྟར་ཁ་ན་མ་ཐོ་བ་ཉིད་ཁོ་ནར་འགྱུར་ཞེ་ན། དེའི་ཕྱིར། ཇི་སྟེ་བཙུན་མོའི་འཁོར་གྱི་མཚམས་ལས་འདས་ནས་ཕྱིར་བྱུང་ཞིང་ཡང་ནང་དུ་
Vol. 162 · folio 388a
འཇུག་པར་བྱེད་ན་ནི་དེ་ལྟ་ན་ནི་ལྟུང་བ་ཐ་དད་པར་འགྱུར་ཏེ་སྦྱོར་བ་ཐ་དད་པའི་ཕྱིར་རོ། །ཇི་སྟེ་མཚན་ཐོག་ཐག་འབྱུང་འཇུག་མེད་པར་འཇུག་ན་ནི་ལྟུང་བྱེད་གཅིག་ཏུ་འགྱུར་རོ། །གང་ནས་བརྩམས་ཏེ་སྒོར་འཇུག་པ་ལ་བཙུན་མོའི་
འཁོར་འདུག་པའི་གནས་སུ་རིག་པར་བྱ་ཞེ་ན་དེའི་ཕྱིར། དེའི་སྒོའི་གཏན་པ་དང་ཉེན་ཀོར་གཉིས་ཀྱི་མཐའ་གཉིས་ནི་དེའི་དང་པོ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། བཙུན་མོའི་འཁོར་གྱི་གནས་དེའི་ནང་རོལ་གྱི་སྒོའི་གཏན་པ་གང་ཡིན་པ་དེ་དང་སྒོའི་གཏན་པའི་ཉེན་ཀོར་
གྱི་མཐའ་སྟེ་མུར་ཐུག་གང་དག་ཡིན་པ་དེ་གཉིས་ནི་བཙུན་མོའི་འཁོར་གྱི་གནས་དེའི་དང་པོ་ཡིན་པར་རིག་པར་བྱའོ། །འདིར་ཉེན་ཀོར་དེའང་གང་ཞེ་ན། ཕྱོགས་གང་དུ་སྒོ་གཏན་གྱི་རྩ་བ་གཏན་པ་དེ་ནས་དེའི་རྩེ་མོ་སྒོ་ལོགས་སུ་བསྟན་ཏེ་བསྙལ་བ་དང་། དེ་ཉིད་ནས་དེའི་རྩེ་མོ་
ཕྱིར་བཟློག་སྟེ་ཕུག་ལོགས་སུ་བསྙལ་བའི་སྒོའི་གཏན་པ་དེས་ཕྱོགས་ཇི་སྲིད་ཁྱབ་པ་དེ་ནི་ཉེན་ཀོར་ཡིན་པར་ཤེས་པར་བྱ་སྟེ་དེའི་མཐའ་གང་ཡིན་པ་དེ་ནི་བཙུན་མོའི་འཁོར་གྱི་དང་པོ་ཡིན་ནོ། །ཡུལ་གྱི་རྣམ་པར་དབྱེ་བ་ནི་འདི་ལྟར་ཤེས་པར་བྱ་སྟེ། གལ་ཏེ་སྒོ་མ་བཅད་ན་ནི་
ཉེན་ཀོར་གྱི་མཐའ་བཙུན་མོའི་འཁོར་གྱི་དང་པོ་ཡིན་ལ། གལ་ཏེ་སྒོ་བཅད་ན་ནི་དེའི་ཚེ་སྒོ་གཏན་གྱི་མཐའ་བཙུན་མོའི་འཁོར་གྱི་དང་པོ་ཡིན་ནོ། །རྒྱལ་པོའི་ཕོ་བྲང་དང་གྲོང་ཁྱེར་དག་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་ཇི་ལྟར་བཙུན་མོའི་འཁོར་འདུག་པའི་གནས་ཀྱི་དང་པོ་
དེའི་གཏན་པ་དང་ཉེན་ཀོར་གྱི་མཐའ་གཉིས་ཡིན་པ་བཞིན་དུ་རྒྱལ་པོའི་ཕོ་བྲང་དང་གྲོང་ཁྱེར་དག་གི་དང་པོ་ཡང་དེའི་སྒོའི་གཏན་པ་དང་ཉེན་ཀོར་གྱི་མཐའ་གཉིས་ཡིན་པའོ། །བཙུན་མོའི་འཁོར་ལ་གང་གི་ཚེ་སྒོ་བཙུགས་པར་རྣམ་པར་བཞག་པ་དེའི་ཚེ་ནི་སྒོའི་གཏན་པ་དང་ཉེན་
ཀོར་གྱི་མཐའ་གཉིས་དང་པོ་ཡིན་ནོ། །གང་གི་ཚེ་བཙུན་མོའི་འཁོར་འདུག་པའི་གནས་ཀྱི་སྒོ་མ་བཙུགས་པར་རྣམ་པར་གཞག་པ་དེའི་ཚེ་ནི་འོབས་ལ་སོགས་པའི་ནང་གི་ངོས་བཙུན་མོའི་འཁོར་གྱི་དང་པོ་ཡིན་ནོ། །ཞར་ལས་བྱུང་བ་རྫོགས་སོ།། །།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words