འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ
Sanskrit title (Tibetan script, as in the text) བི་ན་ཡ་སཱུ་ཏྲ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 163 · folio 55b
བྱེད་པ་ལ་ཡང་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གླེང་བ་བས་གདམས་ངག་ལ་སོགས་པ་འཇོག་པ་དང་གྱོད་ལ་གདགས་པ་ཆེས་སྡིག་ཆེ་བས་དེ་གཉིས་ལ་ཡང་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་གླེང་གཞི་ནི་དེ་དག་གིས་ལེགས་པར་མ་མཐོང་བ་དང་ལེགས་པར་མ་ཐོས་པ་དང་ལེགས་པར་མི་
དོགས་པས་དགེ་སློང་མ་ལ་དགེ་སློང་མ་ཆེ་གེ་མོ་ཞིག་འདི་འདྲའོ་ཞེས་གླེང་བར་བྱེད་ཅིང་དེའི་གསོ་སྦྱོང་དང་དགག་དབྱེ་འཇོག་པར་བྱེད་པ་དང་དེ་བཞིན་དུ་བརྫུན་གྱིས་དགེ་སློང་མ་རྣམས་ལ་གླེང་ཞིང་མི་མཐུན་པར་གནས་པར་བྱེད་དོ་ཞེས་བྱ་བ་ཡིན་ནོ། །ཐོ་འཚམས་པ་ལས་གྱུར་པའི་ལྟུང་བྱེད་དོ་ཞེས་བྱ་བ་
དེ་བཤད་ཟིན་ཏོ།། །།གང་ལ་ལོག་པར་སྟོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། མནའ་འདོར་བ་ལའོ་ཞེས་བྱ་བ་སྨྲས་ཏེ། གཞན་ཡིད་ཆེས་པར་བྱ་བའི་ཕྱིར་གཞན་གྱི་མདུན་དུ་མནའ་འདོར་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ལོག་པར་སྟོན་པ་ཞེས་བྱ་བ་ནི་རབ་ཏུ་
བྱུང་བ་རྣམས་ཀྱི་བསམ་པ་ནི་བདེན་པས་འཇུག་པ་ཡིན་ནོ། དེ་མནས་ལོག་པར་སྟོན་པ་སྟེ། ཁོ་མོ་ཐམས་ཅད་ལ་བདེན་པས་འཇུག་པ་མ་ཡིན་གྱི། འདི་ལྟར་གང་ལ་མནའ་འདོར་བས་འཇུག་པ་དེ་གཅིག་པུ་བདེན་ནོ་ཞེས་བྱ་བར་འགྱུར་བས་དེའི་ཕྱིར་མནའ་འདོར་བས་ནི་རབ་
ཏུ་བྱུང་བའི་བསམ་པ་ལོག་པར་སྟོན་པར་འགྱུར་རོ། །གཞན་གྱི་མདུན་མ་ཡིན་པས་མནའ་འདོར་བ་ནི་ཚིག་ཀྱལ་པ་ཙམ་དུ་ཟད་པས་སྔ་མའི་རྗེས་སུ་འབྲང་བས་ཉེས་བྱས་སུ་རིག་པར་བྱའོ། །ལོག་པར་སྟོན་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་མི་
བརྟན་པས་རྣམ་པར་འགྱུར་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཁྲོ་བས་བདག་ཉིད་ལ་གནོད་པ་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཁྲོ་བས་བདག་ཉིད་ལ་གནོད་པ་བྱེད་ཅིང་རྡེག་པར་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གནོད་པ་བྱེད་པ་ཞེས་བྱ་བའི་རྣམ་པར་
འབྱེད་པ་ནི་རྡེག་པར་བྱེད་པའོ་ཞེས་གསུངས་པ་ཡིན་ནོ། །མི་བརྟན་པས་རྣམ་པར་འགྱུར་བ་ཞེས་བྱ་བ་ནི་མི་བརྟན་པ་ཉིད་ཀྱིས་རྣམ་པར་འགྱུར་བ་དེ་བྱས་པ་སྟེ། དེ་ལས་བྱུང་བའི་ལྟུང་བྱེད་ནི་མི་བརྟན་པས་རྣམ་པར་འགྱུར་བ་ལས་གྱུར་པའི་ལྟུང་བྱེད་ཅེས་བྱའོ། །མི་བརྟན་
Vol. 163 · folio 56a
པས་རྣམ་པར་འགྱུར་བའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་བླ་མར་གྱུར་པ་ལ་བརྙས་ཐབས་བྱེད་པའི་ལྟུང་བྱེད་གསུམ་སྟེ། དེ་ལ་གང་ལ་དགེ་སློང་མའི་ཚོགས་ལ་བརྙས་ཐབས་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར་དགེ་
སློང་མའི་ཚོགས་ལ་བརྙས་ཐབས་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མའི་ཚོགས་ཞེས་བྱ་བ་དགེ་སློང་མའི་དགེ་འདུན་ལ་བརྙས་ཐབས་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དགེ་སློང་མའི་ཚོགས་ཞེས་བྱ་བའི་རྣམ་པར་འབྱེད་པ་ནི་དགེ་སློང་མའི་དགེ་འདུན་ཞེས་གསུངས་
པ་ཡིན་ནོ། །གཅིག་གམ་གཉིས་སམ་གསུམ་ལ་བརྙས་ཐབས་བྱེད་པ་ལ་ནི་ཉེས་བྱས་སོ། །བརྙས་ཐབས་བྱེད་པ་ཞེས་བྱ་བའི་རྣམ་པར་འབྱེད་པ་ནི་རྣམ་པ་སྣ་ཚོགས་ཀྱིས་སྨོད་པར་བྱེད་དེ། ཚུལ་འཆོས་པ་དང་ཁ་གསག་དང་གཞོགས་སློང་དང་ཐོབ་ཀྱིས་འཇལ་གྱིས་འཚོ་བར་བྱེད་དོ། །
མི་གསལ་བ་རྨོངས་པ་ནི་མཁས་པ་ཡིན་ནོ། །ལྟུང་བ་ཡང་མི་ཤེས་ལྟུང་བ་མེད་པ་ཡང་མི་ཤེས་པ་ཡིན་ནོ། །འདི་ལ་བྱིན་པའམ་བྱས་པའམ་བསྙེན་བཀུར་ཀུན་དུ་སྤྱོད་པས་ཅི་བྱ། ལོག་པའི་ཆོས་ཀུན་དུ་དཀྲིས་པ་ཡིན་ནོ་ཞེས་གླེང་གཞི་ལས་གསུངས་པ་ཡིན་ནོ། །གང་ལ་དགེ་སློང་
མའི་ཚོགས་ལ་སྤྱོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། སྤྱོ་བ་ལ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མའི་ཚོགས་ལའོ་ཞེས་པའི་རྗེས་བསྙགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །དགེ་སློང་མའི་ཚོགས་ལ་སྤྱོ་བར་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །སྤྱོ་བ་ཞེས་བྱ་བའི་རང་
བཞིན་ནི་གླེང་གཞི་ལས་འཚོ་བའི་ཕྱིར་མགོ་བྲེགས་པ་མུ་གེའི་ཕྱིར་མགོ་བྲེགས་པ་སྡིག་པའི་ལས་ཅན་འཕགས་མ་མ་ཡིན་པ་ཟོལ་པ་མོ་ཕ་རོལ་སླུ་བ་ཡང་དག་པར་སྡོམ་པ་མ་ཡིན་ཚུལ་ཁྲིམས་འཆལ་པའོ་ཞེས་གསུངས་པ་ཡིན་ནོ། །གང་ལ་འཁོར་གཙོ་བོ་ལ་ཆུས་འཐོར་བའི་ལྟུང་བྱེད་དུ་
འགྱུར་ཞེ་ན་དེའི་ཕྱིར། འཁོར་གཙོ་བོ་ལ་ཆུས་འཐོར་བ་ལའོ་ཞེས་བྱ་བ་སྨྲས་ཏེ། འཁོར་གཙོ་བོ་ཞེས་བྱ་བའི་སྒྲས་ནི་དགེ་སློང་བརྗོད་དེ་འཁོར་གཙོ་བོ་ཞེས་བྱ་བའི་རྣམ་པར་འབྱེད་པ་ལས་དགེ་སློང་ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་དགེ་སློང་མའི་ལུས་ལ་ཐིགས་པ་ཙམ་གྱིས་ཕོག་
Vol. 163 · folio 56b
པར་གྱུར་ན་ཡང་དེའི་ཚེ་ཆུས་གཏོར་བ་ཡིན་ཏེ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །བརྒྱལ་བ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། དགེ་སློང་བརྒྱལ་བ་ལ་ཆུས་གཏོར་བ་ལ་ནི་ལྟུང་བ་མེད་པའོ། །དགེ་སློང་ལ་ཐུ་ཞེས་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་ལ་མཆིལ་མས་གཏོར་བའི་
ཐབས་སུ་ཐུ་ཞེས་མི་བྱའོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས་ཐུ་ཞེས་མི་བྱའོ་ཞེས་བྱ་བའི་དང་པོ་འདི་ནས་བསྟེན་པ་ཞེས་བྱ་བའི་བར་དུ་གསུངས་ཏེ། དེ་ལྟ་བས་ན་དགེ་སློང་མས་དགེ་སློང་ལ་མཆིལ་མས་གཏོར་བར་མི་བྱའོ། །འཐོར་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་
རོ་ཞེས་གསུངས་པ་ཡིན་ནོ། །རབ་ཏུ་བྱུང་བ་འདི་པ་ལ་སྤྱོ་བར་མི་བྱའོ་ཞེས་བྱ་བ་ལ། རབ་ཏུ་བྱུང་བ་འདི་པ་ཞེས་བྱ་བའི་སྒྲས་ནི་དགེ་སློང་ལ་སོགས་པ་བཟུང་བར་རིག་པར་བྱ་སྟེ། དགེ་སློང་མའི་ཚོགས་ལ་སྤྱོ་བའི་ལྟུང་བྱེད་སྔར་ལོགས་ཤིག་ཏུ་བསྟན་ཟིན་པའི་ཕྱིར་རོ། །རབ་ཏུ་
བྱུང་བ་འདི་པ་གཞན་ལ་སྤྱོ་བ་ཉེས་བྱས་སུ་རྣམ་པར་བཞག་གོ། །དགེ་སློང་ལ་སྤྱོ་བ་ནི་ལྕི་བའི་ཆོས་ཡིན་པའི་ཕྱིར་ཟླ་བ་ཕྱེད་ཕྱེད་ཅིང་མགུ་བ་སྤྱོད་པ་ཡིན་ནོ། །དེ་ལ་གཉི་ག་ཡང་ངོ་ཞེས་བྱ་བ་ནི། རབ་ཏུ་བྱུང་བ་འདི་པ་དེ་ལ་བརྙས་ཐབས་དང་སྤྱོ་བ་ཞེས་བྱ་བ་ནི་བསླབ་པའི་གཞི་སྔ་མ་
བསྟན་པ་གཉི་ག་ཡང་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་སློང་གི་མདུན་དུ་སྤྱོད་ཡུལ་དུ་རྒྱུ་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་མས་དགེ་སློང་གི་མདུན་དུ་གྲོང་དུ་བསོད་སྙོམས་ལ་འདུག་པར་མི་བྱ་བའོ། །འདིར་གཞུང་ནི་དེ་ལྟ་བས་ན་དགེ་སློང་མས་དགེ་སློང་གི་སྤྱོད་ཡུལ་
དུ་ཞུགས་པའི་མདུན་དུ་འགྲོ་བར་མི་བྱ་བར་དགེ་སློང་གི་སྤྱོད་ཡུལ་གང་སྤངས་པ་དེར་དགེ་སློང་གིས་འཇུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཟམ་པ་མི་བརྟན་པར་དགེ་སློང་དང་ལྷན་ཅིག་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་མས་ཟམ་པ་མི་བརྟན་པ་ལྡེག་པར་
དགེ་སློང་དང་ལྷན་ཅིག་འགྲོ་བར་མི་བྱའོ། །འདིར་གཞུང་ནི་དེ་ལྟ་བས་ན་དགེ་སློང་མས་དགེ་སློང་དང་ལྷན་ཅིག་ཟམ་པ་གཅིག་ཏུ་འགྲོ་བར་མི་བྱའོ། །འགྲོ་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཟམ་པ་བརྟན་ཞིང་ཞེང་ཆེན་པོ་གང་ཡིན་པ་དེ་དག་ཏུ་ནི་འགྲོ་བར་བྱ་སྟེ། འདི་ལ་
Vol. 163 · folio 57a
འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱའོ་ཞེས་བྱ་བའི་གཞུང་ནི་དེ་ལྟ་བས་ན་དགེ་སློང་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱའོ། །མི་ལྡང་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །
འདུག་པས་དེ་འགྲེང་བས་ཧ་ཅང་ཡུན་རིང་དུ་འདའ་བར་བྱེད་ན་སྟན་ལ་འདུག་ཏུ་གཞུག་གོ་ཞེས་བྱ་བ་ནི། དགེ་སློང་སྟན་ལ་འདུག་པས་དགེ་སློང་མ་དེ་འགྲེང་བའི་སྤྱོད་ལམ་གྱིས་ཧ་ཅང་ཡུན་རིང་དུ་འདའ་བར་བྱེད་ན་སྟན་ལ་འདུག་ཏུ་གཞུག་པའོ། །མི་བྱེད་ན་འདུག་པའི་ཕྱིར་ཞུས་
ཏེ་དེ་ལ་འདུག་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་དགེ་སློང་མ་ལ་སྟན་ལ་འདུག་ཏུ་གཞུག་པ་མི་བྱེད་ན། དགེ་སློང་མ་ཉིད་ཀྱིས་སྟན་ལ་འདུག་པར་བྱ་བའི་ཕྱིར། དགེ་སློང་ལ་ཞུས་ཏེ་གནང་ན་སྟན་དེ་ལ་འདུག་པར་བྱའོ། །འདིར་མདོ་དེ་གཉིས་ཀྱི་གཞུང་ནི་དེ་ལྟ་བས་ན་དགེ་སློང་
གིས་དགེ་སློང་མ་ལ་ཆོས་ཉན་པར་འདོད་པ་ལ་འདུག་ཤིག་ཅེས་བསྒོ་བར་བྱའོ། །གལ་ཏེ་དགེ་སློང་ཡེངས་སམ་མི་དྲན་ན་དགེ་སློང་མས་འཕགས་པ་སྟན་ལ་མཆིས་སོ་ཞེས་ཞུས་ཏེ་འདུག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །བླ་མར་གྱུར་པ་ལ་བརྙས་ཐབས་བྱེད་པའི་ལྟུང་བྱེད་གསུམ་
མོ་ཞེས་བྱ་བ་དགེ་སློང་མའི་ཚོགས་ལ་བརྙས་ཐབས་བྱེད་པའི་ལྟུང་བྱེད་དང་། དགེ་སློང་མའི་ཚོགས་ལ་སྤྱོ་བའི་ལྟུང་བྱེད་དང་། འཁོར་གཙོ་བོ་ལ་ཆུས་འཐོར་བའི་ལྟུང་བྱེད་གསུམ་བཤད་ཟིན་ཏོ།། །།གང་ལ་འཁྲུག་ལོང་ཡལ་བར་འདོར་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར།
དགེ་སློང་མ་རྣམས་ཀྱི་རྩོད་པ་མཐུ་ཡོད་བཞིན་དུ་ཉེ་བར་ཞི་བར་མི་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཉེ་བར་ཞི་བར་བྱ་བའི་མཐུ་ཡོད་བཞིན་དུ་དགེ་སློང་མ་རྣམས་ཀྱི་རྩོད་པ་ཉེ་བར་ཞི་བར་མི་བྱེད་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་ཏེ། གལ་ཏེ་གང་གི་ཚེ་ལུས་རྣམ་པར་འགྱུར་བའམ་ངག་རྣམ་པར་
འགྱུར་བར་བྱེད་ཅིང་ཇི་སྲིད་དུ་བསམ་པ་གཏོང་བར་མི་བྱེད་པ་དེ་སྲིད་དུ་ནི་ལྟུང་བྱེད་གཅིག་ཁོ་ནར་ཟད་དོ། །གང་གི་ཚེ་ཉེ་བར་ཞི་བར་མི་བྱེད་པའི་བསམ་པ་བཏང་ནས་ཡང་བསམ་པ་གཞན་བསྐྱེད་པའི་ཚེ་ནི་ལྟུང་བྱེད་གཞན་དུ་ཡང་འགྱུར་རོ། །འཁྲུག་ལོང་ཡལ་བར་འདོར་བའི་ལྟུང་
Vol. 163 · folio 57b
བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།གང་ལ་བློ་མཐུན་པར་མི་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཞག་ལོན་པའི་འདུན་པ་སྦྱིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཞག་ལོན་པའི་འདུན་པ་སྦྱིན་པ་ཞེས་བྱ་བ་ནི་ཉི་མ་སྔ་མ་གཞན་ལ་འདུན་པ་ཕུལ་བ་དེ་ཉིད་ད་དུང་
ཡང་ཡོད་པས་འདུན་པ་སྔ་མ་དེ་ཁོ་མོས་ད་དུང་ཕྱིར་མ་བླངས་པས་དེ་རིང་ཡང་བཟོད་འདུན་པ་འབུལ་ཅི་དགོས་ཞེས་ཟེར་ཞིང་འདུན་པ་ཕྱི་མ་མི་སྟེར་བ་ཡིན་ནོ། །དེས་ན་འདི་ལྟར་སྟོན་ཏེ། དགེ་འདུན་གྱི་ལས་གང་གི་ཕྱིར་ཉི་མ་སྔ་མ་གཞན་ལ་འདུན་པ་བླངས་པའི་ལས་དེ་དེའི་ཉིན་
མོ་མ་བྱས་ཤིང་ཕྱིས་ཉི་མ་གཞན་ལ་བྱེད་པའི་ཚེ་ཡང་གཞི་ནས་འདུན་པ་བླང་བར་བྱ་དགོས་པས། དེའི་ཚེ་དེ་དགེ་འདུན་མས་འདུན་པ་ལེན་དུ་བཏང་བ་ན་སྔར་འདུན་པ་བྱིན་ཟིན་པ་དེ་ཉིད་བདག་གིས་ཕྱིར་མ་བླངས་པས་ད་དུང་ཡང་འདུན་པ་འབུལ་མི་དགོས་སོ་ཞེས་ཟེར་ཞིང་དགེ་
འདུན་དང་བློ་མཐུན་པར་མི་ཕྱེད་པ་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་གླེང་གཞི་ནི་སྦོམ་དགའ་མོ་ལ་དགེ་སློང་མ་རྣམས་ཀྱིས་འཕགས་མ་དགེ་སློང་མའི་དགེ་འདུན་ཚོགས་ཀྱིས་ཚུར་ཤོག་ཤིག་ཅེས་བྱས་པ་དང་། དེས་སྨྲས་པ་ཆོས་བཞིན་དུ་བྱེད་པའི་ལས་ལ་འདུན་
པ་འབུལ་ལོ། །དགེ་འདུན་གྱིས་ལས་དེ་དེའི་ཉིན་མོ་མ་བྱས་ནས་ཕྱི་དེ་ཉིན་མོ་བྱ་བར་བརྩམས་ཏེ་ཡང་དགེ་སློང་མའི་དགེ་འདུན་འདུས་ནས་སྦོམ་དགའ་མོ་སྦྲན་པ་དང་། དེ་འོང་དུ་མ་བཏུབ་ནས་དགེ་སྐོས་མས་ཅི་འཕགས་མ་འདུན་པ་འབུལ་བར་མི་འདོད་དམ་ཞེས་སྨྲས་པ་དང་།
དེས་སྨྲས་པ་ཁོ་མོའི་འདུན་པ་ཕུལ་ཟིན་ནོ། །ནམ་ཕུལ་ཉི་མ་སྔ་མ་ལའོ། །འཕགས་མས་ཞག་ལོན་པའི་འདུན་པ་འབུལ་དུ་རུང་ངམ། དེས་སྨྲས་པ་ཆག་གམ་རུལ་ཏམ་ཅི་ཉེས་ཞེས་ཟེར་བ་ལས་བཅས་པ་ཡིན་ནོ། །བློ་མཐུན་པར་མི་བྱེད་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་
ཟིན་ཏོ།། །།ད་འདི་མན་ཆད་ནི་ལྕི་བའི་ཆོས་ལས་འདས་པའི་ལྟུང་བྱེད་གསུམ་དང་། ལྕི་བའི་ཆོས་དང་འབྲེལ་པའི་ཆོས་ལས་འདས་པའི་ལྟུང་བྱེད་གཅིག་སྟོན་ཏེ། ལྕི་བའི་ཆོས་ལས་འདས་པའི་ལྟུང་བྱེད་གསུམ་ནི་གདམས་ངག་ཉམས་སུ་མྱོང་བར་མི་བྱེད་པ་དང་།
Vol. 163 · folio 58a
དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་ལེན་པ་དང་། གཉི་གའི་དགེ་འདུན་ལ་དགག་དབྱེ་མི་བྱེད་པའོ། །ལྕི་བའི་ཆོས་དང་འབྲེལ་པའི་ཆོས་ལས་འདས་པའི་ལྟུང་བྱེད་ནི་དགེ་སློང་མེད་པར་གསོ་སྦྱོང་བྱེད་པའོ། །དེ་ལ་གང་ལ་གདམས་ངག་ཉམས་སུ་མྱོང་བར་
མི་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་རྣམས་ལས་གདམས་ངག་དང་། རྗེས་སུ་བསྟན་པ་དག་ཉམས་སུ་མྱོང་བར་མི་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གསོ་སྦྱོང་གི་ཉིན་མོའི་ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་རྣམས་ལ་འདི་ནི་བྱ་བའོ་འདི་ནི་
བྱ་བ་མ་ཡིན་པའོ་ཞེས་བྱ་བའི་རང་བཞིན་གྱི་གདམས་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་མི་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །རྐྱེན་མ་བྱུང་བར་གསོ་སྦྱོང་གི་ཉིན་མོ་ལས་འདས་ནས་སྐྱ་རེངས་འཆར་བའི་དུས་ན་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །རྐྱེན་
བྱུང་ན་ནི་ཉི་མ་འཆར་ཀའི་དུས་སུ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ལ་དགེ་སློང་མེད་པར་གསོ་སྦྱོང་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་དག་མེད་པར་གསོ་སྦྱོང་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མའི་དགེ་འདུན་གྱིས་སྔར་དགེ་སློང་གི་དགེ་
འདུན་ལས་འདུན་པའི་གསོ་སྦྱོང་བླངས་ནས་གཟོད་གསོ་སྦྱོང་བྱ་དགོས་ཏེ། ཇི་སྲིད་དུ་དགེ་སློང་མའི་དགེ་འདུན་གྱིས་དགེ་སློང་གི་དགེ་འདུན་ལས་འདུན་པའི་གསོ་སྦྱོང་མ་བླངས་པ་དེ་སྲིད་དུ་གསོ་སྦྱོང་བྱར་མི་རུང་ངོ་། །དེ་ལྟ་བས་ན་དགེ་སློང་རྣམས་ལས་འདུན་པའི་གསོ་སྦྱོང་བླང་བའི་
ཕྱིར་དགེ་སློང་མ་གང་གིས་ཚོགས་པ་སྒྲུབ་པར་མི་བྱེད་པ་དེ་ནི་འདིར་དགེ་སློང་མེད་པར་གསོ་སྦྱོང་བྱེད་པ་ཞེས་བྱ་སྟེ། དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་གྱི་དགེ་སློང་རྣམས་མངོན་སུམ་དུ་མི་འཁོད་པ་ཉིད་དུ་གསོ་སྦྱོང་བྱེད་པ་ལ་ནི་ཉེས་པ་མེད་དོ། །འདི་ནི་ལྕི་བའི་ཆོས་དང་འབྲེལ་
བའི་ཆོས་ལས་འདས་པའི་ཁ་ན་མ་ཐོ་བ་ཡིན་གྱི་ལྕི་བའི་ཆོས་ལས་འདས་པའི་ཁ་ན་མ་ཐོ་བ་ཉིད་ནི་མ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་མ་ཁྱོད་ཀྱིས་དགེ་སློང་དག་མེད་པར་གསོ་སྦྱོང་བྱས་པ་བདེན་ནམ་ཞེས་གསུངས་པ་དང་། ཡང་དགེ་སློང་མ་གང་དགེ་སློང་དག་མེད་པར་གསོ་
Vol. 163 · folio 58b
སྦྱོང་བྱེད་ན་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ལྕི་བའི་ཆོས་དང་འབྲེལ་པའི་ཆོས་ལས་འདས་པས་ཞེས་བྱ་བ་ནི་གདམས་ངག་ཉམས་སུ་མྱོང་བ་ཞེས་བྱ་བའི་ལྕི་བའི་ཆོས་དེ་དང་འབྲེལ་བ་དགེ་སློང་དང་ལྷན་ཅིག་གསོ་སྦྱོང་བྱ་བའི་མཚན་ཉིད་ཀྱི་ཆོས་དེ་ལས་འདས་ཤིང་དགེ་སློང་མེད་
པར་གསོ་སྦྱོང་བྱེད་པ་ཡིན་ནོ། །གང་ལ་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་ལེན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་ལེན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མེད་པའི་གནས་ཞེས་བྱ་བ་ནི་གང་ན་ལས་
བརྒྱ་རྩ་གཅིག་པོ་ཐམས་ཅད་མེད་པ་ལ་བྱའི། དགེ་སློང་དང་དངོས་པོ་མེད་པ་ལ་ནི་མི་བྱའོ། །འདི་སྐད་བསྟན་ཏེ་གནས་གང་ན་དགེ་སློང་བཞི་ཡན་ཆད་གནས་ཤིང་ལས་བྱེད་པ་མེད་པ་དེ་ནི་དགེ་སློང་མེད་པའི་གནས་ཞེས་བྱ་སྟེ། དེར་དབྱར་གནས་པར་ཁས་ལེན་པ་ལ་ཁ་ན་མ་
ཐོ་བ་འདིར་འགྱུར་རོ། །གང་ལ་གཉི་གའི་དགེ་འདུན་ལ་དགག་དབྱེ་མི་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དབྱར་གནས་པས་གཉི་གའི་དགེ་འདུན་ལ་གནས་གསུམ་གྱི་དགག་དབྱེ་མི་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་དབྱར་གནས་པར་ཁས་བླངས་
པས་གཉི་གའི་དགེ་འདུན་ལ་གནས་གསུམ་པོ་མཐོང་བ་དང་ཐོས་པ་དང་དོགས་པ་ཞེས་བྱ་བས་དགག་དབྱེ་མི་བྱེད་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །རྐྱེན་བྱུང་བ་ལ་སོགས་པ་དགག་དབྱེའི་ཉིན་མོ་ལས་འདས་པ་ལས་ཁ་ན་མ་ཐོ་བ་འདིར་འགྱུར་བ་ནི་གསོ་སྦྱོང་དང་འདྲའོ། །ལྕི་བའི་
ཆོས་ལས་འདས་པ་ལས་གྱུར་པའི་ལྟུང་བྱེད་དག་གོ་ཞེས་བྱ་བ་ལྕི་བའི་ཆོས་ལས་འདས་པའི་ལྟུང་བྱེད་གསུམ་དང་། ལྕི་བའི་ཆོས་དང་འབྲེལ་པའི་ཆོས་ལས་འདས་པའི་ལྟུང་བྱེད་གཅིག་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་གཞན་ལ་གནོད་པར་སྤྱོད་པའི་ལྟུང་
བྱེད་གསུམ་སྟོན་ཏེ། དེ་ལ་གང་ལ་དབུལ་པོ་སྲ་བརྐྱང་སྦྱོར་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དབུལ་པོ་སྲ་བརྐྱང་སྦྱོར་དུ་བཅུག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དབུལ་པོ་ལ་རྙེད་པའི་དོན་ཏམ་བསོད་སྙོམས་ཀྱི་དོན་ཏམ་གཉི་གའི་དོན་དུ་སྲ་བརྐྱང་
Vol. 163 · folio 59a
སྦྱོར་དུ་བཅུག་ན་དངོས་གཞིའོ། །མདུན་རོལ་དུ་ནི་ཉེས་བྱས་སོ། །ཆོས་གོས་གཏན་པའི་ཟོང་ཙམ་དགེ་འདུན་གྱི་དོན་དུ་དབུལ་པོ་སྦྱོར་དུ་བཅུག་པ་ཡང་དངོས་གཞིའོ། །ཆོས་གོས་གཏན་པ་མི་ལྡང་བ་ཆུང་ངུ་སྦྱོར་དུ་བཅུག་པ་ལ་ནི་ཉེས་བྱས་སོ། །
གང་ཟག་དབུལ་པོ་དུ་མ་སྦྱོར་དུ་བཅུག་པ་ལ་ནི་གང་ཟག་རེ་རེ་ལས་ཁ་ན་མ་ཐོ་བ་རེ་རེར་འགྱུར་རོ། །འདིར་ཆོས་གོས་གཏན་པ་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ་ཡོ་བྱད་གཞན་དག་ལ་ཡང་དེ་བཞིན་ནོ། །གང་ལ་ཆོས་གོས་གཏན་པ་དབྱུང་བའི་ཕྱིར་ཚོགས་པ་མི་སྦྱིན་པའི་ལྟུང་བྱེད་དུ་
འགྱུར་ཞེ་ན་དེའི་ཕྱིར། ཆོས་གོས་གཏན་པ་དབྱུང་བའི་ཕྱིར་བག་ཡངས་སུ་བྱ་བའི་ཚོགས་པ་མི་སྦྱིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དཔྱིད་ཟླ་ར་བ་ཉའི་ཉིན་མོ་ཆོས་གོས་གཏན་པ་དབྱུང་བའི་དུས་སུ་ཆོས་གོས་གཏན་པ་དབྱུང་བའི་ཕྱིར་ཚོགས་པ་མི་སྦྱིན་པ་ལ་ནི་སྤང་བའི་ལྟུང་བྱེད་དུ་རྣམ་པར་
གཞག་པས། འདི་ནི་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ཆོམ་རྐུན་པས་བཅོམ་པའམ་འགྲོ་བ་ལ་སོགས་པའི་དགོས་པའི་དབང་གིས་དཔྱིད་ཟླ་ར་བ་ཉ་ཚུན་ཆད་གློ་བུར་དུ་ཆོས་གོས་གཏན་པ་འབྱིན་པར་རྗེས་སུ་གནང་བའི་དུས་དེར་ཆོས་གོས་གཏན་པ་དབྱུང་བའི་ཕྱིར་བག་ཡངས་སུ་
བྱ་བའི་ཚོགས་པ་མི་སྦྱིན་པ་ལ་ལྟུང་བྱེད་དུ་རྣམ་པར་གཞག་པ་ཡིན་ནོ། །དེ་ལྟ་བས་ན་སྤང་བའི་ལྟུང་བྱེད་དང་ལྟུང་བྱེད་འདི་གཉིས་ནི་དུས་ཀྱི་བྱེ་བྲག་གིས་ཐ་དད་པར་གྱུར་པ་ཡིན་ནོ། །གང་ལ་གོས་འགེད་པའི་ཕྱིར་ཚོགས་པ་མི་སྦྱིན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར། གོས་
འགེད་པའི་ཕྱིར་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། བག་ཡངས་སུ་བྱ་བའི་ཚོགས་པ་མི་སྦྱིན་པ་ལ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །འདིར་གོས་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ་ཆོས་དང་ལྡན་པའི་རྙེད་པ་གཞན་བགོ་བའི་ཕྱིར་ཚོགས་པ་མི་སྦྱིན་པ་ལ་
ཡང་ལྟུང་བྱེད་དུ་འགྱུར་རོ། །འདིས་ལེན་མི་འདོད་པ་ཉིད་ནི་མ་བྱས་པ་ཉིད་དོ་ཞེས་བྱ་བ་ནི། ཚོགས་པ་མི་སྦྱིན་པ་འདིས་རྙེད་པའི་སྐལ་བ་ལེན་མི་འདོད་པ་ཉིད་ནི་བསྡུ་བ་མ་བྱས་པ་ཉིད་ཡིན་ཏེ། དེ་བས་ན་འདིར་རྙེད་པའི་སྐལ་བ་ལེན་མི་འདོད་པས་ཚོགས་པ་མི་སྦྱིན་པ་ལ་ནི་
Vol. 163 · folio 59b
ལྟུང་བ་མེད་དོ། །གཞན་ལ་གནོད་པར་སྤྱོད་པ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ་ཞེས་བྱ་བ་དབུལ་པོ་ཆོས་གོས་གཏན་པ་སྦྱོར་དུ་བཅུག་པའི་ལྟུང་བྱེད་དང་། ཆོས་གོས་གཏན་པ་དབྱུང་བའི་ཕྱིར་ཚོགས་པ་མི་སྦྱིན་པའི་ལྟུང་བྱེད་དང་། གོས་འགེད་པའི་ཕྱིར་ཚོགས་པ་མི་སྦྱིན་
པའི་ལྟུང་བྱེད་གསུམ་བཤད་ཟིན་ཏོ།། །།གང་ལ་དབྱར་ཁང་ཡལ་བར་འདོར་བ་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར། དབྱར་ཁང་མ་གཏད་པར་འགྲོ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་རྣམས་ཀྱི་ཁྱམས་གྲུ་བཞི་ལ་སོགས་པའི་གནས་ནི་དབྱར་
ཁང་ཞེས་བྱ་སྟེ། དེའི་ལྡེ་མིག་ལ་སོགས་པ་ཐ་ན་ཁྱིམ་པ་ཡན་ཆད་ལ་ཡང་མ་གཏད་མ་བཅོལ་བར་གཞན་དུ་འགྲོ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །དགེ་འདུན་གྱི་ཡང་རུང་གང་ཟག་གི་ཡང་རུང་སྟེ། གནས་མལ་བཞིན་དུ་གཞན་ལ་གཏད་པར་བྱའོ། །ཅི་ཙམ་དུ་སོང་ཞེ་ན།
ཉེན་ཀོར་བཏང་ནའོ་ཞེས་བྱ་བ་སྨྲས་ཏེ། འདིར་ཉེན་ཀོར་ཞེས་བྱ་བ་ནི་དབྱར་ཁང་གི་འཕྲལ་གྱི་བྱ་བ་ཡོད་པའི་ཕྱོགས་ཏེ་དེ་བཏང་ནའོ། །དབྱར་ཁང་གླར་མི་གཏང་ངོ་ཞེས་བྱ་བ་ནི། གང་ཟག་གི་དབྱར་ཁང་གཞན་ལ་གླར་མི་གཏང་ངོ་། །ཁང་ཁྱིམ་གྱི་གཞི་དང་ཚོང་ཁང་གི་
གཞི་ཡང་ངོ་ཞེས་བྱ་བ་ལ། གླར་མི་གཏོང་ངོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །འདི་ཡང་གང་ཟག་གིའོ། །འདིར་མདོ་དེ་གཉིས་ཀྱི་གཞུང་ནི་ཕྲན་ཚེགས་དག་ལས་དེ་ལྟ་བས་ན་དགེ་སློང་མས་དབྱར་ཁང་གླར་མི་གཏང་ངོ་། །གཏོང་ན་
འགལ་ཚབས་ཅན་དུ་འགྱུར་རོ། །དེ་ལྟ་བས་ན་དགེ་སློང་མས་ས་གཞི་གླར་མི་གཏང་ངོ་། །གཏོང་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དབྱར་ཁང་ཡལ་བར་འདོར་བ་ལས་གྱུར་པའི་ལྟུང་བྱེད་དོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་འདི་མན་ཆད་ནི་དུས་
འདི་དང་ཕྱོགས་འདིར་ནི་འགྲོ་བར་བྱའོ། །འདིར་ནི་འགྲོ་བར་མི་བྱའོ་ཞེས་བྱ་བ་ལས་ལྟུང་བྱེད་གང་དག་རྣམ་པར་གཞག་པར་འགྲོ་བ་དང་མི་འགྲོ་བ་ལས་གྱུར་པའི་ལྟུང་བྱེད་བཞི་སྟོན་ཏེ། དེ་ལ་གང་ལ་དབྱར་གྱི་ནང་དུ་ལྗོངས་རྒྱུ་ཞིང་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་
Vol. 163 · folio 60a
ཕྱིར། དབྱར་གྱི་ནང་དུ་ལྗོངས་རྒྱུ་ཞིང་འགྲོ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དབྱར་གྱི་ནང་ལོགས་སུ་ཡུལ་བལྟ་བའི་ཕྱིར་ལྗོངས་རྒྱུ་ཞིང་འགྲོ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཉེས་པ་ལས་དབྱུང་བ་དང་རྫོགས་པར་བསྙེན་པར་བྱ་བ་དང་རྩོད་པ་ཞི་བར་བྱ་བ་
ལ་སོགས་པའི་ཆེད་དུ་བྱིན་གྱིས་བརླབས་ཏེ་འགྲོ་བ་ལ་ནི་མ་བཀག་གོ། །གྱི་ན་ཡུལ་རྒྱུ་ཞིང་འཕྱན་དུ་འགྲོ་བ་བཀག་སྟེ། ལམ་དུ་ཞུགས་པའི་ཚེ་ནི་ཉེས་བྱས་སོ། །རྒྱང་གྲགས་ཀྱི་མཐའ་ལས་འདས་ན་ནི་དངོས་གཞིའོ། །འདི་དགེ་སློང་ལ་སོགས་པ་གཞན་ལ་ནི་ཉེས་བྱས་
སོ། །བར་ཆད་ཉེ་བར་གནས་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། བར་ཆད་བརྒྱད་པོ་དག་ལས་གང་ཡང་རུང་བ་བྱུང་ན་དབྱར་གྱི་ནང་ལོགས་སུ་འགྲོ་བ་ལ་ནི་ལྟུང་བ་མེད་དོ། །གང་ལ་དབྱར་གནས་པའི་འོག་ཏུ་མི་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། དབྱར་གནས་
པའི་འོག་ཏུ་དེར་མི་འགྲོ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དབྱར་གནས་པར་ཁས་བླངས་ནས་དགག་དབྱེ་བྱས་པའི་འོག་ཏུ་ཚེས་བཅུ་དྲུག་ལ་ལྗོངས་རྒྱུ་བ་དེར་མི་འགྲོ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་འགྲོ་བའི་ཚད་ནི་རྒྱང་གྲགས་ཀྱི་ཚད་ཀྱི་མཐའོ། །བུད་མེད་རྣམས་ནི་གནས་
ལ་ལྷག་པར་ཆགས་པ་ཤས་ཆེ་བས་བསླབ་པའི་གཞི་འདི་བཅས་སོ། །གཞན་ལ་ནི་འདི་ཉེས་བྱས་ཡིན་པར་འདུལ་བ་མདོར་བསྡུས་པ་ལས་ཤེས་པར་བྱའོ། །ཕྱོགས་ཀུན་ན་འཇིགས་པ་དང་བཅས་པའམ་ཞེ་འགྲས་པ་ཡོད་ན་ནི་ལྟུང་བ་མེད་དོ། །འཇིགས་པ་མེད་པའི་ལམ་
གྲོགས་རྙེད་ལ་མི་འགྲོ་ན་ནི་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །ཚེས་བཅུ་དྲུག་གི་འོག་རོལ་ཏུ་ལམ་གྲོགས་ལ་སྡོད་པ་ལ་ནི་ཉེས་པ་མེད་དོ། །གང་ལ་དོགས་པ་དང་བཅས་པར་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ཡུལ་འཁོར་དོགས་པ་དང་བཅས་པར་འགྲོ་བ་
ལའོ་ཞེས་བྱ་བ་སྨྲས་ཏེ། ལྗོངས་རྒྱུ་ཞིང་ཞེས་བྱ་བར་སྦྱར་རོ། །ཡུལ་འཁོར་ཆོམ་རྐུན་པའི་འཇིགས་པས་དོགས་པ་དང་བཅས་པ་ཉིད་དུ་ལྗོངས་རྒྱུ་ཞིང་འགྲོ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གང་ལ་མི་མཐུན་པ་དང་བཅས་པར་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་
Vol. 163 · folio 60b
ཕྱིར། མི་མཐུན་པ་དང་བཅས་པར་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། ཡུལ་འཁོར་དུ་འགྲོ་བ་ལའོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །ཡུལ་འཁོར་གང་ན་དགྲ་བོ་མི་མཐུན་པ་ཡོད་པ་དེ་ནི་མི་མཐུན་པ་དང་བཅས་པ་ཡིན་ཏེ། ཕྱོགས་འདིར་སུ་ཡང་འགྲོ་བར་
མི་བྱའོ། །སུ་འགྲོ་བ་དེ་གསད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་འགྲོ་བ་དགག་པའི་ཁྲིམས་སུ་བྱས་པ་ཡོད་པ་ལྟ་བུའོ། །གང་ལ་དོགས་པ་དང་བཅས་པ་ཡང་ཡིན་ལ་མི་མཐུན་པ་དང་བཅས་པ་ཡང་ཡིན་པའི་ཕྱོགས་དེར་འགྲོ་བ་ལ་ནི་ལྟུང་བྱེད་གཉི་ག་དུས་གཅིག་ཏུ་འབྱུང་ངོ་། །འགྲོ་
བ་དང་མི་འགྲོ་བ་ལས་གྱུར་པའི་ལྟུང་བྱེད་བཞིའོ་ཞེས་བྱ་བ་དབྱར་གྱི་ནང་དུ་ལྗོངས་རྒྱུ་ཞིང་འགྲོ་བའི་ལྟུང་བྱེད་དང་། དབྱར་གནས་པའི་འོག་ཏུ་མི་འགྲོ་བའི་ལྟུང་བྱེད་དང་། དོགས་པ་དང་བཅས་པར་འགྲོ་བའི་ལྟུང་བྱེད་དང་། མི་མཐུན་པ་དང་བཅས་པར་འགྲོ་བའི་ལྟུང་བྱེད་
བཞི་བཤད་ཟིན་ཏོ།། །།བམ་པོ་བཞི་བཅུ་གཉིས་པ། །ད་འདི་མན་ཆད་ནི་སྨྲ་བ་ལས་གྱུར་པའི་ལྟུང་བྱེད་གཉིས་སྟོན་ཏེ། དེ་ལ་གང་ལ་གཞན་གྱི་གནས་སུ་འཐབ་ཀྲོལ་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། ལྷའི་གནས་ལ་སོགས་པ་དང་མུ་སྟེགས་ཅན་གྱི་གནས་སུ་སོང་སྟེ་
རྩོད་པར་བྱེད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ལྷའི་གནས་ལ་སོགས་པ་ཞེས་བྱ་བ་ལ། སྩོགས་པ་ཞེས་བྱ་བའི་སྒྲས་ནི་རྒྱལ་པོའི་ཕོ་བྲང་ལ་སོགས་པ་དག་བསྡུའོ། །མུ་སྟེགས་ཅན་གྱི་གནས་ཞེས་བྱ་བ་ནི་མུ་སྟེགས་ཅན་གྱི་འདུག་གནས་སོ། །རྩོད་པར་བྱེད་པ་ཞེས་བྱ་བ་ནི་འཐབ་
ཀྲོལ་བྱེད་པ་སྟེ། རྣམ་པར་འབྱེད་པ་ལས་རྩོད་པ་ནི་འཐབ་ཀྲོལ་ལོ་ཞེས་གསུངས་པའི་ཕྱིར་རོ། །གཞན་གྱི་གནས་སུ་སོང་སྟེ་གཞན་ཟིལ་གྱིས་གནོན་པ་འདི་ནི་ཧ་ཅང་སྤྱི་བརྟོལ་ཆེ་བ་ཡིན་པའི་ཕྱིར་དེ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཚིག་གི་དོན་གཅིག་བརྡ་སྤྲད་པའི་དུས་ཉིད་ན་
ལྟུང་བྱེད་དུ་འགྱུར་རོ། །གང་ལ་སྐབས་མ་ཕྱེ་བར་འདྲི་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། སྐབས་མ་ཕྱེ་བར་འདྲི་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་ལ་སོགས་པས་ཚིག་གི་སྐབས་མ་ཕྱེ་བར་དྲི་བ་འདྲི་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་གླེང་གཞི་ལས་དགེ་
Vol. 163 · folio 61a
སློང་ལ་ཞེས་གསུངས་མོད་ཀྱི་ལྟུང་བ་རྣམ་པར་གཞག་པ་ལས་སྤྱིར་བསྟན་ཏོ། །ཇི་ལྟར་སྐབས་འབྱེད་དུ་གཞུག་པར་བྱ་ཞེ་ན་དེའི་ཕྱིར། སྟན་བཏིང་སྟེ་ཕན་ཚུན་ཀུན་དགའ་བར་བྱས་ནས་ལུང་དྲི་བའི་སྦྱོར་བས་སྐབས་འབྱེད་དུ་གཞུག་པར་བྱའོ་ཞེས་བྱ་བ་སྨྲས་
ཏེ། དང་པོར་ཇེ་སྟན་བཏིང་སྟེ་དེའི་འོག་ཏུ་གཏམ་དྲི་བས་ཕན་ཚུན་ཀུན་དགའ་བར་བྱས་ནས་ལུང་དྲི་བ་ཞེས་བྱ་བ་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་ཅི་ཐོས་པ་ལ་སོགས་པ་དྲི་བའི་སྦྱོར་བར་གང་ཟག་ཕ་རོལ་པོ་སྐབས་འབྱེད་དུ་གཞུག་པར་བྱའོ། །འདིར་གཞུང་ནི་ཆོས་མངོན་པ་དང་
འདུལ་བའི་ལུང་ཅི་དག་བླགས་ཞལ་སྟོན་ཅིང་མཁྱེན་ཞེས་དྲི་བས་སོ་ཞེས་གསུངས་པ་ཡིན་ནོ། །སྨྲ་བ་ལས་གྱུར་པའི་ལྟུང་བྱེད་གཉིས་སོ་ཞེས་བྱ་བ་གཞན་གྱི་གནས་སུ་འཐབ་ཀྲོལ་བྱེད་པའི་ལྟུང་བྱེད་དང་། སྐབས་མ་ཕྱེ་བར་འདྲི་བའི་ལྟུང་བྱེད་གཉིས་བཤད་ཟིན་ཏོ།། །།ད་འདི་
མན་ཆད་ནི་བཤང་བ་དང་ལྡན་པའི་ལྟུང་བྱེད་གསུམ་སྟོན་ཏེ། དེ་ལ་གང་ཕྱི་སར་གཅིག་པུ་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དེའི་ཕྱིར། ཕྱི་སར་གཅིག་པུ་འགྲོ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། དབྱར་ཁང་གི་ཉེ་འཁོར་འདོམ་གང་ལས་ལོགས་ཤིག་ན་ཆབ་ཀུང་ས་དཀན་བག་ཏུ་འདུག་པ་དེར་
གཅིག་པུ་འགྲོ་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་གལ་ཏེ་བུད་མེད་དུ་གྱུར་པ་མཐུ་དང་ལྡན་པ་ཡིན་ན་རབ་ཏུ་བྱུང་བ་འདི་པ་དང་ལྷན་ཅིག་འགྲོ་བ་ལ་ནི་ལྟུང་བ་མེད་དོ། །གང་ལ་རྩྭ་སྔོན་པོའི་སྟེང་དུ་བཤང་བ་འདོར་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རྩྭ་སྔོན་པོའི་སྟེང་དུ་
བཤང་བ་འདོར་བ་ལའོ་ཞེས་བྱ་བ་སྨྲས་ཏེ། རྩྭ་སྔོན་པོའི་སྟེང་དུ་བཤང་བ་འདོར་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །འདིར་འདོར་བ་ཞེས་བྱ་བ་ནི་བཤང་བ་བྱེད་པ་དང་བྱས་ཟིན་པ་འདོར་བ་གཉི་ག་ལ་བྱའོ། །སྔོན་པོ་ལ་མི་གཙང་བས་ཕོག་ན་དངོས་གཞིའོ། །མདུན་རོལ་དུ་ནི་ཉེས་བྱས་
སོ། །ནད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། རྩྭ་སྔོན་པོའི་སྟེང་དུ་བཤང་བ་འདོར་བ་ལའོ། །རྩྭ་སྔོན་པོས་ཐམས་ཅད་ཁྱབ་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ལ་ལྟུང་བ་མེད་དོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །ས་ཕྱོགས་ཐམས་ཅད་དུ་རྩྭ་སྔོན་པོས་ཁྱབ་པ་ཉིད་
Vol. 163 · folio 61b
ཡིན་ན་དེར་བཤང་བ་འདོར་བ་ལ་ནི་ལྟུང་བ་མེད་དོ། །གང་ལ་རྩིག་པའི་ཕག་ཏུ་མ་བལྟས་པར་བཤང་བ་འདོར་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་དེའི་ཕྱིར། རྩིག་པའི་ཕག་ཏུ་མ་བལྟས་པར་བཤང་བ་འདོར་བ་ལའོ་ཞེས་བྱ་བ་སྨྲས་ཏེ། འདིར་རྩིག་པ་ཞེས་བྱ་བ་ནི་དབྱར་ཁང་གི་ར་བ་ལ་བྱའོ། །དེས་
ན་དབྱར་ཁང་གི་ར་བའི་ཕྱི་རོལ་དུ་འདི་ན་འགའ་ཞིག་འདུག་པ་ལ་མི་ཕོག་གམ་ཞེས་མ་དཔྱད་མ་བལྟས་པར་བཤང་བ་འདོར་བ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །རྩིག་པ་པུ་ཤུ་བཏབ་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། དབྱར་ཁང་གི་སྟེང་གི་རྩིག་པའི་པུ་ཤུ་བཏབ་པ་ཡིན་ན་གལ་ཏེ་པུ་ཤུ་
མཐོ་ཆེས་པས་བལྟར་མི་སླེབ་པར་འགྱུར་ན། དེའི་ཚེ་ཕག་ཏུ་མ་བལྟས་པར་བཤང་བ་འདོར་བ་ལ་ལྟུང་བ་མེད་དོ། །གལ་ཏེ་བལྟར་ནུས་པ་ཡིན་ན་ནི་ཉེས་པ་ཁོ་ནར་འགྱུར་རོ། །མི་གཙང་བ་ལ་བོང་རྡོག་འཕང་བར་མི་བྱའོ་ཞེས་བྱ་བ་ནི། མི་གཙང་བའི་ཐལ་བའི་སྟེང་དུ་བོང་བ་ལ་
སོགས་པ་འཕང་ཞིང་ཟེར་མ་འཐོར་བར་མི་བྱའོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལྗན་ལྗིན་གྱི་དྲུང་དུ་འགྲོ་བ་དེ་སྦོམ་དགའ་མོས་མཐོང་ནས། དེ་མྱུར་བ་མྱུར་བར་སོང་སྟེ་ལྗན་ལྗིན་དེའི་སྟེང་དུ་བོང་བས་ཅར་ཅེས་བསྣུན་པས་ཚེ་དང་ལྡན་པ་འོད་
སྲུངས་ཆེན་པོའི་ཆོས་གོས་དང་ལྷུང་བཟེད་སྣོད་མི་གཙང་བའི་ཟེར་མས་མ་རུང་བར་གྱུར་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མས་དགེ་སློང་ལ་མི་གཙང་བས་མ་རུང་བར་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །
བཤང་བ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ་ཞེས་བྱ་བ་ཕྱི་སར་གཅིག་པུ་འགྲོ་བའི་ལྟུང་བྱེད་དང་། རྩྭ་སྔོན་པོའི་སྟེང་དུ་བཤང་བ་འདོར་བའི་ལྟུང་བྱེད་དང་། རྩིག་པའི་ཕག་ཏུ་མ་བལྟས་པར་བཤང་བ་འདོར་བའི་ལྟུང་བྱེད་གསུམ་བཤད་ཟིན་ཏོ།། །།ལྟུང་བྱེད་འབའ་ཞིག་ཏུ་
འགྱུར་བ་རྣམས་རྫོགས་སོ་ཞེས་བྱ་བ་དགེ་སློང་མའི་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བ་བརྒྱ་རྩ་བརྒྱད་ཅུ་པོ་དག་བཤད་ཟིན་ཏོ།། །།ད་ནི། །འོ་མ་ཞོ་དང་མར་དང་ནི། །ཞུན་མར་འབྲུ་མར་དབུ་བ་དང་། །སྦྲང་རྩི་ཉ་ཤ་ཤ་དང་ནི། །ཤ་སྐམ་བསླབ་པ་བྱིན་པའོ། །ཞེས་གསུངས་
Vol. 163 · folio 62a
པའི་རིམ་གྱིས་ལྟུང་བྱེད་རྣམས་ཀྱི་འོག་ཏུ་བསྟན་པ། དགེ་སློང་མའི་སོ་སོར་བཤགས་པར་བྱ་བ་བཅུ་གཅིག་པོ་དག་བཤད་པར་བྱ་སྟེ། དེ་ལ་གང་ལ་འོ་མ་སློང་བའི་སོ་སོར་བཤགས་པར་བྱ་བར་འགྱུར་ཞེ་ན། དེའི་ཕྱིར་གཞན་གྱི་ཁྱིམ་ནས་བདག་གི་དོན་
དུ་འོ་མ་བསླངས་ཏེ་འཐུངས་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གཞན་གྱི་ཁྱིམ་ནས་ཞེས་བྱ་བ་ནི་ཉེ་དུ་མ་ཡིན་པའི་ཁྱིམ་ནས་ཏེ། དེ་ནས་བདག་གི་དོན་དུ་འོ་མ་བསླངས་ཏེ་འཐུངས་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གནས་སྐབས་གང་ལ་ཞེ་ན་དེའི་ཕྱིར། མི་ན་བས་སོ་ཞེས་བྱ་
བ་སྨྲས་ཏེ། ན་བ་ལ་ནི་ཉེས་པ་མེད་དོ། །དེས་བླངས་པའི་ཚེ་ན་ཉེས་བྱས་སོ་ཞེས་བྱ་བ་ནི། མི་ན་བ་དེས་བླངས་པའི་ཚེ་ནི་ཉེས་བྱས་སུ་འགྱུར་རོ། །འཐུངས་ན་ནི་དངོས་གཞིའོ། །ན་བས་ནི་བསླངས་པ་དང་འཐུངས་པ་གཉི་ག་ལ་ཉེས་པ་མེད་དོ། །གང་ལ་སོ་སོར་བཤགས་པར་བྱ་བ་
གཞན་དགུ་པོ་དག་ཏུ་འགྱུར་ཞེ་ན་དེའི་ཕྱིར། ཞོ་དང་མར་དང་ཞུན་མར་དང་འབྲུ་མར་དང་། སྦྲང་རྩི་དང་བུ་རམ་གྱི་དབུ་བ་དང་ཉ་ཤ་དང་ཤ་དང་ཤ་སྐམ་རྣམས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། གཞན་གྱི་ཁྱིམ་ནས་བདག་གི་དོན་དུ་བླངས་ཏེ་འཐུངས་སམ་ཟོས་པ་ལའོ་ཞེས་བྱ་བའི་རྗེས་བསྙག་
པའི་ཕྱིར་ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །ཞོ་ལ་སོགས་པ་རེ་རེ་ཡང་གཞན་གྱི་ཁྱིམ་ནས་བདག་གི་དོན་དུ་བླངས་ཏེ་ཟོས་སམ་འཐུངས་པ་ལ་ཁ་ན་མ་ཐོ་བ་དེ་དག་ཏུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །འདིར་ཡང་མི་ན་བས་སོ་ཞེས་བྱ་བ་དང་དེས་བསླངས་པའི་ཚེ་ནི་ཉེས་བྱས་སོ་ཞེས་བྱ་བ་
སྔ་མ་བཞིན་དུ་སྦྱར་རོ། །དེ་དག་ལས་གཞན་བླངས་ལ་གཞན་ཐོབ་པ་ལ་ནི་ན་སྨད་པ་མེད་དོ་ཞེས་བྱ་བ་ནི། འོ་མ་ལ་སོགས་པ་སྔར་བསྟན་པ་དེ་དག་ལས་གང་ཡང་རུང་བ་གཞན་བསླངས་ལ་གང་ཡང་རུང་བ་གཞན་ཐོབ་ཅིང་ཟོས་པ་ལ་ནི་ཉེས་པ་ན་སྨད་པ་མེད་དོ། །མི་བསོད་པ་ལ་
ཡང་ངོ་ཞེས་བྱ་བ་ནི། བསླངས་ཏེ་ཐོབ་པ་ལ་ན་སྨད་པ་མེད་དོ་ཞེས་བྱ་བ་སྦྱར་ཏེ། འོ་མ་ལ་སོགས་པ་བསོད་པ་སློང་བ་ལ་མི་བསོད་པ་ཐོབ་པ་ལ་ཡང་ན་སྨད་པ་མེད་པའོ། །དེར་གཏོགས་པ་དེ་ལས་ཐོབ་པ་ལ་ཡང་ངོ་ཞེས་བྱ་བ་ལ། ན་སྨད་པ་མེད་དོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཡང་ངོ་
Vol. 163 · folio 62b
ཞེས་བྱ་བའི་སྒྲ་སྨོས་སོ། །མི་བསོད་པར་གཏོགས་པ་དེ་བསླངས་པ་ལས་འོ་མ་ལ་སོགས་པ་བསོད་པ་དེ་ཐོབ་ཅིང་ཟོས་སམ་འཐུངས་པ་ལ་ཡང་ཉེས་པ་ན་སྨད་པ་མེད་དོ། །འོ་ན་ཟོས་སམ་འཐུངས་ན་དངོས་གཞིའོ་ཞེས་གསུངས་ན་ཅི་ལྟར་ཐོབ་པ་ལ་ན་སྨད་པ་མེད་ཅེས་བྱ་ཞེ་ན། དེ་ལ་ཉེས་པ་མེད་
དོ། །ཐམས་ཅད་དུ་ཡང་ཐོབ་པ་ཞེས་སྨོས་པ་ནི་ཟ་བ་དང་འཐུང་བ་མཚོན་པར་རིག་པར་བྱ་སྟེ། ཐོབ་པའི་འབྲས་བུ་ནི་ཟ་བ་ཡིན་པས་དེའི་ཕྱིར་རྒྱུ་ལ་འབྲས་བུ་བཏགས་ནས་ཐོབ་པ་ལ་ན་སྨད་པ་མེད་དོ་ཞེས་བརྗོད་ཀྱི་མ་ཐོབ་པ་ལ་ནི་མ་ཡིན་ནོ། །འོ་ན་སློང་བ་དང་ཐོབ་པ་གཉིས་ལ་ཁ་ན་
མ་ཐོ་བ་ཅིར་འགྱུར་ཞེ་ན་དེའི་ཕྱིར། དེ་ནི་ཉེས་བྱས་མེད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་ཞེས་བྱ་བ་ནི་གཞན་བླངས་པའི་རྒྱུས་ཐོབ་པ་གང་ཡིན་པ་དང་གཞན་ཐོབ་པའི་རྒྱུར་སློང་བ་སྟེ། དེ་ནི་ཉེས་བྱས་བྱེད་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ་བསོད་པ་བསླངས་པའི་རྒྱུས་མི་
བསོད་པ་ཐོབ་པ་གང་ཡིན་པ་དང་། བསོད་པ་ཐོབ་པའི་རྒྱུས་མི་བསོད་པ་སློང་བ་གང་ཡིན་པ་དེ་ནི་འདིར་ཉེས་བྱས་སུ་འགྱུར་རོ། །ལྷག་མ་ཐམས་ཅད་ནི་དགེ་སློང་གི་རྣམ་པར་འབྱེད་པར་ཟས་བསོད་པའི་སློང་བའི་ལྟུང་བྱེད་ཀྱི་སྐབས་སུ་སྦྱིན་པ་པོ་ཉེ་དུ་མ་ཡིན་པ་ཁྱིམ་པ་དང་མི་ན་
བ་དང་ཅི་བདེར་བསྟབས་པ་མ་བྱས་པ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་བསྟན་པ་བཞིན་དུ་རིག་པར་བྱའོ། །སོ་སོར་བཤགས་པར་བྱ་བ་བཅུ་གཅིག་པ་བསྟན་པར་བྱ་བའི་ཕྱིར། སེང་གེ་ལས་གྱུར་པའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་ཕ་རྣམས་ཀྱི་སོ་སོར་བཤགས་པར་བྱ་བ་
དམག་དཔོན་སེང་གེའི་གླེང་གཞི་ལས་བསྟན་པ་གང་ཡིན་པ་དེ་ཉིད་དགེ་སློང་མ་རྣམས་ཀྱི་ཡང་ཡིན་པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། དམག་དཔོན་སེང་གེ་ལ་བརྟེན་ནས་བསླབ་པའི་སྡོམ་པ་བྱིན་པ་དང་སྔར་མགྲོན་དུ་མ་བོས་པར་ཁྱིམ་ནས་བཅའ་བ་དང་བཟའ་
བ་བླངས་ཤིང་ཟ་བ་ལ་སྟེ་ག་གོན་དང་ལ་ཕུག་དང་ལྡམ་ལྡུམ་མོད་པ་དག་ནི་མ་གཏོགས་སོ་ཞེས་སྔར་དགེ་སློང་རྣམས་ཀྱི་སོ་སོར་བཤགས་པར་བྱ་བའི་ཉེས་པ་བསྟན་པ་གང་ཡིན་པ་དེ་ཉིད་དགེ་སློང་མ་རྣམས་ཀྱི་ཡང་ཡིན་པར་ཤེས་པར་བྱའོ། །སོ་སོར་བཤགས་པར་བྱ་བ་
Vol. 163 · folio 63a
རྣམས་རྫོགས་སོ་ཞེས་བྱ་བ་དགེ་སློང་མའི་སོ་སོར་བཤགས་པར་བྱ་བ་བཅུ་གཅིག་པོ་དག་བཤད་ཟིན་ཏོ།། །།ད་འདི་དགེ་སློང་མ་རྣམས་ཀྱི་བསླབ་པའི་ཆོས་མང་པོ་དག་བཤད་པར་བྱ་སྟེ། དེ་དག་ནི་ཕལ་ཆེར་ཐུན་མོང་མ་ཡིན་པས་གཞན་
ཐམས་ཅད་ནི་སྔར་དགེ་སློང་གི་རྣམ་པར་འབྱེད་པའི་སྐབས་སུ་བསྟན་པ་བཞིན་དུ་ཤེས་པར་བྱའོ། །ཐུན་མོང་མ་ཡིན་པ་ལས་ཉུང་ཤས་ཤིག་དང་དགེ་སློང་གི་ཡིན་ལ་དགེ་སློང་མའི་མ་ཡིན་པ་ཉུང་ཤས་ཤིག་ཡོད་པ་ད་འདིར་བརྗོད་པར་བྱའོ། །དེ་ལ་སྔར། ཤམ་ཐབས་ལ་ནི་རྣམ་བདུན་
དང་། །ཞེས་སྨོས་པ་དགེ་སློང་མ་ལ་བརྒྱད་ཡོད་དེ་འདིར་ཐུན་མོང་མ་ཡིན་པ་གཅིག་བསྟན་པའི་ཕྱིར། ཤམ་ཐབས་རྐེད་པ་སྣང་བར་བགོ་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། རྐེད་པའི་ཕྱོགས་སྣང་བར་འགྱུར་བའི་ཉེས་པ་དགག་པའི་ཕྱིར་འདི་བཅའ་བ་མཛད་དོ། །གྲོང་དུ་འགྲོ་བའི་
སྐབས་ཀྱི་ཐུན་མོང་མ་ཡིན་པ་བསྟན་པའི་ཕྱིར། ཆགས་པར་གྱུར་ཅིང་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་འཁྲིག་པའི་འདོད་ཆགས་ཀྱིས་ཆགས་པར་གྱུར་བཞིན་དུ་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ། །མི་འདོད་བཞིན་དུ་རྐྱེན་གྱི་དབང་གིས་འགྲོ་དགོས་ལ་ཡུལ་གྱི་དབང་
གིས་འདོད་པའི་འདོད་ཆགས་སྐྱེས་པའི་རོ་མྱང་བར་མི་བྱེད་པ་ལ་ནི་ཉེས་པ་མེད་དོ། །གང་གི་ཚེ་དང་དུ་ལེན་པར་བྱེད་པ་དེའི་ཚེ་ནི་ཉེས་པ་ཁོ་ནར་འགྱུར་རོ། །འདིར་འགྲོ་བར་མི་བྱའོ་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ་སོང་ཟིན་པའི་གནས་སྐབས་ལ་ཡང་ཁ་ན་མ་ཐོ་བ་ཁོ་ནར་འགྱུར་
རོ། །འདིར་གླེང་གཞི་ནི་དེ་རྣམས་དེ་དག་ཏུ་ཞུགས་པ་ན་སྐྱེས་བུ་གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་མཐོང་བ་དང་ཆགས་པར་གྱུར་ཏོ་ཞེས་གསུངས་པ་ཡིན་ནོ། །བསླབ་པ་ལྷག་མ་རྣམས་སྤྱིར་བསྡུ་བའི་ཕྱིར། དགེ་སློང་དག་ལས་གྱུར་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། བསླབ་
པ་གཞན་ནི་དགེ་སློང་དག་གི་གླེང་གཞི་ལས་གྱུར་པ་དགེ་སློང་གི་རྣམ་པར་འབྱེད་པའི་སྐབས་སུ་བསྟན་པ་བཞིན་དུ་དགེ་སློང་མ་དག་གི་གླེང་གཞི་ལས་གྱུར་པ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །དགེ་སློང་གི་རྣམ་པར་འབྱེད་པའི་སྐབས་སུ་འཇུག་པར་བྱ་བ་དགུ་དག་དང་ཞེས་པའི་སྐབས་སུ་
Vol. 163 · folio 63b
མ་བསྒོ་བར་ཁྱིམ་པའི་ཁྱིམ་དུ་སྟན་ལ་མི་འདུག་པར་བསླབ་པར་བྱ་ཞེས་སྨོས་པ་དང་ན་བ་རྣམ་པ་བཞི་རྣམས་སོ་ཞེས་བྱ་བའི་སྐབས་སུ་མི་ན་བར་རྩྭ་སྔོན་པོ་ཡོད་པའི་ཕྱོགས་སུ་བཤང་བ་དང་གཅི་བ་དང་མཆིལ་མ་དང་སྣབས་དང་སྐྱུགས་པ་དང་རླུགས་པ་མི་དོར་བར་བསླབ་པར་བྱ་ཞེས་སྨོས་
པ་གཉིས་ནི་འདིར་མ་གཏོགས་ཏེ། དེ་གཉིས་ནི་དགེ་སློང་མ་རྣམས་ཀྱི་ལྟུང་བྱེད་ཀྱི་སྐབས་སུ་ཐུག་ཐུབ་ཏུ་ཕྱིས་གནོན་བྱེད་པའི་ལྟུང་བྱེད་དང་། རྩྭ་སྔོན་པོའི་སྟེང་དུ་བཤང་བ་འདོར་བའི་ལྟུང་བྱེད་ཅེས་བྱ་བས་བྱེ་བྲག་ཏུ་བཤད་ཟིན་པའི་ཕྱིར་རོ། །བསླབ་པ་རྣམས་སོ་ཞེས་བྱ་བ་དགེ་སློང་
མའི་བསླབ་པའི་ཆོས་མང་པོ་དག་བཤད་ཟིན་ཏོ། །དགེ་སློང་མའི་རྣམ་པར་འབྱེད་པ་རྫོགས་སོ་ཞེས་བྱ་བ་དགེ་སློང་མའི་རྣམ་པར་འབྱེད་པའི་མདོ་རྣམས་བཤད་ཟིན་ཏོ།། །།ཉེ་བ་འཁོར་གྱིས་ཞུས་པ་ལས་ལྟུང་བའི་མཚན་ཉིད་རྣམ་པ་གཉིས་སུ་གསུངས་ཏེ། ཕམ་པར་
འགྱུར་བ་ལ་སོགས་པ་དག་ལ་སོ་སོར་ངེས་པ་དང་སྤྱིར་བསྟན་པའོ། །དེ་ལ་སོ་སོར་ངེས་པ་གང་ཡིན་པ་དེ་ནི་དེ་དག་ཉིད་དང་ཅིག་ཅར་རྣམ་པར་བཞག་ཟིན་ཏོ། །སྤྱིར་བསྟན་པ་གང་ཡིན་པ་དེ་འདི་མན་ཆད་དུ་རྣམ་པར་བཤད་པར་བྱའོ། །ད་ནི་རྣམ་པར་འབྱེད་པའི་ཤན་ཡིན་པའི་
ཕྱིར་རྣམ་པར་འབྱེད་པ་བསྟན་པའི་འོག་ཏུ་སྤྱིར་བསྟན་པ་ཉིད་ཀྱིས་རྣམ་པར་བཀོད་དེ་དེའི་ཕྱིར། ཉམས་པ་དང་མ་ཆགས་པ་གཉིས་ལྟུང་བ་ལ་སྦྱོར་བ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་སྨྲས་ཏེ། ཉམས་པ་ཞེས་བྱ་བ་ནི་ཕམ་པར་གྱུར་པ་སྟེ། དགེ་སློང་གི་དངོས་པོ་ཡོངས་སུ་དག་པ་
ལས་ཕྱིར་བཅོས་སུ་མི་རུང་བ་ཉིད་ཀྱིས་ཉམས་པ་ཡིན་ནོ། །དེའི་ཕྱིར་ཉོན་མོངས་པ་རྣམས་ཀྱིས་ཕམ་པར་བྱས་པ་ནི་ཚེ་དེ་ལ་ཉོན་མོངས་པ་རྣམས་སྤོང་བ་མི་སྲིད་པས་དེས་ན་ཕམ་པར་འགྱུར་བ་ཞེས་བྱའོ། །དགེ་སློང་ཕམ་པར་གྱུར་པ་ལ་ནི་སྡོམ་པ་ཡོད་དུ་ཟིན་ཀྱང་དེ་ལྟ་མོད་
ཀྱི་དགོས་པ་མེད་པ་ཉིད་དུ་གྱུར་ཏེ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་གནས་པ་དང་ལོངས་སྤྱོད་པ་དག་མེད་པའི་ཕྱིར་རོ། །སྡོམ་པ་ཡང་དག་པར་བླང་བ་ནི་རྣམ་པར་གྲོལ་བའི་ཕྱིར་ཡིན་ན་དེས་རྣམ་པར་འགྲོལ་བར་ཐོབ་པ་ཐག་རིང་དུ་སྤངས་པའི་ཕྱིར་
Vol. 163 · folio 64a
དེས་ན་དེའི་སྡོམ་པ་ནི་མེད་པ་དང་འདྲ་བ་ཡིན་ནོ། །མ་སྐྱེས་པ་ཞེས་བྱ་བ་ནི་སྡོམ་པ་ཐོབ་པ་སྟེ། རྐྱེན་འགའ་ཞིག་མ་ཚང་བས་དང་པོ་ཉིད་ནས་དགེ་སློང་ནས་དགེ་ཚུལ་དང་དགེ་སློང་དག་གི་སྡོམ་པ་གཉིས་མ་སྐྱེས་པ་ཡིན་ནོ། །ཉམས་པ་དང་མ་སྐྱེས་པའི་གང་ཟག་དེ་
གཉིས་ནི་ལྟུང་བ་ལ་སྦྱོར་ཞིང་ལྟུང་བ་ཀུན་ནས་སློང་བར་བྱེད་པ་ཀུན་དུ་སྤྱོད་པས་ལྷག་པར་སྤྱོད་ཅིང་སྦྱོར་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། འདིར་དོན་ནི་དེ་ཡིན་ནོ། །ཅི་འདི་སྒྲུབ་པ་ཡིན་ནམ་འོན་ཏེ་དགག་པ་ཡིན་ཞེ་ན། ཉམས་པ་ནི་དགག་པ་ཡིན་
ཏེ། འདི་ལྟར་ཉམས་པ་ནི་བསྙེན་པར་རྫོགས་པ་ཅན་ཡིན་པས་བསྙེན་པར་རྫོགས་པ་ཅན་གྱིས་དགེ་སློང་དང་དགེ་སློང་མ་ཉིད་ནི་བསླབ་པ་དག་ལ་ཡན་ལག་ཡིན་པས་དེས་ན་ཉམས་པས་ལྟུང་བ་ལ་སྦྱོར་བའི་དུས་ན་ཡང་དང་ཡང་དུ་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་ལ་སོགས་
པ་དག་ཏུ་གྱུར་བར་ཐལ་བ་དེ་དགག་པའི་ཕྱིར་འདིར་ཉེས་བྱས་ཙམ་དུ་བསྟན་པས་དེ་འགོག་པར་བྱེད་པའི་ཕྱིར་རོ། །མ་སྐྱེས་པ་ནི་བསྒྲུབ་པ་ཡིན་ཏེ་འདི་ལྟར་དེས་དང་པོ་ཉིད་ནས་དགེ་ཚུལ་ཉིད་དང་དགེ་སློང་ཉིད་ཀྱི་དངོས་པོ་མ་ཐོབ་པས་མེད་པའི་ཕྱིར་དེས་ལྟུང་བ་ལ་སྦྱོར་བའི་དུས་ན་
ཉེས་བྱས་སུ་འགྱུར་བར་བསྒྲུབ་པའི་ཕྱིར་རོ། །འོ་ན་སྡོམ་པ་མེད་པ་ལ་ལྟུང་བ་རྣམ་པར་གཞག་པ་ཡང་མེད་པ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་ཐ་སྙད་ལ་སྡོམ་པ་མ་སྐྱེས་པ་འདིས་རབ་ཏུ་བྱུང་བ་ཉིད་དང་དགེ་སློང་དེ་དང་སྡོམ་པ་ཆགས་པ་འདི་
ཁས་བླངས་པར་གྱུར་པས་དེའི་ཕྱིར་ཐ་སྙད་དེ་ལ་བདག་ཉིད་སྟོན་པའི་གང་ཟག་མ་སྐྱེས་པ་ལ་ནི་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་ངོ་བོ་ཉིད་ཀྱི་རབ་ཏུ་བྱུང་བ་ཡོད་པས་དེ་ལ་ཉེས་བྱས་སུ་གཞག་པ་མཛད་དོ། །ཁྱིམ་པ་རང་གི་རྟགས་བླངས་པ་ལ་ནི་རབ་ཏུ་བྱུང་བ་དང་
རྫོགས་པར་བསྙེན་པའི་ཐ་སྙད་ལ་བདག་ཉིད་སྟོན་པ་མེད་པས་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་ངོ་བོ་ཉིད་ཀྱི་རབ་ཏུ་བྱུང་བ་མེད་པས་དེ་ལ་ནི་ཉེས་བྱས་སུ་རྣམ་པར་གཞག་པ་མ་མཛད་དེ་བསོད་ནམས་མ་ཡིན་པ་ཡང་མང་པོ་སྐྱེའོ་ཞེས་བྱ་བ་འབའ་ཞིག་ཏུ་བརྗོད་པར་
Vol. 163 · folio 64b
རིགས་སོ། །འདིར་གཞུང་ནི་སྔར་ལྟུང་བ་བྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། དབང་པོ་འཁྲུགས་པ་དང་མ་ནིང་དང་དགེ་སློང་མ་སུན་ཕྱུང་བས་ཉམས་པར་བྱས་པ་ནི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྐུ་ཐབས་སུ་གནས་པ་ཞེས་བྱ་བ་ལ་སོགས་པ་སྨོས་
པ་ནི་ཕ་མ་བསད་པ་ལ་སོགས་པ་གཏན་གྱི་བར་ཆད་དང་ལྡན་པ་མ་སྐྱེས་པ་ཐམས་ཅད་ཀྱི་དཔེ་ཙམ་དུ་ཟད་དོ། །སྔར་ལྟུང་བ་བྱུང་བ་ཞེས་སྨོས་པས་ནི་ཉམས་པ་ལ་ཉེས་བྱས་སུ་འགྱུར་བའི་ཁུངས་བསྟན་ཏེ་འདི་ལྟར་སྔར་བསྙེན་པར་རྫོགས་པ་ཉིད་ཀྱི་ཚེ་ན་ཕམ་པར་འགྱུར་བའི་ལྟུང་བ་
བྱུང་བ་གང་ཡིན་པ་དེ་ནི་སྔར་ལྟུང་བ་བྱུང་ཞེས་བྱའོ། །བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བས་བླངས་པ་ལས་འདས་པ་ལ་ཡང་ངོ་ཞེས་བྱ་བ་ལ་ཉེས་བྱས་སོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །དེ་ནི་བསྙེན་པར་མ་རྫོགས་པ་ཡང་ཡིན་ལ་རབ་
ཏུ་བྱུང་བ་ཡང་ཡིན་པས་ན་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་ཞེས་བྱ་སྟེ། དགེ་ཚུལ་དང་དགེ་ཚུལ་མ་དང་དགེ་སློབ་མའོ། །དེ་དག་གིས་བླངས་པ་ཞེས་བྱ་བ་ནི། དགེ་ཚུལ་གྱིས་སྲོག་གཅོད་པ་སྤོང་བ་ལ་སོགས་པ་བསླབ་པའི་གཞི་བཅུ་བླངས་པ་དང་། དགེ་སློབ་མས་ཆོས་
དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་བླངས་པ་སྟེ། དེ་ལས་འདས་ཤིང་དྲལ་ན་ཡང་ཉེས་བྱས་ཁོ་ནའོ། །ལྟུང་བ་ལ་སྦྱོར་བ་ལ་ནི་ཉེས་བྱས་སོ་ཞེས་སྔར་སྨོས་པས་འདིར་ཡང་དེ་དག་ལྟུང་བ་ཐམས་ཅད་ལ་སྦྱོར་བ་ལ་ཉེས་བྱས་སུ་འགྱུར་བར་ཐལ་བ་བསལ་བའི་ཕྱིར་བླངས་པ་ལས་
འདས་པ་ལས་ཉེས་བྱས་སུ་གསུངས་ཀྱི་དེའི་ཕྱོགས་དང་མཐུན་པ་ལ་ནི་ཡིད་ཀྱི་ཉེས་བྱས་སུ་འགྱུར་བར་འོག་ནས་སྟོན་ཏེ། དེའི་ཕྱོགས་མཐུན་པ་ལ་ནི་ཡིད་ཀྱིའོ་ཞེས་བྱ་བ་ལ། དེའི་ཕྱོགས་དང་མཐུན་པ་ཞེས་བྱ་བ་ནི་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་དགེ་ཚུལ་དང་དགེ་
ཚུལ་མ་དང་དགེ་སློབ་མས་བསླབ་པའི་གཞི་བླངས་པ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་བཅུ་དང་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་པོ་དག་ཉིད་མ་ཡིན་པ་དེ་དག་འདྲ་ཞིང་དེ་དག་གི་ཕྱོགས་ལ་བརྟེན་པ་གང་ཡིན་པ་དེ་ནི་དེའི་ཕྱོགས་དང་མཐུན་པ་ཞེས་བྱའོ། །དེ་དག་ལས་
Vol. 163 · folio 65a
འདས་ཤིང་འགལ་བར་བྱས་པ་ལ་ནི་ཡིད་ཀྱི་ཉེས་བྱས་སུ་འགྱུར་ཏེ་བསྡམ་པར་བྱ་བའི་ཉེས་བྱས་ཡིན་གྱི་བཤགས་པར་བྱ་བའི་ཉེས་བྱས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱོགས་དང་མཐུན་པ་དེ་དག་གང་ཞེ་ན་དེ་བསྟན་པའི་ཕྱིར། །དགེ་སློབ་མ་ཡི་
འཆང་བ་དང་། །འབྲལ་དང་མེ་ལ་རེག་པ་དང་། །སྤངས་པ་ཟ་དང་ས་བོན་འཇིག །རྩྭ་སྔོན་ཡོད་པའི་ཕྱོགས་དག་ཏུ། །མི་གཙང་འདོར་དང་ཤིང་ལ་འཇོག། །བླངས་པ་མདོར་གཏོགས་སློབ་མའི་མིན། །དགེ་ཚུལ་གཉིས་ཀྱིས་རིན་ཆེན་རེག །སྩོག་འཇོག་བྱས་པ་ཟ་བ་
དང་། །བྱིན་ལེན་མ་བྱས་ས་བརྐོ་དང་། །སྐྱེ་བ་འཇིག་དང་བཅས་པ་མིན། །དབྱར་གནས་གཅིག་ཏུ་གནས་པ་དང་། །གསོ་སྦྱོང་དགག་དབྱེར་བཅས་པ་དང་། །དེ་ལ་སོགས་པ་དེ་ཡི་ནི། །བླངས་པའི་ཕྱོགས་དང་མཐུན་པ་ཡིན། །རྟགས་དང་སློང་དང་སྣོད་དང་ནི། །ལོངས་
སྤྱོད་འཕྱར་གཡེང་འདོད་པ་དང་། །གནོད་པ་དང་ནི་གནས་པ་དང་། །མ་གུས་མི་སྦྱོང་གཞི་ལས་བྱུང་། །ཞེས་བྱ་བ་སྨོས་སོ། །ད་འདི་མན་ཆད་ནི་བསྡུ་བའི་ཚིགས་སུ་བཅད་པ་དེ་དག་གི་རྣམ་པར་བཤད་པ་བརྗོད་པར་བྱ་སྟེ། འདི་དག་ནི་དགེ་སློང་མའི་བསླབ་པའི་
གཞི་བླངས་པ་དེའི་ཕྱོགས་དང་མཐུན་པ་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་མ་ཡིན་ཏེ། གང་ཞེ་ན། འཆང་བ་དང་། འབྲལ་བ་དང་། མེ་ལ་རེག་པ་དང་། སྤངས་པ་ཟ་བ་དང་། ས་བོན་གྱི་ཚོགས་འཇིག་པ་དང་། རྩྭ་སྔོན་པོའི་ཕྱོགས་སུ་མི་གཙང་བ་འདོར་བ་
དང་། ཤིང་ལ་འཛེག་པ་དང་། བསླབ་པའི་གཞི་ཡང་དག་པར་བླངས་པ་མདོར་གཏོགས་པ་རྣམས་སོ། །དེ་ལ་འཆང་བ་དང་ཞེས་བྱ་བ་ནི་ཆོས་གོས་དང་ལྷུང་བཟེད་ལྷག་པར་འཆང་བའོ། །འབྲལ་བ་ཞེས་བྱ་བ་ནི་ཆོས་གོས་དང་འབྲལ་བའོ། །མེ་ལ་རེག་པ་ཞེས་བྱ་
བ་ནི་མེ་འབུད་པ་ལ་སོགས་པའོ། །སྤངས་པ་ཟ་བ་ཞེས་བྱ་བ་ནི། ཟས་སྤངས་པ་ཟ་བའོ། །ས་བོན་གྱི་ཚོགས་འཇིག་པ་ཞེས་བྱ་བ་ནི། རུང་བར་མ་བྱས་པའི་ས་བོན་གྱི་ཚོགས་འཇིག་པའོ། །རྩྭ་སྔོན་པོའི་ཕྱོགས་སུ་མི་གཙང་བ་འདོར་བ་ཞེས་བྱ་བ་ནི། རྩྭ་སྔོན་པོ་ཡོད་
Vol. 163 · folio 65b
པའི་ས་ཕྱོགས་སུ་བཤང་བ་དང་གཅི་བ་དང་མཆིལ་མ་དང་། སྣབས་དང་སྐྱུགས་པ་དང་རླུགས་པ་འདོར་བའོ། །ཤིང་ལ་འཛེག་པ་ཞེས་བྱ་བ་ནི་གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོར་འཛེག་པའོ། །བསླབ་པའི་གཞི་ཡང་དག་པར་བླངས་
པ་མདོར་གཏོགས་པ་ཞེས་བྱ་བ་ནི་དགེ་སློབ་མས་བསླབ་པའི་གཞི་ཡང་དག་པར་བླངས་པ་སོ་སོར་ཐར་པའི་མདོར་གཏོགས་པ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་བཅུ་དང་། ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་པོ་དག་གོ། །དེ་དག་ཅིའི་ཕྱིར་དགེ་སློང་མའི་
བསླབ་པའི་གཞི་བླངས་པ་དེའི་ཕྱོགས་དང་མཐུན་པར་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་མ་ཡིན་ཞེ་ན། འཆང་བ་ལ་སོགས་པ་བདུན་པོ་དག་ནི་དགེ་སློང་མས་དེ་དག་ལས་འདས་ཤིང་འགལ་བར་བྱས་ཀྱང་ཉེས་པ་ཅིར་ཡང་མི་འགྱུར་བས་དེའི་ཕྱིར་བསྡམ་པར་བྱ་
བའི་ཉེས་བྱས་སུ་འགྱུར་བ་མ་ཡིན་ལ། བསླབ་པའི་གཞི་ཡང་དག་པར་བླངས་པ་མདོར་གཏོགས་པ་རྣམས་ནི་དགེ་སློབ་མས་དེ་དག་ལས་འདས་ཤིང་འགལ་བར་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་བས་དེ་ཡང་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་
བ་མ་ཡིན་པའི་ཕྱིར་རོ། །འདི་དག་ནི་དགེ་ཚུལ་དང་དགེ་ཚུལ་མ་གཉིས་ཀྱི་བསླབ་པའི་གཞི་བླངས་པ་དེའི་ཕྱོགས་དང་མཐུན་པ་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་མ་ཡིན་ཏེ། གང་ཞེ་ན་སྔར་དགེ་སློབ་མའི་སྐབས་སུ་འཆང་བ་ལ་སོགས་པ་བདུན་དང་དགེ་སློབ་མའི་བསླབ་
པའི་གཞི་ཡང་དག་པར་བླངས་པ་མདོར་གཏོགས་པ་ཞེས་ཇི་སྐད་བསྟན་པ་དེ་དག་ཉིད་ནི་རིན་པོ་ཆེ་ལ་རེག་པ་དང་། གསོག་འཇོག་བྱས་པ་ཟ་བ་དང་བྱིན་ལེན་མ་བྱས་པ་ཟ་བ་དང་ས་རྐོ་བ་དང་། སྐྱེ་བའི་ཚོགས་འཇིག་པ་དང་། དགེ་ཚུལ་གྱི་བསླབ་པའི་གཞི་ཡང་དག་
པར་བླངས་པ་མདོར་གཏོགས་པ་དང་བཅས་པ་རྣམས་སོ། །དེ་ལ་རིན་པོ་ཆེ་ལ་རེག་པ་ཞེས་བྱ་བ་ནི་གསེར་དང་དངུལ་ལ་སོགས་པ་ལ་རེག་པའོ། །གསོག་འཇོག་བྱས་པ་ཟ་བ་ཞེས་བྱ་བ་ནི། སྔ་དྲོ་དང་ཕྱི་དྲོ་པའི་བཟའ་བ་དང་བཅའ་བ་ལ་སོགས་པ་གསོག་འཇོག་བྱས་པ་ཟ་
Vol. 163 · folio 66a
བའོ། །བྱིན་ལེན་མ་བྱས་པ་ཟ་བ་ཞེས་བྱ་བ་ནི། བྱིན་ལེན་མ་བྱས་པའི་ཟས་ཟ་བའོ། །ས་རྐོ་བ་ཞེས་བྱ་བ་ནི་ས་རྐོའམ་རྐོར་འཇུག་པའོ། །སྐྱེ་བའི་ཚོགས་འཇིག་པ་ཞེས་བྱ་བ་ནི་ཤིང་ལྗོན་པ་ལ་སོགས་པ་གཅོད་པའོ། །དགེ་ཚུལ་གྱི་བསླབ་པའི་གཞི་
ཡང་དག་པར་བླངས་པ་མདོར་གཏོགས་པ་ཞེས་བྱ་བ་ནི་དགེ་ཚུལ་དང་དགེ་ཚུལ་མས་བསླབ་པའི་གཞི་ཡང་དག་པར་བླངས་པ་སོ་སོར་ཐར་པའི་མདོར་གཏོགས་པ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་བཅུ་པོ་དག་སྟེ། དེ་ནི་སྐབས་འདིར་བསྡུ་བའི་ཚིགས་སུ་བཅད་པ་ལས་མ་
སྨོས་མོད་ཀྱི་སྔར་དགེ་སློབ་མའི་བསྡུ་བའི་ཚིགས་སུ་བཅད་པའི་སྐབས་སུ་བླངས་པ་མདོར་གཏོགས་པ་སློབ་མའི་མིན་ཞེས་སྨོས་པའི་རྗེས་ལས་དང་བར་རིག་པར་བྱའོ། །དེ་དག་ཅིའི་ཕྱིར་དགེ་ཚུལ་དང་དགེ་ཚུལ་མ་གཉིས་ཀྱི་བསླབ་པའི་གཞི་བླངས་པ་དའི་ཕྱོགས་དང་མཐུན་
པ་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་མ་ཡིན་ཞེ་ན། དགེ་སློབ་མའི་སྐབས་སུ་བསྟན་པ་འཆང་བ་ལ་སོགས་པ་བདུན་པོ་དག་དང་། དགེ་སློབ་མའི་གཞི་ཡང་དག་པར་བླངས་པ་མདོར་གཏོགས་པ་རྣམས་དང་། རིན་པོ་ཆེ་ལ་རེག་པ་དང་། གསོག་འཇོག་བྱས་པ་
ཟ་བ་དང་། བྱིན་ལེན་མ་བྱས་པ་ཟ་བ་དང་། ས་རྐོ་བ་དང་སྐྱེ་བའི་ཚོགས་འཇིག་པ་ཞེས་བྱ་བ་ལྔ་པོ་དེ་དག་ནི་དགེ་ཚུལ་དང་དགེ་ཚུལ་མས་དེ་དག་ལས་འདས་ཤིང་འགལ་བར་བྱས་ཀྱང་ཉེས་པ་ཅིར་ཡང་མི་འགྱུར་བས་དེའི་ཕྱིར་བསྡམ་བར་བྱ་བའི་ཉེས་བྱས་སུ་འགྱུར་བ་མ་
ཡིན་ལ། དགེ་ཚུལ་གྱི་བསླབ་པའི་གཞི་ཡང་དག་པར་བླངས་པ་མདོར་གཏོགས་པ་རྣམས་ནི་དགེ་ཚུལ་དང་དགེ་ཚུལ་མས་དེ་དག་ལས་འདས་ཤིང་འགལ་བར་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་བས་དེ་ཡང་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་མ་
ཡིན་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། འཆང་བ་ལ་སོགས་པ་བདུན་དང་དགེ་སློབ་མའི་བསླབ་པའི་གཞི་ཡང་དག་པར་བླངས་པ་མདོར་གཏོགས་པ་རྣམས་མ་གཏོགས་པ་དེ་དག་གི་ལྷག་མ་དགེ་སློང་དང་དགེ་སློང་མའི་བསླབ་པའི་གཞིར་གཏོགས་པ་གཞན་གང་ཡིན་
Vol. 163 · folio 66b
པ་དེ་དག་ཐམས་ཅད་ནི་དགེ་སློབ་མའི་བསླབ་པའི་གཞི་ཡང་དག་པར་བླངས་པ་དེའི་ཕྱོགས་དང་མཐུན་པ་ཡིན་ཏེ། དགེ་སློབ་མས་དེ་དག་ལས་འདས་ཤིང་འགལ་བར་བྱས་ན་ཡིད་ཀྱི་ཉེས་བྱས་ཡིན་ཏེ། བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །འཆང་བ་ལ་སོགས་
པ་བདུན་ལ་ནི་ལྟུང་བ་མེད་དོ། །བསླབ་པའི་གཞི་ཡང་དག་པར་བླངས་པ་མདོར་གཏོགས་པ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འཆང་བ་ལ་སོགས་པ་བདུན་པོ་དེ་དག་ཉིད་དང་དགེ་སློབ་མའི་བསླབ་པའི་གཞི་ཡང་དག་པར་བླངས་
པ་མདོར་གཏོགས་པ་རིན་པོ་ཆེ་ལ་རེག་པ་ལ་སོགས་པ་ལྔ་དང་དགེ་ཚུལ་གྱི་བསླབ་པའི་གཞི་ཡང་དག་པར་བླངས་པ་མདོར་གཏོགས་པ་དང་བཅས་པ་རྣམས་མ་གཏོགས་པ་དེ་དག་གི་ལྷག་མ་དགེ་སློང་དང་དགེ་སློང་མའི་བསླབ་པའི་གཞིར་གཏོགས་པ་གཞན་གང་ཡིན་པ་དེ་དག་
ཐམས་ཅད་ནི་དགེ་ཚུལ་དང་དགེ་ཚུལ་མའི་བསླབ་པའི་གཞི་ཡང་དག་པར་བླངས་པ་དེའི་ཕྱོགས་དང་མཐུན་པ་ཡིན་ཏེ། དགེ་ཚུལ་དང་དགེ་ཚུལ་མས་དེ་དག་ལས་འདས་ཤིང་འགལ་བར་བྱས་ན་ཡིད་ཀྱི་ཉེས་བྱས་ཡིན་ཏེ། བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །འཆང་
བ་ལ་སོགས་པ་བདུན་པ་དང་། །དགེ་སློབ་མའི་བསླབ་པའི་གཞི་ཡང་དག་པར་བླངས་པ་རྣམས་དང་། རིན་པོ་ཆེ་ལ་རེག་པ་ལ་སོགས་པ་ལྔ་ལ་ནི་ལྟུང་བ་མེད་དོ། །དགེ་ཚུལ་གྱི་བསླབ་པའི་གཞི་ཡང་དག་པར་བླངས་བ་མདོར་གཏོགས་པ་ལ་ནི་བཤགས་པར་བྱ་བའི་ཉེས་
བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མའི་བསླབ་པའི་གཞི་བླངས་པ་དེའི་ཕྱོགས་དང་མཐུན་པ་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་དེ་དག་གང་ཞེ་ན། ལྟུང་བ་མེད་པ་དང་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་ཇི་
སྐད་བསྟན་པ་དེ་དག་མ་གཏོགས་པ་དགེ་སློང་དང་དགེ་སློང་མའི་སོ་སོར་ཐར་པ་རྣམ་པ་གཉིས་ལས་གསུངས་པའི་ལྷག་མ་གང་ཡིན་པ་སྟེ། འདི་ལྟ་སྟེ་དབྱར་གནས་གཅིག་ཏུ་གནས་པར་ཁས་བླངས་པ་དང་། གསོ་སྦྱོང་བྱ་བ་དང་། དགག་དབྱེ་བ་དང་། དེ་ལ་སོགས་
Vol. 163 · folio 67a
པ་དག་ནི་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་དེའི་བསླབ་པའི་གཞི་ཡང་དག་པར་བླངས་པ་དེའི་ཕྱོགས་དང་མཐུན་པ་ཡིན་ཏེ། དེ་ལས་འདས་ཤིང་འགལ་བར་བྱས་ན་ཡིད་ཀྱི་ཉེས་བྱས་ཡིན་ཏེ། བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་
ཐ་ཚིག་གོ། །བསྩོགས་པ་ཞེས་བྱ་བའི་སྒྲས་ནི། རྟགས་དང་སླང་དང་སྣོད་དང་ནི། །ཞེས་བྱ་བ་ལ་སོགས་པ་བཞི་བཅུ་པོ་དག་ལས་བྱུང་བ་བསྡམ་པར་བྱ་བའི་ཉེས་བྱས་ཀྱི་ཕྱོགས་སུ་གཏོགས་པ་གང་དག་ཡིན་པ་དེ་དག་བསྡུ་སྟེ། བཞི་བཅུ་པོ་དག་ལས་བྱུང་བ་གང་ཞེ་ན།
རྟགས་ཀྱི་གཞི་ལས་བྱུང་བ་དང་། སློང་བའི་གཞི་ལས་བྱུང་བ་དང་། སྣོད་ཀྱི་གཞི་ལས་བྱུང་བ་དང་། ལོངས་སྤྱོད་ཀྱི་གཞི་ལས་བྱུང་བ་དང་། ཕྱར་གཡེང་གི་གཞི་ལས་བྱུང་བ་དང་། འདོད་པའི་གཞི་ལས་བྱུང་བ་དང་། གནོད་པའི་གཞི་ལས་བྱུང་བ་དང་། གནས་
པའི་གཞི་ལས་བྱུང་བ་དང་། མ་གུས་པའི་གཞི་ལས་བྱུང་བ་དང་། མི་སྦྱོང་བའི་གཞི་ལས་བྱུང་བའོ། །ཁ་ན་མ་ཐོ་བ་དང་གཞི་དང་རྒྱུ་དང་རྒྱུ་མཚན་དེ་དག་ལས་བྱུང་བ་དེ་ནི་རྟགས་ཀྱི་གཞི་ལ་སོགས་པ་ལས་བྱུང་བ་ཡིན་ཏེ། དེ་དག་བསྡམ་པར་བྱ་བའི་ཉེས་བྱས་སུ་གཏོགས་
པ་གང་དག་ཡིན་པ་དེ་དག་ནི་དེའི་ཕྱོགས་དང་མཐུན་པ་ཡིན་ཏེ། དེ་ལ་ནི་ཡིད་ཀྱི་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལ་རྟགས་ཀྱི་གཞི་ལས་བྱུང་བ་གང་གི་ཕྱོགས་དང་མཐུན་པ་ཉིད་ཡིན་ཞེ་ན། འདི་ལྟར་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ་ཞེས་
གསུངས་པའི་ཚིག་གང་ཡིན་པ་དེ་ནི་རེ་ཞིག་བླངས་པ་ཡིན་པས། དེའི་ཕྱིར་མུ་སྟེགས་ཅན་གྱི་རྟགས་འཆང་བ་ནི་ཇི་ལྟར་ཁྱིམ་པའི་རྟགས་འཆང་བ་དེ་བཞིན་དུ་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་བླངས་པ་ལས་འདས་པ་ཡིན་པས་དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་
སུ་འགྱུར་རོ། །རྫས་རུང་བ་མ་ཡིན་པ་རྔ་མོའི་བལ་ལ་སོགས་པ་ལས་བྱས་པའི་ཆོས་གོས་ཚད་པས་ཆུང་བ་དང་ཆེ་བའི་བདག་ཉིད་ཀྱི་ཡོ་བྱད་དག་འཆང་བ་དང་བྱེད་པ་དང་། སེན་མོའི་བཅོས་པ་རྗེས་སུ་མ་གནང་བ་དག་དང་། ཆ་ལུགས་ཉམས་པར་འགྱུར་བ་སྐྲ་ཆན་པས་
Vol. 163 · folio 67b
འདྲེག་པ་དག་དང་རྗེས་སུ་མ་གནང་བའི་ཕྱོགས་ཀྱི་སྤུ་འདྲེག་པ་ལ་སོགས་པ་དག་ནི་རྟགས་བླངས་པ་དེའི་ཕྱོགས་དང་མཐུན་པ་ཡིན་པས། དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ལྷུང་བཟེད་ཀྱང་རུང་བ་མ་ཡིན་པ་མིའི་མགོ་ཐོད་ལྟ་བུ་ཐོགས་ཤིང་བསོད་སྙོམས་ལ་རྒྱུ་བ་
དང་། རབ་ཏུ་བྱུང་བ་གཞན་གྱི་རྟགས་དང་འདྲ་བ་དང་ཁྱིམ་པའི་རྟགས་དང་འདྲ་བའི་ལྷུང་བཟེད་འཆང་བ་ཡང་རྟགས་ཡང་དག་པར་བླངས་པ་ལས་འདས་པ་ཡིན་པས། དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཟངས་མ་ལ་སོགས་པའི་རྫས་གཞན་ལས་བྱས་པ་
དང་ཚད་པས་ཆུང་བ་དང་ཆེ་བ་དང་སྐྱ་བའི་ལྷུང་བཟེད་འཆང་བ་གང་ཡིན་པ་དེ་ནི་རྟགས་བླངས་པ་དེའི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །སློང་བའི་གཞི་ལས་བྱུང་བ་གང་གི་ཕྱོགས་དང་མཐུན་པ་ཡིན་ཞེ་ན། གསེར་དང་དངུལ་
ལ་སོགས་པ་རིན་པོ་ཆེ་སློང་བ་ནི་གསེར་དངུལ་འཛིན་པ་སྤོང་བའི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས། དེ་ལ་ནི་བླངས་ན་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཆོས་གོས་ལ་སོགས་པ་སློང་བ་ནི་དེའི་ཕྱོགས་དང་མཐུན་པ་ཡིན་
པས་དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །སྣོད་ཀྱི་གཞི་ལས་བྱུང་བ་གང་གི་ཕྱོགས་དང་མཐུན་པ་ཉིད་ཡིན་ཞེ་ན། རིན་པོ་ཆེ་ལས་བྱས་པའི་ཁབ་རལ་ལ་སོགས་པ་བྱེད་དུ་འཇུག་པ་ནི་གསེར་དངུལ་འཛིན་པ་སྤོང་པའི་བསླབ་པ་ཡང་དག་པར་བླངས་པ་ལས་
འདས་པ་ཉིད་ཡིན་པས་དེ་ལ་བྱས་ན་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །བ་སོ་ལ་སོགས་པ་རྗེས་སུ་གནང་བ་མ་ཡིན་པའི་རྫས་གཞན་ལས་བྱས་པའི་ཁབ་རལ་ལ་སོགས་པ་བྱེད་པ་ནི་དེའི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་
སུ་འགྱུར་རོ། །ལོངས་སྤྱོད་ཀྱི་གཞི་ལས་བྱུང་བ་གང་གི་ཕྱོགས་དང་མཐུན་པ་ཉིད་ཡིན་ཞེ་ན། དུས་མ་ཡིན་པར་ཟ་བ་དང་འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ནི་དེ་དག་སྤོང་བའི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་
Vol. 163 · folio 68a
འདས་པ་ཉིད་ཡིན་པས། དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །སྒོག་སྐྱ་ལ་སོགས་པ་ཟ་བ་ན་དེའི་ཕྱོགས་དང་མཐུན་པ་ཡིན་པས། དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཕྱར་གཡེང་གི་གཞི་ལས་བྱུང་བ་གང་གི་ཕྱོགས་
དང་མཐུན་པ་ཉིད་ཡིན་ཞེ་ན། མལ་སྟན་ཆེན་པོ་དང་མལ་སྟན་མཐོན་པོ་དང་། གླུ་གར་དང་རོལ་མོའི་སྒྲ་དང་། ཁ་དོག་དང་སྤོས་དང་། བྱུག་པ་ཐོགས་པ་ལ་སོགས་པ་དེ་སྤོང་བ་ནི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས། དེ་ལ་ནི་བཤགས་
པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །འཁྲུ་བ་དང་རྐྱལ་བ་དང་ཆུ་ལ་རྩེ་བ་ལ་སོགས་པ་དང་། རྒྱགས་པ་དང་ལོངས་སྤྱོད་པ་དང་རྒོད་པ་ལ་སོགས་པ་ནི་དེའི་ཕྱོགས་དང་མཐུན་པ་ཡིན་པས། དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །འདོད་པའི་གཞི་ལས་བྱུང་བ་
གང་གི་ཕྱོགས་དང་མཐུན་པ་ཉིད་ཡིན་ཞེ་ན། མི་ཚངས་པར་སྤྱོད་པ་ནི་དེ་སྤོང་བའི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས། དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །བསམས་བཞིན་དུ་ཁུ་བ་འབྱིན་པ་ལ་སོགས་པ་ནི་དེའི་ཕྱོགས་དང་
མཐུན་པ་ཡིན་པས། དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཁང་པ་དང་ཁང་ཆེན་རྩིག་པ་ཡང་འདོད་པའི་གཞི་ལས་བྱུང་བ་ཡིན་ཏེ། འདི་ལྟར་ཁྱིམ་བྱེད་པ་ནི་ཁྱིམ་ནས་རབ་ཏུ་བྱུང་བ་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས། དེ་ལ་ནི་བཤགས་
པར་བྱ་བའི་ཉེས་བྱས་སུ་འགྱུར་བ་ཡང་ཡོད་ལ། ཁ་ཅིག་དེའི་ཕྱོགས་དང་མཐུན་པ་ཡིན་པས་དེ་ལ་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་ཡང་ཡོད་དོ། །གནོད་པའི་གཞི་ལས་བྱུང་བ་གང་གི་ཕྱོགས་དང་མཐུན་པ་ཉིད་ཡིན་ཞེ་ན། གནོད་པའི་གཞི་ལས་བྱུང་བ་ནི་དགེ་འདུན་
གྱི་དབྱེན་བྱེད་པ་དང་། དེའི་རྗེས་སུ་ཕྱོགས་པ་དང་། ཁྱིམ་སུན་འབྱིན་པ་ལས་གྱུར་པ་སྟེ། དེ་ལ་དགེ་འདུན་སྤོང་བ་དང་། ཆོས་ལ་འགལ་བ་དང་། སངས་རྒྱས་ཀྱི་བཀའ་ལས་འདའ་བ་ཡོད་པས་དཀོན་མཆོག་གསུམ་སྤོང་བ་ན་མྱ་ངན་ལས་འདའ་བའི་བསམ་པས་
Vol. 163 · folio 68b
གསུམ་ལ་སྐྱབས་སུ་འགྲོ་བའི་རྒྱུས་རབ་ཏུ་བྱུང་བ་དང་དགེ་ཚུལ་དང་དགེ་སློབ་མའི་སྡོམ་པ་ཡང་དག་པར་བླངས་པ་ཐམས་ཅད་ལས་འདས་པ་ཉིད་ཡིན་པས། དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །གཞི་དེ་ལས་སྐུར་བ་འདེབས་པ་དང་ཚིག་རྩུབ་པོ་སྨྲ་བ་ལ་སོགས་པ་
ཡང་གནོད་པའི་གཞི་ལས་བྱུང་བ་ཡིན་པས་དེ་ནི་དེའི་ཕྱོགས་དང་མཐུན་པ་ཡིན་པས། དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །གནས་པའི་གཞི་ལས་བྱུང་བ་གང་གི་ཕྱོགས་དང་མཐུན་པ་ཉིད་ཡིན་ཞེ་ན། གནས་པའི་གཞི་ལས་བྱུང་བ་ཞེས་བྱ་བ་ནི། དགེ་འདུན་གྱིས་
སྤངས་པའི་གང་ཟག་བསྙིལ་བ་ལ་སོགས་པ་དང་ལྷན་ཅིག་གནས་པ་སྟེ། དེ་ལ་ནི་མཚན་མི་མཐུན་པ་དང་ལྷན་ཅིག་ཉལ་བའི་བདག་ཉིད་ཀྱི་གནས་པ་ནི་མི་ཚངས་པར་སྤྱོད་པ་སྤོང་བའི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས། དེ་ལ་ནི་བཤགས་པར་
བྱ་བའི་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ཁྱིམ་པ་དང་མུ་སྟེགས་ཅན་དང་ལྷན་ཅིག་གནས་པ་དང་། རབ་ཏུ་བྱུང་བ་འདི་པ་བསྙིལ་བ་ལ་སོགས་པ་དང་ལྷན་ཅིག་གནས་པ་ནི་འདོད་ཆགས་དང་བྲལ་བའི་མི་མཐུན་པའི་ཕྱོགས་སུ་གྱུར་པས་སྡོམ་པ་ཐམས་ཅད་
འཇིག་པའི་ཕྱོགས་དང་མཐུན་པ་ཡིན་པས། དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །མ་གུས་པའི་གཞི་ལས་བྱུང་བ་གང་གི་ཕྱོགས་དང་མཐུན་པ་ཉིད་ཡིན་ཞེ་ན། མ་གུས་པའི་གཞི་ལས་བྱུང་བ་ཞེས་བྱ་བ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མ་གུས་པ་
ལས་གྱུར་པ་སྟེ། དེ་ལ་དཀོན་མཆོག་གསུམ་ལ་མ་གུས་པ་ནི་གསུམ་ལ་སྐྱབས་སུ་སོང་བས་སྡོམ་པ་ཡང་མ་ཡིན་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་ངོ་བོ་ཉིད་ཀྱི་རབ་ཏུ་བྱུང་བ་དང་། དགེ་ཚུལ་དང་དགེ་སློབ་མའི་སྡོམ་པ་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་
པས། དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །མཁན་པོ་དང་སློབ་དཔོན་རྣམས་དང་ཚངས་པ་མཚུངས་པར་སྤྱོད་པ་གཞན་ལ་མ་གུས་པ་ལ་སོགས་པ་ནི་སྡོམ་པ་ཐམས་ཅད་འཇིག་པའི་ཕྱོགས་དང་མཐུན་པ་ཡིན་པས། དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །མི་
Vol. 163 · folio 69a
སྦྱོང་བའི་གཞི་ལས་བྱུང་བ་གང་གི་ཕྱོགས་དང་མཐུན་པ་ཉིད་ཡིན་ཞེ་ན། མི་སྦྱོང་བ་ཞེས་བྱ་བ་ནི་གསོ་སྦྱོང་དང་དགག་དབྱེ་མི་བྱེད་པ་དང་། མི་གནས་པར་འདུག་པ་ལ་སོགས་པས་བདག་ཉིད་ཀྱི་ཚུལ་ཁྲིམས་རྣམ་པར་དག་པར་མི་བྱེད་པ་སྟེ། གཞི་དེ་ལས་བྱུང་བའི་
ཉེས་པ་ནི་མི་སྦྱོང་བའི་གཞི་ལས་བྱུང་བ་ཞེས་བྱའོ། །དེ་ལ་གཞི་དེས་བསླབ་པའི་གཞི་ཡང་དག་པར་བླངས་པ་འདྲལ་བར་བྱེད་པ་ནི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདའ་བ་ཉིད་ཡིན་པས། དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །གསོ་སྦྱོང་ལ་སོགས་
པ་ལས་གཡེལ་བ་ནི་བསླབ་པའི་སྡོམ་པ་ཐམས་ཅད་འཇིག་པའི་ཕྱོགས་དང་མཐུན་པ་ཡིན་པས། དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་རྣམས་ལ་ཡང་གསོ་སྦྱོང་དང་དགག་དབྱེ་དང་གནས་བཅའ་བ་ལ་སོགས་པ་ཡོད་དེ།
འདིར་དེ་དག་གི་སྔགས་ཀྱང་ཆེ་གེ་མོ་ཞིག་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ན། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་
པར་བདག་ཉིད་མཆིའོ་ཞེས་བྱ་བ་ལ་སོགས་པ་ཡོད་པའི་ཕྱིར་རོ། །མ་གུས་པའི་གཞི་ལས་བྱུང་བ་གང་གི་ཕྱོགས་དང་མཐུན་པ་ཉིད་ཡིན་ཞེ་ན། མ་གུས་པའི་གཞི་ལས་བྱུང་བ་ཞེས་བྱ་བ་ནི། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མ་གུས་པ་ལས་གྱུར་པ་སྟེ། དེ་ལ་སྐྱབས་
སུ་འགྲོ་བ་ཞེས་བྱ་བ་ནི་སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་ངོ་བོ་ཉིད་ཀྱི་རབ་ཏུ་བྱུང་བ་དང་། དགེ་ཚུལ་ཉིད་ལ་སོགས་པའི་སྡོམ་པ་ཡང་དག་པར་བླངས་པའི་ཡན་ལག་ཡིན་པས་དེ་ཉམས་པའི་ཕྱོགས་དང་མཐུན་པ་ཉིད་ཡིན་ནོ། །གནས་སྦྱིན་པའི་སློབ་དཔོན་ལ་མ་གུས་པ་ནི་
སྡོམ་པ་ཐམས་ཅད་འཇིག་པའི་ཕྱོགས་དང་མཐུན་པ་ཡིན་ཏེ། གནས་མེད་པར་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་ཆོས་དང་ཟང་ཟིང་ལ་ལོངས་སྤྱོད་པ་མི་སྲིད་པའི་ཕྱིར་རོ། །མཁན་པོ་ལ་མ་གུས་པ་ནི་མཁན་པོ་བདག་གི་མཁན་པོ་མཛད་དུ་གསོལ་ཞེས་
Vol. 163 · folio 69b
བྱ་བ་སྔོན་དུ་འགྲོ་བའི་ཁས་ལེན་པ་དེ་འཇིག་པའི་ཕྱོགས་དང་མཐུན་པ་ཡང་ཡིན་ནོ། །གནས་སྦྱིན་པ་ལ་མ་གུས་པ་ནི་སྡོམ་པ་ཐམས་ཅད་འཇིག་པའི་ཕྱོགས་དང་མཐུན་པ་ཉིད་ཡིན་ཏེ། གང་ཟག་གཞན་ཡང་གནས་སྦྱིན་པ་དང་། བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ་ཞེས་བྱ་བ་ནི་
ལྟུང་བ་ལ་སྦྱོར་བ་དགེ་སློང་དང་འདྲ་བ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །བསླབ་པ་བྱིན་པ་ནི་ཐམས་ཅད་དུ་ལྟུང་བ་ལ་སྦྱོར་བ་དགེ་སློང་དང་འདྲ་བ་ཉིད་དུ་རིག་པར་བྱ་སྟེ། ཇི་ལྟར་དགེ་སྦྱོང་མི་ཚངས་པར་སྤྱོད་པ་ལ་སོགས་པ་ལ་སྦྱོར་བ་ལ་ཕམ་པར་འགྱུར་བ་ལ་སོགས་པའི་ལྟུང་བ་འབྱུང་བ་དེ་
བཞིན་དུ་བསླབ་པ་བྱིན་པ་ལ་ཡང་དེ་བཞིན་ནོ། །ཇི་ལྟར་དགེ་སློང་གིས་དགེ་སློང་ལ་རྡེག་པ་དང་གཟས་པ་དང་འགྱོད་པ་སྐྱེད་པ་དང་། སྐྲོད་པ་ལ་སོགས་པ་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་དགེ་སློང་གིས་བསླབ་པ་བྱིན་པ་ལ་དེ་དག་བྱས་ན་ཡང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །བསླབ་
པ་བྱིན་པ་མོ་དང་དགེ་སློང་མ་ཡང་དེ་བཞིན་དུ་ཕན་ཚུན་འདྲ་བ་ཉིད་དུ་རིག་པར་བྱའོ། །བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ངོ་ཞེས་བྱ་བ་ལ། བསླབ་པ་བྱིན་པ་དེ་དགེ་སློང་གཞན་གྱི་ཡུལ་ལ་བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བསླབ་
པ་བྱིན་པ་དེ་དགེ་སློང་གཞན་གྱི་ཡུལ་ལ་ནི་བསྙེན་པར་མ་རྫོགས་པ་དང་འདྲ་བ་ཉིད་ཡིན་ལ། རང་གི་ཡུལ་ལ་ནི་བསྙེན་པར་རྫོགས་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་བསླབ་པ་བྱིན་པ་དེ་དགེ་སློང་གི་ཡུལ་ལ་དེས་བྱིན་ལེན་བསྟབས་ན་ཡང་བྱིན་ལེན་དུ་རུང་ལ་དེས་རེག་
ན་ཡང་བྱིན་ལེན་འཇིག་པ་དང་། དེ་ལ་ཕྲ་མ་བྱས་ན་ཡང་དགེ་སློང་ལ་ཕྲ་མ་བྱས་པའི་ལྟུང་བྱེད་དུ་མི་འགྱུར་བ་དང་། དེ་དང་ལྷན་ཅིག་ཉལ་ན་ཡང་ཞག་གསུམ་འདས་ནས་ལྟུང་བྱེད་དུ་འགྱུར་བ་དང་། དེ་ལ་དགེ་སློང་གི་གནས་ངན་ལེན་བརྗོད་པ་དང་མིའི་ཆོས་བླ་མ་བརྗོད་
ན་ཡང་ལྟུང་བྱེད་དུ་འགྱུར་བ་དང་། དེ་དང་ཚིག་མཐུན་པ་དང་ཚིག་ལྷག་པར་ཟློས་པ་ལས་ཀྱང་ལྟུང་བྱེད་དུ་འགྱུར་ཏེ། དེ་དག་ལ་སོགས་པ་ཇི་ལྟར་བསྙེན་པར་མ་རྫོགས་པའི་གང་ཟག་གི་དབང་གིས་དགེ་སློང་གི་ཡུལ་ལ་ཁ་ན་མ་ཐོ་བ་གང་དག་འབྱུང་བར་འགྱུར་བ་དེ་
Vol. 163 · folio 70a
དག་བསླབ་པ་བྱིན་པའི་གང་ཟག་གི་དབང་གིས་ཀྱང་དགེ་སློང་གི་ཡུལ་ལ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་འདིར་བསླབ་པ་བྱིན་པའི་རང་གི་ཡུལ་ལ་གསོག་འཇོག་བྱས་པ་དང་ལག་ཉར་བླངས་པ་ལ་སོགས་པའི་ཉེས་པར་གྱུར་པ་དེ་རང་བཞིན་དུ་གནས་
པའི་དགེ་སློང་དག་ལ་ཉེས་པར་མི་འགྱུར་ཏེ། བསླབ་པ་བྱིན་པ་ནི་ཆོ་ག་ཉམས་པ་ཡིན་པའི་ཕྱིར་རོ། །བསླབ་པ་བྱིན་པ་རང་གི་ཡུལ་ལ་ནི་བསྙེན་པར་རྫོགས་པའི་སྡོམ་པ་ཡོད་དེ། བསྙེན་པར་རྫོགས་པའི་བསླབ་པའི་གཞི་ཐམས་ཅད་ཀྱང་དགེ་སློང་དང་འདྲ་བར་བསྲུངས་དགོས་
སོ། །དེ་ལྟ་བས་ན་མདོ་སྔ་མ་ཤོས་ཀྱིས་ནི་བསླབ་པ་བྱིན་པ་དེ་ལྟུང་བ་སྦྱོར་བ་ལ་ནི་དགེ་སློང་དང་འདྲ་བ་ཉིད་དུ་བསྟན་ལ། མདོ་འདིར་ནི་དགེ་སློང་གཞན་གྱི་ཡུལ་ལ་དགེ་སློང་ཐ་མལ་པ་གཞན་དང་མི་འདྲ་བར་བསྟན་ཏོ། །དེ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། བསླབ་པ་བྱིན་པ་དེ་ལ་
བསླབ་པ་བྱིན་པ་གཞན་ནི་བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་མ་ཡིན་ཏེ། རང་བཞིན་འདྲ་བའི་ཕྱིར་རོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་ལ་རྒྱུ་དུས་གསོག་འཇོག་བགྱིས་པར་འགྱུར། གསུམ་གྱིས་ཏེ་གང་ཞེ་ན་བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང་། དགེ་
སློང་གིས་གསོག་འཇོག་བྱས་པ་དང་། དགེ་སློང་གི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ། །བཙུན་པ་རེ་ཞིག་དགེ་སློང་མ་ལ་རྒྱུ་དུས་གསོག་འཇོག་བགྱིས་པར་འགྱུར། གསུམ་གྱིས་ཏེ་གསུམ་གང་ཞེ་ན་བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང་། དགེ་སློང་མས་གསོག་
འཇོག་བྱས་པ་དང་། དགེ་སློང་མའི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ། །བཙུན་པ་རེ་ཞིག་བསླབ་བ་བྱིན་པ་ལ་རྒྱུ་དུས་གསོག་འཇོག་བགྱིས་པར་འགྱུར། བཞི་སྟེ་བཞི་གང་ཞེ་ན་བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང་། བསླབ་པ་བྱིན་པས་གསོག་འཇོག་བྱས་པ་
དང་། དགེ་སློང་གིས་གསོག་འཇོག་བྱས་པ་དང་། དགེ་སློང་གི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ། །བཙུན་པ་རེ་ཞིག་བསླབ་པ་བྱིན་པ་མོ་ལ་རྒྱུ་དུས་གསོག་འཇོག་བགྱིས་པར་འགྱུར། བཞི་སྟེ་བཞི་གང་ཞེ་ན་བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང་། བསླབ་
Vol. 163 · folio 70b
པ་བྱིན་པ་མོས་གསོག་འཇོག་བྱས་པ་དང་། དགེ་སློང་གིས་གསོག་འཇོག་བྱས་པ་དང་། དགེ་སློང་གི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློབ་མ་ལ་ཡང་ངོ་ཞེས་བྱ་བ་ལ་ཡང་ངོ་ཞེས་བྱ་བའི་སྒྲས་ནི་བསླབ་པ་བྱིན་པ་ཞེས་སྨོས་པ་དང་བསྙེན་པར་
མ་རྫོགས་པ་དང་ལྡན་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་བས་ན་དགེ་སློབ་མའི་ཡུལ་ལ་ནི་བསླབ་པ་བྱིན་པ་མོ་བསྙེན་པར་རྫོགས་པ་དང་ལྡན་པ་ཉིད་མ་ཡིན་ནོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློབ་མ་ལ་རྒྱུ་དུས་གསོག་འཇོག་བགྱིས་པར་འགྱུར། ལྔ་སྟེ་
ལྔ་གང་ཞེ་ན། བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང་། དགེ་སློབ་མས་གསོག་འཇོག་བྱས་པ་དང་། བསླབ་པ་བྱིན་པ་མོས་གསོག་འཇོག་བྱས་པ་དང་། དགེ་སློང་མས་གསོག་འཇོག་བྱས་པ་དང་། དགེ་སློང་མའི་དགེ་འདུན་གྱིས་གསོགས་འཇོག་བྱས་པའོ་ཞེས་གསུངས་
པ་ཡིན་ནོ། །འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ནི་དགེ་སློང་གི་འདུ་ཤེས་ཡོད་པ་ལའོ་ཞེས་བྱ་བ་ནི། ལྟུང་བ་ལ་སྦྱོར་བ་འདྲ་བ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །དགེ་སློང་གསང་སྔགས་དང་སྨན་དང་ལས་ལ་སོགས་པའི་དབང་གིས་འགྲོ་བ་གཞན་གྱི་རྣམ་པ་ཞེས་བྱ་བ་དུད་འགྲོ་ལ་
སོགས་པའི་གཟུགས་སུ་བསྒྱུར་ནས་གཟུགས་དེས་མི་ཚངས་པར་སྤྱོད་པ་ལ་སོགས་པ་བྱ་བ་མ་ཡིན་པ་བྱེད་པ་ན་དེ་བྱེད་པའི་ཚེ་གལ་ཏེ་བདག་ཉིད་དགེ་སློང་ཡིན་པའི་འདུ་ཤེས་ཡོད་པར་གྱུར་ན་དེའི་ཚེ་དགེ་སློང་དེ་ལྟུང་བ་ལ་སྦྱོར་བ་ལ་ནི་དགེ་སློང་གཞན་དག་དང་འདྲ་བ་ཉིད་ཡིན་ཏེ།
ཇི་ལྟར་དགེ་སློང་གཞན་དག་ལྟུང་བ་ལ་སྦྱོར་བ་ལ་གཞི་ཇི་ལྟ་བ་ལས་ཁ་ན་མ་ཐོ་བར་འགྱུར་བ་དེ་བཞིན་དུ་དེ་ལ་ཡང་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མེད་པ་ནི་ན་སྨད་པ་ཉིད་དོ་ཞེས་བྱ་བ་ནི། དེའི་ཚེ་ལྟུང་བ་འབྱིན་པ་དེ་ལ་དགེ་སློང་བདག་ཉིད་དགེ་སློང་ཡིན་པའི་འདུ་ཤེས་མེད་ཅིང་
བརྗོད་པར་གྱུར་པ་ཉིད་ཡིན་ན་ནི་ལྟུང་བ་ལ་སྦྱོར་བ་དེའི་ཚིགས་འོག་མར་ན་སྨད་པ་ཉིད་དོ། །སྦྱོར་བ་ཙམ་ཁོ་ན་ལ་ཁ་ན་མ་ཐོ་བ་འདིར་འགྱུར་གྱི་དངོས་གཞི་ཉིད་དུ་ནི་མི་འགྱུར་རོ། །འདི་ནི་གང་གི་ཚེ་དགེ་སློང་དུད་འགྲོ་ལ་སོགས་པའི་གཟུགས་ཀྱིས་མི་ཚངས་པར་སྤྱོད་པ་བྱེད་
Vol. 163 · folio 71a
འདོད་པ་དེའི་ཚེ་སྲིད་དོ། །འདིར་དགེ་སློང་ལ་ཇི་ལྟ་བ་བཞི་དུ་དགེ་སློང་མ་དང་དགེ་སློབ་མ་དང་། བསླབ་པ་བྱིན་པ་དང་དགེ་ཚུལ་དང་དགེ་ཚུལ་མ་དག་ལ་ཡང་དེ་བཞིན་དུ་ཅི་རིགས་སུ་སྦྱར་རོ། །ཚིགས་སྔ་མར་སྦྱོར་བ་བྱས་པ་ལ་ཡང་ངོ་ཞེས་བྱ་བ་ནི་ན་སྨད་པ་
ཉིད་དོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །ཚིགས་སྔ་མར་སྦྱོར་བ་བྱས་པ་ཞེས་བྱ་བ་ནི་ཁྱིམ་པ་འམ། དགེ་ཚུལ་ལམ་དགེ་སློབ་མ་ཉིད་ཅེས་བྱ་བའི་ཚིགས་སྔ་མ་དག་ཏུ་སྦྱོར་བའི་ཁ་ན་མ་ཐོ་བ་བྱས་པ་སྟེ། ཚིགས་སྔ་མར་སྦྱོར་བ་བྱས་པ་དེའི་ཁ་ན་
མ་ཐོ་བ་དེ་ནི་ན་སྨད་པར་བྱ་བ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། ཁྱིམ་པ་ཉིད་ཅེས་བྱ་བའི་ཚིགས་སུ་རྫས་རྐུ་བ་ལ་སོགས་པའི་ཕྱིར་སྦྱོར་བ་བྱས་པ་གང་ཡིན་པ་དེའི་སྦྱོར་བ་དེ་ཁོ་ནས་དགེ་ཚུལ་ཉིད་དམ་དགེ་སློང་མ་ཉིད་དམ་དགེ་སློང་ཉིད་ཅེས་བྱ་བའི་ཚིགས་ཕྱི་མ་དག་ཏུ་དངོས་
གཞིའི་ཁ་ན་མ་ཐོ་བ་འགྲུབ་པར་འགྱུར་བའི་སྦྱོར་བ་ཚིགས་སྔ་མར་བྱས་པ་དེ་ནི་ན་སྨད་པ་ཉིད་ཡིན་ཏེ། ཚིགས་འོག་མར་འགྱུར་བ་ཉིད་ཡིན་ནོ། །དེ་བཞིན་དུ་དགེ་ཚུལ་ཉིད་དམ་དགེ་ཚུལ་མ་ཉིད་དམ་དགེ་སློབ་མ་ཉིད་ཅེས་བྱ་བའི་ཚིགས་སུ་རྫས་རྐུ་བ་ལ་སོགས་པའི་ཕྱིར་སྦྱོར་
བ་བྱས་པ་གང་ཡིན་པའི་སྦྱོར་བ་དེ་ཁོ་ནས་བསྙེན་པར་རྫོགས་པ་ཉིད་ཀྱི་ཚིགས་ཕྱི་མར་དངོས་གཞིའི་ཁ་ན་མ་ཐོ་བ་འགྲུབ་པར་འགྱུར་བའི་སྦྱོར་བ་ཚིགས་སྔ་མར་བྱས་པ་དེ་ཡང་ན་སྨད་པ་ཉིད་ཡིན་ཏེ། ཚིགས་འོག་མར་འགྱུར་བ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་གང་ཡང་
འདིར་གཞུང་ནི་བསྙེན་པར་མ་རྫོགས་པས་རྐུ་བ་ལ་སྦྱོར་ཞིང་བསྙེན་པར་མ་རྫོགས་པའི་ཕྱིར་རྐུ་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པས་རྐུ་བ་ལ་སྦྱོར་ཞིང་བསྙེན་པར་རྫོགས་པར་བྱེད་པའི་ཕྱིར་རྐུ་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་
རྫོགས་པས་རྐུ་བ་ལ་སྦྱོར་ཞིང་བསྙེན་པར་རྫོགས་པའི་ཕྱིར་རྐུ་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིར་དེའི་ཕྱིར་ཞེས་བསྟན་པར་ཤེས་པར་བྱ་སྟེ། ཚིགས་སྔ་མར་སྦྱོར་བ་ཙམ་གྱི་དབང་ཁོ་ན་ལས་མེད་ན་དེའི་ཚེ་སྦྱོར་བ་ན་
Vol. 163 · folio 71b
སྨད་དོ། །ཡོད་ན་ནི་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །འདི་སྐད་བསྟན་ཏེ། བསྙེན་པར་རྫོགས་པའི་ཕྱིར་རྐུ་བར་བྱེད་ན་ཞེས་བྱ་བར་སྦྱར་ཏེ། དེའི་ཕྱིར་རམ་དེའི་རྒྱུར་དེ་བརྐུས་པ་ཡིན་གྱི་བསྙེན་པར་རྫོགས་པར་བྱེད་པའི་ཚེ་ན་དེ་ལ་རྐུ་བའི་བྱ་བ་ཡང་མེད་ལ་རྐུ་བའི་བསམ་པ་
ཡང་མེད་པ་དེ་ལ་སྦྱོར་བ་སྔ་མ་དེ་ན་སྨད་པ་ཉིད་དོ། །གང་གི་ཚེ་བསྙེན་པར་རྫོགས་པའི་དུས་ན་དྲན་པར་གྱུར་པའི་ཚེ་བརྒྱ་ལ་འགྱོད་པ་སྐྱེས་པར་གྱུར་ན་ཡང་དེའི་ཚེ་སྦྱོར་བ་སྔ་མ་དེ་ན་སྨད་པ་ཉིད་ཡིན་པས་དེས་ན་ཉེས་པ་སྦོམ་པོར་རྣམ་པར་གཞག་པར་མཛད་དོ། །དེ་ལྟ་མ་ཡིན་
དུ་ཟིན་ན་ལུང་ལས་བསྙེན་པར་མ་རྫོགས་པས་རྐུ་བ་ལ་སྦྱོར་ཞིང་བསྙེན་པར་རྫོགས་པས་རྐུ་བར་བྱེད་ན་ཞེས་གསུངས་པར་འགྱུར་བ་ཞིག་ན་དེ་སྐད་མ་གསུངས་པས། དེའི་ཕྱིར་འདིར་ནི་བསྙེན་པར་རྫོགས་པའི་ཕྱིར་རྐུ་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །
ཕྱི་མ་ལ་ཡང་དེ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། ཕྱི་མ་ཞེས་བྱ་བ་ནི་ཚིགས་ཕྱི་མ་སྟེ་བསྙེན་པར་རྫོགས་པ་ཉིད་དོ། །དེ་ལ་ཡང་ཚིགས་སྔ་མ་དེ་དང་ལྡན་པ་ཉིད་ཡིན་ཏེ། དགེ་སློབ་མ་དང་དགེ་ཚུལ་གྱི་ཚིགས་དང་ལྡན་པ་ཉིད་ཡིན་པས་ཉེས་བྱས་རྫོགས་པར་འགྱུར་རོ། །འདི་
སྐད་བསྟན་ཏེ། །བསྙེན་པར་རྫོགས་པ་ཉིད་ཅེས་བྱ་བའི་ཚིགས་སུ་སྦྱོར་བ་བྱས་པ་གང་ཡིན་པ་དེ་ཙམ་གྱི་དབང་གིས་དེའི་འོག་ཏུ་བསླབ་པ་ཕུལ་ལམ་བབས་ནས་དགེ་སློབ་མ་ཉིད་དམ་དགེ་ཚུལ་མ་ཉིད་དམ་ཁྱིམ་པ་ཉིད་ཀྱི་ཚིགས་དག་ཏུ་དངོས་གཞིའི་གནས་སྐབས་སུ་ནི་བསྙེན་པར་མ་རྫོགས་
པ་གཉིས་ལ་ནི་ཉེས་བྱས་སོ། །ཁྱིམ་པ་ལ་ནི་ལྟུང་བ་མེད་དོ། །བསྙེན་པར་རྫོགས་པའི་སྦྱོར་བར་གྱུར་པ་ནི་སྦོམ་པོའོ། །ལྷག་མ་རྣམས་ཀྱི་སྦྱོར་བར་གྱུར་པ་ནི་བསྙེན་པར་མ་རྫོགས་པ་གཉིས་ཀྱི་ནི་ཉེས་བྱས་སོ། །ཁྱིམ་པ་ལ་ནི་ལྟུང་བ་མེད་དོ། །རྫས་བཀག་པ་བས་བཟང་པོ་ལ་
ཡང་དེ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། རྫས་རིན་ཆུང་ངུ་ལ་སོགས་པ་ལས་སྟན་བྱེད་པ་བཀག་པའི་ཕྱིར་རྫས་དེ་བས་བཟང་པོ་རིན་ཆེ་བ་ལ་སོགས་པ་ལ་སྟན་བྱེད་པ་ལ་ཡང་བཀག་པ་དེ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟ་སྟེ་དཔེར་ན། ལུག་བལ་ནག་
Vol. 163 · folio 72a
པོ་འབའ་ཞིག་དང་རྫས་རིན་ཆུང་ངུ་ལས་སྟན་བྱེད་པ་བཀག་སྟེ་དེ་དག་ལས་སྟན་བྱེད་པ་སྤང་བའི་ལྟུང་བྱེད་དུ་འགྱུར་བ་བཞིན་དུ་སྲིན་བལ་དང་རྫས་རིན་པོ་ཆེ་ལས་སྟན་བྱེད་པ་ཡང་བཀག་སྟེ། དེ་དག་ལས་སྟན་བྱེད་ན་ཡང་སྤང་བའི་ལྟུང་བྱེད་ཁོ་ནར་འགྱུར་བ་ལྟ་བུ་སྟེ།
དེས་ན་ལྟུང་བའི་ཕྱིར་ནི་རྫས་བཟང་པོ་ཡང་རྫས་ངན་པ་དང་འདྲ་བར་རིག་པར་བྱའོ། །འདྲ་བ་ལ་ཡང་ངོ་ཞེས་བྱ་བ་ནི་རྫས་བཟང་ངན་འདྲ་བ་ལ་ཡང་བཀག་པ་དེ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སྲིན་བལ་ལ་སོགས་པའི་རྫས་རིན་པོ་ཆེ་བཀག་པ་དེ་དང་འདྲ་བར་རིན་ཆེ་བ་མོན་དར་
ལ་སོགས་པའི་རྫས་ལ་ཡང་བཀག་པ་དང་ལྡན་པ་ཉིད་ཡིན་ཏེ། གཉི་ག་སྤང་བར་འགྱུར་བར་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟ་སྟེ་དཔེར་ན། སྲིན་བལ་འབའ་ཞིག་ལས་སྟན་བྱེད་པ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་མོན་དར་དང་དུ་གུ་ལའི་རས་དང་བལ་ནག་པོ་
འབའ་ཞིག་དག་ལས་སྟན་བྱེད་པ་དང་། དེ་བཞིན་དུ་མོན་དར་དང་སྲིན་བལ་ལ་སོགས་པ་བསྲིས་པ་ལས་སྟན་བྱེད་པ་དང་བལ་དཀར་པོ་དང་བཅས་པའམ་བལ་དཀར་པོ་ཚད་ཉུང་ངུ་དག་དང་བསྲེས་པ་ལས་སྟན་བྱེད་པ་ལ་ཡང་སྤང་བ་ཁོ་ནར་འགྱུར་བ་ལྟ་བུའོ།། །།བམ་པོ་
བཞི་བཅུ་གསུམ་པ། མཚན་གྱུར་པ་ནི་དེའི་ཞིང་ཉིད་ཡིན་ནོ་ཞེས་བྱ་བ་ནི་ལྟུང་བ་དེའི་ཞིང་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། འདི་ནི་སྦྱོར་བ་དང་དངོས་གཞིའི་ལྟུང་བ་གཉི་གའི་ཞིང་ཉིད་ཡིན་ནོ་ཞེས་བྱ་བ་སྤྱིར་སྦྱར་རོ། །འོག་གི་མདོ་ལས་ན་སྨད་པའི་དོན་གྱི་སྦྱོར་བ་གང་ཡིན་པ་ཉིད་ལས་
སོ་ཞེས་འབྱུང་བ་དེའི་ཡུལ་ལ་ནི་སྦྱོར་བའི་ལྟུང་བའི་ཞིང་ཉིད་ཡིན་པར་བསྟན་ཏོ། །དེའི་འོག་མའི་མདོ་ལས་བྱས་པ་ནི་དེ་ཉིད་ཡིན་ནོ་ཞེས་འབྱུང་བ་དེའི་ཡུལ་ནི་དངོས་གཞིའི་ལྟུང་བའི་ཞིང་ཉིད་ཡིན་པར་སྟོན་ཏོ། །དེ་བས་ན་མཚན་གྱུར་པ་ཞེས་བྱ་བ་ནི། ཕོ་མོ་ཕན་ཚུན་མཚན་གྱུར་
པ་སྟེ། དེ་ལྟར་མཚན་གྱུར་པ་དེ་ནི་ལྟུང་བའི་སྦྱོར་བ་དང་དངོས་གཞིའི་ཞིང་ཉིད་ཡིན་ཏེ་མཚན་དེ་ལ་ལྟུང་བ་དེ་དག་འབྱུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་བསྟན་ཏེ། ལྟུང་བ་གང་ཀུན་ནས་བསླང་བའི་ཕྱིར་སྦྱོར་བ་བྱས་པ་དེའི་དངོས་གཞི་གང་ཡིན་པ་
Vol. 163 · folio 72b
དེ་ཉིད་ཀྱི་ཞིང་ནི་མཚན་གཞན་དུ་གྱུར་པ་དེ་ཉིད་ཀྱང་ཡིན་ནོ། །དེ་ལྟར་ན་མཚན་གྱུར་ན་མཚན་སྔ་མའི་གནས་སྐབས་སུ་སྦྱོར་བ་གང་བརྩམས་པ་དེ་ཉིད་ཀྱི་དངོས་གཞིའི་ཞིང་མཚན་ཕྱི་མའི་གནས་སྐབས་ཡིན་པ་ཡང་ཡོད་དེ། འདི་ལྟ་སྟེ་དཔེར་ན། དགེ་སློང་གསོད་པའི་སྦྱོར་བ་
ལ་ཞུགས་པའི་ཚེ་སྦྱོར་བ་དེ་མཐར་ཐུག་པ་དང་མགོ་མཉམ་དུ་དགེ་སློང་མར་གྱུར་ན་དགེ་སློང་མའི་མཚན་དེ་གསོད་པའི་སྦྱོར་བ་དེའི་དངོས་གཞིའི་ཞིང་ཉིད་ཡིན་པ་དང་དེ་བཞིན་དུ་དགེ་སློང་མ་གསོད་པའི་སྦྱོར་བ་ལ་ཞུགས་པའི་ཚེ་སྦྱོར་བ་དེ་མཐར་ཐུག་པ་དང་མགོ་མཉམ་དུ་དེ་དགེ་སློང་དུ་གྱུར་
ན་དགེ་སློང་གི་མཚན་དེ་གསོད་པའི་སྦྱོར་བ་དེའི་དངོས་གཞིའི་ཞིང་ཉིད་ཡིན་པ་ལྟ་བུའོ། །གལ་ཏེ་ན་ལྟུང་བ་ན་སྨད་པའི་ཞིང་ཉིད་དུ་འགྱུར་བ་ཡང་ཡོད་དེ། འདི་ལྟ་སྟེ་དཔེར་ན། དགེ་སློང་ཁུ་བ་འབྱིན་པའི་སྦྱོར་བ་ལ་ཞུགས་པའི་ཚེ་སྦྱོར་བ་དེ་མཐར་ཐུག་པ་དང་མགོ་མཉམ་དུ་དེ་
དགེ་སློང་མར་གྱུར་ན་དེ་ལ་སྦྱོར་བ་དེའི་དངོས་གཞིའི་ལྟུང་བྱེད་དུ་འགྱུར་བ་ལྟ་བུ་དང་། དགེ་སློང་མ་ལུས་བཀན་པའི་སྦྱོར་བ་ལ་ཞུགས་པའི་ཚེ་སྦྱོར་བ་དེ་མཐར་ཐུག་པ་དང་མགོ་མཉམ་དུ་དེ་དགེ་སློང་དུ་གྱུར་པ་ན་དེ་ལ་སྦྱོར་བ་དེའི་དངོས་གཞི་ཉེས་པ་སྦོམ་པོར་འགྱུར་བ་ལྟ་བུའོ། །དེ་ལྟར་
སྤྱིར་བཏང་བ་བྱས་ནས། དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། ན་སྨད་པའི་དོན་གྱི་སྦྱོར་བ་གང་ཡིན་པ་ཉིད་ལས་སོ་ཞེས་བྱ་བ་སྨྲས་ཏེ། ལྟུང་བ་ན་སྨད་པ་ཉིད་དོན་ཡིན་ཏེ། དེའི་སྦྱོར་བ་གང་ཡིན་པ་དེ་ནི་ན་སྨད་པའི་དོན་གྱི་སྦྱོར་བའོ། །ན་སྨད་པའི་དོན་གྱི་སྦྱོར་བ་གང་
ཡིན་པ་ཉིད་བྱེད་བཞིན་པ་ལས་མཚན་གྱུར་པ་དེ་ལ་ནི་ན་སྨད་པ་གང་གི་སྦྱོར་བ་བྱས་པ་དེ་ཉིད་ཀྱི་དངོས་གཞི་འབྱུང་གི །ལྷག་པའི་དངོས་གཞི་ནི་མི་འབྱུང་ངོ་། །འདི་ལྟ་སྟེ་དཔེར་ན། དགེ་སློང་གཉིས་ཁྲི་གཅིག་ལ་རེག་པ་དང་བཅས་བཞིན་དུ་སྐྱ་རེངས་མ་ཤར་བའི་མདུན་རོལ་
དུ་ཉལ་བ་ཉེས་བྱས་ཀྱི་སྦྱོར་བ་ཡིན་པ་དེ་ལས་དེ་གཉིས་དགེ་སློང་མར་གྱུར་ཏེ་སྐྱ་རེངས་ཤར་ན་ཡང་ཉེས་བྱས་ཁོ་ནར་ཟད་ཀྱི་ལྟུང་བྱེད་དུ་ནི་མི་འགྱུར་བ་ལྟ་བུའོ། །འདི་སྐད་བསྟན་ཏེ། ལྷག་པའི་དོན་གྱི་སྦྱོར་བ་ལས་མཚན་གྱུར་པ་ལ་ནི་ལྟུང་བ་ན་སྨད་པ་འབྱུང་བར་འགྱུར་གྱི།
Vol. 163 · folio 73a
ན་སྨད་པའི་དོན་གྱི་སྦྱོར་བ་ལ་མཚན་གྱུར་པ་ལ་ནི་ལྷག་པ་འབྱུང་བར་མི་འགྱུར་བས་འདིར་ཡང་ན་སྨད་པའི་དོན་གྱི་སྦྱོར་བ་གང་ཡིན་པ་ཉིད་ལས་མཚན་གྱུར་པ་ལ་དངོས་གཞི་ཡང་ན་སྨད་པ་ཉིད་འབྱུང་གི །ལྷག་པ་མི་འབྱུང་བར་བསྟན་ཏོ། །བྱས་པ་ནི་དེ་ཉིད་ཡིན་
ནོ་ཞེས་བྱ་བ་ནི། ཁ་ན་མ་ཐོ་བ་ཞེས་བྱ་བར་སྦྱར་རོ། །མཚན་མ་གྱུར་པའི་གནས་སྐབས་སུ་ཁ་ན་མ་ཐོ་བ་གང་བྱས་པ་དེ་ནི་ཕྱིས་མཚན་གྱུར་ན་ཡང་ཁ་ན་མ་ཐོ་བ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བྱས་པ་ནི་ཞེས་བྱ་བ་ནི་སྔར་མཚན་མ་གྱུར་པའི་གནས་སྐབས་སུ་ཁ་ན་མ་ཐོ་བ་
གང་བྱས་པའོ། །དེ་འདི་ཡིན་ནོ་ཞེས་བྱ་བ་ནི་ཕྱིས་མཚན་གྱུར་པའི་འོག་ཏུ་ཡང་ཁ་ན་མ་ཐོ་བ་ཉིད་ཡིན་པའོ། །འདི་ལྟ་སྟེ་དཔེར་ན། དགེ་སློང་མ་རེག་པའི་ཕམ་པར་འགྱུར་བ་གང་ཡིན་པ་དེ་ཉིད་བྱེད་བཞིན་དུ་དེ་མཚན་གྱུར་ཅིང་དགེ་སློང་དུ་གྱུར་ན་རེག་པ་དེ་དགེ་སློང་དེ་ལ་ལུས་ཀྱིས་རེག་
པའི་དགེ་འདུན་ལྷག་མར་གཏོགས་པའི་སྦོམ་པོར་འགྱུར་ཏེ། འདི་ལྟར་དགེ་སློང་སྐྱེས་པ་དང་ལྷན་ཅིག་ལུས་ཀྱིས་རེག་པའི་རོ་ཉམས་སུ་མྱོང་བར་བྱེད་པ་ཡང་ལུས་ཀྱིས་རེག་པའི་ལྷག་མའི་སྦོམ་པོར་གསུངས་པའི་ཕྱིར་རོ། །དགེ་སློང་མ་རེག་པའི་ཕམ་པར་འགྱུར་བའི་སྦྱོར་བ་
བྱེད་བཞིན་དུ་དེ་མཚན་གྱུར་ཅིང་དགེ་སློང་དུ་གྱུར་ན་སྦྱོར་བ་དེ་དགེ་སློང་དེ་ལ་ལུས་ཀྱིས་རེག་པའི་དགེ་འདུན་ལྷག་མར་གཏོགས་པའི་ཉེས་བྱས་སུ་འགྱུར་ཏེ། འདི་ལྟར་སྦོམ་པོར་འགྱུར་བའི་སྦྱོར་བ་ཉེས་བྱས་ཡིན་པའི་ཕྱིར་རོ། །དགེ་སློང་མ་ལུས་བཀན་པའི་ཕམ་པར་འགྱུར་བ་གང་
ཡིན་པ་དེ་ཉིད་བྱེད་བཞིན་དུ་དེ་མཚན་གྱུར་ཅིང་། དགེ་སློང་དུ་གྱུར་ན་ལུས་བཀན་པ་དེ་དགེ་སློང་དེ་ལ་མི་ཚངས་པར་སྤྱོད་པར་གཏོགས་པའི་སྦོམ་པོར་འགྱུར་ཏེ། འདི་ལྟར་དགེ་སློང་གིས་སྐྱེས་པའི་ཕྱིར་ལུས་བཀན་པ་མི་ཚངས་པར་སྤྱོད་པའི་ཕམ་པར་གཏོགས་པའི་སྦོམ་པོར་གསུངས་
པའི་ཕྱིར་རོ། །དགེ་སློང་མ་འཆབ་པའི་ཕམ་པར་འགྱུར་བ་གང་ཡིན་པ་དེ་ཉིད་བྱེད་བཞིན་དུ་དེ་མཚན་གྱུར་ཅིང་། དགེ་སློང་དུ་གྱུར་ན་འཆབ་པ་དེ་དགེ་སློང་དེ་ལ་གནས་ངན་ལེན་འཆབ་པའི་ལྟུང་བྱེད་དུ་གཏོགས་པའི་ཉེས་བྱས་སུ་འགྱུར་ཏེ། འདི་ལྟར་དགེ་སློང་གི་གནས་ངན་ལེན་བཅབས་
Vol. 163 · folio 73b
པའི་ལྟུང་བྱེད་དུ་འགྱུར་ལ། དགེ་སློང་མའི་གནས་ངན་ལེན་བཅབས་ན་ཉེས་བྱས་སུ་འགྱུར་བས་དེ་མཚན་གྱུར་པའི་ཚེ་ན་གང་གིས་གནས་ངན་ལེན་བཅབས་པའི་དགེ་སློང་མ་དེ་དང་མཚན་མི་མཐུན་པས། དེ་ཉེས་བྱས་སུ་གསུངས་པའི་ཕྱིར་རོ། །དགེ་སློང་མ་བཟློག་པའི་ཕམ་པར་འགྱུར་
བ་གང་ཡིན་པ་དེ་ཉིད་བྱེད་བཞིན་དུ་དེ་མཚན་གྱུར་ཅིང་དགེ་སློང་དུ་གྱུར་ན་བཟློག་པ་དེ་དགེ་སློང་དེ་ལ་སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་སྤང་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་གང་ཡིན་པ་དེ་ཉིད་འབྱིན་བཞིན་དུ་དེ་མཚན་གྱུར་ཅིང་། དགེ་སློང་མར་གྱུར་ན་
སྤངས་པའི་རྗེས་སུ་ཕྱོགས་པ་དེ་དགེ་སློང་མ་དེ་ལ་བཟློག་པའི་ཕམ་པར་འགྱུར་བའི་སྦོམ་པོར་འགྱུར་ཏེ། དེ་ཡང་བཟློག་པའི་ཚུལ་གྱིས་རྗེས་སུ་ཞུགས་ན་ནི་སྦོམ་པོ་ཉིད་ཡིན་ལ་མ་ཞུགས་ན་ནི་ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མ་གང་ཡིན་པ་དེ་ཉིད་
བྱེད་བཞིན་དུ་དེ་མཚན་གྱུར་ཅིང་། དགེ་སློང་མར་གྱུར་ན་ཁུ་བ་འབྱིན་པའི་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་ཡང་ཡང་ཟ་བའི་ལྟུང་བྱེད་འབྱིན་བཞིན་དུ་དེ་མཚན་གྱུར་ཅིང་དགེ་སློང་མར་གྱུར་ན། ཡང་ཡང་ཟ་བ་དེ་དགེ་སློང་མ་དེ་ལ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་མ་ཅི་
ཡང་རུང་བ་ལེན་པའི་དགེ་འདུན་ལྷག་མ་འབྱིན་བཞིན་དུ་དེ་མཚན་གྱུར་ཅིང་། དགེ་སློང་དུ་གྱུར་ན་ཅི་ཡང་རུང་བ་ལེན་པ་དེ་དགེ་སློང་དེ་ལ་ཉེས་བྱས་སུ་འགྱུར་བ་ལ་སྩོགས་པ་ལྟ་བུའོ། །རྣམ་པ་དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། ན་སྨད་པ་ནི་རང་གི་ཉིད་དོ་ཞེས་བྱ་བ་
སྨྲས་ཏེ། མཚན་གྱུར་ན་ཞེས་བྱ་བར་སྦྱར་རོ། །མཚན་མ་གྱུར་པའི་གནས་སྐབས་སུ་ན་སྨད་པའི་ཁ་ན་མ་ཐོ་བ་གང་བྱེད་བཞིན་དུ་དེ་མཚན་གྱུར་ན་རང་གི་ཁ་ན་མ་ཐོ་བ་ཉིད་དུ་འགྱུར་གྱི་ལྷག་པར་མི་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། དགེ་སློང་མ་ཁུ་བ་འབྱིན་པའི་ལྟུང་བྱེད་བྱེད་བཞིན་
དུ་དེའི་མཚན་གྱུར་ཏེ་དགེ་སློང་དུ་གྱུར་ན་ཁུ་བ་འབྱིན་པ་དགེ་སློང་དེ་ལ་ཡང་ལྟུང་བྱེད་ཁོ་ནར་འགྱུར་གྱི་དགེ་འདུན་ལྷག་མ་ཉིད་དུ་མི་འགྱུར་བ་ལྟ་བུའོ། །འདི་སྐད་བསྟན་ཏེ་མཚན་གྱུར་པའི་དབང་གིས་ན་ལྟུང་བྱེད་བསླབ་པ་ནི་ན་སྨད་པ་ཉིད་དུ་འགྱུར་གྱི་ན་སྨད་པ་ནི་ལྷག་པ་
Vol. 163 · folio 74a
ཉིད་དུ་མི་འགྱུར་རོ། །ཁ་ཅིག་ནི་མཉམ་པ་ཁོ་ན་ཡང་ཡོད་དེ་དཔེར་ན་སྲོག་གཅོད་པ་ལ་སོགས་པ་ལྟ་བུའོ། །དེ་ཡང་ལུས་ཀྱི་བྱེ་བྲག་ལས་བསམ་པའི་བྱེ་བྲག་ཏུ་འགྱུར་ལ། བསམ་པའི་བྱེ་བྲག་ལས་ལྟུང་བའི་བྱེ་བྲག་ཏུ་འགྱུར་བའི་ཕྱིར་རོ། །དེས་ན་ལུས་དང་བསམ་
པ་དག་གི་ལྟུང་བ་ན་སྨད་པའི་རྒྱུའི་དངོས་པོར་བསྒྲུབ་པར་འགྱུར་གྱི་ལྷག་པའི་རྒྱུའི་དངོས་པོར་བསྒྲུབ་པར་ནི་མི་འགྱུར་རོ། །ལན་འགའ་ནི་ལྟུང་བ་ལྷག་པར་སྤྱོད་པའི་གནས་སྐབས་སུ་མཚན་གྱུར་ན་ལྟུང་བ་ན་སྨད་པར་འགྱུར་རོ། །ལན་འགའ་ནི་དངོས་གཞིའི་ལྟུང་བ་བྱུང་ཞིང་ལྷག་པར་སྤྱོད་པ་
ལས་འདས་པ་ན་རང་གི་ལྟུང་བ་ཉིད་དུ་འགྱུར་གྱི་ན་སྨད་པ་ཉིད་དུ་ནི་མི་འགྱུར་རོ། །ཞག་བཅུར་མ་ལོན་པ་ནི་ཆ་ཉིད་དོ་ཞེས་བྱ་བ་ནི། དགེ་སློང་གིས་ལྷུང་བཟེད་ལྷག་པ་ཞག་བཅུ་ལས་འདས་པར་བཅངས་ན་སྤང་བར་འགྱུར་ལ་དགེ་སློང་མས་ནི་ཞག་གཅིག་ལས་འདས་པར་བཅངས་ན་སྤང་བར་
འགྱུར་བ་དེ་ལ་གལ་ཏེ་དགེ་སློང་གིས་ལྷུང་བཟེད་ལྷག་པ་ཞག་བཅུ་མ་ལོན་པར་ཞག་དགུ་ཚུན་ཆད་དུ་བཅངས་པ་ལས་གནས་སྐབས་དེར་མཚན་གྱུར་ཏེ། དགེ་སློང་མར་གྱུར་ན་ཞག་དགུ་པོ་དེ་དག་ནི་དགེ་སློང་མའི་ལྷུང་བཟེད་ཐོག་མ་རྙེད་པའི་ཉི་མ་དང་པོ་དེ་ཉིད་ཀྱི་ཆ་ཡིན་ཞིང་དེའི་
ཁོངས་སུ་གཏོགས་པ་ཉིད་ཡིན་པས་ཞག་དགུ་ཐལ་བ་དེ་དག་གིས་སྤང་བར་མི་འགྱུར་རོ། །ཞག་བཅུ་ལོན་ན་ནི་འཆང་བའི་དུས་རྫོགས་པ་ཡིན་ནོ། །ལྷུང་བཟེད་འཆང་བའི་ཡུལ་ལ་དགེ་སློང་དང་དགེ་སློང་མའི་ཆོ་ག་ཐ་དད་པས་མདོ་འདི་བརྗོད་ཀྱི་གོས་ལ་སོགས་པ་འཆང་བའི་ཕྱིར་ནི་མ་ཡིན་
ཏེ་ཆོ་ག་འདྲ་བའི་ཕྱིར་རོ། །འདི་སྐད་བསྟན་ཏེ། དགེ་སློང་གི་འཆང་བའི་དུས་ཞག་གཅིག་ནས་དགུའི་བར་དག་འདས་པ་ན་དེ་དགེ་སློང་མ་ཉིད་དུ་གྱུར་ན་ཞག་དགུ་པོ་དེ་དག་ཞག་གཅིག་པོའི་ཁོངས་སུ་གཏོགས་པས་དེ་ལ་ཉེས་པ་མེད་དོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་དགེ་སློང་གིས་ལྷུང་
བཟེད་རྙེད་པ་ན་མཚན་གྱུར་ཏེ་དགེ་སློང་མར་གྱུར་ནས། དགུང་གཅིག་ལས་ལྷག་པར་འཆང་ན་ལྟུང་བ་ཅིར་འགྱུར་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ་དགེ་སློང་གིས་ལྷུང་བཟེད་ལྷག་པ་དགུང་གཅིག་ལས་ལྷག་པར་འཆང་བ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་བ་མཆིས་སམ། ཡོད་དེ་
Vol. 163 · folio 74b
དགེ་སློང་གིས་ལྷུང་བཟེད་རྙེད་པ་ན་མཚན་གྱུར་ཏེ། དགེ་སློང་མར་གྱུར་ནའོ་ཞེས་གསུངས་པ་ཡིན་ནོ། །ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ་ཞེས་བྱ་བ་ནི་མཚན་གྱུར་པ་ཞེས་བྱ་བ་དང་། བྱས་པ་ཞེས་བྱ་བར་སྦྱར་རོ། །མཚན་གྱུར་ན་སྔར་མཚན་མ་གྱུར་པའི་གནས་སྐབས་སུ་ཁ་ན་མ་
ཐོ་བ་ཐུན་མོང་མ་ཡིན་པ་གང་བྱས་པ་དེའི་ཞིང་མ་ཡིན་པས་ཕྱིས་མཚན་གྱུར་པའི་ལུས་ཁ་ན་མ་ཐོ་བ་ཐུན་མོང་མ་ཡིན་པའི་ཞིང་མ་ཡིན་པ་ཉིད་ལ་ནི་སྔར་མཚན་མ་གྱུར་པའི་གནས་སྐབས་སུ་ལྟུང་བ་ཐུན་མོང་མ་ཡིན་པ་བྱས་པ་དེ་ཉམས་ཤིང་ཞིག་པ་དང་མེད་པར་རིག་པར་བྱ་སྟེ། ལྟུང་བ་དེ་བཤགས་
པར་བྱ་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟ་སྟེ་དཔེར་ན། ལྟུང་བ་ཐུན་མོང་མ་ཡིན་པར་སྔར་མ་གནང་བ་མ་ཐོབ་པར་འཁོར་ཉེ་བར་འཇོག་པས་ལྟུང་བྱེད་དང་ཤམས་ཐབས་རྐེད་པ་སྣང་བར་བགོ་བར་མི་བྱའོ་ཞེས་བྱ་བའི་བསླབ་པ་ལ་སོགས་པ་ལས་འདས་པའི་དགེ་སློང་མ་མཚན་གྱུར་
ཏེ། དགེ་སློང་དུ་གྱུར་པའི་ལྟུང་བ་ཐུན་མོང་མ་ཡིན་པ་དེ་དག་གི་ཞིང་མ་ཡིན་པ་ཉིད་ལ་ལྟུང་བ་དེ་དག་མེད་པ་ལྟ་བུའོ། །འདིར་གཞུང་ནི་གཏམ་གྱི་གཞི་ལས་དགེ་སློང་ལྟུང་བ་ཐུན་མོང་མ་ཡིན་པ་སྡེ་བཞི་པོ་དག་བྱུང་བ་མཚན་གྱུར་ཏེ། དགེ་སློང་མར་གྱུར་ན་དེ་ལྟུང་བ་དེ་དག་ལས་བྱུང་བར་
བརྗོད་པར་བྱའོ། །དགེ་སློང་མ་ལྟུང་བ་ཐུན་མོང་མ་ཡིན་པ་སྡེ་ལྔ་པོ་དག་བྱུང་བ་དེ་མཚན་གྱུར་ཏེ། དགེ་སློང་དུ་གྱུར་ན་དེ་ལྟུང་བ་དེ་དག་ལས་བྱུང་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ཉེས་པ་བཅབས་པ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི། མཚན་གྱུར་ན་བྱས་པ་ནི་དེ་ཉིད་དོ་ཞེས་བྱ་བ་
དང་ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ་ཞེས་བྱ་བ་དེ་ལ་ཉེས་པ་བཅབས་པ་བྱས་པ་ཡང་ཉམས་པ་མ་ཡིན་པ་མ་ཡིན་ཏེ་ཉམས་པ་ཁོ་ན་ཡིན་ནོ། །དེས་ན་དགེ་སློང་གིས་དགེ་འདུན་ལྷག་མ་བཅབས་ནས་མཚན་གྱུར་ཏེ། དགེ་སློང་མ་ཉིད་དུ་གྱུར་ན་དེས་སྦོ་བའི་ལས་ཉིད་སྤྱད་པར་བྱ་མི་དགོས་ཏེ། མཚན་མ་
གྱུར་པ་ཉིད་ལ་འཆབ་པའི་ཉེས་པ་སྲིད་པའི་ཕྱིར་རོ། །མགུ་བ་སྤྱད་པ་ནི་དོན་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། མཚན་གྱུར་ན་སྔར་མཚན་མ་གྱུར་པའི་གནས་སྐབས་སུ་ཉེས་པ་ལས་དབྱུང་བའི་ཕྱིར་མགུ་བ་སྤྱད་པ་ཞག་དྲུག་གམ་ཟླ་བ་ཕྱེད་རིལ་གྱིས་སྤྱད་ཀྱང་རུང་དེ་ལས་ཤས་ཀྱིས་སྤྱད་ཀྱང་
Vol. 163 · folio 75a
རུང་སྟེ་སྔར་མགུ་བ་སྤྱད་པ་དེ་ཕྱིས་མཚན་གྱུར་པའི་གནས་སྐབས་ན་དོན་མེད་པ་ཉིད་ཡིན་ནོ། །འདིར་གཞུང་ནི་སྤོ་བའི་གཞིའི་ཞུ་བ་ལས་བཙུན་པ་རེ་ཞིག་དགེ་སློང་སྤོ་བ་ལ་ཐུག་པ་མཚན་གྱུར་ཏེ་དགེ་སློང་མར་གྱུར་ན། ཅི་དེས་གཉི་གའི་དགེ་འདུན་ལ་ཟླ་བ་ཕྱེད་མགུ་བ་སྤྱད་པ་སྤྱད་
པར་བགྱི་འཚལ་ལམ་སྤྱད་པར་བྱ་དགོས་སོ། །བཙུན་པ་རེ་ཞིག་དགེ་སློང་མ་གཉི་གའི་དགེ་འདུན་ལ་མགུ་བ་སྤྱད་པ་མཚན་གྱུར་ཏེ། དགེ་སློང་དུ་གྱུར་ན་ཅི་དེས་དགེ་འདུན་ལ་ཞག་དྲུག་མགུ་བ་སྤྱད་པ་སྤྱད་པར་བགྱི་འཚལ་ལམ། སྤྱད་པར་བྱ་དགོས་སོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་དགེ་
སློང་སྤོ་བ་ལ་ཐུག་པ་མཚན་གྱུར་ཏེ། དགེ་སློང་མར་གྱུར་ན་ཅི་དེས་གཉི་གའི་དགེ་འདུན་ལ་ཟླ་བ་ཕྱེད་མགུ་བ་སྤྱད་པ་སྤྱད་པར་བགྱི་འཚལ་ལམ་ཞེས་བྱ་བའི་མདོ་སྔ་མ་ཤོས་ཀྱིས་ནི་ཉེས་པ་བཅབས་པ་ཉམས་པར་བསྟན་ཏེ། འདི་ལྟར་མགུ་བ་སྤྱད་པ་འབའ་ཞིག་བསྟན་གྱི་སྦོ་བ་མ་བསྟན་པའི་
ཕྱིར་རོ། །དགེ་སློང་མ་གཉི་གའི་དགེ་འདུན་ལ་མགུ་བ་སྤྱད་པ་མཚན་གྱུར་ཏེ། དགེ་སློང་དུ་གྱུར་ན་ཅི་དེས་དགེ་འདུན་ལ་ཞག་དྲུག་མགུ་བ་སྤྱད་པ་སྤྱད་པར་བགྱི་འཚལ་ལམ་ཞེས་བྱ་བའི་མདོ་ཕྱི་མ་ཤོས་ཀྱིས་ནི་མགུ་བ་སྤྱད་པ་དོན་མེད་པར་བསྟན་ཏེ། འདི་ལྟར་སྔར་གཉི་གའི་དགེ་འདུན་
ལ་ཟླ་བ་ཕྱེད་མགུ་བ་སྤྱད་དུ་ཟིན་ཀྱང་ཡང་དགེ་འདུན་ལ་ཞག་དྲུག་མགུ་བ་སྤྱད་པར་བྱ་དགོས་པར་བསྟན་པའི་ཕྱིར་རོ། །ཅིའི་ཕྱིར་བྱས་པ་ནི་དེ་ཉིད་ཡིན་ནོ། །ཞིང་མ་ཡིན་པ་ལ་ནི་ཉམས་སོ། །མགུ་བ་སྤྱད་པ་ནི་དོན་མེད་པ་ཉིད་ཡིན་ནོ་ཞེ་ན། འདི་ལྟར་འདི་ལ་ཆོ་ག་རྣམས་གྱུར་ཏོ་ཞེས་བྱ་བ་སྨྲས་ཏེ། མཚན་
གྱུར་པ་འདི་ལ་གང་གི་ཕྱིར་ཆོ་ག་སྤྱད་པ་རྣམས་གྱུར་པ་དེའི་ཕྱིར་དེ་དག་རྣམ་པར་གཞག་པ་མཛད་དོ། །དེའི་ཚེའི་ལུས་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གང་གི་ཚེ་གསང་བར་བྱ་བ་ལ་སོགས་པ་ཡུལ་གང་ལས་ལྟུང་བ་འབྱུང་བར་འགྱུར་བའི་ཡུལ་གྱི་ལུས་གང་ཡིན་པ་དེ་དང་ལྟུང་བ་
འབྱིན་པར་བྱེད་པའི་རྒྱུད་ཀྱིས་ལུས་ཀྱི་དངོས་པོ་མཚན་གྱུར་ཏེ། ཕོའམ་མོའི་ལུས་སུ་གནས་པའི་ལུས་དེ་ཉིད་ལྟུང་བ་དེའི་བྱེད་པ་པོ་ཉིད་ཡིན་ཏེ། ཡུལ་གང་ལས་ལྟུང་བ་འབྱུང་བའི་ལུས་དང་རྒྱུད་གང་ལ་ལྟུང་བ་འབྱུང་བའི་ལུས་དེ་གཉིས་གནས་སྐབས་གྱུར་པ་ན་གང་གིས་གནས་སྐབས་
Vol. 163 · folio 75b
སུ་གནས་པའི་ལུས་དེ་ཉིད་ཡུལ་དང་རྒྱུད་ཀྱི་ལྟུང་བ་གང་ཡིན་པ་དེའི་བྱེད་པ་པོ་ཉིད་ཡིན་པར་རྣམ་པར་གཞག་གོ། །འདི་ལྟ་སྟེ་དཔེར་ན། གསད་པར་བྱ་བ་དགྲ་བཅོམ་པ་ཉིད་མ་ཡིན་པའི་གནས་སྐབས་ལ་ལྟུང་བ་འབྱིན་པར་བྱེད་པས་གསད་པའི་སྦྱོར་བ་བརྩམས་ནས་གསད་པར་བྱ་བ་དེས་དགྲ་བཅོམ་
པ་ཉིད་ཐོབ་པའི་གནས་སྐབས་སུ་ལྟུང་བ་འབྱིན་པར་བྱེད་པ་དེས་དགྲ་བཅོམ་པ་དེ་གསོད་པར་བྱེད་ན་དེའི་ཚེ་དགྲ་བཅོམ་པ་དེའི་ལུས་དེ་ལྟུང་བ་འབྱིན་པར་བྱེད་པའི་རྒྱུད་ལས་སྲོག་གཅོད་པའི་ལྟུང་བ་དང་མཚམས་མེད་པའི་ལས་གཉི་ག་འབྱུང་བའི་བྱེད་པ་པོ་ཉིད་ཡིན་པ་ལྟ་བུ་དང་། གསད་པར་བྱ་
བ་དགྲ་བཅོམ་པ་ཉིད་མ་ཡིན་པའི་གནས་སྐབས་ལ་ལྟུང་བ་འབྱིན་པར་བྱེད་པས་གསད་པའི་སྦྱོར་བ་བརྩམས་ནས་འགྱོད་པ་དྲག་པོ་བསྐྱེད་པ་ལ་སོགས་པ་སྦྱོར་བ་དེ་ལས་ཕྱིར་ལོག་ནས་དེའི་འོག་ཏུ་གསད་པར་བྱ་བ་དེས་དགྲ་བཅོམ་པ་ཉིད་ཐོབ་ནས་གསད་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་དེའི་ཚེ་དགྲ་
བཅོམ་པ་དེ་ཤི་བར་གྱུར་ན་དེའི་ཚེ། དགྲ་བཅོམ་པའི་ལུས་དེ་ལྟུང་བ་འབྱིན་པར་བྱེད་པའི་རྒྱུད་ལ་སྲོག་གཅོད་པ་འབའ་ཞིག་གི་བྱེད་པ་པོ་ཉིད་ཡིན་གྱི་མཚམས་མེད་པའི་ལས་ཀྱི་བྱེད་པ་པོ་ཉིད་མ་ཡིན་པ་ལྟ་བུ་དང་། དེ་བཞིན་དུ་དགེ་སློང་གིས་སྐྱེས་པའི་ལུས་ལ་རེག་པའི་སྦྱོར་བ་བརྩམས་པ་ན་
སྐྱེས་པ་དེ་མཚན་གྱུར་ཏེ། བུད་མེད་དུ་གྱུར་ན་བུད་མེད་ཀྱི་ལུས་ལ་རེག་པ་དེ་ནི་ལྟུང་བ་འབྱིན་པར་བྱེད་པ་དེའི་རྒྱུད་ལ་བུད་མེད་ཀྱི་ལུས་ལ་རེག་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་གང་འབྱུང་བ་དེའི་བྱེད་པ་པོ་ཉིད་ཡིན་གྱི་སྦོམ་པོའི་བྱེད་པ་པོ་ཉིད་མ་ཡིན་པ་ལྟ་བུ་དང་། དེ་བཞིན་དུ་དགེ་
སློང་གིས་བུད་མེད་ཀྱི་ལུས་ལ་རེག་པའི་སྦྱོར་བ་བརྩམས་པ་ན་བུད་མེད་དེ་མཚན་གྱུར་ཏེ། སྐྱེས་པར་གྱུར་ན་སྐྱེས་པའི་ལུས་ལ་རེག་པ་དེ་ནི་ལྟུང་བ་འབྱིན་པར་བྱེད་པ་དེའི་རྒྱུད་ལ་སྐྱེས་པའི་ལུས་ལ་རེག་པ་ལས་སྦོམ་པོའི་ལྟུང་བ་གང་བྱུང་བ་དེའི་བྱེད་པ་པོ་ཉིད་ཡིན་གྱི་དགེ་འདུན་ལྷག་མའི་
བྱེད་པ་པོ་ཉིད་མ་ཡིན་པ་ལྟ་བུ་དང་། དེ་བཞིན་དུ་དགེ་སློང་དུ་གྱུར་པས་བུད་མེད་ཀྱི་ལུས་ལ་རེག་པའི་ཕྱིར་སྦྱོར་བ་བརྩམས་ནས་དགེ་སློང་དེ་མཚན་གྱུར་ཏེ། དགེ་སློང་མར་གྱུར་ན་བུད་མེད་ཀྱི་ལུས་ལ་རེག་པ་དེ་དགེ་སློང་མ་དེའི་རྒྱུད་ལ་བུད་མེད་ཀྱི་ལུས་ལ་རེག་པ་ལས་གྱུར་པའི་
Vol. 163 · folio 76a
ཕམ་པའི་སྦོམ་པོ་ཞེས་བྱ་བ་གང་བྱུང་བ་དེའི་བྱེད་པ་པོ་ཉིད་ཡིན་གྱི་རེག་པའི་དགེ་འདུན་ལྷག་མའི་བྱེད་པ་པོ་ཉིད་མ་ཡིན་པ་ལྟ་བུ་དང་། དེ་བཞིན་དུ་དགེ་སློང་མར་གྱུར་པས་སྐྱེས་པའི་ལུས་ལ་རེག་པའི་ཕྱིར། སྦྱོར་བ་བརྩམས་ནས་དགེ་སློང་མ་དེ་མཚན་གྱུར་ཏེ། དགེ་སློང་དུ་
གྱུར་ན་སྐྱེས་པའི་ལུས་ལ་རེག་པ་དེ་དགེ་སློང་དེའི་རྒྱུད་ལ་སྐྱེས་པའི་ལུས་ལ་རེག་པ་ལས་གྱུར་པའི་ལྷག་མའི་སྦོམ་པོ་ཞེས་བྱ་བ་གང་འབྱུང་བ་དེའི་བྱེད་པ་པོ་ཉིད་ཡིན་གྱི་རེག་པའི་ཕམ་པར་འགྱུར་བའི་བྱེད་པ་པོ་ཉིད་མ་ཡིན་པ་ལྟ་བུ་དང་། དེ་བཞིན་དུ་དགེ་སློང་ལ་རྡེག་པའི་ཕྱིར་སྦྱོར་བ་བརྩམས་
ནས། དགེ་སློང་དེ་མཚན་གྱུར་ཏེ་དགེ་སློང་མར་གྱུར་པ་ལ་རྡེག་པར་བྱེད་ན་དགེ་སློང་མའི་ལུས་དེ་ལྟུང་བ་འབྱིན་པར་བྱེད་པ་དེའི་རྒྱུད་ལ་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་པ་ལ་སོགས་པ་ལྟ་བུའོ། །གཞན་ལས་སྐྱེས་པ་ནི་རང་གི་འགྲོ་བ་ཉིད་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི། མི་དུད་འགྲོའི་འགྲོ་
བའམ་མི་མ་ཡིན་པའི་འགྲོ་བ་གཞན་ལས་སྐྱེས་པའམ། མི་མ་ཡིན་པ་མིའི་འགྲོ་བའམ་དུད་འགྲོའི་འགྲོ་བ་གཞན་ལས་སྐྱེས་པའམ། དུད་འགྲོ་མིའི་འགྲོ་བའམ་མི་མ་ཡིན་པའི་འགྲོ་བ་གཞན་ལས་སྐྱེས་པ་ནི་རང་ཉིད་འགྲོ་བ་གར་གཏོགས་པའི་རང་གི་འགྲོ་བ་ཉིད་མ་ཡིན་པ་མ་ཡིན་ཏེ།
རང་གི་འགྲོ་བ་ཉིད་ཡིན་ནོ། །དཔེར་ན་མི་མ་ཡིན་པ་མོའི་མངལ་ནས་སྐྱེས་པའི་མིའི་རྒྱུད་དུ་དབང་བའི་རྫས་ལ་དེར་འདུ་ཤེས་པས་བརྐུས་ན་མི་ཉིད་ལས་བརྐུས་པ་ཡིན་པས་ཕམ་པ་ཁོ་ནར་འགྱུར་བ་ལྟ་བུ་དང་། དེ་བཞིན་དུ་མི་མ་ཡིན་པ་མོའི་མངལ་ནས་སྐྱེས་པའི་མངལ་ན་གནས་པ་མིའི་ངོ་བོ་
ཉིད་བསད་ན་མི་ཉིད་བསད་པ་ཡིན་པས་ཕམ་པ་ཁོ་ནར་འགྱུར་བ་ལྟ་བུ་དང་། དེ་བཞིན་དུ་མིའི་བུད་མེད་ཀྱི་མངལ་ནས་སྐྱེས་པའི་མངལ་ན་གནས་པ་མི་མ་ཡིན་པའི་ངོ་བོ་ཉིད་བསད་ན་མི་མ་ཡིན་པ་ཉིད་བསད་པ་ཡིན་པས་སྦོམ་པོར་འགྱུར་བ་ལྟ་བུ་དང་། དེ་བཞིན་དུ་གང་ཡང་རུང་བའི་སྐྱེ་གནས་ནས་སྐྱེས་པའི་
དུད་འགྲོའི་ངོ་བོ་ཉིད་བསད་ན་དུད་འགྲོ་ཉིད་བསད་པ་ཡིན་པས་ལྟུང་བྱེད་དུ་འགྱུར་བ་ལྟ་བུ་སྟེ། འདི་ལྟར་མི་ལ་སོགས་པ་དེ་དུད་འགྲོ་ལ་སོགས་པ་ལས་སྐྱེས་པ་ཡིན་མོད་ཀྱི་འོན་ཀྱང་དེ་བདག་ཉིད་འགྲོ་བ་གར་སྐྱེས་པའི་འགྲོ་བ་དེ་ཉིད་དུ་གཏོགས་པ་ཡིན་པའི་ཕྱིར་རོ། །འགྲོ་བ་གཞན་གྱི་
Vol. 163 · folio 76b
རྣམ་པ་བརྟེན་པ་བསད་པ་ལ་ཡང་ངོ་ཞེས་བྱ་བ་ལ། རང་གི་འགྲོ་བ་ཉིད་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །དཔེར་ན་མིག་སྨན་དང་སྔགས་ལ་སོགས་པའི་དབང་གིས་མི་མ་ཡིན་པ་དང་དུད་འགྲོ་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟེན་པ་བསད་ན་
མི་ཉིད་བསད་པ་ཡིན་པས་ཕམ་པ་ཁོ་ནར་འགྱུར་བ་ལྟ་བུ་དང་། དེ་བཞིན་དུ་མི་མ་ཡིན་པ་མི་དང་དུད་འགྲོའི་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟན་པ་བསད་ན་མི་མ་ཡིན་པ་ཉིད་བསད་པ་ཡིན་པས། སྦོམ་པོར་འགྱུར་བ་ལྟ་བུ་དང་། དེ་བཞིན་དུ་དུད་འགྲོ་མི་དང་མི་མ་ཡིན་པའི་འགྲོ་བ་
གཞན་གྱི་ལུས་ཀྱི་རྣམ་པ་བསྟེན་པ་བསད་ན་དུད་འགྲོ་ཉིད་བསད་པ་ཡིན་པས་ལྟུང་བྱེད་དུ་འགྱུར་བ་ལྟ་བུའོ། །མདོ་འདི་ནི་མ་བྱིན་པར་ལན་པ་ལ་སོགས་པ་ལྟུང་བྱེད་ཀྱི་སྡེ་ཐམས་ཅད་ལ་སྦྱར་བ་མ་ཡིན་གྱི་སྲོག་གཅོད་པའི་སྐབས་འབའ་ཞིག་དང་སྦྱར་རོ། །འདིར་ལྟུང་བ་རྣམ་པར་གཞག་པ་ནི་
དངོས་པོའི་དབང་གིས་རྣམ་པར་གཞག་པ་ཡིན་གྱི་འདུ་ཤེས་ཀྱི་དབང་ཁོ་ནས་རྣམ་པར་གཞག་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་གིས་མིའི་འགྲོ་བར་གཏོགས་པ་མི་མ་ཡིན་པ་དང་དུད་འགྲོའི་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟེན་པ་ཞིག་གསོད་ན་དེར་འདུ་ཤེས་པས་ཀྱང་རུང་
གཞན་དུ་འདུ་ཤེས་པས་ཀྱང་རུང་སྟེ་གསད་པའི་དུས་ན་དངོས་གཞིའི་ཕམ་པ་ཁོ་ནར་འགྱུར་རོ། །སྦྱོར་བ་ལ་ནི་མིའི་འགྲོ་བར་གཏོགས་པར་འདུ་ཤེས་ན་ནི་སྦོམ་པོའོ། །མི་མ་ཡིན་པ་དང་དུད་འགྲོའི་འགྲོ་བར་གཏོགས་པར་འདུ་ཤེས་ན་ནི་ཉེས་བྱས་སོ། །མི་མ་ཡིན་པའི་འགྲོ་བར་གཏོགས་པ་མི་དང་
དུད་འགྲོའི་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟེན་པ་ཞིག་གསོད་ན་དེར་འདུ་ཤེས་པས་ཀྱང་རུང་གཞན་དུ་འདུ་ཤེས་པས་ཀྱང་རུང་སྟེ། གསད་པའི་དུས་ན་དངོས་གཞི་ལ་ནི་སྦོམ་པོར་འགྱུར་རོ། །སྦྱོར་བ་ལ་མིའི་འགྲོ་བར་གཏོགས་པར་འདུ་ཤེས་ན་ནི་སྦོམ་པོའོ། །མི་མ་ཡིན་པ་དང་དུད་
འགྲོའི་འགྲོ་བར་གཏོགས་པར་འདུ་ཤེས་ན་ནི་ཉེས་བྱས་སོ། །དུད་འགྲོའི་འགྲོ་བར་གཏོགས་པ་མི་དང་མི་མ་ཡིན་པའི་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟེན་པ་ཞིག་གསོད་ན་དེར་འདུ་ཤེས་པས་ཀྱང་རུང་གཞན་དུ་འདུ་ཤེས་པས་ཀྱང་རུང་སྟེ། གསད་པའི་དུས་ན་དངོས་གཞི་ལ་ནི་ལྟུང་བྱེད་དུ་
Vol. 163 · folio 77a
འགྱུར་རོ། །སྦྱོར་བ་ལ་ནི་མིའི་འགྲོ་བར་གཏོགས་པར་འདུ་ཤེས་ན་ནི་སྦོམ་པོའོ། །མི་མ་ཡིན་པ་དང་དུད་འགྲོའི་འགྲོ་བར་གཏོགས་པར་འདུ་ཤེས་ན་ནི་ཉེས་བྱས་སོ། །འདིར་ལྷ་སྦྱིན་དུ་འདུ་ཤེས་པས་མཆོད་སྦྱིན་བསད་པ་ལ་ཕམ་པར་མི་འགྱུར་བ་ལྟ་བུར་ཐལ་བར་ཡང་མི་
འགྱུར་སྟེ། དེ་གཉིས་ནི་རྒྱུད་ཐ་དད་པ་ཡིན་པའི་ཕྱིར་ལྷ་སྦྱིན་དུ་འདུ་ཤེས་པས་མཆོད་སྦྱིན་བསད་པ་ལ་ཕམ་པར་མི་འགྱུར་བར་རིགས་སོ། །འདིར་ནི་རྒྱུད་གཅིག་ཡིན་པའི་ཕྱིར་སྦྱོར་བ་ལ་འདུ་ཤེས་ལོག་པའི་དབང་གིས་ནི་སྦྱོར་བའི་ཁ་ན་མ་ཐོ་བ་ཆེ་ཆུང་དུ་འགྱུར་བར་ཟད་ཀྱི་དངོས་གཞི་ལ་སྲོག་གཅད་པའི་
དབང་གིས་ནི་དངོས་པོ་ཇི་ལྟ་བ་ལས་ཁ་ན་མ་ཐོ་བར་འགྱུར་རོ། །འདིར་ཁུངས་ནི་ཨུ་ཏྲ་ཡ་ནའི་རྟོགས་པ་བརྗོད་པ་དྲན་པར་བྱ་སྟེ། འདི་ལྟར་གཙུག་ཕུད་ཅན་གྱིས་ཕས་དགྲ་བཅོམ་པ་ཉིད་ཐོབ་པར་མ་ཤེས་སུ་ཟིན་ཀྱང་ཕས་བུ་ལ་ཁྱོད་ཀྱིས་མཚམས་མེད་པ་གཉིས་བྱས་ཏེ་ཕ་གསད་པའི་ཕྱིར་དང་དགྲ་
བཅོམ་པ་གསད་པའི་ཕྱིར་རོ་ཞེས་སྤྲིངས་བ་ལ་སོགས་པ་ལྟ་བུའོ། །མ་བྱིན་པར་ལེན་པ་དང་ལུས་ཀྱིས་རེག་པ་དང་གོས་སློང་བ་དང་གོས་སྦྱིན་པ་དང་བསོད་པ་སློང་བ་དང་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བ་དང་འདུག་པ་ལ་སོགས་པ་གཞན་ལ་ནི་འདི་གཞན་དུ་རྣམ་པར་གཞག་སྟེ། རེ་ཞིག་
མ་བྱིན་པར་ལེན་པ་ལ་ནི་བརྐུ་བར་བྱས་པའི་རྫས་གང་ཡིན་པ་དེ་མིའི་རྒྱུད་དུ་གཏོགས་པ་དབང་བ་ཡིན་ན་མི་དེ་འགྲོ་བ་གཞན་གྱི་རྣམ་པ་བསྟེན་དུ་ཟིན་ཀྱང་ལྟུང་བྱེད་འབྱིན་པར་བྱེད་པས་མིའི་རྒྱུད་དུ་གཏོགས་པས་ཡོངས་སུ་བཟུང་བ་ཡིན་པར་འདུ་ཤེས་ན་ནི་དེ་ལ་ནི་དངོས་པོ་ཇི་ལྟ་བ་བཞིན་དུ་ཁ་ན་མ་ཐོ་
བར་འགྱུར་རོ། །གལ་ཏེ་དེ་ལྟར་མི་ཤེས་ན་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུའོ། །ལུས་ཀྱིས་རེག་པ་ལ་སོགས་པ་དག་ལ་ནི་ཐ་སྙད་ཀྱི་ཕྱིར་རྣམ་པར་གཞག་གོ། །གནས་སྐབས་གཞན་ཐོབ་པ་ནི་གཞན་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དགྲ་བཅོམ་པ་ཉིད་མ་ཡིན་པ་ལ་སོགས་པའི་ལུས་གཅིག་
གིས་དགྲ་བཅོམ་པ་ཉིད་ལ་སོགས་པའི་གནས་སྐབས་གཞན་ཐོབ་ན་དེའི་རྒྱུད་ནི་གཞན་ཉིད་མ་ཡིན་ནོ། །དེ་ལྟ་བས་ན་གང་གིས་དགྲ་བཅོམ་པ་མ་ཡིན་པའི་གནས་སྐབས་སུ་བསད་པའི་ཕྱིར། སྦྱོར་བ་བྱས་ནས་དེས་དགྲ་བཅོམ་པ་ཉིད་ཐོབ་པ་ན་གསོད་པར་བྱེད་ན་དེ་ལ་ཕམ་པ་དང་མཚམས་
Vol. 163 · folio 77b
མེད་པ་གཉི་ག་འབྱུང་བ་ཁོ་ནར་འགྱུར་ཏེ། དགྲ་བཅོམ་པའི་གནས་སྐབས་གཞན་ཐོབ་པ་དེ་རྒྱུད་གཞན་ཉིད་མ་ཡིན་པའི་ཕྱིར་རོ། །ཉེས་པ་དེ་མེད་པ་ཉིད་ལ་འོང་བ་ནི་ཐ་དད་དོ་ཞེས་བྱ་བ་ལ། ཉེས་པ་དེ་མེད་པ་ཞེས་བྱ་བ་ནི། གང་ཟག་གང་ལ་སྟན་ལ་སོགས་པ་བྱེད་པའི་ཉེས་པ་འབྱུང་བ་དེ་
མེད་པའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །ཉེས་པ་དེ་མེད་པ་ཉིད་ཀྱི་གནས་སྐབས་ཅན་དེ་ལ་གནས་སྐབས་གཞན་དུ་ཉེས་པ་གང་འོང་ཞིང་ཐོབ་པ་དེ་ནི་ཐ་དད་པ་ཉིད་ཡིན་ཏེ་ལས་དེ་ཐ་དད་པའི་ངོ་བོ་ཉིད་ཡིན་པར་རིག་པར་བྱའོ། །དེས་ན་ཉེས་པ་དེ་ཡོད་པ་ཉིད་ཀྱི་གནས་སྐབས་སུ་ལས་གང་བྱས་པ་དེ་དེའི་འོག་
ཏུ་ཉེས་པ་དེ་མེད་པ་ཉིད་ཀྱི་གནས་སྐབས་སུ་གྱུར་ནས། ཡང་དེའི་འོག་ཏུ་ཉེས་པ་དེ་ཡོད་པའི་གནས་སྐབས་སུ་གྱུར་པ་ཉིད་ལ་ཉེས་པ་འོང་བར་གྱུར་ན་སྔར་ཉེས་པ་དེ་ཡོད་པ་ཉིད་ཀྱི་གནས་སྐབས་སུ་ལས་གང་བྱས་པ་དང་། ཕྱིས་ཡང་དེའི་འོག་ཏུ་ཉེས་པ་དེ་ཡོད་པའི་གནས་སྐབས་སུ་གྱུར་པ་ན་ལས་
གང་བྱེད་པའི་ལས་དེ་དག་ནི་ཕན་ཚུན་ཐ་དད་པར་ཤེས་པར་བྱའི་གཅིག་པ་ཉིད་ནི་མ་ཡིན་ཏེ། འདི་ལྟར་བར་དུ་ཉེས་པ་དེ་མེད་པ་ཉིད་ཀྱི་གནས་སྐབས་ལྟུང་བའི་ཞིང་མ་ཡིན་པར་གྱུར་པ་དེས། ཉེས་པ་ཡོད་པའི་གནས་སྔ་ཕྱི་དེ་གཉིས་ཀྱི་བར་དུ་ཆོད་པའི་ཕྱིར་རོ། །འདི་ལྟ་སྟེ་དཔེར་ན། དགེ་སློང་
གིས་སྟན་གཅིག་ལོ་དྲུག་མ་ལོན་པར། ལོ་དྲུག་པོ་དེ་ཉིད་ཀྱི་ནང་དུ་སྟན་གཞན་གཅིག་བརྩམས་ནས་ཁྱིམ་པར་བབས་ཤིང་ཡང་ཕྱིས་བསྙེན་པར་རྫོགས་ནས། དེས་སྟན་གཞན་ཞིག་བྱེད་ཅིང་དེ་ཟིན་པར་བྱས་ནས་དེའི་འོག་ཏུ་དུས་མ་ཡིན་པ་ཁོ་ནར་སྔར་སྟན་བརྩམས་པ་དེ་ཡང་ཟིན་པར་བྱེད་ན་དེའི་ཚེ་
རྩོམ་པ་དང་ཟིན་པར་བྱེད་པའི་མཚན་ཉིད་སྔ་ཕྱིའི་ཆ་དེ་གཉིས་ལྟུང་བ་ཐ་དད་པའི་བྱེད་པ་པོ་ཉིད་ཡིན་ཏེ་དེ་ལ་སྔར་མ་བབས་པའི་མདུན་རོལ་དུ་དུས་མ་ཡིན་པར་སྟན་གཞན་རྩོམ་པའི་ཆ་སྔ་མ་དེ་ནི་སྦྱོར་བ་ལས་བྱུང་བའི་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །ཕྱིས་བསྙེན་པར་རྫོགས་ནས་སྟན་གཞན་ཞིག་
བྱེད་ཅིང་དེ་ཟིན་པར་བྱས་པ་དེ་ལ་ནི་ཉེས་པ་མེད་དོ། །དེའི་འོག་ཏུ་དུས་མ་ཡིན་པ་ཁོ་ནར་སྔར་སྟན་བརྩམས་པ་དེ་ཡང་ཟིན་པར་བྱེད་པའི་ཆ་ཕྱི་མ་དེ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའི་བྱེད་པ་པོ་ཉིད་ཡིན་པ་ལྟ་བུ་དང་། དེ་བཞིན་དུ་དགེ་སློང་མ་ཉིད་དུ་གྱུར་ནས་ཡང་དགེ་སློང་ཉིད་དུ་གྱུར་ན་ཡང་འདི་ལྟར་
Vol. 163 · folio 78a
དེ་བཏང་བའི་བསམ་པ་མ་སྐྱེས་པ་ཉིད་ཡིན་མོད་ཀྱི་འོན་ཀྱང་རིགས་མི་མཐུན་པའི་གནས་སྐབས་གཞན་གྱིས་བར་དུ་ཆོད་པའི་ཕྱིར་སྔར་བརྩམས་པ་དང་ཕྱིས་ཟིན་པར་བྱེད་པ་དེ་དག་ཕན་ཚུན་ཐ་དད་པ་ཉིད་ཡིན་གྱི་གཅིག་པ་ཉིད་ནི་མ་ཡིན་པ་ལྟ་བུའོ། །བཏང་བ་ཡང་ངོ་ཞེས་བྱ་བ་ནི། གང་
བརྩམས་པའི་ལས་དེ་བསམ་པ་ཐག་པ་ནས་བཏང་བ་གང་ཡིན་པའི་ལས་དེ་ཡང་ཐ་དད་པ་ཡིན་ཏེ། བྱེད་འདོད་པ་ལོག་པའི་ཕྱིར་རོ། །འདི་ལྟ་སྟེ་དཔེར་ན། ཁང་པའམ་སྟན་བརྩམས་ནས་བཏང་སྟེ་ཡང་བྱེད་ན་སྔར་བརྩམས་པ་དང་ཕྱིས་ཟིན་པར་བྱེད་པའི་གནས་སྐབས་དེ་གཉིས་སྦྱོར་བ་དང་དངོས་གཞིའི་
ལྟུང་བ་ཐ་དད་པའི་བྱེད་པ་པོ་ཉིད་ཡིན་པ་ལྟ་བུའོ། །གཞི་གཅིག་ལ་དུ་མ་ཉིད་བཅས་པ་ལ་ནི་ཇི་སྙེད་པ་དེ་སྙེད་ཀྱི་ཉེས་པར་འགྱུར་རོ་ཞེས་བྱ་བ་ནི། གང་དུ་གཞི་གཅིག་ལ་བསླབ་པའི་གཞི་དུ་མ་བཅས་པར་གྱུར་པ་དེ་ལ་ནི་ཇི་སྙེད་བཅས་པར་གྱུར་པ་དེ་སྙེད་ཁོ་ནའི་ལྟུང་བ་དག་འབྱུང་བར་འགྱུར་བའོ། །
འདི་ལྟ་སྟེ་དཔེར་ན། བརྫུན་དུ་སྨྲ་བ་དང་། སྐྱོན་ནས་སྨྲ་བ་བཀག་པ་གཞི་གཅིག་ལ་བརྫུན་གྱིས་སྐྱོན་ནས་སྨྲས་ན་ཤེས་བཞིན་དུ་བརྫུན་དུ་སྨྲ་བའི་ལྟུང་བྱེད་དང་། སྐྱོན་ནས་སྨྲ་བའི་ལྟུང་བྱེད་གཉིས་འབྱུང་བ་ལྟ་བུ་དང་། དགེ་ཚུལ་བསྙིལ་བ་དང་ལྷན་ཅིག་ཞག་གསུམ་ཉལ་བ་ལ་བསྙེན་པར་
མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དང་བསྙིལ་བ་སྡུད་པའི་ལྟུང་བྱེད་གཉིས་འབྱུང་བ་ལྟ་བུ་དང་། དེ་བཞིན་དུ་བུད་མེད་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཞག་གསུམ་ཉལ་བ་ལ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དང་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་
གཉིས་འབྱུང་བ་ལྟ་བུའོ། །འདིར་གཞུང་ནི་ཞར་བ་ལོངས་ཤིག་ཅེས་ཟེར་བ་ལ་དེ་ཞར་བ་མ་ཡིན་ན་ལྟུང་བྱེད་གཉིས་སུ་འགྱུར་ཏེ་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་དང་མིའི་སྐྱོན་ནས་སྨྲ་བ་ལས་སོ། །དགེ་སློང་གིས་དགེ་སློང་མ་བྲམ་ཟེའི་རིགས་ཅན་མོ་ལ་ཁྱོད་ཀྱིས་འབྲེག་མཁན་གྱི་ལས་བྱས་སོ་ཞེས་སྨྲས་ན་
ལྟུང་བྱེད་དང་ཉེས་བྱས་སུ་འགྱུར་ཏེ་ཤེས་བཞིན་དུ་བརྫུན་སྨྲ་བ་ལས་ལྟུང་བྱེད་དང་སྐྱོན་ནས་སྨྲ་བ་ལས་ཉེས་བྱས་སོ། དགེ་སློང་མ་རྒྱལ་རིགས་ཀྱི་རིགས་ཅན་མོ་ལ་ཡང་དེ་བཞིན་ནོ་ཞེས་གསུངས་པ་དང་། དགེ་སློང་བསྙེན་པར་མ་རྫོགས་པའི་གང་ཟག་དང་ལྷན་ཅིག་དགུང་གསུམ་མཆིས་ཉལ་བ་ལ་ལྟུང་བྱེད་གཉིས་
Vol. 163 · folio 78b
འབྱུང་བ་འགའ་མཆིས་སམ། ཡོད་དེ་ཞག་གཉིས་དགེ་ཚུལ་དང་ལྷན་ཅིག་ཉལ་བ་ལ་ཞག་གསུམ་པ་ལ་ཁྱིམ་པ་མོ་དང་ལྷན་ཅིག་ཉལ་བ་ལའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེའི་ཆ་ནི་དེར་གཏོགས་སོ་ཞེས་བྱ་བ་ནི། ཁ་ན་མ་ཐོ་བ་ལྕི་བ་མི་ཚངས་པར་སྤྱོད་པ་ལ་སོགས་པ་དེའི་ཆ་ཞེས་བྱ་བ་
ཤན་ནམ་ལྷག་མ་ནི་དེ་དང་རིགས་མཐུན་པའི་ཁ་ན་མ་ཐོ་བ་ཡང་བ་ནི་དེར་གཏོགས་པ་སྟེ། མི་ཚངས་པར་སྤྱོད་པ་ལ་སོགས་པར་གཏོགས་པའི་ཁ་ན་མ་ཐོ་བ་ལྕི་བ་དང་འདྲེལ་བར་རིག་པར་བྱའི་རིགས་མི་མཐུན་པ་དང་འབྲེལ་པ་ནི་མ་ཡིན་ནོ། །དེ་ལ་རེ་ཞིག་མི་ཚངས་པར་སྤྱོད་པའི་ཆ་གང་ཞེ་ན། ཁུ་བ་འབྱིན་པ་དང་
ལུས་ཀྱིས་རེག་པ་དང་འཁྲིག་པ་དང་ལྡན་པར་སྨྲ་བ་དང་བསྙེན་བཀུར་བསྔགས་པ་དང་། སྨྱན་བྱེད་པ་དང་འཁྲུར་འཇུག་པ་དང་། ལེན་པ་དང་། བལ་རྨེལ་དུ་འཇུག་པ་དང་། ཚིག་དྲུག་གམ་ལྔ་ལས་ལྷག་པར་ཆོས་སྟོན་པ་དང་། མ་བསྐོས་པར་སྟོན་པ་ལ་སོགས་པ་བཅུ་དང་། ཉལ་པོ་བྱེད་
པར་ཤོམ་པའི་ཁྱིམ་ན་འདུག་པ་དང་། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འགྲེང་བ་དང་གཅེར་བུ་པའམ་གཅེར་བུ་མ་ལ་སྦྱིན་པ་དང་། བུད་མེད་དང་ལྷན་ཅིག་ཉལ་བ་དང་སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བ་དང་དུས་མ་ཡིན་པར་གྲོང་དུ་འགྲོ་བ་དང་། དགེ་སློང་མ་ལས་
ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ་དང་། གྲལ་རིམས་སུ་མ་ཕེབས་པར་འགྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་སོ་སོར་བཤགས་པར་བྱ་བ་དང་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བ་ཞེས་བྱ་བ་ནས། མ་བསྒོ་བར་ཁྱིམ་པའི་ཁྱིམ་དུ་སྟན་ལ་མི་འདུག་པར་བསླབ་པར་བྱའོ་ཞེས་བྱ་བ་
དེ་ཉིད་མ་གཏོགས་པ་དེ་ཡན་ཆད་དག་གོ། །མ་བྱིན་པར་ལེན་པའི་ཆ་གང་ཞེ་ན། བྱིན་པ་ཕྲོགས་ཏེ་སྤྱོད་པ་དང་བསྔོས་པ་ལས་བསྒྱུར་བ་དང་སྐྲོད་པ་དང་སྦེད་པ་དང་། ཕྱིར་མ་བླངས་པར་སྤྱོད་པ་དང་རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བ་དང་། མ་བསྒོ་བར་ཁྱིམ་པའི་ཁྱིམ་དུ་སྟན་ལ་འདུག་
པའོ། །མི་གསོད་པའི་ཆ་གང་ཞེ་ན། རྩོད་པ་དང་བཅས་པའི་གཞི་མི་གཏོང་བ་དག་དང་། ས་བོན་གྱི་ཚོགས་དང་། སྐྱེ་བའི་ཚོགས་འཇིག་པ་དང་། བསྒོ་བ་བཅག་པ་དང་། ཕྱིས་གནོན་བྱེད་པ་དང་། རྩ་བ་འབྱུང་བ་ལ་འདུག་པ་དང་། སྲོག་ཆགས་དང་བཅས་པ་ལ་སྤྱོད་པ་དང་།
Vol. 163 · folio 79a
དམག་ལ་ལྟ་བ་དང་། དམག་གི་ནང་ན་གནས་པ་དང་། བཤམ་པ་དཀྲུགས་པ་དང་། བརྡེག་པ་དང་གཟས་པ་དང་ཟས་གཅོད་དུ་འཇུག་པ་དང་། དུད་འགྲོ་གསོད་པ་དང་འགྱོད་པ་སྐྱེས་པ་དང་ག་ག་ཚིལ་བྱེད་པ་དང་སྔངས་པར་བྱེད་པ་དང་ས་བརྐོ་བའོ། །མིའི་ཆོས་
བླ་མ་སྨྲ་བའི་ཆ་གང་ཞེ་ན། གཞི་མེད་པ་དང་བག་ཙམ་དང་འདུན་པ་ལ་སོགས་པས་འགྲོའོ་ཞེས་བྱ་བའི་ཚིག་དང་བཤེས་ངོར་བྱེད་པ་དང་འཕྱ་བ་དང་གཞོགས་འཕྱས་བྱེད་པ་དང་། དགེ་འདུན་གྱི་དབྱེན་དང་བརྫུན་གྱི་ལྷག་མ་དང་མིའི་ཆོས་བླ་མ་བདེན་པ་སྨྲ་བའོ། །ཕམ་པར་འགྱུར་
བས་སྐུར་པ་འདེབས་པའི་ཆ་གང་ཞེ་ན། དགེ་འདུན་ལྷག་མས་སྐུར་པ་འདེབས་པའོ། །དགེ་འདུན་གྱི་དབྱེན་བྱེད་པའི་ཆ་གང་ཞེ་ན། དགེ་སློང་ལ་ཕྲ་མ་བྱེད་པ་དང་སྐྱོ་སྔོགས་བྱེད་པ་དང་དད་པ་ཕྱིར་བསྒྱུར་བ་དང་ལྟ་བར་གྱུར་པ་མི་གཏོང་བ་དང་། སྤངས་པའི་རྗེས་སུ་ཕྱོགས་པ་དང་།
བསྙིལ་བ་སྡུད་པ་དང་། གནས་ངན་ལེན་བརྗོད་པ་དང་། ཁྱད་དུ་གསོད་པ་དང་། འདུས་ཤིད་ཟ་བ་དང་མི་སྨྲ་བར་འགྲོ་བའོ། །བཀའ་བློ་མི་བདེ་བའི་ཆ་གང་ཞེ་ན། བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་དང་མ་གུས་པའི་ཚུལ་ལོ། །ལྟུང་བྱེད་ཀྱི་ཆ་གང་ཞེ་ན། གསོག་འཇོག་བྱས་པ་ཟ་བ་ནི་ནང་
དུ་བཙོས་པ་དང་། ནང་དུ་ཞག་ལོན་པ་དང་། དགེ་སློང་གིས་བཙོས་པ་ཟ་བའོ། །ཆའི་ངོ་བོ་ཉིད་བརྗོད་དེ་མི་ཚངས་པར་སྤྱོད་པ་སྤྱད་པའི་ཕྱིར་འགྲོ་བ་གང་ཡིན་པ་དེ་ནི་ཉེས་བྱས་སོ། །བདག་ཉིད་ཀྱི་ཀུན་དུ་སྤྱོད་པ་བསྔགས་པ་གང་ཡིན་པ་དེ་ནི་དགེ་འདུན་ལྷག་མའོ། །གནས་ངན་ལེན་སྨྲ་བ་གང་ཡིན་པ་
དེ་ནི་གཞན་ཡིན་ནོ། །བདག་ཉིད་ཀྱི་དོན་དུ་བུད་མེད་ལ་གཞོལ་བ་གང་ཡིན་པ་དེ་ནི་ཕམ་པར་འགྱུར་བར་གཏོགས་པའི་སྦོམ་པོའོ། །འཁྱུད་པ་དང་འོ་བྱེད་པ་དང་ཉལ་བ་དང་མཚན་ཉིད་ཀྱི་ཕྱི་རོལ་དུ་སྦྱོར་བ་དག་གང་ཡིན་པ་དེ་ནི། ལུས་ཀྱིས་རེག་པའི་བདག་ཉིད་གཞན་ཡིན་ནོ། །མཚན་གྱི་
ནང་དུ་རེག་ལ་གལ་ཏེ་རྨ་ཉམས་པ་མ་ཡིན་པ་གང་ཡིན་པ་དེ་ནི་ཕམ་པར་འགྱུར་བའོ། །གལ་ཏེ་ཉམས་པ་ཡིན་ན་གཞན་དང་ལྷན་ཅིག་རྩོལ་བར་མ་བྱུང་བའི་མདུན་རོལ་དུ་ནི་སྦོམ་པོའོ། །བྱུང་ན་ནི་དགེ་འདུན་ལྷག་མའོ། །མོང་འདིར་མ་བརྗོད་པ་ནི་ཅུང་ཟད་ཀྱང་མི་བརྗོད་ཀྱི། ཧ་ཅང་ཐལ་བར་
Vol. 163 · folio 79b
འགྱུར་བ་སེལ་བར་བྱེད་དེ། ཁུ་བ་འབྱིན་པ་ལ་སོགས་པ་མི་ཚངས་པར་སྤྱོད་པར་གཏོགས་པའི་སྦོམ་པོ་ལ་སོགས་པ་ལ་ཁ་ན་མ་ཐོ་བ་གཞན་དུ་ཐལ་བར་འགྱུར་བ་དེ་དེའི་ཆ་ནི་དེར་གཏོགས་སོ་ཞེས་བྱ་བའི་མདོ་འདིས་སྦོམ་པོ་ལ་སོགས་པ་གཞན་ཁ་ན་མ་ཐོ་བ་གཞན་དུ་འགྱུར་བ་དམིགས་ཀྱིས་
བསྩལ་ཏོ། །དེས་ན་ཁུ་བ་འབྱིན་པ་ལ་སོགས་པ་ནི་མི་ཚངས་པར་སྤྱོད་པ་ལ་སོགས་པའི་ཆ་དག་ཡིན་གྱི་ཆ་དེ་དག་གི་ཆ་གཞན་དུ་ནི་མི་རིགས་ཏེ་ཐུག་པ་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེས་ན་ཁུ་བ་འབྱིན་པ་ལ་སོགས་པའི་ཆ་གང་ཡིན་པ་དེ་ནི་དེ་དག་ཉིད་ཀྱི་ཡིན་གྱི་མི་ཚངས་པར་སྤྱོད་
པའི་ནི་མ་ཡིན་ནོ། །དེའི་ཆ་གང་ཡིན་པ་ནི་ཁུ་བ་འབྱིན་པ་ལ་སོགས་པ་དེ་དག་ཉིད་ཀྱི་ཡིན་གྱི་ཉེས་པ་སྦོམ་པོའོ་ཞེས་བྱ་བ་ལ་སོགས་གཞན་ཉིད་ནི་མ་ཡིན་ནོ། །ཕྱུང་བ་ཐམས་ཅད་ལ་མཐའ་ཉིད་མ་གཏོགས་པ་ནི་དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི། ཁུ་བ་ཕྱུང་བ་ཐམས་ཅད་ལ་མཐའ་ཉིད་
ཅེས་བྱ་བ་ཕམ་པར་འགྱུར་བ་ཉིད་མ་གཏོགས་པ་ལ་ནི་དགེ་འདུན་ལྷག་མ་ཁོ་ནར་འགྱུར་བའོ། །ཞུ་བ་ཁ་ཅིག་དང་འདུལ་བྱེད་ལ་སོགས་པ་གཞན་དག་ལས་ཁུ་བ་འབྱིན་པའི་རྣམ་པ་གསུངས་པ་དག་དང་མ་གསུངས་པའི་རྣམ་པ་སྲིད་པར་འགྱུར་བ་གང་ཡིན་པ་དཔེར་ན་སྤྱད་མི་བཟོད་པའི་བུད་
མེད་དང་ལྷན་ཅིག་ཉམས་པར་བྱེད་པ་དང་མགོ་བཅད་པའི་ཁ་ལ་སོགས་པ་དག་ཏུ་ཉམས་པར་བྱེད་པ་ནི་སྦོམ་པོར་འགྱུར་ལ། ཁུ་བ་འབྱིན་པས་འདུན་པས་ཁུ་བ་ཕྱུང་ལ་ཕམ་པ་ཉིད་མ་ཡིན་པ་ཐམས་ཅད་ནི་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མར་ཤེས་པར་བྱའོ། །མདོ་འདི་ནི་སྔར་དེའི་
ཆ་ནི་དེར་གཏོགས་སོ་ཞེས་བསྟན་པ་དེའི་སྤྲོས་པ་ཡིན་ནོ། །འདིར་གང་དག་དགེ་འདུན་ལྷག་མར་མི་འགྱུར་ཏེ། དེ་ནི་བྱ་བ་གཞན་ཡིན་ནོ་སྙམ་དུ་སེམས་པ་དེའི་བསམ་པ་བཟློག་པའི་ཕྱིར་ཏེ། སྦྱོར་བ་གང་ལ་དངོས་གཞི་གཞན་དུ་གྱུར་པ་ཁ་ཅིག་ལ་དགེ་འདུན་ལྷག་མ་ལ་སོགས་པའི་ལྟུང་བ་
གཞན་གང་དུ་ཡང་རྣམ་པར་མ་བཞག་བས་དེ་ལ་ན་སྨད་པའི་ལྟུང་བ་རྣམ་པར་བཞག་པ་ཡང་ཡོད་དེ་དཔེར་ན་ཁྲི་ལས་ལྡང་བ་དང་ཤམ་ཐབས་གྱོན་པ་ལ་སོགས་པ་ལྟ་བུའོ། །སྦྱོར་བ་གང་དངོས་གཞིར་གྱུར་པའི་ལྟུང་བ་གཞན་དུ་རྣམ་པར་གཞག་པ་དེ་ལ་ནི་དེ་ཉིད་དུ་འགྱུར་བ་ཡང་ཡོད་དེ་དཔེར་ན་
Vol. 163 · folio 80a
བསྙེན་བཀུར་བསྔགས་པ་ལ་སོགས་པ་ལྟ་བུའོ། །དེ་ལྟ་བས་ན་མི་ཚངས་པར་སྤྱོད་པའི་བསམ་པས་བུད་མེད་ལ་རེག་པ་ནི་རེག་པའི་དགེ་འདུན་ལྷག་མ་ཡིན་གྱི་ཕམ་པའི་སྦོམ་པོ་མ་ཡིན་ནོ། །མི་ཚངས་པར་སྤྱོད་པའམ་འཁྱུད་པ་ལ་སོགས་པ་བྱ་བར་བསམས་ཏེ་དབེན་
པ་སྐྱབས་ཡོད་པ་ན་བུད་མེད་གཅིག་པུ་དང་ལྷན་ཅིག་འདུག་པའམ་འགྲེང་བ་ཉམས་སུ་མྱོང་བར་བྱེད་པ་ནི་ལྟུང་བྱེད་ཁོ་ན་ཡིན་གྱི་མི་ཚངས་པར་སྤྱོད་པ་དང་དགེ་འདུན་ལྷག་མའི་སྦྱོར་བའི་ཉེས་བྱས་ནི་མ་ཡིན་ནོ། །འོ་ན་གང་ལ་མི་ཚངས་པར་སྤྱོད་པའི་རྩོམ་པ་ལ་ཞུགས་པ་ལ་ཁུ་བ་འབྱིན་པའི་
དུས་ན་དགེ་འདུན་ལྷག་མའི་བྱ་བ་ལ་གནས་པའི་སྦྱོར་བ་དེ་ལ་ཁ་ན་མ་ཐོ་བ་གང་གི་སྦྱོར་བ་ཡིན་པར་ཤེས་པར་བྱ་ཞེ་ན། སྦྱོར་བ་སྔ་མ་ནི་ཕམ་པར་འགྱུར་བའི་སྦྱོར་བ་ཉིད་ཡིན་ལ་གང་ཚུན་ཆད་དེ་ལ་ཁུ་བ་དབྱུང་བའི་བསམ་པ་སྐྱེས་པ་དེ་ཚུན་ཆད་ནི་དགེ་འདུན་ལྷག་མའི་སྦྱོར་བ་ཡིན་ནོ། །དེ་ལྟར་ནི་
དེ་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་བ་ཕམ་པར་འགྱུར་བའི་ཉེས་པ་སྦོམ་པོ་དང་དགེ་འདུན་ལྷག་མར་འགྱུར་བའི་ཉེས་པ་སྦོམ་པོའོ། །འདིར་གཞུང་ནི་བུད་མེད་ཇི་ལྟ་བུ་དང་མི་ཚངས་པར་སྤྱོད་པར་བགྱིད་ན་མཐར་འགྱུར་བ་ལགས། ཡན་ལག་ཐམས་ཅད་དང་དུ་བླང་དུ་རུང་བ་གང་
ཡིན་པ་དང་ངོ་། །དུད་འགྲོའི་སྐྱེ་གནས་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །གལ་ཏེ་དང་དུ་བླང་དུ་མི་རུང་ན་དེ་དང་ལྷན་ཅིག་ཉམས་པར་བྱེད་པ་དེ་ལ་ཁུ་བ་བྱུང་ན་ནི་དགེ་འདུན་ལྷག་མར་འགྱུར་རོ། །གལ་ཏེ་ཁུ་བ་མ་བྱུང་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་
གསུངས་པ་ཡིན་ནོ། །གཞུང་གཞན་ལས་ཀྱང་ཇི་ཙམ་གྱིས་ན་སྦུབས་ཉམས་པར་བརྗོད་པར་བགྱི། གང་གི་ཕྱིར་དེའི་རྨའི་སྒོའི་ཐན་ཀོར་ཉམས་པར་གྱུར་ན་སྟེ་དེ་ལ་ཉམས་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཁུ་བ་འབྱིན་ན་ནི་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་སོ། །
བྱ་བ་དུ་མའི་འབྲས་བུས་ལྟུང་བ་རྣམ་པར་མི་གཞག་གོ་ཞེས་བྱ་བ་ནི། བྱ་བ་འབྲས་བུ་ཐ་དད་པས་བར་ཆོད་པ་འབྲས་བུ་ཐ་དད་པར་འགྲུབ་པ་དུ་མ་དག་གི་འབྲས་བུ་གཅིག་ཏུ་བསྡུས་པས་དངོས་གཞིའི་ལྟུང་བ་རྣམ་པར་མི་གཞག་སྟེ། དེ་དག་གི་འབྲས་བུ་ནི་ཐ་དད་པ་ཉིད་ཡིན་ནོ། །
Vol. 163 · folio 80b
དཔེར་ན་ཉུང་ངུ་ཉུང་ངུར་བརྐུས་པ་གཅིག་ཏུ་བསྡོམས་པས་མ་ཤ་ཀ་ལྔ་ལ་སོགས་པའི་ཚད་དུ་ཆོག་པ་གང་ཡིན་པ་དེས་ཕམ་པར་མི་འགྱུར་བ་ལྟ་བུ་དང་། ཁང་པ་ཆུང་ངུ་དུ་མའི་གཞི་བསྡོམས་པས་ཚད་ལས་ལྷག་པར་གྱུར་པ་གང་ཡིན་པ་དེས་དགེ་འདུན་ལྷག་མར་མི་འགྱུར་བ་ལྟ་བུ་དང་།
དེ་བཞིན་དུ་གོས་ཀྱི་དུམ་བུ་ཚད་དུ་མི་ཆོག་པ་དུས་མ་ཚང་བར་བཅངས་ཏེ་གཏོང་བར་བྱེད་ཅིང་ཡང་གོས་ཀྱི་དུམ་བུ་གཞན་ཞིག་དུས་གཞན་དུ་བཅངས་ཏེ་གཏོང་བར་བྱེད་པ་དང་། ཡང་དུས་གཞན་དུ་བཅངས་ཏེ་གཏོང་བར་བྱེད་པའི་དུས་དེ་དག་གི་སྤྱིར་བསྡོམས་ན་འཆང་བའི་དུས་ལས་
ལྷག་ཏུ་ཟིན་ཀྱང་དེ་ལྟ་མོད་ཀྱི་བཅངས་པའི་ཞག་དེ་དག་གི་འབྲས་བུ་ཐ་དད་པའི་ཕྱིར་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་བུ་དང་། དེ་བཞིན་དུ་ལམ་ན་བལ་ཐོགས་པ་ཡང་ཉིན་རེ་ཞིང་ཆུང་ཟད་ཆུང་ཟད་དུ་ཁྱེར་བའི་ལམ་སྤྱིར་བསྡོམས་པས་རྒྱང་གྲགས་ཀྱི་མཐའ་ལས་འདས་སུ་ཟིན་ཀྱང་བྱ་བ་ཐ་དད་
པ་དེ་དག་གི་འབྲས་བུ་གཅིག་ཏུ་བསྡོམས་པས་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་བུ་དང་། ཞག་བརྒྱུད་མ་མ་ཡིན་པར་སྐབས་སྐབས་སུ་གཞན་དུ་སོང་བའི་ཞག་སྤྱིར་བསྡོམས་པས་ཞག་དྲུག་ལས་ལྷག་ཏུ་ཟིན་ཀྱང་དེས་ཞག་དྲུག་གི་འབྲལ་བའི་སྤང་བར་མི་འགྱུར་བ་ལྟ་བུ་དང་། དུས་
གཞན་དང་གཞན་དུ་ཚིག་རེ་རེ་སྨྲས་པའི་ཚིག་རྣམས་སྤྱིར་བསྡོམས་པའི་ཚིག་ལྔ་འམ་དྲུག་ལས་ལྷག་ཏུ་ཟིན་ཀྱང་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་སྟོན་པའི་ལྟུང་བྱེད་དུ་མི་འགྱུར་བ་ལ་སོགས་པ་ལྟ་བུའོ། །འདིར་གཞུང་ནི་མ་བྱིན་པར་ལེན་པ་ལས་བཅོམ་ལྡན་འདས་ཀྱིས། དགེ་སློང་
མ་ཤ་ཀ་ལྔ་བརྐུས་ན་མཐར་འགྱུར་རོ་ཞེས་གང་གསུངས་པ་དེ་ལ་བཙུན་པ་དགེ་སློང་གིས་རྐུ་སེམས་ཀྱིས་མ་ཤ་ཀ་བརྒྱའམ་སྟོང་སྙེད་བརྐུས་ཀྱང་མཐར་མི་འགྱུར་བ་མཆིས་སམ། ཡོད་དེ་མ་ཤ་ཀ་བཞི་བཞི་རྐུ་ཞིང་ནམ་ཡང་ལྔ་མ་ཡིན་ན་སྟེ། སྦྱོར་བའི་སྦྱོར་བ་ལ་ནི་ཉེས་པ་སྦོམ་པོ་རེ་རེར་
འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདི་ལྟར་མ་བྱིན་པར་ལེན་པའི་སྐབས་སུ་དེ་སྐད་གསུངས་མོད་ཀྱི་བྱེ་བྲག་མེད་པའི་ཕྱིར་ཐམས་ཅད་ཀྱི་དབང་དུ་བྱས་ཏེ་ཉེ་བར་སྦྱར་རོ། །ཕྱེད་བྱས་པ་ལ་བྱེད་པ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ལ། འདིར་ཕྱེད་བྱས་པ་ལ་ཞེས་བྱ་བའི་ཕྱེད་ཀྱི་སྒྲ་ནི་ཡན་ལག་
Vol. 163 · folio 81a
གི་ཚིག་སྟེ་ལྟུང་བ་ཀུན་ནས་སློང་བར་བྱེད་པའི་ལས་བརྩམས་པ་ཕྱེད་བྱས་པ་དེ་ལ་བྱེད་པ་ཞེས་བྱ་བ་ལྷག་མ་སྒྲུབ་པར་བྱེད་པ་གང་ཡིན་པ་སྟེ། ལྷག་མ་སྒྲུབ་པར་བྱེད་པ་དེ་ལ་ནི་ཕྱེད་ཉིད་དེ་ལས་དེའི་སྒྲུབ་པ་ཕྱེད་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་
བསྟན་ཏེ་ཕྱེད་བྱས་ཟིན་པའི་ལྷག་མ་ཕྱེད་སྒྲུབ་པར་བྱེད་པ་དེ་ལ་ནི་དང་པོ་བརྩམས་ཚུན་ཆད་ནས་མཐར་ཐུག་པའི་བར་ལ་ཉེས་པའི་དངོས་གཞི་ཞེས་བྱ་བ་གང་འབྱུང་བ་དེ་ཚིགས་འོག་མར་ན་སྨད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་གོས་རྙིང་པ་ཆུང་ཟད་བཀྲུས་པ་དང་བཙོས་པ་དང་འཆག་
པ་ཞིག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་འཁྲུར་བཅོལ་ཏམ་འཚེད་དུ་བཅོལ་ཏམ་འཆག་དུ་བཅོལ་ན་ཉེས་བྱས་སུ་འགྱུར་བ་ལྟ་བུ་དང་། །སྲིན་བལ་རྙིང་པ་དང་། ལུག་གི་བལ་ནག་པོ་རྙིང་པ་ལས་སྟན་བྱས་ན་ཉེས་བྱས་སུ་འགྱུར་བ་ལྟ་བུ་དང་། ལུག་གི་བལ་ཆུང་ཟད་བཀྲུས་པ་དང་
བཙོས་པ་དང་རྨེལ་བ་ཞིག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་འཁྲུར་བཅོལ་ཏམ་འཚེད་དུ་བཅོལ་ཏམ་རྨེལ་དུ་བཅོལ་ན་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །ཁ་ན་མ་ཐོ་བ་ན་སྨད་པ་དག་གི་ཆ་ཉིད་ནི་ན་སྨད་པ་ཡིན་ནོ་ཞེས་བྱ་བ་ནི། ཕམ་པར་འགྱུར་བ་ལ་སོགས་པ་དངོས་གཞིའི་ཁ་ན་མ་ཐོ་བ་དག་
ལས་ན་སྨད་པ་སྦོམ་པོའི་ཁ་ན་མ་ཐོ་བ་ལ་སོགས་པ་དག་གི་ཆ་ཉིད་ནི་ན་སྨད་པ་ཉིད་ཡིན་ཏེ། ན་སྨད་པའི་ལྟུང་བྱེད་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེར་ན་ཉེས་པ་སྦོམ་པོ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་དག་གིས་སྐུར་པ་བཏབ་པ་ལ་
ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །མཚམས་མེད་པ་གསུམ་པོ་ཕ་བསད་པ་དང་མ་བསད་པ་དང་དགྲ་བཅོམ་པ་བསད་པ་དག་གིས་སྐུར་པ་འདེབས་པ་དེ་ལ་ནི་དགེ་འདུན་ལྷག་མར་འགྱུར་ཏེ་དེ་གསུམ་ཕམ་པར་འགྱུར་བ་ཡིན་པའི་ཕྱིར་རོ། །མཚམས་མེད་པ་གཉིས་པོ་དགེ་འདུན་གྱི་དབྱེན་
བྱེད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དག་གིས་སྐུར་པ་འདེབས་པ་དེ་ལ་ནི་ཉེས་བྱས་སུ་འགྱུར་ཏེ་དེ་གཉིས་སྦོམ་པོ་ཡིན་པའི་ཕྱིར་རོ། །འདི་སྐད་བསྟན་ཏེ། ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དག་གིས་སྐུར་པ་འདེབས་པ་ནི་གོ་རིམས་བཞིན་
Vol. 163 · folio 81b
དུ་དགེ་འདུན་ལྷག་མ་དང་ལྟུང་བྱེད་དག་ཏུ་འགྱུར་ལ། དེ་དག་པས་ན་སྨད་པ་ཉེས་པ་སྦོམ་པོ་དང་ལྟུང་བྱེད་དང་སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་དག་གིས་སྐུར་པ་འདེབས་པ་ལ་ནི་ཆ་ཉིད་ན་སྨད་པ་ཡིན་པའི་ཕྱིར་ཉེས་བྱས་སུ་འགྱུར་རོ། །ཐམས་ཅད་ལ་ཐེ་ཚོམ་ཟ་བས་
ཞུགས་པ་ནི་བསམ་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི། གཞི་ཐམས་ཅད་ལ་ཐེ་ཚོམ་ཟ་བ་བཞིན་དུ་འཇུག་པའི་གང་ཟག་གི་འདི་མ་ཡིན་ནམ་འོན་ཏེ་མི་མ་ཡིན་འདི་བདག་གི་མ་ཡིན་ནམ་འོན་ཏེ་བདག་གི་མ་མ་ཡིན། འདི་བདག་གི་ཕ་ཡིན་ནམ་འོན་ཏེ་བདག་གི་ཕ་མ་ཡིན། འདི་དགྲ་
བཅོམ་པ་ཡིན་ནམ་འོན་ཏེ་དགྲ་བཅོམ་པ་མ་ཡིན། འདི་དེ་ཡིན་ནམ་འོན་ཏེ་དེ་མ་ཡིན་ཞེས་བྱ་བ་ལ་སོགས་པར་གཞི་ཐམས་ཅད་ལ་ཐེ་ཚོམ་ཟ་བས་ཞུགས་པའི་གང་ཟག་དེ་ནི་བསམ་པ་དང་བཅས་པ་ཡིན་ཏེ། དེ་ལྟར་ཐེ་ཚོམ་ཟ་བས་ཞུགས་པའི་གང་ཟག་དེས་གཞི་དེ་གང་ཡིན་བྱེ་
བྲག་མ་ཕྱེད་དུ་ཟིན་ཀྱང་སྲོག་གཅོད་པ་ལ་ཞུགས་པའི་དུས་ན་གང་ཡིན་ཡང་བློས་གསད་པར་བྱའོ་སྙམ་པའི་གསོད་སེམས་ཀྱི་བསམ་པ་ཡོད་པས། དེའི་ཕྱིར་ཐེ་ཚོམ་ཟ་བས་ཞུགས་པ་ནི་བསམ་པ་དང་བཅས་པ་ཡིན་ནོ། །དེ་ལྟ་མ་ཡིན་དུ་ཟིན་ན་གསོད་པ་ལ་འཇུག་པར་ཡང་མི་
འགྱུར་རོ། །འདི་མི་ཡིན་ནམ་འོན་ཏེ་མི་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བཞིན་དུ་བསད་པ་ལ་ནི་གསད་པར་བྱ་བའི་གཞི་ཇི་ལྟ་བ་ལས་ལྟུང་བར་འགྱུར་ཏེ། མི་ཡིན་ན་ནི་ཕམ་པར་འགྱུར་ལ་མི་མ་ཡིན་པ་ཞིག་ན་ནི་ན་སྨད་པར་འགྱུར་རོ། །འདི་བདག་གི་མ་ཡིན་ནམ་འོན་ཏེ་བདག་གི་མ་
མ་ཡིན་ཞེས་བྱ་བ་ལ་སོགས་པར་ཐེ་ཚོམ་ཟ་བཞིན་དུ་བསད་པ་ལ་ནི་གསད་པར་བྱ་བའི་གཞི་དེ་བདག་གི་མའམ་ཕའམ་དགྲ་བཅོམ་པ་ཡིན་ན་ནི་ཕམ་པ་དང་མཚམས་མེད་པར་ཡང་འགྱུར་རོ། །གང་ལ་བདག་ཆགས་པ་དེ་འདི་ཡིན་ནམ་འོན་ཏེ་མ་ཡིན། འདི་བུད་མེད་ཡིན་ནམ་
འོན་ཏེ་མ་ཡིན་སྙམ་དུ་ཐེ་ཚོམ་ཟ་བཞིན་དུ་ལུས་ཀྱིས་རེག་པའམ་མི་ཚངས་པར་སྤྱད་ན་གཞི་ཇི་ལྟ་བ་ལས་ཁ་ན་མ་ཐོ་བར་འགྱུར་རོ། །ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་ནོ་ཞེས་བྱ་བ་ནི། སྦྱོར་བ་ལ་ནི་འདུ་ཤེས་
Vol. 163 · folio 82a
ཡན་ལག་ཡིན་གྱི་དོན་ཉིད་ནི་མ་ཡིན་ཏེ། དཔེར་ན་དུད་འགྲོ་ལ་མིར་འདུ་ཤེས་པར་བསད་ན་སྦྱོར་བ་ལ་སྦོམ་པོ་ཉིད་དུ་འགྱུར་བ་དང་མི་ལ་དུད་འགྲོར་འདུ་ཤེས་པས་བསད་ན་སྦྱོར་བ་ལ་ཉེས་བྱས་སུ་འགྱུར་བ་དང་། དེ་བཞིན་དུ་མི་མ་ཡིན་པ་ལ་མིར་འདུ་ཤེས་
པས་བསད་ན་སྦྱོར་བ་ལ་སྦོམ་པོར་འགྱུར་བ་དང་། མི་ལ་མི་མ་ཡིན་པའི་འདུ་ཤེས་ཀྱིས་བསད་ན་སྦྱོར་བ་ལ་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །མ་བྱིན་པར་ལེན་པ་དང་མིའི་ཆོས་བླ་མ་སྨྲ་བ་དང་། ལུས་ཀྱིས་རེག་པ་ལ་སོགས་པ་དག་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །བསམས་
པ་ལ་ནི་དེ་ཉིད་དོ་ཞེས་བྱ་བ་ནི། དངོས་གཞི་ལ་དོན་ཉིད་ཡན་ལག་ཡིན་པར་སྟོན་ཏེ་སེམས་ཅན་ནམ་རྫས་ལ་བསམས་ཏེ་ཞུགས་པ་གང་ཡིན་པ་དེ་ལ་ནི་བསམས་པའི་དོན་གྱི་རང་གི་ངོ་བོ་ཉིད་ཡན་ལག་དེ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ་ལྟུང་བ་འབྱིན་པར་བྱེད་པས་གང་ལ་བསམས་ཏེ་འཇུག་ཅིང་བསམས་
ཏེ་ཞུགས་པའི་དངོས་པོ་དེ་ཉིད་ཡན་ལག་ཡིན་ཏེ། གལ་ཏེ་དོན་དེ་ཉིད་ཡིན་ན་དེའི་ཚེ་དངོས་གཞིར་འགྱུར་ལ། གལ་ཏེ་མ་ཡིན་ན་ནི་མི་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། གཉིས་འཁོད་པ་ལས་གཅིག་གསད་པར་བྱའོ་སྙམ་པ་ལས་ཅིག་ཤོས་བསད་པ་དང་། དགྲ་བཅོམ་པ་གསད་པར་བྱའོ་སྙམ་པ་ལས་དགྲ་
བཅོམ་པ་མ་ཡིན་པ་བསད་པ་དང་མ་གསད་པར་བྱའོ་སྙམ་པ་ལས་མ་མ་ཡིན་པ་དང་ཕ་གསད་པར་བྱའོ་སྙམ་པ་ལས་ཕ་མ་ཡིན་པ་བསད་པ་དང་། མི་གསད་པར་བྱའོ་སྙམ་པ་ལས་མི་མ་ཡིན་པ་བསད་པ་དང་། མི་མ་ཡིན་པ་གསད་པར་བྱའོ་སྙམ་པ་ལས་མི་བསད་པ་ལ་སོགས་པ་ནི་སྦྱོར་བའི་ལྟུང་བ་ཁོ་ན་ཡིན་གྱི་
དངོས་གཞིར་ནི་མི་འགྱུར་རོ། །དེ་བཞིན་དུད་འགྲོ་བསད་དོ་སྙམ་པ་ལས་མི་བསད་ན་ཡང་ཉེས་བྱས་སོ། །ཤིང་ལྗོན་པ་ལ་སོགས་པ་སེམས་མེད་པ་གཅད་དོ་སྙམ་པ་ལས་མ་ལ་སོགས་པ་བསད་ན་ཡང་སྦྱོར་བ་ཞེས་བྱ་བའི་ཉེས་བྱས་སོ། །ཤིང་སྐམ་ལ་སོགས་པ་བཅད་པ་ན་ཉེས་པ་ཅིར་ཡང་མི་
འགྱུར་བ་བཅད་དོ་སྙམ་པ་ལས་མ་ལ་སོགས་པ་བསད་པ་ལ་ནི་སྦྱོར་བར་ཡང་མི་འགྱུར་ལ་དངོས་གཞིར་ཡང་མི་འགྱུར་རོ། །དེ་བས་ན་དངོས་གཞིའི་སྐབས་སུ་ནི་གཞི་གང་ལ་བསམས་ཏེ་ཞུགས་པའི་གཞི་དེ་ཉིད་ཡན་ལག་ཡིན་ནོ། །དེའི་བྱེ་བྲག་གཞན་བསྟན་པའི་ཕྱིར་རོ། །མི་ཚངས་པར་
Vol. 163 · folio 82b
སྤྱོད་པ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་མ་ཟད་དོ་ཞེས་བྱ་བ་སྨྲས་ཏེ། མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་བསམས་པ་འབའ་ཞིག་ཡན་ལག་ཡིན་པར་མ་ཟད་ཀྱི་བསམ་པ་མ་ཡིན་པའི་དོན་གཞན་ཡན་ལག་ཡིན་ནོ། །བུད་མེད་ལ་སོགས་པ་གང་ཡང་བསམ་པའི་
དོན་དེ་ཉིད་ཡན་ལག་ཡིན་པར་མ་ཟད་ཀྱི་བསམས་པའི་དོན་གཞན་ཡང་ཡན་ལག་ཡིན་ཏེ། འདི་གཉིས་ལ་ནི་ཡུལ་གང་རུང་གི་རེག་པ་བདག་གིར་བྱེད་པ་གཙོ་བོ་ཡིན་པའི་ཕྱིར་རོ། །དེས་ན་གང་བསམས་པའི་བུད་མེད་དེ་ཉིད་དང་མི་ཚངས་པར་སྤྱད་ན་ཡང་ཕམ་པར་འགྱུར་ལ།
དེ་ཉིད་དང་སྤྱད་དོ་སྙམ་པ་ལས་ནོར་ཏེ་གཞན་ཞིག་དང་སྤྱད་ན་ཡང་ཕམ་པ་ཁོ་ནར་འགྱུར་རོ། །བསམ་པ་སེམས་ཅན་དུ་བགྲང་བའི་ཡན་ལག་རྐེད་པ་ལ་སོགས་པ་ལ་དྲུད་པས་ཁུ་བ་ཕྱུང་བ་ལ་ཡང་དགེ་འདུན་ལྷག་མར་འགྱུར་ལ། བསམ་པ་མ་ཡིན་པ་སེམས་ཅན་དུ་བགྲང་
བའི་ཡན་ལག་རྐེད་པ་ལ་སོགས་པ་ལ་དྲུད་པས་ཁུ་བ་ཕྱུང་བ་ལ་ཡང་དགེ་འདུན་ལྷག་མར་འགྱུར་བ་དང་། བསམ་པ་སེམས་ཅན་དུ་བགྲང་བ་མ་ཡིན་པ་བུམ་པ་ལ་སོགས་པ་ལས་ཀྱང་སྦོམ་པོར་འགྱུར་ལ། བསམ་པ་དེ་དང་ནོར་བ་སེམས་ཅན་དུ་བགྲང་བ་མ་ཡིན་པ་གཞན་ལས་ཀྱང་
སྦོམ་པོར་འགྱུར་བ་འདྲ་བའི་ཕྱིར་རོ། །མི་བདེན་པ་ལ་ནི་ཉན་པ་པོ་ཡང་ངོ་ཞེས་བྱ་བ་ལ། མ་ཟད་དོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །མི་བདེན་པ་ལ་ཞེས་བྱ་བ་བརྫུན་དུ་སྨྲ་བའི་ཡུལ་ལ་ཡང་བསམས་པ་ཡན་ལག་ཡིན་པར་མ་ཟད་ཀྱི་མ་བསམས་པ་
ཡང་ཡན་ལག་ཡིན་ཏེ། དེས་ན་ཉན་པ་པོ་གང་ལ་བརྫུན་སྨྲ་བར་བསམས་པ་དེ་ཉིད་ལ་སྨྲས་ན་ཡང་ཁ་ན་མ་ཐོ་བར་འགྱུར་བར་མ་ཟད་ཀྱི་ཉན་པ་པོ་མ་བསམས་པ་གཞན་ལ་མིའི་ཆོས་བླ་མར་གྱུར་པའི་བརྫུན་སྨྲས་ན་དེ་ཡང་ཕམ་པར་འགྱུར་ལ། བརྫུན་གཞན་སྨྲས་ན་ནི་གཞི་ཇི་ལྟ་བ་ལས་
སྦོམ་པོ་དང་ལྟུང་བྱེད་དུ་འགྱུར་རོ། །ཡན་ལག་ཐམས་ཅད་དང་དུ་བླང་དུ་རུང་བ་ཉིད་ནི་བསྟན་པའི་ཕྱིར་མཐུ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། མི་ཚངས་པར་སྤྱོད་པ་དང་ལུས་ཀྱིས་རེག་པ་ལ་སོགས་པའི་ཡུལ་ལ་ཕོ་མོས་གང་ཡང་རུང་བའི་ཟླ་དེའི་ཡན་ལག་ཐམས་ཅད་དང་དུ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words