འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ
Sanskrit title (Tibetan script, as in the text) བི་ན་ཡ་སཱུ་ཏྲ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 163 · folio 29a
གཞན་གྱི་དོན་ཉིད་ཙམ་དུ་ཟད་ཀྱི་རང་གི་ཆ་དང་འབྲེལ་པའི་བསམ་པ་མེད་པ་ཉིད་ལ་ནི་སྦོམ་པོའོ། །ཤི་བའི་ནོར་ལེན་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་བཟོད་པ་གསོལ་དུ་འཇུག་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར། མཚམས་
ཀྱི་ཕྱི་རོལ་དུ་བཟོད་པ་གསོལ་དུ་འཇུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། བསྡིགས་པ་ལ་སོགས་པའི་ཆད་པའི་ལས་ལ་རྣམ་པར་གཞག་པའི་དགེ་སློང་མ་མཚམས་ཀྱི་ཕྱི་རོལ་དུ་ཁྲིད་དེ་བཟོད་པ་གསོལ་དུ་གཞུག་ཅིང་དེ་ལས་བཟོད་པ་ལེན་པར་བྱེད་པའི་དགེ་སློང་མ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །
མཚམས་ཀྱི་ནང་དུ་བཟོད་པ་གསོལ་དུ་འཇུག་པ་ལ་ནི་སྡིག་ཤིན་ཏུ་ཆེ་བར་སྣང་སྟེ། འདི་ལྟར་དེ་ནི་དགེ་འདུན་གྱི་དབྱེན་དང་རིགས་མཐུན་པ་ཡིན་པའི་ཕྱིར་རོ། །བུད་མེད་རྣམས་ཀྱི་སྒྲུབ་པ་འདི་ལ་ནི་མཐུན་པ་འབྱེད་པར་གྱུར་པ་དང་ལོག་པར་བསྒྲུབ་པ་ཤིན་ཏུ་སྟོབས་ཆེ་བ་དང་ཤིན་ཏུ་སྤྱི་བརྟོལ་
ཆེ་བ་ཡིན་པས་དེའི་ཕྱིར་ཆད་པས་གཅོད་པར་བྱེད་པའི་དགེ་འདུན་མ་ཚོགས་པའམ། ཆད་པས་གཅོད་པར་བྱེད་པ་གང་ཟག་དག་མ་ཚོགས་པར་འོག་ཐུག་ཐུབ་ཏུ་བཟོད་པ་གསོལ་དུ་འཇུག་པ་དེ་ལ་འདི་གཙོ་ཆེ་བ་ཡིན་ནོ། །ཡང་དགེ་སློང་མ་གང་གིས་དགེ་སློང་མ་གང་དགེ་སློང་མའི་དགེ་འདུན་
མཐུན་པས་གནས་ནས་དབྱུང་བར་བྱ་བའི་ལས་བྱས་པར་ཤེས་བཞིན་དུ་དེ་མཚམས་ཀྱི་ཕྱི་རོལ་དུ་ཁྲིད་དེ་བཟོད་པར་བྱེད་ན་ཆོས་འདི་ཡང་དང་པོས་ལྟུང་བར་འགྱུར་ལ་འབྱུང་བར་འགྱུར་བ་སྟེ། དགེ་འདུན་ལྷག་མའོ་ཞེས་གསུངས་པ་དེར་མཚམས་ཀྱི་ཕྱི་རོལ་ཞེས་སྨོས་པ་ནི་གླེང་གཞིའི་དབང་
གིས་མཛད་པར་ཟད་དེ། དེ་ལྟ་བས་ན་གང་ཡང་རུང་བར་བཟོད་པ་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་གནས་ནས་དབྱུང་བའི་ལས་ཞེས་སྨོས་པ་ནི་ཆད་པའི་ལས་དག་གི་དཔེ་ཙམ་དུ་ཟད་དེ་ངེས་ན་དེ་ཉིད་མདོར་བྲིས་སོ། །བཟོད་པ་གསོལ་དུ་འཇུག་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་
དེ་བཤད་ཟིན་ཏོ།། །།གང་ལ་སྤོང་བའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར། དཀོན་མཆོག་གཏོང་ངོ་། །འདི་དང་མཚུངས་པ་ཉིད་ཀྱི་དགེ་སྦྱོང་གཞན་དག་ཀྱང་ཡོད་ཀྱིས་དེ་དག་ལ་ཚངས་པར་སྤྱོད་པ་ཉིད་སྤྱོད་དོ་ཞེས་བྱ་བའི་ཚིག་དེ་ལ་ཞུགས་པའི་མི་གཏོང་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དཀོན་
Vol. 163 · folio 29b
མཆོག་གཏོང་ངོ་ཞེས་བྱ་བ་ནི་གཞན་མུ་སྟེགས་ཅན་ལས་རབ་དུ་བྱུང་བའི་དགེ་སློང་མ་ནག་མོ་ཞེས་བྱ་བ་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་ཀྲོལ་བྱེད་ཅིང་སངས་རྒྱས་གཏོང་ངོ་ཆོས་གཏོང་ངོ་། །དགེ་འདུན་གཏོང་ངོ་ཞེས་ཟེར་བ་དེ་ཉིད་ཡིན་ནོ། །འདི་དང་མཚུངས་པ་ཉིད་ཀྱི་དགེ་སྦྱོང་གཞན་དག་ཀྱང་ཡོད་
ཀྱི་ཞེས་བྱ་བ་ནི་ཤཱཀྱའི་བུའི་དགེ་སྦྱོང་དག་ཉིད་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་དེས་པ་དགེ་སྦྱོང་ཆོས་ཅན་མ་ཡིན་གྱི་དགེ་སྦྱོང་དང་བྲམ་ཟེ་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་དེས་པ་དགེ་བའི་ཆོས་ཅན་གཞན་དག་ཀྱང་ཡོད་ཀྱིས་ཞེས་ཟེར་བ་ཡིན་ནོ། །དེ་དག་ལ་ཚངས་པར་སྤྱོད་པ་ཉིད་
སྤྱོད་དོ་ཞེས་བྱ་བ་ནི་དགེ་སྦྱོང་དང་བྲམ་ཟེ་གཞན་དེ་དག་ལ་ཚངས་པར་སྤྱད་པའི་དངོས་པོ་ཉིད་ནི་ཚངས་པར་སྤྱད་པ་ཉིད་སྤྱད་པ་སྟེ་དེ་དག་གི་དྲུང་དུ་ཚངས་པར་སྤྱད་པ་ཉིད་སྤྱོད་དོ་ཞེས་ཟེར་བར་སྦྱར་རོ། །ཚིག་དེ་ལ་ཞུགས་པ་མི་གཏོང་བ་ལའོ་ཞེས་བྱ་བ་ནི། །ཚིག་དེ་ལ་ཞུགས་པ་གང་ཡིན་པ་དེ་མི་གཏོང་
བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་བ་སྟེ། གལ་ཏེ་ཚིག་དེ་དག་ཐམས་ཅད་བརྗོད་ཀྱང་རུང་གཅིག་བརྗོད་ཀྱང་རུང་སྟེ། དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །ཇི་ལྟར་མི་གཏོང་ཞེ་ན་དེའི་ཕྱིར་དགེ་འདུན་གྱི་དབྱེན་ལ་ཞུགས་པ་ལྟར་རོ་ཞེས་བྱ་བ་སྨྲས་ཏེ། ལྟར་རོ་ཞེས་བྱ་བའི་སྒྲས་ནི་འདྲ་བའི་
དོན་ཏེ་ཅི་ལྟར་དགེ་འདུན་གྱི་དབྱེན་ལ་ཞུགས་པ་དེ་ལ་སྦྱོར་བ་དང་དངོས་གཞིར་འགྱུར་བ་ལྟར་འདི་ལ་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འོག་མ་དག་ལ་ཡང་ངོ་ཞེས་བྱ་བ་ནི། བསླབ་པའི་གཞི་འདིའི་འོག་མ་འཐབ་ཀྲོལ་བྱེད་པ་ལ་སྩོགས་པ་དག་ལ་ཡང་མི་གཏོང་ན་དགེ་འདུན་གྱི་དབྱེན་ལ་
ཞུགས་པ་ལྟར་སྦྱོར་བ་དང་། དགེ་འདུན་ལྷག་མར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །སྦོང་བའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་འཐབ་ཀྲོལ་བྱེད་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར། དགེ་སློང་མ་རྣམས་ལ་བདུན་པ་ལ་སོགས་པས་འགྲོ་
བ་ཉིད་དུ་རྗེས་སུ་སྦྱོར་བ་ལའོ་ཞེས་བྱ་བ་སྨྲས་ཏེ། མདོ་སྔ་མ་ལས་མི་གཏོང་བ་ལའོ་ཞེས་བྱ་བ་དང་དགེ་འདུན་འབྱེད་པ་ལ་ཞུགས་པ་ལྟར་རོ་ཞེས་བྱ་བའི་རྗེས་སུ་སྦྱར་རོ། །གལ་ཏེ་དགེ་སློང་མ་འཐབ་ཀྲོལ་བྱེད་པ་ལ་དགེ་སློང་མ་རྣམས་ཀྱིས་ཆོ་ག་བཞིན་དུ་ཕྱིར་བཟློག་པ་ན་དགེ་སློང་མ་རྣམས་ལ་
Vol. 163 · folio 30a
འདུན་པ་ལ་སོགས་པས་འགྲོ་བ་ཉིད་རྗེས་སུ་སྦྱོར་བ་ལ་དགེ་སློང་མ་རྣམས་ཀྱིས་བཞམས་ཏེ་བསྒོ་བ་དང་། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ཡང་དངོས་པོ་དེ་མི་གཏོང་བའི་དགེ་སློང་མ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སྩོགས་པས་ཞེས་བྱ་བའི་སྒྲས་ནི་ཞེ་སྡང་དང་གཏི་
མུག་དང་འཇིགས་པས་འགྲོ་བ་ཞེས་བྱ་བ་དག་ཀྱང་བསྡུ་སྟེ། དེ་དག་ནི་ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མའི་རྗེས་སུ་འབྲང་བས་ཤེས་པར་བྱའོ། །དོན་གང་ལ་འདུན་པ་ལ་སོགས་པས་འགྲོ་བ་ཉིད་དུ་རྗེས་སུ་སྦྱོར་བ་མི་གཏོང་བ་ལ་ཞེ་ན་དེའི་ཕྱིར། དགེ་སློང་མ་རྣམས་དང་ལྷན་ཅིག་
འཐབ་ཀྲོལ་དང་མཚང་འདྲུ་བ་དང་རྩོད་པ་དང་འགྱེད་པ་བཟློག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་རྣམས་དང་ལྷན་ཅིག་ཅེས་བྱ་བ་ནི་ཚིག་བཞི་ཆར་དང་སྦྱར་རོ། །འཐབ་ཀྲོལ་ཞེས་བྱ་བ་ནི། རྩུབ་མོ་སྨྲ་བ་དང་ཕྱིར་སྨྲ་བའོ། །མཚང་འདྲུ་བ་ཞེས་བྱ་བ་ནི་རྩུབ་པོ་ཡང་རུང་འཇམ་པོ་ཡང་རུང་
བའི་ཚིག་གམ་བྱ་བས་ཅོ་འདྲི་བའོ། །རྩོད་པ་ཞེས་བྱ་བ་ནི་ཁོན་དུ་འཛིན་ཅིང་གནས་པའོ། །འགྱེད་པ་ཞེས་བྱ་བ་ནི་ཤགས་འགྱེད་པའོ། །བཟློག་པ་ལའོ་ཞེས་བྱ་བ་ནི་དགེ་འདུན་མས་ཕུ་ནུ་མོ་ཁྱོད་འཐབ་ཀྲོལ་མ་བྱེད་ཅིག་ཅེས་བྱ་བ་ལ་སོགས་པས་བཟློག་པ་ན། འདི་ན་དགེ་
སློང་མ་ཁ་ཅིག་ནི་འདུན་པས་འགྲོ། ཞེ་སྡང་གིས་འགྲོ། གཏི་མུག་གིས་འགྲོ། འཇིགས་པས་འགྲོ་སྟེ་འདི་ལྟར་དགེ་སློང་མ་ཁ་ཅིག་ནི་བཟློག་ཁ་ཅིག་ནི་མ་བཟློག་གོ་ཞེས་ཟེར་བ་ལ་དགེ་སློང་མ་རྣམས་ཀྱིས་བཞམས་ཏེ་བསྒོ་བ་དང་། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་མི་གཏོང་
བ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འཐབ་ཀྲོལ་ལ་སོགས་པ་བྱེད་པ་ལ་དགེ་སློང་དང་ལྷན་ཅིག་བྱེད་ན་ནི་འདིར་ལྕི་བའི་ཆོས་ཀྱི་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ཟག་གཞན་དང་ལྷན་ཅིག་འཐབ་ཀྲོལ་ལ་སོགས་པ་བྱེད་པ་ལ་ནི་ཉེས་བྱས་སོ། །འཐབ་ཀྲོལ་བྱེད་པའི་དགེ་འདུན་ལྷག་
མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་བུད་མེད་དང་བསྟེན་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར། །སྡེ་ཞིང་གནས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མི་གཏོང་བ་ལའོ་ཞེས་བྱ་བ་དང་དགེ་འདུན་གྱི་དབྱེན་ལ་ཞུགས་པ་ལྟར་རོ་ཞེས་བྱ་བའི་རྗེས་སུ་སྦྱར་ཏེ། དེ་ལ་ཁ་ན་མ་ཐོ་བ་
Vol. 163 · folio 30b
འདིར་འགྱུར་རོ། །སུ་དང་སྡེ་ཞིང་གནས་པ་ལ་ཞེ་ན་དེའི་ཕྱིར། དགེ་སློང་མ་དང་ངོ་ཞེས་བྱ་བ་སྨྲས་ཏེ། ལྷན་ཅིག་ཅེས་བྱ་བར་སྦྱར་རོ། །གླེང་གཞིའི་དབང་གིས་དགེ་སློང་མ་དང་ཞེས་གསུངས་པར་ཟད་ཀྱི་ཁྱིམ་པ་མོ་དང་མུ་སྟེགས་ཅན་མོ་དགེ་ཚུལ་མ་དང་། དགེ་སློང་མ་དང་ལྷན་ཅིག་སྡེ་ཞིང་
གནས་པ་ནི་ཤིན་ཏུ་སྡིག་ཆེ་བའི་ཕྱིར་དེ་ལ་ཡང་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །སྐྱེས་པ་དང་ལྷན་ཅིག་སྡེ་ཞིང་གནས་པ་ལ་ནི་ཕམ་པར་འགྱུར་བའི་སྦྱོར་བར་རིག་པར་བྱའོ། །རྣམ་པ་ཅི་ལྟ་བུས་སྡེ་ཞིང་གནས་པ་ལ་ཞེ་ན་དེའི་ཕྱིར། གཞོགས་སྟེགས་དང་ཕྱར་གཡེང་དང་ཙབ་ཧྲལ་གྱི་རྒྱུར་གྱུར་
པ་དག་གིས་སོ་ཞེས་བྱ་བ་སྨྲས་ཏེ། གཞོགས་སྟེགས་ཀྱི་རྒྱུར་གྱུར་པ་ནི་མཐོ་འཚམ་པའོ། །ཕྱར་གཡེང་གི་རྒྱུར་གྱུར་པ་ནི་ཀུན་དུ་རྩེ་བའོ། །ཙབ་ཧྲལ་གྱི་རྒྱུར་གྱུར་པ་ནི་ཀུན་དུ་ཅ་ཅོ་འདོན་པ་ཡིན་པར་རིག་པར་བྱའོ། །ཆུང་ངུ་དང་འབྲིང་དང་ཆེན་པོའི་བྱེ་བྲག་གིས་ལྟུང་བ་གཞན་དུ་འགྱུར་
རོ། །དགེ་སློང་མ་དང་ལྷན་ཅིག་ལུས་ཀྱི་རེག་པ་ནི་ཁ་ཅིག་ཏུ་ནི་སྦོམ་པོའོ། །ཁ་ཅིག་ཏུ་ནི་ཉེས་བྱས་སོ། །དགེ་སློང་མའི་ཕྱིར་ལུས་བཀན་པ་ནི་སྦོམ་པོའོ། །དེའི་ཕྱིར་མལ་ཤོམ་དུ་འཇུག་པ་ལ་སོགས་པ་བྱེད་པ་ནི་ཉེས་བྱས་སོ། །བུད་མེད་དང་བསྟེན་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་
བཤད་ཟིན་ཏོ།། །།གང་ལ་བུད་མེད་དང་བསྟེན་དུ་འཇུག་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དེའི་ཕྱིར་སྡེ་བ་དེ་ཡང་དག་པར་འཛིན་དུ་འཇུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མི་གཏོང་བ་ལའོ་ཞེས་བྱ་བ་དང་དགེ་འདུན་གྱི་དབྱེན་ལ་ཞུགས་པ་ལྟར་རོ་ཞེས་བྱ་བར་སྦྱར་རོ། །
གཞོགས་སྟེགས་དང་ཕྱར་གཡེང་དང་ཙབ་ཧྲལ་གྱི་རྒྱུར་གྱུར་པའི་རྒྱུན་སྔར་བསྟན་མ་ཐག་པ་དག་གིས་དགེ་སློང་མ་བུད་མེད་དང་སྡེ་ཞིང་གནས་པ་དེ་བཏང་སྟེ་ཐ་དད་དུ་གནས་པར་ཤེས་བཞིན་དུ་དགེ་སློང་མ་གང་གིས་འདི་སྐད་ཅེས་ཕུ་ནུ་མོ་ཁྱོད་གཉིས་ཐ་དད་དུ་གནས་པར་མ་བྱེད་ཅིག །ཁྱེད་གཉིས་
ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འབྲི་བ་ཉིད་དུ་ཤེས་པར་བྱའི། འཕེལ་བར་ནི་མ་ཡིན་ནོ། །ཁྱེད་གཉིས་སྡེ་ཞིང་གནས་པར་གྱིས་ཤིག་ཁྱེད་གཉིས་སྡེ་ཞིང་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་དུ་ཤེས་པར་བྱའི་འབྲི་བར་ནི་མ་ཡིན་ནོ་ཞེས་སྡེ་བ་དེ་ཡང་དག་པར་འཛིན་དུ་འཇུག་
Vol. 163 · folio 31a
པ་ལ་དགེ་འདུན་མས་བཞམས་ཏེ་བསྒོ་བ་དང་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ཡང་མི་གཏོང་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །བུད་མེད་དང་བསྟེན་དུ་འཇུག་པའི་དགེ་འདུན་ལྷག་མའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་དགེ་འདུན་གྱི་དབྱེན་བྱེད་པ་དང་
དེའི་རྗེས་སུ་ཕྱོགས་པ་དང་ཁྱིམ་སུན་འབྱིན་པ་དང་བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མར་འགྱུར་ཞེ་ན་དེའི་ཕྱིར། དགེ་འདུན་འབྱེད་པ་ལ་སོགས་པ་བཞི་ནི་དགེ་སློང་མའི་སྐབས་ལས་སོ་ཞེས་བྱ་བ་སྨྲས་ཏེ། མི་གཏོང་བ་ལའོ་ཞེས་བྱ་བ་དང་དགེ་འདུན་འབྱེད་པ་ལ་ཞུགས་པ་ལྟར་རོ་ཞེས་བྱ་བ་དང་
སྦྱར་རོ། །དགེ་འདུན་མ་དགེ་བའི་ཕྱིར་འཇུག་ཅིང་རྩོད་པ་ཡང་དག་པར་བཟུང་ནས་རབ་ཏུ་འཛིན་ཅིང་འདུག་པ་གང་ཡིན་པ་དེ་ལ་དགེ་འདུན་མས་བཞམས་ཏེ་བསྒོ་བ་དང་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་མི་གཏོང་བ་ལ་དགེ་འདུན་འབྱེད་པ་ལ་ཞུགས་པ་ལྟར་དགེ་འདུན་གྱི་དབྱེན་བྱེད་
པའི་དགེ་འདུན་ལྷག་མར་འགྱུར་རོ། །དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་ལྷག་མའོ། །དགེ་སློང་མའི་དགེ་འདུན་དབྱེ་བའི་ཕྱིར་ཞུགས་པའི་དགེ་སློང་མའི་རྗེས་སུ་ཕྱོགས་པའི་དགེ་སློང་མ་དེ་ལ་དགེ་འདུན་མས་བཞམས་ཏེ་བསྒོ་བ་དང་། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་མི་
གཏོང་བ་ལ་དགེ་འདུན་འབྱེད་པ་ལ་ཞུགས་པ་ལྟར་རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མར་འགྱུར་རོ། །དེའི་རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མའོ། །ཁྱིམ་སུན་འབྱིན་པ་དང་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དགེ་འདུན་མས་བསྐྲད་པ་ན་སྐྲོད་པར་བྱེད་པའི་དགེ་སློང་མ་རྣམས་ལ་འདི་ན་དགེ་
སློང་མ་ཁ་ཅིག་ནི་འདུན་པས་འགྲོ། །ཞེ་སྡང་གིས་འགྲོ། གཏི་མུག་གིས་འགྲོ། འཇིགས་པས་འགྲོ་སྟེ་འདི་ལྟར་ཉེས་པ་འདྲ་བ་ཁོ་ན་ལས་དགེ་སློང་མ་ཁ་ཅིག་ནི་བསྐྲད་ཁ་ཅིག་ནི་མ་བསྐྲད་དོ་ཞེས་ཟེར་བ་ལ་དགེ་འདུན་མས་བཞམས་ཏེ་བསྒོ་བ་དང་། གསོལ་བ་དང་བཞིའི་ལས་ཀྱི་བསྒོ་ཡང་མི་
གཏོང་བ་ལ་དགེ་འདུན་འབྱེད་པ་ལ་ཞུགས་པ་ལྟར་ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མར་འགྱུར་རོ། །ཁྱིམ་སུན་འབྱིན་པའི་དགེ་འདུན་ལྷག་མའོ། །དགེ་སློང་མ་འགའ་ཞིག་བཀའ་བློ་མི་བདེ་བའི་རང་བཞིན་ཅན་དུ་གྱུར་ལ་དེ་ལ་དགེ་སློང་མ་དག་གིས་གདོན་པར་གཏོགས་པ་བསླབ་པའི་གཞི་
Vol. 163 · folio 31b
རྣམས་དང་བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པས་བསྒོ་ན་ངག་གི་མི་ཉན་པ་དེ་ལ་དགེ་འདུན་མས་བཞམས་ཏེ་བསྒོ་བ་དང་། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་མི་གཏོང་བ་ལ་དགེ་འདུན་འབྱེད་པ་ལ་ཞུགས་པ་ལྟར་བཀའ་བློ་
མི་བདེ་བའི་དགེ་འདུན་ལྷག་མར་འགྱུར་རོ། །བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མའོ། །དགེ་སློང་མའི་དགེ་འདུན་ལྷག་མ་རྣམས་རྫོགས་སོ་ཞེས་བྱ་བ་དགེ་སློང་མའི་དགེ་འདུན་ལྷག་མ་ཉི་ཤུ་པོ་དག་བཤད་ཟིན་ཏོ།། །།ད་ནི། དགེ་སློང་མའི་སྤང་བའི་ལྟུང་བྱེད་སུམ་བཅུ་རྩ་གསུམ་
པོ་དག་བཤད་པར་བྱ་སྟེ། དེ་ལ་དང་པོ་བཅུ་ནི་དགེ་སློང་དང་ཐུན་མོང་མ་ཡིན་པས་དགེ་སློང་གི་སོ་སོར་ཐར་པའི་སྡོམ་གྱི་ཚིགས་སུ་བཅད་པ་དང་པོ་ལས། འཆང་བ་འབྲལ་བ་འཇོག་པ་དང་། །འཁྲུར་འཇུག་པ་དང་ལེན་པ་དང་། །སློང་དང་སྨད་གཡོགས་སྟོད་གཡོགས་བཅས། །རིན་ཐང་སོ་
སོར་བསྐུར་བའོ། །ཞེས་གསུངས་པའི་རིམ་པ་དགེ་སློང་གི་རྣམ་པར་འབྱེད་པའི་སྐབས་སུ་མཚན་ཉིད་སྔར་ཇི་སྐད་བསྟན་པ་བཞིན་དུ་བལྟ་བར་བྱའོ། །དེ་དག་ཀྱང་གང་དག་ཡིན་པར་བལྟ་བར་བྱ་ཞེ་ན་དེའི་ཕྱིར་བཅུ་པའོ་ཞེས་བྱ་བ་སྨྲས་ཏེ། འཆང་བ་དང་འབྲལ་བ་དང་འཇོག་པ་དང་། འཁྲུར་
འཇུག་པ་དང་། ལེན་པ་དང་སློང་བ་དང་སློང་བར་རིགས་པ་དང་། སྤགས་པ་སློང་བ་དང་། སོ་སོ་ནས་སྤགས་པ་སློང་བ་དང་། སྐུར་པའི་སྤང་བ་ཞེས་བྱ་བ་བཅུ་པ་དང་པོའོ། །གཞན་ཡང་སྤང་བའི་ལྟུང་བྱེད་རྣམ་པ་དགུ་ནི་དགེ་སློང་དང་ཐུན་མོང་མ་ཡིན་པས་དགེ་སློང་གི་རྣམ་པར་འབྱེད་པའི་
སྐབས་སུ་མཚན་ཉིད་སྔར་ཇི་སྐད་བསྟན་པ་བཞིན་དུ་བལྟ་བར་བྱའོ། །དེ་དག་ཀྱང་གང་དག་ཡིན་པར་བལྟ་བར་བྱ་ཞེ་ན་དེའི་ཕྱིར། གསེར་དངུལ་ལ་རེག་པ་དང་། མངོན་མཚན་ཅན་གྱིས་སྤྱོད་པ་དང་། ཉོ་ཚོང་བྱེད་པ་དང་། ལྷུང་བཟེད་ཚོལ་བ་དང་། འཐག་ཏུ་འཇུག་པ་དང་། འཐག་
པ་བསྐྱེད་པ་དང་། འཕྲོག་པ་དང་། བསྔོས་པ་ལས་བསྒྱུར་བ་དང་། སོགས་འཇོག་ལས་གྱུར་པའོ་ཞེས་བྱ་བ་སྨྲས་ཏེ། གྱུར་པ་ཞེས་བྱ་བའི་སྒྲ་འདིར་རེ་རེ་དང་སོ་སོར་སྦྱར་ཏེ། གསེར་དང་དངུལ་ལ་རེག་པ་ལས་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་སྦྱར་རོ། །དེ་དག་གི་མཚན་ཉིད་
Vol. 163 · folio 32a
ཀྱང་དགེ་སློང་གི་རྣམ་པར་འབྱེད་པའི་སྐབས་སུ་སྔར་ཇི་སྐད་བསྟན་པ་ཁོ་ན་བཞིན་དུ་བལྟ་བར་བྱའོ། །དེ་དག་ཐམས་ཅད་ལ་ཡང་བྱེ་བྲག་ནི་སྔར་མདོ་ལས། ཕོ་ཉིད་ལ་ནི་མོ་ཉིད་དོ། །དེ་ལ་ནི་ཕོ་ཉིད་དོ་ཞེས་བསྟན་པ་བཞིན་དུ་ཤེས་པར་བྱའོ། །བྱེ་བྲག་འདིར་འཁྲུར་འཇུག་
པ་ལ་སོགས་པ་ལ་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། འཁྲུ་བ་ལ་སོགས་པ་ནི་དགེ་སློང་གིའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དབང་བའི་གོས་གང་ཡིན་པ་དེ་འཁྲུ་བ་དང་འཚེད་པ་དང་འཆག་པ་ནི་དགེ་སློང་མ་ལ་སྤང་བར་འགྱུར་གྱི་དགེ་སློང་མ་དབང་བའི་གོས་གང་ཡིན་པ་དེ་འཁྲུ་
བ་དང་འཚེད་པ་དང་འཆག་པ་ནི་དེ་ལ་སྤང་བར་མི་འགྱུར་རོ། །དེ་ལས་ལེན་ནའོ་ཞེས་བྱ་བ་ཡང་དགེ་སློང་ལས་བླངས་ན་སྤང་བར་འགྱུར་བ་ཡིན་གྱི་དགེ་སློང་མ་ལས་བླངས་པ་ནི་མ་ཡིན་ནོ། །དགེ་སློང་མ་ལ་བྱིན་པའོ་ཞེས་བྱ་བ་ནི། འཕྲོག་པའི་སྤང་བ་ནི་དགེ་སློང་མ་ལ་བྱིན་པ་ཕྲོགས་ནས་
སྤང་བར་འགྱུར་གྱི། དགེ་སློང་ལ་བྱིན་པ་ནི་མ་ཡིན་ནོ། །དགེ་སློང་གི་སྤང་བའི་ལྟུང་བྱེད་རྣམ་པ་བཅུ་གཅིག་ནི་དགེ་སློང་མ་རྣམས་དང་ཐུན་མོང་མ་ཡིན་ཏེ། དགེ་སློང་མ་རྣམས་ལ་འདིར་དེ་དག་རྣམ་པར་མི་གཞག་གོ། །དེ་དག་ཀྱང་གང་ཞེ་ན། བཅུ་པ་གཉིས་པའི་སྡོམ་གྱི་ཚིགས་སུ་བཅད་
པ་ལས། སྲིན་བལ་འབའ་ཞིག་ཆ་གཉིས་དང་། །ལོ་དྲུག་པ་དང་མཐོ་གང་ལམ། །འཁྲུ་བ་དང་ནི་ཞེས་གསུངས་པ་རྣམ་པ་བདུན་པོ་སྲིན་བལ་གྱི་སྟན་དང་། བལ་ནག་པོ་འབའ་ཞིག་གི་སྟན་དང་། ཆ་གཉིས་བསྲེ་བ་དང་། ལོ་དྲུག་ཏུ་བཅད་པ་དང་། མཐོ་གང་དང་། བལ་ཐོགས་
པ་དང་། བལ་རྨེད་དུ་འཇུག་པ་ཞེས་བྱ་བ་དག་དང་བཅུ་པ་གསུམ་པ་ལས། ལྷུང་བཟེད་འཆང་བ་དང་། བརྟད་པ་ལས་བྱུང་བ་དང་། ཞག་བདུན་ན་འབྲལ་བ་དང་། དབྱར་གྱི་རས་ཆེན་གྱི་སྤང་བ་ཞེས་བྱ་བ་བཞི་པོ་དག་སྟེ། རྣམ་པ་བཅུ་གཅིག་པོ་དེ་དག་ནི་དགེ་སློང་མ་རྣམས་ལ་མེད་དོ། །
ལྷ་རྟེན་བཅང་བར་མི་བྱའོ་ཞེས་བྱ་བ་ནི། སྦོམ་དགའ་མོ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་ན་དེས་ལྷ་བོན་མོ་ལྷ་རྟེན་ཐོགས་ཤིང་རྒྱུ་བ་ཞིག་མཐོང་ནས་སྦོམ་དགའ་མོས་བསམས་པ། ཐབས་འདི་ནི་བཟང་པོ་ཞིག་ཡིན་གྱིས་བདག་གིས་ཀྱང་སང་ཤེས་པར་བྱའོ་སྙམ་ནས་དེ་ཕྱི་
Vol. 163 · folio 32b
དེ་ཉིན་པར་ལྷ་རྟེན་ཐོགས་ཏེ་མཉན་ཡོད་དུ་ཞུགས་ནས་དེ་ཁྱེའུ་དང་བུ་མོ་དག་ལ་སྲུང་སྐྱོབ་བྱེད་ཅིང་དེས་གང་དང་གང་ལ་བསྲུང་བསྐྱབ་བྱས་པ་དེ་དང་དེ་དག་བདེ་བར་གནས་པར་གྱུར་ནས། དེའི་ཚེ་གང་དང་གང་དག་ལ་བསྲུང་བསྐྱབ་བྱ་དགོས་པར་འགྱུར་བ་དེ་དག་ཐམས་ཅད་ཀྱིས་སྦོམ་དགའ་མོ་
སྲུང་སྐྱོབ་བྱེད་དུ་འཇུག་པར་བྱེད་ནས་ལྷ་བོན་མོ་འཕྱ་བར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མས་ལྷ་རྟེན་བཅང་བར་མི་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །བསྲུང་བསྐྱབ་ཅེས་བྱ་བ་ནི་ཡོངས་སུ་སྲུང་ཞིང་སྐྱོབ་པ་བྱེད་པའོ། །
ལྷ་རྟེན་ཞེས་བྱ་བ་ནི། བསྲུང་བསྐྱབ་བྱ་བ་དེའི་ཕྱིར། སྣོད་ཟ་མ་ཏོག་མེ་ཏོག་ལ་སོགས་པས་བརྒྱན་ཅིང་ས་ལས་བྱས་པའི་གཟུགས་ཀྱིས་བཀང་བ་ཡིན་ནོ་ཞེས་ཟེར་རོ། །འཆང་བའི་སྤང་བ་ལ་སོགས་པ་བཅུ་དགུའོ་ཞེས་བྱ་བ་དགེ་སློང་མའི་སྤང་བའི་ལྟུང་བྱེད་དགེ་སློང་དང་ཐུན་མོང་བ་འཆང་བ་
ལ་སོགས་པ་བཅུ་དགུ་པོ་དག་བཤད་ཟིན་ཏོ།། །།ད་ནི་དགེ་སློང་མའི་སྤང་བའི་ལྟུང་བྱེད་དགེ་སློང་དང་ཐུན་མོང་མ་ཡིན་པ་རྣམས་བཤད་པར་བྱ་སྟེ། དེ་དག་ནི་རྣམ་པ་བཅུ་བཞི་ཡོད་དེ། གང་ཞེ་ན་ལྷུང་བཟེད་འཆང་བ་དང་། བྱིན་གྱིས་མི་རློབ་པ་དང་། སྲ་བརྐྱང་འབྱིན་པ་དང་།
སྲ་བརྐྱང་མ་ི་འབྱིན་པ་དང་། རིན་པོ་ཆེ་སློང་བ་དང་། གོས་ཟ་བ་ལས་གྱུར་པ་དང་། གོས་རྒྱུ་ཟ་བ་ལས་གྱུར་པ་དང་། མལ་ཆ་རྒྱུ་ཟ་བ་ལས་གྱུར་པ་དང་། དབྱར་ཁད་རྒྱུ་ཟ་བ་ལས་གྱུར་པ་དང་། སྐྱེ་བོ་མང་པོ་ལ་བསྔོས་པ་བྱིན་གྱིས་རློབ་པ་དང་། དགེ་འདུན་ལ་བསྔོས་པ་བྱིན་གྱིས་རློབ་པ་
དང་། བཅིངས་པ་འགྲོལ་དུ་འཇུག་པ་དང་། གོས་ལྕི་བ་བསྟེན་པ་དང་། གོས་ཡང་བ་བསྟེན་པ་ལས་གྱུར་པ་དག་གོ། །དེ་ལ་གང་ལ་ལྷུང་བཟེད་འཆང་བའི་སྤང་བར་འགྱུར་ཞེ་ན་དེའི་ཕྱིར། ལྷུང་བཟེད་ལྷག་པ་ཞག་གཅིག་ལས་འདས་པར་འཆང་བ་ལའོ་ཞེས་བྱ་བ་སྨྲས་ཏེ། བུད་མེད་
རྣམས་ནི་ཡོ་བྱད་ལ་ལྷག་པར་ཆགས་པ་ཤིན་ཏུ་དམ་པས་ན་དེའི་ཕྱིར་ཞག་གཅིག་ལས་འདས་པར་འཆང་བ་ལ་ཁ་ན་མ་ཐོ་བ་འདི་རྣམ་པར་གཞག་གོ། །ལྷུང་བཟེད་འཆང་བའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་བྱིན་གྱིས་མི་རློབ་པའི་སྤང་བར་འགྱུར་ཞེ་ན་དེའི་ཕྱིར། བྱིན་
Vol. 163 · folio 33a
གྱིས་བརླབ་ཏུ་རུང་བ་ཉི་མ་དང་པོ་ལའམ་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་མ་བརླབས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཆོས་གོས་བྱིན་གྱིས་བརླབ་ཏུ་རུང་བ་ལྔ་པོ་དག་ལས་གང་ཡང་རུང་བ་མི་བདོག་པ་ཉིད་ཀྱིས་གང་གི་ཚེ་ཆོས་གོས་དེ་རྙེད་པར་གྱུར་པའི་ཉི་མ་དང་པོ་དེ་ཉིད་ལ་ཆོས་གོས་དེ་བྱིན་
གྱིས་བརླབ་པར་བྱའོ། །ཉི་མ་དང་པོ་དེ་ཉིད་ལ་བྱིན་གྱིས་མ་བརླབས་ན་ཞག་གཅིག་གི་སྐྱ་རེངས་དང་པོ་ཤར་ན་སྤང་བར་འགྱུར་རོ། །ཉི་མ་དང་པོ་དེ་ཉིད་ལ་བྱིན་གྱིས་བརླབས་པའི་ཆོས་གོས་དེ་ཡང་དེ་ཕྱིན་ཆད་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་བརླབ་པར་བྱའོ། །ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་མ་བརླབས་ན་
ཞག་བཅུ་དྲུག་གི་སྐྱ་རེངས་དང་པོ་ཤར་ན་སྤང་བར་འགྱུར་རོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། དགེ་སློང་མ་ཆོས་གོས་བྱིན་གྱིས་བརླབ་ཏུ་རུང་བ་ལྔ་པོ་མེད་པ་ཉིད་ཀྱིས་ཉི་མ་གང་ལ་ཆོས་གོས་གང་ཡང་རུང་བ་ཞིག་རྙེད་ན་ཉི་མ་དེ་ཉིད་ལ་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་མ་
བརླབས་ན་ཞག་གཅིག་གི་སྐྱ་རེངས་དང་པོ་ཤར་ན་སྤང་བར་འགྱུར་རོ། །ཆོས་གོས་བྱིན་གྱིས་བརླབས་པ་དེ་ཉིད་ཀྱང་དེ་ཕྱིན་ཆད་ཉི་མ་དང་པོ་དེ་ཉིད་མ་གཏོགས་པའི་ཞག་བཅོ་ལྔ་པ་ལ་ཡང་བྱིན་གྱིས་བརླབ་པར་བྱའོ། །དེར་བྱིན་གྱིས་མ་བརླབས་ན་ཞག་བཅུ་དྲུག་པའི་སྐྱ་རེངས་དང་པོ་ཤར་ན་
སྤང་བར་འགྱུར་རོ། །ཞག་བཅོ་ལྔ་པ་དེ་ཉིད་ནི་ཟླ་བ་ཕྱེད་པ་ཕྱི་མ་ཤོས་ཀྱི་ཉི་མ་དང་པོ་ཉིད་ཡིན་པར་རྣམ་པར་གཞག་སྟེ། དེ་ཕྱིན་ཆད་ཀྱང་ཚུལ་དེ་བཞིན་དུ་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་བརླབ་པར་བྱའོ། །མདུན་རོལ་དུ་བྱིན་གྱིས་བརླབས་པ་ལ་ནི་ཉེས་པ་མེད་པས་ཟླ་བ་ཕྱེད་ཕྱེད་ཀྱི་གསོ་སྦྱོང་
གི་དུས་སུ་བྱིན་གྱིས་བརླབས་ནི་ཕྱིན་ཆད་འཁྲུལ་པ་མེད་པར་འོང་ངོ་། །དགེ་སློང་ལ་ནི་ཆོས་གོས་བྱིན་གྱིས་བརླབ་ཏུ་རུང་བ་མེད་ན་ནམ་རྙེད་པའི་ཉིན་མོ་བྱིན་གྱིས་མ་བརླབས་ན་ཡང་ཞག་གཅིག་གི་སྐྱ་རེངས་ཤར་བས་སྤང་བར་མི་འགྱུར་ལ་ཉེས་བྱས་སུ་ནི་འགྱུར་རོ། །ཟླ་བ་ཕྱེད་ཕྱེད་ཅིང་བྱིན་
གྱིས་མ་བརླབས་པ་ལ་ནི་ལྟུང་བ་མེད་དོ། །སྤང་བ་འོག་མ་རྣམས་ལ་ཡང་གོས་ལྕི་བ་བསྟེན་པ་དང་གོས་ཡང་བ་བསྟེན་པ་ཞེས་བྱ་བ་ཐ་མ་གཉིས་ནི་དགེ་སློང་ལ་ཉེས་པ་མེད་དོ། །སྲ་བརྐྱང་འབྱིན་པ་ལ་སོགས་པ་བཅུ་པོ་དག་ནི་དགེ་སློང་ལ་ཉེས་བྱས་སུ་འགྱུར་རོ། །བྱིན་གྱིས་མི་རློབ་པའི་སྤང་བའོ་
Vol. 163 · folio 33b
ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་སྲ་བརྐྱང་འབྱིན་པའི་སྤང་བར་འགྱུར་ཞེ་ན་དེའི་ཕྱིར་དཔྱིད་ཟླ་ར་བ་ཉའི་ཉིན་མོའི་མདུན་རོལ་དུ་སྲ་བརྐྱང་འབྱིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དཔྱིད་ཟླ་ར་བ་ཉའི་ཉིན་མོ་གང་ཡིན་པ་དེའི་མདུན་རོ་ལ་ཕན་ཆད་ཀྱི་དུས་གང་ཡང་རུང་བར་སྲ་བརྐྱང་འབྱིན་པའི་དགེ་
འདུན་མ་ཐམས་ཅད་ལ་སོ་སོར་སྤང་བའི་ལྟུང་བྱེད་རེ་རེར་འགྱུར་ཏེ། ཅི་ཙམ་ཁོ་ན་ནས་སྲ་བརྐྱང་འབྱིན་པ་ཆགས་པའི་དགེ་འདུན་མའི་ཚད་རྣམ་པར་ཆད་པ་དེ་དག་དབང་བ་སྲ་བརྐྱང་གི་བདག་ཉིད་ཀྱིས་རྙེད་པ་དེ་སྤང་བར་འགྱུར་གྱི་གང་ཟག་སྒོ་སྒོའི་རྙེད་པ་ནི་སྤང་བར་མི་འགྱུར་རོ། །སྲ་བརྐྱང་གི་རྙེད་པ་དེ་
ཡང་མ་བགོས་པའི་གནས་སྐབས་ཁོ་ན་སྤང་བར་བྱ་བ་ཉིད་ཡིན་གྱི་བགོས་པ་ལ་ནི་སྤང་བར་བྱ་བ་ཉིད་མེད་དེ། འདི་ལྟར་རྙེད་པའི་དངོས་པོ་གང་ཟག་གིར་གྱུར་པའི་ཕྱིར་ཏེ་དེའི་ཚེ་ནི། ལྟུང་བྱེད་འབའ་ཞིག་བཤགས་པར་བྱ་བ་ཡིན་ནོ། །དགེ་སློང་མ་ཆོམ་རྐུན་པས་བཅོམ་པའི་དོན་ཉིད་དུ་ནི་ལྟུང་བ་
ཆེད་དོ་ཞེས་བྱ་བ་ནི། གང་གི་ཚེ་དགེ་སློང་མ་ཆོམ་རྐུན་པ་དག་གིས་བཅོམ་པར་གྱུར་ན་དེའི་དོན་ཉིད་དུ་མདུན་རོལ་དུ་སྲ་བརྐྱང་འབྱིན་པ་ལ་ནི་ལྟུང་བ་མེད་དོ། །སྲ་བརྐྱང་འབྱིན་པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་སྲ་བརྐྱང་མ་ི་བྱ་བའི་སྤང་བར་འགྱུར་ཞེ་ན་དེའི་ཕྱིར་མི་འབྱིན་པ་
ལའོ་ཞེས་བྱ་བ་སྨྲས་ཏེ། ཆོས་གོས་གཏན་པ་ཞེས་བྱ་བར་སྦྱར་རོ། །མི་འབྱིན་པ་ཞེས་བྱ་བ་དེ་ཇི་ལྟ་བུ་ཞེ་ན། དགེ་འདུན་མ་ཆོས་གོས་གཏན་པ་འབྱིན་པའི་དུས་སུ་ཆོས་གོས་གཏན་པ་དབྱུང་བའི་ཕྱིར་ཚོགས་པ་སྦྱིན་པར་མི་བྱེད་པ་སྟེ། དགེ་སློང་མ་གང་གིས་དགེ་འདུན་མ་ཆོས་གོས་གཏན་པ་
འབྱིན་པ་ལ་ཚོགས་པ་སྦྱིན་པར་མི་བྱེད་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདི་ལྟར་འོག་ནས་ཆོས་གོས་གཏན་པ་འབྱིན་པ་ཉམས་སུ་མྱོང་བར་མི་བྱེད་པའི་ལྟུང་བྱེད་ལ་ཡང་ཚོགས་པ་སྦྱིན་པར་མི་བྱེད་པ་ཉིད་ལྟུང་བྱེད་ཀྱི་རྒྱུ་ཡིན་པར་གསུངས་ན་དེ་དང་འདི་ལ་བྱེ་བྲག་ཅི་ཡོད་ཅེ་ན། དུས་ཀྱི་བྱེ་
བྲག་གིས་དེ་གཉིས་ཀྱི་ཡུལ་ལ་བྱེ་བྲག་ཡོད་དེ། འདི་ལྟར་ཆོས་གོས་གཏན་པ་དབྱུང་བའི་དུས་ངེས་པ་ནི་དཔྱིད་ཟླ་ར་བ་ཉ་ཡིན་པས་དུས་དེར་དགེ་འདུན་མ་ཆོས་གོས་གཏན་པ་འབྱིན་པ་ལ་ཚོགས་པ་སྦྱིན་པར་མི་བྱེད་པ་ལ་ནི་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །དེའི་མདུན་རོལ་དུ་དགེ་སློང་མ་ཆོམ་
Vol. 163 · folio 34a
རྐུན་པས་བཅོམ་པ་ལ་སོགས་པའི་དོན་ཉིད་དུ་བག་ཡངས་སུ་བྱ་བའི་ཕྱིར་ཆོས་གོས་གཏན་པ་འབྱིན་པ་གང་ཡིན་པ་དེ་ལ་ཚོགས་པ་སྦྱིན་པར་མི་བྱེད་པ་ལ་ནི་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་རོ། །སྲ་བརྐྱང་མ་ི་འབྱིན་པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་རིན་པོ་ཆེ་སློང་
བའི་སྤང་བར་འགྱུར་ཞེ་ན་དེའི་ཕྱིར་དབྱིག་དང་གསེར་སློང་བ་ལའོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་སོ་སོར་ཐར་པའི་མདོ་ལས་མངོན་མཚན་ཅན་ཞེས་སྨོས་ཏེ། ཡང་དགེ་སློང་མ་གང་བདག་གི་ཕྱིར་མངོན་མཚན་ཅན་སློང་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་མོད་ཀྱི། དེའི་རྣམ་པར་འབྱེད་པ་ལས་མངོན་
མཚན་ཅན་ཞེས་བྱ་བ་ནི། དབྱིག་གམ་གསེར་རོ་ཞེས་གསུངས་ཏེ། དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་མཚོན་པའི་དོན་དུ་བྱེ་བྲག་མེད་པའི་ཕྱིར་རོ། །འདིར་སློང་བ་ཞེས་བྱ་བའི་སྒྲ་ནི་སློང་བ་སྔོན་དུ་བཏང་ནས་ལེན་པ་ལ་བྱ་སྟེ་མ་བླངས་པ་ལ་སྤང་བར་བྱ་བའི་དངོས་པོ་ཉིད་མེད་པའི་ཕྱིར་རོ། །གསེར་
དངུལ་ལ་རེག་པ་དང་མངོན་མཚན་ཅན་གྱི་སྤྱོད་པ་དང་ཉོ་ཚོང་བྱེད་པའི་སྤང་བ་གསུམ་ལ་ནི་སློང་བ་སྔོན་དུ་བཏང་བ་མེད་པས་དེའི་ཕྱིར་ཐ་དད་པར་རྣམ་པར་གཞག་གོ། །དབྱར་ཁང་གི་དགོས་པའི་དབང་གིས་སློང་བ་དང་ལེན་པ་ལ་ནི་ཉེས་པ་མེད་དོ། །རིན་པོ་ཆེ་སློང་བའི་སྤང་བའོ་ཞེས་བྱ་བ་དེ་
བཤད་ཟིན་ཏོ།། །།གང་ལ་གོས་ཟ་བ་ལས་གྱུར་པའི་སྤང་བར་འགྱུར་ཞེ་ན་དེའི་ཕྱིར། གཞན་གྱི་ཆེད་དུ་རྙེད་པའི་གོས་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཟས་ལས་གཞན་པ་གླེགས་བམ་བྲི་བ་ལ་སོགས་པའི་ཆེད་དུ་རྙེད་པའི་གོས་ཟས་སུ་བསྒྱུར་ཅིང་བྱས་ཏེ་བཟའ་
བར་བྱའོ་ཞེས་དེའི་ཕྱིར་ངེས་པར་འཇོག་པར་བྱེད་པ་ལ་སྤང་བར་འགྱུར་རོ། །གོས་ཟ་བ་ལས་གྱུར་པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལས་གོས་རྒྱུ་ཟ་བ་ལས་གྱུར་པ་དང་། མལ་ཆ་རྒྱུ་ཟ་བ་ལས་གྱུར་པ་དང་། དབྱར་ཁང་རྒྱུ་ཟ་བ་ལས་གྱུར་པའི་སྤང་བར་འགྱུར་ཞེ་ན་
དེའི་ཕྱིར་གོ་རིམས་བཞིན་དུ་གོས་དང་མལ་ཆ་དང་དབྱར་ཁང་གི་ཆེད་དུ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། དེ་གསུམ་གྱི་ཆེད་དུ་ཡོ་བྱད་གང་ཡང་རུང་བ་རྙེད་པ་ཟས་སུ་བྱས་ཏེ། བཟའ་བའི་ཕྱིར་འཇོག་པ་ལ་ཁ་ན་མ་ཐོ་བ་འདི་གསུམ་དུ་འགྱུར་རོ། །དེ་གསུམ་གྱི་ཆེད་དུ་ཅི་ཞིག་རྙེད་པ་ཞེ་ན་དེའི་ཕྱིར་
Vol. 163 · folio 34b
གང་ཡང་རུང་བའོ་ཞེས་བྱ་བ་སྨྲས་ཏེ། ཡོ་བྱད་གང་ཡང་རུང་བ་རྙེད་པ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ་ལའོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་མདོ་སྔ་མ་ལས་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །གོས་ཀྱི་ཆེད་དུ་ཡོ་བྱད་གང་ཡང་རུང་བ་རྙེད་པ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ་ལ་ནི་
གོས་རྒྱུ་ཟ་བ་ལས་གྱུར་པའི་སྤང་བར་འགྱུར་རོ། །མལ་ཆ་དང་སྟན་གྱི་ཆེད་དུ་ཡོ་བྱད་གང་ཡང་རུང་བ་རྙེད་པ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ་ལ་ནི་མལ་ཆ་རྒྱུ་ཟ་བ་ལས་གྱུར་པའི་སྤང་བར་འགྱུར་བའོ། །དབྱར་ཁང་གི་ཆེད་དུ་ཡོ་བྱད་གང་ཡང་རུང་བ་རྙེད་པ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་
པ་ནི་དབྱར་ཁང་རྒྱུ་ཟ་བ་ལས་གྱུར་པའི་སྤང་བར་འགྱུར་རོ། །འདིར་ཟ་བ་ལས་གྱུར་པའི་ཁ་ན་མ་ཐོ་བ་ཐམས་ཅད་ལ་ཟས་ཟོས་ཟིན་པ་ཉིད་ལ་ནི་ལྟུང་བྱེད་འབའ་ཞིག་བཤགས་པར་བྱ་བ་ཡིན་ནོ། །མ་ཟོས་པ་ཉིད་ལ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་དེ་བཤགས་པར་བྱ་བ་ཡིན་ནོ། །འདི་ལྟར་ཟ་
བར་འདྲ་བས་ཁ་ན་མ་ཐོ་བ་ཡང་གཅིག་ཁོ་ནར་འགྱུར་བ་ཡིན་མོད་ཀྱི་འོན་ཀྱང་དངོས་པོ་ཐ་དད་པའི་སྒྲའི་རྗེས་སུ་འབྲང་བར་འཇུག་པའི་དགེ་སློང་མ་རྣམས་ལ་བསལ་བར་བྱ་བའི་ཕྱིར་བཞི་པོ་དེ་དག་བཅའ་བ་མཛད་ཅིང་སོ་སོར་རྣམ་པར་གཞག་གོ། །གོས་རྒྱུ་ལ་སོགས་པ་ཟ་བ་ལས་གྱུར་པའི་སྤང་
བའོ་ཞེས་བྱ་བ་གོས་རྒྱུ་ཟ་བ་ལས་གྱུར་པ་དང་། མལ་ཆ་རྒྱུ་ཟ་བ་ལས་གྱུར་པ་དང་། དབྱར་ཁང་རྒྱུ་ཟ་བ་ལས་གྱུར་པའི་སྤང་བ་གསུམ་དེ་བཤད་ཟིན་ཏོ།། །།གང་ལ་སྐྱེ་བོ་མང་པོ་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྤང་བར་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་མའི་སྐྱེ་བོ་མང་པོའི་ཕྱིར་སྦྱོར་དུ་བཅུག་
ནས་རང་ལ་ཡོངས་སུ་བསྒྱུར་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མའི་ངོ་བོ་ཉིད་ཀྱི་སྐྱེ་བོ་མང་པོའི་ཕྱིར་དངོས་པོ་སྦྱོར་དུ་བཅུག་པ་གང་ཡིན་པ་དེ་བདག་ཉིད་ལ་ཡོངས་སུ་སྒྱུར་བར་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སྐྱེ་བོ་རྣམས་ཀྱི་ཚོགས་ནི་སྐྱེ་བོ་མང་པོ་སྟེ་སྐྱེ་བོ་བཞི་ཡན་ཆད་དོ། །དེ་ལྟར་
ཡང་རྣམ་པར་འབྱེད་པ་ལས་སྐྱེ་བོ་མང་པོའི་ཕྱིར་ཞེས་བྱ་བ་ནི་དགེ་སློང་མའི་དགེ་འདུན་གྱི་ཕྱིར་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། སྐྱེ་བོ་མང་པོ་ཞེས་སྨོས་པ་ནི་དགེ་སློང་མའི་དགེ་འདུན་ལས་བཞིའི་ཚོགས་ཡན་ཆད་ཀྱི་ཕྱིར་སྦྱོར་དུ་བཅུག་པའི་དངོས་པོ་བདག་ཉིད་ལ་བསྒྱུར་བ་ལ་ཡང་ཁ་ན་མ་ཐོ་བ་འདྲ་བ་
Vol. 163 · folio 35a
ཡིན་ནོ། །གཞན་དུ་ན་དགེ་སློང་མའི་དགེ་འདུན་ཉི་ཚེ་སྨོས་པར་འགྱུར་གྱི་སྐྱེ་བོ་མང་པོ་མི་སྨོས་པར་འགྱུར་རོ། །དེ་ལྟར་ཡང་སོ་སོར་ཐར་པའི་མདོ་ལས་ཡང་དགེ་སློང་མ་གང་དགེ་སློང་མ་གློ་བུར་དུ་ལྷགས་པ་རྣམས་ཀྱི་ཕྱིར་རྙེད་པ་བླངས་ལ་གཅིག་པུ་ཟ་བར་བྱེད་ན་སྤངས་པའི་ལྟུང་བྱེད་
དོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་གི་ཕྱིར་དང་རབ་ཏུ་བྱུང་བ་འདི་པ་བསྙེན་པར་མ་རྫོགས་པའི་ཕྱིར་དང་། མུ་སྟེགས་ཅན་རབ་ཏུ་བྱུང་བའི་ཕྱིར་དང་། ཁྱིམ་པའི་ཕྱིར་སྦྱོར་དུ་བཅུག་པ་རང་ལ་ཡོངས་སུ་བསྒྱུར་བ་ལ་ནི་ཉེས་བྱས་སོ། །སྐྱེ་བོ་མང་པོ་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྤང་བའོ་ཞེས་བྱ་བ་
དེ་བཤད་ཟིན་ཏོ།། །།གང་ལ་དགེ་འདུན་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྤང་བར་འགྱུར་ཞེ་ན་དེའི་ཕྱིར། དགེ་འདུན་གྱི་ཕྱིར་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། སྦྱོར་དུ་བཅུག་ནས་རང་ལ་ཡོངས་སུ་བསྒྱུར་བ་ལའོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །དགེ་སློང་མའི་དགེ་
འདུན་ཕྱིར་སྦྱོར་དུ་བཅུག་པའི་རྙེད་པ་བདག་ཉིད་ལ་བསྒྱུར་ཞིང་འཇོག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དགེ་སློང་གི་ཕྱིར་བསྔོས་པ་ལ་སོགས་པ་ལ་ནི་འདིར་ཡང་སྔ་མ་བཞིན་དུ་ཉེས་བྱས་སུ་རིག་པར་བྱའོ། །འདིར་དགེ་འདུན་ཞེས་སྨོས་པ་ནི་གྲངས་ཆད་པ་མེད་པར་དགེ་འདུན་མ་སྤྱིའི་ཕྱིར་སྦྱོར་དུ་
བཅུག་པ་ཡིན་ནོ། །སྔར་སྐྱེ་བོ་མང་པོ་ཞེས་སྨོས་པ་ནི་བཞི་ཡན་ཆད་གྲངས་ཆད་པ་ཁ་ཅིག་གི་ཕྱིར་སྦྱོར་དུ་བཅུག་པ་ཡིན་ནོ། །དེའི་ཕྱིར་གྲངས་ཆད་པ་མེད་པའི་ཚོགས་ཀྱི་ཕྱིར་སྦྱོར་དུ་བཅུག་པ་བདག་གཅིག་པུ་སྤྱོད་པ་ལ་ནི་འདིར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །གྲངས་ཆད་པའི་ཚོགས་ཀྱི་
ཕྱིར་སྦྱོར་དུ་བཅུག་པ་བདག་གཅིག་པུ་སྤྱོད་པ་ལ་ནི་སྔ་མར་གཏོགས་པའི་ཁ་ན་མ་ཐོ་བར་འགྱུར་རོ། །དགེ་འདུན་ལ་བསྔོས་པ་བྱིན་གྱིས་རློབ་པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་བཅིང་བ་འགྲོལ་དུ་འཇུག་པའི་སྤང་པར་འགྱུར་ཞེ་ན་དེའི་ཕྱིར་ཚིག་ཉན་དུ་གཞུག་པའི་ཕྱིར་རྫས་
བཅིངས་པ་འགྲོལ་དུ་འཇུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། འཁྲིག་པའི་རོས་ཉེ་བར་འཚོ་བར་བྱ་བའི་ཆེད་དུ་ཚིག་ཉན་དུ་གཞུག་པའི་ཕྱིར་རྫས་ཀྱི་ཐུམ་བུ་ལ་སོགས་པ་བཅིངས་པ་འགྲོལ་དུ་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་གྱི། རྫས་ལེགས་པར་གནས་པར་བྱ་བའི་ཕྱིར་བཅིངས་པ་འགྲོལ་དུ་
Vol. 163 · folio 35b
འཇུག་པ་ལ་ནི་ཉེས་པ་མེད་དོ། །འདིར་གཞུང་ནི་གཙུག་དགའ་མོས་སྤོས་འཚོང་གི་ཁྱེའུ་ལ་ཆགས་ནས་དེས་དེ་ཚིག་ཉན་དུ་གཞུག་པའི་ཕྱིར་དེ་ལས་རྫས་ཉོ་ཞིང་ཐུམ་བུ་བཅིངས་ཤིང་བཅིངས་ཤིང་ཡང་དང་ཡང་འགྲོལ་དུ་བཅུག་གོ་ཞེས་གསུངས་པ་ཡིན་ནོ། །ཚིག་ཉན་དུ་གཞུག་པའི་ཕྱིར་ཞེས་བྱ་བའི་
གཞུང་ནི་ལྟུང་བ་བསྟན་པ་ལས་དགེ་སློང་མས་དེའི་ཚིག་ཉན་དུ་གཞུག་པའི་ཕྱིར། ཅི་ཙམ་དུ་ཐུམ་བུ་འཆིང་དུ་བཅུག་ཅིང་ཡང་དང་ཡང་འགྲོལ་དུ་འཇུག་ན་ཐམས་ཅད་སྤང་བའི་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། མཚན་ཐ་དད་པ་མ་ནིང་མ་ཡིན་པའི་སྐྱེས་པ་བསྟེན་པའི་མཐུ་ཡོད་པ་དེ་ལྟ་
བུའི་ཟླ་བོ་ལ་བཅིངས་པ་འགྲོལ་དུ་འཇུག་ན་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །མཚན་མཐུན་པ་ལ་སོགས་པ་ལ་ནི་ཉེས་བྱས་སོ། །འདིར་ཐུམ་བུ་ཞེས་སྨོས་པས་ནི་ནང་གི་སྙིམ་པ་ལ་སོགས་པ་དང་། ཕྱི་རོལ་གྱི་སྤྲོག་མ་ལ་སོགས་པ་དག་གི་དཔེ་ཡིན་ནོ། །རང་དབང་པའི་ཐུམ་བུ་ལ་
ཇི་ལྟ་བ་བཞིན་དུ་གཞན་དབང་པའི་ཐུམ་བུ་འཆིང་བ་དང་འགྲོལ་དུ་འཇུག་པ་ལ་ཡང་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཚིག་ཉན་དུ་གཞུག་པར་འདྲ་བའི་ཕྱིར་རོ། །དེ་ལ་ནི་དངོས་པོ་སྤང་བར་བྱ་བ་ནི་མེད་པས་ལྟུང་བྱེད་འབའ་ཞིག་བཤགས་པར་བྱའོ། །བཅིངས་པ་འགྲོལ་དུ་འཇུག་
པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་གོས་ལྕི་བ་བསྟེན་པའི་སྤང་བར་འགྱུར་ཞེ་ན་དེའི་ཕྱིར། སྲང་བརྒྱ་པ་ལ་སོགས་པ་དང་ཀཱཪྵཱ་པ་ཎ་ཉི་ཤུ་ལ་སོགས་པ་རི་བའི་གོས་བདག་གིར་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གོས་ལྕི་བ་ཞེས་བྱ་བ་ནི། །ལྗིད་ཀྱིས་ལྕི་བ་དང་རིན་ཐང་
གིས་ལྕི་བ་སྟེ། དེ་གཉིས་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དེ་ལ་ལྗིད་ཀྱིས་ལྕི་བ་ནི་སྲང་བརྒྱ་པ་ལ་སོགས་པ་སྟེ། གོས་གང་ལ་ལྗིད་སྲང་བརྒྱ་པ་ཡོད་པ་དང་སོགས་པའི་སྒྲས་སྲང་བརྒྱ་རྩ་གཅིག་ཡན་ཆད་ནས་གྲངས་མེད་པའི་མཐར་ཐུག་པ་དག་བསྡུའོ། །རིན་ཐང་གིས་ལྕི་བ་ནི་ཀཱཪྵཱ་པ་ཎ་ཉི་
ཤུ་ལ་སོགས་པ་རི་བ་སྟེ། གོས་གང་རིན་ཐང་ཀཱཪྵཱ་པ་ཎ་ཉི་ཤུ་རི་བ་དང་སོགས་པའི་སྒྲས་ཀཱཪྵཱ་པ་ཎ་ཉི་ཤུ་རྩ་གཅིག་ཡན་ཆད་ནས་གྲངས་མེད་པའི་མཐར་ཐུག་པ་དག་བསྡུའོ། །དེ་ལྟ་བུའི་གོས་བདག་གིར་བྱེད་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བསླབ་པའི་གཞི་འདི་ནི་ཆོས་བྱིན་
Vol. 163 · folio 36a
གྱིས་རལ་གྲི་མཐུ་ཅན་གྱི་ཁྲོམ་ནས་ལ་བ་རིན་པོ་ཆེ་རིན་ཐང་ཆེན་པོ་རྙེད་ནས་དེས་ཀྱང་སྦོམ་དགའ་མོ་ལ་བྱིན་ནས་དེས་དེ་གྱོན་ཏེ་བསོད་སྙོམས་ལ་ཞུགས་པ་དེ་ལས་བཅས་ཏེ་ཡང་དགེ་སློང་མ་གང་གོས་ལྕི་བ་དང་། རིན་ཐང་ཆེན་པོ་འཆང་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་
གསུངས་པ་ཡིན་ནོ། །འཆང་བར་བྱེད་ན་ཞེས་བྱ་བའི་རྣམ་པར་འབྱེད་པ་ནི་བདག་གིར་བྱེད་ན་ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་བདག་གིར་བྱེད་པ་ལས་ཀྱང་དངོས་གཞིར་འགྱུར་ན་གྱོན་པ་ལྟ་ལ་སྨོས་ཀྱང་ཅི་དགོས་ཏེ་གྱོན་པའི་རྩ་བ་བཅས་པའི་ཕྱིར་བདག་གིར་བྱེད་པ་ཡང་དགག་པ་མཛད་
དོ། །བརྗེ་བའི་ཕྱིར་བདག་གིར་བྱེད་པ་ལ་ནི་ལྟུང་བ་མེད་དོ། །བཙོང་བ་ལ་སོགས་པའི་ཕྱིར་བདག་གིར་བྱེད་པ་ནི་ཐམས་ཅད་དུ་སྤང་བར་འགྱུར་རོ། །རུང་བར་བྱ་བ་གང་གིས་རིན་པོ་ཆེ་ལ་སོགས་པ་བླང་བར་གསུངས་བའི་རུང་བར་བྱ་བ་དོས་འདི་ཡང་བྱིན་གྱིས་བརླབས་ཏེ་ལེན་པ་ལ་ནི་
ཉེས་པ་མེད་དོ། །གཞན་གྱིས་གོན་པ་ལ་ཡང་སྤང་བར་བྱ་བའི་དངོས་པོ་མེད་དུ་ཟིན་ཀྱང་ཁ་ན་མ་ཐོ་བ་ནི་ཡོངས་སུ་རྫོགས་པར་འགྱུར་རོ། །ལྗིད་དང་རིན་ཐང་གཉི་གའི་སྐབས་སུ་སོགས་པ་ཞེས་བྱ་བའི་སྒྲ་སྨོས་པ་ནི་བསླབ་པའི་གཞི་འོག་མ་ལ་ཡང་དེ་བཞིན་དུ་ཤེས་པར་བྱ་བའི་ཕྱིར་ཏེ། དེ་ལ་ནི་
ལྗིད་ཀྱི་སོགས་པའི་སྒྲས་ནི་ཉུང་ངུ་དག་བསྡུའོ། །རིན་ཐང་གི་སོགས་པའི་སྒྲས་ནི་སྔ་མ་བཞིན་དུ་མང་པོ་དག་བསྡུའོ། །གོས་ལྕི་བ་བསྟེན་པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་གོས་ཡང་བ་བསྟེན་པའི་སྤང་བར་འགྱུར་ཞེ་ན། དེའི་ཕྱིར་སྲང་ལྔ་པའི་མཐར་ཐུག་པའོ་
ཞེས་བྱ་བ་སྨྲས་ཏེ། འདིར་གོས་ཡང་བ་ཞེས་བྱ་བ་ནི། ལྗིད་ཀྱིས་ཡང་བ་ཉི་ཚེ་ལ་བྱ་སྟེ། ལྗིད་སྲང་ལྔ་པ་ལ་སོགས་པའོ། །སོགས་པ་ཞེས་བྱ་བའི་སྒྲ་མདོ་སྔ་མ་ལས་སྨོས་པ་འདིར་ཡང་སྦྱར་བར་བྱ་སྟེ། སོགས་པ་ཞེས་བྱ་བའི་སྒྲས་འདིར་ནི་གྲངས་ཉུང་ངུ་བཞི་དང་གསུམ་དང་གཉིས་
དག་བསྡུ་བར་རིག་པར་བྱའོ། །མཐར་ཐུག་པའོ་ཞེས་སྨོས་པས་ནི་ལྗིད་སྲང་གཅིག་པའམ་གཞལ་དུ་མེད་པའི་གོས་ཀྱི་མཐར་ཐུག་པ་དག་བསྡུ་བར་ཤེས་པར་བྱའོ། །འདིར་གཞུང་ནི་ཡང་བ་ཞེས་བྱ་བ་ནི་སྲང་ལྔ་པའམ་ལྔ་ལས་ཆུང་བའོ་ཞེས་གསུངས་པ་ཡིན་ཏེ། འདིས་ནི་ཀ་ཤི་ཀའི་རས་ཕྲན་
Vol. 163 · folio 36b
དང་། དར་ལ་དང་དར་གོས་ལ་སོགས་པ་ལྗིད་སྲང་ལྔ་པ་མན་ཆད་ནས་གཞལ་དུ་མེད་པའི་གོས་ཀྱི་བར་དག་བཀག་པ་ཡིན་ནོ། །འདིར་རིན་ཐང་གིས་ཡང་བར་ནི་མི་སྦྱར་ཏེ། ཀཱཪྵཱ་པ་ཎ་ཉི་ཤུ་མི་རི་བ་ཡན་ཆད་ལ་ཉེས་པ་མེད་དོ། །འདི་ལྟ་སྟེ་བུད་མེད་ནི་གོས་བཟང་པོ་གྱོན་ན་གསོ་རོ་སྐྱེ་བས་དེའི་
ཕྱིར་གོས་འདི་གཉིས་བཀག་པ་ཡིན་ནོ། །གོས་ཡང་བ་བསྟེན་པའི་སྤང་བའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།སྤང་བའི་ལྟུང་བྱེད་རྣམས་རྫོགས་སོ་ཞེས་བྱ་བ་དགེ་སློང་མའི་སྤང་བའི་ལྟུང་བྱེད་སུམ་ཅུ་རྩ་གསུམ་པོ་དག་བཤད་ཟིན་ཏོ།། །།ད་ནི་དགེ་སློང་མ་རྣམས་ཀྱི་ལྟུང་བྱེད་འབའ་ཞིག་ཏུ་
འགྱུར་བ་བརྒྱ་བརྒྱད་ཅུ་པོ་དག་བཤད་པར་བྱ་སྟེ། དེ་ལ་བདུན་ཅུ་རྩ་གཉིས་སོ་ཞེས་བྱ་བ་ནི། སྔར་དགེ་སློང་གི་རྣམ་པར་འབྱེད་པའི་སྐབས་སུ་དགེ་སློང་གི་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་དགུ་བཅུ་བསྟན་པ་དག་ལས་བདུན་ཅུ་རྩ་གཉིས་ནི་དགེ་སློང་མ་རྣམས་དང་ཐུན་མོང་གི་མཚན་ཉིད་ཡིན་ཏེ། དེ་
དག་གི་མཚན་ཉིད་ནི་སྔར་བསྟན་ཟིན་ཏོ་ཞེས་བྱ་བར་སྦྱར་རོ། །དགེ་སློང་གི་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་དགུ་བཅུ་པོ་དེ་དག་ལས་བཅོ་བརྒྱད་ནི་དགེ་སློང་མ་རྣམས་དང་ཐུན་མོང་མ་ཡིན་པས་དེ་དག་འདིར་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། མ་བསྐོས་པ་ལ་སོགས་པ་བཅུ་དང་།
བསྐྲད་པ་དང་ཡང་ཡང་ཟ་བ་དང་། ཟས་བསོད་པ་སློང་བ་དང་། འདུག་པ་དང་འགྲེང་བ་དང་། ཕྱིར་མ་བླངས་པ་སྤྱོད་པ་དང་། མ་ལོན་པ་དང་དབྱར་གྱི་རས་ཆེན་ལས་གྱུར་པ་ནི་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གི་ལྟུང་བྱེད་དགུ་བཅུ་པོ་དེ་དག་ལས་བཅོ་བརྒྱད་པོ་འདི་དག་
མ་གཏོགས་པ་ལྷག་མ་བདུན་ཅུ་རྩ་གཉིས་པོ་དག་ནི་དགེ་སློང་མ་རྣམས་ཀྱི་ཡང་ཡིན་པར་རིག་པར་བྱའོ། །བཅོ་བརྒྱད་པོ་དེ་དག་ཅིའི་ཕྱིར་མ་གཏོགས་ཤེ་ན། འདིར་ཁ་ཅིག་ནི་མི་སྲིད་པའི་ཕྱིར་དགེ་སློང་མ་རྣམས་ཀྱི་ལྟུང་བར་རྣམ་པར་མི་གཞག་པ་ཡང་ཡོད་དེ། འདི་ལྟ་སྟེ་མ་བསྐོས་པར་
སྟོན་པ་དང་། ཉི་མ་མ་ནུབ་ཀྱི་བར་དུ་སྟོན་པ་དང་། ཟས་ཆུང་ཟད་ཙམ་གྱི་ཕྱིར་སྟོན་པ་ཞེས་བྱ་བའི་ལྟུང་བྱེད་གསུམ་པོ་དག་སྟེ། འདི་ལྟར་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །གོས་སྦྱིན་བ་དང་གོས་བྱེད་པའི་ལྟུང་བྱེད་གཉིས་ན་དགེ་སློང་མ་རྣམས་
Vol. 163 · folio 37a
ལ་རྣམ་པར་མི་གཞག་སྟེ། དགེ་སློང་རྣམས་ནི་འཁོར་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་དང་མཆོད་པའི་གནས་ཉིད་ཡིན་པའི་ཕྱིར་དགེ་སློང་ལ་དགེ་སློང་མས་གོས་སྦྱིན་པ་དང་། དགེ་སློང་གི་གོས་དགེ་སློང་མས་བྱེད་པ་ལ་ཚུལ་དང་མི་མཐུན་པ་མཚར་བོ་ཆེ་མེད་པའི་ཕྱིར་རོ། །
འདྲོན་པ་མང་པོ་དང་ལྷན་ཅིག་འགྲོ་བ་དང་དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད་གཉིས་ཀྱང་དགེ་སློང་མ་རྣམས་ལ་རྣམ་པར་མི་གཞག་སྟེ། འདི་ལྟར་དགེ་སློང་མ་རྣམས་ནི་མཐུ་ཆུང་བའི་ཕྱིར་གཞན་ལ་བརྟེན་ཏེ་ལམ་དུ་འགྲོ་བ་ལ་བཞད་གད་དུ་འགྱུར་བ་མཚར་པོ་ཆེ་མེད་པའི་
ཕྱིར་རོ། དབེན་པ་ན་འདུག་པ་དང་དབེན་པ་ན་འགྲེང་བའི་ལྟུང་བྱེད་གཉིས་ཀྱང་དགེ་སློང་མ་རྣམས་ལ་རྣམ་པར་མི་གཞག་སྟེ། འདི་ལྟར་དགེ་སློང་མ་བུད་མེད་དང་ལྷན་ཅིག་འདུག་པ་དང་དགེ་སློང་མ་དང་ལྷན་ཅིག་འགྲེང་བ་ལ་ཉེས་པ་ཅི་ཡང་མེད་པའི་ཕྱིར་རོ། །སྦྱོར་དུ་བཅུག་པའི་ཟས་
ཟ་བའི་ལྟུང་བྱེད་ཀྱང་དགེ་སློང་མ་རྣམས་ལ་རྣམ་པར་མི་གཞག་སྟེ། འདི་ལྟར་སྐྱེས་པས་སྦྱོར་དུ་བཅུག་པ་བུད་མེད་ཟ་བ་ལ་སྨད་པ་མེད་པའི་ཕྱིར་རོ། །ཡང་ཡང་ཟ་བའི་ལྟུང་བྱེད་ཀྱང་དགེ་སློང་མ་རྣམས་ལ་རྣམ་པར་མི་གཞག་སྟེ། འདི་ལྟར་དགེ་སློང་མ་རྣམས་ནི་ཤས་ཆེར་མཆོད་པར་
བྱ་བ་ཉིད་མ་ཡིན་པའི་ཕྱིར་དེ་དག་ལ་དེ་དབྱུང་དཀའ་བའི་ཕྱིར་རོ། །དབྱར་གྱི་རས་ཆེན་ལས་གྱུར་པའི་ལྟུང་བྱེད་ཀྱང་དགེ་སློང་མ་རྣམས་ལ་རྣམ་པར་མི་གཞག་སྟེ། འདི་ལྟར་དགེ་སློང་མ་རྣམས་ལ་དེ་འཆང་བ་ཉིད་ཀྱིས་ཀྱང་མ་བཅས་ལ། ཚད་ངེས་པ་ཡང་རྣམ་པར་མ་བཞག་
པས་འདི་ལྟར་དེ་ལ་དངོས་གཞིའི་ལྟུང་བ་དག་ཏུ་མི་འགྱུར་བའི་ཕྱིར་རོ། །སྐྲོད་པ་དང་ཟས་བསོད་པ་སློང་བ་དང་། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བ་དང་། ཕྱིར་མ་བླངས་པར་སྤྱོད་པ་དང་། ལོ་ཉི་ཤུ་མ་ལོན་པ་
བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དག་ནི་ཆུང་ཟད་ཆ་མཐུན་པ་ལ་བརྟེན་པ་ཡིན་པའི་ཕྱིར་འདུལ་བ་མདོར་བསྡུས་པ་ལས་ཉེས་བྱས་སུ་གསུངས་པའི་ཕྱིར་དེ་དག་ཀྱང་དགེ་སློང་མ་རྣམས་ལ་ལྟུང་བྱེད་ཉིད་དུ་རྣམ་པར་མི་གཞག་གོ། །དགེ་སློང་མའི་ལྟུང་བྱེད་དག་ལ་ནི་ཚུལ་ཁྲིམས་ལ་
Vol. 163 · folio 37b
ལ་དགེ་སློང་དང་མི་འདྲ་བ་ཉིད་ཀྱང་ཡོད་དེ་འདི་ལྟ་སྟེ་སྐྲོད་པའི་ལྟུང་བྱེད་དོ། །ལ་ལ་དགེ་སློང་ལ་མེད་པ་ཡང་ཡོད་དེ། འདི་ལྟ་སྟེ་བསླབ་པ་ལ་མ་བསླབས་པ་བསྙེན་པར་རྫོགས་པར་བྱེད་པ་སྟེ་སྐྱེས་པ་ལ་དགེ་སློང་མའི་བསླབ་པ་རྣམ་པར་མ་བཞག་པའི་ཕྱིར་རོ། །ལ་ལ་ཉེས་པའི་སྐབས་མེད་པས་
ལྟུང་བར་མི་འགྱུར་བ་ཡང་ཡོད་དེ། འདི་ལྟ་སྟེ་འཁོར་མང་པོ་སྩོགས་པའི་ལྟུང་བྱེད་དོ། །ལ་ལ་ཇི་ལྟར་ཐོབ་པ་ལས་ཉེས་བྱས་སུ་འགྱུར་བ་ཡང་ཡོད་དེ་འདི་ལྟ་སྟེ་གཉིས་སྟེན་ཅིང་མལ་སྟན་གཅིག་ན་ཉལ་བའོ། །ལ་ལ་ལྷག་པ་ཡང་ཡོད་དེ་འདི་ལྟ་སྟེ་རྒྱ་སྐྱེགས་ཀྱི་ཆང་བུ་འཆང་བའོ། །
ལ་ལ་ཆུང་བ་ཡང་ཡོད་དེ་སྒོག་སྐྱ་ཟ་བ་དང་། མདོམས་ཀྱི་སྤུ་བྲེགས་པ་དང་། ཐལ་མོས་བརྡེག་པ་དང་། བསྟེན་པར་བྱ་བ་འཆོས་པ་ལ་སོགས་པ་སྟེ། འདིར་ཕྱོགས་ཙམ་ཞིག་བརྗོད་པ་ཡིན་གྱི། རྒྱ་ཆེར་ནི་བྱེ་བྲག་ཏུ་བཤད་པ་ལས་ཤེས་པར་བྱའོ།། །།བམ་པོ་
བཞི་བཅུ་པ། །འདིར་དགེ་སློང་མའི་སྐབས་ལས་ཕྲན་ཚེགས་ལས་གསུངས་པ་ཅུང་ཞིག་བསྡུ་བར་བྱ་སྟེ། དགེ་སློང་གིས་རབ་ཏུ་བྱུང་བ་མོའི་ཕྱིར་ཟང་ཟིང་ཉེ་བར་བསྒྲུབ་ཏུ་རུང་སྟེ་ཆུང་མར་གྱུར་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་གི་རབ་ཏུ་བྱུང་བ་དགེ་སློང་མ་ལ་ཟང་ཟིང་ཉེ་བར་བསྒྲུབ་
ཏུ་རུང་ངོ་། །ཆུང་མར་གྱུར་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ལ། ཆུང་མར་གྱུར་པ་ཉིད་ལ་ཞེས་བྱ་བ་ནི། སྔོན་ཁྱིམ་པར་གནས་པའི་ཚེ་ཆུང་མ་ཉིད་དུ་གྱུར་པ་ཉིད་ལ་སྟེ། དེ་ལ་ཡང་དགེ་སློང་གིས་ཟང་ཟིང་ཉེ་བར་བསྒྲུབ་ཏུ་རུང་ངོ་། །ཡང་ངོ་ཞེས་བྱ་བའི་སྒྲས་ནི་མ་དང་སྲིང་མོ་ལ་སོགས་པ་
དག་ལྟ་ལ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར་སྟོན་ཏོ། །འདི་སྐད་བསྟན་ཏེ། དགེ་སློང་གིས་སྔོན་ཆུང་མར་སྤྱད་པ་ཉིད་དགེ་སློང་མར་གྱུར་པ་ཡིན་ན་རབ་ཏུ་བྱུང་བ་དེ་ལ་ཡང་ཟང་ཟིང་ཉེ་བར་བསྒྲུབ་ཏུ་རུང་བ་ཁོ་ན་ཡིན་ཏེ། དགེ་སློང་གིས་དེ་ལ་ཉེ་བར་བསྒྲུབ་ཏུ་རུང་ངོ་ཞེས་གསུངས་པའི་
ཕྱིར་རོ། །དེས་བླང་དུ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་མ་དེས་ཟང་ཟིང་ཉེ་བར་སྒྲུབ་པར་བྱེད་པའི་དགེ་སློང་དེ་ལས་ཟང་ཟིང་བླང་དུ་རུང་བ་ཁོ་ན་ཡིན་ནོ། །བུ་ཆུང་ངུ་དང་ལྷན་ཅིག་ཉལ་བ་ནི་མ་གཏོགས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། བུས་པ་གང་མ་མེད་པར་མཚན་མོ་ཉལ་མི་ནུས་
Vol. 163 · folio 38a
པ་དེ་ནི་བུ་ཆུང་ངུ་ཞེས་བྱ་སྟེ། མར་གྱུར་པའི་དགེ་སློང་མ་བུ་ཆུང་ངུ་དེ་དང་ལྷན་ཅིག་ཉལ་བ་ནི་མ་གཏོགས་པ་ཉིད་མ་ཡིན་ཏེ། དགེ་སློང་མས་རང་གི་བུ་དེ་དང་མཚན་མོ་ལྷན་ཅིག་ཉལ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་དགེ་སློང་མ་ཐམས་ཅད་ལ་མ་གཏོགས་པ་ཉིད་
མ་ཡིན་ནམ་ཞེ་ན་དེའི་ཕྱིར། གནང་བ་ཐོབ་བའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་གང་གིས་བུ་ཆུང་ངུ་དང་ལྷན་ཅིག་ཉལ་བའི་གནང་བ་ཐོབ་པར་གྱུར་པ་དེ་ལ་མ་གཏོགས་པ་ཉིད་མ་ཡིན་ནོ། །དེ་ལ་གནང་བ་སྦྱིན་པར་རིགས་སམ་ཞེ་ན་དེའི་ཕྱིར་དེ་སྦྱིན་པར་བྱའོ་ཞེས་བྱ་བ་དེ་སྨྲས་ཏེ། དགེ་སློང་མའི་
དགེ་འདུན་གྱིས་དགེ་སློང་མ་དེ་ལ་གནང་བ་དེ་སྦྱིན་པ་ཆོས་དང་མཐུན་པ་ཉིད་ཡིན་པའོ། །ད་ནི་ལྟུང་བྱེད་མཚན་ཉིད་ཐུན་མོང་བ་བདུན་ཅུ་རྩ་གཉིས་པོ་དག་ལས་གཞན་པ་དགེ་སློང་མའི་ལྟུང་བྱེད་ཐུན་མོང་མ་ཡིན་པ་བརྒྱ་རྩ་བརྒྱད་པོ་དག་བཤད་པར་བྱའོ། །དེ་ལ་དང་པོ་རེ་ཞིག་དེ་དག་ཐམས་ཅད་ཡུལ་
གྱི་དབྱེ་བར་རྣམ་པར་གཞག་པར་བསྟན་པར་བྱ་སྟེ། མ་ལོན་པས་ཉེ་བར་འཇོག་པ་ལ་སོགས་པ་ནི་བརྟུལ་ཞུགས་ལས་གྱུར་པ་ཡིན་པར་ཤེས་པར་བྱའོ། རབ་ཏུ་བྱུང་བ་ལ་ཕན་མི་འདོགས་པ་ཞེས་བྱ་བ་ལ་སོགས་པ་ནི་བརྟུལ་ཞུགས་ལེན་དུ་བཅུག་པ་ཡལ་བར་འདོར་བ་ལས་གྱུར་པ་
ཡིན་ནོ། །འདོད་པ་བསྟེན་པ་ལ་སོགས་པ་ནི་ཚངས་པར་སྤྱད་པ་ཡོངས་སུ་བསྲུངས་པ་ལས་གྱུར་པ་ཡིན་ནོ། །བྲོ་བརྡུང་བ་ལ་སོགས་པ་ནི་རྩེད་མོ་ལས་གྱུར་པ་ཡིན་ནོ། །གདུགས་ཐོགས་པ་ལ་སོགས་པ་ནི་ཡོ་ལང་ལས་གྱུར་པ་ཡིན་ནོ། །མ་བསྒོ་བར་ཁྱིམ་པའི་མལ་སྟན་ལ་འདུག་
པ་ཞེས་བྱ་བ་ལ་སོགས་པ་ནི་སྟན་ལས་གྱུར་པ་ཡིན་ནོ། །སྐུད་པ་འཁལ་བ་ལ་སོགས་པ་ནི་ལག་བླས་ལས་གྱུར་པ་ཡིན་ནོ། །ཟོས་ཏེ་སྟན་ལས་ལངས་ནས་ཡང་བཟའ་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་ཟ་བ་ལས་གྱུར་པ་ཡིན་ནོ། །སྨེ་གོས་བཅང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་
ནི་གོས་ལས་གྱུར་པ་ཡིན་ནོ། །བསྔགས་པ་ལ་སེར་སྣ་བྱེད་པ་ཞེས་བྱ་བ་ལ་སོགས་པ་ནི་སེར་སྣ་ལས་གྱུར་པ་ཡིན་ནོ། །དགེ་སློང་མ་སྐྲོད་པ་ཞེས་བྱ་བ་ལ་སོགས་པ་ནི་གནས་ཁང་ལས་གྱུར་པ་ཡིན་ནོ། །ལེགས་པར་མ་མཐོང་བས་གླེང་བ་ཞེས་བྱ་བ་ལ་སོགས་པ་ནི་སྡོམ་པ་ལས་གྱུར་པ་
Vol. 163 · folio 38b
ཡིན་ནོ། །དབྱར་གྱི་ནང་དུ་ལྗོངས་རྒྱུ་བ་ཞེས་བྱ་བ་ལ་སོགས་པ་ནི་རྒྱུ་བ་ལས་གྱུར་པ་ཡིན་ནོ། །བཤང་བ་འདོར་བ་ཞེས་བྱ་བ་ལ་སོགས་པ་ནི་བསྒྲུབ་པ་ལས་གྱུར་པའི་ཚུལ་ཡིན་པར་ཤེས་པར་བྱ་སྟེ། ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་བརྒྱ་རྩ་བརྒྱད་པོ་དག་ནི་ཡུལ་དུ་གྱུར་པའི་སྤྱོད་པ་
དེ་དག་ལ་རྣམ་པར་གཞག་པ་ཡིན་ནོ། །ད་འདི་མན་ཆད་ནི་དེ་དག་ངོ་བོ་ཉིད་ཀྱི་སྒོ་ནས་རྣམ་པར་བཤད་པར་བྱ་སྟེ། གང་ལ་མ་ལོན་པས་ཉེ་བར་འཇོག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རབ་ཏུ་འབྱིན་པ་དང་བསྙེན་པར་རྫོགས་པར་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་འབྱིན་
པ་དང་རྫོགས་པར་བསྙེན་པར་བྱེད་པའི་ཡུལ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གནས་སྐབས་གང་ལ་ཞེ་ན། དེའི་ཕྱིར་ལོ་བཅུ་གཉིས་མ་ལོན་པ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རྫོགས་པར་བསྙེན་ནས་ལོ་བཅུ་གཉིས་མ་ལོན་པ་ཉིད་ཡིན་ནའོ། །གང་གིས་ཤེ་ན་དེའི་ཕྱིར་བདག་
ཉིད་རྫོགས་པར་བསྙེན་པས་སོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། དགེ་སློང་མ་བདག་ཉིད་རྫོགས་པར་བསྙེན་ནས་ལོ་བཅུ་གཉིས་མ་ལོན་པར་མཁན་པོ་ཉིད་ཀྱིས་གཞན་རབ་ཏུ་འབྱིན་པ་དང་རྫོགས་པར་བསྙེན་པར་བྱེད་པ་དེ་ལ་ལྟུང་བྱེད་འདི་རྣམ་པར་གཞག་
གོ། །མ་ལོན་པས་ཉེ་བར་འཇོག་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།འཁོར་ཉེ་བར་འཇོག་པའི་ལྟུང་བྱེད་སྨྲ་བར་འདོད་ནས་འཁོར་དང་འཁོར་མང་པོ་ཉེ་བར་གཞག་པའི་གནང་བ་སྦྱིན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་ལ་དགེ་སློང་མའི་དགེ་འདུན་གྱི་འཁོར་ཉེ་བར་
བཞག་པའི་གནང་བ་དང་འཁོར་མང་པོ་ཉེ་བར་གཞག་པའི་གནང་བ་སྦྱིན་པར་བྱའོ། །ཅི་ཐམས་ཅད་ལ་སྦྱིན་པར་བྱ་བའམ་ཞེ་ན་དེའི་ཕྱིར་དེ་ཉེ་བར་འཇོག་ནུས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། འཁོར་དེ་ཉེ་བར་འཇོག་པ་དང་། འཁོར་མང་པོ་དེ་ཉེ་བར་འཇོག་ནུས་པའི་དགེ་སློང་མ་ལ་དགེ་སློང་
མའི་དགེ་འདུན་གྱི་འཁོར་ཉེ་བར་གཞག་པའི་གནང་བ་དང་འཁོར་མང་པོ་ཉེ་བར་གཞག་པའི་གནང་བ་སྦྱིན་པར་བྱའོ། །འདིར་ནུས་པ་ཞེས་བྱ་བ་ལ་ནི། གཉི་ག་ལ་ཡང་ནད་གཡོག་དང་འགྱོད་པ་བསལ་བ་ལ་སོགས་པ་ནུས་པ་ཡིན་པར་རིག་པར་བྱའོ། འདིར་གཞུང་ནི་གང་གི་འཁོར་
Vol. 163 · folio 39a
ཉེ་བར་གཞག་པར་ནུས་པ་དེས་དགེ་འདུན་ལས་འཁོར་ཉེ་བར་གཞག་པའི་གནང་བ་ཐོབ་ནས་འཁོར་ཉེ་བར་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། འདིར་འཁོར་ཉེ་བར་གཞག་པར་གསོལ་བ་དང་གནང་བ་ནི། དགེ་འདུན་འཕགས་མ་རྣམས་བདག་ལ་གསན་
དུ་གསོལ། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལོ་བཅུ་གཉིས་ལོན་ལགས་ཏེ། འཁོར་ཉེ་བར་བཞག་པར་སྤྲོ་ན། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་དགེ་འདུན་འཕགས་མ་རྣམས་ལ་འཁོར་ཉེ་བར་གཞག་པའི་གནང་བ་གསོལ་ན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འཁོར་
མང་པོ་ཉེ་བར་གཞག་པའི་གཞུང་ནི་གང་གིས་འཁོར་མང་པོ་ཉེ་བར་གཞག་པར་ནུས་པ་དེས་དགེ་འདུན་མ་ལས་འཁོར་མང་པོ་ཉེ་བར་གཞག་པའི་གནང་བ་ཐོབ་ནས་འཁོར་མང་པོ་ཉེ་བར་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། དེའི་གསོལ་པ་དང་གནང་བ་ནི་དགེ་འདུན་འཕགས་མ་
རྣམས་བདག་ལ་གསན་དུ་གསོལ། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལོ་བཅུ་གཉིས་ལོན་ལགས་ཏེ། འཁོར་མང་པོ་ཉེ་བར་གཞག་པར་སྤྲོ་ན། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་དགེ་འདུན་འཕགས་མ་རྣམས་ལ་འཁོར་མང་པོ་ཉེ་བར་གཞག་པའི་གནང་བ་
གསོལ་ན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཅི་ནུས་པ་ཐམས་ཅད་ལ་གནང་བ་དེ་སྦྱིན་པར་བྱའམ་ཞེ་ན་དེའི་ཕྱིར་རྫོགས་པར་བསྙེན་ནས་ལོ་བཅུ་གཉིས་ལོན་པ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་གང་གིས་འཁོར་དང་འཁོར་མང་པོ་ཉེ་བར་འཇོག་པར་ཡང་ནུས་ལ་རྫོགས་པར་བསྙེན་
ནས་ལོ་བཅུ་གཉིས་ལོན་པ་ཉིད་ཀྱང་ཡིན་ན་དེ་ལ་གནང་བ་སྦྱིན་པར་བྱའོ། །ལོ་བཅུ་གཉིས་ལོན་པ་ཉིད་ཀྱི་ཕྱིར་ལུང་ནི་དགེ་འདུན་འཕགས་མ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི། རྔོ་ཡང་ཐོགས་ལ་ལོ་བཅུ་གཉིས་ཀྱང་ལོན་ལགས་ཏེ་ཞེས་བྱ་བ་
ལ་སོགས་པ་གསུངས་པ་ཡིན་ནོ། །གནས་སྦྱིན་པ་ལ་ཡང་ལོ་བཅུ་གཉིས་ལོན་པ་ཉིད་དུ་རིག་པར་བྱའོ། །གཞན་གྱིས་གསོལ་བར་མི་བྱའོ་ཞེས་བྱ་བ་ནི། མི་ནུས་པ་དང་ལོ་བཅུ་གཉིས་མ་ལོན་པའི་དགེ་སློང་མའི་གཞན་གྱིས་གནང་བ་དེ་གསོལ་བར་མི་བྱའོ། །ཞར་ལ་བྱུང་བ་རྫོགས་
Vol. 163 · folio 39b
སོ།། །།གང་ལ་འཁོར་ཉེ་བར་འཇོག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་སྔར་གནང་བ་མ་ཐོབ་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་གང་གིས་སྔར་འཁོར་ཉེ་བར་གཞག་པའི་གནང་བ་མ་ཐོབ་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཅི་ཞིག་བྱས་ན་དེ་ལ་དེར་འགྱུར་ཞེ་ན་དེའི་
ཕྱིར། འཁོར་ཉེ་བར་འཇོག་ནའོ་ཞེས་བྱ་བ་སྨྲས་ཏེ། སྔར་གནང་བ་མ་ཐོབ་པ་ལ་འཁོར་ཉེ་བར་འཇོག་པར་བྱེད་ནའོ། །འཁོར་ཉེ་བར་འཇོག་པ་ཞེས་བྱ་བ་ནི། རབ་ཏུ་འབྱིན་པ་དང་རྫོགས་པར་བསྙེན་པར་བྱེད་པ་དང་དགེ་སློབ་མར་བྱེད་པ་དང་གནས་སྦྱིན་པ་ཞེས་བྱ་བ་རྣམ་པ་བཞི་
པོ་དག་གིས་རིག་པར་བྱའོ། འཁོར་ཉེ་བར་འཇོག་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་འཁོར་མང་པོ་ཉེ་བར་འཇོག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཅིག་ཤོས་ནི་འཁོར་མང་པོའོ་ཞེས་བྱ་བ་སྨྲས་ཏེ། ཉེ་བར་འཇོག་པ་ལའོ་ཞེས་བྱ་བར་སྦྱར་རོ། །སྔར་
གནང་བ་མ་ཐོབ་པ་ལའོ་ཞེས་བྱ་བ་དང་འཁོར་མང་པོ་ཉེ་བར་འཇོག་ནའོ་ཞེས་བྱ་བ་གཉིས་ཀྱང་དོན་གྱིས་བསྒྱུར་ཏེ་སྔ་མ་བཞིན་དུ་སྦྱར་རོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། ཅིག་ཤོས་ཞེས་བྱ་བ་འཁོར་མང་པོ་ཉེ་བར་འཇོག་པའི་ལྟུང་བྱེད་ནི་སྔར་གནང་བ་མ་ཐོབ་པ་
ལའོ། །འཁོར་མང་པོ་ཉེ་བར་འཇོག་ན་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འཁོར་མང་པོ་ཉེ་བར་འཇོག་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ལོ་བཅུ་གཉིས་མ་ལོན་པ་རྫོགས་པར་བསྙེན་པར་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ་སོ་བཟུང་བ་ལོ་
བཅུ་གཉིས་ཉིད་ཀྱི་མདུན་རོལ་དུ་བསྙེན་པར་རྫོགས་པར་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། སྔར་རབ་ཏུ་བྱུང་བའི་གཞིར་རྫོགས་པར་བསྙེན་པ་ཆགས་པའི་ལོ་རྣམས་ཀྱི་དང་པོ་ནི་བཅུ་གཉིས་ཉིད་དོ་ཞེས་བསྟན་པས་དེའི་ཕྱིར། བུད་མེད་ཁྱིམ་སོ་བཟུང་བ་བག་མར་གཏང་བ་ནི་ན་ཚོད་ལོ་བཅུ་
གཉིས་ལོན་པའི་མདུན་རོལ་དུ་རྫོགས་པར་བསྙེན་པར་བྱེད་པ་ན་དགེ་སློང་མ་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །ལོ་བཅུ་གཉིས་མ་ལོན་པ་རྫོགས་པར་བསྙེན་པར་བྱེད་པའི་ལྟུང་བྱེད་དུ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ལོ་ཉི་ཤུ་མ་ལོན་པ་རྫོགས་པར་བསྙེན་པར་
Vol. 163 · folio 40a
བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར་གཞན་ནི་ལོ་ཉི་ཤུའིའོ་ཞེས་བྱ་བ་སྨྲས་ཏེ། མདུན་རོལ་དུ་ཞེས་བྱ་བར་སྦྱར་རོ། །རྫོགས་པར་བསྙེན་པར་བྱ་བའི་བུད་མེད་དེ་ཁྱིམ་སོ་བཟུང་བ་ལས་གཞན་པ་ཁྱིམ་སོ་མ་བཟུང་བ་ནི་ན་ཚོད་ལོ་ཉི་ཤུ་ལོན་པའི་མདུན་རོལ་དུ་རྫོགས་པར་
བསྙེན་པར་བྱེད་ན་དགེ་སློང་མ་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ལྟུང་བྱེད་སྔ་མ་དང་འདི་གཉིས་ཀྱི་རྣམ་པ་གཞན་ནི་སྔར་དགེ་སློང་གི་རྣམ་པར་འབྱེད་པར་ལོ་མ་ཚང་བ་རྫོགས་པར་བསྙེན་པར་བྱེད་པའི་ལྟུང་བྱེད་བསྟན་པ་བཞིན་དུ་རིག་པར་བྱའོ། །ལོ་ཉི་ཤུ་མ་ལོན་
པ་རྫོགས་པར་བསྙེན་པར་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ཁྱིམ་སོ་བཟུང་བ་ཚིགས་ལས་བཟླས་པའི་ལྟུང་བྱེད་དང་ཁྱིམ་སོ་མ་བཟུང་བ་ཚིགས་ལས་བཟླས་པའི་ལྟུང་བྱེད་གཉིས་སུ་འགྱུར་ཞེ་ན་དེའི་ཕྱིར། བསླབ་པ་མ་བྱིན་པ་གཉིས་མཁན་མོ་ཉིད་ཀྱིས་སོ་
ཞེས་བྱ་བ་སྨྲས་ཏེ། རྫོགས་པར་བསྙེན་པར་བྱེད་པ་ལའོ་ཞེས་བྱ་བར་སྦྱར་རོ། །བུད་མེད་རྫོགས་བར་བསྙེན་པར་འདོད་པ་ཁྱིམ་སོ་བཟུང་བ་དང་ཁྱིམ་སོ་མ་བཟུང་བ་དགེ་སློབ་མའི་བསླབ་པ་མ་བྱིན་པ་གཉིས་ལ་མཁན་མོ་ཉིད་ཀྱིས་རྫོགས་པར་བསྙེན་པར་བྱེད་ན་དགེ་སློང་མའི་མཁན་མོ་ལ་
ལྟུང་བྱེད་རྣམ་པ་གཉིས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བསླབ་པའི་གཞི་འདི་གཉིས་ནི་སྦོམ་དགའ་མོས་བུད་མེད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་ཞིག་དང་ཁྱིམ་སོ་མ་བཟུང་བ་ལོ་ཉི་ཤུ་ལོན་པ་ཞིག་དགེ་སློབ་མའི་བསླབ་པའི་སྡོམ་པ་མ་བྱིན་པར་ཚིགས་ལས་བཟླས་ཏེ་ཐལ་
ཕྱུང་རྫོགས་པར་བསྙེན་པར་བྱས་པ་ལས་བཅས་པ་ཡིན་ཏེ། འདིར་བྱུང་བའི་དབང་གིས་ཡུལ་ཐ་དད་པ་ལ་བརྟེན་ནས་བསླབ་པའི་གཞི་འདི་གཉིས་སོ་སོར་བཅའ་བ་མཛད་དོ། །བུད་མེད་ལ་ནི་ཚིགས་གསུམ་ཡོད་དེ་དགེ་ཚུལ་མ་ཉིད་དང་དགེ་སློབ་མ་ཉིད་དང་དགེ་སློང་མ་ཉིད་དོ། །
དེ་ལ་དགེ་ཚུལ་མ་ཉིད་ལས་དགེ་སློབ་མ་ཉིད་དུ་མ་བྱས་པར་ཐལ་བྱུང་དགེ་སློབ་མ་ཉིད་དུ་བྱེད་པ་ནི་ཚིགས་ལས་བཟླས་པ་ཞེས་བྱ་བ་སྟེ། ཚིགས་ལས་བཟླས་པ་གཅིག་ཡིན་ཡང་ཁྱིམ་སོ་བཟུང་བ་དང་མ་བཟུང་བའི་དབང་གིས་ཡུལ་ཐ་དད་པ་ལ་བརྟེན་ནས་བསླབ་པའི་གཞི་གཉིས་སུ་མཛད་དོ། །
Vol. 163 · folio 40b
ཚིགས་ལས་བཟླས་པའི་ལྟུང་བྱེད་གཉིས་སོ་ཞེས་བྱ་བ་ཁྱིམ་སོ་བཟུང་བའི་ཚིགས་ལས་བཟླས་པའི་ལྟུང་བྱེད་དང་ཁྱིམ་སོ་མ་བཟུང་བ་ཚིགས་ལས་བཟླས་པའི་ལྟུང་བྱེད་གཉིས་བཤད་ཟིན་ཏོ།། །།གང་ལ་བསླབ་པ་མ་བསླབས་པ་རྫོགས་པར་བསྙེན་པར་བྱེད་པའི་ལྟུང་བྱེད་དུ་འགྱུར་
ཞེ་ན་དེའི་ཕྱིར་དེ་ལ་མ་སྤྱད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། མཁན་མོ་ཉིད་ཀྱིས་རྫོགས་པར་བསྙེན་པར་བྱེད་པ་ལའོ་ཞེས་བྱ་བར་སྦྱར་རོ། །དགེ་སློབ་མའི་སྡོམ་པ་བྱིན་དུ་ཟིན་ཀྱང་དགེ་སློབ་མའི་བསླབ་པ་ཇི་སྐད་བསྟན་པ་དེ་ལ་ལོ་གཉིས་སུ་མ་སྤྱད་པ་ཉིད་མཁན་མོ་ཉིད་ཀྱིས་རྫོགས་པར་
བསྙེན་པར་བྱེད་ན་དགེ་སློང་མ་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བསླབ་པའི་གཞི་འདི་ནི་སྦོམ་དགའ་མོས་གཞོན་ནུ་མ་ལོ་བཅོ་བརྒྱད་ལོན་པ་རབ་ཏུ་ཕྱུང་སྟེ་ལོ་གཉིས་སུ་དགེ་སློབ་མའི་བསླབ་པའི་སྡོམ་པ་བྱིན་ནས་ལོ་གཉིས་མ་ལོན་པ་ཁོ་ནར་རྫོགས་པར་བསྙེན་པར་
བྱས་པ་ལས་བཅས་པ་ཡིན་ནོ། །བསླབ་པ་ལ་མ་བསླབས་པ་རྫོགས་པར་བསྙེན་པར་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་བསླབ་པ་ལ་བསླབས་པ་རྫོགས་པར་བསྙེན་པར་མི་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། སྤྱད་པ་ནི་མི་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ།
ལོ་གཉིས་སུ་དགེ་སློབ་མའི་སྤྱད་པ་ལ་སྤྱད་ཟིན་པ་ཉིད་མཁན་མོ་ཉིད་ཀྱིས་རྫོགས་པར་བསྙེན་པར་མི་བྱེད་ན་དགེ་སློང་མ་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཡང་འདིར་གཞུང་ནི་ཡང་དགེ་སློང་མ་གང་གིས་ཆོས་དྲུག་ལ་བསླབས་པ་རྫོགས་པར་བསྙེན་པར་མི་བྱེད་ན་ལྟུང་བྱེད་
དོ་ཞེས་གསུངས་པ་ཡིན་ནོ། །རྐྱེན་མ་ཚང་བའི་ཕྱིར་རྫོགས་པར་བསྙེན་པར་མི་བྱེད་པ་ལ་ནི་ཉེས་པ་མེད་དོ། །བསླབ་པ་ལ་བསླབས་པ་རྫོགས་པར་བསྙེན་པར་མི་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ཆོས་འཚོང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། གལ་ཏེ་ཁོ་
མོ་ལ་གོས་སྦྱིན་པ་ལྟ་ན་དེའི་ཕྱིར་ཁྱོད་རྫོགས་པར་བསྙེན་པར་བྱའོ་ཞེས་རྫོགས་པར་བསྙེན་པར་འདོད་པ་ལ་ཟེར་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ཇི་སྐད་སྨོས་པའི་རྣམ་པ་དེ་ལྟ་བུ་རྫོགས་པར་བསྙེན་པར་འདོད་པ་ལ་ཟེར་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །རྣམ་པ་འདིས་ཆོས་འཚོང་བར་བྱེད་པ་ཡིན་
Vol. 163 · folio 41a
པས་ན་དེའི་ཕྱིར་ཆོས་འཚོང་བ་ཞེས་བྱའོ། །སྡོམ་པ་གཞན་བླངས་པའི་ཕྱིར་སྒྲུབ་པར་བྱེད་པ་ལ་གལ་ཏེ་ཁོ་མོ་ལ་གོས་ལ་སོགས་པ་སྦྱིན་པ་ལྟ་ན་དེའི་ཕྱིར་ཁྱོད་རབ་ཏུ་དབྱུང་བར་བྱའོ་ཞེ་འམ། ཀློག་ཏུ་གཞུག་གོ་ཞེས་བྱ་བ་ལ་སོགས་པ་ཟེར་བ་ལ་ནི་ཉེས་བྱས་སོ། །འདིར་གོས་ཞེས་
སྨོས་པ་ནི་མཆོག་ཏུ་གྱུར་པ་རིན་པོ་ཆེ་ལ་སོགས་པ་དང་ཐ་མར་གྱུར་པ་ཐ་ན་རྐང་པ་མཉེ་བ་དག་ལ་སོགས་པའི་དཔེ་ཡིན་ཏེ། དེ་དག་ལ་ཡང་ལྟུང་བྱེད་ཁོ་ནར་འགྱུར་རོ། །བུད་མེད་རྣམས་ཀྱི་ལྷག་པར་ཆགས་པ་ནི་སྟོབས་ཆེ་བ་ཡིན་པའི་ཕྱིར་དེ་དག་ལ་ནི་ལྟུང་བྱེད་དུ་རྣམ་པར་གཞག་གི། སྐྱེས་
པ་རྣམས་ཀྱི་ལྷག་པར་ཆགས་པ་ནི་སྟོབས་ཆུང་བའི་ཕྱིར་སྐྱེས་པ་ལ་ནི་འདི་དག་ཐམས་ཅད་ཉེས་བྱས་སོ། །ཆོས་འཚོང་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་འདྲིད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རབ་ཏུ་བྱུང་བ་དང་མཐུན་པ་བསྟན་པས་ཁྱིམ་རྒྱས་པར་བྱ་བ་སྤང་
དུ་བཅུག་ནས་རབ་ཏུ་མི་འབྱིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་པ་མོ་ལ་རབ་ཏུ་འབྱུང་བ་དང་མཐུན་པའི་ཚིག་བསྟན་པའི་རྒྱུ་དེས་ཁྱིམ་རྒྱས་པར་བྱ་བ་སྤང་དུ་བཅུག་ཅིང་ཁྱིམ་རྒྱས་པར་བྱ་བ་སྤངས་ནས་རབ་ཏུ་མི་འབྱིན་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །བསླབ་པའི་གཞི་འདི་ནི་གཽ་
ཏ་མ་སྐེམ་མོས་ཕྱུག་པོའི་ཡུགས་ས་མོ་མྱ་ངན་གྱི་ཟུག་རྔུས་གཟིར་བ་ཞིག་ལ་ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུང་ཞེས་སྨྲས་པ་དང་། དེ་ན་རེ་གལ་ཏེ་འཕགས་མས་རབ་ཏུ་དབྱུང་བར་གནང་ན་བདག་ནི་རབ་ཏུ་འབྱུང་ངོ་ཞེས་ཟེར་བ་ལ་དེས་དེ་ལ་ཁྱིམ་རྒྱས་པར་བྱ་བ་འདི་དག་སྤོང་ན་དེས་ཁྱོད་རབ་ཏུ་འབྱུང་
བར་འགྱུར་བ་མི་དཀའོ་ཞེས་སྨྲས་པ་དང་། དེས་ཁྱིམ་རྒྱས་པར་བྱ་བ་སྤངས་པ་ན་དེས་དེ་རབ་ཏུ་མ་བྱུང་བ་ལས་བཅས་པ་ཡིན་ནོ། །རབ་ཏུ་འབྱུང་བ་དང་མཐུན་པ་བསྟན་པས་ཞེས་བྱ་བ་ནི་དེས་ཁྱོད་རབ་ཏུ་འབྱུང་བར་འགྱུར་བ་མི་དཀའོ་ཞེས་བྱ་བ་རེ་བར་གྱུར་པའི་ཚིག་དེ་ཡིན་པར་རིག་པར་བྱའོ། །
གཞན་དུ་འདྲིད་པ་ལ་ནི་ཉེས་བྱས་སོ། །འདྲིད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་འཁོར་མང་པོ་སྩོགས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ལོའི་རྗེས་སུ་རབ་ཏུ་འབྱིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ལོ་གང་ལ་གཞན་རབ་ཏུ་བྱུང་བ་དེའི་ཕྱི་དེ་ལོ་ལ་ཡང་གཞན་རབ་ཏུ་
Vol. 163 · folio 41b
འབྱིན་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ལོའི་རྗེས་སུ་ཞེས་སྨོས་པས་ནི་མཇུག་ཐོགས་ཞེས་བྱ་བར་སྟོན་ཏེ། དེ་བས་ན་ཕྱི་དེ་ལོ་ཉིད་ལ་ཅིག་ཅར་རམ་ཕྱིས་རབ་ཏུ་འབྱིན་པ་ལྟུང་བྱེད་ཁོ་ནར་འགྱུར་རོ། །ལོ་གསུམ་པ་ལ་སོགས་པ་དག་ལ་ནི་ལྟུང་བ་མེད་དོ། །འཁོར་མང་པོ་སྩོགས་པའི་
ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་མ་གནང་བ་སྡུད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བདག་པོས་མ་གནང་བ་ཉིད་རབ་ཏུ་འབྱིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཆུང་མ་ཁྱིམ་ཐབ་ཀྱིས་རབ་ཏུ་འབྱུང་དུ་མ་གནང་བ་དེ་རབ་ཏུ་འབྱིན་པར་བྱེད་ན་དེ་ལ་ཁ་ན་མ་ཐོ་བ་
འདིར་འགྱུར་རོ། །བདག་པོ་ལ་ནི་ཅི་ལྟར་ཆུང་མ་རབ་ཏུ་ཕྱུང་ན་གནོད་པར་འགྱུར་བ་དེ་ལྟ་བུ་ལ་སོགས་པ་རབ་ཏུ་ཕྱུང་ན་གནོད་པར་མི་འགྱུར་བས་དེའི་ཕྱིར་འདིར་ནི་ཁ་ན་མ་ཐོ་བ་ལྕི་བར་གསུངས་སོ། །རབ་ཏུ་འབྱིན་པ་ལའོ་ཞེས་བྱ་བ་འདི་ནི་བསླབ་པའི་གཞི་འོག་མ་བཞི་པོ་དག་ལ་ཡང་སྦྱར་
བར་བྱའོ། །མ་གནང་བ་སྡུད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།སྐྱོན་ཅན་སྡུད་པ་ལས་གྱུར་པའི་ལྟུང་བྱེད་བཞི་པོ་དག་ལས། གང་ལ་འཁྲུལ་བ་མོ་སྡུད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་འཁྲུལ་བ་མོའོ་ཞེས་བྱ་བ་སྨྲས་ཏེ། མཁན་མོ་ཉིད་ཀྱིས་རབ་ཏུ་
འབྱིན་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །གང་ལ་སྦྲུམ་མ་སྡུད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། སྦྲུམ་མའོ་ཞེས་བྱ་བ་སྨྲས་ཏེ། མཁན་མོ་ཉིད་ཀྱིས་རབ་ཏུ་འབྱིན་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །གང་ལ་མྱ་ངན་གྱིས་གཟིར་བ་སྡུད་
པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར་མྱ་ངན་གྱིས་གཟིར་བའོ་ཞེས་བྱ་བ་སྨྲས་ཏེ། མཁན་མོ་ཉིད་ཀྱིས་རབ་ཏུ་འབྱིན་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །གང་ལ་ཙབ་ཀྲོལ་ཅན་སྡུད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ཙབ་ཀྲོལ་ཅན་ནོ་ཞེས་བྱ་བར་སྨྲས་ཏེ། མཁན་
མོ་ཉིད་ཀྱིས་རབ་ཏུ་འབྱིན་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཙབ་ཀྲོལ་ཅན་ནི་རབ་ཏུ་འབྱིན་པ་ལ་ལྟུང་བྱེད་དུ་འགྱུར་བར་མ་ཟད་ཀྱི་རྫོགས་པར་བསྙེན་པར་བྱེད་པ་ལ་ཡང་ལྟུང་བྱེད་དུ་འགྱུར་རོ། །སྦྲུམ་མ་རྫོགས་པར་བསྙེན་པར་བྱེད་པ་ལ་ནི་ཉེས་བྱས་སོ། །ཙབ་ཀྲོལ་
Vol. 163 · folio 42a
ཅན་ཞེས་བྱ་བ་ནི་རྣམ་པར་འབྱེད་པ་ལས་བུད་མེད་མ་རུངས་པའོ་ཞེས་གསུངས་པ་ཡིན་ཏེ། བསྟན་པ་ལ་བུད་མེད་ཙབ་ཀྲོལ་ཅན་གཞུག་པ་ནི་ཤིན་ཏུ་ཚུལ་མ་ཡིན་པའི་ཕྱིར་རོ། །སྐྱོན་ཅན་སྡུད་པ་ལས་གྱུར་པའི་ལྟུང་བྱེད་བཞིའོ་ཞེས་བྱ་བ། འཁྲུལ་བ་མོ་སྡུད་པའི་
ལྟུང་བྱེད་དང་སྦྲུམ་མ་སྡུད་པའི་ལྟུང་བྱེད་དང་། མྱ་ངན་གྱིས་གཟིར་བ་སྡུད་པའི་ལྟུང་བྱེད་དང་ཙབ་ཀྲོལ་ཅན་སྡུད་པའི་ལྟུང་བྱེད་བཞི་བཤད་ཟིན་ཏོ།། །།ཡལ་བར་འདོར་བ་ལས་གྱུར་པའི་ལྟུང་བྱེད་བཞི་པོ་དག་ལས་གང་ལ་ཕན་མི་འདོགས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རབ་
ཏུ་བྱུང་བ་དང་རྫོགས་པར་བསྙེན་པར་བྱས་པ་དག་ལ་ཕན་མི་འདོགས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མཁན་མོ་ཉིད་ཀྱིས་ཞེས་བྱ་བར་ཐམས་ཅད་ཀྱིས་དབང་དུ་བྱ་བར་རིག་པར་བྱའོ། །མཁན་མོ་ཉིད་ཀྱིས་རབ་ཏུ་ཕྱུང་བ་དང་རྫོགས་པར་བསྙེན་པར་བྱས་པ་དག་ལ་གདམས་ངག་ལ་སོགས་པས་
ཡོངས་སུ་མི་སྐྱོ་ཞིང་ཕན་མི་འདོགས་པ་དག་ལྟུང་བྱེད་དུ་འགྱུར་རོ། །གང་ལ་མི་འདྲེན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བར་ཆད་མཐོང་ན་མི་འདྲེན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མཁན་མོ་ཉིད་ཀྱིས་རབ་ཏུ་ཕྱུང་བ་དང་། རྫོགས་པར་བསྙེན་པར་བྱས་པ་དག་ལ་བདག་པོ་ལ་སོགས་པ་དག་གི་
བར་ཆད་དུ་འགྱུར་བ་མཐོང་ན་བར་ཆད་ཀྱི་གནས་དེ་ལས་བར་ཆད་མེད་པའི་གནས་སུ་མི་འདྲེན་ཏམ། དེ་ཉིད་དུ་འཇིགས་པ་མེད་པར་མི་བྱེད་ན་དེ་ལ་ལྟུང་བྱེད་དུ་འགྱུར་རོ། །གང་ལ་མི་སློབ་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་མའི་བསླབ་པ་མི་སློབ་པ་ལའོ་ཞེས་བྱ་
བ་སྨྲས་ཏེ། མཁན་མོ་ཉིད་ཀྱིས་རབ་ཏུ་ཕྱུང་བ་དང་རྫོགས་པར་བསྙེན་པར་བྱས་པ་དག་ལ་དགེ་སློང་མའི་བསླབ་པ་མི་སློབ་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདི་སྐད་བསྟན་ཏེ། མཁན་མོ་ཉིད་ཀྱིས་རབ་ཏུ་བྱུང་བ་དང་། རྫོགས་པར་བསྙེན་པར་བྱས་པ་དག་ལ་དགེ་སློང་མའི་
བསླབ་པ་མི་སློབ་ན་མཁན་མོ་དེ་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བར་རྣམ་པར་གཞག་གོ། །གང་ལ་ནད་གཡོག་མི་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་ནད་པ་དག་ལ་ནད་གཡོག་མི་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མཁན་མོ་ཉིད་ཀྱིས་རབ་ཏུ་ཕྱུང་བ་དང་རྫོགས་པར་བསྙེན་པར་
Vol. 163 · folio 42b
བྱས་པའི་སློབ་མ་ནད་པ་དག་ལ་ནད་གཡོག་མི་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །རབ་ཏུ་ཕྱུང་བ་དང་རྫོགས་པར་བསྙེན་པ་དེ་དག་ཉི་ཚེར་ཡང་མ་ཟད་ཀྱི། འདི་ལྟར་ཉེ་གནས་དང་བཅས་པས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། གནས་སྦྱིན་པའི་སློབ་དཔོན་མ་གང་ལ་ཉེ་གནས་ཡོད་པ་དེ་ནི་ཉེ་
གནས་དང་བཅས་པ་སྟེ། དེས་ཀྱང་རང་གི་ཉེ་གནས་རབ་ཏུ་ཕྱུང་བ་དང་རྫོགས་པར་བསྙེན་པ་དག་ལ་ནད་གཡོག་མི་བྱེད་པ་ལ་ཡང་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདི་སྐད་བསྟན་ཏེ། གནས་པ་ཉིད་དུ་གཞག་པའི་ཉེ་གནས་ན་བ་དག་ལ་ནད་གཡོག་མི་བྱེད་པའི་གནས་སྦྱིན་པའི་སློབ་
དཔོན་མོ་ལ་ཡང་ལྟུང་བྱེད་ཁོ་ནར་འགྱུར་རོ། །ཡལ་བར་འདོར་བ་ལས་གྱུར་པའི་ལྟུང་བྱེད་བཞིའོ་ཞེས་བྱ་བ་ཕན་མི་འདོགས་པའི་ལྟུང་བྱེད་དང་མི་འདྲེན་པའི་ལྟུང་བྱེད་དང་། མི་སློབ་པའི་ལྟུང་བྱེད་དང་། ནད་གཡོག་མི་བྱེད་པའི་ལྟུང་བྱེད་བཞི་བཤད་ཟིན་ཏོ།། །།གང་ལ་
འདོད་པ་བསྟེན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རང་གིས་བསྟེན་པར་བྱ་བའི་ནང་དུ་རྒྱ་སྐྱེགས་ཀྱི་ཆང་བུ་འཇུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། རང་གིས་ཞེས་བྱ་བ་ནི་རང་གིས་འཇུད་པ་ལ་བྱའི། །གཞན་འཇུད་དུ་བཅུག་པ་ནི་མ་ཡིན་ཏེ། བསྟེན་པར་བྱ་བའི་ནང་དུ་གཞན་འཇུད་དུ་
བཅུག་པ་ལ་ནི་མི་ཚངས་པར་སྤྱོད་པར་གཏོགས་པའི་སྦོམ་པོར་འགྱུར་རོ། །བསྟེན་པར་བྱ་བ་ཞེས་བྱ་བ་ནི་མོའི་དབང་པོའོ། །ནང་དུ་ཞེས་བྱ་བ་ནི་བསྟེན་པར་བྱ་བའི་ནང་དུའོ། །རྒྱ་སྐྱེགས་ཀྱི་ཆང་བུ་ཞེས་བྱ་བ་ནི་རྒྱ་སྐྱེགས་ཀྱི་ཚིགས་མས་བསྐུས་པའི་ཆང་ཆང་སྟེ། དེ་རང་གིས་རང་གི་མོ་མཚན་གྱི་
ནང་དུ་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དེ་ལྟར་ཡང་སོ་སོར་ཐར་པའི་མདོ་ལས་རྒྱ་སྐྱེགས་ཀྱིས་བསྐུས་པ་འཆང་ན་ཞེས་གསུངས་པ་ཡིན་ཏེ། དེའི་རྣམ་པར་འབྱེད་པ་རྒྱ་སྐྱེགས་ཀྱི་ཚིགས་མས་བསྐུས་པའི་རྒྱ་སྐྱེགས་ཀྱི་ཚིགས་མའི་ཆང་བུ་བདག་ཉིད་འཆང་ན་ཞེས་གསུངས་པ་
དེ་ཡིན་ནོ། །དེ་ལྟ་བས་ན་བསྟེན་པར་བྱ་བའི་ནང་དུ་འཇུད་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་གྱི། བསྲེལ་བ་ཙམ་ལ་ནི་མ་ཡིན་ནོ། །དགེ་སློང་མ་རྣམས་ལ་ཁུ་བ་འབྱིན་པའི་ཁ་ན་མ་ཐོ་བ་ལོགས་ཤིག་ཏུ་མ་གསུངས་ཏེ། འདི་ལྟར་གཏམ་གྱི་གཞི་ལས་དགེ་སློང་གིས་བསམས་བཞིན་
Vol. 163 · folio 43a
དུ་ཁུ་བ་ཕྱུང་ན་དགེ་འདུན་ལྷག་མའོ། །དགེ་སློང་མས་ཕྱུང་ན་ལྟུང་བྱེད་དོ་ཞེས་གསུངས་པའི་ཕྱིར་ཏེ། བཀྲུ་བའི་ཕྱིར་སོར་གཉིས་ཙམ་གཞུག་པ་རྗེས་སུ་གནང་བའི་ཕྱིར་དེ་ཡན་ཆད་ནི་འདིར་དང་པོ་ཡིན་གྱི་པགས་པའི་རིམ་པ་ནི་དང་པོ་མ་ཡིན་ནོ། །འདིར་དེ་ཡན་ཆད་དུ་
བྱེད་པ་ཐམས་ཅད་ནི་རྩོམ་པ་གཅིག་ཏུ་གྱུར་པས་བྱེད་ན་ནི་ལས་གཅིག་ཡིན་ཏེ། ཁུ་བ་འབྱིན་པ་ལས་གྱུར་པའི་ལྟུང་བྱེད་ཁོ་ནར་འགྱུར་རོ། །འདིར་རྒྱ་སྐྱེགས་ཀྱི་ཆང་བུ་ཞེས་སྨོས་པ་ནི་རྫས་འཇམ་པོ་ཧ་ཅང་མི་ཕྲ་བ་གཞན་དག་གི་དཔེ་ཡིན་ནོ། །མི་འཇམ་པ་དང་ཧ་ཅང་ཕྲ་མོ་ཉིད་ལ་ནི་
དངོས་གཞིའི་མཐའི་ཉེས་བྱས་སོ། །ཕོ་ལ་ནི་རྒྱ་སྐྱེགས་ཀྱི་ཆང་བུ་གཞུག་པའི་གནས་གཉིས་ཡོད་དེ་ཁ་དང་བཤང་བའི་ལམ་སྟེ། དགེ་སློང་ལ་ནི་ཉེས་པ་སྦོམ་པོར་འགྱུར་རོ། །རྒྱུན་ལས་བཟློག་ཕྱོགས་སུ་བརྩལ་བར་མི་བྱའོ་ཞེས་བྱ་བ་ནི། འདི་མན་ཆད་ཉེས་བྱས་སུ་རིག་པར་བྱའོ། །
འདི་དག་ནི་ཕྲན་ཚེགས་དག་ལས་འབྱུང་སྟེ། འདི་དག་ཀྱང་འདི་ལྟ་བུ་དང་མཐུན་པ་གཞན་དག་གི་དཔེ་ཡིན་ནོ། །མདོ་འདི་ནི་སྦོམ་དགའ་མོས་ཆུ་ཀླུང་གནས་ཅན་གྱི་ནང་དུ་ཞུགས་ཏེ་རྒྱུན་ལས་བཟློག་ཕྱོགས་སུ་རྩོལ་བར་བྱེད་པ་ན་དེ་ལ་དགེ་སློང་མ་རྣམས་ཀྱིས་ཅི་བྱེད་ཅེས་དྲིས་པ་དང་།
རེག་པ་བདག་གིར་བྱེད་དོ་ཞེས་ཟེར་བ་ལས་བསྡུས་པ་ཡིན་ནོ། །མངལ་གྱི་སྒོར་ཁུ་ཆུ་བླུགས་པར་མི་བྱའོ་ཞེས་བྱ་བ་དེ་ནི་སྦེད་མའི་གླེང་གཞི་ལས་སོ། །རྐེད་བཅིངས་ཀྱིས་གློ་བཅིང་བར་མི་བྱའོ་ཞེས་བྱ་བ་ནི། གློ་གཉིས་ཕྲ་མོར་འདུག་པར་བྱ་བའི་ཕྱིར་རྐེད་བཅིངས་ཀྱིས་གློ་བཅིང་
བར་མི་བྱའོ། །གློ་བཅིང་བར་བྱ་བའི་རྫས་གང་ཡང་རུང་བ་ཐམས་ཅད་ལ་སྤྱིར་རྐེད་བཅིངས་ཞེས་བྱའོ། །བྲང་བཅིངས་ཀྱིས་ནུ་མ་གཉིས་མི་བྱའོ་ཞེས་བྱ་བ་ཡང་བཅིང་བར་ཞེས་བྱ་བར་སྦྱར་རོ། །འདིར་ཡང་ནུ་མ་གཉིས་འཕྱང་དུ་མི་གཏོང་བའི་ཆིངས་མའི་རྫས་གང་ཡང་རུང་བ་སྤྱི་ལ་བྲང་
ཆིངས་ཞེས་བྱ་སྟེ། དེས་ནུ་མ་གཉིས་བཅིང་བར་མི་བྱའོ། །མཛེས་འགྱུར་གྱི་བར་ཆད་ཀྱིས་བར་དུ་གཅད་པར་མི་བྱའོ་ཞེས་བྱ་བ་ཡང་ནུ་མ་གཉིས་ཀྱིས་ཞེས་བྱ་བར་སྦྱར་རོ། །ནུ་མ་གཉིས་ཕན་ཚུན་མི་འབྱར་བའི་ཕྱིར་བར་དུ་གཅད་པའི་རྫས་ནི་མཛེས་འགྱུར་གྱི་བར་ཆད་ཅེས་བྱ་སྟེ། དེས་
Vol. 163 · folio 43b
ནུ་མ་གཉིས་ཀྱི་བར་དུ་གཅད་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་དེ་གསུམ་གྱི་གཞུང་ནི་དགེ་སློང་མས་རྐེད་ཆིངས་ཀྱིས་གློ་བཅིང་བར་མི་བྱའོ། །འཆིང་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་མས་བྲང་ཆིངས་དང་མཛེས་འགྱུར་གྱི་བར་ཆད་བཅང་བར་མི་བྱའོ། །འཆང་ན་
འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་དག་ནི་དཔེའོ་ཞེས་བྱ་བ་ནི། རྐེད་ཆིངས་ལ་སོགས་པ་གསུམ་པོ་དེ་དག་ནི་དཔེ་ཡིན་ཏེ། དེ་དག་དང་གཞན་ཡང་སྐེ་རགས་དང་ལིག་ཏོ་ལ་སོགས་པའི་རྫས་གང་གིས་འཆིང་ན་ཡང་ཁ་ན་མ་ཐོ་བ་འདྲའོ། །འདོད་པ་བསྟེན་པའི་
ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་འདོད་པ་བསྟེན་པ་ལྟར་བཅོས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། སོར་མོའི་ཚིགས་གཉིས་ལས་ལྷག་པས་མོ་མཚན་གྱི་ནང་འཁྲུ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། འདོད་པ་བསྟེན་པ་རྒྱ་སྐྱེགས་ཀྱི་ཆང་བུ་འཆང་བ་དང་འདྲ་བ་དང་དེའི་
གཟུགས་བརྙན་དང་དེ་ལྟར་བཅོས་པ་ནི་འདོད་པ་བསྟེན་པ་ལྟར་བཅོས་པ་ཞེས་བྱ་བའོ། །སོར་མོ་རྣམས་ཀྱི་ཚིགས་གཉིས་ཀྱི་ཚད་གང་ཡིན་པ་དེ་ལས་ལྷག་པས་མོ་མཚན་གྱི་ནང་འཁྲུ་བར་བྱེད་ན་དེ་ལ་འདོད་པ་བསྟེན་པ་ལྟར་བཅོས་པའི་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་ཡང་རང་གིས་ཞེས་བྱ་
བར་སྦྱར་ཏེ་གཞན་བྱེད་དུ་བཅུག་པ་ལ་ནི་མི་ཚངས་པར་སྤྱོད་པར་གཏོགས་པའི་ཉེས་པ་སྦོམ་པོར་འགྱུར་རོ། །འདི་ནི་སྦོམ་དགའ་མོས་རྨའི་སྦུབས་སུ་ལག་པ་བཅུག་སྟེ་རྩོལ་བ་ལས་མདོར་བྱས་པ་ཡིན་ནོ། །འདོད་པ་བསྟེན་པ་ལྟར་བཅོས་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།
གང་ལ་འདོད་པ་བསྟེན་པ་ལྟར་གནོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དེ་ལ་ལག་མཐིལ་གྱི་ཐལ་ལྕག་གིས་བསྣུན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མོ་མཚན་དེ་ལ་ལག་མཐིལ་གྱི་ཐལ་ལྕག་གིས་བསྣུན་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་ཏེ། ཆགས་པར་གྱུར་པའི་སེམས་ཀྱིས་ཀྱང་
རུང་ཆགས་པར་མ་གྱུར་པའི་སེམས་ཀྱིས་ཀྱང་རུང་སྟེ་བྱེ་བྲག་མེད་དོ། །ཇི་ལྟར་འདོད་པ་བསྟེན་པ་ལ་སྐྲངས་པའི་སྡུག་བསྔལ་ཉིད་ལ་སོགས་པ་གནོད་པར་འགྱུར་བ་དེ་བཞིན་དུ་ལག་པའི་མཐིལ་གྱི་ཐལ་ལྕག་གིས་བསྣུན་པ་ལ་ཡང་གནོད་པར་གྱུར་པ་ཡོད་པས་འདོད་པར་བསྟན་པ་ལྟར་གནོད་པ་ཞེས་
Vol. 163 · folio 44a
བྱ་སྟེ། དེ་ལས་ལྟུང་བྱེད་གང་བྱུང་བ་དེ་ནི་འདོད་པ་བསྟེན་པ་ལྟར་གནོད་པའི་ལྟུང་བྱེད་ཅེས་བྱའོ། །འདོད་པ་བསྟེན་པ་ལྟར་གནོད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་བསྟེན་པར་བྱ་བ་འཆོས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དེ་ལ་སྤུ་འཐོག་
པ་བྱེད་དམ་བྱེད་དུ་འཇུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མོ་མཚན་དེ་ལ་རྨོངས་ཀྱི་སྤུ་འཐོག་ཅིང་བྲེག་བ་རང་གིས་བྱེད་དམ་གཞན་བྱེད་དུ་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་རེག་པའི་ཁ་ན་མ་ཐོ་བ་ནི་རྣམ་པར་མི་གཞག་སྟེ། དེ་ལ་སྐྱེས་པས་རེག་ན་ནི་ཕམ་པར་འགྱུར་ལ། གལ་
ཏེ་བུད་མེད་ཀྱིས་རེག་ན་ནི་སྦོམ་པོའོ་ཞེས་ཉེས་པ་སྔར་བསྟན་ཟིན་པའི་ཕྱིར་རོ། །འདི་ནི་མཛེས་པར་བྱ་བའི་ཕྱིར་དེ་སྤུ་ཉག་མ་འགའ་བཏོགས་པས་ནི་མཛེས་པར་བྱས་པ་མ་ཡིན་ཏེ། འདི་ལྟར་ཕལ་ཆེར་བཏོགས་ན་མཛེས་པར་བྱས་པ་ཡིན་ནོ། །ཕལ་ཆེར་བཏོགས་པ་ཞེས་བྱ་བ་ནི་འདིར་སུམ་ཆ་
ཅིག་ལུས་པ་སྟེ་དེའི་ཚེ་ན་དངོས་གཞིའོ། །རྩོམ་པ་གཅིག་ཉིད་ཀྱིས་ལྷག་མའི་རྗེས་སུ་འཇུག་པར་རིག་པར་བྱའོ། །དགེ་སློང་ལ་ནི་འདི་ཉེས་བྱས་སོ། །གལ་ཏེ་འཁྲིག་པའི་འདོད་ཆགས་ཀྱིས་བྱེད་ན་ནི་ཕམ་པར་གཏོགས་པའི་སྦོམ་པོའོ། །གལ་ཏེ་ཁུ་བ་འབྱིན་པའི་འདོད་ཆགས་ཀྱིས་
བྱེད་ན་ནི་དགེ་འདུན་ལྷག་མར་གཏོགས་པའི་སྦོམ་པོའོ། །ཐལ་ལྕག་གིས་བསྣུན་པ་ནི་དགེ་སློང་ལ་གལ་ཏེ་འདོད་ཆགས་ཀྱིས་བྱེད་ན་ནི་སྦོམ་པོའོ། །འདོད་ཆགས་མེད་ན་ནི་ཉེས་བྱས་སོ། །བསྟེན་པར་བྱེད་པ་འཆོས་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་རེག་
པར་བྱ་བ་མ་ཡིན་པ་དང་བསྟེན་པའི་ལྟུང་བྱེད་བཅུ་གཅིག་སྟོན་ཏེ། དགེ་སློང་མས་སྐྱེས་པ་ལ་རེག་པར་བྱ་བ་མ་ཡིན་པ་དེ་དང་། ལྷན་ཅིག་རེག་པའི་ཚུལ་གྱིས་བསྟེན་པ་གང་ཡིན་པ་དེ་ལས་གྱུར་པའི་ཁ་ན་མ་ཐོ་བ་དེ་དག་ནི། རེག་པར་བྱ་བ་མ་ཡིན་པ་དང་བསྟེན་པའི་ལྟུང་བྱེད་རྣམས་
ཞེས་བྱའོ། །དེ་ལ་དེ་དག་གི་དང་པོ་ཇེ་བཤད་པར་བྱ་སྟེ། གང་ལ་ཁྱིམ་པ་དང་ལྷན་ཅིག་འགྲེང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ་པ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འགྲེང་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་གཅིག་པུ་ཁྱིམ་པ་བསྟེན་པའི་མཐུ་ཡོད་པ་
Vol. 163 · folio 44b
གཅིག་དང་དབེན་པ་སྐྱབས་ཡོད་པ་ན། འདོམ་གང་གི་ནང་ཚུན་ཆད་ན་འདུག་གམ་འགྲེང་ཡང་རུང་སྟེ། དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སྐྱེས་པ་བསྟེན་པའི་མཐུ་མེད་པ་ནི་ཉེས་བྱས་སོ། །དབེན་པ་སྐྱབས་ཡོད་པའི་མཚན་ཉིད་བསྟན་པའི་ཕྱིར། རྩིག་པ་དང་སབ་མ་དང་ཡོལ་
བ་དང་ཐིབས་པོ་དང་མུན་པ་དག་གིས་ནི་དེ་ཉིད་འགྲུབ་བོ་ཞེས་བྱ་བ་སྨྲས་ཏེ། ལྔ་པོ་དེ་དག་གིས་ནི་དབེན་པ་སྐྱབས་ཡོད་པ་འགྲུབ་པོ། །གང་ལ་དགེ་སློང་དང་ལྷན་ཅིག་འགྲེང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་དང་ངོ་ཞེས་བྱ་བ་སྨྲས་ཏེ། ལྷན་ཅིག་དབེན་པ་
སྐྱབས་ཡོད་པ་ན་འགྲེང་བ་ལའོ་ཞེས་བྱ་བར་སྦྱར་རོ། །གང་ལ་བླ་གབ་མེད་པ་ན་ཁྱིམ་པ་དང་ལྷན་ཅིག་འགྲེང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བླ་གབ་མེད་པ་ན་སྔ་མ་དང་ངོ་ཞེས་བྱ་བ་སྨྲས་ཏེ། བླ་གབ་མེད་པ་ཞེས་བྱ་བ་བར་ཆད་མེད་པའི་ཕྱོགས་ན་སྔ་མ་དང་ངོ་ཞེས་བྱ་བ་ཁྱིམ་པ་དང་
ལྷན་ཅིག་འགྲེང་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །གང་ལ་བླ་གབ་མེད་པ་ན་དགེ་སློང་དང་ལྷན་ཅིག་འགྲེང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཕྱི་མ་དང་ངོ་ཞེས་བྱ་བ་སྨྲས་ཏེ། བླ་གབ་མེད་པ་ན་ལྷན་ཅིག་འགྲེང་བ་ལའོ་ཞེས་བྱ་བར་སྦྱར་རོ། །ཕྱི་མ་དང་ངོ་ཞེས་བྱ་
བ་ནི་དགེ་སློང་དང་ངོ་། །གསུམ་པོ་དེ་དག་ལ་ནི་འདུག་པ་ལ་ཡང་ལྟུང་བྱེད་ཁོ་ནར་འགྱུར་ཏེ། ཚུལ་དེ་དག་ནི་ཆེས་ལྕི་བ་ཡིན་པའི་ཕྱིར་རོ། །དེ་གྲོགས་དང་བཅས་པ་ཉིད་ཡིན་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི། དགེ་སློང་དེ་གྲོགས་དང་བཅས་པ་ཉིད་ཡིན་ནོ། །འདིར་གཞུང་ནི་གལ་ཏེ་དགེ་
སློང་གྲོགས་དང་བཅས་པ་ཉིད་ཡིན་ན་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་མ་ཁྲིམས་ཟླ་དང་བཅས་པ་ཉིད་ཡིན་ན་ཡང་ངོ་ཞེས་བྱ་བ་ཡང་ལྟུང་བ་མེད་དོ་ཞེས་བྱ་བར་སྦྱར་རོ། །ཐག་ཇི་སྲིད་ཀྱི་དབང་གིས་གྲོགས་དང་ཐ་དད་པ་ཉིད་མ་ཡིན་པར་སྣང་བའི་ཐག་དེ་ཙམ་ན་གྲོགས་འདུག་ན་
ཁྲིམས་ཟླ་དང་བཅས་པ་ཉིད་ཡིན་ནོ། །གང་ལ་ཁྱིམ་པའི་རྣར་གཤུབ་ཅིང་སྨྲ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ་པའི་རྣར་གཤུབ་ཅིང་སྨྲ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མས་ཁྱིམ་པའི་རྣ་དྲུང་དུ་མ་རེག་པ་ཙམ་དུ་བསྙེན་ཏེ། ཕྲིན་ལ་སོགས་པ་སྨྲ་བ་ནི་རྣར་གཤུབ་ཅིང་སྨྲ་
Vol. 163 · folio 45a
བ་ཞེས་བྱ་སྟེ། དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །བྱེ་བྲག་མ་བསྟན་པས་དབེན་པ་སྐྱབས་ཡོད་པ་ཡང་རུང་ངོ་། །བླ་གབ་མེད་པ་ཡང་རུང་གྲོགས་ཡོད་པ་ཡང་རུང་གཅིག་པུ་ཡང་རུང་བར་ཤེས་པར་བྱའོ། །འདིར་སྨྲ་བ་ཞེས་སྨོས་པ་ནི་དོན་དང་བཅས་པ་དང་དོན་
མེད་པའི་ཚིག་ཐམས་ཅད་ཀྱི་དཔེ་ཡིན་ནོ། །གང་གི་ཚེ་གློ་ནས་རྣར་གཤུབ་པ་བྱེད་ན་དེའི་ཚེ་ཉན་པ་པོའི་དཔུང་མགོའི་ཕྱི་རོལ་གྱི་མཐའ་ལས་སྨྲ་བ་མོའི་ཀོ་སྐོའི་མཐའི་ཆ་འདས་ན་དེ་ནི་དེའི་རྣར་གཤུབ་ཅིང་སྨྲ་བའི་ལྟུང་བྱེད་ཀྱི་དང་པོར་རྣམ་པར་གཞག་པ་ཡིན་ནོ། །གང་གི་ཚེ་མདུན་རོལ་ནས་
གཤུབ་ཅིང་སྨྲ་བར་བྱེད་ན་ནི་དེའི་ཚེ་ཉན་པ་པོའི་སྙིང་གའི་རུས་པ་ལས་འདས་ནའོ། །གང་གི་ཚེ་རྒྱབ་ལོགས་ནས་གཤུབ་ཅིང་སྨྲ་བར་བྱེད་ན་ནི་དེའི་ཚེ་མཆན་ཁུང་གི་ཐད་ཀ་ནི་སྙིང་གའི་ཐད་ཀ་དང་འདྲ་སྟེ་དེ་ནས་ཕྲག་པའི་ཕྱོགས་ལོགས་སུ་འདས་ན་དེ་དེའི་དང་པོ་ཡིན་པར་རྣམ་པར་གཞག་གོ། །
གང་ལ་ཁྱིམ་པ་ལས་རྣར་གཤུབ་ཅིང་སྨྲ་བ་ཉན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དེ་ལས་དེས་དེ་ཉན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་པ་དེ་ལས་རྣར་གཤུབ་པ་དེས་སྨྲ་བ་དེ་ཉན་པའི་དགེ་སློང་མ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ལ་དགེ་སློང་གི་རྣར་གཤུབ་ཅིང་སྨྲ་བའི་ལྟུང་
བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་གིའོ་ཞེས་བྱ་བ་སྨྲས་ཏེ། རྣར་གཤུབ་ཅིང་སྨྲ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །གང་ལ་དགེ་སློང་ལས་རྣར་གཤུབ་ཅིང་སྨྲ་བ་ཉན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དེ་ལས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དེ་ལས་
སོ། །རྣར་གཤུབ་ཅིང་སྨྲ་བ་ཉན་པ་ལའོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །གང་ལ་ཁྱིམ་པ་ལས་རིག་པ་ལེན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ་པ་ལས་རིག་པ་ལེན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མས་ཁྱིམ་པ་ལས་རིག་པ་
གང་ཡང་རུང་བ་ལེན་པ་ལ་ལྟུང་བྱེད་འདིར་འགྱུར་རོ། །འདི་ནི་སྦོམ་དགའ་མོ་ཆགས་པར་གྱུར་པས་སྐྱེས་པ་ལས་རིག་པ་བླངས་ནས་དེའི་ཚིག་ཉན་དུ་གཞུག་པའི་ཕྱིར་ཡང་དང་ཡང་དུ་བཟླས་པ་འཆོལ་བར་བྱེད་པ་དེ་ལས་བཅས་པ་ཡིན་ནོ། །གང་ལ་ཁྱིམ་པ་ལས་རིག་པ་ཀློག་པའི་ལྟུང་
Vol. 163 · folio 45b
བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དེ་ལས་དེ་ཀློག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་པ་དེ་ལས་རིག་པ་དེ་ཀློག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་རིག་པ་ཞེས་སྨོས་པ་ནི་ཀླག་པར་བྱ་བ་ཐམས་ཅད་ཀྱི་དཔེ་ཡིན་ནོ། །དགེ་སློང་གིས་དགེ་སློང་མ་ལ་ཀློག་ཏུ་འཇུག་པ་ལ་ནི་ལྟུང་བ་མེད་དེ་དེ་གཉིས་ནི་
སློབ་མ་དང་སློབ་དཔོན་དུ་རིགས་པ་ཉིད་ཡིན་པའི་ཕྱིར་རོ། །གང་ལ་རྨ་བཅིངས་པ་འགྲོལ་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། སྒྱུ་ཐབས་ཀྱིས་རྨ་བཅིངས་ཤིང་བཅིངས་ཤིང་འགྲོལ་དུ་འཇུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཉོན་མོངས་པ་ཅན་གྱི་སྒྱུ་ཐབས་ཀྱི་སེམས་ཀྱིས་རང་
གི་ལུས་ཀྱི་རྨ་བཅིངས་ཤིང་བཅིངས་ཤིང་སྐྱེས་པ་ལ་འགྲོལ་དུ་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སྒྱུ་ཐབས་ཀྱིས་བུད་མེད་འགྲོལ་དུ་འཇུག་པ་ལ་ནི་ཉེས་བྱས་སོ། །འདི་ནི་སྦོམ་དགའ་མོའི་ལག་པ་གཡས་པར་ཕོལ་མིག་བྱུང་བའི་རྨ་དེ་སྨན་པས་ཟན་གྱིས་གླན་ནས་རས་
མས་བཅིངས་པ་དང་། དེ་ཧ་ཅང་ལྷོད་དོ་ཧ་ཅང་དམ་མོ་ཞེས་ཟེར་ཞིང་ཡང་དང་ཡང་འགྲོལ་དུ་བཅུག་པ་དེ་ལས་བཅས་པ་ཡིན་ནོ། །དེའི་ཕྱིར་དོན་བདེན་པ་ཉིད་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། གང་གི་ཕྱིར་སྒྱུ་ཐབས་ཀྱིས་ལྟུང་བྱེད་དུ་རྣམ་པར་གཞག་པ་དེའི་ཕྱིར་དམ་ཡང་དག་གམ་ལྷོད་ཡང་
དག་པའི་བདེན་པ་ཉིད་ལ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་སེམས་ཀྱིས་འགྲོལ་དུ་བཅུག་པ་ལ་ལྟུང་བ་མེད་དོ། །ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ནི་ཕྱེད་འགྲོལ་དུ་བཅུག་ན་ཡང་ལྟུང་བྱེད་དོ། །ལན་མང་དུ་འགྲོལ་དུ་བཅུག་ན་ནི་ཇི་སྙེད་འགྲོལ་དུ་བཅུག་པ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་རོ། །
འདི་དགེ་སློང་ལ་ནི་ཉེས་བྱས་སོ། །རིག་པར་བྱ་བ་མ་ཡིན་པ་དང་བསྟེན་པ་ལས་གྱུར་པའི་ལྟུང་བྱེད་བཅུ་གཅིག་གོ་ཞེས་བྱ་བ་ཁྱིམ་པ་དང་ལྷན་ཅིག་འགྲེང་བའི་ལྟུང་བྱེད་དང་། དགེ་སློང་དང་ལྷན་ཅིག་འགྲེང་བའི་ལྟུང་བྱེད་དང་། བླ་གབ་མེད་པ་ན་ཁྱིམ་པ་དང་ལྷན་ཅིག་འགྲེང་བའི་ལྟུང་བྱེད་དང་།
བླ་གབ་མེད་པ་ན་དགེ་སློང་དང་ལྷན་ཅིག་འགྲེང་བའི་ལྟུང་བྱེད་དང་། ཁྱིམ་པའི་རྣར་གཤུབ་ཅིང་སྨྲ་བའི་ལྟུང་བྱེད་དང་། ཁྱིམ་པ་ལས་རྣར་གཤུབ་ཅིང་སྨྲ་བ་ཉན་པའི་ལྟུང་བྱེད་དང་། དགེ་སློང་ལས་རྣར་གཤུབ་ཅིང་སྨྲ་བ་ཉན་པའི་ལྟུང་བྱེད་དང་། ཁྱིམ་པ་ལས་རིག་པ་ལེན་པའི་ལྟུང་
Vol. 163 · folio 46a
བྱེད་དང་། ཁྱིམ་པ་ལས་རིག་པ་ཀློག་པའི་ལྟུང་བྱེད་དང་། རྨ་བཅིངས་པ་འགྲོལ་དུ་འཇུག་པའི་ལྟུང་བྱེད་བཅུ་གཅིག་བཤད་ཟིན་ཏོ།། །།གང་ལ་བུ་འཚོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བུ་འཚོ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། བུ་ཕྲུག་འཚོ་ཞིང་རྩེ་བ་ལ་
སོགས་པས་བསྙེན་བཀུར་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དེ་ལྟར་ཡང་འདིར་གཞུང་ནི་སྦོམ་དགའ་མོས་ལྷུང་བཟེད་གཞག་སྟེ། ཆོས་གོས་དག་ཕུད་ནས་ཁྱེའུ་བླངས་ཏེ། ཡུད་ཙམ་ཞིག་བཙས་སོ་ཞེས་གསུངས་པ་ཡིན་ནོ། །འདིར་ཁྱེའུ་ཞེས་སྨོས་པ་ནི་བུ་མོ་དང་མ་ནིང་
དག་གི་དཔེ་ཡིན་ཏེ་ཚུལ་འདྲའོ། །རང་གི་བུ་དེ་ལ་རེག་པ་རྗེས་སུ་གནང་བའི་ཕྱིར་རང་གི་བུ་འཚོ་བ་ལ་ནི་ཉེས་པ་མེད་དོ། །དགེ་སློང་ལ་ནི་འདི་ཉེས་བྱས་སོ། །བུ་འཚོ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་གནོད་པར་འགྱུར་བའི་སྒོ་སྤང་བའི་ལྟུང་བྱེད་
གསུམ་བཤད་པར་བྱ་སྟེ། སྐྱེས་པས་གནོད་པར་འགྱུར་བའི་སྒོ་སྤང་པའི་ཕྱིར་བསླབ་པའི་གཞི་གསུམ་བཅས་པའི་ཕྱིར་རོ། །དེ་ལ་གང་ལ་ཁྱིམ་གཞན་དུ་མཚན་མོ་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ་བདག་ལ་མ་དྲིས་པར་ཁྱིམ་གཞན་དུ་མཚན་མོ་འདའ་བར་
བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་བདག་ལ་མ་དྲིས་པར་རྩིག་པ་ལ་སོགས་པས་བསྐོར་བ་འམ། ཕྱུགས་ལྷས་སམ་འདྲོན་ཁང་ལ་སོགས་པ་ལ་ཁྱིམ་གཞན་དུ་མཚན་མོ་ཉལ་ཞིང་འདའ་བར་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །བུད་མེད་ལ་རག་ལས་པ་ཉིད་ཡིན་ན་དེ་
ལ་དྲིས་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི་ཁྱིམ་གང་ན་བུད་མེད་དབང་ཆེ་ཞིང་ཁྱིམ་བདག་གིས་བུད་མེད་ཀྱི་ཚིག་ལས་འདའ་བར་མི་ནུས་པ་དེ་ནི་བུད་མེད་ལ་རག་ལས་པ་ཉིད་ཅེས་བྱ་སྟེ། དེར་ནི་བུད་མེད་ལ་དྲིས་ན་ཁྱིམ་བདག་ལ་མ་དྲིས་པར་མཚན་མོ་འདའ་བར་བྱེད་པ་ལ་ལྟུང་བ་མེད་པའོ། །
གང་ལ་མཚན་མོ་མ་བརྟགས་པར་སྐྱབས་ཡོད་པར་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། མཚན་མོ་མ་བརྟགས་པར་སྐྱབས་ཡོད་པར་འདའ་བར་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། སྐྱབས་ཡོད་པའི་ཕྱོགས་མ་བརྟགས་པར་མཚན་མོ་ཉལ་ཞིང་འདའ་བར་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་
Vol. 163 · folio 46b
འགྱུར་རོ། །སྐྱབས་ཡོད་པ་ཞེས་བྱ་བ་ནི་མུན་ཁུང་དང་ཐིབས་པོ་ལ་སོགས་པ་གང་དུ་ཞུགས་ན་སྐྱེས་པ་ཡོད་པར་ཤེས་པར་མི་འགྱུར་བ་ལ་བྱའོ། གང་ལ་གནས་ཁང་དུ་དགེ་སློང་མ་གཞན་མེད་པར་མཚན་མོ་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། གནས་ཁང་དུ་དགེ་སློང་མ་གཞན་
མེད་པར་མཚན་མོ་འདའ་བར་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མཚན་མོ་གནས་ཁང་དུ་དགེ་སློང་མ་གཞན་མེད་པར་གཅིག་པུ་ཉལ་ཞིང་འདའ་བར་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་གཙུག་ལག་གི་རྗེས་སུ་འབྲང་བས་གནས་ཁང་ཞེས་སྨོས་པར་ཟད་ཀྱི་གཡོགས་པའི་ཕྱོགས་
གཞན་ལ་ཡང་ཁ་ན་མ་ཐོ་བ་འདྲའོ། །བསླབ་པའི་གཞི་འདི་གསུམ་ལ་མཚན་མའི་མཐའི་སྐད་ཅིག་ལ་ནི་ལྟུང་བྱེད་དོ། །མདུན་རོལ་དུ་ནི་ཉེས་བྱས་སོ། །དེ་ཤི་བ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། དགེ་སློང་མ་གཞན་དེ་ཤིའམ་བབས་སམ་ཡུལ་གཞན་ལ་སོགས་པར་སོང་
ངམ། རྐྱེན་གཞན་གྱིས་མེད་པར་གྱུར་ན་གཅིག་པུ་གནས་ཁང་དུ་མཚན་མོ་འདའ་བར་བྱེད་པ་ལ་ལྟུང་བ་མེད་པ་ཡིན་ཏེ་དེས་མི་འདོད་བཞིན་དུ་བྲལ་བ་བསྟན་ཏོ། །གནོད་པར་གྱུར་པའི་སྒོ་སྤང་བའི་ལྟུང་བྱེད་གསུམ་མོ་ཞེས་བྱ་བ་ཁྱིམ་གཞན་དུ་མཚན་མོ་ཉལ་བའི་ལྟུང་བྱེད་དང་མཚན་
མོ་མ་བརྟགས་པར་སྐྱབས་ཡོད་པར་ཉལ་བའི་ལྟུང་བྱེད་དང་། གནས་ཁང་དུ་དགེ་སློང་མ་གཞན་མེད་པར་མཚན་མོ་ཉལ་བའི་ལྟུང་བྱེད་གསུམ་བཤད་ཟིན་ཏོ།། །།གང་ལ་ལོངས་སྤྱོད་ཅིང་གནས་བཏང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་མ་དང་ཁྲི་གཅིག་ལ་
ལྷན་ཅིག་རེག་པ་དང་བཅས་ཤིང་མཚན་མོ་ཉལ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་དང་ལྷན་ཅིག་ཁྲི་གཅིག་གི་སྟེང་དུ་ཤ་མཐང་རེག་པ་དང་། བཅས་ཤིང་མཚན་མོ་ཉལ་བར་བྱེད་པ་ལ་ནི་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །རེག་པ་དང་བཅས་ཤིང་ཞེས་བྱ་བ་ནི་རེག་པ་དང་བཅས་
བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་རེག་པ་དང་བཅས་པ་ལ་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་ཏེ། མ་རེག་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་པའི་ཕྱིར་རོ། །དེ་དང་ངམ་དུ་མ་དང་ལྷན་ཅིག་ཀྱང་རུང་སྟེ། གཏུར་བུ་ལ་སོགས་པས་བར་དུ་ཆོད་ཅིང་དྲན་པ་ཉེ་བར་གཞག་སྟེ།
Vol. 163 · folio 47a
ལུས་ཀྱི་རེག་པ་རོ་མྱང་བ་མེད་པར་ཁྲི་མི་འགུལ་བ་ཐ་མལ་པའམ་སྟན་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ལ། དེ་དང་ངམ་ཞེས་བྱ་བ་ནི་དགེ་སློང་མ་ཅིག་ཤོས་དེ་དང་ལྷན་ཅིག་ཉལ་བ་དེ་ལའོ། །དུ་མ་དང་ལྷན་ཅིག་ཀྱང་རུང་སྟེ་ཞེས་བྱ་བ་ནི་གཅིག་པུ་དང་ལྷན་ཅིག་
ཉལ་བ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི་གཉིས་ལ་སོགས་པ་དང་ལྷན་ཅིག་ཉལ་ཡང་རུང་བའོ། །ཅི་གྱི་ན་དེ་བཞིན་ཉལ་བ་ལའམ་ཞེ་ན་དེའི་ཕྱིར། གཏུར་བུ་ལ་སོགས་པས་བར་དུ་གཅད་ཅིང་ཞེས་བྱ་བ་སྨྲས་ཏེ། ཆོས་གོས་ཀྱི་གཏུར་བུ་དང་། ལྷུང་བཟེད་ཀྱི་སྣོད་ལ་སོགས་པས་
མལ་གྱི་བར་དུ་བཅད་པར་བྱས་པ་དེ་ལའོ། །དྲན་པ་ཉེ་བར་གཞག་སྟེ་ཞེས་བྱ་བ་ནི། ཇི་ནས་ཀྱང་ལུས་ཀྱི་རེག་པའི་རོ་མྱང་བ་མེད་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་གཞག་པ་ལའོ། །ལུས་ཀྱི་རེག་པའི་རོ་མྱང་བ་མེད་པར་ཞེས་བྱ་བ་ནི། གལ་ཏེ་གཏུར་བུ་ལ་སོགས་པས་བར་དུ་བཅད་ཟིན་
ཀྱང་བརྒྱ་ལ་ལུས་རེག་པར་གྱུར་ན་རེག་པ་དེའི་རོ་མྱང་བ་མེད་པར་བྱེད་པ་སྟེ། འདི་ནི་དྲན་པ་ཉེ་བར་གཞག་པ་དེའི་འབྲས་བུ་ཡིན་ནོ། །དེ་བས་ན་རྣམ་པ་དེ་ལྟ་བུ་དྲན་པ་ཉེ་བར་གཞག་པར་བྱའོ། །གཞི་གང་ལ་དེ་དག་དང་ལྷན་ཅིག་ཉལ་བ་ལ་ལྟུང་བ་མེད་ཅེ་ན་དེའི་ཕྱིར་ཁྲི་མི་
འགུལ་བ་ཐ་མལ་པ་ཞེས་བྱ་བ་སྨྲས་ཏེ། ཁྲི་རྐང་ས་ལ་བཙུགས་པ་མི་འགུལ་བ་དང་ཁྲི་ཕལ་པ་ཐ་མལ་པར་གྲགས་པ་ལའོ། །ཡང་ན་སྟན་ལ་ཡང་རུང་སྟེ་གཞི་དེ་ལྟ་བུ་དག་ལ་རྣམ་པ་ཇི་སྐད་བསྟན་པ་དེ་ལྟ་བུ་དག་གིས་ལྷན་ཅིག་ཉལ་བ་ལ་ནི་ལྟུང་བ་མེད་དོ། །འདིར་གཞུང་ནི་ཁྲི་མི་
འགུལ་བ་ལ་གཏུར་བུ་ལ་སོགས་པས་བར་དུ་གཅད་ཅིང་དྲན་པ་ཉེ་བར་གཞག་སྟེ་ལུས་ཀྱི་རེག་པའི་རོ་མྱང་བ་མེད་པར་ཉལ་བ་ལ་ལྟུང་བ་མེད་དོ། །ཁྲི་ཐ་མལ་པ་ལ་ཡང་དེ་བཞིན་ནོ། །སྟན་ལ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །ཡོད་ན་ཉེས་བྱས་སོ་ཞེས་བྱ་བ་ནི། མལ་སོ་སོར་བྱ་
པའི་སྐབས་ཡོད་ན་བར་དུ་བཅད་པ་ལ་སོགས་པས་ཉལ་བ་ལ་ནི་ཉེས་བྱས་ཀྱི་ཁ་ན་མ་ཐོ་བར་འགྱུར་རོ། །ལོངས་སྤྱོད་ཅིང་གནས་པ་བཏང་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་བྱི་དོར་བྱེད་པ་ལས་གྱུར་པའི་ལྟུང་བྱེད་བརྒྱད་སྟོན་ཏེ། དེ་ལ་གང་ལ་
Vol. 163 · folio 47b
དགེ་སློང་མ་བྱི་དོར་བྱེད་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རང་གི་ལུས་ཀྱི་དྲིལ་ཕྱིས་དགེ་སློང་མ་བྱེད་དུ་འཇུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། རང་གི་ལུས་ལ་འདག་རྫས་ཀྱིས་དྲིལ་ཞིང་ཕྱི་བའི་དྲིལ་ཕྱི་དགེ་སློང་མ་གཞན་བྱེད་དུ་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །
གང་ལ་དགེ་སློབ་མ་བྱི་དོར་བྱེད་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློབ་མའོ་ཞེས་བྱ་བ་སྨྲས་ཏེ། རང་གི་ལུས་ཀྱི་དྲིལ་ཕྱི་དགེ་སློབ་མ་བྱེད་དུ་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ལ་དགེ་ཚུལ་མ་བྱི་དོར་བྱེད་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་
ཕྱིར། དགེ་ཚུལ་མའོ་ཞེས་བྱ་བ་སྨྲས་ཏེ། རང་གི་ལུས་ཀྱི་དྲིལ་ཕྱི་དགེ་ཚུལ་མ་བྱེད་དུ་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ལ་ཁྱིམ་པ་མོ་བྱི་དོར་བྱེད་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ་པ་མོའོ་ཞེས་བྱ་བ་སྨྲས་ཏེ། རང་གི་ལུས་ཀྱི་དྲིལ་ཕྱི་
ཁྱིམ་པ་མོ་བྱེད་དུ་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ལ་མུ་སྟེགས་མོ་བྱི་དོར་བྱེད་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། མུ་སྟེགས་མའོ་ཞེས་བྱ་བ་སྨྲས་ཏེ། རང་གི་ལུས་ཀྱི་དྲིལ་ཕྱི་མུ་སྟེགས་ཅན་མོ་བྱེད་དུ་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །བྱུང་
བའི་དབང་གིས་གང་ཟག་ཐ་དད་པས་བསླབ་པའི་གཞི་ལྔ་སོ་སོར་བཅའ་བ་མཛད་དོ། །གང་ལ་བུད་མེད་བཀྲུ་བཤལ་བྱེད་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བཀྲུ་བཤལ་བྱེད་དུ་འཇུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མས་རང་གི་ལུས་ལ་ཆུ་འབའ་ཞིག་གིས་དྲི་མ་
བཀྲུ་བཤལ་བྱ་བ་བུད་མེད་གཞན་བྱེད་དུ་འཇུག་པ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སྔ་མ་ལྔ་ནི་འདག་རྫས་གང་ཡང་རུང་བ་གཞན་དག་གིས་དྲིལ་ཕྱི་བྱེད་དུ་འཇུག་པ་ལས་བཅས་པ་ཡིན་ནོ། །འདི་ནི་ཆུ་འབའ་ཞིག་གིས་བཀྲུ་བཤལ་བྱེད་དུ་འཇུག་པ་ལས་བཅས་པ་ཡིན་ཏེ་བྱེ་བྲག་ནི་དེ་
ཡིན་ནོ། །དེ་ལྟར་ཡང་བཀྲུ་བཤལ་བྱེད་དུ་འཇུག་ན་ཞེས་གསུངས་པ་དེའི་རྣམ་པར་འབྱེད་པ་ནི་ཆུས་བཀྲུ་བཤལ་བྱེད་ན་ཞེས་གསུངས་པ་ཡིན་ནོ། །གང་ལ་རྫས་དྲི་ཞིམ་པོས་རང་གི་ལུས་སྐུད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར། རྫས་དྲི་ཞིམ་པོ་དག་གིས་རང་གི་ལུས་སྐུད་པ་ལའོ་
Vol. 163 · folio 48a
ཞེས་བྱ་བ་སྨྲས་ཏེ། སོ་སོར་ཐར་པའི་མདོ་ལས་དྲི་དག་གིས་ཞེས་གསུངས་པ་དེའི་རྣམ་པར་འབྱེད་པ་ནི། རྫས་དྲི་ཞིམ་པོ་དག་གིས་ཞེས་གསུངས་པ་ཡིན་ཏེ། དགེ་སློང་མས་རང་གི་ལུས་རྫས་དྲི་ཞིམ་པོ་དག་གིས་སྐུད་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ལ་འབྲུ་
མར་གྱི་ཚིགས་མས་རང་གི་ལུས་སྐུད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། འབྲུ་མར་གྱི་ཚིགས་མས་སོ་ཞེས་བྱ་བ་སྨྲས་ཏེ། རང་གི་ལུས་སྐུད་པ་ལའོ་ཞེས་བྱ་བར་སྦྱར་རོ། །རང་གིས་བྱེད་པའམ་གཞན་བྱེད་དུ་འཇུག་ན་ཡང་བུད་མེད་སྐུད་དུ་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་གྱི། སྐྱེས་
པ་བྱེད་དུ་འཇུག་པ་ལ་ནི་ཕམ་པར་འགྱུར་བ་ལ་སོགས་པའི་རྣམ་པར་འགྱུར་བའི་ཕྱིར་རོ། །དགེ་སློང་ལ་ནི་རྫས་དྲི་ཞིམ་པོས་རང་གི་ལུས་སྐུད་པ་འདི་ཉེས་བྱས་སོ། །མཚན་མཐུན་པ་བྱི་དོར་བྱེད་དུ་འཇུག་པ་ལ་ནི་ལྟུང་བ་མེད་དོ། །བྱི་དོར་བྱེད་པ་ལས་གྱུར་པའི་ལྟུང་བྱེད་བརྒྱད་དོ་ཞེས་བྱ་བ་
དགེ་སློང་མ་བྱི་དོར་བྱེད་དུ་འཇུག་པའི་ལྟུང་བྱེད་དང་། དགེ་སློབ་མ་བྱི་དོར་བྱེད་དུ་འཇུག་པའི་ལྟུང་བྱེད་དང་། དགེ་ཚུལ་མ་བྱི་དོར་བྱེད་དུ་འཇུག་པའི་ལྟུང་བྱེད་དང་། ཁྱིམ་པ་མོ་བྱི་དོར་བྱེད་དུ་འཇུག་པའི་ལྟུང་བྱེད་དང་། མུ་སྟེགས་མོ་བྱི་དོར་བྱེད་དུ་འཇུག་པའི་ལྟུང་བྱེད་དང་། བུད་
མེད་བཀྲུ་བཤལ་བྱེད་དུ་འཇུག་པའི་ལྟུང་བྱེད་དང་། རྫས་དྲི་ཞིམ་པོས་རང་གི་ལུས་སྐུད་པའི་ལྟུང་བྱེད་དང་། འབྲུ་མར་གྱི་ཚིགས་མས་རང་གི་ལུས་སྐུད་པའི་ལྟུང་བྱེད་བརྒྱད་བཤད་ཟིན་ཏོ།། །།གང་ལ་ཆུ་ལ་ལོངས་སྤྱོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ལག་པ་སྦྲེལ་ཏེ་ཁྲུས་བྱེད་
པ་ལའོ་ཞེས་བྱ་བ་སྨྲས་ཏེ། བུད་མེད་དང་ལྷན་ཅིག་གོ། །སྐྱེས་པ་དང་ནི་མ་ཡིན་ནོ། །འདིར་ལྟེ་བར་སོན་ན་དངོས་གཞིའོ། །མདུན་རོལ་དུ་ནི་ཉེས་བྱས་སོ། །སྔར་དྲིས་སྐུད་པ་ལ་སོགས་པ་བསྟན་པ་ལ་ཡང་དེ་བཞིན་ཏེ། ལྟེ་བར་སོན་ན་དངོས་གཞིའོ། །མདུན་རོལ་དུ་ནི་ཉེས་བྱས་སོ། །
ཆུ་ལ་ལོངས་སྤྱོད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་འཆོས་པ་ལས་གྱུར་པའི་ལྟུང་བྱེད་དྲུག་སྟོན་ཏེ། དེ་ལས་གང་ལ་པུ་ཤེལ་ཙེས་སྐྲ་འཆད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བཅོས་པའི་ཕྱིར་པུ་ཤེལ་ཙེས་འཆད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། བཅོས་
Vol. 163 · folio 48b
པའི་ཕྱིར་ཞེས་བྱ་བ་ནི་སྐྲ་བཅོས་པའི་ཕྱིར་ཞེས་བྱ་བར་ཤེས་པར་བྱ་སྟེ། དེའི་ཕྱིར་པུ་ཤེལ་ཙེས་སྐྲ་འཆད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ལ་སོ་མངས་ཀྱིས་སྐྲ་འཆད་པ་དང་སྨྱིག་ཤད་ཀྱིས་སྐྲ་འཆད་པ་དང་གསུམ་ཆར་གྱིས་སྐྲ་འཆད་པ་དང་། སྐྲ་བརྙན་ཐོགས་པའི་ལྟུང་བྱེད་
དུ་འགྱུར་ཞེ་ན་དེའི་ཕྱིར། སོ་མངས་དང་སྨྱིག་ཤད་དང་གསུམ་ཞེས་བྱ་བ་དང་སྐྲ་བརྙན་གྱིས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། བཅོས་པའི་ཕྱིར་འཆད་པ་ལའོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །སོ་མངས་དང་སྨྱིག་ཤད་དང་གསུམ་ཞེས་བྱ་བ་དང་སྐྲ་
བརྙན་དེ་དག་ཉིད་དེ་དག་གིས་བཅོས་པའི་ཕྱིར་སྐྲ་འཆད་ཅིང་ཐོགས་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གསུམ་ཞེས་བྱ་བ་ནི་པུ་ཤེལ་ཙེ་དང་སོ་མངས་དང་སྨྱིག་ཤད་ཀྱི་རྫས་གསུམ་ཆར་བསྡུས་པའོ། །དེ་དག་གིས་སྐྲ་བཤད་པ་ལ་སོགས་པའི་རྣམ་པ་གང་གིས་འཆོས་པར་བྱེད་པ་དེ་
ལ་ཁ་ན་མ་ཐོ་བ་དེ་དག་ཏུ་འགྱུར་རོ། །བརྩམས་པ་ཙམ་གྱིས་ལྟུང་བར་འགྱུར་ཏེ། ཇི་སྲིད་དུ་མ་བཏང་གི་བར་དུ་ལྟུང་བ་གཅིག་ཏུ་ཟད་དེ་བྱ་བའི་ཕྱིར་རྩོམ་པ་གཅིག་ཏུ་གྱུར་པའི་ཕྱིར་རོ། །འདིར་གཞུང་ནི་པུ་ཤེལ་ཙེ་འཆང་ངམ་སོ་མངས་འཆང་ངམ་སྨྱིག་ཤད་འཆང་ངམ་སྐྲ་བརྙན་འཆང་
ན་ཞེས་གསུངས་པ་ཡིན་ཏེ། སྐྲ་དེའི་རྣམ་པར་འབྱེད་པ་ནི་འཆོས་པར་བྱེད་ན་ཞེས་གསུངས་པ་སྟེ། བཅོས་པའི་ཕྱིར་འཆད་པ་ལ་སོགས་པར་བྱེད་ན་ཞེས་བྱ་བའི་ཐ་ཚིག་གོ། །གང་ལ་ཁྱིམ་པའི་རྒྱན་ཐོགས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ་པའི་རྒྱན་ཐོགས་པ་
ལའོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་པའི་རྒྱན་གང་ཡིན་པ་དེ་ལ་ཐོགས་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱིམ་པའི་ཞེས་སྨོས་པས་ནི་རབ་ཏུ་བྱུང་བའི་རྒྱན་རྣམ་པར་བཅད་པའི་ཕྱིར་ཏེ། འདི་ལྟར་ཞི་བ་ལ་དགའ་བའི་རབ་ཏུ་བྱུང་བ་རྣམས་ཀྱི་ཆོས་གོས་ལ་སོགས་པ་
དག་ལ་ཡང་རྒྱན་གྱི་བློ་སྐྱེ་བ་ཁོ་ནའི་ཕྱིར་རོ། །ཁྱིམ་པའི་རྒྱན་རིན་པོ་ཆེའི་རང་བཞིན་ལ་ནི་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །དེ་ལྟར་ཡང་ཁྱིམ་པའི་རྒྱན་ནི་མགུལ་རྒྱན་དང་། གདུ་བུ་རྒྱན་ཅན་དང་། དཔུང་རྒྱན་དང་དོ་ཤལ་དང་སེ་མོ་དོ་དང་མུ་ཏིག་གི་ཆུན་པོ་དག་གོ་ཞེས་རྣམ་པར་འབྱེད་
Vol. 163 · folio 49a
པ་ལས་གསུངས་སོ། །རིན་པོ་ཆེ་མ་ཡིན་པའི་རྒྱན་ལ་ནི་ཉེས་བྱས་སོ། །འདི་ལ་ནི་རིན་པོ་ཆེ་ལ་རེག་པའི་ལྟུང་བྱེད་གཞན་ཡང་རྫས་ཅི་ལྟ་བ་ལས་འབྱུང་བར་རིག་པར་བྱའོ། །འཆོས་པ་ལས་གྱུར་པའི་ལྟུང་བྱེད་དྲུག་གོ་ཞེས་བྱ་བ་པུ་ཤེལ་ཙེས་སྐྲ་འཆད་པའི་ལྟུང་བྱེད་
དང་། སོ་མངས་ཀྱིས་སྐྲ་འཆད་པའི་ལྟུང་བྱེད་དང་། སྨྱིག་ཤད་ཀྱིས་སྐྲ་འཆད་པའི་ལྟུང་བྱེད་དང་། གསུམ་ཆར་གྱིས་སྐྲ་འཆད་པའི་ལྟུང་བྱེད་དང་། སྐྲ་བརྙན་ཐོགས་པའི་ལྟུང་བྱེད་དང་། ཁྱིམ་པའི་རྒྱན་ཐོགས་པའི་ལྟུང་བྱེད་དྲུག་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་རྒྱགས་
པ་ལས་གྱུར་པའི་ལྟུང་བྱེད་གསུམ་སྟོན་ཏེ། དེ་ལ་གང་ལ་བྲོ་བརྡུང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བྲོ་བརྡུང་བ་ལའོ་ཞེས་བྱ་བ་སྨྲས་ཏེ། ཅི་ལྟར་ཞེ་ན་དེའི་ཕྱིར་ཡན་ལག་གང་ཡང་རུང་བས་སོ་ཞེས་བྱ་བ་སྨྲས་ཏེ། ཐ་ན་སྨིན་མ་བསྐྱོད་པ་ལ་སོགས་པས་ཀྱང་ངོ་། གང་ལ་
གླུ་ལེན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། གླུ་ལེན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། རང་ངོ་། །ཇི་ལྟར་ཞེ་ན་དེའི་ཕྱིར་དེའི་བསམ་པས་མགྲིན་བསྒྱུར་གང་ཡང་རུང་བའོ་ཞེས་བྱ་བ་སྨྲས་ཏེ། དེའི་བསམ་པས་ཞེས་བྱ་བ་ནི་གླུ་བླངས་པའི་བསམ་པས་སོ། །མགྲིན་བསྒྱུར་
གང་ཡང་རུང་བའོ་ཞེས་བྱ་བ་ནི་ཐ་ན་ཚིགས་སུ་བཅད་པ་ཙམ་འདོན་པ་ཡང་ངོ་། །གང་ལ་རོལ་མོ་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རོལ་མོ་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། པི་ཝང་ལ་སོགས་པའི་རོལ་མོ་རང་གིས་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། དགེ་སློང་ལ་ནི་
འདིར་ཉེས་བྱས་སོ། །རྒྱགས་པ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ་ཞེས་བྱ་བ་བྲོ་བརྡུང་བའི་ལྟུང་བྱེད་དང་། གླུ་ལེན་པའི་ལྟུང་བྱེད་དང་། རོལ་མོ་བྱེད་པའི་ལྟུང་བྱེད་གསུམ་བཤད་ཟིན་ཏོ།། །།བམ་པོ་བཞི་བཅུ་གཅིག་པ། ད་འདི་མན་ཆད་ནི་ལོངས་འཆོས་པ་ཉིད་ལས་གྱུར་
པའི་ལྟུང་བྱེད་གསུམ་སྟོན་ཏེ། གང་ལ་གདུགས་ཐོགས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ལོངས་སྤྱོད་དུ་གྱུར་པའི་གདུགས་ཐོགས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ལོངས་སྤྱོད་བྱེད་ཅིང་གདུགས་ཐོགས་པ་ལ་དངོས་གཞིར་འགྱུར་རོ། །བདག་གིར་བྱེད་པ་ཙམ་ལ་ནི་ཉེས་བྱས་སོ། །
Vol. 163 · folio 49b
སྦྱོར་བ་གཅིག་ཡིན་ན་ཤིན་ཏུ་ཡུན་རིང་པོར་ཐོགས་པ་ལ་ཡང་ལྟུང་བ་གཅིག་ཁོ་ནར་ཟད་དོ། །གང་ལ་མཆིལ་ལྷམ་གྱོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར། མཆིལ་ལྷམ་གྱོན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ལོངས་སྤྱོད་དུ་གྱུར་པའི་མཆིལ་ལྷམ་གྱོན་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །
དབྱར་ཁང་དང་མལ་སྟན་བསྲུང་བའི་ཕྱིར་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། དབྱར་ཁང་དང་མལ་སྟན་ལ་བག་བྱ་བའི་ཕྱིར་མཆིལ་ལྷམ་གྱོན་པ་ལ་ནི་ལྟུང་བ་མེད་དོ། །དེ་ལས་གཞན་པ་ཐམས་ཅད་ལ་ནི་ལྟུང་བྱེད་ཁོ་ནར་འགྱུར་རོ། །གང་ལ་ཁྲིའུས་བསྙེན་བཀུར་བྱེད་དུ་འཇུག་པའི་ལྟུང་
བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྲིའུའི་བསྙེན་བཀུར་ཉམས་སུ་མྱོང་བར་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཁྲི་ཚད་ཆུང་ངུ་ནི་ཁྲིའུ་ཞེས་བྱ་སྟེ། དེ་ལ་བདག་ཉིད་འདུག་ཏུ་འཇུག་པའི་བསྙེན་བཀུར་གང་ཡིན་པ་དེ་ཉམས་སུ་མྱོང་བར་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདི་ནི་སྦོམ་
དགའ་མོ་དགེ་སློང་མ་རྣམས་ལ་སྟོན་པར་བྱེད་ཅིང་དེས་དགེ་སློང་མ་འོངས་ཤིང་ལྷགས་པ་རྣམས་ལ་ཁོ་མོའི་ཕྱིར་ཕྱོགས་ག་གེ་མོ་ཞིག་ཏུ་ཁྲིའུ་ཤོམས་ལ་འདུག་ཏུ་ཆུགཤིག་ཅེས་བསྒོ་ཞིང་ཡང་ཕྱོགས་ག་གེ་མོ་ཞིག་དང་གནས་ཁང་གི་ཉེན་ཀོར་དང་ཁྱམས་དང་སྒོ་ཁང་དང་ཡང་ཐོག་དང་ཁང་སྟེང་
ངམ་ཆེ་གེ་མོ་ཞིག་ཏུ་ཁྲིའུ་ཁྱེར་ལ་ཁོ་མོ་འདུག་ཏུ་ཆུག་ཤིག་ཅེས་ཟེར་བ་ལས་བཅས་པ་ཡིན་ཏེ། དེས་ཁྲིའུས་བསྙེན་བཀུར་བྱེད་དུ་འཇུག་པའི་ངོ་བོ་ཉིད་ཀྱང་བསྟན་པ་ཡིན་ནོ། །ལོངས་འཆོས་པ་ཉིད་ལས་གྱུར་པའི་ལྟུང་བྱེད་གསུམ་མོ་ཞེས་བྱ་བ་གདུགས་ཐོགས་པའི་ལྟུང་བྱེད་དང་། མཆིལ་
ལྷམ་གྱོན་པའི་ལྟུང་བྱེད་དང་། ཁྲིའུས་བསྙེན་བཀུར་བྱེད་དུ་འཇུག་པའི་ལྟུང་བྱེད་གསུམ་བཤད་ཟིན་ཏོ།། །།གང་ལ་ཐུག་ཐུབ་ཏུ་ཕྱིས་གནོན་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ་གཞན་དུ་མ་བསྒོ་བར་སྟན་ལ་འདུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཚེ་ཁྱིམ་
གཞན་དུ་བདག་པོས་མ་བསྒོ་བར་དེར་སྟན་ལ་འདུག་པ་ལ་ཐུག་ཐུབ་ཏུ་ཕྱིས་གནོན་བྱེད་པའི་ལྟུང་བྱེད་དུ་འགྱུར་རོ། །ཐུག་ཐུབ་ཏུ་ཞེས་བྱ་བ་ནི། བཙན་ཐབས་སུའོ། །ཕྱིས་གནོན་བྱེད་པ་ཞེས་བྱ་བ་ནི་ཟིལ་གྱིས་གནོན་ཅིང་འདུག་པ་ལའོ། །དེ་ལས་ལྟུང་བྱེད་གང་འབྱུང་
Vol. 163 · folio 50a
བ་དེ་ནི་དེ་སྐད་ཅེས་བྱའོ། །རྩྭའི་ཆུན་པོ་དང་ཤིང་གི་དུམ་བུ་དང་། སོ་ཕག་ལ་སོགས་པ་འདུག་པར་བྱ་བའི་ཆེད་དུ་ཕྱི་རོལ་དུ་བཤམས་པ་དེ་དག་ལ་འདུག་པ་ལ་ནི་ལྟུང་བ་མེད་དེ་ཐུག་ཐུབ་མ་བྱས་པའི་ཕྱིར་རོ། །མ་བཤམས་པ་ལ་འདུག་པ་ལ་ནི་ཉེས་བྱས་སོ། །
སོག་མའི་བུར་མ་ལ་སོགས་པ་རས་ཀྱིས་དཀྲིས་པའི་སྟན་འདུག་པར་བྱ་བའི་ཆེད་དུ་བོར་བ་དེ་ལ་འདུག་པ་ལ་ཡང་ཉེས་བྱས་སོ། །མ་བོར་བ་དེ་ལ་ནི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །སྟན་ནི་ཆེས་དཀའ་བ་ཡིན་པའི་ཕྱིར་དང་རྩྭའི་ཆུན་པོ་ལ་སོགས་པ་ནི་མི་དགོས་པ་དང་
འདྲ་བ་ཉིད་ཡིན་པའི་ཕྱིར་རོ། །འདིར་སྟན་ཞེས་སྨོས་པས་ནི། །ཁྱིམ་པའི་མལ་སྟན་ཡང་བསྡུས་པ་ཡིན་ཏེ། དེ་ལ་འདུག་པ་དང་ཉལ་བ་དག་ལ་ཡང་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་ཏེ། ཐུག་ཐུབ་ཅེས་ཤིན་ཏུ་ཆེ་བ་ཉིད་ཡིན་པའི་ཕྱིར་རོ། །ཐུག་ཐུབ་ཏུ་ཕྱིས་གནོན་བྱེད་
པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ཁྱིམ་པ་ལ་ལོག་ཐབས་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཆོས་ཉན་དུ་གཞུག་པའི་གནས་སྐབས་སུ་ཁྱིམ་པའི་སྟན་སྤྱད་པའི་ཁྱིམ་པ་ལ་མ་སྦྲན་པར་བོར་ཏེ་འགྲོ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། ཆོས་ཉན་དུ་
འཇུག་པའི་ཚེ་ཁྱིམ་པའི་སྟན་ཡོངས་སུ་སྤྱད་པ་ཁྱིམ་པ་ལ་མ་སྦྲན་པར་བོར་ཏེ། འགྲོ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདི་ནི་སྦོམ་དགའ་མོ་ཁྱིམ་བདག་གི་ཁྱིམ་དག་ཏུ་སོང་སྟེ་ཁྱིམ་བདག་གི་ཆུང་མ་དག་གིས་སྟན་དག་བཤམས་པ་ན་དེ་དེ་ལ་འདུག་སྟེ། རྒྱ་ཆེར་ཆོས་སྟོན་པར་བརྩམས་
པ་དང་ཁྱིམ་བདག་གི་ཆུང་མ་དག་འདི་སྙམ་དུ་ལས་བྱེད་པ་ཞིག་གོ་སྙམ་ནས་ལངས་ཏེ་དོང་བའི་ཚེ། དེས་ཀྱང་སྟན་དག་མ་སྦྲན་པར་གཅིག་པུ་ལངས་ཏེ་སོང་བ་དང་སྟན་དེ་དག་རྐུན་པོ་དག་གིས་ཁྱེར་ནས་ཁྱིམ་མི་དག་གིས་སྟན་བཙལ་ན་མ་རྙེད་དེ་སྦོམ་དགའ་མོ་ལ་འཕགས་མ་སྟན་དག་ཅིར་
བགྱིས་ཞེས་དྲིས་པ་དང་། དེས་སྨྲས་པ་ཇི་ལྟར་ཁྱེད་ཅག་གིས་ཁོ་མོ་ལ་མ་སྦྲན་པར་དོར་བ་བཞིན་དུ་ཁོ་མོ་ཡང་དེ་བཞིན་ནོ་ཞེས་ཟེར་བའི་གཞི་དེ་ལས་བཅས་པ་ཡིན་ནོ། །འདི་ནི་སྙིང་ནས་ལོག་ཐབས་བྱེད་པ་ཉིད་ལ་རྣམ་པར་གཞག་གོ། །རབ་ཏུ་བྱུང་བ་འདི་པ་དང་ཕྱི་རོལ་བའི་རབ་ཏུ་བྱུང་
Vol. 163 · folio 50b
བ་དབང་བ་ཉིད་ལ་ནི་ཉེས་བྱས་སོ། །གང་གི་ཚེ་དངོས་གཞིར་འགྱུར་བའི་སོང་བའི་མཐར་ཐུག་པ་ཡིན་ཞེ་ན་དེའི་ཕྱིར། སྤངས་པའི་ཉེན་ཀོར་གྱི་མཐའ་ལའོ་ཞེས་བྱ་བ་སྨྲས་ཏེ། སྔར་གནས་མལ་སྤངས་ཏེ་འགྲོ་བའི་ཉེན་ཀོར་གྱི་མཐའ་བསྟན་པ་གང་ཡིན་པ་དེ་ཉིད་འདིའི་ཉེན་ཀོར་གྱི་མཐའ་ཡིན་པར་
རིག་པར་བྱ་སྟེ། འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ནི་དེའི་ཉེན་ཀོར་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཁྱིམ་པ་ལ་ལོག་ཐབས་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་ཁྱིམ་པ་མོའི་བཟོ་སྟོན་པའི་ལྟུང་བྱེད་གསུམ་སྟོན་ཏོ། །དེ་གང་ལ་སྐུད་པ་
འཁལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། སྐུད་པ་འཁལ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། རྒྱུད་ཀྱི་རང་བཞིན་གང་ཡང་རུང་བ་བསྒྲུབ་པ་བྱས་ན་སྐུད་པ་བཀལ་བ་ཉིད་ཡིན་ཏེ། དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདི་ལྟར་རྣམ་པར་འབྱེད་པ་ལས་བདུན་པོ་དག་ལས་གང་ཡང་
རུང་བ་ཞེས་གསུངས་མོད་ཀྱི་དེ་ནི་དཔེ་ཙམ་དུ་ཟད་དེ་རུང་བ་མ་ཡིན་པའི་སྐུད་པ་འཁལ་བ་ལ་ཡང་ཐམས་ཅད་དུ་བཟོ་སྟོན་པའི་ཉེས་པ་འདྲ་བའི་ཕྱིར་རོ། །རྒྱ་ཅང་དང་ལྕག་པོད་ཀྱི་དོན་དུ་དབེན་པའི་ཕྱོགས་སུ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། རྒྱ་ཅང་དང་ལྕག་པོད་ལ་སོགས་པ་ནི་སྐ་རགས་
ཀྱི་རྣམ་པ་སྟེ་དེའི་ཆེད་དུ་ཆོས་དང་ལྡན་པའི་དགོས་པའི་དབང་གིས་དབེན་པའི་ཕྱོགས་སུ་སྐུད་པ་འཁལ་བ་ལ་ནི་ལྟུང་བ་མེད་དོ། །ཁྱིམ་པ་མོའི་བཟོ་སྟོན་པའི་ལྟུང་བྱེད་གསུམ་ཞེས་སྨོས་པ་ལ་དེ་དག་གི་དང་པོ་ནི་སྐུད་པ་འཁལ་བའོ། །གཉིས་པ་ནི་ཁྱིམ་གྱི་བྱ་བ་བྱེད་པའོ། །གསུམ་
པ་ནི་རྗེན་པ་འཚོད་པ་ལ་ཞེས་བྱ་བའོ། །དེ་ལ་དེ་དག་གི་དང་པོ་སྐུད་པ་འཁལ་བ་ཞེས་བྱ་བ་ནི་བཤད་ཟིན་ཏོ།། །།ལྷག་མ་གཉིས་པོ་དག་བརྗོད་པར་བྱ་བ་ཡིན་མོད་ཀྱི་སྐབས་འདིར་དེ་གཉིས་མི་བརྗོད་པར་དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་པའི་ལྟུང་བྱེད་དང་། ཟས་
འཚོང་བའི་ལྟུང་བྱེད་ཅེས་བྱ་བ་གཞན་གཉིས་བརྗོད་པར་བྱ་སྟེ། འདི་ལྟར་སྐུད་པ་དང་གོས་གཉིས་ནི་རྣམས་སུ་བྱ་བའི་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་དུ་འབྲེལ་བའི་ཕྱིར་དང་རྣམ་པར་བསྒྲུབ་པར་འདྲ་བའི་ཕྱིར་ཏེ། ཇི་ལྟར་སྐུད་པ་འཁལ་བས་རྣམ་པར་བསྒྲུབ་པ་ཡིན་པ་དེ་བཞིན་དུ་
Vol. 163 · folio 51a
དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་པ་ཡང་དེ་དང་འདྲ་བའི་ཕྱིར་སྐུད་པ་འཁལ་བའི་འོག་ཏུ་དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་པ་རྣམ་པར་གཞག་གོ། །དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་པའི་ལྟུང་བྱེད་ཀྱི་འོག་ཏུ་ཟས་འཚོང་
བའི་ལྟུང་བྱེད་བརྗོད་པར་བྱ་སྟེ། དེ་གཉིས་ཀྱང་རྣམ་པར་བསྒྲུབས་པར་འདྲ་བ་ཁོ་ན་ཡིན་ཏེ། ཇི་ལྟར་དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་པས་ནོར་རྣམ་པར་བསྒྲུབས་པར་འགྱུར་བ་དེ་བཞིན་དུ་ཟས་འཚོང་བས་ཀྱང་ནོར་རྣམ་པར་བསྒྲུབས་པའི་ཕྱིར་རོ། །ད་ནི་དེ་གཉིས་
ཀྱི་དང་པོ་ཇེ་བསྟན་པར་བྱ་སྟེ། གང་ལ་དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་རྣམས་ཀྱི་གོས་བདག་གིར་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་
འགྱུར་རོ། །འདི་ནི་དགེ་སློང་མ་སྦོམ་དགའ་མོས་བཙུན་མོ་ཕྲེང་ལྡན་མ་ལ་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་སྨེ་གབ་འཆང་བར་རྗེས་སུ་གནང་ན་བདག་ཅག་ལ་མི་བདོག་གིས་དེ་ཁྱོད་ཀྱིས་སྩལ་བར་རིགས་སོ་ཞེས་སྨྲས་པ་དང་། དེས་གོས་ཀྱི་སྦྲོག་མ་ཐམས་ཅད་དགེ་སློང་མ་
རྣམས་ལ་བྱིན་པ་དེ་སྦོམ་དགའ་མོས་བདག་གིར་བྱས་སོ། །དེ་ནས་དགེ་སློང་མ་རབ་ཏུ་མང་པོ་དག་གིས་སྦོམ་དགའ་མོ་ལ་བསླངས་པ་དང་། དེས་མ་སྟེར་བའི་གླེང་གཞི་ལས་བཅས་པ་ཡིན་ནོ། །འདི་ལ་མ་བྱིན་པར་ལེན་པ་ལས་གྱུར་པའི་ཁ་ན་མ་ཐོ་བར་ནི་མི་འགྱུར་ཏེ། བདག་གིས་
བསླངས་ཤིང་བདག་གིས་ཐོབ་པ་ཉིད་བདག་གིར་བྱེད་པ་བྱུང་བའི་ཕྱིར་རོ། །ཚུལ་ཁྲིམས་འདི་ནི་ཡང་དག་པར་ན་བསྔོས་པ་ལས་བསྒྱུར་བའི་གཟུགས་བརྙན་དུ་གྱུར་པ་ཡིན་ཏེ། འདི་ལྟར་བསྔོས་པ་ལས་གྱུར་པའི་ཞེས་བྱ་བ་ནི། གཞན་ལ་བསྔོས་པ་གཞན་ལ་བསྒྱུར་བ་ཡིན་ལ། འདི་ནི་
གཞན་ལ་ཡང་བྱིན་པའི་རྫས་བདག་ཁོ་ནས་བདག་གིར་བྱེད་པ་ཡིན་པས་དེ་དང་འདྲ་བའི་ཕྱིར་དེའི་གཟུགས་བརྙན་ཞེས་བྱའོ། །འདིར་ཚོགས་ཞེས་བྱ་བའི་སྒྲ་ནི་དགེ་འདུན་ལ་བྱ་སྟེ། དེ་ལྟར་ཡང་རྣམ་པར་འབྱེད་པ་ལས་ཚོགས་ཀྱི་གོས་ནི་དགེ་འདུན་གྱིའོ་ཞེས་གསུངས་པ་ཡིན་ནོ། །
Vol. 163 · folio 51b
གཅིག་གམ་གཉིས་སམ་གསུམ་གྱི་ལ་ནི་ཉེས་བྱས་སོ། །དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ཟས་འཚོང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཟས་བཙོང་བ་བྱས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། མར་དང་འབྲས་
ཆན་དང་འབྲུ་མར་ལ་སོགས་པའི་ཟས་ཅི་ཙམ་ཡང་རུང་བ་བཙོངས་ན་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཚོང་བྱས་ཟིན་ན་དངོས་གཞིའོ། །དེའི་མདུན་རོལ་དུ་ནི་ཉེས་བྱས་སོ། །གལ་ཏེ་ཁེ་སྤོགས་ཀྱི་ཕྱིར་ཚོང་བྱེད་ན་ནི་སྤོགས་ཕྱིན་པའི་དུས་ན་ཡང་སྤང་བར་ཡང་འགྱུར་རོ། ཟས་འཚོང་
བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།སྐབས་སུ་བཤད་པའི་ལྟུང་བྱེད་གཉིས་བསྟན་ནས་ད་ནི་ཁྱིམ་པ་མོའི་བཟོ་སྟོན་པའི་ལྟུང་བྱེད་གཉིས་པ་བརྗོད་པར་བྱ་སྟེ། གང་ལ་ཁྱིམ་གྱི་བྱ་བ་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ་གྱི་བྱ་བ་ཡང་ངོ་ཞེས་བྱ་
བ་སྨྲས་ཏེ། བྱས་པ་ལའོ་ཞེས་རྗེས་བསྙགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །ཁྱིམ་གྱི་བྱ་བ་ཞེས་བྱ་བ་ནི་འཕྲལ་གྱི་བྱ་བ་འདི་ལྟ་སྟེ། ཁྱིམ་དུ་ཆག་ཆག་གདབ་པ་དང་ཕྱག་དར་བྱ་བ་དང་། བཅའ་བ་དང་བཟའ་བ་དང་བཏུང་བ་དང་བལྡག་པ་ལ་སོགས་པ་གཡོ་བ་དང་ལག་
པ་དང་རྐང་པ་ལ་སོགས་པ་བཀྲུ་བ་དང་། རིགས་ཀྱི་ལྷ་རྣམས་བརྗེད་པ་དང་། བདུག་སྤོས་དང་། གཏོར་མའི་ལས་བྱ་བ་དང་། དྲ་པ་དང་སྐམ་པ་དང་། མལ་ཆ་དང་སྟན་སྦྲུག་པ་དང་། གཞག་པ་དང་བཤམ་པ་ལ་སོགས་པ་དང་། མཆིལ་ལྷམ་དང་ཁྲུས་རས་དབུལ་བ་དང་།
གོས་བཟུང་བ་དང་ཁྲུས་ཀྱི་གོས་དབུལ་བ་ལ་སོགས་པ་སྟེ། དེ་དག་ཅི་ཙམ་བྱས་ཀྱང་རུང་སྟེ་བྱས་པ་ཉིད་ཡིན་ནོ། །ཆང་གི་ལས་མི་བྱའོ་ཞེས་བྱ་བ་ནི། མནན་པ་ལ་སོགས་པ་ཆང་གི་ཡོ་བྱད་ཀྱི་ལས་ནི་ཆང་གི་ལས་ཏེ། དགེ་སློང་མས་དེ་མི་བྱའོ། །མདོ་འདི་དང་མདོ་འོག་མ་ནི་ཕྲན་
ཚེགས་དག་ལས་འབྱུང་ངོ་། །ཆང་ཁང་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་ནི། ཆང་ཁང་ཞེས་བྱ་བ་སྟོན་པ་གཞན་བྱེད་དུ་ཡང་མི་གཞུག་པ་སྟེ་རང་གིས་བྱེད་པ་ལ་ནི་ཁ་ན་མ་ཐོ་བ་ཆེས་ཤིན་ཏུ་ལྕི་བའི་ཕྱིར་དེ་ཡང་བཀག་པར་རིག་པར་བྱའོ། །ཁྱིམ་པ་མོའི་བཟོ་སྟོན་པའི་ལྟུང་བྱེད་གསུམ་
Vol. 163 · folio 52a
པ་བརྗོད་པར་བྱ་སྟེ། གང་ལ་རྗེན་པ་འཚོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རྗེན་པ་འཚོད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། རྗེན་པ་ཞེས་བྱ་བ་ནི་སྔར་དགེ་སློང་གིས་བཙོས་པའི་སྐབས་སུ་མི་སྙི་བ་རྣམས་ཀྱི་ནི་སུམ་ཆ་བངས་པ་ཉིད་ཀྱི་མདུན་རོལ་དུ་དེ་ཉིད་ཡིན་ནོ། །སྙི་བ་རྣམས་
ཀྱི་ནི་ཁ་དོག་ཏུ་གྱུར་པའིའོ། །ཁུ་བ་རྣམས་ཀྱི་ནི་ལན་གཉིས་ཁོལ་བར་གྱུར་པའིའོ་ཞེས་སྨོས་པ་ཡིན་ཏེ། རྗེན་པ་དེ་ལྟ་བུ་བཙོས་ན་དངོས་གཞིའོ། །དགེ་སློང་གི་དགེ་འདུན་དང་མཁན་པོ་དང་སློབ་དཔོན་དང་ཚངས་པ་མཚུངས་པ་སྤྱོད་པ་རྣམས་ཀྱི་ཕྱིར་དབེན་པའི་ཕྱོགས་སུ་ནི་ལྟུང་བ་མེད་དོ་ཞེས་
བྱ་བ་ནི། དེ་དག་གི་ཆེད་དུ་ཆོས་དང་ལྡན་པའི་དོན་གྱི་དབང་གིས་དབེན་པའི་ཕྱོགས་སུ་འཚོད་པ་ལ་ནི་ལྟུང་བ་མེད་པར་རིག་པར་བྱའོ། །ཚངས་པ་མཚུངས་པར་སྤྱོད་པ་ཞེས་སྨོས་པས་ནི་རབ་ཏུ་བྱུང་བ་འདི་བ་ཐམས་ཅད་བསྡུའི་ཁྱིམ་པ་ནི་མ་ཡིན་ནོ། །ཁྱིམ་པ་མོའི་བཟོ་སྟོན་པ་ལས་གྱུར་པའི་ལྟུང་བྱེད་
གསུམ་མོ་ཞེས་བྱ་བ་སྐུད་པ་འཁལ་བའི་ལྟུང་བྱེད་དང་། ཁྱིམ་གྱི་བྱ་བ་བྱེད་པའི་ལྟུང་བྱེད་དང་། རྗེན་པ་འཚོད་པའི་ལྟུང་བྱེད་གསུམ་བཤད་ཟིན་ཏོ།། །།གང་ལ་ལྟོ་འདུན་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཟས་ཟོས་ནས་སྟན་ལས་ལངས་ཏེ་ཡང་ཟ་བ་ལའོ་ཞེས་བྱ་བ་
སྨྲས་ཏེ། ཟས་ཀྱི་བྱ་བ་བྱས་པ་ན་སྟན་ལས་ལངས་ཏེ་སྟན་བཏང་བའི་འོག་ཏུ་ཡང་ཟས་ཟ་བར་བྱེད་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ལྷག་པོར་མ་བྱས་པ་ཟ་བའི་ལྟུང་བྱེད་དང་། འདི་ལ་བྱེ་བྲག་ཅི་ཡོད་ཅེ་ན་བྱེ་བྲག་ཡོད་དེ། ལྷག་པོར་མ་བྱས་པར་ཟ་བ་ཞེས་བྱ་བ་ནི་ཟས་ཟོས་ཟིན་ནས་དེ་དེ་
ལས་མི་བཟའོ་ཞེས་སྤངས་ཏེ་སྟན་ལས་ལངས་པའི་འོག་ཏུ་ལྷག་པོར་མ་བྱས་པར་ཟ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདི་ནི་ཟས་གཅིག་ཁོ་ན་ལ་ཟ་ཞིང་ལངས་ཏེ་འཆག་པ་དང་ཡང་ཟ་ཞིང་ལངས་ཏེ་འཆག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་བར་གཞག་པ་ཡིན་ནོ། །དེ་ཉིད་ལ་སྤངས་ཤིང་ལྷག་པོར་
མ་བྱས་པར་ཟ་ན་ནི་ལྟུང་བ་གཉི་ག་ཡང་དུས་གཅིག་ཏུ་འབྱུང་ངོ་། །འདི་ནི་སྦོམ་དགའ་མོས་ནང་པར་སྔར་ལངས་ཏེ་བསོད་སྙོམས་བླངས་ནས་རང་གི་ཉེན་ཀོར་དུ་གཞག་སྟེ། ལྷུང་བཟེད་ཡང་བླངས་ཡང་བླངས་ཡང་ཟོས་ཡང་ཟོས་ཤིང་འཆག་པར་བྱེད་བཅགས་ནས་ཡང་ཟ་བར་བྱེད་ཡང་འཆག་པར་བྱེད་
Vol. 163 · folio 52b
ཡང་ཟ་བར་བྱེད་ཅིང་དྲོ་ཀའི་བར་དུ་མ་སྤངས་བར་དེ་ལྟར་བྱེད་པ་ལས་བཅས་པ་ཡིན་ཏེ་དེ་ཉིད་ལྟོ་འདུན་ལས་གྱུར་པ་ཡིན་ནོ། །གལ་ཏེ་དགེ་སློང་དེ་ལྟར་བྱེད་ན་ནི་ཉེས་བྱས་སོ། །ལྟོ་འདུན་ཞེས་བྱ་བའི་སྒྲ་ནི་གདུ་བ་དང་བརྐམ་ཆགས་ཆེ་བ་ཞེས་བྱ་བའི་ཐ་ཚིག་གོ། །ལྟོ་འདུན་ལས་གྱུར་པའི་ལྟུང་
བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་ཚོགས་པར་དབྱུང་བ་མ་ཡིན་པའི་དྲི་བསྟེན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་སྒོག་སྐྱའོ་ཞེས་བྱ་བ་དེ་སྨྲས་ཏེ། ཟ་བ་ལའོ་ཞེས་བྱ་བར་སྦྱར་རོ། །སྒོག་སྐྱ་ཅི་ཙམ་ཟོས་ཀྱང་རུང་སྟེ་ལྟུང་བྱེད་དུ་འགྱུར་རོ། །ན་བའི་ཕྱིར་ནི་ལྟུང་བ་མེད་དོ། །
ཀུན་དོང་དང་ཀིའུ་དག་ཟ་བ་ལ་ནི་ཉེས་བྱས་སོ། །ཚོགས་པར་དབྱུང་བ་མ་ཡིན་པའི་དྲི་བསྟེན་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་བསུ་བེལ་བ་ལས་གྱུར་པའི་ལྟུང་བྱེད་གསུམ་སྟོན་ཏེ། དེ་ལ་གང་ལ་སྨེ་གབ་མི་འཆང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར་
སྨེ་གབ་མི་འཆང་བ་ལའོ་ཞེས་བྱ་བ་སྨྲས་ཏེ། ཟླ་མཚན་འཛག་པའི་དུས་སུ་མངལ་གྱི་སྒོར་སྨེ་གབ་ཅེས་བྱ་བ་གོས་ངན་མི་འདོགས་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སྨེ་གབ་བཅང་བ་འདི་ནི་ཤམ་ཐབས་ལ་སོགས་པའི་གོས་གྱོན་ཞིང་སྣང་བ་ཁྲག་གིས་མ་རུང་བར་འགྱུར་བ་སྤང་བའི་
ཕྱིར་རོ། །བསུ་བེལ་བ་ཞེས་བྱ་བ་ནི་གོས་མ་རུང་བར་གྱུར་པ་དེ་ཁྱིམ་པའམ་རབ་ཏུ་བྱུང་བ་གཞན་དག་གིས་ཚོར་བ་ལ་བྱའོ། །དེ་ཐག་གུས་བཏགས་ཏེ་བཞག་གོ་ཞེས་བྱ་བ་ནི། སྨེ་གབ་དེ་ཐག་གུས་རྐེད་པ་ལ་བཏགས་ཏེ་མངལ་གྱི་སྒོར་གཞག་པར་བྱའོ། །དེ་དུས་སུ་བཀྲུ་བ་དང་ཁ་
བསྒྱུར་བར་བྱའོ་ཞེས་བྱ་བ་ནི། སྨེ་གབ་དེའོ། །མདོ་དེ་གཉིས་ཀྱི་ལུང་ནི་ཕྲན་ཚེགས་དག་ལས་དགེ་སློང་དེ་ལྟ་བས་ན་དགེ་སློང་མས་སྨེ་གབ་དེ་བཞིན་བཅང་བར་མི་བྱ་བར་ཐག་གུས་རྐེད་པ་ལ་བཏགས་ཏེ་དེར་གླན་པར་བྱའོ། །དུས་དུས་སུ་བཀྲུ་བར་བྱ་ཁ་བསྒྱུར་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །
གང་ལ་ཆུ་གོས་མི་འཆང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཆུ་གོས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། མི་འཆང་བ་ལའོ་ཞེས་བྱ་བར་སྦྱར་རོ། །ཁྲུས་དང་ཆར་པའི་ཆུ་ལ་སོགས་པས་གང་གི་ཚེ་ལུས་གཤེར་བར་གྱུར་པ་དེའི་ཚེ་གང་གིས་ཆུ་གོས་མི་འཆང་མི་གྱོན་ཞིང་དེས་ལུས་མི་འགེབས་
Vol. 163 · folio 53a
པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །མདོམས་ཀྱི་སྤུ་མན་ཆད་ནས་པུས་མོའི་ལྷ་ང་ཡན་ཆད་ཀྱི་ཕྱོགས་མི་འགེབས་པ་ལ་དངོས་གཞིའོ། །གཉའ་བ་མན་ཆད་དང་ལོང་བུ་ཡན་ཆད་ཀྱི་ལུས་ཀྱི་ཕྱོགས་གཞན་མི་འགེབས་པ་ལ་ནི་ཉེས་བྱས་སོ། །འདི་ནི་དགེ་སློང་མ་རབ་ཏུ་མང་པོ་
དག་བུད་མེད་ཁྱིམ་པ་མོ་དག་དང་ལྷན་ཅིག་ཆུ་ཀླུང་གནས་ཅན་གྱི་ནང་དུ་ཁྲུས་བྱེད་ཅིང་དེ་དག་ཁྲུས་བྱེད་པ་ན་བུད་མེད་དག་མཛུབ་མོས་གཏོད་ཅིང་རབ་ཏུ་བྱུང་བ་མོ་ཆེ་གེ་མོ་དག་གི་ནུ་མ་གཉིས་ནི་འདི་འདྲའོ། །ཆེ་གེ་མོ་ཞིག་གི་ལྟོ་བ་ནི་སྤྱང་ཀིའི་འདྲའོ། །ཆེ་གེ་མོ་ཞིག་གི་རྐེད་པ་ནི་སྦོམ་མོ། །
ཆེ་གེ་མོ་ཞིག་གི་བརླ་ནི་གླང་པོ་ཆེའི་སྣ་འདྲའོ་ཞེས་ལུས་ཀྱི་ཡན་ལག་དང་གསང་བའི་ཕྱོགས་དག་གི་བརྗོད་པ་རྣམ་པ་མང་པོ་སྙད་འདོགས་པའི་གླེང་གཞི་ལས་བཅས་པ་ཡིན་ནོ། །འདིས་ནི་རོ་སྟོད་མ་གཡོགས་པའི་ཁ་ན་མ་ཐོ་བ་ཉིད་དུ་ཤེས་པར་བྱ་སྟེ། དེའི་ཕྱིར་དགེ་སློང་མ་རྣམས་ལ་
དབྱར་གྱི་གོས་རས་ཆེན་མ་གསུངས་ཏེ་འདི་ཉིད་ཀྱིས་ཆོག་པའི་ཕྱིར་རོ། །དེ་གཉིས་བཅང་བར་བྱའོ་ཞེས་བྱ་བ་ནི། སྨེ་གབ་དང་ཆུ་གོས་དེ་གཉིས་བདོག་པས་བཅང་བར་བྱའོ། །གང་ལ་བཀྲུ་བཤལ་བ་ལ་གོས་འཁྲུར་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བཀྲུ་བཤལ་བ་ལ་
གོས་འཁྲུར་འཇུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། རང་གི་གོས་བྱིན་གྱིས་བརླབས་པ་རྙིང་པ་བཀྲུ་བར་འོས་པ་ཆོས་གོས་དང་གདིང་བ་དག་བཀྲུ་བཤལ་བ་ལ་འཁྲུར་འཇུག་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིའི་བྱེ་བྲག་ཞིབ་ཏུ་ནི་འཁྲུར་འཇུག་པའི་སྤང་བའི་ལྟུང་བྱེད་ཀྱི་རྗེས་སུ་
འབྲང་བ་ལས་ཤེས་པར་བྱའོ། །འདིར་གླེང་གཞི་ནི་དགེ་སློང་མ་བཅུ་གཉིས་སྡེ་དག་རྨི་ལམ་ན་གནོད་པ་མཐོང་བས་གོས་དག་ལ་གོས་པར་གྱུར་ནས། བཀྲུ་བཤལ་ལ་འཁྲུར་བཅུག་པ་དང་། བཀྲུ་བཤལ་བ་དག་གིས་བླངས་ཏེ། ཁྱིམ་པའི་གོས་དག་དང་ལྷན་ཅིག་བཀྲུས་པ་ན་
དེ་དག་གི་འབགས་པས་ཁྱིམ་པའི་གོས་དཀར་པོ་དག་མི་གཙང་བས་མ་རུངས་པར་གྱུར་པ་དང་ཁྱིམ་པ་དག་འཕྱ་ཞིང་རབ་ཏུ་བྱུང་བ་དག་ནི་ཉེ་བར་མ་ཞིའོ་ཞེས་ཟེར་བའི་བར་ལས་བཅས་པ་ཡིན་ནོ། །ཕྱོགས་གཅིག་བཀྲུས་ན་ཡང་བཀྲུས་པ་ཉིད་ཡིན་ནོ། །བྱས་པ་ཉིད་ན་བྱེད་
Vol. 163 · folio 53b
དུ་བཅུག་པ་ཉིད་ཡིན་ནོ་ཞེས་བྱ་བ་དང་འབྲས་བུའི་མཐའ་ཚུན་ཆད་གཅིག་ཉིད་དོ་ཞེས་བྱ་བ་སྔར་བསྟན་པ་དག་ཀྱང་འདིར་དེ་བཞིན་དུ་རིག་པར་བྱའོ། །བཤང་བ་དང་གཅི་བ་དང་ལྗན་ལྗིན་དང་འདམ་རྫབ་ལ་སོགས་པས་མ་རུངས་པ་འཁྲུར་བཅུག་པ་ཡང་ན་སྨད་པ་མེད་དོ། །གོས་ཁ་བསྒྱུར་བ་
དང་མ་བསྒྱུར་བ་གཞན་བཙོ་བླག་མཁན་ལ་ཁ་བསྒྱུར་དུ་བཅུག་པ་ནི་ཅི་ལྟར་ཐོབ་པ་ལས་ཉེས་བྱས་སུ་རིག་པར་བྱའོ། །བསུ་བེལ་བ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ་ཞེས་བྱ་བ་སྨེ་གབ་མི་འཆང་བའི་ལྟུང་བྱེད་དང་། ཆུ་གོས་མི་འཆང་བའི་ལྟུང་བྱེད་དང་། བཀྲུ་བཤལ་བ་ལ་གོས་འཁྲུར་
འཇུག་པའི་ལྟུང་བྱེད་གསུམ་བཤད་ཟིན་ཏོ།། །།གང་ལ་ཆོས་ཀྱི་རྒྱལ་མཚན་ལ་མི་གུས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སྦྱོང་གི་གོས་ཁྱིམ་པ་ལ་བགོ་བའི་ཕྱིར་སྦྱིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སྦྱོང་གི་གོས་སྣམ་སྦྱར་དང་བླ་གོས་ལ་སོགས་པ་ཁྱིམ་པ་ལ་བགོ་ཞིང་
བསྐོན་པའི་ཕྱིར་སྦྱིན་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སོ་སོར་ཐར་པའི་མདོ་ལས་བྱིན་ན་ཞེས་གསུངས་པ་དེའི་རྣམ་པར་འབྱེད་པ་ནི་བསྐོན་པར་བྱེད་ན་ཞེས་གསུངས་པ་ཡིན་ནོ། །ཚད་ནི་འཁོར་གསུམ་ཁེབས་པའི་མཐར་ཐུག་པ་ཡན་ཆད་ལ་ལྟུང་བྱེད་དོ། །ཁྲུ་གང་ཡན་ཆད་ལ་ནི་ཉེས་
བྱས་སོ། །དེ་བས་ཆུང་བ་ལ་ནི་ལྟུང་བ་མེད་དོ། །བྱིས་པ་དག་བསྲུང་བའི་ཕྱིར་ཆོས་གོས་སྦྱིན་པར་རྗེས་སུ་གནང་བ་གང་ཡིན་པ་དེ་ལ་འཁོར་གསུམ་ཁེབས་པའི་མཐར་ཐུག་པ་བྱིན་པ་ལ་ནི་ལྟུང་བ་མེད་དོ། །ཆོས་ཀྱི་རྒྱལ་མཚན་ལ་མི་གུས་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།
གང་ལ་རྒྱལ་མཚན་བརྗེ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་དང་ལྷན་ཅིག་སྣམ་སྦྱར་བརྗེ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དང་སྣམ་སྦྱར་ཞེས་བྱ་བ་ཆོས་གོས་ཆེན་པོ་བརྗེ་བ་ལ་དངོས་གཞིའོ། །བླ་གོས་ལ་སོགས་པ་བརྗེ་བ་ལ་ནི་ཉེས་བྱས་སོ། །འདིར་ལེན་པ་ལ་ཁ་ན་མ་ཐོ་བ་
འདིར་འགྱུར་གྱི་སྦྱིན་པ་ལ་ནི་མ་ཡིན་ནོ། །དེ་ལྟ་བས་ན་བཟང་ངན་བརྗེ་བ་མ་གཏོགས་པར་དགེ་སློང་ལ་སྣམ་སྦྱར་ལེན་པ་ལྟུང་བྱེད་དོ། །བརྗེ་བ་ཞེས་བྱ་བ་ནི་ལེན་པའི་དཔེ་ཙམ་དུ་ཟད་དོ། །རྒྱལ་མཚན་བརྗེ་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་སེར་སྣ་བྱེད་
Vol. 163 · folio 54a
པ་ལས་གྱུར་པའི་ལྟུང་བྱེད་ལྔ་སྟོན་ཏེ། དེ་ལ་གང་ལ་བསྔགས་པ་ལ་སེར་སྣ་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། བསྔགས་པ་ལ་སེར་སྣ་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་གཞན་དག་གི་བསྔགས་པ་བརྗོད་པ་ན་ལུས་དང་ངག་གི་རྣམ་པར་འགྱུར་
བ་མི་མཐུན་པར་གྱུར་པས་སེར་སྣ་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཡིད་ཙམ་གྱིས་སེར་སྣ་བྱེད་པ་ནི་བསྡམ་པར་བྱ་བ་ཉིད་ཡིན་ཏེ་ཉེས་བྱས་སོ། །ཐམས་ཅད་དུ་ཡང་བསྡམ་པར་བྱ་བ་ཞེས་བྱ་བ་ནི་ཡིད་ཀྱི་ཉེས་བྱས་ཡིན་པར་རིག་པར་བྱའོ། །བསླབ་པའི་གཞི་འོག་མ་
བཞི་པོ་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །གང་ལ་ཁྱིམ་ལ་སེར་སྣ་བྱེད་པ་དང་གནས་ལ་སེར་སྣ་བྱེད་པ་དང་རྙེད་པ་ལ་སེར་སྣ་བྱེད་པ་དང་། ཆོས་ལ་སེར་སྣ་བྱེད་པའི་ལྟུང་བྱེད་བཞིར་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ་པ་དང་གནས་དང་རྙེད་པ་དང་ཆོས་ལ་སེར་སྣ་བྱེད་པ་ལའོ་
ཞེས་བྱ་བ་སྨྲས་ཏེ། འདིར་ཁྱིམ་ལ་སོགས་པ་རེ་རེ་ལ་སེར་སྣ་བྱེད་པ་ལའོ་ཞེས་བྱ་བར་སྦྱར་རོ། །འདིར་གླེང་གཞི་ནི་སྦོམ་དགའ་མོས། དགེ་སློང་མ་གཞན་དག་གི་ཡོན་ཏན་ཡང་དག་པར་བརྗོད་པ་ཐོས་པ་དང་སྨོད་པར་བྱེད་ནས་དེ་ལ་དགེ་སློང་མ་དག་གིས་འཕགས་མ་ཅིའི་ཕྱིར་
སྨོད་པར་བྱེད་ཅེས་སྨྲས་པ་དང་། སྦོམ་དགའ་མོས་སྨྲས་པ། ཁོ་མོ་ཤཱཀྱའི་རིགས་སུ་སྐྱེས་པ་སྡེ་སྣོད་གསུམ་དང་ལྡན་པ་ཡིན་ན་ཁོ་མོའི་བསྔགས་པ་མི་བརྗོད་པར་གཞན་དག་གི་བསྔགས་པ་བརྗོད་དོ་ཞེས་བྱ་བའི་བར་དང་། སྦོམ་དགའ་མོས་དགེ་སློང་མ་གཞན་དག་ལ་
ཁྱེད་ཅག་གིས་གང་ནས་བསོད་སྙོམས་བསོད་པ་རྙེད་ཅེས་དྲིས་པ་དང་། དགེ་སློང་མ་རྣམས་ཀྱིས་ཐམས་ཅད་སྨྲས་པ་ན་སྦོམ་དགའ་མོ་སྨོད་ཅིང་དེ་དག་ཟློག་པར་བྱེད་དེ། ཁྱིམ་ག་གེ་མོ་ཞིག་ཏུ་ཁྱེད་ཅག་མ་འདོད་ཅིག་ཅེས་བྱ་བའི་བར་དང་སྦོམ་དགའ་མོས་དགེ་སློང་མའི་དབྱར་ཁང་བྱེད་དུ་
བཅུག་ན་དེ་ནས་དགེ་སློང་མ་དག་གནས་ཤིང་བག་ཡངས་སུ་རྐང་བ་དག་གིས་འཆག་ཅིང་སྤྱོད་ལ། འོག་ཁང་གི་ཕྱོགས་གཞན་ཞིག་ན་སྦོམ་དགའ་མོ་གནས་པས་དེའི་ཚེ་སྦོམ་དགའ་མོ་དགེ་སློང་མ་དེ་དག་ལ་སྨོད་ཅིང་འདི་ལྟར་རྣམ་པར་འགྱུར་བར་བྱེད་ཅིང་རྣམ་པར་འགྱུར་བ་དག་
Vol. 163 · folio 54b
གིས་དྲེགས་ཤིང་འཆག་པ་དེ་དག་སུ་ཡིན་ཞེས་ཟེར་ནས་དགེ་སློང་མ་རྣམས་ཀྱིས་ཅི་འཕགས་མ་ཁྱོད་གནས་ལ་སེར་སྣ་བྱེད་དམ་ཞེས་སྨྲས་པ་དང་། དེས་སྨྲས་པ། ཅིའི་ཕྱིར་ཁོ་མོ་མི་བྱེད་ཁོ་མོས་ཆོས་བཤད་དེ་ལྕེ་ལ་ཆུ་བུར་བྱུང་བྱུང་གི་བར་དུ་བསྒྲུབས་པ་ཡིན་ནོ་ཞེས་ཟེར་བའི་བར་དང་སྦོམ་
དགའ་མོས་འདི་སྙམ་དུ་དགེ་སློང་མ་འདི་དག་སྔ་རབས་སུ་བསོད་སྙོམས་ལ་འཇུག་པས་དེ་ཁོ་མོས་རྙེད་པ་ག་ལ་ཐོབ་སྙམ་ནས་ཟས་དང་གོས་ལ་གདུ་ཞིང་ཟས་དང་འབྲེལ་བའི་སེམས་ཀྱིས་མཚན་མོ་འདའ་བར་བྱེད་དོ་ཞེས་ཟེར་ཞིང་གཞན་དག་གིས་འགྲོ་བར་མ་བརྩམས་པའི་མདུན་རོལ་དུ་སྦོམ་
དགའ་མོ་སྐྱ་རེངས་ཤར་བའི་དུས་ཀྱི་ཚེ་བསོད་སྙོམས་ལ་ཞུགས་པ་ན་བྲམ་ཟེས་མཐོང་ནས་མགོ་རེག་མོ་མཐོང་བ་བཀྲ་མི་ཤིས་སོ་ཞེས་ཟེར་ཏེ་བཟུང་ནས་ཤིན་ཏུ་བརྡེགས་སོ་ཞེས་བྱ་བའི་བར་དང་སྦོམ་དགའ་མོ་ལ་དགེ་སློང་མ་རྣམས་ཀྱིས་འཕགས་མས་བདག་ཅག་ལུང་དབོག་པར་འཚལ་ན་
ལུང་དབོག་ཏུ་གསོལ་ཞེས་གསོལ་བ་བཏབ་པ་དང་། དེས་ཁོ་མོ་རོ་རྒྱབ་ནས་དུགས་གྱིས་ཤིག་ཅེས་ལས་བྱེད་དུ་བཅུག་པ་དང་། དེ་དག་འདི་སྙམ་དུ་གང་གི་ཕྱིར་བདག་ཅག་ལ་ལུང་མི་དབོག་པ་ལས་ན་འཕགས་མ་ནི་ཆོས་ལ་སེར་སྣ་བྱེད་དོ་སྙམ་ནས། དེ་དག་གིས་དྲིས་པ་དང་དེས་
སྨྲས་པ་དང་། ཁོ་མོ་ཅིའི་ཕྱིར་མི་བྱེད་ཅེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །སེར་སྣ་བྱེད་པ་ལས་གྱུར་པའི་ལྟུང་བྱེད་ལྔའོ་ཞེས་བྱ་བ་བསྔགས་པ་ལ་སེར་སྣ་བྱེད་པའི་ལྟུང་བྱེད་དང་། ཁྱིམ་ལ་སེར་སྣ་བྱེད་པའི་ལྟུང་བྱེད་དང་། གནས་ལ་སེར་སྣ་བྱེད་པའི་ལྟུང་བྱེད་དང་། རྙེད་པ་
ལ་སེར་སྣ་བྱེད་པའི་ལྟུང་བྱེད་དང་། ཆོས་ལ་སེར་སྣ་བྱེད་པའི་ལྟུང་བྱེད་ལྔ་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་སྐྲོད་པ་ལས་གྱུར་པའི་ལྟུང་བྱེད་གཉིས་སྟོན་ཏེ། དེ་ལ་གང་ལ་དབྱར་ཁང་ནས་སྐྲོད་པར་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དབྱར་ཁང་ནས་དགེ་སློང་
མ་གང་ཡང་རུང་བས་སྐྲོད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གང་ཡང་རུང་བས་ཞེས་བྱ་བ་ནི་རང་གི་ལུས་དང་ངག་གམ་གཞན་ལ་བཅོལ་བའམ་སྤྲིང་ཡིག་ལ་སོགས་པའི་རྣམ་པ་གང་ཡང་རུང་བས་དགེ་སློང་མའི་དབྱར་ཁང་ནས་དགེ་སློང་མ་སྐྲོད་པར་བྱེད་པའི་དགེ་སློང་མ་དེ་ལ་ཁ་ན་མ་ཐོ་བ་
Vol. 163 · folio 55a
འདིར་འགྱུར་རོ། །འདི་ནི་སྦོམ་དགའ་མོས་དགེ་སློང་མ་སྔ་ན་འཁོད་པ་དག་རྐང་པ་དང་ལག་པ་དག་གིས་མནན་པ་དང་དེ་དག་གིས་སྨྲས་པ་འཕགས་མ་ཅིའི་ཕྱིར་གནོད་པར་བྱེད། དེས་སྨྲས་པ། སུ་ལ་གནོད་པ་དེ་དག་འགྲོ་ལ་རག་གོ། །དེ་དག་འདི་སྙམ་
དུ་གལ་ཏེ་ན་སྲོག་དང་ཕྲལ་བར་འོང་ངོ་སྙམ་ནས་སྟན་ལས་ལངས་ཤིང་ཐམས་ཅད་དོང་པ་ལས་བཅས་པ་ཡིན་ནོ། །དེ་ལྟར་གང་ཡང་རུང་བས་སྐྲོད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ལྷག་མ་ནི་དགེ་སློང་སྐྲོད་པའི་ལྟུང་བྱེད་ཀྱི་སྐབས་སུ་གལ་ཏེ་དེ་ལ་གནོད་པ་དང་དགེ་འདུན་འཁྲུག་
པར་འགྱུར་བ་མ་ཡིན་ནའོ་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པ་བཞིན་དུ་སྦྱར་རོ། །གང་ལ་ཁྱིམ་གཞན་ནས་སྐྲོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྱིམ་གཞན་ནས་དགེ་སློང་མ་སྔ་ན་གནས་པ་སྐྲོད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་པའི་ཁྱིམ་གཞན་སྔ་ན་གནས་
པའི་དགེ་སློང་མ་ཐབས་གང་ཡང་རུང་བས་སྐྲོད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཕྱིས་འོངས་པ་ནི་དེར་གཏོགས་པའི་ཤས་ཆུང་བས་དེ་སྐྲོད་པ་ལ་ནི་ཉེས་བྱས་སུ་ཤེས་པར་བྱའོ། །སྐྲོད་པ་ལས་གྱུར་པའི་ལྟུང་བྱེད་གཉིས་སོ་ཞེས་བྱ་བ་དབྱར་ཁང་ནས་སྐྲོད་པའི་ལྟུང་བྱེད་དང་།
ཁྱིམ་གཞན་ནས་སྐྲོད་པའི་ལྟུང་བྱེད་གཉིས་བཤད་ཟིན་ཏོ།། །།གང་ལ་ཐོ་འཚམས་པ་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ལེགས་པར་མ་མཐོང་བ་ལ་སོགས་པས་གླེང་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་ལའོ་ཞེས་བྱ་བར་སྦྱར་རོ། །ལེགས་པར་མ་མཐོང་
བ་ལ་སོགས་བས་དགེ་སློང་མ་ལ་ལྟུང་བ་གླེང་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སྩོགས་པ་ཞེས་བྱ་བའི་སྒྲས་ནི་ལེགས་པར་མ་ཐོས་པ་དང་ལེགས་པར་མི་དོགས་པ་གཉིས་བསྡུའོ། །གཞི་ལེགས་པར་མེད་པ་བས་གཞི་མེད་པ་ཉིད་ཆེས་སྡིག་ཆེ་བས་དེའི་ཕྱིར་མ་མཐོང་བ་ལ་སོགས་
པས་གླེང་བ་ལ་ནི་ཁ་ན་མ་ཐོ་བ་ཆེས་ཤིན་ཏུ་ཆེ་བར་འགྱུར་རོ། །ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མ་གཉིས་གླེང་བ་སྔར་བསྟན་ཟིན་པས་འདི་ནི་ལྟུང་བྱེད་ལ་སོགས་པའི་ལྟུང་བའི་སྡེ་ཚན་གཞན་གླེང་བའི་ཡུལ་ཡིན་ནོ། །དྲན་པར་བྱེད་པ་ལ་ཡང་གླེང་བའི་རྣམ་པ་ཡིན་པས་དྲན་པར་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words