འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ
Sanskrit title (Tibetan script, as in the text) བི་ན་ཡ་སཱུ་ཏྲ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 163 · folio 1b
༄༅༅། །བམ་པོ་སུམ་ཅུ་དྲུག་པ། ལྟུང་བྱེད་གཞན་བྱེད་པའི་ཚུལ་གཞན་བརྗོད་པར་བྱ་སྟེ། རྒྱལ་པོའི་ཕོ་བྲང་གི་གནས་ལ་ཡང་ངོ་ཞེས་བྱ་བ་ནི། འབྲེལ་པ་ཉིད་ལ་ཞེས་བྱ་བར་སྦྱར་ཏེ།
གལ་ཏེ་དགེ་སློང་ནུབ་མོ་རྒྱལ་པོའི་ཕོ་བྲང་གི་གནས་སུ་ལུས་ཀྱིས་འབྲེལ་པར་གྱུར་ཅིང་དེར་འདུ་ཤེས་པར་ཡང་མ་གྱུར་ན་དེའི་ཚེ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་གཞུང་ནི་དགེ་སློང་ནམ་མ་ལངས་པ་ལ་
ནམ་མ་ལངས་པར་འདུ་ཤེས་བཞིན་དུ་རྒྱལ་པོའི་ཕོ་བྲང་གི་སྒོའི་གཏན་པ་ལས་འདའ་བར་བྱེད་ན་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །གྲོང་ཁྱེར་དང་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། གྲོང་ཁྱེར་གྱི་གནས་དང་
འབྲེལ་པ་ཉིད་ལ་ནི་སྦྱོར་བ་ལས་བྱུང་བའི་ཉེས་བྱས་སུ་འགྱུར་བའོ། །ཅི་གྲོང་ཁྱེར་དང་འབྲེལ་པ་ཉིད་ལ་བྱེ་བྲག་མེད་པར་ཉེས་བྱས་འདིར་འགྱུར་རམ་ཞེ་ན་དེའི་ཕྱིར། གལ་ཏེ་དེའི་དོན་ཉིད་ཡིན་ནའོ་ཞེས་
བྱ་བ་སྨྲས་ཏེ། འབྲེལ་པ་གཉིས་པོ་བཙུན་མོའི་འཁོར་དང་རྒྱལ་པོའི་ཕོ་བྲང་དུ་འཇུག་པ་ཞེས་བྱ་བ་གང་ཡིན་པ་དེ་གཉིས་ལས་གལ་ཏེ་གཅིག་དང་འབྲེལ་པར་བྱ་བའི་དོན་གྱི་ཕྱིར་གྲོང་ཁྱེར་དེ་དག་དང་འབྲེལ་པར་
Vol. 163 · folio 2a
གྱུར་ན་དེའི་ཚེ་ཉེས་བྱས་སུ་འགྱུར་རོ། །འདི་སྐད་བསྟན་ཏེ། གལ་ཏེ་བཙུན་མོའི་འཁོར་གྱི་ནང་དུ་འཇུག་པའི་ཕྱིར་རམ། རྒྱལ་པོའི་ཕོ་བྲང་དུ་འཇུག་པའི་ཕྱིར་གྲོང་ཁྱེར་གྱི་སྒོར་འཇུག་ན་དེའི་ཚེ་ཉེས་བྱས་སོ། །
ཅི་སྟེ་དགོས་པ་གཞན་གྱི་ཕྱིར་འཇུག་ན་དེའི་ཚེ་ལྟུང་བ་མེད་དོ། །དེ་བཞིན་དུ་རྒྱལ་པོའི་ཕོ་བྲང་ལས་གཞན་པའི་ཁྱིམ་དུ་སྐྱ་རེངས་མ་ཤར་བར་འཇུག་ན་ཡང་ཉེས་བྱས་སོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་རྒྱལ་པོའི་ཕོ་བྲང་
མ་གཏོགས་པ་དེ་ལས་གཞན་པའི་ཁྱིམ་དག་ཏུ་དགུང་མ་སངས་སྐྱ་རེངས་མ་ཤར་བར་དབེན་པའི་མཐའི་སྒོ་གཏན་ཚུན་ཆད་ལས་འདའ་བར་བགྱིད་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །དབེན་པ་ཞེས་བྱ་བ་ནི་རྒྱུན་
ལུགས་མེད་ཅིང་གཞན་དང་ཐུན་མོང་མ་ཡིན་པའོ། །མཐའ་ཞེས་བྱ་བ་ནི་རྒྱལ་པོའི་ཕོ་བྲང་དང་ཉེ་བ་སྟེ། དབེན་པའི་མཐའ་ནི་བཙུན་མོའི་འཁོར་གྱི་སྒོ་གཏན་ལ་བྱའོ། །འདི་ལ་དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་ཀྱང་སྲིད་པར་བསྟན་
པའི་ཕྱིར། འདི་ལ་ཅིག་ཤོས་ཀྱི་ཁ་ན་མ་ཐོ་བ་དེ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། རྒྱལ་པོའི་ཕོ་བྲང་ལ་སོགས་པར་སྐྱ་རེངས་དང་པོ་འཆར་བའི་མདུན་རོལ་དུ་དགེ་སློང་ལ་སོགས་པ་ལ་མ་སྨྲས་པར་འཇུག་པ་འདི་ཅིག་ཤོས་ཀྱི་ཁ་ན་མ་ཐོ་བ་དེ་
Vol. 163 · folio 2b
ཡང་ཡོད་དེ་དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་ཀྱང་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་བཙུན་མོའི་འཁོར་དང་རྒྱལ་པོའི་ཕོ་བྲང་ཞེས་བྱ་བ་སྔ་མ་དེ་གཉིས་དང་གྲོང་ཁྱེར་དང་འབྲེལ་པར་དེའི་དོན་ཉིད་དུ་འགྲོ་བ་གང་ཡང་རུང་བ་ལ་ཅིག་ཤོས་ཀྱི་ཁ་ན་མ་ཐོ་བ་དེ་ཡང་ཡོད་དམ་ཞེ་ན་དེའི་ཕྱིར། གལ་ཏེ་
རྒྱལ་པོ་དང་བཙུན་མོ་དང་གཞོན་ནུ་དང་ཞང་བློན་དང་བར་ཆད་དང་གདུལ་བའི་དབང་གིས་མ་ཡིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། འདིར་ལུང་ནི་རྒྱལ་པོས་བོས་པ་དང་བཙུན་མོ་དང་གཞོན་ནུ་དང་ཞང་བློན་དང་བར་ཆད་བརྒྱད་པོ་དག་ལས་གང་ཡང་རུང་བ་ཉེ་བར་གནས་པར་གྱུར་ན་ཉེས་པ་མེད་དོ་ཞེས་
གསུངས་པ་དང་། འདུལ་བའི་དབང་གིས་འགྲོ་བའི་ལུང་ནི་འདིར་ཡང་འཕགས་པ་ཤཱ་རིའི་བུ་བྱུང་བའི་མཐའ་ལས་རྗེས་སུ་གནང་བ་ཡིན་ནོ། །མ་ཟླུགས་པར་རྒྱལ་པོའི་ཕོ་བྲང་དུ་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། རྒྱལ་པོའི་ཕོ་བྲང་གི་ནང་དུ་མ་ཟླུགས་པར་གྱ་ཚོམ་དུ་འཇུག་པར་མི་བྱའོ། །
འདིར་གཞུང་ནི་ཁྱོད་ཀྱིས་གྱ་ཚོམ་དུ་རྒྱལ་པོའི་ཕོ་བྲང་དུ་འཇུག་པར་མི་བྱ་བར་སྒོར་བསྡད་ནས། ཤཱཀྱའི་དགེ་སློང་འོངས་སོ་ཞེས་བརྗོད་པར་བྱ་ཞིང་། གལ་ཏེ་སྤྱོན་ཅིག་ཅེས་ཟེར་ན་འཇུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་དོ་ཞེས་བྱ་བ་
དེ་བཤད་ཟིན་ཏོ།། །།གང་ལ་བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་དེ་ལ་ལན་གཉིས་ཉམས་སུ་མྱོང་ཞིང་ཡིད་རྨོངས་པ་མ་ཡིན་པས་འདི་ལ་ཆོས་འདི་ཡོད་པར་བདག་གིས་ད་གདོད་ཤེས་སོ་
ཞེས་ཟེར་བ་དེ་ལའོ་ཞེས་བྱ་བ་སྨྲས་ཏེ། བསླབ་པའི་གཞི་འདིའི་དངོས་པོ་ལ་ཁྱད་དུ་གསོད་པ་ཞེས་བྱ་བ་ནི་བསླབ་པའི་གཞིའི་དངོས་པོ་ཡོད་པ་ཁོ་ན་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་ལོག་པར་བསྒྲུབ་པ་ཡིན་
ནོ། །དེ་ལ་ཞེ་སྡང་གིས་ལོག་པར་བསྒྲུབས་ན་ནི་མ་གུས་པའི་ཚུལ་གྱིས་ལྟུང་བྱེད་ཀྱི་སྐབས་སུ་སྔར་ལྟུང་བ་བཅས་པ་ཉིད་དུ་འགྱུར་རོ། །བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བ་བཅས་པ་ནི་ད་འདིར་རྣམ་པར་དབྱེ་བར་བྱའོ། །སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་
Vol. 163 · folio 3a
ཚེ་ཞེས་བྱ་བ་ནི་གསོ་སྦྱོང་གི་ལས་ཀྱི་ཚེ་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་ན་ལྟུང་བྱེད་དུ་འགྱུར་གྱི་དུས་གཞན་གྱི་ཚེ་བརྗོད་ན་ནི་ཉེས་བྱས་སུ་འགྱུར་བའོ། །འདིར་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ལ་ལོག་པར་བསྒྲུབ་པ་
ནི་རྣམ་པ་གསུམ་སྣང་སྟེ། ཁྱད་དུ་གསོད་པ་དང་སྤོང་བ་དང་བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའོ། །དེ་ལ་ཁྱད་དུ་གསོད་པ་ནི་སྔར་ཁྱད་དུ་གསོད་པའི་ལྟུང་བྱེད་བསྟན་པའི་སྐབས་སུ་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་བསླབ་པ་ཁྱད་དུ་བསད་ནས་ཚེ་དང་ལྡན་པ་དག་གང་
དགེ་སློང་རྣམས་འགྱོད་པ་དང་། ཞུམ་པ་དང་བག་འཁུམས་པ་དང་གནོད་པ་དང་ཡིད་ལ་གཅགས་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ན་འདོན་ཅི་དགོས་ཞེས་དེ་སྐད་ཟེར་ན་ལྟུང་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །སྤོང་བ་ནི་སྔར་
བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་བསྟན་པའི་སྐབས་སུ་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་བསླབ་པ་འདི་ལ་སློབས་ཤིག་ཅེས་བསྒོ་ན་དེ་ལ་འདི་སྐད་ཅེས་བདག་ནི་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་འདྲིའི་བར་དུ་བྱིས་པ་གླེན་པ་མི་གསལ་བ་མི་མཁས་པ་
ཁྱེད་ཅག་གི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་དེ་སྐད་ཟེར་ན་ལྟུང་བྱེད་དོ་ཞེས་བསྟན་པ་ཡིན་ནོ། །བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པ་ནི་སྐབས་འདིས་སྟོན་ཏོ། །དེ་ལན་གཉིས་ཉམས་སུ་མྱོང་ཞིང་ཞེས་བྱ་བ་ནི། གང་གིས་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ལན་གཉིས་
ཉམས་སུ་མྱོང་བ་དེ་ནི་དེ་ལན་གཉིས་ཉམས་སུ་མྱོང་བ་སྟེ། དེ་ལན་གཉིས་ཉམས་སུ་མྱོང་བའི་དགེ་སློང་དེ་སྐད་ཟེར་བ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ལན་གཉིས་ཉམས་སུ་མ་མྱོང་བ་ལ་ནི་ཉེས་བྱས་ཁོ་ནར་འགྱུར་ཏེ། འདིར་གཞུང་ནི་གལ་ཏེ་དགེ་སློང་རྣམས་ཀྱིས་ཀྱང་ཚེ་དང་ལྡན་པ་འདི་སྔོན་གསོ་
སྦྱོང་གི་ལས་གཉིས་སམ་གསུམ་གྱི་ཚེ་འདུག་པར་ཤེས་ན་ལན་མང་དུ་ལྟ་ཅི་སྨོས་ཞེས་གསུངས་པ་ཡིན་ནོ། །ཡིད་རྨོངས་པ་མ་ཡིན་པས་ཞེས་བྱ་བ་ནི། ཡིད་རྨོངས་པས་དེ་སྐད་སྨྲས་པ་ལ་ནི་ལྟུང་བ་མེད་དོ། །འདིར་གཞུང་ནི་ལམ་གོལ་བར་རྒས་པ་མི་ཤེས་པ་ཡང་དག་པ་ཉིད་ལ་ནི་ལྟུང་བ་མེད་དོ་
Vol. 163 · folio 3b
ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་ཡིད་རྨོངས་པ་མ་ཡིན་པས་བཞད་གད་ཙམ་གྱི་བསམ་པས་ཀྱང་འདི་ལ་ཆོས་འདི་ཡོད་པར་བདག་གིས་གཟོད་ཤེས་སོ་ཞེས་ཟེར་ཞིང་སོ་སོར་ཐར་པའི་མདོ་གདོན་པ་འདི་ལ་ཆོས་འདི་ཡང་ཡོད་ཅིང་བསླབ་པའི་གཞི་འདི་ཡང་ཡོད་པར་བདག་གིས་ད་གཟོད་ཤེས་སོ་ཞེས་ཟེར་
བ་དེ་ནི་བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པ་ཡིན་ནོ། །དེ་སྐད་ཟེར་བའི་དགེ་སློང་དེ་ལ་ལྟུང་བྱེད་དུ་འགྱུར་ལ། གཞན་གྱི་ཚེ་བརྗོད་ན་ནི་ཉེས་བྱས་སོ། །བསླབ་པའི་གཞི་འདྲལ་བ་ཐམས་ཅད་ལ་མ་གུས་པའི་སེམས་བསྐྱེད་པ་དེ་ལ་ཡང་ཉེས་བྱས་སོ། །གལ་ཏེ་སངས་རྒྱས་བཅོམ་
ལྡན་འདས་ལ་ཡང་མ་གུས་པའི་སེམས་བསྐྱེད་ན་དེའི་ཚེ་ལྟུང་བྱེད་དུ་ཡང་འགྱུར་རོ། །བརྫུན་དུ་སྨྲས་པ་ཉིད་ཡིན་ན་ནི་བརྫུན་དུ་སྨྲ་བའི་ལྟུང་བྱེད་གཞན་དུ་ཡང་འགྱུར་རོ། །མཚན་གཞན་གྱི་འདོན་པའི་ཚེ་ཐུན་མོང་བ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་ལ། མཚན་གཞན་གྱི་འདོན་
པའི་ཚེ་ཞེས་བྱ་བ་ནི། དགེ་སློང་མ་རྣམས་ཀྱི་གསོ་སྦྱོང་འདོན་པའི་ཚེའོ། །ཐུན་མོང་བ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི་དགེ་སློང་མའི་བསླབ་པའི་གཞི་དགེ་སློང་དང་ཐུན་མོང་གང་ཡིན་པ་ལ་འདི་སྐད་ཅེས་བདག་གིས་ད་གཟོད་ཤེས་སོ་ཞེས་བྱ་བ་ལ་སོགས་པ་ཟེར་ན་ཉེས་
བྱས་སོ། །འདིར་གཞུང་ནི་བཙུན་པ་དགེ་སློང་མ་རྣམས་ཀྱིས་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་འདི་སྐད་ཅེས་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས་མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་མཆི་ན་ལྟུང་བ་ཅིར་འགྱུར། གང་ཚེ་བསླབ་པ་
ཐུན་མོང་བ་ལས་བསམ་ཏེ་སྨྲ་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །མདོ་སྡེ་དང་ལྡན་པ་སྨྲ་བ་ན་ཡང་ངོ་ཞེས་བྱ་བ་ནི་མདོ་སྡེ་དང་ལྡན་པའི་བསླབ་པའི་གཞི་སྨྲ་བ་ན་དེ་སྐད་ཟེར་བ་ལ་ཡང་ཉེས་བྱས་སོ། །འདིར་གཞུང་ནི་འདུལ་བ་དང་ལྡན་པའི་མདོ་མ་གཏོགས་
པ་ལ་འདི་སྐད་ཅེས་འདི་ལྟར་ཆོས་འདི་ཡང་ནང་དུ་གཏོགས་མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་ཟེར་ན་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །ཐུན་མོང་མ་ཡིན་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། མཚན་གཞན་གྱི་བསླབ་པའི་གཞི་ཐུན་མོང་མ་
Vol. 163 · folio 4a
ཡིན་པ་འདོན་པའི་ཚེ་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས་མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་ཟེར་བ་ལ་ལྟུང་བ་མེད་པའོ། །སོ་སོར་ཐར་པའི་མདོ་འདོན་པའི་ཚེ་མ་གུས་པར་ཉན་པ་ཉེ་བར་བསྒྲུབ་པ་འགྱོད་དུ་གཞུག་གོ་ཞེས་བྱ་བ་ནི། སོ་སོར་
ཐར་པའི་མདོ་གདོན་པ་འདོན་པ་ན་འདི་ལྟར་ཆོས་འདི་ཡང་མདོའི་ནང་དུ་གཏོགས་མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་མ་གུས་པར་ཉན་པ་ཉེ་བར་སྒྲུབ་པར་བྱེད་པའི་དགེ་སློང་གང་ཡིན་པ་དེ། དེ་ན་གནས་པའི་དགེ་སློང་རྣམས་ཀྱིས་འགྱོད་
དུ་གཞུག་པ་སྟེ། ཚིག་དངོས་སུ་སྨྲ་བསམ་གུས་པར་ཉན་པ་ཉེ་བར་བསྒྲུབ་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི་ཚིག་བརྒྱུད་པས་མ་གུས་པར་ཉན་པ་ཉེ་བར་བསྒྲུབ་པ་ཡང་འགྱོད་དུ་གཞུག་གོ། །ཚིག་བརྒྱུད་པའི་གཞུང་ནི་ཁོ་བོ་ལ་ལས་འདིས་ཅི་བྱ་ཁོ་བོ་འདོད་པའི་རྣམ་པར་རྟོག་པ་ལ་ཡང་རྣམ་པར་རྟོག་
དགོས་སོ། །གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་རྣམ་པར་འཚེ་བའི་རྣམ་པར་རྟོག་པ་ལ་ཡང་རྣམ་པར་རྟོག་དགོས་སོ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ཡང་འགྱོད་དུ་གཞུག་གོ། །འདིར་འགྱོད་དུ་གཞུག་པ་ནི་ཚེ་དང་ལྡན་པ་ཁྱོད་མ་རྙེད་པའོ། །རྙེད་པ་མ་ཡིན་པའོ། །ཉེས་པ་རྙེད་པའོ། །ལེགས་
པ་མ་རྙེད་པའོ་ཞེས་འགྱོད་དུ་གཞུག་གོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །བསླབ་པའི་གཞིའི་དངོས་པོ་ལ་ཁྱད་དུ་གསོད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ཁབ་རལ་འཆོས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བ་སོ་དང་རུས་པ་དང་རྭའི་ཁབ་རལ་བྱེད་དམ་བྱེད་དུ་
གཅུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། བ་སོའམ་རུས་པའམ་རྭའི་ཁབ་རལ་བྱེད་དམ་བྱེད་དུ་བཅུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་བསླབ་པའི་གཞི་འདི་མན་ཆད་ལས་ཤིང་བལ་གྱིས་གོས་པར་བྱས་པ་མ་གཏོགས་པའི་ལྟུང་བྱེད་རྣམས་ལ་བྱེད་དུ་གཞུག་པ་
འབའ་ཞིག་གསུང་མོད་ཀྱི། རང་བྱེད་པ་ལ་ཁ་ན་མ་ཐོ་བ་ཆེས་ལྕི་བས་དེས་ན་འདིར་བྱེད་པ་ཞེས་བྱ་བའི་སྒྲ་ཡང་བསྡུས་སོ། །བ་སོ་ལ་སོགས་པ་ནི་རིན་ཆེ་བའི་ཕྱིར་བཀག་གོ། །ལྕགས་ལ་སོགས་པ་ནི་ཆེས་རིན་ཆེ་བའི་ཕྱིར། དེ་ཡང་འདིར་བཀག་པར་རིག་པར་བྱའོ། །རིན་པོ་ཆེ་ལས་
Vol. 163 · folio 4b
བྱས་པ་ནི་རུང་བ་མ་ཡིན་པའི་ཕྱིར་ཉེས་བྱས་བྱེད་པ་ཉིད་ཡིན་ནོ། །དེ་ལྟར་ཡང་འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་གིས་རིན་པོ་ཆེ་ལས་བགྱིས་པའི་ཁབ་རལ་བགྱིད་དུ་སྩོལ་ན་ལྟུང་བ་ཅིར་འགྱུར་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །བྱས་ཟིན་པ་རྙེད་པ་དང་བྱས་ཟིན་པ་ལ་
སྤྱོད་པ་དག་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། བྱས་ཟིན་པ་རྙེད་པ་དང་བྱས་ཟིན་པ་ལ་སྤྱོད་པ་ལ་ནི་ལྟུང་བ་མེད་པའོ། །འདིར་གཞུང་ནི་ཞུ་བ་ལས་བྱས་པ་རྙེད་པ་དང་བྱས་པ་ལ་སྤྱོད་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །བཅབ་པ་ཉིད་མ་དྲིས་པར་འཆགས་པ་བླང་བར་མི་བྱའོ་ཞེས་
བྱ་བ་ནི། གང་གི་མདུན་དུ་ལྟུང་བ་འཆགས་པ་དེས་ཁབ་རལ་དེ་ཁྱོད་ཀྱིས་བཅག་གམ་ཞེས་དྲི་བར་བྱ་སྟེ། དེ་སྐད་མ་དྲིས་པར་ལྟུང་བ་འཆགས་པ་བླང་བར་མི་བྱའོ། །གལ་ཏེ་མ་བཅག་ན་མ་བཤགས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་ཁབ་རལ་མ་བཅག་པར་ལྟུང་བ་འཆག་
པར་བྱེད་ན་དེའི་ལྟུང་བ་དེ་མ་བཤགས་པ་ཉིད་ཡིན་པའོ། །འོག་མ་ལྔ་པོ་དག་ལ་ཡང་དེ་དག་དང་བཅད་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི། བསླབ་པའི་གཞི་འདིའི་འོག་མ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་གོང་མ་ལྔ་པོ་ཁྲིའི་རྐང་པ་འཆོས་པ་དང་། ཤིང་བལ་གྱིས་
གོས་པར་བྱས་པ་དང་། གདིང་བ་ལས་གྱུར་པ་དང་དབྱར་གྱི་རས་ཆེན་ལས་གྱུར་པ་དང་། གཡན་པ་དགབ་པ་ལས་གྱུར་པ་དག་ལ་ཡང་དེ་དག་དང་ཞེས་བྱ་བ་བཅད་པ་ཉིད་མ་དྲིས་པར་འཆགས་པ་བླང་བར་མི་བྱའོ་ཞེས་བྱ་བ་དང་། གལ་ཏེ་མ་བཅད་ན་བཤགས་པ་ཉིད་མ་ཡིན་ནོ་ཞེས་
བྱ་བའི་མདོ་དེ་གཉིས་དང་བཅས་པ་ཉིད་ཅེས་བྱ་བའི་དོན་དང་ལྡན་པ་ཡིན་ཏེ་བཅད་པ་ཞེས་བྱ་བའི་སྒྲ་དང་སྦྱར་བ་ཡིན་གྱི། བཅག་པ་ཞེས་བྱ་བའི་སྒྲ་དང་སྦྱར་བ་མ་ཡིན་པའོ། །འདི་སྐད་བསྟན་ཏ། བཅད་པ་ཉིད་མ་དྲིས་པར་འཆགས་པ་བླང་བར་མི་བྱའོ། །གལ་ཏེ་མ་བཅད་ན་མ་
བཤགས་པ་ཉིད་ཡིན་ནོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་གང་གིས་མདུན་དུ་འཆགས་པར་བྱེད་པ་དེས་ཁྱོད་ཀྱིས་དངོས་པོ་དེ་བཅད་དམ་ཞེས་དྲི་བར་བྱའོ། །མ་དྲིས་པར་འཆགས་ན་ལྟུང་བ་དེ་ཡང་བཤགས་པ་མ་ཡིན་ལ་དགེ་སློང་དེ་ལ་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་
Vol. 163 · folio 5a
པ་ཡིན་ནོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་ལ་ནི་སོ་སོར་ཐར་པའི་མདོ་ལས་འདི་སྐད་ཅེས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དམ་བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པར་བྱེད་ན་ལྟུང་བྱེད་དོ་ཞེས་
གསུངས་ཀྱི་བཅད་ནས་ལྟུང་བྱེད་དོ་ཞེས་བྱ་བ་ནི་མ་གསུངས་སོ། །དེ་བཞིན་དུ་རྣམ་པར་འབྱེད་པ་ལས་ཀྱང་བཅད་ནས་ཞེས་ཀྱང་མ་གསུངས་པས་དེའི་ཕྱིར་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པ་ལས་གཞན་པ་དག་ལ་བཅད་པ་དང་ལྡན་པ་ཡིན་ནོ། །སྤྱིར་བཏང་བར་བྱས་ནས་
དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། གཉིས་པ་ལ་ནི་བསྡུས་པ་དང་པོ་ཞེས་བྱ་བ་སྨྲས་ཏེ། བསླབ་པའི་གཞི་འདིའི་འོག་མའི་གཉིས་པ་ཤིང་བལ་གྱིས་གོས་པར་བྱས་པ་ཞེས་བྱ་བའི་བསླབ་པའི་གཞི་ལ་ནི་བསྡུས་པ་དང་ལྡན་པར་ཤེས་པར་བྱ་སྟེ་བསྡུས་པ་ཉིད་མ་དྲིས་པར་འཆགས་པ་
བླང་བར་མི་བྱའོ། །གལ་ཏེ་མ་བསྡུས་ན་མ་བཤགས་པ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བསྡུས་པ་ཞེས་བྱ་བ་ནི། གོས་པ་མེད་པར་བརྟུལ་བ་སྟེ་བསྡུས་ཞེས་བྱ་བའི་ཐ་ཚིག་གོ། །ཁབ་རལ་འཆོས་པའི་ལྟུང་བྱེད་དོ་ཞེས་བྱ་བ་སྟེ་བཤད་ཟིན་ཏོ།། །།ཁྲིའི་རྐང་པ་འཆོས་པའི་ལྟུང་
བྱེད་སྨྲ་བར་འདོད་ནས། ཇེ་འདི་བརྗོད་པར་བྱ་སྟེ། རྐང་པ་དམའ་བ་དང་ལྡན་པའི་ཁྲི་ལ་ཉལ་བར་མི་བྱའོ་ཞེས་བྱ་བ་ནི། ཁྲི་གང་ལ་རྐང་པ་ཐུང་ངུས་དང་ཉེ་བ་ཡོད་པ་དེ་ནི་རྐང་པ་དམའ་བ་དང་ལྡན་པ་སྟེ། དེ་ལ་ཉལ་བར་མི་བྱ་བའོ། །ཁྲི་གང་ལ་འདུག་པའི་དགེ་སློང་འཆག་པའི་མགོ་ས་
ལ་ཐུག་པར་འགྱུར་བའི་ཁྲི་དེ་ལྟ་བུ་ལ་ཉལ་བར་མི་བྱ་བ་སྟེ། དེ་ནི་གླེང་གཞི་ལས་ཤེས་པར་བྱའོ། །མལ་དང་འབྲེལ་བའི་ཁྲིའི་ཉེན་ཀོར་གྱི་ཕྱོགས་སུ་རྐང་པ་བཀྲུ་བར་མི་བྱའོ་ཞེས་བྱ་བ་ནི། ཉལ་བའི་གནས་དང་འབྲེལ་པའི་ཁྲིའི་ཉེན་ཀོར་འབྲེལ་པའི་ཕྱོགས་སུ་རྐང་པ་བཀྲུ་བར་མི་བྱའོ། །
ཁྱིམ་པའི་གནས་མལ་གྱི་གནས་གཞན་གྱི་ཉེན་ཀོར་གྱི་ཕྱོགས་སུ་ཡང་ཉེས་བྱས་སོ། །ཅི་དགེ་སློང་ཐམས་ཅད་ཀྱིས་བཀྲུ་བར་མི་བྱའམ་ཞེ་ན་དེའི་ཕྱིར། ལྷམ་ཡོད་པས་སོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གང་ལ་ལྷམ་ཡུ་ཆད་ལ་སོགས་པ་ཉེན་ཀོར་ན་ཡོད་པ་དེ་ནི་ལྷམ་ཡོད་པ་སྟེ། དེས་ཕྱོགས་
Vol. 163 · folio 5b
དེར་རྐང་པ་བཀྲུ་བར་མི་བྱའོ། །གཞན་གྱིས་ནི་མགོ་ལོགས་དང་རྐང་པ་ལོགས་མ་གཏོགས་པར་རོ་ཞེས་བྱ་བ་ནི། ལྷམ་ཡོད་པ་ལས་གཞན་པ་ལྷམ་མེད་པས་ནི་མགོ་ལོགས་མ་གཏོགས་པ་དང་། རྐང་པ་ལོགས་མ་གཏོགས་པ་གཡས་གཡོན་གྱི་ཕྱོགས་སུ་རྐང་པ་བཀྲུ་བར་མི་བྱ་བའོ། །
འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དག་ལ་ལྷམ་མི་བདོག་པ་དེ་དག་གིས་མགོ་ལོགས་སམ་རྐང་པ་ལོགས་སུ་བཀྲུ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །མལ་སྟན་མཐོན་པོ་དང་མལ་སྟན་ཆེན་པོ་ལ་འདུག་པའམ་ཉལ་བར་མི་བྱའོ་ཞེས་བྱ་བ་ལ། མལ་སྟན་
མཐོན་པོ་ཞེས་བྱ་བ་ནི་རྩ་བ་བུ་གར་གཞུག་པ་མ་གཏོགས་པར་ཁྲུ་གང་ལས་ལྷག་པའོ། །མལ་སྟན་ཆེན་པོ་ཞེས་བྱ་བ་ནི། གསེར་དང་དངུལ་དང་རིན་པོ་ཆེ་ལ་སོགས་པ་ལས་བྱས་པ་སྟེ་དེ་ལ་འདུག་པའམ་ཉལ་བར་མི་བྱའོ། །མལ་སྟན་ཞེས་སྨོས་པས་འདིར་སྟན་ཡང་འཕངས་
པར་རིག་པར་བྱའོ། །ཁྱིམ་གཞན་དུ་གཞན་མེད་ན་སྔ་མ་ཤོས་བྱའོ་ཞེས་བྱ་བ་ནི། ཁྱིམ་པའི་ཁྱིམ་གཞན་དུ་མལ་སྟན་མི་མཐོ་བ་དང་མལ་སྟན་མི་ཆེ་བ་གཞན་མེད་ན་མལ་སྟན་མཐོན་པོ་དང་མལ་སྟན་ཆེན་པོ་ལ་སྔ་མ་ཤོས་བྱ་སྟེ། འདུག་པའམ་ཉལ་བར་མི་བྱའོ་ཞེས་ཚིག་གཉིས་
སྨོས་པའི་སྔ་མ་ཤོས་འདུག་པ་ཞེས་བྱའི། ཕྱི་མ་ཤོས་ཉལ་བ་ཞེས་བྱ་བ་མི་བྱའོ། །འདིར་ལུང་ནི་ཀུན་དགའ་བོ་དེ་དག་ཐམས་ཅད་དུ་འབྱོར་པར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྐང་རྟེན་དང་བཅས་པ་ལ་མལ་བཅའ་བར་བྱའོ་ཞེས་བྱ་བ་ནི། རྐང་རྟེན་དང་བཅས་པའི་
མལ་ཁྲི་ལ་མལ་བཅའ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱོགས་གཅིག་མཐོ་བ་ཉིད་ཀྱིས་ནི་མལ་སྟན་མཐོན་པོ་མ་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི་འདི་ལྟར་སྨན་པ་དེས་འཕགས་པ་ཁྱོད་ཀྱིས་མགོ་སྨད་དེ་ཉལ་བས་དེས་ཁྱོད་ཀྱི་ཁམས་མ་སྙོམས་པ་ཉིད་དུ་གྱུར་ཅིང་དྲོད་ཆུང་
བར་ཡང་གྱུར་བས་རྐང་རྟེན་ཆུག་སྟེ་ཉོལ་ཅིག་ཅེས་སྨྲས་པ་དང་། དགེ་སློང་དག་གིས་སྨྲས་པ་བཅོམ་ལྡན་འདས་ཀྱིས་རྗེས་སུ་མ་གནང་ངོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྐང་རྟེན་བཅུག་སྟེ་མལ་བཅའ་བར་རྗེས་སུ་གནང་ངོ་ཞེས་བྱ་བའི་
Vol. 163 · folio 6a
བར་དུ་གསུངས་པ་ཡིན་ནོ། །ཁྲི་བརྩེག་མའི་སྟེང་དུ་འདུག་པར་མི་བྱའོ་ཞེས་བྱ་བ་ལ་ཁྲི་བརྩེག་མ་ཞེས་བྱ་བ་ནི་ཁྲིའི་སྟེང་དུ་ཁྲི་བཞག་པ་སྟེ་དེ་ལ་འདུག་པར་མི་བྱའོ། །འདིར་གཞུང་ནི་དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། དགེ་སློང་དག་ཁྲིའི་སྟེང་དུ་ཁྲི་
བཞག་པ་ལ་འཁོད་ན་ཉེས་དམིགས་འགའ་ཡོད་དོ་སྙམ་ནས་དེ་ལྟ་བས་ན་དགེ་སློང་གིས་ཁྲིའི་སྟེང་དུ་ཁྲི་བཞག་པ་ལ་འདུག་པར་མི་བྱའོ། །འདུག་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གང་ལ་ཁྲིའི་རྐང་པ་འཆོས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཚད་ལས་
ལྷག་པར་བྱེད་དམ་བྱེད་དུ་འཇུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། འོག་ནས་འབྱུང་བའི་ཚད་ལས་ལྷག་པར་རང་གིས་བྱེད་དམ་གཞན་བྱེད་དུ་འཇུག་པ་ལའོ། །གཉིས་པའི་འོག་མ་གསུམ་པོ་དག་ལ་ཡང་ངོ་ཞེས་བྱ་བ་ལ། གཉིས་པ་ཞེས་བྱ་བ་ནི་བསླབ་པའི་གཞི་འདིའི་འོག་མ་གཉིས་པ་ཤིང་
བལ་གྱིས་གོས་པར་བྱས་པ་དགག་པ་ཞེས་བྱ་བའི་བསླབ་པའི་གཞིའོ། །དེའི་འོག་མ་གསུམ་པོ་དག་ཅེས་བྱ་བ་ནི་གདིང་བ་ལས་གྱུར་པ་དང་། གཡན་པ་དགབ་པ་ལས་གྱུར་པ་དང་། དབྱར་གྱི་རས་ཆེན་ལས་གྱུར་པ་ཞེས་བྱ་བ་དག་སྟེ། བསླབ་པའི་གཞི་དེ་གསུམ་ལ་ཡང་ཚད་
ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་པ་ལ་ལྟུང་བྱེད་དུ་འགྱུར་བའོ། །གང་གི་ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་པ་ལ་ཞེ་ན། རྐང་པ་དག་གིའོ་ཞེས་འོག་ནས་འབྱུང་ངོ་། །གང་གི་རྐང་པ་དག་ཅེ་ན་དེའི་ཕྱིར་ཁྲིའམ་ཁྲིའུ་དག་གིའོ་ཞེས་བྱ་བ་སྨྲས་སོ། །ཅི་ཐམས་ཅད་ཀྱི་འམ་ཞེ་
ན་དེའི་ཕྱིར་དགེ་འདུན་གྱིའོ་ཞེས་བྱ་བ་སྨྲས་སོ། །འོག་མ་ལ་ཡང་ངོ་ཞེས་བྱ་བ་ནི་བསླབ་པའི་གཞི་འདིའི་འོག་མ་ཤིང་བལ་གྱིས་གོས་པར་བྱས་པ་ཞེས་བྱ་བའི་བསླབ་པའི་གཞི་ལ་ཡང་ཁྲིའམ་ཁྲིའུ་དག་ལའོ། །དགེ་འདུན་གྱིའོ་ཞེས་བྱ་བར་རིག་པར་བྱའོ། །གང་གི་ཚད་ལས་ལྷག་པར་
བྱེད་དམ་བྱེད་དུ་འཇུག་པ་ལ་ཁྲིའི་རྐང་པ་འཆོས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར་རྐང་པ་དག་གིའོ་ཞེས་བྱ་བ་སྨྲས་ཏེ། ཁྲིའམ་ཁྲིའུ་དེའི་གནས་སྐབས་ལ་རྐང་པ་ཅི་ཙམ་གྱིས་འགྲུབ་པ་སྟེ། རྐང་པ་བཞིས་འགྲུབ་པ་ནི་དཔེར་ན་རྐང་པ་བཞི་པ་ལྟ་བུའོ། །གཉིས་སམ་གསུམ་གྱིས་འགྲུབ་
Vol. 163 · folio 6b
པ་ནི་དཔེར་ན་ཤིང་གི་ཁྲིའུ་ཁ་ཅིག་ལྟ་བུ་སྟེ་དེ་རྙེད་ཅེས་བྱ་བ་ནི་ཤུགས་ཀྱིས་ཁོང་དུ་ཆུད་པར་བྱའོ། །གཞན་གྱིས་བརྩམས་ལ་གཞན་གྱིས་ཟིན་པར་བྱེད་པ་ནི་ཉེས་བྱས་སོ། །རབ་ཏུ་བྱུང་བ་གཞན་ལ་ཡང་ཞེས་བྱ་བ་ཐམས་ཅད་ནི་ཁང་པ་དང་གཙུག་ལག་ཁང་དང་གདིང་བ་དག་ལས་ཁོང་དུ་ཆུད་པར་བྱའོ། །
རྐང་པ་དེ་དག་གི་ཚད་གང་ཡིན་ཞེ་ན་དེའི་ཕྱིར། དེ་དག་གི་ཚད་ནི་བུ་གར་གཞུག་པའི་ཕྱོགས་མ་གཏོགས་པར་ཁྲུ་གང་ངོ་ཞེས་བྱ་བ་སྨྲས་ཏེ། རྐང་པ་དེ་དག་གི་ཚད་ནི་བུ་གར་གཞུག་པ་ཞེས་བྱ་བའི་ཕྱོགས་དག་མ་གཏོགས་པར་རྐང་པ་ཉིད་ཀྱི་ཕྱོགས་ཀྱི་སྲིད་ཁྲུ་གང་ངོ་། །གལ་ཏེ་དེ་ལ་བུ་གར་
གཞུག་པ་ཡོད་ན་ནི་བུ་གར་བཅུག་པའི་མཚམས་ནས་བརྩམས་ཏེ་ཁྲུ་གང་ངོ་། །གལ་ཏེ་བུ་གར་གཞུག་པ་མེད་ན་ནི་བུ་གར་གཞུག་པའི་ཕྱོགས་ཀྱི་གོང་ཡན་ཆད་ཀྱི་ཆ་ལ་བུ་གར་གཞུག་པ་ཞེས་བྱ་སྟེ། དེ་མ་གཏོགས་སོ། །ཁྲུ་ཅི་ལྟ་བུས་ཞེ་ན། དེའི་ཕྱིར་བདེ་བར་གཤེགས་པའི་སུམ་ཆས་སོ་ཞེས་
བྱ་བ་སྨྲས་ཏེ། བདེ་བར་གཤེགས་པའི་ཁྲུའི་སུམ་ཆར་གྱུར་པ་སྟེ། བདེ་བར་གཤེགས་པའི་སོར་བརྒྱད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །འོག་མ་དག་ལ་ཡང་ངོ་ཞེས་བྱ་བ་ནི། བསླབ་པའི་གཞི་འོག་མ་ཤིང་བལ་གྱིས་གོས་པར་བྱས་པ་དང་། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་
གྱུར་པ་ཞེས་བྱ་བའི་བསླབ་པའི་གཞི་གཉིས་མ་གཏོགས་པ་གདིང་བ་ལས་གྱུར་པ་དང་། གཡན་པ་དགབ་པ་ལས་གྱུར་པ་དང་དབྱར་གྱི་རས་ཆེན་ལས་གྱུར་པ་ཞེས་བྱ་བའི་བསླབ་པའི་གཞི་གསུམ་པོ་དག་ལ་ཡང་ཁྲུ་ཚད་ནི་བདེ་བར་གཤེགས་པའི་ཁྲུའི་སུམ་ཆར་གྱུར་པས་རྣམ་པར་གཞག་
པར་རིག་པར་བྱའོ། །ལ་ལ་ལ་ནི་རང་གི་ལུས་ཀྱི་ཚད་དང་མཐུན་པའི་གཞལ་བས་ཆོས་གོས་བཞིན་དུ་རྣམ་པར་གཞག་ཏུ་ཡང་རུང་སྟེ། བདེ་བར་གཤེག་པའི་ཁྲུའི་སུམ་ཆས་གཞལ་བས་ནི་མི་འབྲིང་གི་ཁྲུ་ཚད་རྣམ་པར་འཇོག་པར་བྱེད་དོ། །ཁྲི་རྐང་འཆོས་པའི་ལྟུང་བྱེད་དོ་ཞེས་བྱ་བ་
དེ་བཤད་ཟིན་ཏོ།། །།གང་ལ་ཤིང་བལ་གྱིས་གོས་པར་བྱས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཤིང་བལ་གྱིས་གོས་པར་བྱས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་གྱི་ཁྲིའམ་ཁྲིའུ་དག་ལ་ཤིང་བལ་བརྡལ་བ་ལའོ། །ཅི་རང་ཉིད་ཀྱིས་གོས་པར་བྱས་པའམ་ཞེ་ན། དེའི་ཕྱིར་
Vol. 163 · folio 7a
རང་ངམ་བསྐོས་པས་སོ་ཞེས་བྱ་བ་སྨྲས་སོ། །འདིར་ཤིང་བལ་ཇི་ལྟ་བུ་ཞིག་ཡིན་པར་རིག་པར་བྱ་ཞེ་ན་དེའི་ཕྱིར་ཤིང་བལ་ནི་ལྔ་སྟེ། ཤལ་མ་ལའི་དང་། ཨརྐའི་དང་། ཀ་ཤའི་དང་། སོའུ་ཀའི་དང་། ཨར་ཀའིའོ་ཞེས་བྱ་བ་སྨྲས་ཏེ། ཚིག་དེ་དག་ནི་གོས་དང་ལུས་མ་
རུངས་པར་འགྱུར་བ་དགག་པའི་ཕྱིར་རོ། །ཤིང་བལ་གྱིས་གོས་པར་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གདིང་བ་ལས་གྱུར་པའི་ལྟུ་བྱེད་སྨྲ་བར་འདོད་ནས་གདིང་བའོ་ཞེས་བྱ་བ་སྨྲས་ཏེ། ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་ན་ཞེས་བྱ་བ་དེ་དང་སྦྱར་རོ། །དེའི་ཚད་གང་ཞེ་ན་
དེའི་ཕྱིར་འདིའི་ཚད་ནི་སྲིད་དུ་ཁྲུ་གསུམ་མོ་ཞེས་བྱ་བ་སྨྲས་ཏེ། གདིང་བ་འདིའི་ཚད་ནི་སྲིད་དུ་ཁྲུ་གསུམ་དུ་རིག་པར་བྱའོ། །མི་ཆོག་ན་ཁྲུ་ཕྱེད་དང་དོ་མན་ཆད་བསྐྱེད་དོ་ཞེས་བྱ་བ་ནི། གང་ལ་ཁྲུ་གསུམ་གྱིས་མི་ཆོག་པ་དེས་ཅི་ཙམ་བསྐྱེད་པས་དོན་གྲུབ་པ་དེ་ཙམ་བསྐྱེད་པར་བྱ་སྟེ། ཁྲུ་ཕྱེད་དང་དོ་མན་
ཆད་བསྐྱེད་པར་བྱའོ། །སྲིད་དུ་ཁྲུ་ཕྱེད་དང་དོ་བསྐྱེད་པར་བྱ་སྟེ། དེས་ན་གདིང་བའི་སྲིད་ཀྱི་ཚད་ནི་ཁྲུ་ཕྱེད་དང་ལྔའོ། །འདིའི་ཞེང་དུ་ནི་ཁྲུ་དོ་དང་སོར་དྲུག་གོ་ཞེས་བྱ་བ་ནི། གདིང་བའི་ཞིང་གི་ཚད་ཅེས་བྱ་བར་སྦྱར་རོ། །དེ་ཆུང་ངུ་ལ་བྱིན་གྱིས་རློབ་ན་ཉེས་བྱས་སོ་ཞེས་བྱ་བ་ནི་གདིང་བ་དེའི་
ཆུ་ཞེང་གི་ཚད་ཇི་སྐད་བསྟན་པ་དེ་ལས་ཆུང་བ་ལ་བྱིན་གྱིས་རློབ་ན་ཉེས་བྱས་སུ་འགྱུར་བའོ། །འོག་མ་གཉིས་ལ་ཡང་ངོ་ཞེས་བྱ་བ་ནི། བསླབ་པའི་གཞི་འདིའི་འོག་མ་གཡན་པ་དགབ་པ་ལས་གྱུར་པ་དང་དབྱར་གྱི་རས་ཆེན་ལས་གྱུར་པ་ཞེས་བྱ་བ་གཉིས་ལས་ཡང་ཚད་པས་ཆུང་བ་ལ་
བྱིན་གྱིས་རློབ་པ་ལ་ཉེས་བྱས་སུ་འགྱུར་བའོ། །འདིར་གཞུང་ནི་དབྱར་གྱི་རས་ཆེན་ཆུང་ངུ་ལ་བྱིན་གྱིས་རློབ་ན་ཉེས་བྱས་སོ། །གཡན་པ་དགབ་པ་ལ་ཡང་དེ་དང་འདྲའོ་ཞེས་གསུངས་པ་ཡིན་ཏེ། དེའི་རྗེས་སུ་འབྲང་བས་གདིང་བ་ལ་ཡང་དེ་སྐད་ཅེས་སྨྲས་སོ། །གདིང་བ་ལས་གྱུར་པའི་ལྟུང་
བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གཡན་པ་དགབ་པ་ལས་གྱུར་པའི་ལྟུང་བྱེད་སྨྲ་བར་འདོད་ནས། གཡན་པ་དགབ་པའིའོ་ཞེས་བྱ་བ་སྨྲས་ཏེ། གཡན་པ་དགབ་པའི་ཚད་ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །དེའི་ཚད་ཅི་ཙམ་ཞེ་ན་དེའི་ཕྱིར། ཁྲུ་དྲུག་
Vol. 163 · folio 7b
དང་གསུམ་མོ་ཞེས་བྱ་བ་སྨྲས་ཏེ། སྲིད་དུ་ནི་ཁྲུ་དྲུག་གོ། །ཞེང་དུ་ནི་ཁྲུ་གསུམ་མོ། །གཡན་པ་དགབ་པ་ལས་གྱུར་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།དབྱར་གྱི་རས་ཆེན་ལས་གྱུར་པའི་ལྟུང་བྱེད་སྨྲ་བར་འདོད་ནས། དབྱར་གྱི་རས་ཆེན་གྱིའོ་ཞེས་བྱ་བ་སྨྲས་ཏེ། ཚད་
ལས་ལྷག་པར་བྱེད་དམ་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །དེའི་ཚད་ཇི་ཙམ་ཞེ་ན་དེའི་ཕྱིར། དགུ་དང་གསུམ་དང་སོར་བཅོ་བརྒྱད་དོ་ཞེས་བྱ་བ་སྨྲས་ཏེ། ཁྲུ་ཞེས་བྱ་བར་སྦྱར་རོ། །དབྱར་གྱི་རས་ཆེན་གྱི་སྲིད་དུ་ནི་ཁྲུ་དགུའོ། །ཞེང་དུ་ནི་ཁྲུ་གསུམ་དང་སོར་བཅོ་བརྒྱད་དོ། །དབྱར་གྱི་རས་ཆེན་
ལས་གྱུར་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་སྨྲ་བར་འདོད་ནས། སྟོན་པ་རང་གི་ཁྲུ་ལྔ་དང་གསུམ་པའི་ཆོས་གོས་སོ་ཞེས་བྱ་བ་སྨྲས་ཏེ། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་སྲིད་དུ་སྟོན་པ་
སངས་རྒྱས་བཅོམ་ལྡན་འདས་རང་གི་ཁྲུ་ལྔའོ། །ཞེང་དུ་ནི་ཁྲུ་གསུམ་མོ། གང་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དེའི་ལུས་ཙམ་མེད་པར་དེའི་ཚད་དམ་ལྷག་པའི་ཆོས་གོས་བྱེད་དམ་བྱེད་དུ་འཇུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དེའི་
ཚད་དམ་ཞེས་བྱ་བ་ནི། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དང་མཉམ་པའོ། །ལྷག་པ་ཞེས་བྱ་བ་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་ལྷག་པ་སྟེ། དེ་ལྟ་བུའི་ཆོས་གོས་བྱེད་དམ་བྱེད་དུ་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཅི་དགེ་སློང་ཐམས་ཅད་ལ་
འམ་ཞེ་ན་དེའི་ཕྱིར་དེའི་ལུས་ཙམ་མེད་པར་ཞེས་བྱ་བ་སྨྲས་ཏེ། དེའི་ལུས་ཞེས་བྱ་བ་ནི། བདེ་བར་གཤེགས་པའི་སྐུ་སྟེ་དགེ་སློང་གང་ལ་དེའི་སྐུ་ཙམ་གྱི་ལུས་ཡོད་པ་དེ་ནི་དེའི་ལུས་ཙམ་ཡོད་པའོ། །གང་ལ་དེའི་སྐུ་ཙམ་གྱི་ལུས་མེད་པ་དེ་ནི་དེའི་ལུས་ཙམ་མེད་པ་སྟེ། དེ་ལ་ཁ་ན་མ་ཐོ་བ་
འདིར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བདེ་བར་གཤེགས་པའི་སྐུའི་ཚད་ཙམ་གྱི་ལུས་ཡོད་པ་ལ་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཙམ་གྱི་ཆོས་གོས་བྱེད་དམ་བྱེད་དུ་འཇུག་པ་ལ་ལྟུང་བ་མེད་དོ། ལྷག་པ་ལ་ནི་ཅི་རིགས་པ་ཁ་ན་མ་ཐོ་བར་འགྱུར་ཏེ། གང་ལ་བདེ་བར་
Vol. 163 · folio 8a
གཤེགས་པའི་སྐུའི་ཚད་ཙམ་གྱི་ལུས་མེད་པ་དེས་བདེ་བར་གཤེགས་པའི་སྐུའི་ཚད་ཀྱི་ཆོས་གོས་སམ་དེ་ལས་ལྷག་པའི་ཆོས་གོས་བྱེད་དམ་བྱེད་དུ་འཇུག་པ་ལ་ནི་ལྟུང་བྱེད་དོ། །བདེ་བར་གཤེགས་པའི་ཆོས་གོས་པས་ནི་ཆུང་ལ་རང་གི་ལུས་ལས་ནི་ཆེ་བའི་ཆོས་
གོས་བྱེད་དམ་བྱེད་དུ་འཇུག་པ་ལ་ནི་ཉེས་བྱས་སོ། །གང་ལ་བདེ་བར་གཤེགས་པའི་སྐུའི་ཚད་ཙམ་མམ་དེ་ལས་ལྷག་པའི་ལུས་ཡོད་པ་དེས་རང་གི་ཁྲུ་ལྔ་དང་གསུམ་ལས་ལྷག་པའི་ཆོས་གོས་སུམ་འགྱུར་དང་བཞི་འགྱུར་ལ་སོགས་པ་བྱེད་དམ་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །སུམ་འགྱུར་
དུ་མ་ཆོག་པ་མན་ཆད་ཉིས་འགྱུར་ཡན་ཆད་བྱེད་པ་ལ་ནི་ཉེས་བྱས་སུ་འགྱུར་བར་འདིར་དོན་ཅི་རིགས་པར་སྦྱར་རོ། །འདིར་གཞུང་ནི་གཏམ་གྱི་གཞི་ལས་ཚད་དང་ལྡན་པར་བགྱིད་པ་ལ་ལྟུང་བར་འགྱུར་བ་དང་ཚད་དང་ལྡན་པར་བགྱིད་པ་ལ་ལྟུང་བར་མི་འགྱུར་བ་འགའ་མཆིས་སམ།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བྱེད་ན་ལྟུང་བྱེད་དོ། །དཀྱིལ་འཁོར་གྱི་ཚད་དུ་བྱེད་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བྱེད་ན་ཞེས་བྱ་བ་ནི། རང་གི་ཁྲུ་ཚད་
ལས་སུམ་འགྱུར་དུ་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་བའོ། །དཀྱིལ་འཁོར་གྱི་ཚད་དུ་བྱེད་ན་ཞེས་བྱ་བ་ནི། རང་གི་ཁྲུ་ལྔ་དང་གསུམ་མན་ཆད་ཆུང་ངུ་དང་ལྡན་པར་བྱེད་པ་ལ་ལྟུང་བ་མེད་པ་སྟེ། འདིར་དོན་དེ་ཡིན་པར་རིག་པར་བྱའོ། །དེ་བཅང་བར་མི་བྱའོ་ཞེས་བྱ་བ་ལ། དེ་ཞེས་
བྱ་བ་ནི། བདེ་བར་གཤེགས་པའི་ཆོས་གོས་སམ་བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པ་དེའོ། །བཅང་བར་མི་བྱའོ་ཞེས་བྱ་བ་ནི་ལུས་དང་འབྲེལ་པས་སམ་གཞན་ཡང་རུང་སྟེ། བྱིན་གྱིས་བརླབས་ནས་སམ་རྣམ་པར་བརྟགས་ནས་སམ་རྣམ་པར་མ་བརྟགས་པར་ཡང་བཅང་
བར་མི་བྱའོ། །འདིར་གཞུང་ནི་གོས་ཀྱི་གཞི་ལས་བཙུན་པ་བདེ་བར་གཤེགས་པའི་ཆོས་གོས་ལྷག་ཉིད་དུ་འཆང་དུ་དབང་ངམ། ཉེ་བ་འཁོར་མི་དབང་ངོ་ཞེས་གསུངས་པ་ཡིན་ནོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །
Vol. 163 · folio 8b
ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་རྣམས་རྫོགས་སོ་ཞེས་བྱ་བ་དངོས་པོ་སྤང་དུ་མེད་ཅིང་ལྟུང་བྱེད་འབའ་ཞིག་བཤགས་པར་བྱ་བ་ལྟུང་བྱེད་དགུ་བཅུ་པོ་དག་བཤད་ཟིན་ཏོ།། །།ལྟུང་བྱེད་རྣམས་སྨྲས་ནས། ད་ནི། གྲོང་དང་ཁྱིམ་གཞན་ཉིད་དང་ནི། །སློབ་པ་རྣམས་དང་དགོན་པ་ནི། །
སངས་རྒྱས་ཕན་པ་གསུངས་པ་ཡིས། །སོ་སོར་བཤགས་པར་བྱ་བར་གསུངས། །ཞེས་བྱ་བའི་རིམ་གྱིས་དེའི་འོག་ཏུ་བསྟན་པ་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་དག་བརྗོད་པར་བྱའོ། །དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་ལ་བྱེད་པ་པོ་ཉིད་གང་ཡིན་ཞེ་
ན་དེའི་ཕྱིར། ཤེས་གཙོ་བོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་ཤེས་གཙོ་ཞེས་བྱ་བའི་མིང་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་དུ་སྦྱོར་བར་བྱེད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་དགེ་སློང་མ་ཉེ་དུ་མ་ཡིན་པ་ཉིད་ལའོ་ཞེས་བྱ་བ་སྨྲས་
ཏེ། གལ་ཏེ་དགེ་སློང་མ་ཡང་དགེ་སློང་དེའི་ཉེ་དུ་མ་ཡིན་པ་ཉིད་ཡིན་ལ། དགེ་སློང་གིས་ཀྱང་འདི་བདག་གི་ཉེ་དུ་མ་ཡིན་པ་ཉིད་དོ་སྙམ་དུ་ཤེས་ན་ཉེ་དུ་མ་ཡིན་པ་ཉིད་དེ་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ནོ། །ཅི་ཞིག་རྗེས་སུ་སྒྲུབ་ན་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར། རང་གིས་མི་
འགྲིམ་པར་བསྒྲུབས་པའི་བཅའ་བ་དང་བཟའ་བ་བདག་ཉིད་གྲོང་ན་འདུག་པས་བླངས་ཏེ་ཟོས་ནའོ་ཞེས་བྱ་བ་སྨྲས་ཏེ། ཉེ་དུ་མ་ཡིན་པའི་དགེ་སློང་མ་གྲོང་ངམ་གཞན་གང་ཡང་རུང་བ་ན་འདུག་པས་རང་གི་ལག་གིས་མི་འགྲིམ་པའི་རྣམ་པས་བསྒྲུབས་ཤིང་ཕུལ་བའི་བཅའ་བ་དང་བཟའ་
བ་ལྟུང་བ་འབྱིན་པར་བྱེད་པའི་དགེ་སློང་བདག་ཉིད་གྲོང་ན་འདུག་པས་རང་གི་ལག་གིས་བླངས་ཏེ་བཅའ་བ་དང་བཟའ་བ་དང་དེ་དག་གནས་གང་ཡང་རུང་བར་འདུག་སྟེ་ཟོས་ན་དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་
བས་ན་གལ་ཏེ་དགེ་སློང་ལམ་པོ་ཆེ་ན་འདུག་པས་དགེ་སློང་མ་གང་ཡང་རུང་བ་ན་འདུག་པ་དེ་ལས་བཅའ་བ་དང་བཟའ་བ་ལེན་ཅིང་ཟ་བར་བྱེད་ན་དངོས་གཞིར་འགྱུར་རོ། །དེ་བཞིན་དུ་དགེ་སློང་ལམ་པོ་ཆེ་ན་འདུག་པ་མ་ཡིན་པས་དགེ་སློང་མ་ལམ་པོ་ཆེ་ན་འདུག་པ་དེ་ལས་བཅའ་བ་དང་
Vol. 163 · folio 9a
བཟའ་བ་ལེན་ཅིང་ཟ་བར་བྱེད་ན་ནི་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གཙུག་ལག་ཁང་ན་འདུག་པས་དགེ་སློང་མ་གྲོང་ན་འདུག་པ་དེ་ལས་བཅའ་བ་དང་བཟའ་བ་ལེན་ཅིང་ཟ་བར་བྱེད་པ་དེ་ལ་ནི་ལྟུང་བ་མེད་དོ། །དེ་ལྟར་ཡང་འདིར་གཞུང་ནི་ཞུ་བ་ལས་བཙུན་
པ་རེ་ཞིག་དགེ་སློང་མའི་དབྱར་ཁང་ན་མཆིས་པ་ལ་དགེ་སློང་མ་གྲོང་ན་མཆིས་པས་བཅའ་བ་དང་བཟའ་བ་རྩོལ་ལ་དེས་དེ་ན་མཆིས་པ་ལས་ལེན་ཅིང་བླངས་ནས་འཚལ་བར་བགྱིད་ན་ལྟུང་བ་ཅིར་འགྱུར། ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ལས་བཟློག་པ་ལ་ནི་ཉེས་བྱས་
སོ། །ཁ་ཅིག་ནི་འདི་སྐད་ཅེས་སྦྱིན་པ་མོ་དང་ལེན་པར་བྱེད་པ་གཉི་ག་ལམ་པོ་ཆེ་ན་འདུག་པ་དག་ལ་ནི་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །ཡན་ལག་གཅིག་མ་ཚང་བ་ལ་ནི་ཉེས་བྱས་སོ། །ཡན་ལག་གཉི་ག་མ་ཚང་བ་ལ་ནི་ལྟུང་བ་མེད་དོ་ཞེས་ཟེར་རོ། །དབྱར་ཁང་ནི་གྲོང་ཉིད་མ་ཡིན་
ནོ་ཞེས་བྱ་བའི་གཞུང་ནི་ཞུ་བ་ལས་ལྟུང་བ་མེད་དོ་ཞེས་སྔར་བསྟན་མ་ཐག་པ་ཉིད་ཡིན་ནོ། །དགེ་སློང་གི་གནས་ཀྱང་མ་ཡིན་ནོ་ཞེས་བྱ་བ་ཡང་གྲོང་ཉིད་མ་ཡིན་པའོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ལགས་པ་ཁྱིམ་གཞན་དུ་ཞུགས་པ་ལས་བཅའ་
བ་དང་བཟའ་བ་བླངས་ཏེ་འཆོས་ཤིང་འཚལ་ན་ལྟུང་བར་ཡང་མི་འགྱུར་བ་འགའ་མཆིས་སམ། ཡོད་དེ་དགེ་སློང་གནས་ན་འདུག་པས་དགེ་སློང་མ་ཁྱིམ་གཞན་ན་འདུག་པ་ལས་ལེན་ནའོ་ཞེས་གསུངས་པ་ཡིན་ནོ། །ནམ་མཁའ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ནི། གྲོང་གི་སྟེང་གི་ནམ་མཁའ་
ལ་འདུག་པས་བླངས་ཏེ་ཟ་ན་ཉེས་བྱས་སུ་འགྱུར་བའོ། །འཇོག་པར་བྱེད་པ་ཉེ་བར་མི་གནས་ན་གཞག་པ་ལེན་པ་ནི་དེ་ལས་མ་ཡིན་ནོ་ཞེས་བྱ་བ་ནི། འཇོག་པར་བྱེད་པའི་དགེ་སློང་མས་ཟས་གང་གྲོང་དུ་འཇོག་པར་བྱེད་པའི་དགེ་སློང་མ་དེས་ཟས་དེ་གྲོང་དུ་བཞག་ནས་གུད་དུ་སོང་སྟེ་
དེ་ནས་ཉེ་བར་མི་གནས་ན་དགེ་སློང་དེས་ཟས་དེ་གྲོང་དེ་ནས་ལེན་པར་བྱེད་ཀྱང་དེས་ཟས་དེ་འཇོག་པར་བྱེད་པ་དེ་ལས་བླངས་པ་མ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་མས་གྲོང་དུ་བཞག་པར་གྱུར་པ་དེས་དགེ་སློང་གིས་ཡིད་གཅུགས་པས་བླངས་ཏེ་ཟ་བར་བྱེད་ན་ལྟུང་བ་མེད་དོ་ཞེས་
Vol. 163 · folio 9b
གསུངས་པ་ཡིན་ནོ། །གལ་ཏེ་ཡིད་གཅུགས་པ་མེད་པས་ལེན་ན་ནི་མ་བྱིན་པར་ལེན་པར་གཏོགས་པའི་ཁ་ན་མ་ཐོ་བར་ཡང་འགྱུར་རོ། །དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་སྟེ་དང་པོའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །གྲལ་རིམ་དུ་མ་ཕེབས་པར་འདྲིམ་
དུ་འཇུག་པ་མ་བཟློག་པར་ཟའི་སོ་སོར་བཤགས་པར་བྱ་བ་ལ་བྱེད་པ་པོ་གང་ཡིན་ཞེ་ན། དེའི་ཕྱིར་དེའམ་དགེ་སློང་གཞན་ལ་འདི་ལ་བཅའ་བའམ་བཏུང་བའམ་སྲན་ཚོད་དམ་བཟའ་བ་འམ་ཡང་བྱིན་ཅིག་ཅེས་བྱ་བ་ལ་སོགས་པས་སྐོ་ཤམ་བྱེད་པ་ལ་ཞུགས་པའི་དགེ་སློང་མ་འདུག་
པ་ནི་བྱེད་པ་པོ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེའམ་ཞེས་བྱ་བ་ནི་ལྟུང་བ་འབྱིན་པར་བྱེད་པ་ཉིད་དུ་བརྗོད་པར་འདོད་པའི་དགེ་སློང་དེ་ལའོ། །དགེ་སློང་གཞན་ལ་ཞེས་བྱ་བ་ནི། དགེ་སློང་མང་པོ་གཞན་གང་ཡང་རུང་བ་ལའོ། །འདི་ལ་བཅའ་བ་བྱིན་ཅིག་ཅེས་བྱ་བ་ནས་བཟའ་བ་
བྱིན་ཅིག་ཅེས་བྱ་བའི་བར་དང་ཡང་ལྷག་པར་བྱིན་ཅིག་ཅེས་བྱ་བ་ལ་སོགས་པས་ནི་སྐོ་ཤམ་བྱེད་པ་བསྟན་ཏོ། །སྩོགས་པ་ཞེས་བྱ་བའི་སྒྲས་ནི། ཟས་ལྷག་མ་དག་སྟོབས་པ་ཡང་བསྡུས་པའི་ཕྱིར་རོ། །སྐོ་ཤམ་བྱེད་པ་དེ་ལྟ་བུ་དེ་ལ་ཞུགས་པའི་དགེ་སློང་མ་གང་ཡིན་པ་དེ་འདུག་པ་
གང་ཡིན་པ་དེ་ནི་ལྟུང་བ་འདིའི་བྱེད་པ་པོ་ཡིན་པར་ཤེས་པར་བྱའོ། །ཅི་དགེ་སློང་མ་དེ་ལྟར་གྱུར་པ་ཐམས་ཅད་ཀྱི་འདུག་པ་དེ་བྱེད་པ་པོ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་གལ་ཏེ་དེའི་ཚིག་གིས་སམ་དེའི་ཉེ་དུས་མགྲོན་དུ་བོས་པ་མ་ཡིན་ནའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་སློང་མ་རྣམས་
མགྲོན་དུ་བོས་པ་དགེ་སློང་མ་དེའི་ཚིག་གིས་མ་ཡིན་པ་དང་། ཡོན་བདག་གང་གིས་དགེ་སློང་རྣམས་མགྲོན་དུ་བོས་པ་དེ་སྐོ་ཤམ་བྱེད་པ་ལ་ཞུགས་པའི་དགེ་སློང་མ་དེའི་ཉེ་དུ་མ་ཡིན་ན་དེའི་བྱེད་པ་པོའི་ཉིད་ཡིན་པའོ། །འདིར་གཞུང་ནི་དེའི་ཚིག་གིས་མགྲོན་དུ་བོས་པར་གྱུར་ན་
ལྟུང་བ་མེད་དོ་ཞེས་གསུངས་པ་དང་། ཞུ་བའི་གཞུང་ལས་ཉེ་དུའི་གནས་ལ་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །སྤྱིར་བཏང་བ་བསྟན་ནས་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། བྱུག་རིས་སྟོན་པ་དང་མ་བྱིན་པ་ལ་སྦྱིན་དུ་འཇུག་པ་མ་གཏོགས་སོ་ཞེས་བྱ་བ་སྨྲས་སོ། །སྐོ་ཤམ་
Vol. 163 · folio 10a
ལ་ཞུགས་པ་སྔར་བསྟན་པ་ལས་འདི་གཉིས་འབྲི་བར་བྱའོ། །བྱུག་རིས་སྟོན་པ་ཞེས་བྱ་བ་ནི་ད་འདིར་བྲིམས་ཤིག །དེའི་འོག་ཏུ་འདིར་བྲིམས་ཤིག་ཅེས་བྱ་བ་ལ་སོགས་པས་གྲལ་རིམ་བཞིན་དུ་མདུན་གྱི་བྱུག་རིས་སྟོན་པར་བྱེད་པའོ། །མ་བྱིན་པ་ལ་སྦྱིན་
དུ་འཇུག་པ་ཞེས་བྱ་བ་ནི། གང་གི་ཚེ་བྱུག་རིས་སྔ་མ་ལས་ཐོད་རྒལ་དུ་འདས་ཏེ་བྱུག་རིས་འོག་མར་བྱིན་པར་གྱུར་པ་དེའི་ཚེ་ན་བྱུག་རིས་གོང་མ་བཀོལ་བ་ཤོས་དེར་སྦྱིན་དུ་འཇུག་པའོ། །ཅི་ཞིག་བྱས་ན་དེ་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར། དེ་ལ་དགེ་སློང་གང་ཡང་རུང་བ་ལྷན་
ཅིག་མི་ཟ་བས་ཀྱང་རུང་བས་སྲིང་མོ་ཁྱོད་དགེ་སློང་རྣམས་ཟས་ཟོས་ཀྱི་བར་དུ་རེ་ཞིག་སྡོད་ཅིག་ཅེས་མ་བསྒོ་བར་དགེ་སློང་གསུམ་ལ་སོགས་པར་མགྲོན་དུ་བོས་པས་ཟོས་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་དེ་ལ་མ་བསྒོ་བར་ཟོས་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ཞེས་བྱ་
བ་ནི་དགེ་སློང་མ་དེ་ལ་སྟེ་དེ་ལ་མ་བསྒོ་བར་ཟོས་ན་ཁ་ན་མ་ཐོ་པ་འདིར་འགྱུར་རོ། །སུས་མ་བསྒོ་བར་ཞེ་ན། དེའི་ཕྱིར་དགེ་སློང་གིས་ཞེས་བྱ་བ་སྨྲས་སོ། །ཅི་ལྟུང་བ་འབྱིན་པར་བྱེད་པ་ཁོ་ནས་སམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར་གང་ཡང་རུང་བས་ཞེས་བྱ་བ་སྨྲས་སོ། །དགེ་སློང་སྟོན་མོ་དེའི་ནང་
དུ་ཟན་ཟོས་ཟིན་ནས་སྔར་ལངས་པ་དེས་བསྒོ་བ་བྱས་ནས་ཡང་བསྒོ་བ་ཉིད་ཡིན་པས་དེའི་ཕྱིར་ལྷན་ཅིག་མི་ཟ་བས་ཀྱང་རུང་བས་ཞེས་བྱ་བ་སྨྲས་ཏེ། འདིར་གཞུང་ནི་དགེ་སློང་གཞན་དག་ཟོས་ཏེ་འབྱུང་ཞིང་གཞན་དག་འཇུག་པས་ཞེས་གསུངས་པ་ཡིན་ནོ། །གང་གི་ཚེ་དགེ་སློང་དེ་དག་
ཐམས་ཅད་ལངས་པར་གྱུར་ཟིན་ཅིང་དགེ་སློང་གཞན་དག་ཅིག་འཁོད་པར་གྱུར་ན་དེ་ལ་ནི་ལྷན་ཅིག་མི་ཟ་བར་ཞེས་བྱ་བར་མི་བཟུང་སྟེ། ཟན་ཐ་དད་པའི་ཕྱིར་རོ། །འདིར་ཟན་གཅིག་པ་ཉིད་ཡན་ལག་ཏུ་བཞེད་པས་དེའི་ཕྱིར་ཟ་བར་བྱེད་པ་ཐམས་ཅད་མ་ལངས་པ་ཉིད་ན་འགའ་ཞིག་
ལངས་པ་ནི་ལྷན་ཅིག་མི་ཟ་བ་ཉིད་ཡིན་པར་ཤེས་པར་བྱའོ། །དགེ་སློང་དེ་དག་གིས་ཇི་སྐད་བསྒོ་བར་བྱ་ཞེ་ན། དེའི་ཕྱིར་སྲིང་མོ་ཁྱོད་དགེ་སློང་རྣམས་ཟན་ཟོས་ཀྱི་བར་དུ་རེ་ཞིག་སྡོད་ཅིག་ཅེས་བྱ་བ་སྨྲས་ཏེ། དེ་ཡང་བཟློག་པར་བྱ་བའི་ཚིག་གི་དཔེ་ཙམ་དུ་ཟད་དོ། །མ་བསྒོ་
Vol. 163 · folio 10b
བར་ཞེས་བྱ་བ་ནི། དགེ་སློང་མ་དེ་ལ་ཇི་སྐད་སྨོས་པའི་རྣམ་པ་དེ་དག་གིས་གལ་ཏེ་མ་བསྒོ་ཞིང་བརྡ་མ་སྤྲད་པར་རོ། །དགེ་སློང་གསུམ་ལ་སོགས་པ་མགྲོན་དུ་བོས་པས་ཟོས་ནའོ་ཞེས་བྱ་བ་ནི། གཉིས་མན་ཆད་ལ་ནི་ན་སྨད་པ་ཡིན་པས་གསུམ་ཡན་ཆད་མགྲོན་དུ་བོས་པ་ཇི་སྙེད་
ཀྱིས་ཟོས་པ་དེ་དག་ཐམས་ཅད་ལ་ཁ་ན་མ་ཐོ་བ་འདིར་འགྱུར་བའོ། །ཅི་མགྲོན་དུ་བོས་པ་གང་ཡང་རུང་བས་གང་ཡང་རུང་བ་ཟོས་པ་ལའམ་ཞེ་ན་དེའི་ཕྱིར་རིགས་ཀྱིའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བྲམ་ཟེ་དང་ཁྱིམ་བདག་གི་རིགས་ཀྱིས་མགྲོན་དུ་བོས་པ་དེས་སོ། །རིགས་ཀྱི་དྲུང་
ཉིད་དུ་ཟོས་ན་སྟེ། གཞན་དུ་མ་ཡིན་ནོ། །དགོན་པ་དང་གཙུག་ལག་ཁང་ལ་སོགས་པར་སྦྱིན་བདག་རིགས་ཀྱི་མི་ཐམས་ཅད་འདུས་པའམ་དེས་བསྐོས་པ་ལ་སོགས་པས་ཟན་སྦྱར་བ་དེ་ཡང་རིགས་ཀྱི་ཟན་སྦྱར་བ་ཉིད་ཡིན་པར་རིག་པར་བྱ་སྟེ། དེའི་ཕྱིར་ཁྱིམ་དུ་ཞེས་མ་སྨོས་སོ། །
རིགས་ཀྱི་ཟན་ལས་གཞན་པ་གཙུག་ལག་ཁང་ལ་སོགས་པའི་ཟན་དང་། དགེ་སློང་གཅིག་གམ་གཉིས་མགྲོན་དུ་བོས་པ་ལ་ནི་འདིའི་རྗེས་སུ་འབྲངས་པས་ཉེས་བྱས་སུ་ཤེས་པར་བྱའོ། །འདིར་དགེ་སློང་མ་ཐག་ཇི་སྲིད་ན་འདུག་པར་གྱུར་པ་ཁ་ན་མ་ཐོ་བ་ཇི་ལྟ་བུའི་བྱེད་པ་པོ་ཡིན་ཞེ་ན།
དེའི་ཕྱིར་གལ་ཏེ་ཚིག་དེ་ཉེ་བར་གདགས་སུ་རུང་ན་དངོས་གཞིའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་སྲིང་མོ་ཁྱོད་དགེ་སློང་རྣམས་ཟན་ཟོས་ཀྱི་བར་དུ་རེ་ཞིག་སྡོད་ཅིག་ཅེས་བྱ་བའི་ཚིག་དེ་དགེ་སློང་མ་དེ་ལ་ཉེ་བར་གདགས་ཤིང་བསྒོར་རུང་བའི་ཐག་དེ་ཙམ་ན་འདུག་པ་ལ་ཉེ་བར་མ་བརྟགས་ཤིང་མ་
བསྒོ་ན་དངོས་གཞིའི་ལྟུང་བའི་བྱེད་པ་པོ་ཡིན་ནོ། །གལ་ཏེ་མི་རུང་ན་ཉེས་བྱས་ཀྱིའོ་ཞེས་བྱ་བ་ནི། གལ་ཏེ་དེ་སྐད་ཉེ་བར་གདགས་ཤིང་བསྒོར་མི་རུང་བའི་ཐག་དེ་ཙམ་ན་འདུག་པ་ལ་ཉེ་བར་མ་བརྟགས་ཤིང་མ་བསྒོ་ན་ཉེས་བྱས་ཀྱི་བྱེད་པ་པོ་ཡིན་ནོ། །འདིར་ཉེས་བྱས་ཀྱི་གཞུང་ནི་གང་དག་སྒོ་
ཁང་ན་ཟ་བ་དེ་དག་གིས་དགེ་སློང་མ་དེ་ལ་བསྒོ་འམ་ཞེས་དྲི་བར་བྱ་སྟེ། མ་དྲིས་པར་ཟ་ན་ཉེས་བྱས་སུ་འགྱུར་རོ། །གང་དག་སྒོ་ཁང་ན་ཟ་བར་དེ་དག་གིས་དགེ་སློང་མ་དེ་ལ་བསྒོའམ་ཞེས་དྲི་བར་བྱ་སྟེ་མ་དྲིས་པར་ཟ་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་དངོས་
Vol. 163 · folio 11a
གཞིའི་གཞུང་ནི་དགེ་སློང་དག་ཁ་ཅིག་ནི་ཁང་ཐོག་ན་ཟ་བར་བྱེད། ཁ་ཅིག་ནི་བར་ཁང་ན་ཟ་བར་བྱེད་ལ་དེ་ན་གལ་ཏེ་དགེ་སློང་མ་སྐོ་ཤམ་བྱེད་ཅིང་འདུག་པར་གྱུར་ན་དགེ་སློང་མ་དེ་དག་གིས་དགེ་སློང་མ་དེ་ལ་བསྒོ་བར་བྱའོ། །མ་བསྒོ་བར་ཟ་ན་སོ་སོར་
བཤགས་པར་བྱ་བར་འགྱུར་རོ། །དགེ་སློང་དག་ཁ་ཅིག་ནི་འོག་ཁང་ན་ཟ་བར་བྱེད་ཁ་ཅིག་ནི་སྒོ་ཁང་ན་ཟ་བར་བྱེད་ལ་དེ་ན་གལ་ཏེ་དགེ་སློང་མ་སྐོ་ཤམ་བྱེད་ཅིང་འདུག་པར་གྱུར་ན་དགེ་སློང་དེ་དག་གིས་དགེ་སློང་མ་དེ་ལ་བསྒོ་བར་བྱའོ། །མ་བསྒོ་བར་ཟ་ན་སོ་སོར་བཤགས་པར་བྱ་བར་
འགྱུར་རོ་ཞེས་གསུངས་པ་དེ་གཉིས་ཡིན་ནོ། །འདི་ལ་བསྒོ་བ་ཉིད་དུ་རྣམ་པར་གནས་པ་ནི་ཤེས་གཙོས་སོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི། བསླབ་པའི་གཞི་འདི་ལའོ། །བསྒོ་བ་ཉིད་དུ་གནས་པ་ནི་ཤེས་གཙོས་ཏེ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་པས་འདུ་ཤེས་ཀྱི་དབང་
གིས་གནས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་དྲི་བ་ལ་བརྩོན་པར་བྱའོ་ཞེས་བྱ་བ་ནི། གང་གི་ཕྱིར་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་པ་དེའི་ཕྱིར་དགེ་སློང་མ་དེ་ལ་བསྒོའམ་ཞེས་འདྲི་བ་ལ་བརྩོན་པར་བྱའོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་དགེ་སློང་མ་དེ་ལ་
བསྒོ་འམ་ཞེས་འདྲི་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་རྒན་པ་མི་འཇུག་ན་གསར་བུས་འཇུག་པར་བྱའོ་ཞེས་བྱ་བ་ནི། དྲི་བ་འདི་ལ་རྒན་པས་འཇུག་པར་བྱའོ། །དེ་མི་འཇུག་ན་གསར་བུས་འཇུག་པར་བྱའོ། །གྲལ་རིམ་དུ་མ་ཕེབས་པར་འདྲིམ་དུ་འཇུག་པ་མ་བཟློག་པར་
ཟ་བའི་སོ་སོར་བཤགས་པར་བྱ་བ་སྟེ་གཉིས་པའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བམ་པོ་སུམ་ཅུ་བདུན་པ། བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བ་སྨྲ་བར་འདོད་ནས། དད་པ་ཅན་ལ་གལ་ཏེ་བྱིན་ན་དེ་ཕོངས་པར་འགྱུར་བ་ལྟ་ན་ཁྱིམ་གྱི་བསླབ་
པའི་སྡོམ་པ་སྦྱིན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དད་པ་ཅན་ཞེས་བྱ་བ་ནི། ཁྱིམ་བདག་སྟེ་དེ་ལ་ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་བྱིན་ན་དེ་ཕོངས་པར་འགྱུར་བ་ལྟ་ན་ཞེས་བྱ་བ་ནི་གལ་ཏེ་སྦྱིན་པ་བྱིན་ན་དད་པ་ཅན་དེ་ཡོ་བྱད་ཀྱིས་ཕོངས་པར་
Vol. 163 · folio 11b
འགྱུར་བ་ལྟ་ནའོ། །དེ་ལྟ་ན་དེ་ལ་ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པར་བྱ་སྟེ། ཁྱིམ་ལ་བརྟེན་པའི་བསླབ་པ་དེ་ཉིད་སྡོམ་པར་གྱུར་ཅིང་ངེས་པ་ཡིན་པས་སྡོམ་པ་སྟེ་དགེ་སློང་སྡོམ་པ་དེ་ལ་གནས་པ་སྦྱིན་པར་བྱའོ། །གང་གིས་ཤེ་ན་དེའི་ཕྱིར་གསོལ་བས་སོ་ཞེས་བྱ་བ་
སྨྲས་ཏེ། གསོལ་བ་འབའ་ཞིག་གི་ལས་ཀྱིས་སོ་ཞེས་བྱ་བའི་ཐ་ཚིག་གོ། །བག་ཡངས་སུ་བྱ་བ་ལ་ཡང་ངོ་ཞེས་བྱ་བ་ནི། སྡོམ་པ་དེ་བག་ཡངས་སུ་བྱ་ཞིང་གཞིག་པ་ཡང་གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱ་བའོ། །བྱིན་པ་དེའི་སེམས་རྟོགས་ནས་ཁྱིམ་དུ་འགྲོ་བ་དང་སྟན་ལ་
འདུག་པ་དང་ཆོས་བསྟན་པ་དག་བྱའོ་ཞེས་བྱ་བ་ལ། བྱིན་པ་དེ་ཞེས་བྱ་བ་ནི། གང་ལ་ཁྱིམ་གྱི་བསླབ་པའི་སྡོམ་པ་དེ་བྱིན་པ་དེ་ནི་བྱིན་པ་དེ་ཞེས་བྱའོ། །བྱིན་པ་དེའི་སེམས་རྟོགས་པས་དེའི་ཁྱིམ་དུ་འགྲོ་བ་དང་། དེའི་སྟན་ལ་ལོངས་སྤྱོད་པ་དང་། དེ་ལ་ཆོས་བསྟན་པ་དག་ཀྱང་
བྱའོ། །ལྷུང་བཟེད་སྟོང་པས་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་གང་གི་ལྷུང་བཟེད་སྟོང་པ་དེ་ནི་ལྷུང་བཟེད་སྟོང་པ་སྟེ་ལྷུང་བཟེད་སྟོང་པ་དང་ལྡན་པའི་དགེ་སློང་དེས་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་དུ་འཇུག་པར་མི་བྱའོ། །དེའི་བྱིས་པ་སློང་བ་དག་ལ་བསོད་སྙོམས་ལས་
སྣུམ་ཁུར་བྱིན་པར་བྱ་ཞིང་རིལ་གྱིས་ནི་མི་སྦྱིན་ནོ་ཞེས་བྱ་བ་ནི། དགེ་སློང་བསོད་སྙོམས་བླངས་ཏེ་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་དུ་སོན་པ་ན་བསླབ་པའི་སྡོམ་པ་བྱིན་པ་དེའི་བྱིས་པ་ཁ་ཟས་སློང་བ་དག་ལ་དགེ་སློང་དེས་རང་གི་བསོད་སྙོམས་དེ་ལས་སྣུམ་ཁུར་སྦྱིན་པར་དེ་ཡང་མཚོན་པ་
ཙམ་དུ་ཟད་དེ་བཅའ་བར་བྱ་བ་གཞན་དག་ཀྱང་སྦྱིན་པར་བྱའོ། །བསོད་སྙོམས་རིལ་གྱིས་ནི་སྦྱིན་པར་མི་བྱ་སྟེ། གཞན་མུ་སྟེགས་ཅན་མ་དད་པ་དག་འཕྱ་བའི་ཉེས་པ་སྤང་བའི་ཕྱིར་རོ། །འདོད་ན་བག་ཡངས་སུ་བྱའོ་ཞེས་བྱ་བ་ནི། གལ་ཏེ་དད་པ་ཅན་དེ་བག་ཡངས་སུ་བྱ་བ་དེ་འདོད་པར་
གྱུར་ན་དེའི་ཚེ་དེ་ལ་ཁྱིམ་གྱི་བསླབ་པའི་སྡོམ་པ་དེ་བག་ཡངས་སུ་བྱ་ཞིང་གཞིག་པར་བྱའོ། །གང་ལ་བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བ་འབྱུང་བར་འགྱུར་ཞེ་ན་དེའི་ཕྱིར། དེ་བྱིན་པའི་མདུན་རོལ་དུ་མགྲོན་དུ་མ་བོས་པས་བསླབ་པའི་སྡོམ་པ་བྱིན་པའི་
Vol. 163 · folio 12a
ཁྱིམ་ནས་བཅའ་བ་དང་བཟའ་བ་དག་བླངས་ཤིང་ཟོས་པ་ལ་སྟེ་ག་གོན་དང་ལ་ཕུག་དང་ལྡམ་ལྡུམ་མོད་པ་དག་ནི་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་ནས་བཅའ་བ་དང་བཟའ་བ་དག་བླངས་ཤིང་ཟོས་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་
རོ་ཞེས་བྱ་བར་སྦྱར་རོ། །ཅི་དགེ་སློང་ཐམས་ཅད་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རམ་ཞེ་ན་དེའི་ཕྱིར་དེ་བྱིན་པའི་མདུན་རོལ་དུ་མགྲོན་དུ་མ་བོས་པས་ཞེས་བྱ་བ་སྨྲས་ཏེ། བསླབ་པའི་སྡོམ་པ་དེ་བྱིན་པའི་མདུན་རོལ་དུ་མགྲོན་དུ་མ་བོས་པའི་དགེ་སློང་གིས་ཟོས་ན་ཁ་ན་མ་ཐོ་བ་འདིར་
འགྱུར་གྱི་བསླབ་པའི་སྡོམ་པ་དེ་བྱིན་པའི་མདུན་རོལ་དུ་མགྲོན་དུ་མ་བོས་ན་ནི་བསླབ་པའི་སྡོམ་པ་བྱིན་པ་ན་ཟོས་ཀྱང་ལྟུང་བ་མེད་དོ། །བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་ནས་ཞེས་བྱ་བ་ལ། ཅི་ཙམ་དུ་གཡོས་མལ་གཅིག་པ་ཉིད་དང་ནོར་མ་བགོས་པ་ཉིད་ཡིན་པ་དེ་ཚུན་ཆད་ནི་འདིར་ཁྱིམ་
གཅིག་ཉིད་ཡིན་པས་བསླབ་པའི་སྡོམ་པ་བྱིན་པའི་ཁྱིམ་དེ་ནས་སོ། །ཁྱིམ་དེ་ནས་དགེ་སློང་རང་གི་ལག་གིས་བཅའ་བ་དང་བཟའ་བ་དག་བླངས་ཤིང་ཟོས་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཅི་བཅའ་བ་དང་བཟའ་བ་གང་ཡང་རུང་བ་ཐམས་ཅད་ཟོས་པ་ལའམ་ཞེ་ན་དེའི་ཕྱིར་ག་
གོན་དང་ལ་ཕུག་དང་ལྡམ་ལྡུམ་མོད་པ་དག་ནི་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ་གང་གིས་ག་གོན་ལ་སོགས་པ་འདི་དག་དང་དེ་དག་གི་ཚོད་ཅི་རན་དུ་ལེན་པས་དེ་ལ་གནོད་པ་འགར་ཡང་མི་འགྱུར་བ་ནི་མ་གཏོགས་ཏེ་འདི་ལྟར་དེ་དག་ནི་ཡོད་པ་ཉིད་ཡིན་པའི་ཕྱིར་དེ་ལ་ལྟུང་བ་མེད་དོ། །བསླབ་
པ་དྲལ་ཏེ་ཁྱིམ་དུ་འཇུག་པ་གང་ཡིན་པ་དེ་ནི་ཤིན་ཏུ་ལྟོ་འདུན་ཅན་ཉིད་ཡིན་པས་དེའི་ཕྱིར་ལྟུང་བ་འདི་རྣམ་པར་གཞག་པ་མཛད་དོ། །བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོ་སོར་བཤགས་པར་བྱ་བ་སྟེ་གསུམ་པའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ནགས་བརྟགས་པ་ལས་གྱུར་པའི་
སོ་སོར་བཤགས་པར་བྱ་བ་སྨྲ་བར་འདོད་ནས། ནགས་ཉུལ་བའི་དགེ་སློང་བསྐོ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། ནགས་ཉུལ་བར་བྱེད་པས་ན་ནགས་ཉུལ་བ་སྟེ་ཅི་འདི་ན་ཆོམ་རྐུན་པ་དག་ཡོད་དམ་འོན་ཏེ་མེད་ཅེས་ནགས་རྟོག་པར་བྱེད་པ་ནི་ནགས་ཉུལ་བའི་དགེ་སློང་སྟེ་དེ་གསོལ་བ་
Vol. 163 · folio 12b
དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དགེ་ཚུལ་ལ་སོགས་པ་གཞན་ནི་ཡིད་བརྟན་དུ་རུང་བ་མ་ཡིན་པའི་ཕྱིར་འདིར་དགེ་སློང་ཁོ་ན་ལ་བརྟེན་པ་མཛད་དོ། །དེ་གང་གི་ཕྱིར་བསྐོ་བ་དེའི་ལས་བསྟན་པའི་ཕྱིར་དེས་དཔག་ཚད་ཕྱེད་ཁོ་ར་ཁོར་ཡུག་ཏུ་བརྟག་པར་བྱའོ། །འཇིགས་
པ་དང་བཅས་པ་ཉིད་ཡིན་ན་དུད་བརྡ་བརྟུལ་བར་བྱའོ། །བ་དན་སྔོན་པོ་བསྒྲེང་བར་བྱའོ། །འདག་མའི་ཆང་བུ་དག་ལམ་ཀར་གཞག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ་དགེ་སློང་དེས་དཔག་ཚད་ཕྱེད་ཁོ་ར་ཁོར་ཡུག་ཏུ་བརྟག་པར་བྱའོ། །གལ་ཏེ་ནགས་འཇིགས་པ་དང་བཅས་པ་ཉིད་ཡིན་ན་དུད་
བརྡ་ལ་སོགས་པ་མདོ་ལས་ཇི་སྐད་སྨོས་པ་དག་བྱའོ། །གཞན་དུ་ན་དཀར་པོ་དག་གོ་ཞེས་བྱ་བ་ནི། གལ་ཏེ་ནགས་འཇིགས་པ་མེད་པར་གྱུར་ན་བ་དན་དཀར་པོ་དག་བསྒྲེང་བར་བྱའོ། །འདོད་པ་ཉིད་ཡིན་ན་དེ་ལ་ཁེའུ་སུས་དང་གྲོགས་དག་ཀྱང་སྦྱིན་པར་བྱའོ་ཞེས་བྱ་བ་ནི། ནགས་ཉུལ་
བའི་དགེ་སློང་དེ་གལ་ཏེ་འདོད་པ་ཉིད་ཡིན་ན་དེ་ལ་ཁེའུ་སུས་ཀྱང་སྦྱིན་པར་བྱ། གྲོགས་དག་ཀྱང་བསྐོ་བར་བྱའོ། །ནགས་བརྟགས་པ་ལས་གྱུར་པའི་སོ་སོར་བཤགས་པར་བྱ་བ་འདི་ལ་བྱེད་པ་པོ་གང་ཡིན་ཞེ་ན་དེའི་ཕྱིར། ཤེས་གཙོ་བོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་ཤེས་གཙོ་
ཞེས་བྱ་བའི་མིང་དང་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་དོ་ཞེས་བྱ་བའི་མིང་ཅན་དུ་སྦྱོར་བར་བྱེད་དོ། །གང་ལ་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན། དེའི་ཕྱིར་ནགས་མ་བྱུལ་བ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། ནགས་འཇིགས་པ་མེད་པ་ཉིད་དུ་ངེས་པར་མི་ཤེས་པ་ཉིད་ལའོ། །
རེ་ཞིག་བདག་གི་དོན་ནི་གྲུབ་ཟིན་གྱི། དགེ་འདུན་དང་སྦྱིན་པ་པོའི་གནོད་པ་བསྲུངས་པ་འདིས་ཁོ་བོ་ལ་ཅི་བྱ་ཞེས་བདག་ཉིད་བཀང་བ་ཙམ་གྱིས་ཆོག་པར་འཛིན་ཅིང་འཇིགས་པ་དང་བཅས་པའི་གནས་སུ་ཟས་བླངས་ཏེ་ཟ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དེ་ལྟར་ཡང་འདིར་གཞུང་ནི་
དགེ་འདུན་གྱི་དགོན་པའི་གནས་དོགས་པ་དང་བཅས་པར་གྲགས་པ་འཇིགས་པ་དང་བཅས་པར་གྲགས་པ་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་ཞིག་ཏུ་ཞེས་གསུངས་པ་ཡིན་ནོ། །འདིར་ནགས་ཞེས་བྱ་བ་ནི། དགོན་པར་གྱུར་པ་ཙམ་ཉིད་ལས་དགོངས་ཏེ་
Vol. 163 · folio 13a
གསུངས་པ་ཡིན་གྱི་ཤིང་ལྗོན་པའི་ཚོགས་ཐིབས་པོ་འབའ་ཞིག་ལ་ནི་མི་བྱའོ། །ཅི་ཞིག་བྱས་ན་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཉིད་ཡིན་ཞེ་ན་དེའི་ཕྱིར། ཀུན་དགའ་ར་བའི་ཕྱི་རོལ་གྱི་དགོན་པར་བཅའ་བ་དང་བཟའ་བ་བླངས་ཏེ་ཟོས་ནའོ་ཞེས་བྱ་བ་སྨྲས་ཏེ། གྲོང་
གི་ཕྱི་རོལ་ནས་རྒྱང་གྲགས་གཅིག་གི་མཐའ་གང་ཡིན་པ་དེ་ནི་དགོན་པའི་དང་པོ་ཡིན་པས་དེའི་དགེ་སློང་ཀུན་དགའ་ར་བ་ན་གནས་པས་དེའི་ཕྱི་རོལ་དེར་བཅའ་བ་དང་བཟའ་བ་བླངས་ནས་གང་ཡང་རུང་བ་དེ་དག་ཟོས་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །བསྲུང་བ་བསྒྲུབས་ན་ཕྱེད་ཉིད་དོ་
ཞེས་བྱ་བ་ནི། གང་གི་ཚེ་ནགས་དེ་འཇིགས་པ་མེད་པ་ཉིད་དུ་བྱུལ་བས་སྦྱིན་པ་པོ་དག་གི་བསྲུང་བ་བསྒྲུབས་པར་གྱུར་པ་དེའི་ཚེ་ཀུན་དགའ་ར་བའི་ཕྱི་རོལ་གྱི་དགོན་པ་དེར་བཅའ་བ་དང་བཟའ་བ་དག་ཟོས་ན་ཕྱེད་ཉིད་དེ་ཉེས་བྱས་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འཇིགས་པ་
དང་བཅས་པའི་གནས་ལས་གཞན་དུ་འཇུག་པ་ཉིད་དུ་ཡང་ངོ་ཞེས་བྱ་བ་ནི། དགོན་པ་དེའི་ཀུན་དགའ་ར་བའི་ཕྱི་རོལ་འཇིགས་པ་དང་བཅས་པའི་གནས་སུ་གྲགས་པ་དེ་ལས་གཞན་དུ་འདུག་སྟེ་ཟ་བ་ལ་ཡང་ཕྱེད་ཉིད་དོ་ཞེས་བྱ་བའི་རྗེས་བསྙེགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨྲས་སོ། །
འདིར་མདོ་སྔ་མ་དང་འདི་གཉིས་ཀྱི་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་ཀུན་དགའ་ར་བའི་སླད་རོལ་དུ་རང་གི་སུག་པས་བཅའ་བ་དང་བཟའ་བ་བླངས་ཏེ་འཚལ་བར་བགྱིད་ཅིང་ཆོམ་རྐུན་པ་དག་ཀྱང་སླར་བཟློག་པར་བགྱིད། སྦྱིན་པ་པོ་སྦྱིན་བདག་ཀྱང་བདེ་བར་ཀུན་དགའ་ར་བར་འཛུད་
པར་བགྱིད་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་ནི་མདོ་སྔ་མའི་གཞུང་ཡིན་ནོ། །ཤུལ་གྱི་ཕྱེད་དུ་མཆིས་ཏེ་འཚལ་ན་ལྟུང་བ་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པ་ནི་མདོ་འདིའི་གཞུང་ཡིན་ནོ། །དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་
དང་པོ་ལ་ནི་རང་གིས་ཞེས་སྨོས་པས་གཞན་ནི་ན་སྨད་པ་ཉིད་ཡིན་ནོ། །གཉིས་པ་ལ་སོགས་པ་སོ་སོར་བཤགས་པར་བྱ་བ་གསུམ་པོ་དག་ལ་ནི་རང་གིས་ཞེས་མ་སྨོས་པས་སྤྲིང་ཡིག་ལ་སོགས་པ་དང་མངགས་པས་བླངས་པ་ལ་ཡང་ཁ་ན་མ་ཐོ་བ་འདྲའོ། །ནགས་བརྟགས་པ་ལས་གྱུར་པའི་
Vol. 163 · folio 13b
སོ་སོར་བཤགས་པར་བྱ་བ་སྟེ་བཞི་པའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།སོ་སོར་བཤགས་པར་བྱ་བ་རྣམས་རྫོགས་སོ་ཞེས་བྱ་བ་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་དག་བཤད་ཟིན་ཏོ།། །།སོ་སོར་བཤགས་པར་བྱ་བའི་ཆོས་རྣམས་སྨྲས་ནས། ད་ནི། ཤམ་ཐབས་ལ་ནི་རྣམ་
བདུན་དང་། །སྟོད་གཡོགས་ལ་ཡང་རྣམ་གསུམ་དང་། །ཤིན་ཏུ་བསྡམས་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །ཞེས་བྱ་བ་ལ་སོགས་པའི་རིམ་གྱིས་སོ་སོར་བཤགས་པར་བྱ་བའི་ཆོས་རྣམས་ཀྱི་འོག་ཏུ་བསྟན་པ་བསླབ་པའི་ཆོས་མང་པོ་དག་བསྡུ་བའི་ཕྱིར་
ཤམ་ཐབས་ཅི་ནས་ཀྱང་ཟླུམ་པོར་འདུག་པར་འགྱུར་བ་དེ་ལྟར་བགོ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཟླུམ་པོ་ཞེས་བྱ་བ་ནི་མཐའི་ཁ་མཉམ་པར་འདུག་པའོ། །ཧ་ཅང་རྩེངས་པ་མ་ཡིན་པར་ཡང་ངོ་ཞེས་བྱ་བ་ལ་འདིར་ཧ་ཅང་རྩེངས་པ་ཞེས་བྱ་བ་ནི་པུས་མོ་གཉིས་ལས་གང་དུ་ཐལ་བ་
ཉིད་དོ། །དེ་ལྟར་ཧ་ཅང་རྩེངས་པ་མ་ཡིན་པར་ཟླུམ་པོར་བགོ་བར་བྱའོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་ཏེ། ཧ་ཅང་རྩེངས་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་མདོ་ལྷག་མ་དྲུག་ནི་ཟླུམ་པོ་ཞེས་བྱ་བའི་མདོ་སྔ་མ་དེའི་སྤྲོས་པ་ཡིན་གྱི་དེའི་རྣམ་པ་གཞན་བསྟན་པ་ནི་
མ་ཡིན་ནོ། །ཧ་ཅང་འཇོལ་བ་མ་ཡིན་པར་རོ་ཞེས་བྱ་བ་ལ། ཧ་ཅང་འཇོལ་བ་ཞེས་བྱ་བ་ནི་ལོང་བུའི་ཚིགས་ལ་རེག་པ་ཉིད་དེ། དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །གྲྭ་གླང་པོ་ཆེའི་སྣ་ལྟར་ནར་བ་མ་ཡིན་པར་རོ་ཞེས་བྱ་བ་ལ། གྲྭ་ཞེས་བྱ་བ་ནི་ཕྱོགས་
གཅིག་སྟེ་འདིར་ཁ་ཚར་དང་ཕུན་ཚར་གྱི་མཐའ་མ་བཅད་པའི་གྲྭ་དག་ནི་གླང་པོ་ཆེའི་སྣ་ལྟར་ནར་བ་དག་ཡོད་པས་དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །གོང་དུ་མ་ལྟེབས་པར་རོ་ཞེས་བྱ་བ་ནི། ལྟེ་བའི་གོང་རོལ་དུ་ཏ་ལའི་ལོ་མ་ལྟར་ལྟེབས་ཤིང་
འདུག་པ་དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །ཕུར་མ་ལྟར་འདུག་པར་མ་ཡིན་པར་རོ་ཞེས་བྱ་བ་ནི། གློ་ནས་ཕྱི་རོལ་གྱི་རིམ་པའི་གྲྭ་ཕུར་མ་ལྟར་འདུག་པ་དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །སྦྲུལ་མགོའི་
Vol. 163 · folio 14a
གདེངས་ཀ་ལྟར་ཕྱིར་བྱུང་བ་མ་ཡིན་པར་རོ་ཞེས་བྱ་བ་ནི། མདུན་གྱི་ལྟེ་བའི་འོག་ཏུ་ཤམ་ཐབས་ཀྱི་ནང་དང་འབྲེལ་བའི་རིམ་པ་སྦྲུལ་མགོའི་གདེངས་ཀ་ལྟར་ཕྱིར་བྱུང་བ་དེ་ལྟ་བུ་མ་ཡིན་པར་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །གོང་དུ་མ་ལྟེབས་པར་
རོ་ཞེས་བྱ་བ་དང་འདི་གཉིས་ནི་སྟེང་གི་ཁང་ལོགས་ན་གནས་པའི་རྣམ་པ་ཡིན་ནོ། །ཆོས་གོས་ཅི་ནས་ཀྱང་དང་པོ་གསུམ་ལྟར་འགྱུར་བ་དེ་ལྟར་བགོ་བར་བྱའོ་ཞེས་བྱ་བ་ལ། ཆོས་གོས་ཞེས་བྱ་བ་ནི་བླ་གོས་དང་སྣམ་སྦྱར་རོ། །ཤམ་ཐབས་བྱིན་གྱིས་མ་བརླབས་པ་ལ་སོགས་པ་དག་
ལ་ཡང་རྣམ་པ་འདི་དག་རིག་པར་བྱའོ། །དང་པོ་གསུམ་ཞེས་བྱ་བ་ནི་ཟླུམ་པོར་འདུག་པ་དང་ཧ་ཅང་རྩེངས་པ་མ་ཡིན་པ་དང་ཧ་ཅང་འཇོལ་བ་མ་ཡིན་པ་ཞེས་བྱ་བ་དེ་དག་གོ། །ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བྱའོ་ཞེས་བྱ་བ་ནི། རྣམ་པ་རབ་ཏུ་བརྟག་པ་ལ་སྦྱར་སྟེ། ལག་
པ་དང་རྐང་པ་རྐྱོང་བ་ལ་སོགས་པ་མི་བྱ་བར་མཉམ་པར་གཞག་པའི་རྣམ་པས་ཁྱིམ་གཞན་དུ་འགྲོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལེགས་པར་བགོས་ཤིང་ངོ་། །སྒྲ་བསྐྱུང་ཞིང་ངོ་། །མིག་གཡེང་བར་མི་བྱ་ཞིང་ངོ་། །གཉའ་ཤིང་གང་ཙམ་དུ་བལྟ་ཞིང་ངོ་ཞེས་བྱ་བ་ལ། ལེགས་པར་
བགོས་པ་ཞེས་བྱ་བ་ནི། ཤམ་ཐབས་དང་སྟོད་གཡོགས་དག་གིས་གཡོགས་པར་བྱ་བའི་ལུས་མཉམ་པར་གཡོགས་ཤིང་ཞེས་བྱ་བའི་ཐ་ཚིག་གོ། །སྒྲ་བསྐྱུང་བ་ཞེས་བྱ་བ་ནི་ཅ་ཅོ་བསྐྱུང་ཞིང་ངོ་། །མིག་གཡེང་བར་མི་བྱ་བ་ཞེས་བྱ་བ་ནི་མིག་འཁྲུལ་པ་མེད་པར་རོ། །གཉའ་ཤིང་གང་ཙམ་
དུ་ལྟ་བ་ཞེས་བྱ་བ་ནི། གང་ལ་གཉའ་ཤིང་གང་ཙམ་དུ་ལྟ་བའི་ངང་ཚུལ་ཡོད་པ་དེ་ནི་གཉའ་ཤིང་གང་ཙམ་དུ་ལྟ་བ་སྟེ་དེ་ལྟར་རོ། །མགོ་མི་གཡོགས་པའི་རྣམ་པས་སོ་ཞེས་བྱ་བ་ནི། རས་ལ་སོགས་པས་མགོ་གཡོགས་པའི་རྣམ་པ་དེ་ལྟ་བུས་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ། །མི་བརྫེ་བར་རོ་
ཞེས་བྱ་བ་ནི། ཅི་ཙམ་གྱི་མདོམས་ཀྱི་ཕྱོགས་སྣང་བར་འགྱུར་བ་དེ་ཙམ་དུ་ཤམ་ཐབས་མི་བརྫེ་བར་རོ། །དེ་ལྟ་བས་ན་ཐ་མལ་པར་གནས་པ་ཆར་པ་ལ་སོགས་པའི་གནོད་པ་བྱུང་ན་ཡང་ཤམ་ཐབས་དང་ཆོས་གོས་བརྫེས་ཏེ་བགོ་བར་མི་བྱའོ། །ཚུལ་ཁྲིམས་ལ་སོགས་པའི་བར་ཆད་ཀྱི་དབང་
Vol. 163 · folio 14b
གིས་ནི་འགྲོ་བར་བྱའོ། །དེ་ལྟར་དྲུག་སྡེ་དག་ཤམ་ཐབས་བརྫེས་ཏེ་ཁྱིམ་གཞན་དུ་འགྲོ་བ་ན་བྲམ་ཟེ་ཁྱིམ་བདག་དད་པ་ཅན་དག་འདི་སྐད་ཅེས་འཕགས་པ་དག་ནི་མི་བཤང་བ་དང་གཅི་བ་བྱས་ནས་འགྲོ་བ་དང་འདྲའོ་ཞེས་འཕྱ་བར་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །མི་གཟར་བར་རོ་ཞེས་བྱ་བ་
ནི་ཆོས་གོས་ཕྲག་པའི་ཕྱོགས་སུ་གཟར་ཏེ་གཞག་པ་ཉིད་ནི་གཟར་བ་ཞེས་བྱ་སྟེ། དགེ་སློང་དག་ལ་ནི་ཕྲག་པ་གཡོན་པར་གཟར་བར་གྲགས་པ་ཉིད་ཡིན་ལ་ཡུལ་ཛ་རྟ་དག་ན་ནི་ངོས་གཉི་གར་རོ། །གཉའ་གོང་དུ་མི་བསྣོལ་བར་རོ་ཞེས་བྱ་བ་ནི། ལག་པ་གཡས་པ་མདུན་དུ་བཏང་སྟེ་
དཔུང་པའམ་ཕྲག་པ་འམ་གཉའ་བའི་ཕྱོགས་སུ་བཞག་ལ་གཡོན་པ་ཡང་གཡས་པ་བཞིན་དུ་བྱས་པ་དེ་ནི་གཉའ་གོང་དུ་བསྣོལ་བ་སྟེ་དེ་དེ་ལྟར་མི་བསྣོལ་བར་རོ། །ལྟག་པར་མི་བསྣོལ་བར་རོ་ཞེས་བྱ་བ་ནི། ལག་པ་ཅུང་ཟད་དམ། ཏེ་པོར་བརྐྱང་སྟེ་ལྟག་པའམ་དཔུང་མགོར་ལག་པ་
གཉིས་ཕན་ཚུན་སྤྲད་ཅིང་བསྣོལ་བ་ནི་ལྟག་པར་བསྣོལ་བ་ཞེས་བྱའོ། །འདི་སྐད་བསྟན་ཏེ་ལྟག་པའི་ཕྱོགས་སུ་ལག་པ་ཕན་ཚུན་ནས་སྤྲད་ཏེ་སོར་མོ་བསྣོལ་བ་ཞེས་བྱ་སྟེ་དེ་ལྟར་མི་བསྣོལ་བར་རོ། །ད་ནི། མཆོང་ལ་སོགས་པ་རྣམ་པ་ལྔ། །ལུས་ལ་སོགས་པ་རྣམ་པ་ལྔ། །འདུག་པར་བྱ་བ་དགུ་
དག་དང་། །བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །ཞེས་བྱ་བའི་རིམ་པ་བཤད་པར་བྱ་སྟེ། མི་མཆོང་བར་རོ་ཞེས་བྱ་བ་ནི། མཆོང་ཞིང་མཆོང་ཞིང་འགྲོ་བར་མི་བྱའོ། །མི་བརྐྱང་བར་རོ་ཞེས་བྱ་བ་ནི། སྒྱིད་པ་བརྐྱང་བསྐུམ་བྱེད་ཅིང་འགྲོ་བར་མི་བྱའོ། །ཙོག་བུས་མ་ཡིན་པའོ་ཞེས་བྱ་བ་ནི།
ཙོག་བུས་འགྲོ་བར་མི་བྱའོ། །བྲང་བས་མ་ཡིན་པར་རོ་ཞེས་བྱ་བ་ནི། རྐང་པའི་རྟིང་པ་བཏེག་སྟེ་སོར་མོའི་བྲང་བས་ས་ལ་ཕབ་སྟེ་འགྲོ་བར་མི་བྱའོ། །དཀུར་མི་བརྟེན་པར་རོ་ཞེས་བྱ་བ་ནི། ལག་པ་གཉིས་རྐེད་པའི་ཕྱོགས་སུ་བརྟེན་ཏེ་གྲུ་མོའི་ཕྱོགས་སྨྱང་སྨྱང་པོར་བྱས་ཏེ་འགྲོ་བར་མི་བྱའོ། །
ལུས་མི་བསྒྱུར་བར་རོ་ཞེས་བྱ་བ་ནི། གང་དུ་འགྲོ་བ་དེ་ལུས་བསྒྱུར་ཞིང་འགྲོ་བ་ནི་ལུས་བསྒྱུར་ཞིང་འགྲོ་བ་ཞེས་བྱ་བ་སྟེ། དེ་ནི་བྱ་བའི་བྱེ་བྲག་ཡིན་པས་དེའི་ཕྱིར་ལུས་བསྒྱུར་བ་ཞེས་བྱ་བའི་བྱ་བ་དེ་བྱེད་ཅིང་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ། །ལག་པ་མི་ཀྱོག་པར་རོ་ཞེས་བྱ་བ་ཡང་། བྱ་བའི་བྱེ་
Vol. 163 · folio 15a
བྲག་ཡིན་ཏེ་ལག་པ་ཀྱོག་ཅིང་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ། །མགོ་མི་བསྒྱུར་བར་རོ་ཞེས་བྱ་བ་ཡང་བྱ་བའི་བྱེ་བྲག་ཡིན་ཏེ། མགོ་བསྒྱུར་ཞིང་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ། །ཕྲག་པ་མི་སྤྲད་པར་རོ་ཞེས་བྱ་བ་ནི། །གཞན་དག་དང་ཕྲག་པ་གཉིས་སྤྲད་ཅིང་ཁྱིམ་གཞན་དུ་འགྲོ་
བར་མི་བྱའོ། །ལག་པ་མི་སྦྲེལ་བར་རོ་ཞེས་བྱ་བ་ནི་གཞན་དག་དང་ལག་པ་སྦྲེལ་ཏེ་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ། །ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བྱའོ་ཞེས་མན་ཆད་འདི་ཡན་ཆད་ཐམས་ཅད་ཁྱིམ་གཞན་དུ་འགྲོ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དེར་མ་བསྒོ་བར་སྟན་ལ་
འདུག་པར་མི་བྱའོ་ཞེས་བྱ་བ་ནི། ཁྱིམ་གཞན་དེར་ཁྱིམ་བདག་གིས་མ་བསྒོ་བར་དགེ་སློང་སྟན་ལ་འདུག་པར་མི་བྱ་བ་སྟེ། ཅི་སྲིད་དུ་མ་བསྒོ་བ་དེ་སྲིད་དུ་སྟན་ལ་འདུག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྟན་ལ་མ་བརྟགས་པར་མི་བྱའོ་ཞེས་བྱ་བ་ནི། ཁྱིམ་གཞན་དེར་སྟན་ལ་མ་
བརྟགས་པར་འདུག་པར་མི་བྱ་བའོ། །ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་མི་དབབ་པར་རོ་ཞེས་བྱ་བ་ནི། ཁྱིམ་གཞན་དེར་སྟན་ལ་ཟོན་ཡོད་པར་དལ་བུས་ལུས་ཕབ་སྟེ་འདུག་པར་བྱའི། གྱ་ཙོམ་དུ་ལུས་ཐམས་ཅད་ཀྱི་ལྗིད་ཀྱིས་ཕབ་སྟེ། ཐིག་ཅེས་འདུག་པར་མི་བྱ་བའོ། །རྐང་པ་
མི་བསྣོལ་བར་རོ་ཞེས་བྱ་བ་ནི། རྐང་པའི་སྟེང་དུ་རྐང་པ་བཞག་སྟེ་འདུག་པར་མི་བྱ་བའོ། །བརླ་མི་བསྣོལ་བར་རོ་ཞེས་བྱ་བ་ཡང་། བརླའི་སྟེང་དུ་བརླ་བཞག་སྟེ་འདུག་པར་མི་བྱའོ། །ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པར་རོ་ཞེས་བྱ་བ་ཡང་། ལོང་བུའི་སྟེང་དུ་ལོང་བུ་བཞག་སྟེ་འདུག་
པར་མི་བྱའོ། །རྐང་པ་མི་འགུག་པར་རོ། །རྐང་པ་མི་གདངས་པར་རོ། །མདོམས་མི་སྣང་བར་རོ་ཞེས་བྱ་བ་འདིས་ནི་བརླ་གཉིས་སམ་བྱིན་པ་གཉིས་སམ་རྐང་པ་གཉིས་སམ་ཡང་ན་ཐམས་ཅད་ཀྱང་རུང་སྟེ། ཐད་ཀར་གདངས་ཏེ་འདུག་པར་མི་བྱ་བ་བསྟན་ཏོ། །ལག་པ་ལ་འགྲམ་པ་བརྟེན་
ཏེ་མི་བྱའོ་ཞེས་བྱ་བ་ནི་རྐོམ་ཚུགས་བཅས་ཏེ་སྟན་ལ་འདུག་པར་མི་བྱའོ། །སྟན་ཐབས་བསྐུར་བར་མི་བྱའོ་ཞེས་བྱ་བ་ནི། སྟན་གང་ལ་འདུག་འདུག་པ་དེ་རྒྱབ་ཀྱིས་ཁྱེར་ཞིང་འགྲོ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་དུ་ལེགས་པར་ཁ་ཟས་བླང་བར་བྱའོ་ཞེས་བྱ་བ་ནི། གྲོང་འབའ་
Vol. 163 · folio 15b
ཞིག་ཏུ་མ་ཟད་ཀྱི་གཞན་དུ་ཡང་ངོ་། །མུ་དང་ཁ་ད་ཆད་དུ་མ་ཡིན་པར་རོ་ཞེས་བྱ་བ་ལ། མུ་ཞེས་བྱ་བའི་སྒྲ་ནི་ཁ་ལོགས་ཀྱི་མུ་ལ་བྱ་སྟེ། ཅི་ནས་ཀྱང་མུ་དང་ཁ་ད་ཆད་དུ་གང་བར་འགྱུར་བ་དེ་ལྟར་བླང་བར་མི་བྱའོ། །ཅུང་ཞིག་མ་གང་བ་དེ་ཙམ་དུ་བྱས་ཏེ་བླང་བར་བྱ་བ་ཡིན་གྱི། ཁའི་
མུ་ནས་མཐེ་བོའི་ལྟོ་གང་གིས་མ་གང་བར་བྱས་ཤིང་བླང་བ་ནི་མ་ཡིན་ཏེ། དེ་ནི་ལྷུང་བཟེད་ཀྱི་ཚད་བཤད་པར་ཟད་ཀྱི་ཟས་བླང་བའི་ཚད་ནི་མ་ཡིན་ནོ། །ཚོད་མ་དང་མཉམ་པ་མ་ཡིན་པར་རོ་ཞེས་བྱ་བ་ནི། བཟའ་བ་གང་ལ་ཚོད་མ་དང་མཉམ་པ་དེ་ནི་ཚོད་མ་དང་མཉམ་པ་སྟེ་དེ་ལྟར་
བླང་བར་མི་བྱའོ། །འདིར་ཚོད་མ་ཞེས་བྱ་བ་ནི་བྱ་ན་ཐམས་ཅད་ཀྱི་དཔེ་ཡིན་ནོ། །ཚོད་མ་ཇི་ཙམ་གྱིས་མུ་དང་ཁ་ད་ཆད་དུ་འགྱུར་བ་དེ་འདིར་དགག་པ་ནི་མ་ཡིན་ཏེ། སྔར་མུ་དང་ཁ་ད་ཆད་ཉིད་བཀག་ཟིན་པའི་ཕྱིར་རོ། །གང་གི་ཕྱིར་བཟའ་བར་བྱ་བའི་ཟས་གཡོས་སུ་བྱས་ཟིན་པ་
ཐམས་ཅད་བསོད་སྙོམས་ཉིད་དུ་བསྟན་པ་ཡིན་པ་དེའི་ཕྱིར་རང་ལ་དགོས་པའི་ཚད་ལས་ལྷག་པའི་ཚོད་མ་ལེན་པ་དེ་བཀག་པ་ཡིན་ནོ། །དེ་ལྟར་ཡང་འདིར་གཞུང་ནི་མ་མོ་ལས་ཇི་ཙམ་གྱིས་དེ་འཚོ་བར་འགྱུར་བ་དེ་ལས་ལྷག་པར་ལེན་ཏམ་ཟ་ན་ཐ་ན་ཁམ་གཅིག་ཙམ་ཡིན་དུ་ཟིན་ཀྱང་
དད་པས་སྦྱིན་པར་བྱ་བ་ཆུད་གཟན་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་གི་ཚེ་ཚད་འཛིན་པར་མི་ནུས་སམ་ཕྱིར་བཟློག་པར་མི་ནུས་པས་ཡོན་བདག་གིས་ནན་གྱིས་བླུག་པ་དང་རྗེས་སུ་སྙིང་བརྩེ་བས་ལེན་ན་དེའི་ཚེ་འབྲས་ཆན་ལ་སོགས་པ་ལྷག་པར་ལེན་ཅིང་གཞན་ནམ་སུ་ཡང་
རུང་བ་ལ་སྦྱིན་ནོ་སྙམ་པ་དེ་ལ་ནི་ལྟུང་བ་མེད་པར་རིག་པར་བྱའོ། །མཐར་ཆགས་སུའོ་ཞེས་བྱ་བ་ནི། སྟན་ལ་འདུག་པའི་གྲལ་གྱི་རིམ་བཞིན་དུ་ཟན་བླང་བར་བྱའོ། །འདིར་རྒན་རིམས་སུ་བྱ་བ་ནི་མ་ཡིན་གྱི་སྟན་ལ་འདུག་པའི་གྲལ་གྱི་རིམ་དུ་བྱ་བ་ཡིན་ཏེ། རྒན་རིམས་མ་ཡིན་
པར་འདུག་པར་གྱུར་ན་ཡང་ཇི་ལྟར་འདུག་པ་བཞིན་རྒན་རིམས་མ་ཡིན་པར་བྲིམས་པར་བྱ་བའི་རྒན་རིམས་ལྟག་འོག་ན་འདུག་པ་ལ་ཐོད་རྒལ་དུ་བྲིམས་པར་མི་བྱ་སྟེ། དེ་ནི་སྔོན་དྲུག་སྡེ་དག་ཟན་ཟ་བ་ན་ཚོད་མ་འཕྲལ་དུ་བྲིམས་པ་མི་ནོད་པར་འོག་ཏུ་ཐག་རིང་དུ་ཐལ་བ་དང་ཕྱིར་འབོད་
Vol. 163 · folio 16a
པས་བྲིམས་པ་འཁྲུགས་ཤིང་ལང་ལོང་དུ་གྱུར་པའི་ཉེས་དམིགས་དེ་ལྟ་བུ་བསལ་བའི་ཕྱིར་རོ། །ལྷུང་བཟེད་ལ་ལྟ་ཞིང་ངོ་ཞེས་བྱ་བ་ནི། སྣོད་ཤེས་པར་བྱ་ཞིང་བླང་བ་དེ་གང་ལ་ལྷུང་བཟེད་ལ་ལྟ་བའི་འདུ་ཤེས་ཡོད་པའི་དགེ་སློང་དེ་ནི་ལྷུང་བཟེད་ལ་བལྟ་བའོ། །
འདིར་ལྷུང་བཟེད་ལ་ལྟ་བ་ཞེས་བྱ་བ་ནི་ཡིད་ཀྱིས་བལྟ་བ་ལ་བྱའི་མིག་གི་དབང་པོས་བལྟ་བ་ལ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ལྷུང་བཟེད་དང་འབྲེལ་པའི་ཡིད་ཀྱིས་ཟས་ལེགས་པར་བླང་བར་བྱ་བ་ཡིན་གྱི། ཐ་སྙད་ལས་བྱུང་བ་ན། གཉའ་ཤིང་གང་ཙམ་དུ་ལྟ་བའི་སྐབས་སུ་བཀག་ཟིན་ཏོ། །
བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པར་རོ་ཞེས་བྱ་བ་ནི། ཇི་སྲིད་དུ་བཅའ་བ་དང་བཟའ་བ་མངོན་སུམ་དུ་མ་འོངས་པ་དེ་སྲིད་དུ་ལྷུང་བཟེད་མི་བཟེད་པར་བསླབ་པར་བྱ་བའོ། །ཡང་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་མི་དགབ་ཚོད་མས་འབྲས་ཆན་མི་
དགབ་པར་རོ་ཞེས་བྱ་བ་ནི། ཡང་ཐོབ་པར་བྱའོ་སྙམ་པའི་བསམ་པས་འབྲས་ཆན་གྱིས་ཚོད་མ་མི་དགབ་ཚོད་མས་འབྲས་ཆན་མི་དགབ་པར་བསླབ་པར་བྱའོ། །སྟེང་དུ་གཟུང་བར་མི་བྱའོ་ཞེས་བྱ་བ་ནི། བཅའ་བ་དང་བཟའ་བ་དེའི་སྟེང་དུ་ལྷུང་བཟེད་གཟུང་བར་མི་བྱ་
བའོ། །ད་ནི། ཟས་ལ་ལེགས་པར་བྱ་བ་དྲུག །ཙུག་ཙུག་ལ་སོགས་རྣམ་པ་ལྔ། འབྲུ་ནས་ཐ་དད་བྱེད་པ་ལྔ། ལག་པ་བལྡག་ལ་སོགས་པ་ལྔ། །ཞེས་བྱ་བའི་གོ་རིམས་བཤད་པར་བྱ་སྟེ། ལེགས་པར་ཟས་བཟའ་བར་བྱའོ་ཞེས་བྱ་བ་ནི། མདོ་འོག་མ་ལྔའི་ལུས་ལྟ་བུ་
ཡིན་ནོ། །ཁམ་ཧ་ཅང་ཆུང་བ་མ་ཡིན་པར་རོ་ཞེས་བྱ་བ་ལ། ཁམ་ཞེས་བྱ་བ་ནི་ཁར་ཁམ་ཚད་དུ་གཞུག་ཅིང་མེད་པར་བྱ་བའི་ཕྱིར་ཁམ་ཞེས་བྱ་བ་སྟེ། དེ་ཧ་ཅང་ཆུང་ངུ་མ་ཡིན་པར་བསླབ་པར་བྱ་བའོ། །ཁམ་ཧ་ཅང་ཆེན་པོ་མ་ཡིན་པར་རོ་ཞེས་བྱ་བ་ནི། ཁམ་ཧ་ཅང་ཆེན་
པོ་ཡང་མ་ཡིན་པར་ཟས་བཟའ་བར་བསླབ་པར་བྱ་བའོ། །ཁམ་རན་པར་རོ་ཞེས་བྱ་བ་ནི། རང་དང་མཐུན་པ་དང་འཇིག་རྟེན་དང་མཐུན་པའི་ཁམ་རན་པར་བཟའ་བར་བྱའོ། །ཁམ་མ་བཟས་པར་ཁ་མི་གདངས་སོ་ཞེས་བྱ་བ་སྟེ། ཇི་སྲིད་དུ་ཁམ་ཁའི་སྒོར་ཉེ་བར་མ་
Vol. 163 · folio 16b
འོངས་པ་དེ་སྲིད་དུ་ཁའི་སྒོ་གདངས་པར་མི་བྱ་བའོ། །ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བྱའོ་ཞེས་བྱ་བ་ནི། ཁ་ཁམ་གྱིས་གང་བ་ནི་ཁམ་གྱིས་བཀང་བ་སྟེ། ཁ་དེས་ཚིག་སྨྲ་བར་མི་བྱ་བའོ། །ཙུག་ཙུག་མི་བྱའོ་ཞེས་བྱ་བ་ནི། ཙུག་ཙུག་ཟེར་ཞིང་བཟའ་བར་མི་བྱ་བའོ། ཅག་
ཅག་མི་བྱའོ། །ཧུ་ཧུ་མི་བྱའོ། །ཕུ་ཕུ་མི་བྱའོ་ཞེས་བྱ་བ་དག་ནི། དེ་དག་སྐད་མི་བྱ་བར་ཟན་བཟའ་བར་བྱ་བ་སྟེ། དེ་དག་ནི་ཁའི་རྣམ་པར་འགྱུར་བའི་སྒྲའི་བྱེ་བྲག་ཡིན་ནོ། །ལྕེ་ཕྱུང་སྟེ་ཟས་མི་བཟའོ་ཞེས་བྱ་བ་ནི་ཟན་ཟ་བ་ན་ལྕེ་ཕྱིར་ཕྱུང་སྟེ་བཟའ་བར་མི་བྱ་བའོ། །འབྲུ་ནས་ཐ་
དད་དུ་མི་བྱའོ་ཞེས་བྱ་བ་ལ་འབྲུ་ཞེས་བྱ་བ་ནི། འབྲས་ཆན་ལ་སོགས་པའི་འབྲུ་སྟེ་ཟན་གང་ལ་འབྲུ་སྟེ་དེ་ལྟ་བུ་ཡོད་པ་དེར་ག་རེ་རེ་ནས་བཏུ་ཞིང་བཟའ་བར་མི་བྱའོ། །འདིར་ནི་རྣམ་པར་འགྱུར་བ་བྱེད་པའི་ཕྱིར་དགག་པ་ཡིན་གྱི་རྟག་པའི་ཕྱིར་དགག་པ་ནི་མ་ཡིན་ནོ། །འཕྱས་མི་གདགས་སོ་
ཞེས་བྱ་བ་ནི། ཟས་ལ་འཕྱ་སྨོད་མི་བྱ་བའོ། །མཁུར་བ་མི་སྤོའོ་ཞེས་བྱ་བ་ནི་མཁུར་བ་གཉིས་དགལ་བཞིན་དུ་བཀང་སྟེ་གཡས་གཡོན་སྤོ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྐན་མི་གཏོག་གོ་ཞེས་བྱ་བ་ནི། ལྕེས་རྐན་གཏོག་ཅིང་ཟན་བཟའ་བར་མི་བྱའོ། །ཁམ་འཕྲོར་བཅད་ཅིང་
བཟའ་བར་མི་བྱའོ་ཞེས་བྱ་བ་ནི་ཁམ་འཕྲོར་བཅད་ཅིང་ཟན་བཟའ་བར་མི་བྱ་བའོ། །ལག་པ་མི་བལྡག་གོ། །ལྷུང་བཟེད་མི་བྱོག་གོ། །ལག་པ་མི་སྤྲུག་གོ། །ལྷུང་བཟེད་མི་བསྐྱམ་མོ་ཞེས་བྱ་བ་ལ། ལག་པ་མི་བལྡག་གོ་ཞེས་བྱ་བ་ནི། ཟས་གང་ལ་ལག་པ་བལྡག་པ་ཡོད་པ་དེ་
མི་བལྡག་པའོ། །ལྷུང་བཟེད་མི་བྱོག་གོ་ཞེས་བྱ་བ་ནི། སོར་མོས་མི་བྱོག་པའོ། །ལག་པ་མི་སྤྲུག་གོ་ཞེས་བྱ་བ་ནི། ལག་པ་ལ་ཟས་ཆགས་པ་སྤྲུག་པར་མི་བྱ་བའོ། །ཡང་ན་ལག་པ་ལ་ཟས་ཆགས་པ་ལྕེའི་སྟེང་དུ་སྤྲུགས་པར་མི་བྱ་བའོ། །ལྷུང་བཟེད་མི་བསྐྱམ་མོ་ཞེས་བྱ་བ་ནི།
ལྷུང་བཟེད་ཀྱི་ནང་དུ་ཟས་ལ་སོགས་པ་བླུགས་ཏེ་བསྐྱམ་པར་མི་བྱ་བའོ། །ཡང་ན་ལྷུང་བཟེད་ཀྱི་ནང་དུ་ཟས་བླུགས་ཏེ་ལྕི་ཡང་ཅི་ཡོད་པ་ལག་སྲང་ལ་མི་གདབ་པའོ། །མཆོད་རྟེན་འདྲ་བར་བྱས་ཏེ་མི་གཞོམ་མོ་ཞེས་བྱ་བ་ནི། ཟན་ལ་མཆོད་རྟེན་གྱི་དབྱིབས་འདྲ་བར་བྱས་ཏེ་གཞོམ་ཞིང་བཟའ་བར་མི་བྱའོ། །
Vol. 163 · folio 17a
ད་ནི། འཕྱ་ལ་སོགས་པ་རྣམ་པ་བཞི། །ལྷུང་བཟེད་ལ་ཡང་རྣམ་པ་བཅུ། །འགྲེང་བར་བྱེད་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །ཞེས་བྱ་བའི་རིམ་པ་བཤད་པར་བྱ་སྟེ། དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟའོ་ཞེས་
བྱ་བ་ནི། གང་ལ་འཕྱས་གདགས་པའི་ཕྱིར་བལྟ་བའི་ངང་ཚུལ་ཡོད་པ་དེ་ནི་འཕྱས་གདགས་པའི་ཕྱིར་ལྟ་བ་སྟེ། དེས་དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བའོ། །དྲུང་ན་འདུག་པ་ཞེས་བྱ་བ་ནི་མཚོན་པ་ཙམ་དུ་ཟད་དོ། །ལག་པ་ཟས་དང་འབགས་པས་ཆུ་
སྣོད་ལ་མི་བཟུང་ངོ་ཞེས་བྱ་བ་ནི། ལག་པ་ཟས་དང་འབགས་པས་བྱ་མ་བུམ་ལ་སོགས་པའི་ཆུ་སྣོད་ལ་མི་བཟུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབགས་པའི་ཆུས་མི་གཏོར་རོ་ཞེས་བྱ་བ་ལ་འདིར་ཡང་དྲུང་ན་འདུག་པ་ཞེས་བྱ་བ་ནི་མཚོན་པ་ཙམ་དུ་ཟད་དོ། །
ཁྱིམ་ན་འདུག་པ་ལ་མ་དྲིས་པར་དེའི་ཁྱིམ་དུ་མི་དབོའོ་ཞེས་བྱ་བ་ནི། ཁྱིམ་བདག་ལ་མ་དྲིས་པར་ཟས་དང་འབགས་པའི་ཆུ་དེ་ཁྱིམ་པའི་ཁྱིམ་དུ་མི་དབོ་བར་བསླབ་པར་བྱ་བའོ། །ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་རོ་ཞེས་བྱ་བ་ནི། ཤིང་ཏོག་ལ་སོགས་པ་ཕྱད་ཕྱེད་
ཟོས་པ་དང་ངན་མར་གྱུར་པ་ལྷུང་བཟེད་ཀྱིས་མི་འདོར་བར་བསླབ་པར་བྱ་བའོ། །ལྷུང་བཟེད་ལན་གསུམ་བཀྲུས་ཏེ་གཙུག་ལག་གི་ཚིགས་སུ་བཅད་པ་དག་གིས་བཟླས་བརྗོད་བྱས་པའི་ལྷུང་བཟེད་ཀྱི་ཆུ་སྦྱིན་པར་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་ལན་གསུམ་དག་པར་བཀྲུས་ཏེ། དྲང་སྲོང་
གིས་གསུངས་པའི་གཙུག་ལག་གི་ཚིགས་སུ་བཅད་པ་དག་གིས་བཟླས་བརྗོད་བྱས་པ་བྲམ་ཟེ་ལ་སོགས་པ་སློང་བ་དག་ལ་སྦྱིན་པར་བྱའོ། །འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་གཞག་པར་རོ་ཞེས་བྱ་བ་ནི། ལོ་མ་ལ་སོགས་པ་དག་གིས་མ་གཡོགས་པ་འོག་གཞི་མེད་པའི་ས་ཕྱོགས་
སུ་ལྷུང་བཟེད་མི་གཞག་པར་བསླབ་པར་བྱ་བའོ། །གད་ཀ་མ་ཡིན་པར་རོ་ཞེས་བྱ་བ་ནི། ངོས་ཆད་པའི་ངམ་གྲོག་གི་ཁ་མ་ཡིན་པར་ལྷུང་བཟེད་གཞག་པར་བསླབ་པར་བྱ་བའོ། །གཡང་ས་མ་ཡིན་པར་རོ་ཞེས་བྱ་བ་ནི། བྱིན་གྱིས་གཞོལ་བའི་གཡང་ས་མ་ཡིན་པར་ལྷུང་བཟེད་གཞག་
Vol. 163 · folio 17b
པར་བསླབ་པར་བྱ་བའོ། །དཀན་གཟར་པོ་མ་ཡིན་པར་རོ་ཞེས་བྱ་བ་ནི། བང་རིམ་གཞོ་བོ་མ་ཡིན་པར་ལྷུང་བཟེད་གཞག་པར་བསླབ་པར་བྱ་བའོ། །འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་རོ་ཞེས་བྱ་བ་ནི། དགེ་སློང་གིས་འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བསླབ་པར་བྱ་བའོ། །དེ་དེ་གསུམ་དུ་
བྱ་བར་རོ་ཞེས་བྱ་བ་ནི། ལྷུང་བཟེད་བཀྲུ་བ་དེ་གད་ཀ་མ་ཡིན་པ་དང་གཡང་ས་མ་ཡིན་པ་དང་དཀན་གཟར་པོ་མ་ཡིན་པ་དེ་གསུམ་དུ་བྱ་བར་བསླབ་པར་བྱ་བའོ། །དེས་འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ཆུ་མི་བཅུ་བར་རོ་ཞེས་བྱ་བ་ནི། ལྷུང་བཟེད་དེས་འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ཆུ་
མི་བཅུ་བར་བསླབ་པར་བྱ་བའོ། །ལམ་གྱི་བཞི་མདོར་མི་བྱའོ་ཞེས་བྱ་བ་ནི། ཧ་ཅང་རྒྱུན་ལུགས་མང་བའི་ཕྱིར་རོ། །བཤང་གཅི་ཡན་ཆད་ནི་མི་ན་བ་ལའོ་ཞེས་བྱ་བ་ནི། འོག་ནས་འགྲེང་སྟེ་བཤང་གཅི་མི་བྱའོ་ཞེས་འབྱུང་བ་ཡན་ཆད་ནི་མི་ན་བར་རོ་ཞེས་བྱ་བའི་རྗེས་སུ་སྦྱར་བར་རིག་
པར་བྱ་བའོ། །དེ་དག་ལ་ནི་མི་ན་བ་ལའོ་ཞེས་བྱ་བ་ནི། བཤང་གཅི་ཞེས་བྱ་བ་དང་འབྲེལ་བའི་རྣམ་པ་དེ་དག་ལ་མི་ན་བར་ཞེས་བྱ་བ་དང་རྗེས་སུ་སྦྱར་བར་རིག་པར་བྱའོ། །འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་རོ་ཞེས་བྱ་བ་ནི། ཉན་པ་པོ་མི་ན་བར་འདུག་པ་ལ་དགེ་སློང་འགྲེང་སྟེ་
ཆོས་མི་བཤད་པར་བསླབ་པར་བྱ་བའོ། །ཉལ་བ་ལ་འདུག་སྟེ་མི་བཤད་པར་རོ་ཞེས་བྱ་བ་ནི། ཉན་པ་པོ་མི་ན་བར་ཉལ་བ་ལ་དགེ་སློང་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ་བའོ། །སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་མི་བཤད་པར་རོ་ཞེས་བྱ་བ་ནི། ཉན་པ་
པོ་མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་དགེ་སློང་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ་བའོ། །འདིར་སྟན་ཞེས་བྱ་བས་ནི་འདུག་པའི་ས་ཕྱོགས་ཀྱང་གཟུང་བར་རིག་པར་བྱའོ། །ངན་པ་དང་བཟང་པོ་ཡང་དེ་ཡིན་ནོ་ཞེས་བྱ་བ་ནི། སྟན་དམའ་བ་དང་མཐོ་བ་དེ་ཉིད་ཡིན་
པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ་གང་གི་ཚེ་སྟན་ཚད་མཉམ་པ་དེའི་ཚེ་ངན་པ་ནི་དམའ་བ་ཉིད་ཡིན་ལ་བཟང་པོ་ནི་མཐོན་པོ་ཉིད་ཡིན་པར་ཤེས་པར་བྱའོ། །འདིར་གཞུང་ནི་སྒུར་མཆོག་གིས་དེ་དག་ནི་སྟན་བཟང་པོ་ལ་མཆིས་ཏེ་ཆོས་ཉན་ལ་བདག་ནི་སྟན་ངན་པ་ལ་མཆིས་ཏེ་ཆོས་སྟོན་ཏོ་ཞེས་
Vol. 163 · folio 18a
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ཆོས་བསྟན་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་མི་བཤད་པར་རོ་ཞེས་བྱ་བ་ནི། ཉན་པ་པོ་མི་ན་བར་མདུན་དུ་འགྲོ་བ་ལ་དགེ་སློང་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་
པར་བྱ་བའོ། །ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་མི་བཤད་པར་རོ་ཞེས་བྱ་བ་ནི། ཉན་པ་པོ་མི་ན་བར་ལམ་ནས་འགྲོ་བ་ལ་དགེ་སློང་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱ་བའོ། །མགོ་གཡོགས་པ་དང་བརྫེས་པ་དང་གཟར་བ་དང་གཉའ་གོང་དུ་བསྣོལ་བ་དང་
ལྟག་པར་བསྣོལ་བ་ལ་མི་བཤད་པར་རོ་ཞེས་བྱ་བ་ནི། ཉན་པ་པོ་མི་ན་བར་མགོ་གཡོགས་པ་དང་བརྫེས་པ་དང་གཟར་བ་དང་གཉའ་གོང་དུ་བསྣོལ་བ་དང་ལྟག་པར་བསྣོལ་བ་ལ་དགེ་སློང་གིས་ཆོས་མི་བཤད་པར་བསླབ་པར་བྱ་བའོ། །འདི་ལྔའི་མཚན་ཉིད་ནི། སྔར་མགོ་གཡོགས་ལ་སོགས་རྣམ་པ་
ལྔ། །ཞེས་བྱ་བའི་རིམ་གྱིས་བཤད་ཟིན་ཏོ།། །།ད་ནི། དོ་ཀེར་ཅན་ལ་སོགས་པ་དང་། །གླང་ཆེན་ལ་སོགས་ཞོན་པ་ལྔ། །ལག་ན་འཁར་བ་ལ་སོགས་དྲུག །ན་བ་རྣམ་པ་བཞི་རྣམས་སོ། །ཞེས་བྱ་བའི་རིམ་པ་བཤད་པར་བྱ་སྟེ། མགོ་དོ་ཀེར་ཅན་དང་ཞྭ་གོན་པ་དང་ཅོད་པན་ཅན་དང་ཕྲེང་བ་ཅན་
དང་དཀྲིས་པ་ལ་མི་བཤད་པར་རོ་ཞེས་བྱ་བ་ནི། ཉན་པ་པོ་མི་ན་བར་མགོ་དོ་ཀེར་ཅན་དང་མགོ་ཞྭ་གྱོན་པ་དང་། མགོ་ཅོད་པན་ཅན་དང་མགོ་ཕྲེང་བ་ཅན་དང་། མགོ་ཐོད་བཅིངས་པ་ལ་དགེ་སློང་གིས་ཆོས་མི་བཤད་པར་བསླབ་པར་བྱ་བའོ། །གླང་པོ་ཆེ་དང་རྟ་ཞོན་པ་དང་ཁྱོགས་དང་བཞོན་པའི་
སྟེང་ན་འདུག་པ་དང་མཆིལ་ལྷམ་གྱོན་པ་ལ་མི་བཤད་པར་རོ་ཞེས་བྱ་བ་ནི། ཉན་པ་པོ་མི་ན་བར་གླང་པོ་ཆེ་ལ་ཞོན་པ་དང་རྟ་ཞོན་པ་དང་ཁྱོགས་ན་འདུག་པ་དང་། བཞོན་པའི་སྟེང་ན་འདུག་པ་དང་། མཆིལ་ལྷམ་གྱོན་པ་ལ་དགེ་སློང་གིས་ཆོས་མི་བཤད་པར་བསླབ་པར་བྱ་བའོ། །ལག་ན་འཁར་བ་
དང་གདུགས་དང་མཚོན་དང་རལ་གྲི་དང་དགྲ་ཆ་ཐོགས་པ་དང་གོ་ཆ་གྱོན་པ་ལ་མི་བཤད་པར་རོ་ཞེས་བྱ་བ་ནི། ཉན་པ་པོ་མི་ན་བར་ལག་ན་འཁར་བ་ཐོགས་པ་དང་ལག་ན་གདུགས་ཐོགས་པ་དང་ལག་ན་མཚོན་ཆ་ཐོགས་པ་དང་། ལག་ན་རལ་གྲི་ཐོགས་པ་དང་ལག་ན་དགྲ་ཆ་ཐོགས་པ་དང་གོ་ཆ་གྱོན་པ་ལ་དགེ་
Vol. 163 · folio 18b
སློང་གིས་ཆོས་མི་བཤང་བར་བསླབ་པར་བྱ་བའོ། །འགྲེང་སྟེ་བཤང་གཅི་མི་བྱ་བར་རོ་ཞེས་བྱ་བ་ནི། དགེ་སློང་མི་ན་བར་འགྲེང་སྟེ་བཤང་གཅི་མི་བྱ་བར་བསླབ་པར་བྱ་བའོ། །ཆུའི་ནང་དུ་མི་བྱ་བར་རོ་ཞེས་བྱ་བ་ནི། དགེ་སློང་མི་ན་བར་ཆུའི་ནང་དུ་བཤང་གཅི་མི་བྱ་བར་བསླབ་པར་བྱ་བའོ། །མི་དོར་
བར་རོ་ཞེས་བྱ་བ་ནི། དགེ་སློང་མི་ན་བར་བཤང་གཅི་བྱས་པ་ཆུའི་ནང་དུ་མི་དོར་བར་བསླབ་པར་བྱ་བའོ། །མཆིལ་མ་དང་སྣབས་དང་སྐྱུགས་པ་དང་རླུགས་པ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་མི་ན་བར་ཆུའི་ནང་དུ་མཆིལ་མ་ལ་སོགས་པ་འདི་དག་མི་བྱ་ཞིང་མི་དོར་བར་བསླབ་པར་བྱ་བའོ། །
རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་ཡང་མི་བྱ་མི་དོར་བར་རོ་ཞེས་བྱ་བ་ནི། དགེ་སློང་མི་ན་བར་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་དང་མཆིལ་མ་དང་སྣབས་དང་སྐྱུགས་པ་དང་རླུགས་པ་དག་བདག་ཉིད་ཀྱིས་མི་བྱ་བ་དང་བྱས་ཟིན་པ་མི་དོར་བར་ཡང་བསླབ་པར་བྱ་བའོ། །གནོད་པ་བྱུང་
བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་རོ་ཞེས་བྱ་བ་ནི། དགེ་སློང་གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱ་བའོ། །བསླབ་པ་རྣམས་ཀྱི་ཡུལ་གྱི་རབ་ཏུ་དབྱེ་བ་ནི་མདོར་བསྡུ་ན་རྣམ་པ་དགུ་སྟེ། གོས་བགོ་བ་
དང་། སྤྱོད་ཡུལ་དུ་འགྲོ་བ་དང་། དེར་སྟན་ལ་འདུག་པ་དང་། ཟས་བླངས་པ་དང་། ཟན་ཟ་བ་དང་། ལྷུང་བཟེད་སྤྱོད་པ་དང་། ཆོས་བསྟན་པ་དང་། བསྒྲུབ་པའི་ཚུལ་དང་། རྒྱུ་བ་སྟེ་དེ་དག་ནི་ཤམ་ཐབས་ཟླུམ་པོར་བགོ་བར་བསླབ་པར་བྱ་ཞེས་བྱ་བ་ནས་གནོད་པ་བྱུང་བ་མ་
གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་མི་འཛེག་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་དང་གོ་རིམས་བཞིན་དུ་སྦྱར་རོ། །བསླབ་པ་རྣམས་སོ་ཞེས་བྱ་བ་བསླབ་པའི་ཆོས་མང་པོ་རྣམས་བཤད་ཟིན་ཏོ། །དགེ་སློང་གི་རྣམ་པར་འབྱེད་པ་རྫོགས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།
དགེ་སློང་གི་རྣམ་པར་འབྱེད་པ་སྨྲས་ནས། ད་ནི་དགེ་སློང་མའི་རྣམ་པར་འབྱེད་པ་བརྗོད་པར་བྱ་སྟེ། གང་གི་ཕྱིར་ལུས་ཀྱི་བྱེ་བྲག་གིས་བསམ་པས་བྱེ་བྲག་ཏུ་འགྱུར་ལ། བསམས་པའི་བྱེ་བྲག་གིས་ལྟུང་བའི་བྱེ་བྲག་ཏུ་འགྱུར་ཞིང་ལྟུང་བའི་བྱེ་བྲག་གིས་བཅས་པའི་བྱེ་བྲག་ཏུ་འགྱུར་བའི་དགེ་སློང་
Vol. 163 · folio 19a
མ་རྣམས་ཀྱི་འདུལ་བ་ལོགས་ཤིག་ཏུ་རྣམ་པར་གཞག་པ་དེའི་ཕྱིར། དགེ་སློང་མ་རྣམས་ཀྱི་བསླབ་པའི་གཞི་དགེ་སློང་རྣམས་དང་མཐུན་པ་གང་ཡིན་པ་དེ་ནི་དགེ་སློང་གི་རྣམ་པར་འབྱེད་པ་རྣམ་པར་བཤད་པ་དེ་ཉིད་ཀྱིས་རྣམ་པར་ཕྱེ་བ་ཡིན་ནོ། །མི་མཐུན་པ་གང་ཡིན་པ་དེའི་བྱེ་བྲག་
འདིར་བརྗོད་པར་བྱ་སྟེ། དེ་ལ་དགེ་སློང་ལ་ཚུལ་ཁྲིམས་རྣམ་པར་གཞག་པ་ལས་དགེ་སློང་མ་རྣམས་ཀྱི་མ་ཡིན་པ་ཡང་ཡོད་དེ། དཔེར་ན་ཀུན་དུ་སྤྱོད་པ་བསྔགས་པ་ལྟ་བུ་དང་ལ་ལ་ཉེས་པ་ཆུང་བ་ཉིད་དུ་རྣམ་པར་གཞག་པ་ཡང་ཡོད་དེ། དཔེར་ན་དགེ་སློང་ཁུ་བ་འབྱིན་པ་དགེ་འདུན་ལྷག་མར་
འགྱུར་བ་དགེ་སློང་མ་རྣམས་ཀྱི་ལྟུང་བྱེད་དུ་འགྱུར་བ་ལྟ་བུ་དང་ལ་ལ་ཉེས་པ་ཆེ་བ་ཉིད་དུ་རྣམ་པར་གཞག་པ་ཡང་ཡོད་དེ། དཔེར་ན་དགེ་སློང་རྣམས་ཀྱི་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་དགེ་སློང་མ་རྣམས་ཀྱི་ཕམ་པར་འགྱུར་བ་ལྟ་བུ་སྟེ། དེ་དག་གི་བྱེ་བྲག་བརྗོད་པར་བྱའོ། །དེ་ལ་
ལྟུང་བ་ལ་སྦྱོར་བའི་ཚིག་ཡན་ཆད་དགེ་སློང་མ་རྣམས་ཀྱིའོ་ཞེས་བྱ་བ་ནི། འདི་ནས་བརྩམས་ཏེ་འོག་ནས་ཉམས་པ་དང་མ་སྐྱེས་པ་དག་ལྟུང་བ་ལ་སྦྱོར་བ་ནི་ཉེས་བྱས་སོ་ཞེས་འབྱུང་བའི་ཚིག་ཡན་ཆད་ནི་དགེ་སློང་མ་རྣམས་ཀྱི་ཡིན་པར་བལྟ་བར་བྱའོ། །ལྟུང་བ་ལ་སྦྱོར་བའི་ཚིག་ཅེས་བྱ་བ་ནི་
ལྟུང་བའི་སྦྱོར་བ་ཞེས་བྱ་བའི་སྒྲ་འདི་ཉིད་ཚིག་ཡིན་ནོ། །མི་ཚངས་སྤྱོད་དང་ལེན་པ་དང་། །དེ་བཞིན་གསོད་དང་སྨྲ་བ་དང་། །རེག་པ་དང་ནི་ལུས་བཀན་དང་། །འཆབ་པ་དང་ནི་བཟློག་པའོ། །ཞེས་བྱ་བའི་རིམ་གྱིས་དགེ་སློང་མ་རྣམས་ཀྱི་ཕམ་པར་འགྱུར་བ་བརྒྱད་རྣམ་པར་གཞག་པ་
དག་བསྡུ་བར་བྱའོ། །བཞི་པོ་དག་གོ་ཞེས་བྱ་བ་ནི། དགེ་སློང་གི་རྣམ་པར་འབྱེད་པར་ཕམ་པར་འགྱུར་བ་བཞི་པོ་མི་ཚངས་པར་སྤྱོད་པ་དང་མ་བྱིན་པར་ལེན་པ་དང་། གསོད་པ་དང་། སྨྲ་བ་ཞེས་བྱ་བ་གང་དག་བསྟན་པ་དེ་དག་ཐམས་ཅད་ནི་དགེ་སློང་མ་རྣམས་ཀྱི་ཡང་ཡིན་པར་བལྟ་བར་བྱའོ། །
ད་ནི་ཕམ་པར་འགྱུར་བ་དག་གི་བྱེ་བྲག་བརྗོད་པར་བྱ་སྟེ། དགེ་སློང་གི་ལུས་ཀྱི་རེག་པའི་དགེ་འདུན་ལྷག་མ་དགེ་སློང་མ་རྣམས་ཀྱི་རེག་པའི་ཕམ་པར་འགྱུར་བར་གསུངས་པ་དང་། དགེ་སློང་གི་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བའི་སྦྱོར་བ་དགེ་སློང་མ་རྣམས་ཀྱི་ལུས་བཀན་པའི་ཕམ་པར་
Vol. 163 · folio 19b
འགྱུར་བར་གསུངས་པ་དང་། དགེ་སློང་གི་གཞན་གྱི་གནས་ངན་ལེན་འཆབ་པའི་ལྟུང་བྱེད་དགེ་སློང་མ་རྣམས་ཀྱི་འཆབ་པའི་ཕམ་པར་འགྱུར་བར་གསུངས་པ་དང་། དགེ་སློང་གི་སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་དགེ་སློང་མ་རྣམས་ཀྱི་བཟློག་པའི་ཕམ་པར་འགྱུར་བར་གསུངས་པར་དེའི་རིམ་
པས་དེ་དག་གི་མཚན་ཉིད་བརྗོད་པར་བྱའོ། །དེ་ལ་གང་ལ་རེག་པའི་ཕམ་པར་འགྱུར་ཞེ་ན་དེའི་ཕྱིར་བདག་གིར་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། རེག་པ་ཞེས་འོག་ནས་འབྱུང་བའོ། །ཡན་ལག་གང་གིས་ཤེ་ན་དེའི་ཕྱིར། མིག་ནས་པུས་མོའི་བར་གྱིས་སོ་ཞེས་བྱ་བ་སྨྲས་ཏེ། མིག་གི་
གནས་མན་ཆད་ནས་པུས་མོའི་ལྷ་ང་ཡན་ཆད་ཀྱི་བར་དེས་སོ། །དེས་ཅི་ཞིག་བདག་གིར་བྱེད་པ་ལ་ཞེ་ན་དེའི་ཕྱིར་རེག་པའོ་ཞེས་བྱ་བ་སྨྲས་ཏེ། ནོམ་པར་བྱེད་ཉུག་པར་བྱེད་ལ་ཞེས་གསུངས་པ་ནི་འདི་དཔེ་ཡིན་ཏེ། འདི་ལྟར་ནོམ་པར་བྱེད་ཉུག་པར་བྱེད་ལ་ཞེས་བྱ་བ་དེའི་རྣམ་པར་བྱེད་པ་ནི་ལུས་ལ་ལུས་
ཀྱིས་ཉེ་བར་གཞོལ་བར་བྱས་ལ་ཞེས་གསུངས་པ་ཡིན་ནོ། །གང་གི་རེག་པ་ཞེ་ན་དེའི་ཕྱིར་ཕོའིའོ་ཞེས་བྱ་བ་སྨྲས་ཏེ། སྐྱེས་པའིའོ། །ལུས་ཀྱི་དབང་པོའི་ཕྱོགས་ཀྱིས་བདག་གིར་བྱེད་པ་ལ་ཞེས་གང་གསུངས་པ་དེ་ལ་བསམས་པ་གང་གིས་ཤེ་ན་དེའི་ཕྱིར་འཁྲིག་པའི་འདོད་ཆགས་ཀྱིས་སོ་ཞེས་
བྱ་བ་སྨྲས་ཏེ། གལ་ཏེ་དགེ་སློང་མས་འཁྲིག་པའི་འདོད་ཆགས་ཀྱི་བསམ་པས་ཕོའི་རེག་པ་བདག་གིར་བྱེད་ནའོ། །དེ་ལྟར་ཡང་འདིར་གཞུང་ནི་སོ་སོར་ཐར་པའི་མདོ་ལས་ཡང་དགེ་སློང་མ་གང་ཆགས་པར་གྱུར་པ་ཞེས་གསུངས་པ་ཡིན་ནོ། །ཆགས་པར་གྱུར་པ་ཞེས་བྱ་བ་ནི། ཆགས་པ་དང་ཀུན་
ཏུ་ཆགས་པ་དང་ཀུན་ནས་དཀྲིས་ཤིང་འདོད་པའི་འདོད་ཆགས་ཀྱིས་ཟིལ་གྱིས་གནོན་པ་གང་ཡིན་པའོ་ཞེས་རྣམ་པར་འབྱེད་པ་ལས་འབྱུང་ངོ་། །འདི་ལྟར་སོ་སོར་ཐར་པའི་མདོ་ལས་ཡང་དགེ་སློང་མ་གང་ཆགས་པར་གྱུར་ལ། སྐྱེས་པ་ཆགས་པར་གྱུར་པ་ཞེས་གསུངས་མོད་ཀྱི། འདིར་སྐྱེས་
པའི་འདོད་ཆགས་ལ་ནི་བརྟེན་པར་མི་བྱ་སྟེ། འདི་ལྟར་དེ་དག་ཉིད་ཀྱིས་རྣམ་པར་འབྱེད་པ་ལས་ཆགས་པར་གྱུར་པས་སྐྱེས་པ་མ་ཆགས་པས་པུས་མོ་ཡན་ཆད་མིག་མན་ཆད་དུ་ནོམ་པར་བྱེད་ཉུག་པར་བྱེད་པ་བདག་གིར་བྱེད་ན་ཕམ་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ།། །།བམ་
Vol. 163 · folio 20a
པོ་སུམ་ཅུ་བརྒྱད་པ། ཡན་ལག་གཞན་གྱིས་ནི་སྦོམ་པོའོ་ཞེས་བྱ་བ་སྨྲས་ཏེ། མིག་ནས་པུས་མོའི་བར་ལས་གཞན་པའི་ཡན་ལག་གི་ཕོའི་རེག་པ་འཁྲིག་པའི་འདོད་ཆགས་ཀྱིས་བདག་གིར་བྱེད་པ་ལ་ནི་ཉེས་པ་སྦོམ་པོར་འགྱུར་རོ། །སྐྲ་དག་དང་དེ་དང་འབྲེལ་པའི་གོས་
ལ་རེག་པ་ལ་ཅི་ཞིག་ཏུ་རྣམ་པར་གཞག་ཅེ་ན། འདིར་ལེན་བུ་དང་དེ་དང་འབྲེལ་པའི་གོས་ནི་ལུས་དང་འདྲ་བ་ཉིད་ཡིན་པས་དེའི་ཕྱིར་དེ་དག་ལ་ཡང་དངོས་གཞིར་རྣམ་པར་གཞག་སྟེ་ཕམ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གཡོགས་པས་ནི་བར་དུ་གོས་ཀྱིས་ཆོད་པ་ཡིན་པས་སྦོམ་པོའོ་ཞེས་བྱ་
བའི་ཐ་ཚིག་གོ། །སེམས་གཞན་གྱི་ནི་ན་སྨད་དོ་ཞེས་བྱ་བ་ནི། འཁྲིག་པའི་འདོད་ཆགས་ཀྱི་སེམས་མ་ཡིན་པས་བདག་གིར་བྱེད་པ་ལ་ནི་གང་ལ་ཕམ་པར་འགྱུར་བར་གསུངས་པ་དེ་ལ་ནི་སྦོམ་པོར་ན་སྨད་ལ་གང་ལ་སྦོམ་པོར་གསུངས་པ་དེ་ལ་ནི་ཉེས་བྱས་སུ་ན་སྨད་དོ་ཞེས་བྱ་བའི་ཐ་ཚིག་གོ། །
ཅི་ཐམས་ཅད་ལ་རྣམ་པ་དེ་དང་འདྲ་འམ་ཞེ་ན་དེའི་ཕྱིར་གལ་ཏེ་དེའི་ཚེ་དེ་ལ་སྐྱེས་པའི་དེ་དེས་ཤེས་པ་ནའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དུས་དེའི་ཚེ་དགེ་སློང་མ་དེ་ལ་སྐྱེས་པའི་འདོད་པའི་འདོད་ཆགས་ཀྱི་བདག་ཉིད་ཀྱི་སེམས་དེ་ཡོད་པར་དགེ་སློང་མ་དེས་སྐྱེས་པ་འདི་བདག་ལ་ཆགས་སོ་སྙམ་དུ་
ཤེས་པས་ན་འདི་ལྟར་དགེ་སློང་མ་དེ་ལ་འདོད་པའི་འདོད་ཆགས་ཀྱི་སེམས་མངོན་སུམ་དུ་མ་གྱུར་དུ་ཟིན་ཀྱང་རང་ལ་བསམ་པའི་ཉེས་པ་ཡོད་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་འདིར་སྐྱེས་པའི་འདོད་པའི་འདོད་ཆགས་ཡན་ལག་ཉིད་ཡིན་ནོ། །གལ་ཏེ་མེད་ན་ནི་དེ་ལས་ཀྱང་ངོ་ཞེས་བྱ་བ་ནི། གལ་ཏེ་
དེའི་ཚེ་སྐྱེས་པ་ལ་འདོད་པའི་འདོད་ཆགས་མེད་དམ་ཡོད་ན་ཡང་དེ་ལ་ཡིན་ནམ། དེ་ལ་མ་ཡིན་ན་ཡང་མི་ཤེས་ན་ནི་དེའི་ཚེ་ན་སྨད་པ་དེ་ལས་ཀྱང་ན་སྨད་པར་བྱ་སྟེ། གང་ལ་ན་སྨད་པ་ལ་སྦོམ་པོར་འགྱུར་བ་དེ་ལ་ནི་ཉེས་བྱས་སུ་འགྱུར་ལ། གང་ལ་ཉེས་བྱས་སུ་འགྱུར་བ་དེ་ལ་ནི་
ཉེས་བྱས་ཕྲ་མོར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བདག་གིར་མི་བྱེད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། ཇི་ལྟར་ཡང་བདག་གིར་བྱེད་པ་དང་དུ་མི་ལེན་པ་དེ་ལ་ནི་བཅས་པ་འདིར་གཏོགས་པའི་ཁ་ན་མ་ཐོ་བའི་ལྟུང་བ་ནི་མེད་དོ། གཞན་ཡིན་ན་བྱིས་པ་ལ་ཡང་རེག་པར་མི་བྱའོ་ཞེས་
Vol. 163 · folio 20b
འོག་ནས་འབྱུང་བ་དེའི་ཉེས་བྱས་ནི་ཡོད་དོ། །བུ་ལ་རེག་པ་ལ་ནི་སྐྱོན་ཆགས་པ་མེད་དོ་ཞེས་བྱ་བ་ནི། མས་བུ་ལ་བྱམས་པའི་སེམས་ཀྱིས་སེམས་གཞན་མ་ཡིན་པ་དང་། རྣམ་པར་འགྱུར་བ་མེད་པའི་སེམས་ཀྱིས་བུ་ལ་རེག་པ་ལ་ནི་སྐྱོན་ཆགས་པ་མེད་དོ། །གཞན་ཡིན་ན་བྱིས་པ་ལ་ཡང་རེག་པར་
མི་བྱའོ་ཞེས་བྱ་བ་ནི། རང་གི་བུ་ལས་གཞན་ཡིན་ན་བྱིས་པ་ལ་ཡང་ཕུ་ནུའམ་ཕ་ཁུ་འམ་མཚན་ཞང་ངམ་བུ་ཚ་ལ་སོགས་པ་ལ་བྱམས་པའི་སེམས་ལྟ་བུའམ་མཛའ་བཤེས་སམ་དགེ་བའམ་རྣམ་པར་འགྱུར་བ་མེད་པའི་སེམས་ཀྱིས་ཀྱང་རེག་པར་མི་བྱ་བའོ། །མདོ་འདི་གཉིས་ཀྱི་གཞུང་ནི་ཕྲན་ཚེགས་
དག་ལས་གང་གི་ཚེ་དགེ་སློང་མ་སྦེད་མ་ལས་འོད་སྲུངས་གཞོན་ནུ་བཙས་པ་དེའི་ཚེ་དེ་ལ་སྦེད་མ་རེག་པར་མི་བྱེད་པ་དང་དེ་ངུ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རེག་པར་བྱ་བ་དང་བསྣུན་པར་བྱ་བ་དང་བསྐྱེད་པར་བྱ་བར་རྗེས་སུ་གནང་ངོ་ཞེས་གསུངས་པའི་བར་དང་།
བུད་མེད་ནི་སྲེད་པ་ཅན་ཡིན་པས་དགེ་སློང་མ་རྣམས་ཀྱིས་དེ་ཕྲག་པ་ནས་ཕྲག་པར་བརྒྱུད་པར་བྱེད་དེ་དེ་ཕྲག་པ་ནས་ཕྲག་པར་བརྒྱུད་པ་ན་རྐེ་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མས་གཞན་གྱི་བུ་ལ་རེག་པར་མི་བྱའོ། །རེག་ན་འགལ་ཚབས་ཅན་དུ་
ཡང་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཕོའི་འོ་ཞེས་སྨྲས་ན་ཕོ་ཅི་ཙམ་གྱི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཡིན་ཞེ་ན་དེའི་ཕྱིར་འདོད་པ་དང་ལྡན་པ་ལ་བརྟེན་པ་དང་ཚིག་ལ་དེ་དང་ལྡན་པའི་དོན་ཡོངས་སུ་ཤེས་པར་བྱ་བའི་མཐུ་ཡོད་པ་ཉིད་ཀྱིས་ཕོ་ནི་ཡོངས་སུ་རྫོགས་པར་བྱེད་པ་
ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་སྟེ། འདོད་པ་དང་ལྡན་པའི་བསླབ་པའི་གཞི་རེག་པ་དང་མི་ཚངས་པར་སྤྱོད་པ་ལ་སོགས་པ་ལ་ནི་བསྟེན་པའི་མཐུ་ཡོད་པ་ཉིད་ཀྱི་ཕོ་ནི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཡིན་ནོ། །ཆོས་སྟན་པ་ལ་སོགས་པ་ལ་ནི་དེ་དང་ལྡན་པའི་དོན་འདོད་པ་དང་ལྡན་
པའི་ཚིག་བརྗོད་པའི་དོན་ཡོངས་སུ་ཤེས་ཤིང་གོ་བར་བྱ་བའི་མཐུ་ཡོད་པ་ཉིད་ཀྱི་ཕོ་ནི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་བྱེད་པ་ཉིད་ཡིན་ནོ། །མཐུ་མེད་པ་ཉིད་ཀྱི་ཕོ་ནི་ན་སྨད་པར་བྱེད་པ་ཉིད་ཡིན་ནོ། །དགེ་སློང་གི་རྣམ་པར་འབྱེད་པ་ལས་དེ་སྐད་དུ་མཐུ་ཡོད་པ་ལ་ཕམ་པར་འགྱུར་བ་གང་ཡིན་
Vol. 163 · folio 21a
པ་དེ་མཐུ་མེད་པ་ལ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་མོད་ཀྱི་འདྲ་བའི་ཕྱིར་འདིར་ཡང་དེ་ལ་བརྟེན་ཏོ། །རེག་པའི་ཕམ་པར་འགྱུར་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ལུས་བཀན་པའི་ཕམ་པར་འགྱུར་ཞེ་ན་དེའི་ཕྱིར་ལུས་བཀན་པ་ལའོ་ཞེས་
བྱ་བ་སྨྲས་སྟེ། ལུས་བཀན་པ་ཞེས་བྱ་བ་ནི་ཉལ་བའོ། །སུ་ཞེ་ན་དགེ་སློང་མ་ཞེས་བྱ་བར་ཤུགས་ཀྱིས་མངོན་ཏེ། འདིར་དགེ་སློང་མ་ལྟུང་བ་འབྱིན་པའི་དབང་དུ་བྱས་པའི་ཕྱིར་རོ། །སེམས་ཅི་ལྟ་བུས་ཤེ་ན་དེའི་ཕྱིར་ཆགས་པར་གྱུར་པས་བསྟེན་པའི་ཕྱིར་ཉེ་བར་གནས་པའི་སྐྱེས་པ་ཆགས་
པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་ཆགས་པར་གྱུར་པས་ལུས་བཀན་ནའོ། །ཟླ་ཇི་ལྟ་བུའི་ཕྱིར་ལུས་བཀན་ན་ཞེ་ན་དེའི་ཕྱིར་ལྟུང་བ་འབྱིན་པར་བྱེད་པའི་དགེ་སློང་མ་དེ་ལ་བརྟེན་པའི་ཕྱིར་ཉེ་བར་གནས་པའི་སྐྱེས་པ་ཆགས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སྟེ། དགེ་སློང་མ་ཆགས་པར་གྱུར་པ་
དེས་ཟླ་དེ་ལྟ་བུའི་ཕྱིར་ལུས་བཀན་ན་དེ་ཕམ་པར་འགྱུར་རོ། །ཆགས་པར་གྱུར་པས་ཞེས་བྱ་བ་ཅིའི་ཕྱིར་སྨོས་ཤེ་ན་ལན་འགའ་འཇིགས་པའི་དབང་གིས་ལུས་བཀན་པ་ཡང་སྲིད་ལ་ལན་འགའ་བསྲན་པའི་ཕྱིར་གལ་ཏེ་ཁྱོད་ཁོ་མོ་ལ་ཞོན་ཕོད་ན་ཁོ་མོ་ཉལ་ལོ་ཞེས་ལུས་བཀན་པ་ཡང་སྲིད་པས་དེའི་
ཕྱིར་ཆགས་པར་གྱུར་པས་ཞེས་བྱ་བ་སྨོས་ཏེ། འཁྲིག་པའི་འདོད་ཆགས་ཀྱི་སེམས་ཀྱིས་སོ། །དེ་ལ་འཇིགས་པའི་དབང་གིས་ལུས་བཀན་པ་ལ་ནི་ལྟུང་བ་མེད་དོ། །བསྲན་པའི་ཕྱིར་ལུས་བཀན་པ་ལ་ནི་ཉེས་བྱས་སོ། །འོ་ན་བསྟེན་པའི་ཕྱིར་ཉེ་བར་གནས་པའི་སྐྱེས་པ་ཆགས་པའི་ཕྱིར་རོ་
ཞེས་སྨོས་པ་འདི་ལ་ཆགས་པ་ཞེས་བྱ་བའི་ཚིག་ལྷག་སྟེ་བསྟེན་པའི་ཕྱིར་ཉེ་བར་གནས་པའི་སྐྱེས་པ་ཞེས་སྨོས་པ་ཉིད་ཀྱིས་དེ་དགེ་སློང་མ་དེ་ལ་ཆགས་པ་མ་སྨོས་ཀྱང་འགྲུབ་པའི་ཕྱིར་རོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། ལན་འགའ་དགེ་སློང་མ་དེ་རིང་ཞིག་ཐོགས་ཏེ་འོངས་ལ། སྐྱེས་པ་
དེ་ཡུན་རིང་ཞིག་སྡོད་སྡོད་པས་སེམས་ཁྲོས་པར་གྱུར་ཏམ་སེམས་གཞན་སྐྱེས་པར་གྱུར་པ་ཡང་སྲིད་པས་དེའི་ཕྱིར་ཆགས་པ་ཞེས་བྱ་བའི་ཚིག་སྨོས་སོ། །ཅི་ཐམས་ཅད་དུ་ལུས་བཀན་པ་ཇི་སྐད་བསྟན་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རམ་ཞེ་ན་དེའི་ཕྱིར་དེས་སྤྲད་དུ་རུང་བ་ཉིད་ལའོ་
Vol. 163 · folio 21b
ཞེས་བྱ་བ་སྨྲས་ཏེ། བསྟེན་པའི་ཕྱིར་ཉེ་བར་གནས་པའི་སྐྱེས་པ་ཆགས་པར་གྱུར་པ་དེས་དགེ་སློང་མ་དེ་ལ་གལ་ཏེ་སྤྲད་དུ་རུང་བ་ཉིད་ཡིན་ན་སྟེ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཡང་འདིར་གཞུང་ནི་གང་དུ་སྐྱེས་པས་བུད་མེད་བགྲོད་དུ་རུང་བ་དེ་ལྟ་བུའི་
ཕྱོགས་སུ་ལུས་བཀན་ན་ཞེས་གསུངས་པ་དང་། ལྟུང་བ་བསྟན་པ་ལས་གང་དུ་སྐྱེས་པས་བུད་མེད་བགྲོད་དུ་རུང་བ་དེ་ལྟ་བུའི་ཕྱོགས་སུ་ཞེས་བྱ་བ་ནི། ཕྱིར་བཟློག་ཏུ་མེད་པའི་གནས་སུའོ། །ལུས་བཀན་པ་ཞེས་བྱ་བ་ཉལ་ན་སྟེ། དེ་ལྟར་གང་དུ་སྐྱེས་པས་བུད་མེད་བགྲོད་དུ་རུང་བ་དེ་ལྟ་
བུའི་ཕྱོགས་སུ་ལུས་བཀན་ན་ཕམ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཆགས་པར་གྱུར་པས་ཆགས་པར་གྱུར་པ་དང་ལྷན་ཅིག་གཞོགས་སྟེགས་བྱེད་ན་སྦོམ་པོའོ་ཞེས་བྱ་བ་ནི། དགེ་སློང་མ་ཆགས་པར་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་དང་ལྷན་ཅིག་གཞོགས་སྟེགས་བྱེད་ན་སྦོམ་པོར་
འགྱུར་བའོ། གཞོགས་སྟེགས་ཞེས་བྱ་བ་ནི། ཧ་ཅང་བརྟད་པར་མི་འཇུག་ཅིང་བཙུན་སྤུ་མ་ཉམས་པར་འཇོ་སྒེག་དང་ཀུན་དུ་རྩེ་བ་ལ་སོགས་པའི་ལུས་དང་ངག་གི་ལས་སོ། །འདིར་གཞུང་ནི་ཆགས་པར་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་དང་ལྷན་ཅིག་གཞོགས་སྟེགས་བྱེད་ན་ཉེས་
པ་སྦོམ་པོར་འགྱུར་རོ། །སྐྱེས་པ་འོང་བ་དང་འགྲོ་བ་བདག་གིར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །ཕྱར་གཡེང་ངོ་ཞེས་བྱ་བ་ཡང་། དགེ་སློང་མ་ཆགས་པར་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་དང་ལྷན་ཅིག་ཕྱར་གཡེང་བྱེད་ན་
སྦོམ་པོར་འགྱུར་རོ། །ཕྱར་གཡེང་ཞེས་བྱ་བ་ནི། ཤིན་ཏུ་བརྟད་པར་འཇུག་ཅིང་ཧྲལ་བག་བྱེད་པའོ། །རྩབ་ཧྲལ་ལོ་ཞེས་བྱ་བ་ཡང་། དགེ་སློང་མ་ཆགས་པར་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་དང་ལྷན་ཅིག་ཙབ་ཧྲལ་བྱེད་ན་སྦོམ་པོར་འགྱུར་བའོ། །རྩབ་ཧྲལ་ཞེས་བྱ་བ་ནི་བཙུན་
སྤུ་ཉམས་ཤིང་བསྟེན་པའི་ཕྱིར་གཞོལ་ལ་ངོ་ཚ་མེད་པར་ཞུགས་ཤིང་ཟེ་ལངས་པར་གྱུར་ནས། མགོ་འདར་བ་དང་ཚིགས་འགུལ་བ་དང་། །ཚིགས་འཁྲུལ་པ་ཉིད་ལ་སོགས་པ་ལུས་དང་ངག་གི་ལས་སོ། །དེ་དག་ཐམས་ཅད་ལ་ཡང་ཆགས་པར་གྱུར་པས་ཆགས་པར་གྱུར་པ་དང་
Vol. 163 · folio 22a
ལྷན་ཅིག་བྱེད་ན་ཞེས་བྱ་བར་སྦྱར་ཏེ། དེའི་ཕྱིར་གཞོགས་སྟེགས་དང་ཕྱར་གཡེང་དང་རྩབ་ཧྲལ་ཞེས་བྱ་བ་འདི་དག་ནི་ལུས་བཀན་པའི་སྦྱོར་བ་ཐམས་ཅད་ཀྱི་དཔེ་ཡིན་ཏེ། དེས་ན་འདིར་མལ་ཤོམ་པར་བྱེད་པ་ལ་སོགས་པ་དག་ཀྱང་སྦོམ་པོར་འགྱུར་
བའོ། །དེ་ལས་དུས་མལ་མནོས་ན་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་མ་ཆགས་པར་གྱུར་པ་དེས་སྐྱེས་པ་ཆགས་པར་གྱུར་པ་དེ་ལ་སྐྱེད་མོས་ཚལ་ཆེ་གེ་མོ་ཞིག་ཏུ་ཤོག་ཤིག་ཅེའམ་ཁྱོད་ཀྱི་ཁྱིམ་ཆེ་གེ་མོ་ཞིག་ཏུ་ཁོ་མོ་འང་ངོ་ཞེས་དུས་མལ་ཚིག་གིས་ནོད་པ་དང་། སྐྱེས་པ་ཆགས་
པར་གྱུར་པས་ཁོ་བོ་སྐྱེད་མོས་ཚལ་ཆེ་གེ་མོ་ཞིག་ཏུ་འོང་གིས་ཁྱོད་ཀྱང་གནས་དེར་ཤོག་ཤིག་ཅེས་དུས་མལ་བཏབ་པ་ཚིག་གིས་ནོད་ན་སྦོམ་པོའོ། །བྱ་བས་དང་དུ་ལེན་ན་ནི་ཉེས་བྱས་སོ། །འདིར་གཞུང་ནི་སྤྱིར་བསྟན་པ་ལས་ཚིག་གིས་ཞེས་གསུངས་པ་ཡིན་ནོ། །བརྡའོ་ཞེས་བྱ་བ་ནི།
བྱེད་པ་མནོས་ན་སྦོམ་པོའོ་ཞེས་བྱ་བར་སྦྱར་རོ། །བརྡ་ཞེས་བྱ་བ་ནི་དུས་ཚོད་ཀྱི་བརྡ་སྟེ། ཁོ་བོ་སྔ་དྲོ་སྟ་གོན་བྱེད་དོ་ཞེས་བྱ་བ་ལ་སོགས་པའི་དུས་ཚོད་ཀྱི་བརྡས་དུས་འདེབས་པར་བྱེད་པ་ལ་ཁོ་མོ་ཡང་སྟ་གོན་བྱེད་དོ་ཞེས་དུས་ཚོད་ཀྱི་བརྡ་ཚིག་གིས་ནོད་ན་སྦོམ་པོའོ། །མཚན་མའོ་ཞེས་བྱ་བ་
ཡང་། བྱེད་པ་མནོས་ན་སྦོམ་པོའོ་ཞེས་བྱ་བར་སྦྱར་རོ། །མཚན་མ་ཞེས་བྱ་བ་ནི་ཆ་ལུགས་ཀྱི་མཚན་མ་སྟེ། ཁོ་བོ་གོས་འདི་ལྟ་བུ་གྱོན་པ་ཁྱོད་ཀྱིས་མཐོང་ན་སྟ་གོན་གྱིས་ཤིག་ཅེས་བྱ་བ་ལ་སོགས་པའི་མཚན་མ་བྱེད་པ་ནོད་ན་སྦོམ་པོའོ། །དེའི་འོང་བ་དང་འགྲོ་བའི་འཇུག་པ་
བདག་གིར་བྱེད་ནའོ་ཞེས་བྱ་བ་ནི། སྐྱེས་པ་ཆགས་པར་གྱུར་པ་དེའི་འོང་བ་དང་འགྲོ་བའི་འཇུག་པ་བདག་གིར་བྱེད་ན་སྦོམ་པོའོ་ཞེས་བྱ་བར་སྦྱར་རོ། །འོང་བ་ཞེས་བྱ་བ་ནི། གང་ན་དགེ་སློང་མ་དེ་འདུག་པ་དེར་འོང་བའོ། །འགྲོ་བ་ཞེས་བྱ་བ་ནི། དུས་མལ་བཏབ་པའི་གནས་སུ་འགྲོ་
བའོ། །ལུས་བཀན་པ་འདི་དགེ་སློང་ལ་ནི་སྦོམ་པོ་སྟེ། བུད་མེད་དམ་སྐྱེས་པ་གང་ཡང་རུང་བའི་ཕྱིར་བཤམས་ན་ཡང་ངོ་། གཞོགས་སྟེགས་ལ་སོགས་པའི་བྱ་བ་གཞན་ནི་ཚིག་ཏུ་མ་སྨྲས་ན་ནི་ཉེས་བྱས་སོ། །བུད་མེད་ལ་ཚིག་ཏུ་སྨྲས་ན་ནི་དགེ་འདུན་མའོ། །ལུས་བཀན་པའི་
Vol. 163 · folio 22b
ཕམ་པར་འགྱུར་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ཁ་ན་མ་ཐོ་བ་འཆབ་པའི་ཕམ་པར་འགྱུར་ཞེ་ན་དེའི་ཕྱིར་དགེ་སློང་མའི་ཕམ་པར་གྱུར་པ་འཆབ་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་དང་འབྲེལ་པའི་ཕམ་པར་གྱུར་པ་བརྒྱད་པོ་དག་ལས་གང་ཡང་རུང་བ་འཆབ་པ་ལ་
ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སུའི་ཕམ་པར་འགྱུར་ཞེ་ན་དེའི་ཕྱིར། འདིར་དགེ་སློང་མའི་ཞེས་སྨོས་ཏེ། དགེ་སློང་མ་གཞན་གྱིའོ། །འདིར་ཉིན་མཚན་གྱི་མཐར་ནི་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་ལ་མདུན་རོལ་དུ་ནི་ན་སྨད་པའོ། །འདིར་གཞུང་ནི་གཏམ་གྱི་གཞི་ལས་དགེ་སློང་
མས་དགེ་སློང་མ་མི་ཚངས་པར་སྤྱོད་པ་བྱེད་པ་མཐོང་ལ་དེ་བཅབས་ཤིང་འདུ་ཤེས་སྦས་ནས་སྐྱ་རེངས་ཤར་ན་ཕམ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་ན་སྨད་པ་ནི་སྦོམ་པོ་སྟེ། དགེ་སློང་མ་དང་འབྲེལ་པའི་ཁ་ན་མ་ཐོ་བ་འདི་ལ་ན་སྨད་ན་སྦྱོར་བ་ལས་བྱུང་བའི་སྦོམ་
པོ་ཡིན་པར་ཤེས་པར་བྱའོ། །འཆབ་པའི་ཕམ་པར་འགྱུར་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ཅི་ཞིག་བྱས་ན་བཟློག་པའི་ཕམ་པར་འགྱུར་ཞེ་ན་དེའི་ཕྱིར་དགེ་སློང་གནས་ནས་ཕྱུང་བ་བཟོད་པར་གསོལ་བ་ངེས་པར་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་པར་ཤེས་བཞིན་དུ་
དེ་ལས་བཟློག་པ་ཉིད་མི་གཏོང་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གནས་ནས་ཕྱུང་བ་དགེ་འདུན་ལ་བཟོད་པ་གསོལ་བར་བྱའོ་ཞེས་བཟོད་པ་གསོལ་བར་ངེས་པར་གྱུར་པ་དགེ་སློང་མ་རྣམས་ཀྱིས་ཀྱང་དེ་ལ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་ཞིང་ཕྱག་བྱ་བའི་འོས་མ་ཡིན་
པའི་སྡོམ་པ་བྱིན་པར་གྱུར་པ་གང་ཡིན་པ་དེ་ལ་དགེ་སློང་མས་དེ་དག་ཐམས་ཅད་དེ་ལྟར་ཤེས་པར་གྱུར་ཅིང་ཤེས་ནས་ཀྱང་དགེ་སློང་མ་དེས་དགེ་སློང་དེ་བཟོད་པར་གསོལ་བ་བྱེད་པ་དེ་ལས་ཟློག་པར་བྱེད་ཅིང་། ཟློག་པར་བྱེད་པ་དེ་ཉིད་ལན་གསུམ་གྱི་བར་དུ་མི་གཏོང་ན་དགེ་སློང་མ་དེ་ཕམ་
པར་འགྱུར་བའོ། འདི་སྐད་བསྟན་ཏེ། དགེ་སློང་གྲེ་སྐྱེས་དགེ་སློང་མ་རྣམས་དང་འདྲེ་ཞིང་གནས་ནས། བཅོམ་ལྡན་འདས་ཀྱི་བཀས་དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བྱས་ཤིང་། དགེ་སློང་མའི་དགེ་འདུན་གྱིས་ཀྱང་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་
Vol. 163 · folio 23a
བྱས་ནས། གཉི་གའི་དགེ་འདུན་གྱི་ཕྱི་རོལ་དུ་བྱས་པའི་དགེ་སློང་དེ་དགེ་སློང་གི་དགེ་འདུན་ལ་བཟོད་པ་གསོལ་ལོ་ཞེས་ངེས་པར་གྱུར་པ་ན་སྦོམ་དགའ་མོས་དོན་དེ་ཤེས་བཞིན་དུ་ཕྱིར་བཟློག་པ་དེ་ལ་དགེ་སློང་མའི་དགེ་འདུན་གྱིས་བཞམས་ཏེ་བསྒོ་བ་ལ་སོགས་པ་
གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་བཟློག་པ་དེ་ཉིད་མི་གཏོང་བ་དེ་ལ་ཕམ་པར་འགྱུར་བ་བཅས་པ་ཡིན་ནོ། །ཇི་ལྟར་མི་གཏོང་བ་ལ་ཞེ་ན་དེའི་ཕྱིར་དབྱེན་ལ་བརྟུལ་བ་ཉིད་དང་འདྲའོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་དགེ་འདུན་གྱི་དབྱེན་ལ་རྟུལ་བར་བྱེད་པ་དེ་མི་གཏོང་བ་ལ་ལྟུང་བར་
འགྱུར་བ་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་སྟེ། དེས་ན་དེ་དང་འདྲའོ་ཞེས་བྱ་བའི་སྒྲ་ནི་མཚུངས་པ་ཉིད་ཀྱི་དོན་ཡིན་པའི་ཕྱིར་རོ། །འདྲ་བར་གཞོམ་པ་དང་གསོལ་བ་སྔོན་དུ་བཏང་བའི་ལས་བྱས་ཏེ། ཇི་ལྟར་དབྱེན་གྱི་སྐབས་སུ་བཟློག་པའི་ཚུལ་གྱིས་མི་གཏོང་བར་རྗེས་སུ་བསྒྲུབ་པའི་
རང་བཞིན་ནི་རྗེས་སུ་མཐུན་ནོ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་ཇི་སྐད་བསྟན་པ་དེ་དག་ཐམས་ཅད་འདིར་ཡང་སྦྱར་བར་བྱའོ། །དེའི་ཕྱིར་རྣམ་པ་དེ་དག་ཐམས་ཅད་འདིར་ཅི་རིགས་པར་སྦྱར་བར་ཤེས་པར་བྱ་སྟེ། དེས་ན་དབྱེན་ལ་བརྟུལ་བ་ཉིད་དང་འདིར་སྦྱར་བ་ནི་མ་ཡིན་ནོ། །བཟློག་པའི་
ཕམ་པར་འགྱུར་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ། །དགེ་སློང་མའི་ཕམ་པར་འགྱུར་བ་རྣམས་རྫོགས་སོ་ཞེས་བྱ་བ་དགེ་སློང་མའི་ཕམ་པར་འགྱུར་བ་བརྒྱད་བཤད་ཟིན་ཏོ།། །།ད་ནི། སྨྱན་བྱེད་པ་དང་གཞི་མེད་དང་། །གསུམ་པ་བག་ཙམ་ཆ་ལས་ལེན། །བཞི་པ་ཅི་ཡང་རུང་བར་
བྱ། །ལྔ་པ་ཆགས་པ་མེད་པ་སྟེ། །མཚན་མོ་ཉིན་མོ་ལམ་འགྲོ་དང་། །ཆུ་ཀླུང་ཕ་རོལ་ཡིད་མཐུན་དང་། །ཤི་བའི་ནོར་རྫས་ལེན་པ་དང་། །དགེ་སློང་མ་ལས་བཟོད་བྱེད་དང་། །སྤོང་དང་འཐབ་ཀྲོལ་བྱེད་པ་དང་། །བསྟེན་དང་བསྟེན་དུ་འཇུག་པ་དང་། །དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། །
སུན་འབྱིན་བཀའ་བློ་མི་བདེ་བའོ། །ཞེས་བྱ་བའི་རིམ་གྱིས་ཕམ་པར་འགྱུར་བ་དག་གི་འོག་ཏུ་བཀོད་པ་དགེ་སློང་མའི་དགེ་འདུན་ལྷག་མ་ཉི་ཤུ་པོ་དག་བཤད་པར་བྱ་སྟེ། དེ་ལ་དགེ་སློང་གི་དགེ་འདུན་ལྷག་མ་ལ་དགེ་སློང་མ་རྣམས་ཀྱི་ལྟུང་བ་གཞན་ཉིད་དུ་རྣམ་པར་གཞག་པ་ཡང་ཡོད་དེ། དཔེར་
Vol. 163 · folio 23b
ན་དགེ་སློང་གི་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མ་དེ་དགེ་སློང་མ་རྣམས་ཀྱི་ལྟུང་བྱེད་དུ་རྣམ་པར་གཞག་པ་དང་། དགེ་སློང་གི་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མ་དགེ་སློང་མ་རྣམས་ཀྱི་རེག་པའི་ཕམ་པར་འགྱུར་བར་རྣམ་པར་གཞག་པ་དང་། དགེ་སློང་གིས་འཁྲིག་པ་དང་ལྡན་པ་སྨྲ་
བའི་དགེ་འདུན་ལྷག་མ་དགེ་སློང་མ་རྣམས་ཀྱི་ཆགས་པར་གྱུར་པས་ཆགས་པར་གྱུར་པ་དང་ལྷན་ཅིག་གཞོགས་སྟེགས་དང་ཕྱར་གཡེང་དང་ཙབ་ཧྲལ་བྱེད་པ་སྦོམ་པོར་རྣམ་པར་གཞག་པ་ལྟ་བུའོ། །དགེ་སློང་གི་བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ་ནི་དགེ་སློང་མ་རྣམས་ལ་མེད་དེ།
འདི་ལྟར་བུད་མེད་ཀྱི་བསྙེན་བཀུར་ནི་སྐྱེས་པའི་ཡོ་བྱད་དུ་གྱུར་པ་ཡིན་པས་གཡོག་བྲན་གྱི་ཆར་གནས་པ་ཡིན་ལ། ལོངས་སྤྱོད་པར་བྱེད་པའི་སྐྱེས་པ་ནི་མཆོད་པར་བྱ་བའི་ཆར་གནས་པ་ཡིན་པས་དེའི་ཕྱིར། སྐྱེས་པས་བསྙེན་བཀུར་བསྔགས་པ་ནི་རིགས་ཀྱི་བུད་མེད་ཀྱིས་ནི་མི་རིགས་
པས་དེའི་ཕྱིར་དེ་ནི་དགེ་སློང་མ་རྣམས་ལ་མེད་དོ། །དགེ་སློང་གི་ཁང་པ་དང་གཙུག་ལག་ཁང་བྱེད་པའི་དགེ་འདུན་ལྷག་མ་དེ་གཉིས་ནི་དགེ་སློང་མ་རྣམས་ལ་བྱེད་པའི་མཐུ་མེད་པས་ཇི་ལྟར་སྐྱེས་པ་བཞིན་དུ་དེ་ལྟར་མངོན་པར་ཞེན་པ་མི་འབྱུང་སྟེ། བྱེད་དུ་འཇུག་ན་ཡང་བདག་པོ་ཉིད་
མ་ཡིན་པའི་ཕྱིར་སྐྱེས་པ་དག་གིས་བྱེད་དུ་འཇུག་པ་དེ་ལྟར་མི་ནུས་པས་དེ་གཉིས་ཀྱང་དགེ་སློང་མ་རྣམས་ལ་རྣམ་པར་མི་གཞག་གོ། །སྨྱན་བྱེད་པ་དང་གཞི་མེད་པ་དང་བག་ཙམ་དང་དགེ་འདུན་གྱི་དབྱེན་བྱེད་པ་དང་དེའི་རྗེས་སུ་ཕྱོགས་པ་དང་། ཁྱིམ་སུན་འབྱིན་པ་དང་བཀའ་བློ་མི་བདེ་བ་
ཞེས་བྱ་བའི་དགེ་འདུན་ལྷག་མ་རྣམས་ནི་དགེ་སློང་གི་དང་འདྲ་བས་འདིར་མིང་ཙམ་ཞིག་རྣམ་པར་གཞག་པར་བྱ་སྟེ། དེ་དག་གི་ངོ་བོ་ཉིད་སྔར་དགེ་སློང་གི་ཁ་ན་མ་ཐོ་བ་རྣམས་ཀྱི་སྐབས་སུ་བསྟན་ཟིན་པའི་ཕྱིར་རོ། །དགེ་སློང་དང་ཐུན་མོང་མ་ཡིན་པ་ཅི་ཡང་རུང་བ་ལེན་པ་དང་། ཅི་ཡང་རུང་བ་ལེན་
དུ་འཇུག་པ་དང་། མཚན་མོ་འབྲལ་བ་དང་། ཉིན་མོ་འབྲལ་བ་དང་། ལམ་དུ་འཇུག་པ་དང་། ཆུ་བརྒལ་བ་དང་། རབ་ཏུ་འབྱིན་པ་དང་། ཤི་བའི་ནོར་ལེན་པ་དང་། བཟོད་པ་གསོལ་དུ་འཇུག་པ་དང་། སྤོང་བ་དང་། འཐབ་ཀྲོལ་བྱེད་པ་དང་། བུད་མེད་དང་བསྟེན་པ་དང་། བུད་མེད་དང་
Vol. 163 · folio 24a
བསྟེན་དུ་འཇུག་པ་ཞེས་བྱ་བ་དགེ་སློང་མའི་དགེ་འདུན་ལྷག་མ་དེ་དག་གི་ངོ་བོ་ཉིད་ནི་འདིར་རྒྱ་ཆེར་བསྟན་པར་བྱའོ། །དེ་ལ་ཐུན་མོང་བ་མིང་ཙམ་རྣམ་པར་གཞག་པ་དག་ཇེ་བསྟན་པའི་ཕྱིར་སྨྱན་བྱེད་པའོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་ལྷག་མའི་ཁ་ན་མ་ཐོ་བ་འདིའི་མཚན་ཉིད་སྔར་
ཇི་སྐད་བསྟན་པ་དེ་ཉིད་དགེ་སློང་མ་རྣམས་ཀྱི་ཡང་ཡིན་པར་རིག་པར་བྱའོ། །སྐབས་འདི་དང་འོག་མ་དག་ལས་ཆོས་འདི་ནི་དང་པོས་ལྟུང་བར་འགྱུར་ལ་ཞེས་གསུངས་པའི་ཚིག་དེའི་རྣམ་པར་འབྱེད་པ་ནི་མོད་ལ་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ་དེའི་དོན་ནི་སྤྱད་པ་ཙམ་གྱི་ཁ་ན་མ་ཐོ་བ་འདིར་
འགྱུར་གྱི་ཡང་དང་ཡང་ཕྱིར་བཟློག་ཅིང་མི་གཏོང་བ་ལ་ནི་མ་ཡིན་པར་རིག་པར་བྱའོ། །འབྱུང་བར་འགྱུར་བ་སྟེ་ཞེས་བྱ་བ་ནི་ལྟུང་བ་ལས་འབྱུང་བ་དང་རྗེས་སུ་མཐུན་པ་སྟེ་དེ་དག་ནི་ཕྱིར་བཅོས་པ་དང་བཅས་པ་ཡིན་གྱི་ཕམ་པར་འགྱུར་བ་དག་ད་ལྟར་ཕྱིར་བཅོས་སུ་མི་རུང་བ་ནི་མ་ཡིན་ནོ་ཞེས་བྱ་
བའི་ཐ་ཚིག་གོ། །དེ་ལྟར་ཡང་དེའི་རྣམ་པར་འབྱེད་པ་ནི་འབྱུང་བ་དང་བཅས་པའོ་ཞེས་གསུངས་པ་ཡིན་ནོ། །འདིར་དགེ་སློང་མ་ལ་བརྟེན་ཏེ་ཕྲན་ཚེགས་ལ་སོགས་པ་དག་ལས་ཅུང་ཟད་ལྷག་པར་གསུངས་པ་དག་བསྟེན་པའི་ཕྱིར་དགེ་སློང་མ་ལ་ཁྱིམ་པ་མོ་ཉིད་ཀྱི་བསྔགས་པ་བརྗོད་ན་
སྦོམ་པོའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མས་དགེ་སློང་མ་ལ་ཁྱིམ་པ་མོ་ཉིད་ཀྱི་བསྔགས་པ་བརྗོད་ཅིང་ཡང་དག་པར་འཛིན་དུ་འཇུག་ན་སྦོམ་པོའོ། །ཉོན་མོངས་པ་དག་གིས་གནོད་པར་གྱུར་པ་རྣམས་ཀྱིས་གོ་བར་བྱས་པ་ན་སྦོམ་དགའ་མོས་ཚིག་དེ་སྐད་བརྗོད་པ་ལས་འདི་བཅས་ཏེ། དེ་ནི་
སྨྱན་བྱེད་པ་དང་རིགས་མཐུན་པ་ཉིད་ཡིན་པའི་ཕྱིར་འདི་གསུངས་སོ། །དགེ་སློང་དག་ལ་ཡང་དེའི་རྗེས་སུ་འབྲང་བས་ཉེས་བ་སྦོམ་པོར་འགྱུར་བར་ཤེས་པར་བྱའོ། །གཞན་སྨད་འཚོང་མ་ཉིད་བྱེད་དུ་འཇུག་པ་ཡང་ངོ་ཞེས་བྱ་བ་ཡང་། སྦོམ་པོའོ་ཞེས་བྱ་བར་སྦྱར་ཏེ། དགེ་སློང་མས་བུད་མེད་
གཞན་སྨད་འཚོང་མ་ཉིད་བྱེད་དུ་འཇུག་ན་སྦོམ་པོར་འགྱུར་རོ། །སྨད་འཚོང་མ་ཞེས་བྱ་བའི་སྒྲ་ནི་འཇུད་མཐུན་མ་ཞེས་བྱ་སྟེ། འཇུད་པ་ཞེས་བྱ་བ་ནི་ཕོའི་དབང་པོ་ལ་བྱ་སྟེ། འཇུད་པར་བྱེད་པ་ཡིན་པས་འཇུད་པ་སྟེ་དེས་འཇུད་པ་གང་ལ་ཡོད་པ་དེ་ནི་འཇུད་མཐུན་མ་ཡིན་ཏེ་སྨད་འཚོང་མའོ། །
Vol. 163 · folio 24b
ཁ་ཅིག་ན་རེ་འཇུད་པ་ཞེས་བྱ་བའི་སྒྲ་ནི་མོའི་དབང་པོ་ལ་བྱ་སྟེ་དེ་གང་ལ་ཡོད་པ་དེ་ནི་འཇུད་མཐུན་མ་སྟེ་སྨད་འཚོང་མ་ཞེས་ཟེར་རོ། །བྲན་མོ་ཟོང་ཉིད་དུ་གཏོང་བ་ནི་དེ་ལས་ཕྱི་རོལ་དུ་གྱུར་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་མས་བྲན་མོ་ཟོང་གི་ཕྱིར་སྟུ་གླར་གཏོང་བ་ནི་གཞན་སྨད་འཚོང་མ་ཉིད་དུ་བྱེད་དུ་
འཇུག་པ་ཞེས་བསྟན་པ་དེ་ལས་ཕྱི་རོལ་དུ་གྱུར་པ་ཉིད་མ་ཡིན་ཏེ་དོན་འདྲ་བས་འདི་ཡང་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་གྲགས་པའི་དབང་གིས་ན་སྨད་འཚོང་མ་ཉིད་དུ་བྱེད་དུ་འཇུག་པ་ཞེས་བྱ་བ་ལས་ལོགས་ཤིག་ཏུ་མདོར་བྱས་ཏེ། འདི་ལྟར་ཟོང་དགྲམ་པའི་ཚུལ་
གྱིས་འཇོག་པ་གང་ཡིན་པ་དེ་ནི་བྲན་མོ་ཟོང་ཉིད་དུ་གཏོང་བ་ཞེས་བྱའོ། །སྨད་འཚོང་མ་ཉིད་དུ་བྱེད་དུ་འཇུག་པ་ཞེས་བྱ་བ་ནི་རང་གི་ཁྱིམ་དག་ན་གནས་པ་དག་གིས་བྱེད་དོ། །སྨྱན་བྱེད་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གཞི་མེད་པའོ། །བག་ཙམ་ཞེས་བྱ་བ་ནི། དགེ་
འདུན་ལྷག་མ་འདི་གཉིས་ཀྱི་མཚན་ཉིད་སྔར་དགེ་སློང་གི་སྐབས་སུ་ཇི་སྐད་བསྟན་པ་དག་དགེ་སློང་མ་རྣམས་ཀྱི་ཡང་ཡིན་པར་རིག་པར་བྱའོ། །ཐམས་ཅད་ལ་བྱེ་བྲག་ནི་ཡོད་པར་རིག་པར་བྱ་སྟེ། ཕོ་ཉིད་ལ་ནི་མོ་ཉིད་དོ། །དེ་ལ་ནི་ཕོ་ཉིད་དོ་ཞེས་བྱ་བ་ནི། ཕོ་ཉིད་ལ་ནི་མོ་ཉིད་ཅེས་བྱ་བར་ཤེས་པར་བྱ་ལ་
མོ་ཉིད་ལ་ནི་ཕོ་ཉིད་ཅེས་བྱ་བར་ཤེས་པར་བྱ་སྟེ། ཕོའི་རྟགས་ཀྱི་གནས་སུ་ནི་མོའི་རྟགས་བལྟ་བར་བྱ་བ་ལ་མོའི་རྟགས་ཀྱི་གནས་སུ་ནི་ཕོའི་རྟགས་སུ་བལྟ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གཞི་མེད་པ་དང་བག་ཙམ་གྱི་དགེ་འདུན་ལྷག་མ་གཉིས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།
གང་ལ་ཅི་ཡང་རུང་བ་ལེན་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར་ཅི་ཡང་རུང་བ་བདག་གིར་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མས་འཁྲིག་པ་དང་འབྲེལ་པའི་ཕྱིར་སྐྱེས་པ་ལས་གླ་ཅི་ཡང་རུང་བ་བདག་གིར་བྱེད་ན་དགེ་འདུན་ལྷག་མའོ། །དེའི་ཕྱིར་བསྐྱེད་པའི་དོན་དུ་ཅི་ཡང་
རུང་བ་ཞེས་སྨོས་སོ། །འདིར་བདག་གིར་བྱེད་ན་ཞེས་བྱ་བ་ནི་ལེན་པ་ལ་བྱ་སྟེ། དེ་ལྟར་ཡང་རྣམ་པར་འབྱེད་པ་ལས་བདག་གིར་བྱེད་པ་ལ་ནི་ལེན་པར་བྱེད་པའོ་ཞེས་གསུངས་སོ། །ཅི་ལྟ་བུར་གྱུར་པས་ཤེ་ན་དེའི་ཕྱིར་དགེ་སློང་མ་ཆགས་པར་གྱུར་པས་སོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་འཁྲིག་
Vol. 163 · folio 25a
པའི་འདོད་ཆགས་ཀྱིས་ཆགས་པར་གྱུར་པས་སོ། །འདི་དང་འོག་མ་དག་ལ་ཆགས་པར་གྱུར་པས་ཞེས་སྨོས་པ་ཐམས་ཅད་འཁྲིག་པའི་འདོད་ཆགས་ཀྱིས་ཆགས་པ་ཡིན་པར་རིག་པར་བྱའོ། །གང་ལས་བདག་གིར་བྱེད་ཅེ་ན། །དེའི་ཕྱིར་སྐྱེས་པ་ཆགས་པར་གྱུར་པ་ལས་སོ་ཞེས་བྱ་
བ་སྨྲས་ཏེ། སྐྱེས་པ་ཆགས་པར་གྱུར་པ་ལས་ཅི་ཡང་རུང་བ་བདག་གིར་བྱེད་ནའོ། །ཆགས་པར་མ་གྱུར་པས་ནི་སྦོམ་པོའོ་ཞེས་བྱ་བ་ནི། དགེ་སློང་མ་ཆགས་པར་མ་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་ལས་ཅི་ཡང་རུང་བ་བདག་གིར་བྱེད་པ་ལ་ནི་སྦོམ་པོའོ། །ཆགས་པར་མ་གྱུར་པ་ལས་ནི་ཉེས་
བྱས་སོ་ཞེས་བྱ་བ་ནི། སྐྱེས་པ་ཆགས་པར་མ་གྱུར་པ་ལས་དགེ་སློང་མ་ཆགས་པར་མ་གྱུར་པས་ཅི་ཡང་རུང་བ་བདག་གིར་བྱེད་པ་ནི་ཉེས་བྱས་ཏེ། ཆགས་པར་མ་གྱུར་པ་ལས་ནི་ཉེས་བྱས་སོ་ཞེས་གསུངས་པའི་ཕྱིར་རོ། །ཅི་ཡང་རུང་བ་བདག་གིར་བྱེད་པ་དང་སྐྱེས་པ་ཆགས་པར་གྱུར་པ་འདི་གཉིས་ནི།
ཤེས་ཀྱང་རུང་དོགས་ཀྱང་རུང་ཡོད་ཀྱང་རུང་མེད་ཀྱང་རུང་སྟེ་གལ་ཏེ་དགེ་སློང་མ་ལ་ཡོད་པ་ཉིད་ལས་བསྟེན་པར་གྱུར་ན་དེ་ལྟ་ན་ཅི་སྐད་བསྟན་པའི་ཁ་ན་མ་ཐོ་བར་འགྱུར་ཏེ། འདི་ལྟར་འདིར་བསམ་པའི་ཉེས་པས་ལྟུང་བར་རྣམ་པར་གཞག་པར་མཛད་པའི་ཕྱིར་རོ། །མི་ཤེས་པའི་ཡུལ་ལ་ནི་ཡིད་ཀྱི་
ཉེས་པ་མི་འབྱུང་ངོ་། །ཅི་ཡང་རུང་བ་ལེན་པའི་དགེ་འདུན་ལྷག་མ་ལ་སོགས་པ་བཅུ་གསུམ་པོ་འདི་དག་ལ་དགེ་སློང་རྣམས་ཀྱི་ལྟུང་བ་ཇི་ལྟར་རྣམ་པར་གཞག་པར་བྱ་ཞེ་ན། དེ་ལ་མཚན་མོ་འབྲལ་བ་དང་། ཉིན་མོ་འབྲལ་བ་དང་། ལམ་དུ་འཇུག་པ་དང་། ཆུ་རྒལ་བ་ཞེས་བྱ་བ་གཅིག་
པུ་རྒྱུ་བའི་ལྟུང་བ་བཞི་པོ་དག་ལ་ནི་དགེ་སློང་རྣམས་ལ་གཅིག་པུ་འགྲོ་བ་ལ་ཉེས་པ་མེད་དོ། །ཤི་བའི་ནོར་ལེན་པ་ཞེས་བྱ་བ་ནི་དགེ་འདུན་ལྷག་མ་ནི་ཆོས་གོས་ཀྱི་རིན་བསྐུར་བ་ལས་བསླང་པའི་ཆོ་ག་གང་ཡིན་པ་དེ་ལས་བརྒལ་ན་ནི་སྤང་བའི་ལྟུང་བྱེད་དུ་འགྱུར་ལ་མ་བརྒལ་ན་ནི་ལྟུང་བ་མེད་དོ། །
ལྷག་མ་བརྒྱད་པ་ཅི་ཡང་རུང་བ་ལེན་པ་དང་ལེན་དུ་འཇུག་པ་དང་། རབ་ཏུ་འབྱིན་པ་དང་བཟོད་པ་གསོལ་དུ་འཇུག་པ་དང་། སྤོང་བ་དང་འཐབ་ཀྲོལ་བྱེད་པ་དང་བུད་མེད་དང་བསྟེན་པ་དང་། བུད་མེད་དང་བསྟེན་དུ་འཇུག་པ་ཞེས་བྱ་བའི་དགེ་འདུན་ལྷག་མ་དག་ལ་ནི་ཉེས་བྱས་སོ། །ཅི་ཡང་
Vol. 163 · folio 25b
རུང་བ་ལེན་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ཅི་ཡང་རུང་བ་ལེན་དུ་འཇུག་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར། ཆགས་པར་མ་གྱུར་པས་ཆགས་པར་གྱུར་པ་ལས་ཅི་ཡང་རུང་བ་བདག་གིར་བྱེད་པ་ལ་ཉེས་པ་མེད་དོ་ཞེས་དགེ་སློང་མ་ལ་གོ་བར་བྱེད་
པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་ཆགས་པར་མ་གྱུར་པས་སྐྱེས་པ་ཆགས་པར་གྱུར་པ་ལས་ཅི་ཡང་རུང་བ་བདག་གིར་བྱེད་པ་ལ་ཉེས་པ་མེད་དོ་ཞེས་དེ་སྐད་ཅེས་དགེ་སློང་མ་ལ་གོ་བར་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དགེ་སློང་མ་ཆགས་པར་མ་གྱུར་པས་ཞེས་བྱ་བ་ནི། འདིར་འདོད་ཆགས་
མངོན་སུམ་དུ་མ་གྱུར་པ་ལ་བྱའི་འདོད་ཆགས་དང་བྲལ་བ་ཉིད་ལ་ནི་མི་བྱའོ། །དེ་ལྟར་ཡང་སྦོམ་དགའ་མོས་གཙུག་དགའ་མོ་ལ་ཀྱེ་ཁྱོད་ཆགས་པར་མ་གྱུར་ན་ཁྱོད་ཆགས་པ་མེད་པས་ཆགས་པར་གྱུར་པ་ལས་ཅི་ཡང་རུང་བ་བདག་གིར་བྱར་རུང་ངོ་ཞེས་ཉེས་པ་སྦོམ་པོ་ཡང་དག་པར་ལེན་དུ་བཅུག་པ་དེ་ལ་ཁ་ན་མ་
ཐོ་བ་འདིར་གསུངས་པ་ཡིན་པས། དེའི་ཕྱིར་དགེ་སློང་མས་དགེ་སློང་མ་ཆགས་པར་མ་གྱུར་པ་སྐྱེས་པ་ཆགས་པར་གྱུར་པ་ལས་ཅི་ཡང་རུང་བ་ལེན་དུ་འཇུག་ན་དགེ་འདུན་ལྷག་མའོ། །ཅི་ཡང་རུང་བ་ལེན་དུ་འཇུག་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།མཚན་མོ་འབྲལ་བ་དང་ཉིན་
མོ་འབྲལ་བ་དང་ལམ་དུ་འཇུག་པ་དང་ཆུ་རྒལ་བ་ཞེས་བྱ་བའི་དགེ་འདུན་ལྷག་མ་བཞི་པོ་དག་གི་ཐུན་མོང་གི་མཚན་ཉིད་ཅུང་ཞིག་བརྗོད་པར་བྱ་སྟེ། འོག་མ་བཞི་པོ་དག་ལ་ནི་དགེ་སློང་མ་མེད་པར་རོ་ཞེས་བྱ་བ་ནི། ཅི་ཡང་རུང་བ་ལེན་དུ་འཇུག་པའི་དགེ་འདུན་ལྷག་མ་འདིའི་འོག་མ་མཚན་མོ་འབྲལ་བ་
དང་། ཉིན་མོ་འབྲལ་བ་དང་། ལམ་དུ་འཇུག་པ་དང་། ཆུ་རྒལ་བ་ཞེས་བྱ་བའི་དགེ་འདུན་ལྷག་མ་བཞི་པོ་དག་ལ་ནི་རེ་རེ་ལ་ཡང་གྲོགས་དགེ་སློང་མ་གཞན་མེད་པར་འགྲོ་ན་ཚིག་དེ་དག་ཏུ་འགྱུར་བར་ཤེས་པར་བྱ་བའོ། །དགེ་སློབ་མ་ཉིད་ནི་སུམ་ཆ་དང་བྲལ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་
སློབ་མ་ཉིད་ནི་དགེ་སློབ་མ་ཉིད་ཀྱི་སུམ་ཆ་དང་བྲལ་ཞིང་སུམ་གཉིས་ཡོད་པ་ཡིན་ཏེ་དེས་ན་མཚན་མོ་འབྲལ་བ་དང་། ཉིན་མོ་འབྲལ་བ་དང་། ལམ་དུ་འཇུག་པ་དང་། ཆུ་རྒལ་བ་ཞེས་བྱ་བའི་དགེ་འདུན་ལྷག་མ་བཞི་པོ་དག་ལ་གྲོགས་དགེ་སློང་མ་མེད་པར་དགེ་སློབ་མ་དང་ལྷན་ཅིག་འགྲོ་ན་དགེ་སློབ་
Vol. 163 · folio 26a
མ་དེ་ནི་དགེ་སློང་མ་དང་བྲལ་བའི་སུམ་ཆ་རྗེས་སུ་གྲུབ་པ་ཡིན་ནོ། །དེ་ལྟར་གྱུར་ན་ལྟུང་བ་རྣམ་པར་གཞག་པ་ལ་དགེ་སློང་མ་དགེ་སློབ་མ་དང་ལྷན་ཅིག་མཚན་མོ་འབྲལ་བ་དང་། ཉིན་མོ་འབྲལ་བ་དང་། ལམ་དུ་འཇུག་པ་དང་། ཆུ་རྒལ་བར་བྱེད་པ་ལ་དགེ་འདུན་ལྷག་མ་དང་
ཉེས་པ་སྦོམ་པོ་གཉིས་སུ་ནི་མི་འགྱུར་ཏེ། འདི་ལྟར་དངོས་གཞིའི་གནས་སུ་ནི་ཉེས་བྱས་སུ་འགྱུར་ལ་ཉེས་པ་སྦོམ་པོའི་གནས་སུ་ནི་ཉེས་བྱས་ཕྲ་མོར་འགྱུར་རོ། །སུམ་གཉིས་རྗེས་སུ་བསྒྲུབ་པའི་ཕྱིར་འདིར་ལྟུང་བ་གཉིས་པོ་དག་གི་སྐབས་མེད་པར་ཤེས་པར་བྱའོ། །དགེ་ཚུལ་མ་ནི་སུམ་ཆའོ་
ཞེས་བྱ་བ་ནི། དགེ་སློང་མ་དགེ་ཚུལ་མ་དང་ལྷན་ཅིག་མཚན་མོ་འབྲལ་བ་དང་། ཉིན་མོ་འབྲལ་བ་དང་། ལམ་དུ་འཇུག་པ་དང་། ཆུ་རྒལ་བར་བྱེད་པ་ལ་དགེ་ཚུལ་མ་དེ་ནི་དགེ་སློང་མ་དང་ལྷན་ཅིག་འགྲོགས་པའི་སུམ་ཆས་རྗེས་སུ་བསྒྲུབ་ཅིང་སུམ་གཉིས་དང་བྲལ་བ་ཡིན་ཏེ། འདི་ལྟར་
དགེ་ཚུལ་མ་དེ་ལ་དགེ་སློང་མ་ཉིད་དང་དགེ་སློབ་མ་ཉིད་དག་མེད་པའི་ཕྱིར་རོ། །དེ་བས་ན་དགེ་སློང་མ་དགེ་ཚུལ་མ་དང་ལྷན་ཅིག་མཚན་མོ་འབྲལ་བ་ལ་སོགས་པ་ལ་ནི་འདིར་དངོས་གཞིའི་གནས་སུ་ནི་ཉེས་པ་སྦོམ་པོར་འགྱུར་ལ། སྦྱོར་བའི་གནས་སུ་ནི་ཉེས་བྱས་སུ་འགྱུར། སྦྱོར་བའི་སྦྱོར་
བའི་གནས་སུ་ནི་ཉེས་བྱས་ཕྲ་མོར་འགྱུར་རོ། །མི་འདོད་བཞིན་དུ་བྲལ་བ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི། དགེ་སློང་མ་ཁྲིམས་ཟླ་དགེ་སློང་མ་དང་ལྷན་ཅིག་མཚན་མོ་འབྲལ་བ་དང་། ཉིན་མོ་འབྲལ་བ་དང་། ལམ་དུ་འཇུག་པ་དང་། ཆུ་རྒལ་བར་བྱེད་པ་ན་བདག་ཉིད་ཁྲིམས་
ཟླ་དང་འབྲལ་བར་མི་འདོད་བཞིན་དུ་དབང་མེད་པར་ཁྲིམས་ཟླ་དང་བྲལ་བ་ལ་ནི་ཉེས་པ་མེད་དེ། ལྟུང་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་གལ་ཏེ་ཕྱི་བཞིན་འབྲང་བའི་དགེ་སློང་མ་བརྡེགས་སམ་ཤིའམ་ཉམས་སམ་ལྟུང་བར་གྱུར་ཏམ་གཞན་གྱི་ཡུལ་འཁོར་རམ་
གཞན་གྱི་ཡུལ་དུ་བྲོས་པར་གྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཉམས་ཞེས་བྱ་བ་ནི་བབས་པའོ། །ལྟུང་ཞེས་བྱ་བ་ནི་ཕམ་པར་འགྱུར་བའོ། །བར་ཆད་བྱུང་བའི་དབང་ཉིད་ཀྱིས་ཀྱང་ངོ་ཞེས་བྱ་བ་ལ། ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་བྲལ་ཡང་ཉེས་པ་མེད་དེ་ཞེས་བྱ་བར་སྦྱར་རོ། །
Vol. 163 · folio 26b
དགེ་སློང་མ་ཁྲིམས་ཟླ་དགེ་སློང་མ་དང་ལྷན་ཅིག་ཏུ་མཚན་མོ་འབྲལ་བ་དང་། ཉིན་མོ་འབྲལ་བ་དང་། ལམ་དུ་འཇུག་པ་དང་། ཆུ་རྒལ་བར་བྱེད་པ་ནི་དགེ་སྦྱོང་གི་ཚུལ་དང་ཚངས་པར་སྤྱོད་པའི་བར་ཆད་འབྱུང་བའི་དབང་ཉིད་ཀྱིས། ཁྲིམས་ཟླ་དང་བྲལ་བ་ལ་ཡང་ཉས་པ་མེད་དོ། །དགེ་
འདུན་ལྷག་མ་བཞི་པོ་འདི་དག་ལ་གང་གི་ཚེ་སྦྱོར་བ་ཡིན་ལ་གང་གི་ཚེ་དངོས་གཞི་ཡིན་ཞེ་ན་དེའི་ཕྱིར། དུས་དང་འབྲེལ་པ་ལ་མཐའ་ཉིད་ཀྱི་མདུན་རོལ་དུ་ནི་སྦྱོར་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དུས་དང་འབྲེལ་པ་ལ་ཞེས་བྱ་བ་ནི། དུས་དང་འབྲེལ་པའི་བྱ་བ་ལ་སྟེ། མཚན་མོ་དང་ཉིན་མོའི་
དུས་ལ་བརྟེན་པའི་བྱ་བའི་ཁྱད་པར་མཚན་མོ་འབྲལ་བ་དང་། ཉིན་མོ་འབྲལ་བ་གཉིས་ལ་དེ་སྐད་ཅེས་བྱའོ། །མཐའ་ཉིད་ཅེས་བྱ་བ་ནི། མཚན་མོ་དང་ཉིན་མོའི་དུས་ཀྱི་མཐའི་སྐད་ཅིག་མ་ཉིད་དེ་མཐའ་ཉིད་ལ་བྲལ་བ་ལ་སོགས་པའི་བྱ་བ་གང་བྱུང་བ་དེ་ལ་ནི་དངོས་གཞི་ཉིད་དུ་འགྱུར་རོ། །མཐའ་
དེ་ཉིད་ཀྱི་མདུན་རོལ་ཞེས་བྱ་བ་ནི། མཐའི་སྐད་ཅིག་མའི་མདུན་རོལ་གྱི་དུས་གང་ཡིན་པ་སྟེ། དེ་ལ་འབྲེལ་བ་ལ་སོགས་པའི་བྱ་བ་གང་བྱུང་བ་དེ་ལ་ནི་སྦྱོར་བ་ཉིད་དུ་འགྱུར་རོ། །འདི་སྐད་བསྟན་ཏོ། །མཐར་གྱུར་པའི་དུས་ཀྱི་མདུན་རོལ་གྱི་དུས་སུ་བྱ་བ་གང་ཡིན་པ་དེ་ལ་ནི་སྦྱོར་བ་ཉིད་དོ། །
མཐའི་དུས་སུ་གྱུར་པ་ཉིད་ལ་བྱ་བ་གང་ཡིན་པ་དེ་ལ་ནི་དངོས་གཞི་ཉིད་ཡིན་ནོ། །དེ་གང་ལ་ཤེས་ཤེ་ན་དེའི་ཕྱིར་དབྱར་ཁང་དང་བྲལ་བར་གྱུར་ཅིང་གཞན་དུ་མཚན་མོ་སྐྱ་རེངས་འཆར་བར་བྱེད་ནའོ་ཞེས་གསུངས་པ་ལས་ཏེ། དགེ་སློང་མ་གཅིག་པུ་དབྱར་ཁང་གི་ཕྱི་རོལ་གཞན་དུ་མཚན་
མོ་སྐྱ་རེངས་འཆར་བར་བྱེད་ན་ཐམས་ཅད་དུ་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པ་དེ་གཉིས་ཀྱི་ནི་འདིར་ཉིན་མོ་འབྲལ་བ་དང་། མཚན་མོ་འབྲལ་བ་གཉིས་བསྟན་ཏོ། །འདིར་མཐའ་ཙམ་ལ་དངོས་གཞིར་གསུངས་པས་དེའི་ཕྱིར་མདུན་རོལ་གྱི་དུས་ལ་ནི་སྦྱོར་བ་ཉིད་ཡིན་པ་ཁོ་
ནས་སྦྱར་རོ། །ཉི་མ་ནུབ་པའི་མཐའ་ནི་ཉིན་མོའི་མཐའ་ཡིན་ནོ་ཞེས་བྱ་བ་ནི། ཉི་མ་ནུབ་ཁར་འཇུག་པའི་མཐའ་ནི་ཉིན་མོའི་མཐའོ། །དེ་ཕན་ཆད་ནི་མཚན་མོར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འོག་མ་བཞི་པོ་དག་གི་ཐུན་མོང་གི་མཚན་ཉིད་
Vol. 163 · folio 27a
བཤད་ཟིན་ཏོ།། །།ད་ནི་བཞི་པོ་དག་གི་སོ་སོའི་མཚན་ཉིད་བརྗོད་པར་བྱ་སྟེ། གང་ལ་མཚན་མོ་འབྲལ་བའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར་མཚན་མོ་དབྱར་ཁང་ལས་ཕྱི་རོལ་དུ་གྱུར་ནའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་མེད་པར་ཞེས་བྱ་བར་སྦྱར་རོ། །དགེ་སློང་
མ་ཁྲིམས་ཟླ་དགེ་སློང་མ་གཞན་མེད་པར་མཚན་མོ་དབྱར་ཁང་ལས་ཕྱི་རོལ་དུ་བྲལ་བར་གྱུར་ན་མཚན་མོ་འབྲལ་བའི་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་དབྱར་ཁང་ཞེས་སྨོས་པ་ནི་ཁྱིམ་གཞན་དང་གྲོང་དང་སྐྱེད་མོས་ཚལ་དང་དགོན་པ་དང་འདྲོན་པའི་ཕྱོགས་ལས་ཕྱི་རོལ་དུ་གྱུར་པ་གཞན་
ཐམས་ཅད་ཀྱི་དཔེ་ཡིན་ཏེ། དེ་ནི་བག་སར་གྱི་ཚུལ་དང་འདྲའོ། །གལ་ཏེ་བསྐོར་བ་མེད་ན་ནི་དབྱར་ཁང་གི་ཕྱི་རོལ་གྱི་ངོས་དེ་ནས་མཚམས་ཡིན་ནོ། །གལ་ཏེ་བསྐོར་བ་ཡང་ཡོད་ན་ནི་དེ་ཉིད་མཚམས་ཡིན་ནོ། །མཚན་མོ་འབྲལ་བའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།
གང་ལ་ཉིན་མོ་འབྲལ་བའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར། ཉིན་མོ་ཞེས་བྱ་བ་སྨྲས་ཏེ། དབྱར་ཁང་ལས་ཕྱི་རོལ་དུ་གྱུར་ནའོ། །དགེ་སློང་མ་མེད་པར་རོ་ཞེས་བྱ་བར་སྦྱར་རོ། །དགེ་སློང་མ་ཁྲིམས་ཟླ་དགེ་སློང་མ་གཞན་མེད་པར་ཉིན་མོ་དབྱར་ཁང་ལས་ཕྱི་རོལ་དུ་བྲལ་བར་གྱུར་
ན་ཉིན་མོ་བྲལ་བའི་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གཅིག་པུ་ཉེ་དུའི་ཁྱིམ་དུ་ཟན་གྱི་ཕྱིར་ལོ་ཉེས་བྱུང་བའི་ཚེ་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་པའི་ཉེ་བར་སྤྱོད་པ་གནང་བ་ཐོབ་ན་འགྲོ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་མ་གཅིག་པུ་ཉེ་དུའི་ཁྱིམ་དུ་ཟན་གྱི་ཕྱིར་འགྲོ་བར་བྱའོ། །ཅི་དུས་
ཐམས་ཅད་དུའམ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར། ལོ་ཉེས་བྱུང་བའི་ཚེ་ཞེས་བྱ་བ་སྨྲས་སོ། །ཅི་དེའི་ཚེ་ཡང་དགེ་སློང་མ་ཐམས་ཅད་དམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར། ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་པའི་ཉེ་བར་སྤྱོད་པའི་གནང་བ་ཐོབ་ནའོ་ཞེས་བྱ་བ་སྨྲས་ཏེ། ཉེ་དུ་རྣམས་དང་ལྷན་ཅིག་
འབྲེལ་བ་གང་ཡིན་པའི་འབྲེལ་པ་དེའི་ཉེ་བར་སྤྱོད་པ་སྟེ་འབྲེལ་པའི་ཉེ་བར་སྤྱོད་པ་དེའི་ཕྱིར། གནང་བ་དགེ་སློང་མའི་དགེ་འདུན་ལས་ཐོབ་ནའོ། །དེ་སྦྱིན་པར་བྱའོ་ཞེས་བྱ་བ་ནི། ལོ་ཉེས་བྱུང་བའི་ཚེ་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་པའི་ཉེ་བར་སྤྱོད་པ་གནང་བ་དེ་དགེ་སློང་
Vol. 163 · folio 27b
མའི་དགེ་འདུན་གྱིས་དགེ་སློང་མ་དེ་ལ་སྦྱིན་པར་བྱ་བའོ། །ཉིན་མོ་འབྲལ་བའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ལམ་དུ་འཇུག་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར། ལམ་དུ་ཞུགས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་མེད་པར་ཞེས་བྱ་
བར་སྦྱར་རོ། །ལམ་དུ་ཞུགས་ཏེ་འགྲོ་བ་ལ་ནི་ལམ་དུ་ཞུགས་པ་སྟེ། དགེ་སློང་མ་ཁྲིམས་ཟླ་དགེ་སློང་མ་གཞན་མེད་པར་ལམ་དུ་ཞུགས་ཏེ་འགྲོ་ན་རྒྱང་གྲགས་རེ་རེའི་མཐར་ནི་ལམ་དུ་འཇུག་པའི་དགེ་འདུན་ལྷག་མ་རེ་རེར་འགྱུར་ལ་རྒྱང་གྲགས་ཕྱེད་ཕྱེད་དུ་ནི་ཉེས་པ་སྦོམ་པོ་རེ་རེར་འགྱུར་རོ། །
དེའི་ཕྱིར་གྲོང་གི་ཉེན་ཀོར་ལས་འདས་ན་ལམ་དུ་ཞུག་པ་ཡིན་ཏེ། གྲོང་ལ་སོགས་པའི་ཉེན་ཀོར་ནི་ཆོས་གོས་དང་འབྲལ་བའི་སྐབས་སུ་ཇི་སྐད་བསྟན་པ་རྣམ་པ་ཐམས་ཅད་འདིར་ཡང་དེ་བཞིན་དུ་གཟུང་བར་བྱ་སྟེ། སྐྱེད་མོས་ཚལ་དང་། ལྷའི་གནས་དང་། འདུན་ས་ལ་སོགས་པ་ནི་མ་གཏོགས་
སོ། །སྐྱེད་མོས་ཚལ་ལ་སོགས་པ་ནི་གྲོང་གི་ཉེན་ཀོར་དང་འབྲེལ་དུ་ཟིན་ཀྱང་དེ་དག་གྲོང་གི་ཉེན་ཀོར་ཉིད་མ་ཡིན་ནོ། །སྦོམ་དགའ་མོ་གཅིག་པུ་གྲོང་ཁྱེར་ཆེན་པོ་དྲུག་པོ་དག་ཏུ་འཕྱན་པའི་གླེང་གཞི་དེ་ལས་བསླབ་པའི་གཞི་འདི་བཅས་སོ། །ལམ་དུ་འཇུག་པའི་དགེ་འདུན་ལྷག་མའོ་ཞེས་བྱ་
བ་དེ་བཤད་ཟིན་ཏོ།། །།གང་ལ་ཆུ་རྒལ་བའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར་ཆུ་ཀླུང་གི་ཕ་རོལ་དུ་རྒལ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་མེད་པར་ཞེས་བྱ་བར་སྦྱར་རོ། །ལག་རྐྱལ་དག་གིས་ཕ་རོལ་དུ་ཕྱིན་ནའོ་ཞེས་འོག་ནས་འབྱུང་བའི་ཕྱིར་འདི་ནི་གྲུ་ལ་སོགས་པས་
རྒལ་བའི་ཡུལ་ཡིན་ནོ། །དེ་ལྟ་བས་ན་ཕ་རོལ་དུ་མ་ཕྱིན་ཀྱང་དངོས་གཞི་ཁོ་ནར་འགྱུར་ཏེ། འདི་ལྟར་ཆུའི་ནང་དུ་འཇུག་པ་ཡིན་པའི་ཕྱིར་དགེ་སློང་མ་ཁྲིམས་ཟླ་དགེ་སློང་མ་གཞན་མེད་པར་གྲུ་ལ་སོགས་པའི་བཞོན་པས་རྒྱུན་ཕྱོགས་སམ་རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་ན་གྲུ་ཚུགས་ཙམ་ལས་
འདས་ན་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ལྟ་བས་ན་འདིར་ཕ་རོལ་དུ་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་པར་ཤེས་པར་བྱའོ། །ལག་རྐྱལ་དག་གིས་ཕ་རོལ་དུ་ཕྱིན་ནའོ་ཞེས་བྱ་བ་ནི། ལག་པ་གཉིས་ཀྱི་ལག་རྐྱལ་དག་གིས་ཆུ་ཀླུང་གི་ཕ་རོལ་དུ་བརྒལ་བ་ལ་ནི་ཕ་རོལ་དུ་སོན་
Vol. 163 · folio 28a
པ་ཁོ་ན་ན་དངོས་གཞིར་འགྱུར་གྱི། ཆུ་ངོགས་སུ་ཞུགས་པ་ལ་སོགས་པས་ནི་མ་ཡིན་ནོ། །མདུན་རོལ་དུ་ནི་སྦོམ་པོའོ་ཞེས་བྱ་བ་ནི། དགེ་སློང་མ་གཅིག་པུ་ལག་རྐྱལ་དག་གིས་ཆུ་ཀླུང་གི་ཕ་རོལ་དུ་འགྲོ་ན་ཕ་རོལ་དུ་ཕྱིན་པའི་མདུན་རོལ་དུ་ནི་སྦོམ་པོའོ། །ཡུར་ཕྲན་གྱི་ཕ་རོལ་
དུ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། ཕྱིན་ན་ཞེས་བྱ་བར་སྦྱར་རོ། །ཡུར་ཕྲན་ཞེས་བྱ་བ་ནི། མཆོངས་པས་རྒལ་བར་ནུས་པ་སྟེ་དགེ་སློང་མ་གཅིག་པུ་རྒལ་བ་དེའི་ཕ་རོལ་དུ་ཕྱིན་ན་ཉེས་བྱས་སོ། །རྒྱུན་ལྷག་མ་དག་ལ་ནི་སྔ་མ་བཞིན་ཅི་རིགས་པར་སྦྱར་རོ། །ཆུ་རྒལ་བའི་དགེ་འདུན་ལྷག་མའོ་
ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལས་རབ་ཏུ་འབྱིན་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་རབ་ཏུ་འབྱིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་འབྱིན་པ་ཞེས་བྱ་བ་ནི། ཁྱིམ་པའི་རྟགས་སྤོང་དུ་འཇུག་ཅིང་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་དུ་འཇུག་པའོ། །དེའི་
ཕྱིར་འདིར་ནི་རབ་ཏུ་བྱུང་བ་འདི་པ་དང་སྐལ་བ་མཉམ་པ་ཉིད་དུ་བྱེད་པ་གཙོ་བོ་ཡིན་ནོ། །གལ་ཏེ་དང་པོ་ཁོ་ནར་དགེ་ཚུལ་ལ་སོགས་པའི་དངོས་པོ་བྱེད་ན་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །ཉེ་བར་སྡུད་པ་ལ་སོགས་པ་ནི་འདིར་སྦྱོར་བའི་སྦྱོར་བ་ཉིད་དེ་ཉེས་བྱས་སོ། །ཞུ་བ་ལ་
སོགས་པ་ནི་འདིར་སྦྱོར་བ་ཉིད་དེ་སྦོམ་པོའོ། །གང་ཞིག་ཅེ་ན་དེའི་ཕྱིར་ཚོགས་པ་ཡིད་མཐུན་པ་བདག་པོས་ཡོངས་སུ་བཏང་བ་རྒྱལ་པོས་རྗེས་སུ་གནང་བའོ་ཞེས་བྱ་བ་སྨྲས་ཏེ། བུད་མེད་དུ་གྱུར་པའི་གང་ཟག་གང་ལ་ཚོགས་པ་ཡིད་མཐུན་པ་ཉིད་དང་བདག་པོས་ཡོངས་སུ་བཏང་བ་ཉིད་དང་རྒྱལ་པོས་
རྗེས་སུ་གནང་བ་ཉིད་ཀྱི་ཆོས་གསུམ་པོ་དེ་དག་ཡོད་པའི་བུད་མེད་དེ་ལྟ་བུ་རབ་ཏུ་འབྱིན་ན་རབ་ཏུ་འབྱིན་པའི་དགེ་འདུན་ལྷག་མར་འགྱུར་རོ། །ཡན་ལག་དེ་དག་ལས་གཅིག་ཡོད་ན་ནི་སྦོམ་པོ་སྟེ་དེའི་ཕྱིར་ཚོགས་པ་ཡིད་མཐུན་པ་ཉིད་ལ་སོགས་པའི་ཡན་ལག་གསུམ་པོ་དེ་དག་ལས་ཡན་ལག་
གཅིག་ཡོད་ན་ཡང་སྦོམ་པོ་ཁོ་ནར་འགྱུར་བར་རིག་པར་བྱའོ། །ཚོགས་པ་ཡིད་མཐུན་པ་ཉིད་ལ་སོགས་པ་དག་ཅི་ཞིག་གི་ཕྱིར་བཤད་ན་དེའི་ཕྱིར། བསད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བསད་པའི་ཕྱིར་ཚོགས་པ་ཡིད་མཐུན་པ་དང་བདག་པོས་ཡོངས་སུ་བཏང་བ་དང་། རྒྱལ་པོས་
Vol. 163 · folio 28b
རྗེས་སུ་གནང་བའི་བུད་མེད་དེ་ལྟ་བུ་རབ་ཏུ་འབྱིན་ནའོ། །སྦྱོར་བ་གང་གིས་རབ་ཏུ་འབྱིན་ཞེ་ན་དེའི་ཕྱིར། མཁན་མོ་ཉིད་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། དེའི་མཁན་མོ་ཉིད་བྱེད་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་དེ་ལ་སྦྱོར་བའི་དགེ་སློང་མ་གཞན་ལ་ནི་ཉེས་བྱས་སོ། །མཁན་མོ་ཁྱད་པར་ཅི་
ལྟ་བུ་ཅན་ཞིག་གིས་ཤེ་ན་དེའི་ཕྱིར། དེ་ཤེས་པ་ཉིད་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། བུད་མེད་འདི་གསད་པའི་ཕྱིར་ཚོགས་པ་ཡིད་མཐུན་པ་དང་བདག་པོས་ཡོངས་སུ་བཏང་བ་དང་། རྒྱལ་པོས་རྗེས་སུ་གནང་བའི་གཞི་དེ་དག་ཤེས་པ་ཉིད་ཀྱིས་ཏེ། འདིར་ཡང་འདུ་ཤེས་གཙོ་ཆེར་བྱེད་པ་
པོ་ཉིད་ཡིན་ནོ། །རབ་ཏུ་འབྱིན་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བམ་པོ་སུམ་ཅུ་དགུ་པ། །གང་ལ་ཤི་བའི་ནོར་ལེན་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར་ཤི་བའི་ནོར་ལེན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཤི་བའི་ནོར་དེད་པ་ལ་སྟེ། དེད་པའི་ཚེའི་
དུས་ཁོ་ན་ན་ཁ་ན་མ་ཐོ་བ་འདིར་འགྱུར་གྱི་ཐོབ་པའི་དུས་འབའ་ཞིག་ཏུ་མ་ཟད་དོ། །དེད་པའི་དུས་དེ་ན་ཐོ་འཚམས་པའི་བློ་དང་། གྱ་ཙོམ་རབ་ཏུ་སྟོན་པར་བྱེད་པའི་བུད་མེད་རྣམས་ནི་སྐྱེས་པའི་ཆོས་ལྟར་ཐལ་བའི་ཕྱིར་རོ། །གང་གི་ཚེ་ནོར་གྱི་བདག་པོ་ཤི་བ་དེའི་རིགས་བརྒྱུད་མེད་ཅིང་བུ་
ཚ་འགའ་ཡང་མ་ལུས་པ་དེའི་ཚེ་ན་དགེ་འདུན་ལྷག་མའོ། །གང་གི་ཚེ་རིགས་བརྒྱུད་ཡོད་པ་ལ་ནི་སྦོམ་པོའོ། །གཞན་ལེན་དུ་བཅུག་ན་ཡང་སྦོམ་པོ་ཁོ་ནའོ། །དགེ་འདུན་ལ་ཡང་རྙེད་པ་རྣམ་པ་འདི་ལྟ་བུར་འགྱུར་རམ་ཞེ་ན་དེ་དམིགས་ཀྱིས་བསལ་བའི་ཕྱིར་དགེ་འདུན་གྱི་ལ་ནི་ལྟུང་བ་མེད་
དོ་ཞེས་བྱ་བ་སྨྲས་ཏེ། དགེ་འདུན་གྱིས་ཐོབ་པ་ནི་དགེ་འདུན་གྱི་སྟེ། དགེ་འདུན་གྱིས་འཐོབ་པའི་ཤི་བའི་ནོར་དེ་ལེན་པ་ལ་ནི་ལྟུང་བ་མེད་དོ། །ཅི་རྣམ་པ་ཐམས་ཅད་ལ་འམ་ཞེ་ན་དེའི་ཕྱིར། གལ་ཏེ་ཚེགས་ཆུང་ངུས་ནའོ་ཞེས་བྱ་བ་སྨྲས་ཏེ། ཤི་བའི་ནོར་དགེ་འདུན་དབང་བ་དེ་གལ་ཏེ་ཚེགས་ཆུང་
ངུས་འཐོབ་པ་ལྟ་ན་དེ་དེད་ཅིང་ལེན་པ་ལ་ལྟུང་བ་མེད་དོ། །འདིར་ཚེགས་ཆུང་ངུ་ཞེས་བྱ་བ་ནི་ཆོས་གོས་ཀྱི་རིན་རུང་བ་མ་ཡིན་པར་བསྐུར་བ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་རིག་པར་བྱའོ། །གལ་ཏེ་ཚེགས་དང་བཅས་ཤིང་རང་གི་དོན་དང་བཅས་པ་ཉིད་དུ་ལེན་ན་ནི་དགེ་འདུན་ལྷག་མའོ། །
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words