འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ
Sanskrit title (Tibetan script, as in the text) བི་ན་ཡ་སཱུ་ཏྲ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 163 · folio 83a
བླང་དུ་རུང་བ་ཉིད་ཡིན་ན་དེ་བསྟེན་པའི་ཕྱིར་མཐུ་དང་ལྡན་པ་ཉིད་ཡིན་པར་ཁས་བླངས་ཏེ་དེ་ལས་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ་ཞེས་བྱ་བ་འདི་ནི་དབང་དུ་བྱ་བའི་མདོ་
ཡིན་ཏེ། འདི་མན་ཆད་ནས་འོག་གི་མདོ་ལས་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྤྱིར་བསྟན་པ་རྫོགས་པའི་བར་གྱི་མདོ་འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ་ཞེས་བྱ་བའི་ཚིག་འདིའི་དབང་དུ་བྱས་ཏེ་སྟོན་ཏོ་
ཞེས་བྱ་བའི་ཐ་ཚིག་གོ། །དུ་མ་མ་ཚང་བ་ལ་ནི་དེ་བས་ཀྱང་ངོ་ཞེས་བྱ་བ་འདི་ཡང་དབང་དུ་བྱ་བའི་མདོ་ཡིན་ཏེ། འདི་མན་ཆད་ནས་འོག་གི་མདོ་ལས་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྤྱིར་བསྟན་པ་རྫོགས་པའི་
བར་གྱི་མདོ་འོག་མ་དག་ལ་ཡན་ལག་དུ་མ་མ་ཚང་བ་ལ་ནི་ན་སྨད་པ་དེ་བས་ཀྱང་ན་སྨད་དོ་ཞེས་བྱ་བའི་ཚིག་འདིའི་དབང་དུ་བྱས་ཏེ་སྟོན་ཏོ་ཞེས་བྱ་བར་སྦྱར་རོ། །དེ་ལ་མདོ་སྔ་མ་ཤོས་ཀྱི་ཡུལ་ནི་འདི་ལྟ་སྟེ་དཔེར་ན། ལུས་ཀྱིས་རེག་པ་དང་ག་ག་ཚིལ་བྱེད་པའི་ཁ་ན་མ་ཐོ་བ་གཉིས་ལ་
རེག་པར་བྱ་བ་དང་རེག་པར་བྱེད་པའི་ལུས་གཉི་ག་ཡན་ལག་ཡིན་པས་གཉི་གའི་ལུས་མ་ཉམས་པ་ཡིན་ན་ནི་དངོས་གཞིར་འགྱུར་བས་དེ་ལ་ན་སྨད་པ་མེད་དོ། །དེ་ལ་གལ་ཏེ་གང་ཡང་རུང་བ་ཅིག་གི་ལུས་རྨ་ལ་སོགས་པས་ཉམས་པ་ཡིན་ན་དེ་ནི་ཡན་ལག་མ་ཚང་བ་ཡིན་པས་གཞན་ཞེས་
བྱ་སྟེ། ཡན་ལག་ཚང་བ་ལ་ལྟོས་ན་གཞན་ཡིན་པའི་ཕྱིར་རོ། །གཞན་དེ་ལ་ནི་ལུས་ཀྱིས་རེག་པ་ལ་ནི་སྦོམ་པོར་ན་སྨད་པ་ཉིད་ཡིན་ལ། ག་ག་ཚིལ་བྱེད་པ་ལ་ནི་ཉེས་བྱས་སུ་ན་སྨད་པ་ཉིད་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །མདོ་ཕྱི་མ་ཤོས་ཀྱི་ཡུལ་ནི་འདི་ལྟ་སྟེ་དཔེར་ན་དེ་གཉི་གའི་ལུས་
རྨ་ལ་སོགས་པས་ཉམས་པ་ཡིན་ན་དེ་ནི་ཡན་ལག་དུ་མ་མ་ཚང་བ་ཞེས་བྱ་སྟེ། ཡན་ལག་གཅིག་མ་ཚང་བ་སྔ་མ་ཤོས་ལ་ལྟོས་ན་དུ་མ་མ་ཚང་བ་ཡིན་པའི་ཕྱིར་རོ། །དུ་མ་མ་ཚང་བ་དེ་ལ་ནི་ལུས་ཀྱིས་རེག་པ་ལ་ནི་སྔར་སྦོམ་པོར་ན་སྨད་པ་དེ་བས་ཀྱང་ན་སྨད་པ་དེ་ཉེས་བྱས་སུ་འགྱུར་བ་ཡིན་ལ།
Vol. 163 · folio 83b
ག་ག་ཚིལ་བྱེད་པ་ལ་ནི་སྔར་ཉེས་བྱས་སུ་ན་སྨད་པ་དེ་བས་ཀྱང་ན་སྨད་དེ་ཉེས་བྱས་ཕྲ་མོ་ཉིད་ཡིན་ནོ་ཞེས་བྱ་བ་ལྟ་བུར་སྦྱར་རོ། །མི་ལ་དུད་འགྲོ་ཡང་ངོ་ཞེས་བྱ་བ་ནི། མིའི་གནས་སུ་དུད་འགྲོ་ཞེས་སྨོས་པ་ལ་ཡང་ན་སྨད་པ་དེ་བས་ཀྱང་ན་སྨད་པ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་བསྟན་ཏེ།
གང་ལ་མིའི་འགྲོ་བ་པོ་ཡན་ལག་ཉིད་ཡིན་པ་དེ་ལ་དུད་འགྲོའི་སྐྱེ་གནས་ཀྱི་འགྲོ་བ་ལ་ན་སྨད་པ་དེ་བས་ཀྱང་ན་སྨད་པ་ཉིད་ཡིན་ཏེ་ཉེས་བྱས་སུ་འགྱུར་རོ། །དཔེར་ན་དུད་འགྲོ་དང་ལྷན་ཅིག་ལུས་ཀྱིས་རེག་པ་དང་། འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བདག་ཉིད་ཀྱི་བསྙེན་བཀུར་བསྔགས་པ་
ལ་ཉེས་བྱས་སུ་འགྱུར་གྱི། ཇི་ལྟར་མི་མ་ཡིན་པ་མཐུ་མེད་པ་དང་ལྷན་ཅིག་ལུས་ཀྱིས་རེག་པ་ལ་སོགས་པ་བྱེད་པ་ལ་ན་སྨད་དེ་སྦོམ་པོར་འགྱུར་བ་ལྟ་བུ་མ་ཡིན་ཏེ། འདིར་ནི་ན་སྨད་པ་དེ་བས་ཀྱང་ན་སྨད་པ་ཉིད་དོ་ཞེས་པའོ། །རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་
ལག་མ་ཡིན་ནོ་ཞེས་བྱ་བ་ལ། རྫུ་འཕྲུལ་གྱི་ཆོས་ཅན་ཉིད་ཅེས་བྱ་བ་ནི་གང་ལ་རྫུ་འཕྲུལ་གྱི་ཆོས་ཡོད་པ་དེ་ནི་རྫུ་འཕྲུལ་གྱི་ཆོས་ཅན་ནོ། །དེའི་དངོས་པོ་ནི་དེ་ཉིད་དེ་རྫུ་འཕྲུལ་ཐོབ་པའོ། །གང་ལ་རྫུ་འཕྲུལ་གྱི་ཆོས་དེ་མེད་པ་དེ་ནི་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པའོ། །དེའི་དངོས་པོ་ནི་དེ་ཉིད་དེ་རྫུ་འཕྲུལ་མ་ཐོབ་པའོ། །དེ་ནི་རེག་
པ་མ་ཡིན་པའི་ཡན་ལག་ཡིན་ཏེ། རེག་པ་མ་ཡིན་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་དང་ལུས་ཀྱིས་རེག་པའི་བདག་ཉིད་ཀྱི་རེག་པ་མ་ཡིན་པ་དེ་ལས་གཞན་པ་སྟེ། འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བསྙེན་བཀུར་བསྔགས་པའི་བདག་ཉིད་ཀྱིས་སྨྲ་བའོ། །འདི་སྐད་བསྟན་ཏེ། རྫུ་འཕྲུལ་གྱི་
ཆོས་ཅན་ཉིད་མ་ཡིན་པ་ནི་འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་ལས་གྱུར་པའི་དགེ་འདུན་ལྷག་མ་གཉིས་ཀྱི་ཡན་ལག་ཡིན་ཏེ། དེ་ལ་དགེ་སློང་གིས་འཁྲིག་པ་དང་ལྡན་པ་དང་བསྙེན་བཀུར་བསྔགས་པ་སྨྲས་ན། དགེ་འདུན་ལྷག་མ་ཁོ་ནར་འགྱུར་ཏེ་ན་སྨད་པ་མེད་དོ། །
དེ་ལས་གཞན་པ་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་ལ་ནི་ཡན་ལག་མ་ཚང་བས་དེ་ལ་ནི་ན་སྨད་པ་ཉིད་དེ། རྫུ་འཕྲུལ་གྱི་ཆོས་ཅན་མོ་ཉིད་ལ་ནི་བརྟུལ་དུ་མི་རུང་སྟེ་བཟུང་བར་མི་ནུས་པའི་ཕྱིར་དང་། དེའི་ལུས་ལ་འཁྲིག་པའི་བསམ་པ་ཤས་ཆེན་པོ་མི་སྐྱེ་བས་དེའི་ཕྱིར་དེ་ལ་ན་སྨད་པར་ཤེས་སོ། །འདིར་
Vol. 163 · folio 84a
གཞུང་ནི་འདུལ་བྱེད་དག་ལས་སྨྲ་བའི་སྐབས་ནས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བའི་ཆོས་ཅན་མོ་ལ་སྨྲས་ན་སྦོམ་པོའོ། །རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བའི་ཆོས་ཅན་མོ་མ་ཡིན་པ་ལ་སྨྲས་པ་དགེ་འདུན་ལྷག་མའོ་ཞེས་གསུངས་པ་ཡིན་ནོ། །རེག་པ་ནི་ཐམས་ཅད་ལ་འདྲ་བའི་
ཕྱིར་ཏེ། ཁ་ཅིག་ལ་ནི་ཕམ་པར་འགྱུར་ལ་ཁ་ཅིག་ལ་ནི་དགེ་འདུན་ལྷག་མར་འགྱུར་རོ།། །།བམ་པོ་བཞི་བཅུ་བཞི་པ། རེག་པར་བྱ་བ་ཉིད་ནི་མ་ཉམས་པའོ་ཞེས་བྱ་བ་ནི་བསྟེན་པར་བྱ་བའི་ལུས་ཞེས་བྱ་བར་སྦྱར་ཏེ། གང་ལ་བསྟེན་པར་བྱ་བའི་ལུས་ཀྱི་རེག་པ་ཉིད་ཡན་ལག་ཏུ་
རྣམ་པར་གཞག་པ་དེ་ལ་མ་ཉམས་ཤིང་ཉམས་པར་མ་གྱུར་པའི་རེག་པ་དང་བྱ་བ་ཉིད་དང་ཡན་ལག་ཡིན་པར་རིག་པར་བྱ་སྟེ། འདིར་ལུས་ཀྱིས་རེག་པའི་བདེ་བ་ཉམས་སུ་མྱོང་བ་གཙོ་བོ་ཡིན་པའི་ཕྱིར་རོ། འདིར་དཔེ་ནི་རྨ་དང་ནད་ལ་སོགས་པས་ཉམས་པ་མཚན་མི་མཐུན་པའི་ཡན་ལག་གི་
ལུས་ལ་རེག་ན་དགེ་སློང་ལ་ནི་དགེ་འདུན་ལྷག་མར་གཏོགས་པའི་སྦོམ་པོར་འགྱུར་ལ། དགེ་སློང་མ་ལ་ནི་ཕམ་པར་གཏོགས་པའི་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཤུ་བ་ཅན་དང་གཡན་པ་ཅན་དང་ཁྱི་རྔོ་ཅན་གྱིས་རེག་ན་ཡང་དེ་བཞིན་དུ་སྦོམ་པོའོ། །གང་གི་ཚེ་རེག་པར་བྱེད་པ་
བདག་ཉིད་ཀྱི་ལུས་ཏེ་དེ་ལྟར་གྱུར་ན་དེའི་ཚེ་ཡང་སྦོམ་པོ་ཁོ་ནའོ། །གཉི་གའི་ལུས་དེ་ལྟར་གྱུར་ན་ནི་ཉེས་བྱས་སོ། །རྣམ་པར་བསྔོས་པ་མོ་དང་རྣམ་པར་རྣགས་པ་མོ་དང་། རྣམ་པར་འབུས་གཞིགས་པ་མོ་དང་། རྣམ་པར་བམ་པ་མོ་དང་། རྣམ་པར་ཟོས་པ་མོ་དང་། རྣམ་པར་དམར་བ་
མོ་དང་། རྣམ་པར་འཐོར་བ་མོ་དག་ལ་འཁྱུད་པ་ལ་ནི་སྦོམ་པོའོ། །འདིར་རྣམ་པར་འཐོར་བ་མོ་ཞེས་བྱ་བ་ནི། ཇི་ཙམ་གྱིས་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་འབྱུང་བ་དེ་ཙམ་གྱིས་དམ་དུམ་དུ་འཐོར་བ་ཉིད་ཡིན་པར་ཁས་བླངས་པར་རིགས་ཏེ། དེ་ཡང་རོ་སྟོད་ནི་མགོ་
མགྲིན་པ་དང་བཅས་པ་ཡིན་ལ་རོ་སྨད་ནི་ཐམས་ཅད་ཡོད་པའི་དུམ་བུ་ཡིན་པར་རིག་པར་བྱའོ། །འདི་ལྟར་འདིར་ཡང་མི་ཚངས་པར་སྤྱོད་པ་དང་འདྲ་བར་མཐུ་ཡོད་པ་ཉིད་ཡན་ལག་ཡིན་པས་དེ་བས་ཆུང་བའི་དམ་དུམ་ནི་མཐུ་དང་ལྡན་པ་ཉིད་མ་ཡིན་ནོ། །འདིར་རོ་ཉིད་ལ་ནི་ན་
Vol. 163 · folio 84b
སྨད་པ་མེད་པའི་ཕྱིར་དེས་ན་རྣམ་པར་བསྔོས་པ་ལ་སོགས་པ་དག་ལ་སྦོམ་པོར་གསུངས་སོ། །ག་ག་ཚིལ་བྱེད་པ་ལ་ཡང་ངོ་ཞེས་བྱ་བ་ནི། སོར་མོས་ག་ག་ཚིལ་བྱེད་པ་ལ་ཡང་རེག་པར་བྱ་བ་ཉིད་ནི་མ་ཉམས་པའོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །འདིར་
ཡང་གཉི་གའི་ལུས་མ་ཉམས་པ་ཉིད་ལ་ནི་ན་སྨད་པ་མེད་དོ། །གཅིག་གི་ལུས་ཉམས་པའི་རྣམ་པ་ཇི་སྐད་བསྟན་པ་དེ་ལྟ་བུ་ལ་ག་ག་ཚིལ་བྱེད་པ་ལ་ནི་ན་སྨད་དོ། །གཉི་གའི་ལུས་ཇི་སྐད་བསྟན་པ་དེ་ལྟ་བུར་ཉམས་པ་དག་ལ་ནི་ན་སྨད་པ་དེ་བས་ཀྱང་ན་སྨད་དོ་ཞེས་བྱ་བར་སྦྱར་རོ། །སེན་མོ་དང་སོ་
དང་ཤ་མེད་པའི་རུས་པ་དང་སྤུ་དག་ནི་གཞན་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ནི། མ་ཉམས་པའོ་ཞེས་བྱ་བ་ལ་ལྟོས་ཏེ་གཞན་པ་ཉིད་དོ་ཞེས་བྱ་བ་སྨོས་སོ། །དེ་ལྟ་བས་ན་སེན་མོ་ལ་སོགས་པ་མ་ཉམས་པ་དག་ཀྱང་གཞན་དང་ལྡན་པ་ཉིད་ཡིན་ཏེ་སྔར་མ་ཉམས་པའོ་ཞེས་སྨོས་པ་དེ་ལས་གཞན་པ་ཉམས་
པ་དང་ལྡན་པ་ཉིད་ཡིན་པས་རིག་པ་དང་། ག་ག་ཚིལ་བྱེད་པ་དག་ལ་ཉམས་པ་དང་འདྲ་བར་ལྟུང་བའི་བྱེད་པ་པོ་ཉིད་ཡིན་ནོ། །དེས་ན་དེ་དག་ལ་ཡན་ལག་གཞན་གྱིས་སམ་དེ་དག་གི་ཡན་ལག་གཞན་ལ་རེག་པ་དང་ག་ག་ཚིལ་བྱེད་པ་དག་ལ་ནི་གོ་རིམས་བཞིན་དུ་སྦོམ་པོ་དང་ཉེས་བྱས་སུ་འགྱུར་རོ། །
སེན་མོ་ལ་སོགས་པ་དག་གིས་སེན་མོ་ལ་སོགས་པ་དག་ལ་རེག་པ་དང་ག་ག་ཚིལ་བྱེད་པ་དག་ལ་ནི་གོ་རིམས་བཞིན་དུ་ཉེས་བྱས་དང་ཉེས་བྱས་ཕྲ་མོར་འགྱུར་རོ། །མིའི་འགྲོ་བ་པ་ནི་ཐ་སྙད་དུ་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། མིའི་འགྲོ་བར་གཏོགས་པའི་གང་ཟག་མིའི་འགྲོ་བ་པ་དེ་ནི་ཐ་སྙད་དུ་བྱ་བའི་
ཡན་ལག་ཉིད་ཡིན་པའོ། །འདི་སྐད་བསྟན་ཏེ། ཐ་སྙད་དུ་བྱ་བའི་ཁ་ན་མ་ཐོ་བ་གང་དག་བསྟེན་པ་འཁྲིག་པ་དང་ལྡན་པ་སྨྲ་བ་དང་བསྙེན་བཀུར་བསྔགས་པ་དང་། བརྫུན་དུ་སྨྲ་བ་དང་། སྐྱོན་ནས་སྨྲ་བ་དང་། དགེ་སློང་ལ་ཕྲ་མ་བྱེད་པ་དང་གནས་ངན་ལེན་བརྗོད་པ་དང་། མིའི་ཆོས་བླ་མ་བརྗོད་
པ་ལ་སོགས་པ་དེ་དག་ལས་གྱུར་པའི་ཁ་ན་མ་ཐོ་བ་དེ་དག་ཐམས་ཅད་ལ་མིའི་འགྲོ་བ་པའི་སྲོག་ཆགས་དག་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པའི་ཡན་ལག་ཉིད་ཡིན་ནོ། །འགྲོ་བ་གཞན་དུ་གཏོགས་པ་དག་ནི་ན་སྨད་པ་ཉིད་ཡིན་ནོ། །འདི་ལྟར་མིའི་འགྲོ་བར་སྐྱེས་པ་ནི་ཐ་སྙད་ཐམས་ཅད་ལ་རུང་བ་
Vol. 163 · folio 85a
ཉིད་ཡིན་པའི་ཕྱིར་དེ་དག་ཉིད་ཀྱིས་ཐ་སྙད་རྫོགས་པར་འགྲུབ་ཀྱི་འགྲོ་བ་གཞན་དུ་གཏོགས་པ་དག་གིས་ནི་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མི་མ་ཡིན་པ་མཐུ་དང་མི་ལྡན་པ་ལ་ནི་ལུས་ཀྱིས་རེག་པ་དང་འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་ནི་སྦོམ་པོའོ། །
སྨྱན་བྱེད་པ་ལ་ནི་གལ་ཏེ། མོ་མི་མ་ཡིན་པའམ་ཕོ་མི་མ་ཡིན་པའམ། ཕོ་མོ་གཉི་ག་མི་མ་ཡིན་པར་གྱུར་ན་ཡང་དེའི་ཕྱིར་སྦོམ་པོའོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མི་འམ་ཅི་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། ལུས་སྲུལ་པོ་ལ་སོགས་པ་དག་
ལ་སློང་བ་དང་། སོ་སོ་ནས་སྤགས་པ་སློང་བ་དང་། སྨད་གཡོགས་སྟོད་གཡོགས་དང་བཅས་པ་སློང་བ་ལ་སོགས་པས་གོས་ཐོབ་པ་དང་། དེ་དག་དང་ལྷན་ཅིག་ཏུ་མངོན་མཚན་ཅན་གྱིས་སྤྱོད་པ་དང་། ཉོ་ཚོང་བྱས་ཏེ་ཐོབ་པ་དང་། དེ་དག་ལས་རྒྱུ་སྤུན་སློང་བ་དང་། རིག་པའི་ཕོ་དེ་
དག་དང་ལྷན་ཅིག་ཏུ་བུད་མེད་ལ་ཆོས་སྟོན་པ་དང་། དེ་དག་དང་ཚིག་མཐུན་པ་དང་། ཚིག་ལྷག་པར་ཟློས་པ་དང་། དེ་དག་ལ་གནས་ངན་ལེན་བརྗོད་པ་དང་། མིའི་ཆོས་བླ་མ་བརྗོད་པ་དང་། དེ་དག་མོ་དང་ལྷན་ཅིག་དབེན་པ་ན་འདུག་པ་དང་། དེ་དག་གིས་བྱེད་དུ་བཅུག་པའམ་དེ་དག་
དབང་བའི་འདུག་གནས་གཅིག་ཏུ་ཉི་མ་གཉིས་སུ་ཟན་ཟོས་པ་དང་། དེ་དག་ལས་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པ་དང་། དེ་དག་ལས་ཟས་བསོད་པ་སློང་བ་དང་། དེ་དག་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་། འགྲེང་བ་དང་དེ་དག་དང་ལྷན་ཅིག་གནས་གཅིག་
ཏུ་ཞག་གསུམ་ཉལ་བ་དང་། དེ་དག་དང་ལྷན་ཅིག་ལམ་དུ་འགྲོ་བ་དང་། གྲུར་འཇུག་པ་དང་། དེ་དག་གི་ཁྱིམ་དུ་དུས་མ་ཡིན་པར་འགྲོ་ཞིང་སྒོའི་གཏན་པ་ལས་འདས་པ་ལ་ནི་ཉེས་བྱས་སོ། །རང་བཞིན་ཉམས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། མིའི་འགྲོ་བ་པ་ཡིན་ཡང་རང་བཞིན་ཉམས་པ་སྨྱོས་པ་
དང་། སེམས་འཁྲུགས་པ་དང་། ཚོར་བས་ཉན་པ་དག་ནི་ཐ་སྙད་དུ་བྱ་བ་ཉིད་ཀྱི་ཡན་ལག་མ་ཡིན་ནོ། །འདི་ལྟར་གཞན་ལ་གོ་བར་བྱ་བའི་ཕྱིར་ལུས་དང་ངག་གི་ཐ་སྙད་བྱེད་པ་ཡིན་ན་རང་བཞིན་ཉམས་པ་དག་ནི་གསལ་བའི་ངོ་བོ་ཉིད་ཉམས་པའི་ཕྱིར་གོ་བར་བྱ་བ་གང་ཡིན་པ་དེ་ལ་བྱ་བ་དང་བྱ་བ་མ་
Vol. 163 · folio 85b
ཡིན་པའི་བློ་མེད་པས་དེའི་ཕྱིར་རང་བཞིན་ཉམས་པ་ནི་ཐ་སྙད་དུ་བྱ་བའི་ཡན་ལག་མ་ཡིན་པ་ཉིད་དུ་ཤེས་སོ། །སྨྱན་བྱེད་པའི་ཡུལ་ལ་ཐ་མལ་པར་གནས་པ་ལས་ཕྲིན་བླངས་ཏེ། ཐ་མལ་པར་གནས་པ་ལ་ཕྲིན་ཕར་བསྐྱལ་ཅིང་སྨྱོན་པ་ལ་ཕྲིན་ཕྱིར་བསྐྱལ་བ་ནི་སྦོམ་པོའོ་ཞེས་བྱ་བ་ལ་སོགས་པར་
སྦྱར་རོ། །ཕྲད་པ་ལ་འདི་སྐད་གསུངས་པར་ཤེས་པར་བྱ་སྟེ། འདིར་མནོས་པ་ལ་སོགས་པ་ལ་ནི་རང་བཞིན་དུ་གནས་པ་ལ་ནི་སྦོམ་པོའོ། །གཞན་ཉིད་ལ་ནི་ཉེས་བྱས་སོ། །གཞི་མེད་པ་དང་བག་ཙམ་གྱིས་སྐུར་པ་འདེབས་པ་ནི་སྨྱོན་པ་ལ་སོགས་པ་དེ་དག་ལ་ནི་སྦོམ་པོའོ། །མི་སྨྱོན་པ་དག་
དང་ལྷན་ཅིག་མངོན་མཚན་ཅན་གྱིས་སྤྱོད་པ་དང་། ཉོ་ཚོང་བྱས་ཏེ་ཐོབ་པ་དང་། དེ་དག་གི་སྐྱོན་ནས་སྨྲས་པ་དང་། དེ་དག་གི་རྩོད་པ་ལ་སྐྱོ་སྔོགས་བྱེད་པ་དང་། རིག་པའི་སྐྱེས་པ་དེ་དག་དང་ལྷན་ཅིག་ཏུ་བུད་མེད་ལ་ཆོས་སྟོན་པ་དང་། དེ་དག་དང་ཚིག་མཐུན་པ་དང་། ཚིག་ལྷག་
པར་ཟློས་པ་དང་། དེ་དག་ལ་གནས་ངན་ལེན་བརྗོད་པ་དང་། མིའི་ཆོས་བླ་མ་བརྗོད་པ་དང་། དེ་དག་དབང་བའི་རྙེད་པའམ་དེ་དག་གིས་གཞན་གྱི་རྙེད་པ་བཤེས་ངོར་བྱས་སོ་ཞེས་སྐུར་པ་འདེབས་པ་དང་། དེ་དག་ལ་བསླབ་པ་ཁྱད་དུ་གསོད་པ་དང་། དེ་དག་ལས་འཕྱའམ་གཞོགས་
འཕྱས་བྱེད་པ་དང་། བསྒོ་བ་རྣ་ལ་གཟོན་པ་དང་། སྐྲོད་པ་དང་དེ་ལྟ་བུའི་དགེ་སློང་མ་དག་ལ་སྟོན་པ་དང་། དེ་ལྟ་བུ་དག་ལ་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་པ་འདེབས་པ་དང་། དེ་ལྟ་བུའི་དགེ་སློང་མ་དག་ལ་གོས་སྦྱིན་པ་དང་། གོས་བྱེད་པ་དག་དང་། དེ་ལྟ་བུའི་
དགེ་སློང་མ་དག་དང་ལྷན་ཅིག་ལམ་དུ་འགྲོ་བ་དང་། གྲུར་འཇུག་པ་དང་། དེ་ལྟ་བུའི་བུད་མེད་དང་དགེ་སློང་མ་དང་དབེན་པ་ན་འདུག་པ་དང་། འགྲེང་བ་དང་། དེ་ལྟ་བུའི་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་བ་དང་། དེ་ལྟ་བུའི་འདུག་གནས་སུ་ཉི་མ་གཉིས་པར་ཟན་
ཟ་བ་དང་། དེ་ལྟ་བུ་དག་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་། འགྲེང་བ་དང་། དེ་ལྟ་བུ་དག་གི་དམག་ལ་ལྟ་བ་དང་། གནས་པ་དང་དཀྲུགས་པ་དང་། དེ་ལྟ་བུར་བསྙེན་པར་རྫོགས་པ་དག་ལ་རྡེག་པ་དང་། གཟས་པ་དང་། སྔངས་པར་བྱེད་པ་དང་། སྦེད་པར་
Vol. 163 · folio 86a
བྱེད་པ་དང་། ཕྱིར་མ་བླངས་པར་སྤྱོད་པ་དང་། གཞི་མེད་པར་སྐུར་པ་འདེབས་པ་དང་། ཟན་གཅོད་དུ་འཇུག་པ་དང་། དེ་ལྟ་བུར་བསྙེན་པར་རྫོགས་པ་དང་ལྷན་ཅིག་ལམ་དུ་འགྲོ་བ་དག་ལ་ནི་ཉེས་བྱས་སོ། །མ་ནིང་དང་མཚན་གཉིས་པ་དག་ནི་དེ་དང་ལྡན་པ་ཉིད་
དོ་ཞེས་བྱ་བ་ནི། དེ་གཉིས་ནི་སྨྱོན་པ་དང་ལྡན་པ་ཉིད་ཡིན་ཏེ། ཇི་ལྟར་སྨྱོན་པ་ལ་སོགས་པ་དག་ཐ་སྙད་དུ་བྱ་བ་མ་ཡིན་པ་བཞིན་དུ་མ་ནིང་དང་མཚན་གཉིས་པ་དག་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་གཉིས་ཀྱི་ལུས་དང་སེམས་དག་ནི་ཐ་སྙད་བྱར་མི་རུང་བ་ཉིད་ཡིན་པའི་ཕྱིར་ཏེ།
དེ་གཉིས་ཀྱི་ལུས་ནི་མིའི་ཐ་སྙད་དུ་བྱ་བ་དག་ལས་རྣམ་པར་ཉམས་པས་རོ་ལྟ་བུ་ཡིད་ལ་སྣང་ངོ་། །སེམས་ནི་གདོན་གྱིས་བརླམས་པ་དང་འདྲ་བར་མི་གསལ་བས་ནད་པ་ལྟ་བུ་ཡིན་ནོ། །ཟ་མ་ནི་དེ་ལྟ་མ་ཡིན་ཏེ། དེ་ལ་མི་ཁྱད་པར་ཅན་གྱི་ཐ་སྙད་དུ་བྱ་བ་སྲིད་པའི་ཕྱིར་རོ། །མཚན་མེད་པ་ནི་
འདིར་མ་ནིང་སྨོས་པ་ལས་ཐ་མི་དད་པ་ཡིན་པས་ལོགས་ཤིག་ཏུ་མ་སྨོས་སོ། །ཉམས་པའི་མ་ནིང་ནི་ཇི་སྲིད་དུ་རྣམ་པར་འགྱུར་བ་རྩོམ་པར་མི་བྱེད་པ་དེ་སྲིད་དུ་དེ་ཐ་སྙད་བྱར་མི་རུང་བ་ཉིད་མ་ཡིན་ནོ། །རྣམ་པར་འགྱུར་བ་བསྟེན་པའི་དུས་ན་ནི་དེ་ཡང་ཐ་སྙད་དུ་བྱར་མི་རུང་བ་ཉིད་ཡིན་ནོ། །བུད་
མེད་དང་ལྡན་པ་ལུས་ཀྱིས་རེག་པ་ལ་སོགས་པའི་བསླབ་པའི་གཞི་འདི་དག་ལ་མ་ནིང་དང་མཚན་གཉིས་པ་དག་གི་རྣམ་པ་བསྟན་ཏེ་མཚན་གཉིས་པའི་རྣམ་པ་དེ་ལྟ་བུ་ལ་ནི་མཚན་གཞན་དོན་མེད་དོ་ཞེས་བྱ་བ་དང་། མ་ནིང་གི་མ་ནིང་ཕོ་དང་མ་ནིང་མོ་དང་སྤྲུལ་པ་ཡང་དེ་བཞིན་ནོ་ཞེས་བསྟན་པ་
ཡིན་ཏེ། དེ་ལས་གོས་ལ་སོགས་པ་སློང་བའི་ཕྱིར་མདོ་འདི་བྱས་སོ། །དེའི་ཕྱིར་དེའི་སྐབས་ཀྱི་དཔེ་བརྗོད་པར་བྱ་སྟེ་ཁྱིམ་པ་དག་དང་ཆུང་མ་མ་ནིང་དང་། མཚན་གཉིས་པ་ལས་གོས་སློང་བ་དང་། སྨད་གཡོགས་དང་། སྟོད་གཡོགས་བཅས་པ་ལས་ལྷག་པར་ལེན་པ་དང་སྦྱིན་བདག་
དེ་གཉིས་སམ་ཐག་པ་དེ་གཉིས་ལས་རིན་དང་སོ་སོ་བ་དང་འཐག་ཏུ་འཇུག་པ་དང་། འཐག་པ་བསྐྱེད་པ་དང་། མ་ནིང་ཕོ་དང་མ་ནིང་མོ་དང་། གླེ་འདམས་པ་དང་མཚན་གཉིས་པ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་འགྲེང་བ་དང་། དེ་དག་ལ་རྡེག་པ་དང་། གཟས་པ་དང་།
Vol. 163 · folio 86b
མ་ནིང་ཕོ་དང་མ་ནིང་མོ་དང་། མཚན་གཉིས་པ་དང་ལྷན་ཅིག་ཉལ་བ་དང་དེ་དག་དང་ནུབ་གསུམ་ལས་ལྷག་པར་ཉལ་བ་དང་མ་ནིང་ཕོ་དང་མཚན་གཉིས་པ་དང་ལྷན་ཅིག་སྐྱེས་པ་མེད་པར་ལམ་དུ་འགྲོ་བ་ལ་ནི་ཉེས་བྱས་སོ། །རེག་པ་ནི་ཐ་སྙད་དང་འདྲའོ་ཞེས་བྱ་བ་ནི། ལུས་ཀྱིས་རེག་པ་ཡང་
ཐ་སྙད་དང་འདྲ་བར་བལྟ་བར་བྱ་སྟེ། ཐ་སྙད་ཀྱི་བསླབ་པའི་གཞི་དག་ལ་ལྟུང་བ་གང་རྣམ་པར་གཞག་པ་དེ་འདི་ལ་ཡང་དེ་བཞིན་དུ་རིག་པར་བྱ་སྟེ། མི་མ་ཡིན་པ་མཐུ་མེད་པ་ལ་རེག་པ་དང་སྨྱོས་པ་དང་སེམས་འཁྲུགས་པ་དང་ཚོར་བས་ཉེན་པ་ལ་རེག་པ་ལ་ཡང་སྦོམ་པོར་འགྱུར་བས་དེའི་ཕྱིར།
མདོ་འདིས་རེག་པ་ནི་ཐ་སྙད་དང་འདྲའོ་ཞེས་བསྟན་པ་ཡིན་གྱི། རེག་པ་ཉིད་ཐ་སྙད་དང་འདྲ་བ་ནི་མ་ཡིན་ནོ། །ཇི་ལྟར་སྨྲ་བ་ལ་སོགས་པའི་ཐ་སྙད་དུ་གྲགས་པ་ལྟར་ལུས་ཀྱིས་རེག་པ་ཡང་རེག་པ་ཉིད་དེ་འདྲ་བ་མ་ཡིན་ཏེ། འདི་ལྟར་འཁྲིག་པ་དང་ལྡན་པ་སྨྲ་བ་ནི་ཀུན་དུ་སྨྲ་བར་གྱུར་པ་ཡིན།
བསྙེན་བཀུར་བསྔགས་པ་ནི་གོ་བར་བྱེད་པ་ཡིན། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་འགྲེང་བ་ནི། ཉན་རྣ་ལས་གྱུར་པ་ཡིན་གྱི། ལུས་ཀྱིས་རེག་པ་ནི་ལུས་ཀྱིས་རེག་པའི་བདེ་བ་ཉམས་སུ་མྱོང་བ་ཙམ་ཡིན་པས་དེའི་ཕྱིར། འདིས་ཐ་སྙད་ཉིད་རེག་པ་དང་འདྲ་བར་
བསྟན་པ་ནི་མ་ཡིན་ནོ། །ལྟུང་བ་རྣམ་པར་གཞག་པ་འདྲ་བ་བསྟན་པ་ལ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་དོན་དུ་ལུས་ཀྱིས་རེག་པ་དཔེར་ན་བསླང་བར་འདོད་པའི་བུད་མེད་ལ་ཐ་སྙད་ཀྱི་དོན་དུ་ལག་ནས་འཛིན་པ་གང་ཡིན་པ་དང་། སྔོན་སྤྱད་པ་ཡུན་རིང་ཞིག་མཐོང་བ་ཉིད་ན་ཀུན་ནས་འཁྱུད་པ་
གང་ཡིན་པ་ནི་འཇིག་རྟེན་ཁོ་ན་ལས་ཐ་སྙད་དུ་བྱ་བ་ཉིད་དུ་གྲགས་པ་ཡིན་པས་དེ་དག་གི་དོན་དུ་རེག་པ་ལ་ལྟུང་བ་མེད་པའི་ཕྱིར། འདི་དག་གི་དོན་དུ་རེག་པ་ལ་ཡང་ཐ་སྙད་དང་འདྲ་བར་ལྟུང་བར་གཞག་པ་ནི་མ་ཡིན་ནོ། །ཕྱི་རོལ་པ་དང་རབ་ཏུ་བྱུང་བ་དང་མ་སྐྱེས་པ་དང་ཉམས་པ་དག་ནི་ཕྱེད་ཉིད་
ཁྱིམ་པའོ་ཞེས་བྱ་བ་ནི། འདི་གསུམ་གྱི་གཞི་ལས་དགེ་སློང་གི་ལྟུང་བ་གང་དག་རྣམ་པར་གཞག་པ་དེ་དག་ནི་ཕྱེད་ཉིད་དུ་ན་སྨད་དོ། །དེ་དག་ཕྱེད་ཁྱིམ་པ་ཡིན་པའི་ཕྱིར་རོ། །མུ་སྟེགས་ཅན་གྱི་དགེ་སྦྱོང་ལས་ཆོས་གོས་དང་ལྷུང་བཟེད་བསླངས་ཏེ་ཐོབ་པ་དང་། དེ་ལས་སྟོད་གཡོགས་
Vol. 163 · folio 87a
དང་སྨད་གཡོགས་དང་བཅས་པ་ལས་ལྷག་པར་ལེན་པ་དང་། རིན་ཐང་སོ་སོ་བ་དང་སྐུར་པ་ཡང་སྦྱིན་བདག་དང་ཕོ་ཉ་པ་དང་ཞལ་ཏ་བ་གང་ཡང་རུང་བ་ཅིག་མུ་སྟེགས་ཅན་གྱི་དགེ་སྦྱོང་ཡིན་པ་དང་བདག་པོ་མུ་སྟེགས་ཅན་གྱི་དགེ་སྦྱོང་གི་འདུག་གནས་སུ་ཞག་གཉིས་
པ་ལ་ཟན་ཟོས་པ་ལ་ཉེས་བྱས་སུ་འགྱུར་རོ། །སྔོན་ལྟུང་བ་བྱུང་བ་དང་པོ་འཁྲུགས་པ་དང་རྐུ་ཐབས་སུ་གནས་པ་དང་། མ་ནིང་དང་དགེ་སློང་མ་སུན་ཕྱུང་བ་དག་དང་ལྷན་ཅིག་མངོན་མཚན་ཅན་གྱིས་སྤྱོད་པ་དང་། ཉོ་ཚོང་བྱས་ཏེ་ཐོབ་པ་ལ་ཡང་ཉེས་བྱས་སོ། །ཕྱི་རོལ་པའི་རབ་ཏུ་བྱུང་བ་
ལས་ལྷུང་བཟེད་དོ་གསུམ་ལས་ལྷག་པར་བླངས་ཏེ་ཟོས་པ་ལ་ཡང་ཉེས་བྱས་སོ། །དེ་དག་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་འགྲེང་བ་ལ་ཡང་ཉེས་བྱས་སོ། །དེ་དག་གིས་སྦྱོར་དུ་བཅུག་པའི་ཟས་ཟ་བ་ལ་ཡང་ཉེས་བྱས་སོ། །དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་
པ་ཅན་མ་ཉམས་པ་ཉིད་ནི་བསླབ་པ་དག་ལ་ཡན་ལག་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་པ་ཅན་མ་ཉམས་པ་ཉིད་ནི་དགེ་སློང་དང་དགེ་སློང་མའི་བསླབ་པ་དག་ལ་ཡན་ལག་ཡིན་ཏེ། ཆོས་གཞན་པའི་རབ་ཏུ་བྱུང་བ་ཉིད་ཀྱང་མ་ཡིན་ལ། དགེ་ཚུལ་ལ་
སོགས་པ་ཉིད་ཀྱང་མ་ཡིན། མ་ཆགས་པ་དང་། ཁས་བླངས་པ་དང་། ཉམས་པ་བསྙེན་པར་རྫོགས་པའི་རྟགས་ཅན་ཉིད་ཀྱང་མ་ཡིན། དགེ་སློང་མ་སུན་ཕྱུང་བ་དང་དགེ་སློང་སུན་ཕྱུང་བ་བསྙེན་པར་རྫོགས་པའི་རྟགས་ཅན་ཉིད་ཀྱང་མ་ཡིན་སྔོན་བསྙེན་པར་རྫོགས་ནས་ཕམ་པར་འགྱུར་བ་
བྱུང་བ་ཉིད་ཀྱང་བསླབ་པ་དག་ལ་ཡན་ལག་མ་ཡིན་ནོ། །ཡན་ལག་མ་ཡིན་པ་དེ་ལྟ་བུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ལ་གཞི་མེད་པ་དང་བག་ཙམ་དག་གིས་སྐུར་པ་འདེབས་པ་ལ་ནི་སྦོམ་པོའོ། །དང་པོ་འཁྲུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། མི་མ་ཡིན་པ་ལྷ་དང་ཀླུ་དང་
གནོད་སྦྱིན་དང་སྲིན་པོ་དང་། ཤ་ཟ་དང་། གྲུལ་བུམ་དང་། ལུས་སྲུལ་པོ་དང་། ཡི་དགས་ལ་སོགས་པ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་རྣམས་དང་། འདི་ལས་ཕྱི་རོལ་པའི་དགེ་སྦྱོང་རྣམས་དང་། འདི་པའི་དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་རྣམས་ལ་གཞི་མེད་པ་
Vol. 163 · folio 87b
དང་བག་ཙམ་གྱིས་སྐུར་བ་འདེབས་པ་ལ་ཡང་སྦོམ་པོ་ཁོ་ནའོ། །སྔོན་ལྟུང་བ་བྱུང་བའི་དགེ་སློང་མ་དང་རྐུ་ཐབས་སུ་གནས་པ་མོ་དང་། དང་པོ་འཁྲུགས་པ་མོ་དང་། དགེ་སློང་སུན་བྱུང་བ་མོ་དང་། མི་མ་ཡིན་པ་མོ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དང་། དགེ་སློབ་མ་དང་།
དགེ་ཚུལ་མ་དང་། ཀུན་དུ་རྒྱུ་མོ་ལ་སོགས་པ་འདི་ལས་ཕྱི་རོལ་པའི་དགེ་སྦྱོང་མ་ལ་གོས་རྙིང་པ་འཁྲུ་བ་དང་། འཚེད་པ་དང་། འཆག་པ་དང་། བལ་འཁྲུ་བ་དང་། འཚེད་པ་དང་རྨེལ་དུ་བཅུག་ན་ཉེས་བྱས་སོ། །དེ་དག་ལས་ལེན་པ་དང་སློང་བ་དང་། སྨད་གཡོགས་སྟོད་གཡོགས་
དང་བཅས་པ་དང་། རིན་ཐང་སོ་སོ་བ་དང་སྐུར་བ་ཐོབ་ན་ཡང་ཉེས་བྱས་སོ། །སྔོན་ལྟུང་བ་བྱུང་བ་དང་དང་པོ་འཁྲུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། དགེ་སློང་མ་སུན་ཕྱུང་བ་དག་ལས་བྱིན་ཕྲོགས་བྱེད་པ་དང་། དེ་དག་གི་སྐྱོན་ནས་སྨྲ་བ་དང་། དེ་དག་ལ་ཕྲ་མ་བྱེད་པ་དང་། དེ་དག་
གི་རྩོད་པ་ལ་སྐྱོ་སྔོགས་བྱེད་པ་དང་། དེ་དག་གི་གནས་ངན་ལེན་བརྗོད་པ་དང་། དེ་དག་ལ་མིའི་ཆོས་བླ་མ་བརྗོད་པ་ཡང་ཉེས་བྱས་སོ། །དེ་དག་གི་ཚོགས་དབང་བའམ། དེ་དག་གི་རྙེད་པ་བཤེས་ངོར་བྱས་སོ་ཞེས་སྐུར་བ་འདེབས་པ་དེ་དག་གི་ཁས་བླངས་པ་ཉིད་ཀྱིས་རྣམ་པར་གཞག་པའི་
བསླབ་པ་ལ་ཁྱད་དུ་གསོད་པ་དང་། དེ་དག་ལ་འཕྱའམ་གཞོགས་འཕྱས་བྱེད་པ་དང་། དེ་དག་གི་གཙུག་ལག་ཁང་དུ་གནས་མལ་མ་བརྟུལ་བར་འགྲོ་བ་དང་། དེ་དག་གི་གཙུག་ལག་ཁང་ནས་བཏིང་བ་མ་བོར་བར་འགྲོ་བ་དང་། དགེ་འདུན་གྱི་གཙུག་ལག་ཁང་དེ་དག་ལ་ཕྱིས་གནོན་བྱེད་
པ་དང་། དེ་དག་གི་གཙུག་ལག་ཁང་དུ་དགེ་སློང་མ་ཉམས་པ་ལ་ཕྱིས་གནོན་བྱེད་པ་དང་། དགེ་འདུན་གྱི་གཙུག་ལག་ཁང་ནས་དེ་དག་སྐྲོད་པ་དང་། དེ་དག་གི་གཙུག་ལག་ཁང་ནས་དགེ་སློང་མ་ཉམས་པ་སྐྲོད་པ་དང་། དེ་དག་གི་གཙུག་ལག་ཁང་དུ་རྩ་བ་འབྱུང་བ་ལ་འདུག་པ་ཡང་ཉེས་བྱས་སོ། །
སྔོན་ལྟུང་བ་བྱུང་བ་མོ་དང་། དང་པོ་འཁྲུགས་པ་མོ་དང་། རྐུ་ཐབས་སུ་གནས་པ་མོ་དང་། དགེ་སློང་སུན་ཕྱུང་བ་མོ་དང་། འགྲོ་བ་གཞན་དུ་གཏོགས་པའི་དགེ་སློང་མ་ལ་མ་བསྐོས་པར་སྟོན་པ་དང་། དགེ་སློང་མ་དེ་དག་ལ་སྟོན་པ་ལ་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་པ་
Vol. 163 · folio 88a
འདེབས་པ་དང་། དགེ་སློབ་མ་དང་། དགེ་ཚུལ་མ་དང་། སྔོན་ལྟུང་བ་བྱུང་བའི་དགེ་སློང་མ་རྣམས་ལ་གོས་སྦྱིན་པ་དང་། དེ་དག་གི་གོས་བྱེད་པ་དང་། དེ་དག་དང་ལྷན་ཅིག་ལམ་དང་གྲུར་འགྲོ་བ་དང་། དབེན་པ་ན་འདུག་པ་དང་། འགྲེང་བ་དང་། དེ་དག་གིས་
སྦྱོར་དུ་བཅུག་པའི་ཟས་ཟ་བ་དང་། དེ་དག་ལ་རྡེག་པ་དང་། གཟས་པ་དང་། དེ་དག་གིས་གནས་ངན་ལེན་འཆབ་པ་དང་། དེ་དག་གི་ཟན་གཅོད་དུ་འཇུག་པ་དང་། དེ་དག་ལས་འདུན་པ་ཕྱིར་བསྒྱུར་བ་དང་། དེ་དག་ལ་འགྱོད་པ་བསྐྱེད་པ་དང་། ག་ག་ཚིལ་བྱེད་པ་དང་། སྔངས་
པར་བྱེད་པ་ཡང་ཉེས་བྱས་སོ། །ཡོ་བྱད་སྦེད་པ་ནི་ཆོས་འདི་བའི་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་མ་གཏོགས་པ་གཞན་ཐམས་ཅད་ཀྱི་སྦེད་པ་ལ་ཉེས་བྱས་སོ། །ཆོས་འདི་པའི་སྦེད་པ་ལ་ནི་ལྟུང་བྱེད་ཉིད་དོ། །དེ་དག་ལས་བྱིན་ཕྲོགས་བྱེད་པ་དང་། གཞི་མེད་པར་སྐུར་བ་འདེབས་པ་
པ་དང་། བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་ཡང་ཉེས་བྱས་སོ། །དགེ་ཚུལ་དང་དགེ་ཚུལ་མ་དགེ་སློབ་མའི་རྩོད་པའམ། དེ་དག་དགེ་སློང་དག་རྩོད་པ་ལ་ཉན་རྣ་བྱེད་པ་ཡང་ཉེས་བྱས་སོ། །མི་མ་ཡིན་པ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དག་རྩོད་པ་ལ་ཉན་རྣ་བྱེད་པ་ཡང་ཉེས་
བྱས་སོ། །དགེ་ཚུལ་མ་དང་དགེ་སློབ་མ་དང་མ་ནིང་མོ་དང་། རྐུ་ཐབས་སུ་གནས་པ་མོ་དང་། དང་པོ་འཁྲུགས་པ་མོ་དག་ལམ་པོ་ཆེ་ན་འདུག་པ་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་འགྲོ་བ་དག་ལས་བཅའ་བ་དང་བཟའ་བ་རང་གི་ལག་གིས་བླངས་ཏེ་འཆོས་སམ་ཟོས་ན་ཡང་ཉེས་བྱས་སོ། །
དེ་དག་གྲལ་རིམས་སུ་མ་ཕེབས་པར་འབྲིམ་དུ་འཇུག་པ་མ་བཟློག་པར་ཟ་བ་ལ་ཡང་ཉེས་བྱས་སོ། །མཚན་དང་ཁས་བླངས་པ་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་སོ་ཞེས་བྱ་བ་ནི། ཕོ་དང་མོའི་མཚན་དང་ལྟ་བ་ཁས་བླངས་པ་དང་མ་བླངས་པ་དག་གིས་ནི་རང་གི་
ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པར་འགྱུར་ཏེ། རང་གི་ཕྱོགས་ཉིད་དང་ཕྱོགས་གཅིག་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པ་གང་ཡིན་པ་དེ་ལས་ནི་རང་གི་ཕྱོགས་དང་མཐུན་པ་ལ་བརྟེན་པའི་ཁ་ན་མ་ཐོ་བར་འགྱུར་བ་ཉིད་དུ་རིག་པར་
Vol. 163 · folio 88b
བྱའོ། །འདི་སྐད་བསྟན་ཏེ། རང་གི་ཕྱོགས་དང་མཐུན་པའི་དགེ་སློང་དང་དགེ་ཚུལ་ལ་སོགས་པའི་གང་ཟག་དག་གི་ཕྱིར་དེ་དག་ལ་རྡེག་པ་དང་གོས་སྦེད་པ་ལ་སོགས་པའི་ལྟུང་བ་གང་ཡིན་པ་དེ་དག་ནི་མཚན་མཐུན་པ་དང་ལྟ་བ་མཐུན་པ་ཉིད་ཀྱི་མཚན་མཐུན་པ་དང་ལྟ་བ་མཐུན་པ་ཉིད་དུ་ཁས་
བླངས་པ་ཉིད་གང་ཡིན་པ་དེ་ལ་ཡན་ལག་ཡིན་ནོ། །དེ་ལྟ་བས་ན་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པ་མ་ཡིན་པ་ལ་ནི་ཚིགས་འོག་མར་འགྱུར་རོ། །ཇི་ལྟར་རང་གི་ཕྱོགས་ལ་ལོག་པར་སྒྲུབ་པ་སྨད་པར་བྱ་བ་ཉིད་ཡིན་པ་དེ་ལྟར་གཞན་ལ་ལོག་པར་བསྒྲུབ་པ་ནི་སྨད་པར་བྱ་བ་ཉིད་མ་
ཡིན་པའི་རྣམ་པ་དེ་ལས་འདི་ལྟར་ཤེས་སོ། །དགེ་སློང་མ་རྣམས་ལ་ཡང་ཐམས་ཅད་དུ་རྣམ་པ་འདི་བཞིན་དུ་རིག་པར་བྱའོ། །འདིར་དཔེ་དག་བརྗོད་པར་བྱ་སྟེ་ཁས་བླངས་པས་ཁས་མ་བླངས་པ་ལ་གོས་བྱིན་ནས་ཕྲོགས་པ་དང་། ཁས་མ་བླངས་པས་ཁས་བླངས་པ་ལ་གོས་བྱིན་ནས་ཕྲོགས་པ་དང་། དགེ་
སློང་མ་དང་དགེ་སློབ་མ་དག་ལ་སྐྱོན་ནས་བརྗོད་པ་དང་དེ་གཉིས་ལ་ཕྲ་མ་བྱས་པ་དང་། སྐྱོ་སྔོགས་བྱས་པ་དང་། དེ་དག་གི་གནས་ངན་ལེན་བརྗོད་པ་དང་། དགེ་སློང་མའི་དགེ་འདུན་དབང་བའི་རྙེད་པ་དགེ་སློང་མས་བཤེས་ངོར་བྱས་ཏེ་གཞན་དུ་བསྒྱུར་རོ་ཞེས་སྐུར་པ་འདེབས་པ་དང་། དེ་དག་
གི་བསླབ་པ་ལ་ཁྱད་དུ་གསོད་པ་དང་། དགེ་སློང་མའི་དགེ་འདུན་གྱི་གཙུག་ལག་ཁང་གི་གནས་མལ་མ་བརྟུལ་བར་འགྲོ་བ་དང་། དགེ་སློང་མའི་གཙུག་ལག་ཁང་ནས་བཏིང་བ་མ་བརྟུལ་བར་འགྲོ་བ་དང་། དགེ་སློང་མའི་གཙུག་ལག་ཁང་དུ་ཕྱིས་གནོན་བྱེད་པ་དང་། དེ་ནས་སྐྲོད་པ་དང་
དེར་རྩ་བ་འབྱུང་བ་ལ་འདུག་པ་དང་། ཁས་བླངས་པས་ཁས་མ་བླངས་པའི་དགེ་སློང་མ་རྣམས་ལ་མ་བསྐོས་པར་སྟོན་པ་དང་། གོས་སྦྱིན་པ་དང་གོས་བྱེད་པ་དག་དང་། ཁས་མ་བླངས་པས་ཁས་བླངས་པའི་དགེ་སློང་མ་རྣམས་ལ་མ་བསྐོས་པར་སྟོན་པ་དང་། གོས་སྦྱིན་པ་དང་གོས་བྱེད་
པ་དག་དང་། ཁས་མ་བླངས་པས་ཁས་བླངས་པ་ལ་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་པ་འདེབས་པ་དང་། ཁས་བླངས་པས་ཁས་མ་བླངས་པ་ལ་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་པ་འདེབས་པ་དང་། ཁས་མ་བླངས་པ་ཁས་བླངས་པ་མོ་དང་ལྷན་ཅིག་ལམ་དང་
Vol. 163 · folio 89a
གྲུར་འགྲོ་བ་དང་། ཁས་བླངས་པ་ཁས་མ་བླངས་པ་མོ་དང་ལྷན་ཅིག་ལམ་དང་གྲུར་འགྲོ་བ་དང་། ཁས་མ་བླངས་པས་ཁས་བླངས་པ་མོས་སྦྱོར་དུ་བཅུག་པ་ཟ་བ་དང་། ཁས་བླངས་པས་ཁས་མ་བླངས་པ་མོས་སྦྱོར་དུ་བཅུག་པ་ཟ་བ་དང་། ཁས་མ་བླངས་པས་ཁས་བླངས་
པའི་ཁྱིམ་ནས་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པ་དང་། ཁས་བླངས་པས་ཁས་མ་བླངས་པའི་ཁྱིམ་ནས་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པ་དག་ནི་ཉེས་བྱས་སོ། །བྱིན་ལེན་ནི་རྣམ་པ་ཐམས་ཅད་དུ་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པ་མ་ཡིན་པས་བྱས་
ན་མ་བྱས་པ་ཉིད་ཡིན་ནོ། །ཁས་མ་བླངས་པས་ཁས་བླངས་པའི་ཟས་བསོད་པ་བླངས་པ་ཟོས་པ་དང་། ཁས་བླངས་པས་ཁས་མ་བླངས་པའི་ཟས་བསོད་པ་བླངས་པ་ཟོས་པ་དང་། དགེ་སློང་མ་དང་བསླབ་པ་བྱིན་པ་མོ་ལ་རྡེག་པ་དང་གཟས་པ་དག་དང་། དེ་གཉིས་ཀྱི་གནས་ངན་ལེན་
བཅབས་པ་དང་། ཁས་བླངས་པས་ཁས་མ་བླངས་པ་མོ་ལས་ཟས་ལེན་པ་དང་། ཁས་མ་བླངས་པས་ཁས་བླངས་པ་མོ་ལས་ཟས་ལེན་པ་དང་། ཁས་མ་བླངས་པས་ཁས་བླངས་པ་ལ་འདུན་པ་བྱིན་ནས་ཕྱིར་བསྒྱུར་བ་དང་། ཁས་བླངས་པས་ཁས་མ་བླངས་པ་ལ་འདུན་པ་བྱིན་ནས་ཕྱིར་
བསྒྱུར་བ་དང་། དགེ་སློང་མ་དང་བསླབ་པ་བྱིན་པ་མོ་ལ་འགྱོད་པ་སྐྱེད་པ་དང་། སྔངས་པར་བྱེད་པ་དང་། སྐུར་བ་འདེབས་པ་དག་དང་། ཁས་བླངས་པས་ཁས་མ་བླངས་པའི་ཡོ་བྱད་སྦེད་པ་དང་། བྱིན་ཕྲོག་བྱེད་པ་དང་། ཁས་མ་བླངས་པས་ཁས་བླངས་པའི་ཡོ་བྱད་སྦེད་པ་དང་།
བྱིན་ཕྲོག་བྱེད་པ་དང་། ཁས་བླངས་པས་ཁས་མ་བླངས་པའི་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་དང་། ཁས་མ་བླངས་པས་ཁས་བླངས་པའི་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་དང་། དགེ་སློང་མ་དང་ལྷན་ཅིག་དགེ་སློང་རྩོད་པ་ལ་ཉན་རྣ་བྱེད་པ་དང་། དགེ་སློང་མ་རྣམས་ཀྱི་ཐུན་
མོང་མ་ཡིན་པ་སྟོན་པ་ལ་ཁོ་བོ་འདི་ལ་མི་སློབ་པོ་ཞེས་ཟེར་བ་དག་ཀྱང་ཉེས་བྱས་སོ། །འདིར་གཏོགས་པ་ལ་ཁྱིམ་པ་ལ་ནི་རྟགས་ཅན་ཉིད་ནི་ན་སྨད་དོ་ཞེས་བྱ་བ་ནི། དགེ་སློང་དང་དགེ་སློང་མ་ཉིད་ཀྱི་རྒྱུ་མཚན་གྱི་ཁ་ན་མ་ཐོ་བ་འདིར་གཏོགས་པ་ལ་ཁྱིམ་པ་རབ་ཏུ་མ་བྱུང་བའི་གང་ཟག་གི་རྟགས་
Vol. 163 · folio 89b
ཅན་ཉིད་ནི་ན་སྨད་པར་བྱ་བ་སྟེ། ཇི་ལྟར་འདིར་ཕྱི་རོལ་པའི་རབ་ཏུ་བྱུང་བ་ལ་ན་སྨད་པ་ཉིད་བཞིན་དུ་ཁྱིམ་པ་ལ་ཡང་དེ་བཞིན་ཏེ་ཕྱི་རོལ་པའི་རབ་ཏུ་བྱུང་བའི་རྒྱུ་མཚན་ལས་ན་སྨད་པ་དེ་བས་ཀྱང་ཁྱིམ་པ་ལ་ཆེས་ན་སྨད་པར་ཤེས་པར་བྱའོ། །ཁྱིམ་པར་གྱུར་པའི་སྐྱེས་པ་དང་བུད་མེད་ལ་གཞི་
མེད་པ་དང་། བག་ཙམ་དག་གིས་སྐུར་བ་འདེབས་པ་དང་། རྡེག་པ་དང་གཟས་པ་ལ་སོགས་པའི་ཚུལ་གཞན་ལ་ཡང་ཉེས་བྱས་ཕྲ་མོར་འགྱུར་རོ་ཞེས་བྱ་བ་དེ་གོ་བར་བྱ་བའི་ཕྱིར་མདོ་འདི་བྱས་སོ། །མི་མ་ཡིན་པ་རྟགས་ཅན་མ་ཡིན་པ་ལ་སྐྱོན་ནས་སྨྲ་བ་དང་ཕྲ་མ་བྱས་པ་ནི་ཉེས་བྱས་ཕྲ་མོའོ།
མི་མ་ཡིན་པ་ཁྱིམ་པ་རྣམས་ལ་འཕྱ་བ་དང་ཁྱིམ་པའི་གནས་མལ་མ་བརྟུལ་བར་འགྲོ་བ་དང་མི་མ་ཡིན་པ་ཁྱིམ་པ་རྣམས་སྐྲོད་པ་དང་། དེ་དག་དང་དུད་འགྲོ་དང་ཡི་དགས་མི་མ་ཡིན་པ་གཞན་དག་ལ་རྡེག་པ་དང་གཟས་པ་དག་དང་། མི་མ་ཡིན་པ་དང་མི་ལ་སོགས་པའི་ཁྱིམ་པ་དེ་གཉི་
གས་སྦྱོར་དུ་བཅུག་པ་ཟ་བ་དང་། དེ་དག་ལ་འགྱོད་པ་སྐྱེད་པ་དང་། ག་ག་ཚིལ་བྱེད་པ་དང་། སྐུར་བ་འདེབས་པ་ལ་ཡང་ཉེས་བྱས་ཕྲ་མོའོ། །འདིར་མི་མ་ཡིན་པ་དང་ལྡན་པའི་དཔེ་དག་ལ་ནི་རྒྱུ་གཉིས་ཀྱིས་ན་སྨད་པར་ཤེས་པར་བྱ་སྟེ། ཁྱིམ་པ་ཉིད་ཡིན་པའི་ཕྱིར་དང་མི་མ་ཡིན་
པ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་ན་སྨད་པ་བས་ཀྱང་ཆེས་ན་སྨད་པའི་ཉེས་བྱས་ཕྲ་མོར་ཤེས་པར་བྱའོ། །རབ་ཏུ་བྱུང་བའི་རྫས་དག་ལ་ནི་རུང་བ་ཉིད་དང་ཚད་དང་ལྡན་པ་ལ་སོགས་པ་ཉིད་དོ་ཞེས་བྱ་བ་ནི། རབ་ཏུ་བྱུང་བའི་རྫས་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་དག་ལ་ནི་རུང་བ་
ཉིད་དང་། ཚད་དང་ལྡན་པ་ལ་སོགས་པ་ཉིད་ཅེས་བྱ་བ་དེ་གཉིས་ལྟུང་བའི་ཡན་ལག་ཡིན་ཏེ་རུང་བ་ཉིད་དང་ཚད་དང་ལྡན་པ་ལ་སོགས་པ་ཉིད་ཅེས་བྱ་བའི་ཡན་ལག་དེ་གཉིས་དང་བྲལ་བ་རུང་བ་མ་ཡིན་པ་ཉིད་དང་ཚད་དང་ལྡན་པ་མ་ཡིན་པ་ལ་ནི་ཚིགས་འོག་མར་ན་སྨད་པ་ཉིད་ཡིན་གྱི།
ལྟུང་བའི་དངོས་གཞིར་ནི་མི་འགྱུར་རོ། །དེ་ལ་རུང་བ་མ་ཡིན་པ་ཉིད་ཅེས་བྱ་བ་ནི་གོས་གང་ཐག་པས་མ་བཏགས་པ་དང་། བ་ལང་དང་རྔ་མོ་དང་ར་དང་རི་དགས་ཀྱི་བལ་ལས་བྱས་པ་དང་། ཨརྒའི་ཤིང་བལ་ལས་བྱས་པ་གང་ཡིན་པ་དང་རྒྱུ་སྤུན་གཉིས་ལས་གང་ཡང་རུང་བ་བ་
Vol. 163 · folio 90a
ལང་དང་རྔ་མོ་དང་ར་དང་རི་དགས་ཀྱི་བལ་ལ་སོགས་པ་དང་འདྲེས་པ་ཉིད་གང་ཡིན་པ་དེ་ཡང་རུང་བ་མ་ཡིན་པ་ཉིད་དོ། །ལྷུང་བཟེད་རུང་བ་མ་ཡིན་པ་ནི་སོ་མ་བཏང་བ་དང་དཀར་པོ་དང་རིན་པོ་ཆེ་ལ་སོགས་པ་ལས་བྱས་པའོ། །དེ་དག་ལས་བཟློག་པ་ནི་ཆོས་
གོས་དང་ལྷུང་བཟེད་ལ་སོགས་པ་རུང་བ་ཉིད་ཡིན་ནོ། །ཚད་དང་ལྡན་པ་ལ་སོགས་པ་ཉིད་ཅེས་བྱ་བ་ལ་ཚད་དང་ལྡན་པ་ཞེས་བྱ་བ་ནི་ཆོས་གོས་རང་གི་ཁྲུ་ཚད་དང་ལྡན་པ་དང་། གོས་ལྷག་ཀྱང་ཁྲུ་གང་གི་ཚད་དང་ལྡན་པའོ། །ལྷུང་བཟེད་ཀྱང་བྱིན་གྱིས་བརླབ་ཏུ་རུང་བ་གསུམ་གྱི་
ཚད་དང་ལྡན་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ཚད་པས་ལྷག་པ་བསྡུས་ཏེ་ཆོས་གོས་རང་གི་ཁྲུ་ཚད་ལས་ལྷག་པ་དང་། གོས་ལྷག་ཀྱང་ཁྲུ་གང་གི་ཚད་ལས་ལྷག་པ་དང་། ལྷུང་བཟེད་ཀྱང་བྱིན་གྱིས་བརླབ་ཏུ་རུང་བ་གསུམ་གྱི་ཚད་ལས་ལྷག་པའོ། །དེ་ལྟར་ན་རབ་ཏུ་བྱུང་
བའི་རྫས་དག་ལ་ནི་རུང་བ་ཉིད་དང་ཚད་དང་ལྡན་པའམ། ཚད་ལས་ལྷག་པ་ཉིད་ལ་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །འདིར་དགེ་ཚུལ་ལ་སོགས་པ་དབང་བའི་རྫས་དག་ལ་ཡང་ཡན་ལག་དེ་གཉིས་འཇུག་པར་བསྟན་པའི་ཕྱིར་རབ་ཏུ་བྱུང་བའི་རྫས་དག་ལ་ཞེས་སྨོས་ཏེ། བསྙེན་
པར་རྫོགས་པའི་ཞེས་མ་སྨོས་སོ། །འདིར་ཚད་ལས་ལྷག་པ་ཡན་ལག་ཡིན་པའི་གཞུང་ནི་སྲིན་བལ་གྱི་སྟན་གྱི་སྐབས་ནས་བདེ་བར་གཤེགས་པའི་གདན་གྱི་ཚད་བགྱིད་ན་ལྟུང་བ་ཅིར་འགྱུར་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ཏེ། དེས་ན་ལྷག་པ་ནི་ན་སྨད་པའི་རྒྱུར་མི་འགྱུར་རོ། །
ཆོས་གོས་དང་ལྷུང་བཟེད་རུང་བ་ཉིད་མ་ཡིན་པ་ཉིད་དང་ཚད་པས་ཆུང་བ་ལ་ནི་ན་སྨད་པར་འགྱུར་ཏེ། དེས་ན་ཆོས་གོས་རུང་བ་མ་ཡིན་པ་དང་ཚད་པས་ཆུང་བ་བྱིན་གྱིས་བརླབས་པ་དེ་དང་བྲལ་ན་ཡང་ཉེས་བྱས་སོ། །ཞག་བཅུ་ལས་ལྷག་པར་འཆང་བ་དང་རྙིང་པ་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་འཁྲུར་
བཅོལ་བ་དང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལས་བླངས་པ་དང་ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་དག་ལས་བླངས་པ་དང་། བ་ལང་གི་སྤུ་དང་གསོ་མ་ལ་སོགས་པ་དང་བསྲེས་པའི་སྲིན་བལ་དང་ལུག་གི་བལ་ནག་པོ་འབའ་ཞིག་ཤས་ཆེ་བའི་སྟན་བྱེད་པ་དང་ཐག་པས་མ་བཏགས་པའི་གོས་དང་
Vol. 163 · folio 90b
འདྲེས་པའི་སྟན་བྱེད་པ་ཡང་ཉེས་བྱས་ཏེ་འདི་ལ་ནི་རྫས་ཆུང་བས་ན་སྨད་པར་བྱ་བ་ཡང་ཡིན་གྱི་རུང་བ་མ་ཡིན་པ་ཉིད་འབའ་ཞིག་གི་ཕྱིར་ནི་མ་ཡིན་ནོ། །འཐག་ཏུ་བཅུག་པ་དང་འཐག་པ་བསྐྱེད་པ་དང་བྱིན་ཕྲོགས་བྱས་པ་དང་བརྟད་པ་ལས་བྱུང་བ་ཞག་བཅུ་ལས་ལྷག་པར་འཇོག་པ་དང་། དབྱར་
གྱི་རས་ཆེན་རུང་བ་མ་ཡིན་པ་དུས་ལས་སྔར་ཚོལ་བ་དང་། དུས་ལས་ཡོལ་བར་འཇོག་པ་དང་། གནས་མལ་མ་བསྡུས་པར་འགྲོ་བ་དང་། ཁྲི་དང་ཁྲིའུ་རུང་བ་མ་ཡིན་པའི་ཁྲི་རྐང་ཁྲུ་གང་ལས་ལྷག་པར་བྱེད་པ་དང་། རིན་པོ་ཆེའི་ཁྲིའམ་ཁྲིའུ་བྱེད་པ་དང་། ཟས་རུང་བ་
མ་ཡིན་པ་གསོག་འཇོག་བྱས་པ་དང་། བཟའ་བ་དང་བཅའ་བ་རུང་བ་མ་ཡིན་པ་གཅེར་བུ་པ་དང་གཅེར་བུ་མ་ལ་སྦྱིན་པ་ཡང་ཉེས་བྱས་ཏེ། དེ་ནི་སྦྱིན་པ་པོ་འབའ་ཞིག་ཏུ་མ་ཟད་ཀྱི་སྦྱིན་པར་བྱེད་པ་ལ་ཡང་ཉེས་བྱས་སོ། །གོས་རུང་བ་མ་ཡིན་པ་དང་། ཆུང་བ་ཁ་མ་བསྒྱུར་བར་གྱོན་པ་ལ་ཡང་ཉེས་
བྱས་སོ། །དེ་བཞིན་དུ་ལྷུང་བཟེད་རུང་བ་མ་ཡིན་པ་དང་ཆུང་བ་ཞག་བཅུའམ་ཞག་གཅིག་ལས་ལྷག་པར་འཆང་བ་དང་། ལྷག་པ་བཙལ་བ་ལ་ཡང་ཉེས་བྱས་སོ། །རིན་པོ་ཆེ་ལ་སོགས་པ་ལས་བྱས་པའི་ཁབ་རལ་ལ་སོགས་པ་བྱེད་པ་དང་། ཡོ་བྱད་རུང་བ་མ་ཡིན་པ་སྦེད་པ་
དང་། ནོར་བུ་དང་། བ་སོ་དང་། རིན་པོ་ཆེ་ལས་བྱས་པའི་ཁྲི་རྐང་ཚད་ལས་ལྷག་པར་བྱེད་པ་དང་། རིན་པོ་ཆེ་ལ་སོགས་པ་རུང་བ་མ་ཡིན་པ་ལས་བྱས་པའི་ཁྲི་དང་ཁྲིའུ་ལ་ཤིང་བལ་གྱིས་གོས་པར་བྱེད་པ་དང་། གོས་རུང་བ་མ་ཡིན་པ་ཨརྒའི་ཤིང་བལ་དང་། རྔ་བལ་ལ་སོགས་
པ་རུང་བ་མ་ཡིན་པས་སྟན་ལ་སོགས་པ་བྱེད་པ་ལ་ཡང་ཉེས་བྱས་སོ། །ད་ནི་ཡན་ལག་གཉིས་ཀྱི་དཔེ་མདོར་བསྡུས་པ་བསྟན་པར་བྱ་སྟེ་གོས་རུང་བ་མ་ཡིན་པ་དང་ཚད་ལས་ཆུང་བ་ཞག་བཅུ་ལས་ལྟག་པར་འཆང་བ་དང་། ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་དག་ལས་ལེན་པ་དང་།
ལྷུང་བཟེད་གཅིག་སློང་བ་དང་གོས་གཅིག་འཁྲུར་འཇུག་པ་ཡང་ཉེས་བྱས་སོ། གཞན་གྱི་དོན་དུ་བྱིན་ཕྲོགས་བྱེད་པ་དང་། བརྟད་པ་ལས་བྱུང་བ་ཞག་བཅུ་ལས་ལྷག་པར་འཇོག་པ་དང་། དབྱར་གྱི་རས་ཆེན་ཆུང་ངུ་སྔར་ཚོལ་བ་དང་ཕྱིས་འཆང་བ་དང་། གཉི་ག་ལས་གཅིག་
Vol. 163 · folio 91a
ལེན་པ་ལ་ཡང་ཉེས་བྱས་སོ། །རང་གི་དོན་དེ་ཉིད་གཙོ་ཆེར་ཡོད་པའོ་ཞེས་བྱ་བ་ནི། ཁ་ན་མ་ཐོ་བ་གང་ལ་རང་གི་དོན་དེ་ཉིད་གཙོ་ཆེར་ཡོད་པ་དེ་ལ་རང་གི་དོན་ཉིད་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་གྱི་གཞན་གྱི་དོན་ནི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་
བྱེད་པ་མ་ཡིན་ཏེ། རང་གི་དོན་མ་ཡིན་པ་གཞན་གྱི་དོན་དུ་བྱེད་པ་དེ་ནི་ཚིགས་འོག་མར་ན་སྨད་པའི་བྱེད་པ་པོ་ཡིན་ནོ། །འདིར་དཔེ་བརྗོད་པར་བྱ་སྟེ་གཞན་གྱི་དོན་དུ་འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་དག་ནི་སྦོམ་པོའོ། །གཞན་གྱི་དོན་དུ་དགེ་སློང་མ་ཉེ་
དུ་མ་ཡིན་པ་ལ་གོས་འཁྲུར་འཇུག་པ་ལ་སོགས་པ་ནི་ཉེས་བྱས་སོ། །འདིར་དགེ་འདུན་གྱི་དོན་དུ་བྱེད་དུ་འཇུག་པ་ཡང་གཞན་གྱི་དོན་ཁོ་ན་ཡིན་ནོ། །རང་དང་གཞན་གཉི་གའི་དོན་དུ་བྱེད་དུ་འཇུག་པ་ལ་ཡང་གཞན་གྱི་དོན་ཁོ་ན་ཡིན་ཏེ། དེ་ལ་བདག་ཉིད་མ་གཏོགས་པར་དོན་དུ་གཉེར་
བ་གཞན་ཡོད་པའི་ཕྱིར་རོ། །དེ་ལྟ་བས་ན་དགེ་འདུན་གྱི་དོན་དང་རང་དང་གཞན་གཉི་གའི་དོན་དུ་འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་དག་ཀྱང་སྦོམ་པོར་རིག་པར་བྱ་སྟེ། ཡོན་བདག་གིས་དགེ་སློང་གཞན་གཅིག་གམ་དུ་མའི་ཕྱིར་སྤགས་པའི་གོས་གང་
ཡིན་པ་དང་དེ་དག་གི་ཕྱིར་བསྔོས་པའི་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ཡོ་བྱད་གང་དག་ཡིན་པ་དེ་དག་ཡོན་བདག་གིས་དགེ་སློང་གཞན་གང་དག་ལ་སྤགས་ཤིང་བསྔོས་པའི་དགེ་སློང་དེ་དག་ཉིད་ཀྱི་དོན་དུ་དགེ་སློང་གཞན་ཞིག་གིས་ཡོན་བདག་དེ་ལ་བསྐུལ་ཏེ། དགེ་སློང་
གཞན་དེ་དག་གིས་ཡོ་བྱད་དེ་དག་ཐོབ་ན་ཡང་དེའི་ཚེ་སྐུལ་མ་བྱེད་བྱེད་པའི་དགེ་སློང་གཞན་དེ་ལ་ཉེས་བྱས་སོ། །དགེ་སློང་དང་། དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་དང་དགེ་སྦྱོང་དག་བྲམ་ཟེ་གཞན་དག་དང་། སྔོན་ལྟུང་བ་བྱུང་བ་ལ་སོགས་པ་དག་གི་དོན་དུ་བྱེད་དུ་བཅུག་
པ་ཡང་དེ་བཞིན་ནོ། །དགེ་སློང་གཞན་གཅིག་གམ་དུ་མའི་དོན་དུ་སྲིན་བལ་དང་བལ་ནག་པོ་འབའ་ཞིག་དང་ཆ་གཉིས་ལས་ལྷག་པའི་སྟན་བྱེད་དུ་འཇུག་པ་ལ་ཡང་ཉེས་བྱས་སོ། །གཞན་གྱི་དོན་དུ་ལྷུང་བཟེད་ལྷག་པ་ཚོལ་བ་དང་འཐག་ཏུ་འཇུག་པ་དང་། འཐག་པ་བསྐྱེད་པ་དང་ཁབ་རལ་
Vol. 163 · folio 91b
བྱེད་དུ་འཇུག་པ་དང་། ཤིང་བལ་གྱིས་གོས་པར་བྱེད་པ་ལ་སོགས་པ་ཡང་ཉེས་བྱས་སོ། །གཞན་གྱི་དོན་དུ་དགེ་སློང་མ་ལས་ཟས་ལེན་པ་དང་། གྲལ་རིམས་སུ་མ་ཕེབས་པ་འབྲིམ་དུ་འཇུག་པ་མ་བཟློག་པ་ཡང་ཉེས་བྱས་སོ། །རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ་ཞེས་བྱ་བ་ནི།
ངག་གི་རྣམ་པར་རིག་བྱེད་ཀྱིས་སྨྲ་བ་དང་སློང་བ་ལ་སོགས་པ་ལ་ནི་གཞན་གྱི་དོན་གོ་བ་ཉིད་དངོས་གཞིར་འགྱུར་བའི་ཡན་ལག་ཡིན་ཏེ། རྣམ་པར་རིག་བྱེད་ཀྱི་འབྲས་བུ་ནི་དོན་གོ་བ་ཡིན་པའི་ཕྱིར་རོ། །དོན་མ་གོ་བ་ལ་ནི་ན་སྨད་དོ། །དེས་ན་སྙོམས་པར་ཞུགས་པ་ལ་འཁྲིག་པ་དང་ལྡན་པ་སྨྲ་བ་དང་།
བསྙེན་བཀུར་བསྔགས་པ་དག་ལ་ནི་སྦོམ་པོའོ། །དེ་བཞིན་དུ་གཉིད་ལོག་པ་དང་། སྙོམས་པར་ཞུགས་པ་དང་གླེན་པ་དང་འོན་པ་དག་ལ་གཞི་མེད་པ་དང་བག་ཙམ་གྱིས་སྐུར་པ་འདེབས་པ་ཡང་སྦོམ་པོའོ། །གླེན་པ་དང་འོན་པ་དག་དང་ལྷན་ཅིག་མངོན་མཚན་ཅན་གྱིས་སྤྱོད་པ་དང་ཉོ་ཚོང་
བྱེད་པ་ལ་ནི་ཉེས་བྱས་སོ། །འཐག་པ་དང་འཐག་པ་བསྐྱེད་དུ་གཞུག་པའི་ཕྱིར་དེ་གཉིས་ལ་གོ་བར་བྱེད་པ་དང་དབུས་པ་དང་མཐའ་ཁོབ་པ་དག་ལ་སྐད་གཞན་གྱིས་སྐྱོན་ནས་སྨྲས་ཏེ། དོན་མ་གོ་ན་ཡང་ཉེས་བྱས་སོ། །དེ་གཉིས་ལ་ཕྲ་མ་བྱེད་པ་དང་། གླེན་པ་དང་འོན་པ་གཉིས་ལ་སྐྱོ་སྔོགས་
བྱེད་པ་དང་། བུད་མེད་གཉིད་ལོག་པ་ལ་ཆོས་སྟོན་པ་དང་། ངོ་ཚ་མེད་པ་དང་མཐའ་ཁོབ་པ་དང་གླིང་གཞན་ནས་སྐྱེས་པ་དང་གཉིད་ལོག་པ་དང་མྱོས་པ་དང་བག་མེད་པ་དང་སྙོམས་པར་ཞུགས་པ་དང་གླེན་པ་དང་འོན་པའི་རིག་པའི་སྐྱེས་པ་དང་ལྷན་ཅིག་ཆོས་སྟོན་པ་ཡང་ཉེས་བྱས་སོ། །
གླེན་པ་དང་འོན་པ་དག་དང་ཚིག་མཐུན་པ་དང་ཚིག་ལྷག་པར་ཟློས་པ་ཡང་ཉེས་བྱས་སོ། །ངོ་ཚ་མེད་པ་དང་། མཐའ་ཁོབ་པ་དང་དབུས་པ་དག་ལ་སྐད་གཞན་གྱིས་གནས་ངན་ལེན་བརྗོད་པ་དང་། འོན་པ་དང་གླེན་པ་དག་ལ་མིའི་ཆོས་བླ་མ་བརྗོད་པ་དང་། ངོ་ཚ་མེད་པ་དང་མཐའ་ཁོབ་པ་
དང་དབུས་པ་དག་ལ་སྐད་གཞན་གྱིས་བཤེས་ངོར་བྱས་སོ་ཞེས་སྐུར་པ་འདེབས་པ་དང་། གླེན་པ་དང་འོན་པ་དག་ལ་བསླབ་པ་ཁྱད་དུ་གསོད་པ་དང་། འཕྱ་བ་དང་གཞོགས་འཕྱས་བྱེད་པ་དང་། བསྒོ་བ་རྣ་ལ་གཟོན་པ་ཡང་ཉེས་བྱས་སོ། །དེ་དག་ལ་མ་བསྐོས་པར་སྟོན་པ་དང་། དེ་དག་ལ་ཟས་
Vol. 163 · folio 92a
ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་པ་འདེབས་པ་དང་། དེ་དག་གིས་སྦྱོར་དུ་བཅུག་པ་ཟ་བ་དང་། མེ་འབུད་དུ་བཅུག་པ་དང་། འགྱོད་པ་སྐྱེད་པ་དང་། སྔངས་པར་བྱེད་པ་དང་། གཞི་མེད་པར་སྐུར་པ་འདེབས་པ་དང་སྐད་གཞན་གྱིས་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་
པ་ཡང་ཉེས་བྱས་སོ། །སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ་གསོད་པ་དང་རང་གི་དོན་དུ་རྐུ་བ་དག་ལས་གཞན་པའི་འོ་ཞེས་བྱ་བ་ལ། སྨྲ་བའི་དངོས་པོ་ནི་སྨྲ་བ་ཉིད་དེ་ཚིག་བརྗོད་པར་ནུས་པའོ། །གང་ཟག་གང་ལ་དེ་ཡོད་པ་དེ་ནི་སྨྲ་བ་པོ་ཉིད་དོ། །གང་ཟག་སྨྲ་བ་པོ་ཉིད་དེ་ལ་དོན་གོ་བ་གང་ཡིན་པ་དེ་ནི་
རྣམ་པར་རིག་བྱེད་ཀྱི་ཡན་ལག་ཡིན་གྱི། ལྐུགས་པ་དང་ཀླ་ཀློ་ལ་སོགས་པའི་གང་ཟག་དོན་དེ་དང་འབྲེལ་པ་སྨྲ་མི་ཤེས་ཤིང་སྨྲ་བ་པོ་ཉིད་མ་ཡིན་པ་གཞན་དག་ལ་དོན་གོ་བ་ཡོད་པ་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་ཀྱི་ཡན་ལག་མ་ཡིན་ཏེ། དེ་དག་ལ་དོན་གོ་བ་ཡོད་པ་ནི་འཇིག་རྟེན་གྱི་
ཐ་སྙད་ལ་ཉེ་བར་སྦྱར་དུ་རུང་བ་ཉིད་མ་ཡིན་པའི་ཕྱིར་བུམ་པའི་ནང་གི་མར་མེ་དང་འདྲའོ། །དེའི་ཕྱིར་འདིར་སྨྲ་བ་པོ་ཉིད་ལ་ཡོད་པའི་དོན་གོ་བ་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་ཀྱི་ཡན་ལག་ཡིན་པར་བསྟན་ཏོ། །གསོད་པ་དང་རང་གི་དོན་དུ་རྐུ་བ་དག་ལས་གཞན་པའི་འོ་ཞེས་བྱ་བ་ནི།
སྨྲ་བ་པོ་ཉིད་མ་ཡིན་པ་ལ་ཡོད་པའི་དོན་གོ་བ་གང་ཡིན་པ་དེ་ནི་གསོད་པ་དང་རང་གི་དོན་དུ་རྐུ་བ་དག་ལས་གཞན་པ་དག་ལ་ཡན་ལག་མ་ཡིན་གྱི་དེ་གཉིས་ལ་ནི་ཡན་ལག་ཡིན་པར་རིག་པར་བྱའོ། །དེ་ལྟ་བས་ན་ལྐུགས་པ་ལ་སོགས་པ་དག་ལ་དོན་གོ་བ་ཡོད་པ་གང་ཡིན་པ་དེ་ནི་འདི་ལྟར་
སྨྲ་བ་པོ་ཉིད་མ་ཡིན་དུ་ཟིན་ཀྱང་བསོད་པ་རང་གི་དོན་དུ་རྐུ་བའི་ཡུལ་ལ་ནི་རྣམ་པར་རིག་བྱེད་ཀྱི་ཡན་ལག་ཡིན་ནོ། །དེས་ན་ལྐུགས་པ་ལ་གཞི་མེད་པ་དང་བག་ཙམ་གྱིས་སྐུར་བ་འདེབས་པ་ལ་ནི་སྦོམ་པོའོ། །ལྐུགས་པ་དང་ལྷན་ཅིག་མངོན་མཚན་ཅན་གྱིས་སྤྱོད་པ་དང་། ཉོ་ཚོང་བྱེད་
པ་དང་འཐག་ཏུ་གཞུག་པ་དང་། འཐག་པ་བསྐྱེད་པའི་ཕྱིར་གོ་བར་བྱེད་པ་དང་། སྐྱོན་ནས་སྨྲ་བ་དང་ཕྲ་མ་བྱེད་པ་དང་། སྐྱོ་སྔོགས་བྱེད་པ་དང་སྟོན་པ་དང་ཀློག་པ་དག་དང་དེ་དག་ལ་གནས་ངན་ལེན་དང་། མིའི་ཆོས་བླ་མ་བརྗོད་པ་དང་། བཤེས་ངོར་བྱས་སོ་ཞེས་བྱ་བ་སྨྲས་ཏེ།
Vol. 163 · folio 92b
བསླབ་པ་ཁྱད་དུ་གསོད་པ་དང་། འཕྱ་བ་དང་གཞོགས་འཕྱས་བྱེད་པ་དང་། བསྒོ་བ་རྣ་ལ་གཟོན་པ་དང་། དེ་དག་ལ་མ་བསྐོས་པར་སྟོན་པ་དང་། དེ་དག་ལ་སྟོན་པ་ལ་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་པ་འདེབས་པ་དང་། དེ་དག་གིས་སྦྱོར་དུ་བཅུག་པ་ཟ་བ་དང་། དེ་དག་མེ་
འབུད་དུ་བཅུག་པ་དང་། དེ་དག་གི་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་ལ་ཡང་ཉེས་བྱས་སོ། །ཡང་དག་པར་ལེན་པར་བྱེད་པ་ལ་ནི་དེར་མ་ཟད་དོ་ཞེས་བྱ་བ་ནི། སྡོམ་པ་ལ་སོགས་པ་ཡང་དག་པར་ལེན་པར་བྱེད་པ་ལ་ནི་སྔར་སྨྲ་བ་པོ་ཉིད་ལ་ཡོད་པའི་དོན་གོ་བ་ཞེས་བསྟན་པ་གང་ཡིན་
པ་དེ་ཡན་ལག་ཡིན་པར་མ་ཟད་ཀྱི། སྨྲ་བ་པོ་ཉིད་མ་ཡིན་པ་ལ་ཡོད་པའི་དོན་གོ་བ་གང་ཡིན་པ་དེ་ཡང་ཡན་ལག་ཡིན་ཏེ་འདི་ལྟར་གོ་བར་བྱེད་པ་ལྐུགས་པའམ། སྨྲ་བ་པོ་ཉིད་མ་ཡིན་པ་གཞན་དག་ལ་ཡང་སྲོག་གཅོད་པ་སྤོང་བ་ལ་སོགས་པ་ཡང་དག་པར་ལེན་པ་འབྱུང་བའི་ཕྱིར་རོ། །
དེ་ན་སྣོད་ཡིན་ནོ་ཞེས་བྱ་བ་ན། སྨྲ་བ་པོ་ཉིད་ལ་ཡོད་པའི་དོན་གོ་བ་གང་ཡིན་པ་དེ་ནི་སྣོད་ཡིན་ཏེ་རྣམ་པར་རིག་བྱེད་ཀྱི་ཡན་ལག་ཏུ་རུང་བ་ཡིན་ནོ། །དེས་ན་སྨྲ་བ་པོ་དོན་གོ་བར་ནུས་པའི་གང་ཟག་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་ཀྱི་ཡན་ལག་ཡིན་གྱི་གླེན་པ་དང་འོན་པ་དག་
ཀྱང་མ་ཡིན་ལ། ཀླ་ཀློ་ལ་སོགས་པས་སྨྲས་པ་དེ་བརྡ་མི་ཕྲད་པ་དང་རྣ་བའི་སྦུབས་བཀག་པ་དང་། ལྐུགས་པ་དང་རྒྱུ་གཞན་གྱིས་སྨྲ་མི་ཤེས་པ་དག་ཀྱང་རྣམ་པར་རིག་བྱེད་ཀྱི་ཡན་ལག་མ་ཡིན་ནོ། །འདི་ལྟར་མདོ་འདིའི་དོན་དེ་དག་ཐམས་ཅད་སྔར་སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ་ཞེས་
བྱ་བའི་མདོ་དེས་གྲུབ་ཟིན་མོད་ཀྱི་འོན་ཀྱང་ཚིག་གི་ཡུལ་གཞན་བསྟན་པའི་ཕྱིར་མདོ་འདི་བྱས་ཏེ་འདི་ལྟར་སྨྲ་མི་ཤེས་པས་ནི་བདག་ཉིད་ཀྱིའམ་གཞན་གྱི་ལྟུང་བ་མ་བརྗོད་ཀྱང་ཉེས་པ་འགར་ཡང་མི་འགྱུར་རོ་ཞེས་བྱ་བ་དེ་བསྟན་པའི་ཕྱིར་རོ། །འདི་ལྟར་སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ་ཞེས་བྱ་
བའི་མདོ་སྔ་མས་སྨྲ་བ་པོ་ཉིད་ལ་དོན་གོ་བ་ཡོད་པ་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་ཀྱི་ཡན་ལག་ཡིན་ནོ་ཞེས་བསྟན་པ་དེས་ནི་གླེན་པ་ལ་སོགས་པ་ལ་བརྗོད་པ་དོན་མེད་པ་ཙམ་ཞིག་བསྟན་པར་ཟད་ཀྱི་དེ་ལ་ལྟུང་བ་མ་བརྗོད་པ་ལ་ཉེས་པ་འགའ་ཞིག་ཏུ་འགྱུར་རམ་འོན་ཏེ་མི་འགྱུར་ཞེས་བྱ་བ་
Vol. 163 · folio 93a
དེ་མ་བསྟན་པས་དེའི་ཕྱིར་མདོ་འདིས་ནི་གླེན་པ་ལ་སོགས་པ་ལ་ལྟུང་བ་མ་བརྗོད་པ་ཉེས་པ་མེད་པར་བསྟན་ཏོ། །འོ་ན་བདག་ཀྱང་ཅི་ལྟུང་བ་བཤགས་པ་དང་བྱིན་གྱིས་བརླབ་པ་གཉིས་ཀྱིས་ཕྱིར་གསོ་བར་བྱའོ་ཞེས་གསུངས་ན་མ་བརྗོད་པ་ལ་ཉེས་པ་མེད་པར་ཇི་ལྟར་
རུང་ཞེ་ན། དེ་ལྟ་བུ་ཡང་ཡོད་མོད་ཀྱི་འོན་ཀྱང་གང་གི་མདུན་དུ་བཤགས་པར་བྱ་བའི་གང་ཟག་གཞན་ཡོད་ན་ནི་མདུན་དུ་མ་བརྗོད་ན་ཉེས་པར་འགྱུར་བ་ཁོ་ན་ཡིན་གྱི་གླེན་པ་ལ་སོགས་པའི་མདུན་དུ་ནི་བརྗོད་ཀྱང་ཕྱིར་གསོ་བར་འགྱུར་བ་མི་སྲིད་དེ། སྣོད་མ་ཡིན་པ་ལ་རྣམ་པར་རིག་བྱེད་མི་འབྱུང་
བའི་ཕྱིར་རོ། །ངག་གིའོ་ཞེས་བྱ་བ་ནི་ངག་གི་རྣམ་པར་རིག་བྱེད་ཡན་ལག་ཡིན་གྱི། སྤྲིང་ཡིག་དང་ལག་ཡིག་དང་ལག་རྩིས་ལ་སོགས་པ་ནི་མ་ཡིན་ཏེ། འདི་ལྟར་སྤྲིང་ཡིག་ལ་སོགས་པས་ནི་དོན་གསལ་བར་གོ་བར་མི་ནུས་པའི་ཕྱིར་རོ། །འོག་ནས་ཀྱང་རང་གིའོ་ཞེས་བྱ་བ་དང་། བདག་ཉིད་
དང་འབྲེལ་པའོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་འབྱུང་བས་དེའི་ཕྱིར། འདི་ལྟར་ཁོང་དུ་ཆུད་པར་བྱ་སྟེ་དང་པོ་ཁོ་ནར་གཞན་གྱིས་ངག་གི་རྣམ་པར་རིག་བྱེད་དག་གོ་བའི་སྐད་ཅིག་དེ་ཉིད་ལ་དངོས་གཞིར་འགྱུར་རོ། །སྨྲ་བར་འདོད་པའི་དོན་བརྗོད་པའི་ཚིག་གི་ཡན་ལག་ཇི་སྙེད་པ་དག་
དང་ལག་པ་ལ་སོགས་པའི་ཡན་ལག་གཅིག་གམ་དུ་མ་བསྐུལ་བ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་དང་པོ་ཁོ་ནར་དོན་གོ་བའི་དངོས་གཞི་དེ་ཉིད་ཀྱི་ཁོངས་སུ་འདུས་པ་ཡིན་ནོ། །དང་པོ་དོན་མ་གོ་ན་ནི་ལུས་བསྐུལ་བ་དང་ཚིག་གིས་ཇེ་ཉོན་ཅིག་སེམས་གཏོད་ཅིག་ཅེས་བྱ་བ་ལ་སོགས་པ་ལྷག་
པ་ཐམས་ཅད་ཀྱང་སྦྱོར་བ་ཡིན་པར་རིག་པར་བྱ་སྟེ། ཐམས་ཅད་རྩོམ་པ་གཅིག་ཏུ་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །འདིར་དཔེ་ནི་སྤྲིང་ཡིག་དང་ལག་ཡིག་དང་ལག་རྩིས་དག་གིས་འཁྲིག་པ་དག་དང་ལྡན་པ་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་དང་གཞི་མེད་པ་དང་བག་ཙམ་
དག་གིས་སྐུར་པ་འདེབས་པ་གོ་བར་བྱེད་པ་ནི་སྦོམ་པོའོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་འཁྲུར་འཇུག་པ་ལ་སོགས་པ་དང་། དེ་ལས་གོས་ལེན་པ་དང་། ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་དག་ལས་སློང་བ་དང་རིན་སྤགས་པ་དང་སོ་སོ་ནས་སྤགས་པ་ཐོབ་པ་དང་།
Vol. 163 · folio 93b
ལྷུང་བཟེད་སློང་བ་དང་། འཐག་ཏུ་འཇུག་པ་དང་འཐག་པ་བསྐྱེད་པ་དང་འཕྲོག་པ་དང་བརྫུན་སྨྲ་བ་དང་སྐྱོན་ནས་སྨྲ་བ་དང་ཕྲ་མ་བྱེད་པ་དང་སྐྱོ་སྔོགས་བྱེད་པ་དང་སྟོན་པ་དང་ཟློས་པ་དང་། གནས་ངན་ལེན་བརྗོད་པ་དང་། མིའི་ཆོས་བླ་མ་བརྗོད་པ་དག་དང་བཤེས་ངོར་བྱས་སོ། །བསླབ་
པ་ཁྱད་དུ་གསོད་པ་དང་། ཤིང་ལྗོན་པ་གཅོད་པ་དང་། འཕྱ་བ་དང་གཞོགས་འཕྱས་བྱེད་པ་དང་བསྒོ་བ་རྣ་ལ་གཟོན་པ་དང་། སྐྲོད་པ་དང་རིམ་པ་གསུམ་ལས་ལྷག་པར་རྩིག་པ་དང་། མ་བསྐོས་པར་སྟོན་པ་དང་། ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་པ་འདེབས་པ་དང་། དགེ་
སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་བ་དང་། ཟན་གཅོད་དུ་འཇུག་པ་དང་མེ་ལ་རེག་ཏུ་འཇུག་པ་དང་འགྱོད་པ་སྐྱེད་པ་དང་། སྔངས་པར་བྱེད་པས། ཡོ་བྱད་སྦེད་པ་དང་། སྐུར་པ་འདེབས་པ་དང་། ས་རྐོ་བ་དང་། ཤིང་བལ་གྱིས་གོས་པར་བྱེད་པ་དང་དགེ་སློང་མའི་ལག་ནས་ཟས་
ལེན་པ་དང་། མ་བཟློག་པར་ཟ་བ་དག་ཀྱང་ཉེས་བྱས་སོ། །རང་གིའོ་ཞེས་བྱ་བ་ནི། རང་གི་ངག་གི་རྣམ་པར་རིག་བྱེད་ཡན་ལག་ཡིན་གྱི། མངགས་པས་གཅིག་ནས་གཅིག་ཏུ་བརྒྱུད་པ་མངགས་པ་ལ་སོགས་པ་གསུམ་པ་དག་ནི་མ་ཡིན་ནོ། །འདི་ཡང་དཔེ་བརྗོད་པར་བྱ་སྟེ་མངགས་
པས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁྲིག་པ་དང་ལྡན་པ་སྨྲ་བ་དང་བསྙེན་བཀུར་བསྔགས་པ་དང་གཞི་མེད་པ་དང་བག་ཙམ་གྱིས་སྐུར་བ་འདེབས་པ་ལ་ནི་སྦོམ་པོའོ། །ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་གོས་འཁྲུར་འཇུག་པ་ལ་སོགས་པ་དང་དེ་ལས་གོས་ལེན་པ་དང་། ཁྱིམ་བདག་དང་
ཁྱིམ་བདག་གི་ཆུང་མ་དག་ལས་སློང་བ་དང་། རིན་སྤགས་པ་དང་། སོ་སོ་ནས་སྤགས་པ་ཐོབ་པ་དང་། ལྷུང་བཟེད་འཚོལ་བ་དང་། འཐག་ཏུ་འཇུག་པ་དང་། འཐག་པ་བསྐྱེད་པ་དང་། འཕྲོག་པ་དང་། བརྫུན་སྨྲ་བ་དང་། སྐྱོན་ནས་སྨྲ་བ་དང་། ཕྲ་མ་བྱེད་པ་དང་། སྐྱོ་སྔོགས་བྱེད་
པ་དང་། སྟོན་པ་དང་། ཟློས་པ་དང་། གནས་ངན་ལེན་བརྗོད་པ་དང་། མིའི་ཆོས་བླ་མ་བརྗོད་པ་དག་དང་། བཤེས་ངོར་བྱས་སོ་ཞེས་ཟེར་བ་དང་། བསླབ་པ་ལ་ཁྱད་དུ་གསོད་པ་དང་། ཤིང་ལྗོན་པ་གཅོད་པ་དང་། འཕྱ་བ་དང་གཞོགས་འཕྱས་བྱེད་པ་དང་། བསྒོ་བ་རྣ་ལ་གཟོན་
Vol. 163 · folio 94a
པ་དང་། སྐྲོད་པ་དང་། རིམ་པ་གསུམ་ལས་ལྷག་པར་རྩིག་པ་དང་། མ་བསྐོས་པར་སྟོན་པ་དང་། ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་བ་འདེབས་པ་དང་། དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་བ་དང་། ཟན་གཅོད་དུ་འཇུག་པ་དང་། མེ་ལ་རེག་ཏུ་འཇུག་
པ་དང་། འགྱོད་པ་སྐྱེད་པ་དང་། སྔངས་པར་བྱེད་པ་དང་། ཡོ་བྱད་སྦེད་པ་དང་། སྐུར་བ་འདེབས་པ་དང་། ས་རྐོ་བ་དང་། ཤིང་བལ་གྱིས་གོས་པར་བྱེད་པ་དག་དང་། དགེ་སློང་མའི་ལག་ནས་ཟས་ལེན་པ་དང་། མ་བཟློག་པར་ཟས་ཟ་བ་དག་ཀྱང་ཉེས་བྱས་སོ། །བདག་ཉིད་དང་
འབྲེལ་པའོ་ཞེས་བྱ་བ་ནི། བདག་ཉིད་དང་འབྲེལ་པའི་རང་གི་ངག་གི་རྣམ་པར་རིག་བྱེད་ཡན་ལག་ཡིན་གྱི། གཞན་ལ་སྙད་འདོགས་པ་ནི་མ་ཡིན་ནོ། །འདི་སྐད་བསྟན་ཏེ། ལྟུང་བ་འབྱིན་པར་བྱེད་པ་གང་ཡིན་པ་དེ་ནི་བདག་ཉིད་ཀྱི་རང་གི་ངག་གི་རྣམ་པར་རིག་བྱེད་ཀྱིས་བདག་འདི་སྐད་
ཟེར་རོ་ཞེའམ་བདག་གིས་བྱེད་དུ་གཞུག་གོ་ཞེའམ་བདག་གི་ཕྱིར་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་བདག་ཉིད་དང་འབྲེལ་པའི་རང་གི་ངག་གི་རྣམ་པར་རིག་བྱེད་ཡན་ལག་ཡིན་གྱི། སྤྲིང་ཡིག་ལ་སོགས་པས་དེ་སྐད་ཟེར་རོ་ཞེའམ་ཆེ་གེ་མོ་ཞིག་འདི་སྐད་ཟེར་རོ་ཞེས་བྱ་བ་ལ་སོགས་
པ་གཞན་ལ་སྙད་འདོགས་པའི་ངག་གི་རྣམ་པར་རིག་བྱེད་ནི་མ་ཡིན་ནོ། །འོ་ན་སྔར་རང་གི་དོན་དེ་ཉིད་གཙོ་ཆེར་ཡོད་པའོ་ཞེས་སྨོས་པ་དེ་ཉིད་ཀྱིས་བདག་ཉིད་དང་འབྲེལ་པའོ་ཞེས་བྱ་བ་འདིའི་དོན་འགྲུབ་སྟེ། འདི་ལྟར་བདག་ཉིད་འབྲེལ་བའི་ངག་གི་རྣམ་པར་རིག་བྱེད་ཉིད་རང་གི་
དོན་ཉིད་གཙོ་ཆེར་ཡོད་པ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ་རང་གི་དོན་དུ་ཡང་ཚིག་གཞན་ལ་སྙད་འདོགས་པས་རིག་པར་བྱེད་པ་ཡོད་དེ། འདི་ལྟ་སྟེ་དཔེར་ན། ལྷས་སྦྱིན་ན་རེ་ཁོ་བོ་འདོད་ཆགས་དང་བྲལ་བ་ཉིད་དོ་ཞེས་ཟེར་རོ་ཞེས་རྣམ་པར་རིག་བྱེད་པ་ལྟ་བུའོ། །དེ་ལྟ་བས་ན་རང་
གི་དོན་ཉིད་གཙོ་ཆེར་ཡོད་པའོ་ཞེས་སྨོས་པ་དེས་བདག་ཉིད་དང་འབྲེལ་པའོ་ཞེས་བྱ་བའི་དོན་འདི་མི་འགྲུབ་པས་དེའི་ཕྱིར་མདོ་འདི་ལོགས་ཤིག་ཏུ་བྲིས་སོ། །འདིར་ཡང་དཔེ་བརྗོད་པར་བྱ་སྟེ། གཞན་ལ་སྙད་འདོགས་པས་འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བསྙེན་བཀུར་
Vol. 163 · folio 94b
བསྔགས་པ་དང་གཞི་མེད་པ་དང་བག་ཙམ་དག་གིས་སྐུར་བ་འདེབས་པ་ལ་ནི་སྦོམ་པོའོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་འཁྲུར་འཇུག་པ་ལ་སོགས་པ་དང་། དེ་ལས་གོས་ལེན་པ་དང་། ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་དག་ལས་སློང་བ་དང་། རིན་སྤགས་པ་དང་། སོ་སོ་ནས་
སྤགས་པས་འཐོབ་པ་དང་ལྷུང་བཟེད་ཚོལ་བ་དང་འཐག་ཏུ་འཇུག་པ་དང་འཐག་པ་བསྐྱེད་པ་དང་། འཕྲོག་པ་དང་བརྫུན་དུ་སྨྲ་བ་དང་། སྐྱོན་ནས་སྨྲ་བ་དང་། ཕྲ་མ་བྱེད་པ་དང་། སྐྱོ་སྔོགས་བྱེད་པ་དང་། སྟོན་པ་དང་། ཟློས་པ་དང་། གནས་ངན་ལེན་བརྗོད་པ་དང་། མིའི་ཆོས་བླ་མ་
བརྗོད་པ་དག་དང་། བཤེས་ངོར་བྱས་སོ་ཞེས་ཟེར་ན། བསླབ་པ་ཁྱད་དུ་གསོད་པ་དང་། ཤིང་ལྗོན་པ་གཅོད་པ་དང་། འཕྱ་བ་དང་གཞོགས་འཕྱས་བྱེད་པ་དང་། བསྒོ་བ་རྣ་ལ་གཟོན་པ་དང་། སྐྲོད་པ་དང་རིམ་པ་གསུམ་ལས་ལྷག་པར་རྩིག་པ་དང་། མ་བསྐོས་པར་སྟོན་པ་དང་། ཟས་ཅུང་ཟད་
ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་བ་འདེབས་པ་དང་། དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་བ་དང་། ཟན་གཅོད་དུ་འཇུག་པ་དང་། མེ་ལ་རེག་ཏུ་འཇུག་པ་དང་། འགྱོད་པ་སྐྱེད་པ་དང་། སྔངས་པར་བྱེད་པ་དང་། ཡོ་བྱད་སྦེད་པ་དང་། ས་རྐོ་བ་དང་། ཤིང་བལ་གྱིས་གོས་པར་བྱེད་པ་དག་
དང་། དགེ་སློང་མའི་ལག་ནས་ཟས་ལེན་པར་བྱེད་པ་དང་མ་བཟློག་པར་ཟས་ཟ་བ་དག་ཀྱང་ཉེས་བྱས་སོ། །རང་གིས་བསྐོས་པ་ཉིད་བྱེད་དུ་བཅུག་པ་ཡིན་ནོ་ཞེས་བྱ་བ་ནི། གསོད་པ་དང་རང་གི་དོན་དུ་རྐུ་བ་དག་ལས་གཞན་པའོ་ཞེས་བྱ་བར་སྦྱར་རོ། །གསོད་པ་དང་རང་གི་དོན་དུ་རྐུ་བ་
དག་ལས་གཞན་པའི་དོན་ལ་མ་མངགས་པ་ལ་སོགས་པ་གཞན་བྱེད་དུ་གཞུག་ཅིང་རྗེས་སུ་བསྒྲུབ་ཏུ་གཞུག་པ་གང་ཡིན་པ་དེ་ལ་རང་གིས་བསྐོས་པ་ཉིད་ཅེས་བྱ་བ་རང་གིས་མངོན་སུམ་དུ་བྱེད་དུ་བཅུག་པ་ཉིད་ཡན་ལག་ཡིན་ཏེ། ལྐོག་ནས་བྱེད་དུ་བཅུག་པ་ལ་ནི་དེ་ལྟར་མངོན་པར་ཞེན་པ་
མི་འབྱུང་བའི་ཕྱིར་རོ། །འདིར་ཡང་དཔེ་བརྗོད་པར་བྱ་སྟེ། རང་གིས་མངོན་སུམ་དུ་བསྐོས་པ་མ་ཡིན་པ་ལྐོག་ནས་བསྐོས་པས་བྱེད་དུ་བཅུག་པས་འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་དང་། གཞི་མེད་པ་དང་བག་ཙམ་དག་གིས་སྐུར་བ་འདེབས་པ་ལ་ནི་
Vol. 163 · folio 95a
སྦོམ་པོའོ། །ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་གོས་འཁྲུར་འཇུག་པ་ལ་སོགས་པ་དང་། དེ་ལས་གོས་ལེན་པ་དང་། ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་དག་ལས་སློང་བ་དང་། རིན་སྤགས་པ་དང་སོ་སོ་ནས་སྤགས་པ་ཐོབ་པ་དང་། །ལྷུང་ཟེད་འཚོལ་
བ་དང་། འཐག་ཏུ་འཇུག་པ་དང་འཐག་པ་བསྐྱེད་པ་དང་འཕྲོག་པ་དང་བརྫུན་དུ་སྨྲ་བ་དང་སྐྱོན་ནས་སྨྲ་བ་དང་། ཕྲ་མ་བྱེད་པ་དང་། སྐྱོ་སྔོགས་བྱེད་པ་དང་། སྟོན་པ་དང་ཟློས་པ་དང་གནས་ངན་ལེན་བརྗོད་པ་དང་། མིའི་ཆོས་བླ་མ་བརྗོད་པ་དག་དང་། བཤེས་ངོར་བྱས་སོ་ཞེས་ཟེར་བ་
དང་། བསླབ་པ་ལ་ཁྱད་དུ་གསོད་པ་དང་། ཤིང་ལྗོན་པ་གཅོད་པ་དང་། འཕྱ་བ་དང་གཞོགས་འཕྱས་བྱེད་པ་དང་། བསྒོ་བ་རྣ་ལ་གཟོན་པ་དང་། སྐྲོད་པ་དང་། རིམ་པ་གསུམ་ལས་ལྷག་པར་རྩིག་པ་དང་། མ་བསྐོས་པར་སྟོན་པ་དང་། ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་
སྐུར་བ་འདེབ་པ་དང་། དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་བ་དང་། ཟན་གཅོད་དུ་འཇུག་པ་དང་མེ་ལ་རེག་ཏུ་འཇུག་པ་དང་། འགྱོད་པ་སྐྱེད་པ་དང་སྔངས་པར་བྱེད་པ་དང་། ཡོ་བྱད་སྦེད་པ་དང་། སྐུར་བ་འདེབས་པ་དང་ས་རྐོ་བ་དང་ཤིང་བལ་གྱིས་གོས་པར་བྱེད་པ་དང་།
རིན་པོ་ཆེ་ལ་རེག་ཏུ་འཇུག་པ་ལ་སོགས་པ་དང་། དགེ་སློང་མའི་ལག་ནས་ཟས་ལེན་པ་དང་། མ་བཟློག་པར་ཟ་བ་དག་ཀྱང་ཉེས་བྱས་སོ། །རྣམ་པར་འབྱེད་པར་གཏོགས་པ་ཕལ་ཆེ་བ་སྤྱིར་བསྟན་པ་རྣམས་རྫོགས་སོ་ཞེས་བྱ་བ་ཉེ་བ་འཁོར་གྱིས་ཞུས་པས་ལས་གསུངས་པ་རྣམ་
པར་འབྱེད་པར་གཏོགས་པ་ཤས་ཆེ་བ་བསླབ་པའི་གཞི་ཐམས་ཅད་ལ་སྤྱིར་བསྟན་པའི་མདོ་རྣམས་བཤད་ཟིན་ཏོ།། །།བམ་པོ་བཞི་བཅུ་ལྔ་པ། རྣམ་པར་འབྱེད་པ་ལ་སོགས་པ་དང་འབྲེལ་པའི་མདོ་རྣམས་རྒྱ་ཆེར་བཀྲོལ་ནས། ད་ནི་འདུལ་བའི་གཞིར་
གཏོགས་པ་དག་བརྗོད་པར་བྱ་སྟེ། དེ་ལ་ཇེ་དང་པོར་གསོ་སྦྱོང་གི་གཞིར་གཏོགས་པ་དག་བཤད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གསོ་སྦྱོང་ནི་རྣམ་པ་གཉིས་སུ་གསུངས་ཏེ། ཞི་གནས་ཀྱི་གསོ་སྦྱོང་དང་མཐུན་པའི་གསོ་སྦྱོང་ངོ་། །དེ་ལ་གཙོ་བོ་ཡིན་པའི་ཕྱིར་དང་།
Vol. 163 · folio 95b
བརྗོད་པར་བྱ་བ་ཉུང་བའི་ཕྱིར། ཇེ་དང་པོར་ཞི་གནས་ཀྱི་གསོ་སྦྱོང་རྣམ་པར་བཤད་པར་བྱའོ། །དེའི་ཕྱིར་སྤྱོད་ཡུལ་དུ་ཞུགས་པས་རྣལ་འབྱོར་བསྒོམ་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་སྤྱོད་ཡུལ་དུ་གྲོང་དུ་ཞུགས་ཤིང་གྲོང་དུ་བྱུང་བ་ལམ་དུ་འགྲོ་བས་རྣལ་འབྱོར་ཏིང་ངེ་འཛིན་
བསྒོམ་པར་མི་བྱ་གོམས་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་གསུངས་ནས་དགེ་སྦྱོང་དག་སྤྱོད་ཡུལ་དུ་ཞུགས་ན་ཡང་སྒོམ་པར་བྱེད་པ་དང་དེ་དག་གླང་པོ་ཆེ་འཁྲུལ་པ་དང་ལྷན་ཅིག་འགྲོ་བ་ནས། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྤྱོད་ཡུལ་དུ་ཞུགས་པས་རྣལ་འབྱོར་པ་བསྒོམ་པར་མི་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་དེ་བསྡུས་པ་ཡིན་ནོ། །འདིས་ནི་གོམས་པར་བྱེད་པ་བཀག་པ་ཡིན་གྱི། གདུལ་བའི་དོན་དུ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ལ་སོགས་པ་བསྟན་
པའི་ཕྱིར་སེམས་རྩེ་གཅིག་པ་ཉིད་མངོན་དུ་བྱ་བ་ནི་བཀག་པ་མ་ཡིན་ཏེ། དེ་ལ་སྐྱོན་ཆགས་པ་མེད་པའི་ཕྱིར་རོ། །མངོན་པར་འདུ་བར་ཡང་མི་བྱའོ་ཞེས་བྱ་བ་ནི། རྣལ་འབྱོར་བསྒོམ་པར་ཞེས་བྱ་བར་སྦྱར་རོ། །མི་རྣམས་མངོན་པར་འདུ་བའི་གནས་གང་དུ་འདུ་བ་དང་འོང་བ་དང་འགྲོ་བ་
ཡོད་པ་དེར་ཡང་རྣལ་འབྱོར་བསྒོམ་པར་མི་བྱའོ། །འདིར་གཞུང་ནི་དགེ་སློང་དག་སྒོ་གང་དུ་རྣལ་འབྱོར་སྒོམ་པར་བྱེད་པ་ན་དེ་དག་གཉིད་ཡུར་བ་དང་མ་དད་པ་དག་འདི་སྐད་ཅེས་འཕགས་པ་དག་ཅི་ཁྱེད་ཅག་འདུ་བར་ཉལ་བའི་བརྟུལ་ཞུགས་ཅན་ཡིན་ནམ་ཞེས་ཅོ་འདྲི་བར་བྱེད་པའི་སྐབས་
དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་གང་དུ་རྣལ་འབྱོར་བསྒོམ་པར་མི་བྱའོ། །དེ་བཞིན་དུ་ཁྱམས་ལ་སོགས་པ་དག་ཏུ་ཡང་བསྒོམ་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །སྒོ་བཅད་ན་ནི་ཁྱམས་ལ་སོགས་པ་དག་
ཏུ་མངོན་པར་འདུ་བ་ཉིད་རྒྱུན་ཆད་པར་འགྱུར་བས་དེའི་ཚེ་ཁྱམས་ལ་སོགས་པ་ཡང་རྣལ་འབྱོར་བསྒོམ་པ་ལ་ཉེས་པ་མེད་དེ་གཉི་ག་བསྒྲུབ་པའི་ཕྱིར་མངོན་པར་འདུ་བར་ཡང་མི་བྱའོ་ཞེས་བྱ་བའི་ཚིག་སྨོས་སོ། །རྣམ་པར་གཡེང་བར་བྱེད་པ་དང་གཏུམ་པོ་དང་གྱ་ཚོམ་པ་དག་ཡོངས་
Vol. 163 · folio 96a
སུ་སྤང་བར་རིགས་སོ་ཞེས་བྱ་བ་ལ། རྣམ་པར་གཡེང་བར་བྱེད་པ་ཞེས་བྱ་བ་ནི། གནས་ཁང་སྟེ་དེར་མི་ལ་སོགས་པའི་སྒྲ་འབྱུང་བས་རྣམ་པར་གཡེང་བར་བྱེད་པའི་ཕྱིར་རོ། །དེ་དག་གནས་ཁང་དུ་སྒོམ་པར་བྱེད་པ་ན་བསམ་གཏན་དག་གི་ཚེར་མ་ནི་སྒྲ་ཡིན་པས་
སེམས་རྩེ་གཅིག་པ་ཉིད་དུ་མི་བཏུབ་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་ཁང་དུ་རྣལ་འབྱོར་བསྒོམ་པར་མི་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །གཏུམ་པོ་ཞེས་བྱ་བ་ནི་སེང་གེ་དང་སྟག་ལ་སོགས་པ་སྲོག་ཆགས་གཏུམ་པོ་དག་སྟེ། གཏུམ་བརླང་ཆེ་
བའི་ཕྱིར་རོ། །དེ་དག་དགོན་པར་སྒོམ་པར་བྱེད་ན་ཆོམ་རྐུན་པ་རྣམས་དང་གཡོན་ཅན་རྣམས་དང་། སེང་གེ་རྣམས་དང་། སྟག་རྣམས་དང་། གུང་རྣམས་དང་། གཟིག་རྣམས་ཀྱིས་བགྲོད་པར་གྱུར་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་ནས་བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། དགོན་པར་རྣལ་འབྱོར་བསྒོམ་པར་མི་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །གྱ་ཚོམ་པ་ཞེས་བྱ་བ་ནི། ཀྱལ་ཀ་ཅན་དང་ནལ་ཕྲུག་ལ་སོགས་པ་དག་སྟེ། གྱ་ཚོམ་དང་སྨྱོན་ཐབས་ཆེ་བའི་ཕྱིར་རོ། །དེ་དག་གྲོང་གི་ཉེན་འཁོར་དུ་དོང་སྟེ། སྒོམ་པར་བྱེད་
པ་དག་ལ་མ་དད་པ་དག་འདི་སྐད་ཅེས་འཕགས་པ་དག་འདི་ཅི་ཁྱེད་ཅག་འགའ་ཤི་བ་དང་ལྡན་པ་ཡིན་ནམ་ཞེས་ཅོ་འདྲི་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤོང་ཁང་བརྩིག་པར་བྱའོ་ཞེས་བྱ་བའི་བར་
དུ་གསུངས་པ་ཡིན་ཏེ། མདོ་འདིས་ནི་དེ་དག་བསྡུས་པ་ཡིན་ནོ། །དེའི་ཕྱིར་སྤང་ཁང་གི་སྐབས་བསྟན་པའི་ཕྱིར། སྤོང་ཁང་བརྩིག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། བསྒོམ་པའི་གནས་བརྩིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་རྣམ་པ་ཅི་འདྲ་ཞེ་ན། དེའི་ཕྱིར། གནས་ཁང་གཉིས་ཀྱི་བར་
དུ་སྲང་གདོད་དོ་ཞེས་བྱ་བ་སྨྲས་ཏེ། ངོས་ཡ་གཅིག་ཏུ་ཡང་གནས་ཁང་གཅིག་བརྩིགས་ལ་ངོས་ཡ་གཅིག་ཏུ་ཡང་གནས་ཁང་གཅིག་རྩིག་ཅིང་བར་དུ་སྲང་གདོད་པར་བྱ་བ་སྟེ། འདི་ནི་སྤོང་ཁང་ཆུང་ངུའི་རྣམ་པ་ཡིན་ནོ། ལྔའམ་དྲུག་གིའོ་ཞེས་བྱ་བའི་བར་དུ་སྲང་གདོད་དོ་ཞེས་བྱ་བར་
Vol. 163 · folio 96b
སྦྱར་ཏེ། ངོས་ཡ་གཅིག་ཏུ་ཡང་གནས་ཁང་ལྔ་བརྩིགས་ལ་ངོས་ཡ་གཅིག་ཏུ་ཡང་གནས་ཁང་ལྔ་བརྩིག་ཅིང་བར་དུ་སྲང་གདོད་པར་བྱ་བའམ། ཡང་ན་ངོས་ཡ་གཅིག་ཏུ་ཡང་གནས་ཁང་དྲུག་བརྩིགས་ལ་ངོས་ཡ་གཅིག་ཏུ་ཡང་གནས་ཁང་དྲུག་བརྩིག་ཅིང་བར་དུ་སྲང་གདོད་པར་བྱ་བ་སྟེ།
གནས་ཁང་བཅུ་བའམ་གནས་ཁང་བཅུ་གཉིས་པ་འདི་ནི་སྤང་ཁང་འབྲིང་གི་རྣམ་པ་ཡིན་ནོ། །འདི་ཡང་གནས་ཁང་བཞི་པ་ཡན་ཆད་བཅུ་པ་མན་ཆད་འབྲིང་པོ་གཞན་དག་གི་དཔེ་ཙམ་དུ་ཟད་དེ་དེ་དག་ཀྱང་གང་ཡང་རུང་ངོ་། །སྒོ་གླེགས་སྒྲ་མི་འབྱུང་བ་དང་དྲང་བའི་ཐབས་ཀྱང་ངོ་ཞེས་བྱ་བ་ནི།
བྱའོ་ཞེས་བྱ་བར་སྦྱར་ཏེ། འོག་ནས་སྒོ་ཁང་བྱའོ་ཞེས་འབྱུང་བ་ཡན་ཆད་ཀུན་འདིའི་རྗེས་སུ་སྦྱར་རོ། །གང་ལ་སྒྲ་མི་སྙན་པ་འབྱུང་བ་དེ་ལ་དེ་མི་འབྱུང་བའི་ཐབས་སུ་བྱའི། གང་ལ་སྒྲ་སྙན་པ་འབྱུང་བ་དེ་ལ་ནི་ཅི་དགར་བྱས་ཏེ་ཅི་ནས་ཀྱང་གནོད་པར་མི་འགྱུར་བ་དེ་ལྟར་ཐབས་བྱ་བའོ། །འདིས་
ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྒོ་གདོད་པར་བྱ་བའོ། །དགེ་སློང་དག་སྒོ་གླེགས་མི་འཇུད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་གླེགས་གཞུག་པར་བྱའོ། །གཅད་དཀའ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་གཟུངས་གདགས་པར་བྱའོ། །སྒྲ་
འཁྲོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོག་ཏུ་ཀོ་བའི་དུམ་བུ་གཞུག་པར་བྱའོ། །འབྱེད་དཀའ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་གཟུངས་གདགས་པར་བྱའོ། །འབྱེད་པ་ན་སྒྲ་འཁྲིག་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རས་མས་དཀྲི་
བར་བྱའོ་ཞེས་གསུངས་པ་བསྡུས་པ་ཡིན་ནོ། །དེ་ལ་སྒྲ་མི་འབྱུང་བའི་ཐབས་ཤེས་པར་བྱ་བས་ནི་འོག་ཏུ་ཀོ་བའི་དུམ་བུ་གཞུག་པ་དང་རས་མས་དཀྲི་བར་བྱའོ་ཞེས་གསུངས་པ་བསྡུས་པ་ཡིན་ནོ། །དྲང་བའི་ཐབས་ཞེས་བྱ་བས་ནི་ཕྱི་ནང་གཉིས་སུ་ལག་གཟུངས་གཉིས་གདགས་པར་
བྱའོ་ཞེས་གསུངས་པ་བསྡུས་པ་ཡིན་ནོ། །གོང་དུ་སུམ་ཆ་བོར་བར་སྐར་ཁུང་ཕྱི་རུབ་ལ་ནང་ཡངས་པ་ཡང་བཟང་ངོ་ཞེས་བྱ་བ་ནི། རྩིག་ངོས་ཀྱི་གོང་གི་ཆར་སུམ་ཆ་བོར་ཞིང་འོག་ཏུ་ཡང་སུམ་གཉིས་ལུས་པའི་ཕྱོགས་གང་ཡང་རུང་བ་དེར་སྐར་ཁུང་བཏོད་ན་བཟང་སྟེ་དམས་ན་ནི་
Vol. 163 · folio 97a
ཆོམ་རྐུན་པ་དང་། གཡོན་ཅན་དང་སེང་གེ་ལ་སོགས་པ་དག་འཛུལ་བའི་ཕྱིར་རོ། །མཐོས་ན་ནི་སྣང་བ་གསལ་བར་མི་འགྱུར་རོ། །སྐར་ཁུང་དབྱིབས་ཇི་ལྟ་བུར་བྱ་ཞེ་ན། དེའི་ཕྱིར་ཕྱི་རུབ་ལ་ནང་ཡངས་པ་བཟང་ངོ་། །དྲ་བ་དང་སྒོ་གླེགས་དང་འཕྲེད་གཏན་དང་
གནམ་གཟེར་དང་འཁོར་གཏན་དང་དབྱུ་གུ་སྐམ་ཁ་ཉེ་བར་གཞག་གོ་ཞེས་བྱ་བ་ནི། བྱའོ་ཞེས་བྱ་བར་སྦྱར་རོ། །འདིས་ནི་ཁྭ་དང་མཆིལ་པ་དང་ཕུག་རོན་དག་འཇུག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐར་ཁུང་དྲ་བ་ཅན་དུ་བྱའོ། །སྦྲང་བུ་ཏྲེ་མ་བུ་ག་དང་ཏྲེ་ལ་ཏཱ་ཀ་དག་
འཇུག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་གླེགས་གཞུག་པར་བྱའོ། །རླུང་གིས་འཕྱེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕྲེད་གཏན་གཞུག་པར་བྱའོ། །གཅད་དཀའ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནམ་གཟེར་དང་འཁོར་གཏན་གཞུག་
པར་བྱའོ། །དབྱེ་དཀའ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱུ་གུ་སྐམ་ཁ་ཅན་ཉེ་བར་གཞག་པར་བྱའོ་ཞེས་གསུངས་པ་བསྡུས་པ་ཡིན་ཏེ། འཕྲེད་གཏན་དང་གནམ་གཟེར་དང་འཁོར་གཏན་དག་གིས་ནི་གཅད་པར་བྱའོ། །དབྱུ་གུ་སྐམ་ཁས་ནི་དབྱེ་བར་བྱའོ་ཞེས་བྱ་བར་སྦྱར་
རོ། །མི་ཤོང་ན་སྟེང་དུ་ཁང་མོ་ཆེ་བྱའོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་དག་མང་བ་ཉིད་ཀྱི་ཕྱིར་སྤོང་ཁང་དུ་སྤོང་བ་པ་དག་མི་ཤོང་བ་ལྟ་ན་དེའི་ཚེ་སྟེང་དུ་ཁང་མོ་ཆེ་བྱའོ། །ཡང་ན་ཡང་ཐོག་གོ་ཞེས་བྱ་བ་ནི་བྱའོ་ཞེས་བྱ་བར་སྦྱར་རོ། །མདོ་དེ་གཉིས་ཀྱིས་ནི་གཞུང་ཁ་ཅིག་ལས་དེ་དག་དེར་མི་ཤོང་
ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐོག་ཏུ་ཁང་མོ་ཆེ་བྱའོ་ཞེས་གསུངས་པ་དང་། གཞུང་ཁ་ཅིག་ལས་དེ་དག་དེར་མི་ཤོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟེང་དུ་རིམ་ཁང་གཉིས་པ་བྱའོ་ཞེས་གསུངས་པ་བསྡུས་པ་ཡིན་ཏེ། དེ་གཉིས་ཀ་ཡང་འགལ་
བ་མེད་པས་འདིར་མདོར་བསྡུས་སོ། །འཛེག་པའི་ཕྱིར་ཐེམ་སྐས་སོ་ཞེས་བྱ་བ་ནི། བྱའོ་ཞེས་བྱ་བར་སྦྱར་ཏེ་འཛེག་པའི་ཕྱིར་དེར་ཐེམ་སྐས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མི་ལྟུང་བར་བྱ་བའི་ཕྱིར་ཁ་ཁྱེར་གྱིས་བསྐོར་བར་བྱའོ་ཞེས་བྱ་བ་ནི། ཐེམ་སྐས་ལ་ཞེས་བྱ་བར་སྦྱར་ཏེ། མི་དག་མི་ལྟུང་
Vol. 163 · folio 97b
བར་བྱ་བའི་ཕྱིར་ཐེམ་སྐས་ལ་ཁ་ཁྱེར་གྱིས་བསྐོར་བར་བྱ་བའོ། །དེ་མི་འགུལ་བར་བྱ་བའི་ཕྱིར་ལྕགས་ཀྱི་གཟེར་བུ་དག་གིས་གདབ་པོ་ཞེས་བྱ་བ་ནི། ཁ་ཁྱེར་དེ་མི་འགུལ་བར་བྱ་བའི་ཕྱིར། ལྕགས་ཀྱི་གཟེར་བུ་དག་གིས་གདབ་པར་བྱ་བའོ། །དེ་དག་གིས་ནི་དེ་དག་འཛེག་དཀའ་ནས་
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐེམ་སྐས་བྱའོ། །ལྟུང་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་ཁྱེར་གྱིས་བསྐོར་བར་བྱའོ། །དེ་འགུལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྕགས་ཀྱི་གཟེར་བུ་དག་གིས་གདབ་པར་བྱའོ་ཞེས་གསུངས་པ་དེ་བསྡུས་
པ་ཡིན་ནོ། །ཕྱི་རོལ་དུ་སྤོང་ཁང་ཆེན་པོའམ་གནས་ཁང་གི་ཚར་དག་ཀྱང་ངོ་ཞེས་བྱ་བ་ནི། བྱའོ་ཞེས་བྱ་བའི་རྗེས་བསྙགས་པའི་ཕྱིར་ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །སྤོང་ཁང་གི་ཕྱི་རོལ་དུ་སྤོང་ཁང་ཆེན་པོའམ་གནས་ཁང་གི་ཚར་དག་བྱ་བའོ། །འདིར་ཡང་འམ་ཞེས་བྱ་བའི་སྒྲ་ནི་
ཚིག་གཉི་ག་ཡང་བསྡུ་བའི་ཕྱིར་རོ། །འདིས་ནི་འོན་ཀྱང་མ་ཤོང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱི་རོལ་དུ་སྤོང་ཁང་ཆེན་པོ་བྱའོ་ཞེས་གསུངས་པ་དང་། གཞུང་ཁ་ཅིག་ལས་འོན་ཀྱང་མ་ཤོང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱི་རོལ་དུ་གནས་ཁང་
གི་ཚར་དག་བྱའོ་ཞེས་གསུངས་པ་བསྡུས་པ་ཡིན་ནོ། །སྒོའི་ཐད་ཀར་སྒོ་གདོད་པར་མི་བྱའོ་ཞེས་བྱ་བ་ནི། གནས་ཁང་ཐམས་ཅད་ལ་སྒོ་གཅིག་གི་བྱང་ཐད་དུ་སྒོ་གཞན་གདོད་པར་མི་བྱ་བའོ། །འདིས་ནི་དེ་དག་ཉེན་ཀོར་དུ་འགྱུར་བའི་སྒོ་དག་འདོད་ཅིང་ཕན་ཚུན་སྣང་ནས། བཅོམ་ལྡན་
འདས་བཀའ་སྩལ་པ། སྒོ་དག་གཟུར་ཏེ་གདོད་པར་བྱའོ་ཞེས་གསུངས་པ་བསྡུས་པ་ཡིན་ནོ། །སྒོ་ཁང་བྱའོ་ཞེས་བྱ་ནི། སྤོང་ཁང་ལ་སྒོ་ཁང་བྱའོ། །ཕུག་ཀྱང་ངོ་ཞེས་བྱ་བ་ནི། དེའི་ཉེན་ཀོར་གྱི་ཆེད་དུ་ས་ཕུག་ལ་སོགས་པ་ཡང་བྱ་བའོ། །འདུག་པའི་ཆེད་དུ་སའི་སྟེགས་བུ་དག་དང་ཁྲིའུ་
ཡང་བྱའོ་ཞེས་བྱ་བ་ནི། འདུག་པར་བྱ་བའི་ཆེད་དུ་ས་ལས་བྱས་པའི་སྟེགས་བུ་དག་དང་ཁྲིའུ་ཡང་བྱ་བའོ། །དེ་ནི་ཁོ་ར་ཁོར་ཡུག་ཏུ་ཁྲུ་བཞིས་འཁོར་བར་བཟང་ངོ་ཞེས་བྱ་བ་ནི། ཁྲིའུ་དེ་ནི་ངོས་བཞི་ཁོ་ར་ཁོར་ཡུག་ཁྲུ་བཞིས་འཁོར་བ་བཟང་སྟེ། ཁྲུ་བཞིས་ངོས་རེ་ལ་ཁྲུ་རེའི་ཚད་དུ་བྱའོ་ཞེས་
Vol. 163 · folio 98a
བྱ་བའི་ཐ་ཚིག་གོ། །ཐགས་མ་ནི་རྣམ་པ་ལྔའོ་ཞེས་བྱ་བ་ནི། ཁྲིའུའི་སྟེང་དྲ་བར་བརྒྱུ་བའི་ཐགས་མ་རྒྱུ་ནི་རྣམ་པ་ལྔ་ཡོད་པའོ། །ལྔ་གང་ཞེ་ན། དེའི་ཕྱིར་མུན་ཛའི་དང་ཤ་ནའི་དང་གྲེས་མའི་དང་རས་མའི་དང་སྦ་ཕྲ་མོའིའོ་ཞེས་བྱ་བ་སྨྲས་ཏེ། རུང་བར་གྲགས་པ་བསྟན་པའི་
ཕྱིར་མུན་ཛ་ལ་སོགས་པ་སྨོས་པར་ཟད་ཀྱི་འདིས་ཐ་གུ་ལ་སོགས་པ་བཀག་པ་ནི་མ་ཡིན་པར་ཤེས་པར་བྱའོ། །དེར་སྟན་ནང་ཚངས་ཅན་དག་གདིང་ངོ་ཞེས་བྱ་བ་ནི། ཁྲིའུ་དེའི་སྟེང་དུ་རས་བལ་ལ་སོགས་པས་བརྫངས་པའི་སྟན་ནང་ཚངས་ཅན་དག་གདིང་བར་བྱ་བའོ། །དེའི་ཁོ་ར་ཁོར་ཡུག་ཏུ་
མཐོ་གང་ལྷག་པ་ཉིད་བཟང་ངོ་ཞེས་བྱ་བ་ནི། ཁྲིའུ་དེའི་ཁོ་ར་ཁོར་ཡུག་ཏུ་སྟན་ནང་ཚངས་ཅན་དེའི་མཐའ་མ་མཐོ་རེ་རེ་ལྷག་ན་བཟང་བ་སྟེ་དེ་ལྟར་ཁོ་ར་ཁོར་ཡུག་ཏུ་མཐོ་རེ་རེ་ལྷག་པར་བྱས་ན་འདུག་པ་ལ་སོགས་པ་ལ་ཁྲིའུ་དེ་མི་གནོད་ཅིང་སྟན་ནང་ཚངས་ཅན་དེའི་ཐ་མའི་རེག་པ་ཡང་འོག་ནས་གནོད་
པར་མི་འགྱུར་རོ། །དེ་ལྟ་བས་ན་རྫས་སྲིད་དུ་ཁྲུ་བཞི་བ་ཞེང་དུ་ཁྲུ་དོ་ཡོད་པ་ཉིས་བལྟབ་ཏུ་བྱས་ཏེ་དྲུབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྟན་ནང་ཚངས་ཅན་དེའི་ནང་དུ་ཅིས་དགང་ཞེ་ན་དེའི་ཕྱིར། ཨརྒའི་དང་ཀ་ཤའི་དང་ཨེར་ཀའི་དང་སྤྲ་བའི་དང་ཤལ་མ་ལི་དག་གི་བལ་གྱིས་དགང་ངོ་
ཞེས་བྱ་བ་སྨྲས་སོ། །ཡང་ན་བལ་དང་ཤ་ན་དང་རས་བལ་དང་རས་མ་དག་དང་ལོ་མའི་ཚོགས་དག་གིས་ཀྱང་ངོ་ཞེས་བྱ་བ་ཡང་སྨྲས་ཏེ། ཨརྒ་ལ་སོགས་པའི་བལ་གྱིས་བཀང་ན་བཟང་ངོ་། གྲགས་པ་བསྟན་པའི་ཕྱིར་དེ་དག་སྨོས་པར་ཟད་ཀྱི་གྲངས་དེ་དག་ཏུ་ཆད་པ་ནི་མ་ཡིན་ཏེ། དེས་ན་ཤིང་
བལ་གཞན་དག་གིས་བཀང་ན་ཡང་རུང་བ་ཁོ་ན་ཡིན་ནོ། །དོན་ཇི་ལྟ་བ་བཞིན་དུ་འཇུག་པར་བྱ་བའི་ཕྱིར་མདོ་མདོར་བྱ་རོག་རྐང་དག་བྱའོ་ཞེས་བྱ་བ་ལ་དོན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི། སྟན་ནང་ཚངས་ཅན་གྱི་ནང་གི་ཕྱོགས་ཐམས་ཅད་དུ་ཤིང་བལ་དག་ཁོད་སྙོམས་པར་འགྱུར་བ་སྟེ། དེ་ལྟར་
ཁོད་སྙོམས་པར་འདུག་ཅིང་ཅི་ནས་ཀྱང་ཤིང་བལ་དེ་དག་སྟན་ནང་ཚངས་ཅན་གྱི་ཕྱོགས་པ་ཐམས་ཅད་དུ་སྙོམས་པར་ཁྱབ་ཅིང་གཞན་དུ་མི་འཆུགས་པར་བྱ་བའི་ཕྱིར་སྟེང་གི་མདོ་མདོར་སྲུབས་བྱ་རོག་གི་རྐང་པ་འདྲ་བ་དག་གིས་གཟུངས་གདབ་པར་བྱ་བའོ་ཞེས་བྱ་བའི་ཐ་ཚིག་གོ། །
Vol. 163 · folio 98b
བསྒོམ་པ་ན་གཉིད་ཀྱི་གནོད་པ་བསལ་བའི་ཕྱིར། གཉིད་བྲོ་ན་གདོས་བུས་གདགས་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། གདོས་བུ་ཞེས་བྱ་བ་ནི་ཤིང་བལ་ལ་སོགས་པ་ལས་བྱས་པའི་གདོས་བུ་ཆུ་ཚོད་ཀྱི་སྣོད་འདྲ་བ་ཆུད་དུ་མ་སྟེ་དེ་ལུང་མིག་ནས་སྐུད་པས་བཏགས་ཏེ་བསམ་གཏན་
པ་རྣམས་གཉིད་བྲོ་ན་གདོས་བུ་དེ་རང་གི་རྣ་བ་ལ་བཏགས་ཏེ་དཔྱང་བར་བྱ་བའོ། །འདིར་གཞུང་ནི་གཉིད་བྲོ་ན་གདོས་བུ་གདགས་པར་བྱའོ། །དེ་ལྟུང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐུད་པས་བཅིངས་ཏེ་རྣ་བ་ལ་གདགས་ཤིང་བསྲེལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དབྱུ་
གུ་དལ་བུས་གཟུགས་པར་བྱའོ་ཞེས་བྱ་བ་ནི། སྤང་བ་པ་ཡུར་ན་སྤང་བའི་ཞལ་ཏ་པས་དབྱུ་གུ་དག་གིས་དལ་བུས་ཅི་ནས་དེའི་སེམས་གནས་པ་ཉིད་འདྲོགས་པར་མི་འགྱུར་བ་དེ་ལྟར་དལ་བུས་གཟུགས་པར་བྱའོ། །འདི་ནི་སྤོང་བའི་ཞལ་ཏ་བའི་ལས་ཡིན་ཏེ་དེས་དབྱུ་གུས་དལ་བུས་བཙུགས་
པ་དེས་དེའི་གཉིད་སད་པར་འགྱུར་རོ། །སྣད་པར་མི་འགྱུར་བར་བྱ་བའི་ཕྱིར་བྲེའི་བཅད་འཕྲོ་ལྟ་བུ་རས་མ་དག་གིས་དཀྲིས་པས་སོ་ཞེས་བྱ་བ་ནི། དབྱུ་གུ་དེས་སྤོང་བའི་ལུས་སྣང་བར་མི་འགྱུར་བར་བྱ་བའི་ཕྱིར་དབྱུ་གུ་དེའི་རྩེ་མོ་བྲེ་ཞེས་བྱ་བ་གཞལ་སྣོད་ཀྱི་རྣམ་པ་དེའི་བཅད་འཕྲོ་ལྟར་
མཉམ་པར་བྱ་ཞིང་དེ་ཡང་རས་མ་དག་གིས་དཀྲིས་པས་དལ་བུས་གཟུགས་པར་བྱ་བའོ། །རས་མ་ཞེས་སྨོས་པ་ནི་རས་བལ་ལ་སོགས་པ་གཞན་དག་གི་དཔེ་ཙམ་དུ་ཟད་དོ། །འདིར་གཞུང་ནི་འོན་ཀྱང་ཡུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱུ་གུས་གཟུགས་པར་བྱའོ། །དགེ་སློང་
དག་གིས་སྨྱིག་མ་བཙལ་ཏེ་དེས་འཛུགས་པ་ན་རྨ་བྱུང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲེའི་བཅད་འཕྲོ་ལྟ་བུར་བྱའོ། །འོན་ཀྱང་སྣད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རས་མ་དག་གིས་དཀྲིས་ནས་དལ་བུས་ཁད་ཀྱིས་ཁད་ཀྱིས་གཟུགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །
ཕོ་ལོང་འཕང་བར་བྱའོ་ཞེས་བྱ་བ་ནི། སྤོང་བ་པ་ཡུར་བ་སྤོང་བའི་ཞལ་ཏ་པས་ཕོ་ལོང་འཕང་བར་བྱའོ། །ཡང་ཕྱིར་འོང་བར་བྱ་བའི་ཕྱིར་ཐ་གུས་གདགས་པར་བྱའོ་ཞེས་བྱ་བ་ནི། ཕོ་ལོང་དེ་ཡང་ཕྱིར་དྲང་པོར་བྱ་བའི་ཕྱིར་ཐ་གུ་ཕྲ་མོ་རིང་པོས་བཏགས་ཏེ་འཕང་བར་བྱའོ། །དེ་ལྟར་བྱས་ན་ཡང་དང་
Vol. 163 · folio 99a
ཡང་དུ་འཕང་ཞིང་ཕྱིར་བླངས་སླ་བར་འགྱུར་རོ། །འདིར་གཞུང་ནི་འོན་ཀྱང་ཡུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕོ་ལོང་འཕང་བར་བྱའོ། །དགེ་སློང་དག་གིས་མུན་ཁུང་ན་མི་མཐོང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐ་གུས་བཏགས་ཏེ་འཕང་བར་བྱ་
ཞིང་དེ་ནས་ཡང་ཕྱིར་དྲང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །མདུན་དུ་མར་མེ་གཞག་པར་བྱའོ་ཞེས་བྱ་བ་ནི། འོན་ཀྱང་ཡུར་ན་སྤང་བའི་ཞལ་ཏ་པས་དེའི་མངོན་སུམ་དུ་མར་མེ་གཞག་པར་བྱའོ། །འདིར་གཞུང་ནི་འོན་ཀྱང་ཡུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདུན་དུ་མར་མེ་གཞག་
པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འོན་ཀྱང་གཉིད་མ་སངས་ན་རྐང་པ་དབྱུང་ངོ་། །འོན་ཀྱང་མ་སངས་ན་ཡ་གཅིག་ཀྱང་ངོ་ཞེས་བྱ་བ། རྐང་པ་ཡ་གཅིག་ཀྱང་དབྱུང་བར་བྱ་བའོ། །འདིར་གཞུང་ནི་འོན་ཀྱང་ཡུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་ཡ་གཅིག་བརྐྱང་བར་བྱའོ། །
འོན་ཀྱང་ཡུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་ཡ་གཅིག་ཀྱང་བརྐྱང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །མི་འཐོམ་པར་བྱ་བའི་ཕྱིར་འཕྲེང་ཐག་དེ་ལྟ་བུ་ལ་བསྐོན་པའི་སྦུ་གུའམ་དེ་ལ་བཏགས་པའི་ཐ་གུ་ལ་འཇུས་ཏེ་བཅག་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་སྤང་བ་
པ་མུན་ཁུང་ན་འཆག་པ་ལམ་མི་རྩོལ་ཞིང་མི་འཐོམ་པར་བྱ་བའི་འཆགས་མགོ་མཇུག་སླེབས་པའི་འཕྲེང་ཐག་ཐང་ཆད་རབ་ཏུ་བརྒྱངས་པ་དེ་ལྟ་བུ་ལ་སྨྱིག་མའི་སྦུ་གུ་ལ་སོགས་པ་བསྐོན་པ་ལ་འཇུས་ཏེ་བཅག་པར་བྱ་བའམ་ཡང་ན་སྦུ་གུ་དེ་ལ་བཏགས་པའི་ཐ་གུ་ལ་འཇུས་ཏེ་སྦུ་གུ་ཕར་ཁྲིད་ཚུར་
ཁྲིད་ཅིང་བཅག་པར་བྱ་བའོ། །འདིར་གཞུང་ནི་འོན་ཀྱང་ཡུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལངས་ཏེ་བཅག་པར་བྱའོ། །དགེ་སློང་དག་འཆག་པ་ན་འཐོམ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕྲེང་ཐག་ལ་འཇུ་བར་བྱའོ། །དེ་དག་ལག་པས་ཆང་རྒྱུད་བྱེད་ནས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦུ་གུ་བསྐོན་ལ་སྐུད་པས་བཏགས་པ་ལ་འཇུས་ཏེ་བཅག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ལྟར་གཙུག་ལག་ལས་སྦུ་གུ་ལ་འཇུས་ཏེ་ཞེས་མ་གསུངས་མོད་ཀྱི་འོན་ཀྱང་རུང་བར་སྣང་བས་དེས་ན་ལོགས་ཤིག་ཏུ་སྨོས་སོ། །མཆིལ་ལྷམ་ཅན་གྱིས་
Vol. 163 · folio 99b
བཅག་པར་མི་བྱའོ་ཞེས་བྱ་བ་ནི། སྤོང་བ་པ་ཉི་ཚེར་མ་ཟད་ཀྱི་གཞན་ཐམས་ཅད་ཀྱིས་ཀྱང་མི་བྱ་སྟེ། འདི་ནི་ཐམས་ཅད་དུ་མ་གུས་པར་འགྱུར་བ་ཡིན་པས་ན་མ་གུས་པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་བཀག་པ་ཡིན་ནོ། །རྐང་པ་གཉིས་ལ་རྡུལ་མི་འགོ་པར་བྱ་བའི་ཕྱིར་པར་ཏང་གདིང་བར་བྱའོ་ཞེས་བྱ་བ་ནི།
འཆག་པའི་ཚེ་རྐང་པ་གཉིས་ལ་རྡུལ་མི་འགོ་བར་བྱ་ཞིང་རྐང་པ་རྡུལ་ཅན་གྱིས་སྐྱིལ་མོ་ཀྲུང་བཅས་པ་ན་གོས་མ་རུང་བར་མི་བྱ་བའི་ཕྱིར། འཆག་སར་པར་ཐང་གདིང་བར་བྱའོ། །འདིར་པར་ཐང་ཞེས་སྨོས་པ་ནི་དབྱམ་པོ་དང་སྟན་གཞན་དག་གི་དཔེ་ཡིན་ནོ། །སྤོང་བ་པས་ཞག་གསུམ་ཞིང་རྐང་པ་
གཉིས་བསྐུ་བར་བྱའོ་ཞེས་བྱ་བ་ནི། ཞག་གསུམ་གསུམ་ཞིང་རྐང་པ་གཉིས་བསྐུ་བར་བྱའོ། །འདིར་བསྐུ་བ་ཙམ་དུ་གསུངས་པར་ཟད་ཀྱི་འབྲུ་མར་ལ་སོགས་པས་ཧ་ཅང་སྣུམ་པོར་བྱ་བ་ནི་མ་ཡིན་ཏེ། འདི་ལྟར་དིང་སང་ཡང་ཡུལ་དབུས་ན་དང་པོར་རྐང་པ་གཉིས་འཁྲུ་ཞིང་ཕྱིས་ཅུང་ཟད་ཙམ་སྐུད་པར་
བྱེད་དེ་དེས་ན་གོས་ལ་སོགས་པ་སྣུམ་པོ་ཉིད་དུ་མི་འགྱུར་རོ། །མ་ནུས་ན་དེར་ཡང་ཉལ་བར་བྱའོ་ཞེས་བྱ་བ་ནི། གཉིད་བྲོ་བ་བསང་བར་མ་ནུས་ན་རྣལ་འབྱོར་གྱི་གནས་དེར་ཡང་ཉལ་བ་ལ་ཉེས་པ་མེད་པའོ། །སྒོ་བཅད་པར་རོ་ཞེས་བྱ་བ་ནི། སྒོ་གླེགས་ལ་སོགས་པས་སྒོ་བཅད་པ་དེར་ཉལ་བ་ལ་ཉེས་པ་
མེད་པའོ། །འདི་ནི་གཞན་དག་མ་དད་པར་འགྱུར་བ་དང་མཐོ་བཙམས་པར་འགྱུར་པ་སྤང་བའི་ཕྱིར་རོ། །གློས་ཀྱང་ཕབ་སྟེའོ་ཞེས་བྱ་བ་ནི། ཉལ་དུ་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །སྤོང་བའི་ཕྱིར་ཞལ་ཏ་པ་བསྒོ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་སྤོང་བ་པ་རྣམས་ཀྱི་ཕྱིར་སྤོང་བའི་ཞལ་ཏ་བྱེད་
པ་ནི་སྤོང་བའི་ཞལ་ཏ་པ་ཞེས་བྱ་སྟེ། དེ་དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྒོ་བར་བྱ་བའོ། །དེའི་བྱ་བ་ནི་ལངས་མ་ཐག་ཁོ་ནར་ཆག་ཆག་གདབ་པ་དང་ཕྱག་དར་བྱ་བ་དང་ལྕི་བ་སར་པའི་བྱུག་པས་བསྐུ་བར་བྱའོ་ཞེས་བྱ་བ་ལ། དེའི་བྱ་བ་ཞེས་བྱ་བ་ནི། སྤོང་བའི་ཞལ་
ཏ་བ་དེས་ལས་སུ་བྱ་བ་སྟེ་དེས་བྱ་བའི་ལས་འོག་ནས་འབྱུང་བ་ཐམས་ཅད་དང་སྤྱིར་སྦྱར་རོ། །ལངས་མ་ཐག་ཁོ་ནར་ཞེས་བྱ་བ་ནི་ནམ་ལངས་མ་ཐག་ཁོ་ནར་ལངས་ནས་སོ། །ཆག་ཆག་གདབ་པ་ལ་སོགས་པ་ནི་གནས་གང་དུ་སྤོང་བ་པ་དག་སྤོང་བར་བྱེད་པ་དེར་ཆག་ཆག་ལ་སོགས་པ་གདབ་
Vol. 163 · folio 100a
པའོ། །སྟན་བཤམ་པར་བྱའོ་ཞེས་བྱ་བ་ནི། དེར་སྟན་དག་གདིང་བར་བྱ་བའོ། །མི་གཙང་བའི་སྐྱབས་གཉིས་བྱི་དོར་བྱའོ་ཞེས་བྱ་བ་ནི། བཤང་བ་དང་གཅི་བའི་ས་གཉིས་བྱི་དོར་བྱ་བའོ། །ཆག་ཆག་ལ་སོགས་པས་སོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཕྱག་དར་བྱ་བ་དང་།
ལྕི་བ་སར་པའི་བྱུག་པས་བསྐུ་བ་དག་བསྡུ་སྟེ། དེ་དག་གིས་ཕྱི་རོལ་ཆེ་ཆུང་གི་ས་དག་བྱི་དོར་བྱའོ། །བོང་རྡོག་དང་ས་དང་ཆུ་དག་གཞག་པར་བྱའོ་ཞེས་བྱ་བ་ནི། དག་པར་བྱ་བའི་ཕྱིར་ཆབ་ཁུང་ས་དག་ཏུ་དེ་དག་གཞག་པར་བྱ་བའོ། །འདི་སྐད་བསྟན་ཏེ། ཆབ་ཁུང་ས་དེར་བོང་རྡོག་དང་ས་དང་
དུས་དང་མཐུན་པའི་ཆུ་དག་གཞག་པར་བྱའོ། །བསྡུ་བའི་ཕྱིར་གཎྜཱི་བརྡུང་ངོ་ཞེས་བྱ་བ་ནི། རྣལ་འབྱོར་གྱི་གནས་དེར་སྤོང་བ་པ་དག་བསྡུ་བའི་ཕྱིར་གཎྜཱི་བརྡུང་བར་བྱ་བའོ། །དེའི་གནས་ནི་ཁང་སྟོང་ངོ་ཞེས་བྱ་བ་ནི། གཎྜཱི་བརྡུང་བའི་གནས་ནི་ཁང་སྟེང་ཡིན་ནོ། །དེ་ཡང་ཕྱོགས་མཐོན་པོ་གང་ཡང་
རུང་བ་དག་གི་དཔེ་ཡིན་ནོ། །དགེ་འདུན་བསྡུ་བའི་ཕྱིར་ནི་རྒྱུད་གསུམ་དང་དེ་སྙེད་ཀྱི་ཏོག་དག་གོ་ཞེས་བྱ་བ་ནི། དགེ་འདུན་བསྡུ་བའི་ཕྱིར་གཎྜཱི་བརྡུང་བ་ལ་ནི་བསླབ་པའི་རྒྱུན་ལན་གསུམ་བརྡུང་ཞིང་མཇུག་དུ་ཏོག་ཀྱང་དེ་སྙེད་བྱ་སྟེ། མཇུག་ཏུ་ཏོག་སྒྲ་ཆེན་པོ་ནན་གསུམ་བྱ་བའི་ཐ་ཚིག་གོ།
ལས་བྱ་བའི་དོན་དུ་ནི་རྒྱུད་གཅིག་དང་ཏོག་གསུམ་མོ་ཞེས་བྱ་བ་ནི། ལས་བྱ་བའི་དོན་དུ་གཎྜཱི་བརྡུང་བ་ལ་ནི་རྒྱུད་གཅིག་དང་ཏོག་གསུམ་བརྡུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཁ་ཅིག་ལས་ནི་རྒྱུད་གསུམ་དང་ཏོག་གཉིས་སོ་ཞེས་བྱ་བ་ནི། ལུགས་ཁ་ཅིག་ལས་ལས་བྱ་བའི་དོན་དུ་གཎྜཱི་བརྡུང་
བ་ལ་ནི་རྒྱུད་གསུམ་དང་ཏོག་གཉིས་ཞེས་ཀྱང་འབྱུང་ངོ་། །ཤི་བ་ལ་ཕྲག་པ་དབྱུང་བའི་དོན་དུ་ནི་བྱི་བོའོ་ཞེས་བྱ་བ་ནི། ཤི་བའི་དོན་དུ་འདུས་ཤིང་ཁྱོགས་ཕྲག་པས་འདེགས་པ་ལ་སོགས་པའི་དོན་དུ་གཎྜཱི་བརྡུང་བ་ནི་བྱི་བོ་སྟ། བྱི་བོ་ཞེས་བྱ་བ་ནི། རྒྱུད་ཉི་ཚེ་བརྡུང་ཞིང་མཇུག་དུ་ཏོག་མི་བརྡུང་
བ་ཡིན་ནོ། །ཁ་ཅིག་ལས་ནི་རྒྱུད་གཅིག་དང་ཏོག་གཅིག་གོ་ཞེའོ་ཞེས་བྱ་བ་ནི། ལུགས་ཁ་ཅིག་ལས་ཤི་བའི་དོན་དུ་གཎྜཱི་བརྡུང་བ་ནི་རྒྱུད་གཅིག་དང་ཏོག་གཅིག་གོ་ཞེས་ཀྱང་འབྱུང་ངོ་། །སྤོང་བ་པའི་དོན་དུ་ནི་ཁར་གསིལ་ལོ་ཞེས་བྱ་བ་ནི། སྤོང་བ་པ་སྤོང་བ་ལ་འདུ་བའི་དོན་དུ་ནི་ཁར་གསིལ་
Vol. 163 · folio 100b
གྱིས་གཎྜཱིའི་བྱི་བོ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཁ་ཅིག་ལས་ནི་གཎྜཱི་ཆུང་ངུ་ཞེའོ་ཞེས་བྱ་བ་ནི། ལུག་ཁ་ཅིག་ལས་ནི་སྤོང་པ་པའི་དོན་དུ་གཎྜཱི་ཆུང་ངུ་བརྡུང་ངོ་ཞེས་ཀྱང་འབྱུང་ངོ་། །གནོད་པ་བྱུང་བ་ལ་ནི་ཅི་ཙམ་གྱིས་ཆོག་པའོ་ཞེས་བྱ་བ་ནི། གནོད་པ་བྱུང་བའི་ཚེ་གཎྜཱི་བརྡུང་བ་ནི་ཇི་
ཙམ་གྱིས་ཆོག་པ་དེ་ཙམ་དུ་བརྡུང་བར་བྱ་སྟེ། ནམ་ཞི་བར་གྱུར་གྱི་བར་དུ་བརྡུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཟན་གྱི་ཕྱིར་འདུ་བའི་དོན་དུ་གཎྜཱི་དང་གཎྜཱི་ཆུང་ངུ་གཉིས་ཀ་བརྡུང་ངོ་ཞེས་བྱ་བ་ནི། ཟན་གྱི་ཕྱིར་འདུ་བ་གང་ཡིན་པ་དེའི་དོན་དུ་ནི་གཎྜཱི་དང་གཎྜཱི་ཆུང་ངུ་གཉི་ག་བརྡུང་བར་བྱའོ། །ཅི་དེ་
གཉིས་ཅིག་ཆར་རམ་མཇུག་ཐོགས་སུ་བརྡུང་བར་བྱ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར། བར་དུ་བཅད་དེའོ་ཞེས་བྱ་བ་སྨྲས་སོ། །ཇི་ཙམ་གྱིས་བར་དུ་བཅད་དེ་ཞེ་ན་དེའི་ཕྱིར། བསྒྱངས་པས་སོ་ཞེས་བྱ་བ་སྨྲས་ཏེ། དུས་ཇི་ཙམ་གྱིས་སངས་རྒྱས་མཆོད་པ་དང་། ལྷུང་བཟེད་བཀྲུ་བ་ལ་སོགས་
པའི་ལས་འགྲུབ་པར་འགྱུར་བའི་དུས་དེ་ཙམ་གྱི་མདུན་རོལ་དུ་གཎྜཱི་ཆུང་ངུ་བརྡུངས་ལ། ཁང་སྐྱོང་དང་གཙང་སྦྱོར་ལ་སོགས་པས་སངས་རྒྱས་མཆོད་པ་དང་། ལྷུང་བཟེད་བཀྲུ་བ་ལ་སོགས་པའི་ལས་བྱས་ནས། དེའི་འོག་ཏུ་གདུགས་ཚོད་ལ་བབ་པའི་ཚེ་གཎྜཱི་ཆེན་པོ་བརྡུང་ཞིང་
དགེ་འདུན་ཐམས་ཅད་ཟས་ཀྱི་ཕྱིར་བསྡུ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདུས་པ་ཆེ་བའི་ཚེ་གཎྜཱི་བརྡུངས་པས་གོ་བར་མི་འགྱུར་བ་ལྟ་ན་དུང་བསྒྲིལ་ཏེ་བུད་པར་བྱའོ་ཞེས་བྱ་བ་ནི། ཟན་གྱི་ཕྱིར་འདུ་བའི་དོན་དུ་གཎྜཱི་བརྡུངས་པ་ནས་དགེ་འདུན་འདུས་པ་ཕལ་ཆེ་བའི་ཚེ་གཎྜཱི་བརྡུངས་པས་
ཐོས་ཤིང་གོ་བར་མི་འགྱུར་བ་ལྟ་ན་དུང་ཆེན་པོ་གཉིས་གཅིག་ཏུ་བསྒྲིལ་ཏེ་བུད་པར་བྱའོ། །རྔ་བོ་ཆེ་དག་བརྡུང་བར་བྱའོ་ཞེས་བྱ་བ་ནི། དེའི་ཚེ་རྔ་བོ་ཆེ་དག་ཀྱང་སྒྲ་ཆེར་བརྡུང་བར་བྱའོ། །འདིར་གཞུང་ནི་གླེང་གཞི་དག་ལས་དགེ་སློང་རྣམས་ཀྱི་འདུས་པ་ཆེན་པོའི་ཚེ་ཅ་ཅོ་ཆེན་པོ་བྱུང་ནས་
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཎྜཱི་ཆུང་ངུ་བརྡུངས་ནས་གཎྜཱི་བརྡུང་བར་བྱའོ། །འོན་ཀྱང་དགེ་སློང་ཉིན་མོ་སྤྱོད་པ་ལ་ཞུགས་པ་གཞན་དག་གིས་མ་ཐོས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུང་བསྒྲིལ་མ་དག་བུད་པར་བྱའོ། །རྔ་བོ་ཆེ་དག་བརྡུང་བར་བྱའོ་ཞེས་
Vol. 163 · folio 101a
གསུངས་པ་ཡིན་ནོ། །སྐབས་འདི་དག་ཏུ་བརྡུང་བ་ནི་དཔེ་ཙམ་དུ་ཟད་དེ་གནས་མལ་མནོད་པ་ལ་སོགས་པའི་དོན་དག་ལ་ཡང་གཎྜཱི་ལ་སོགས་པ་བརྡུང་དགོས་པའི་ཕྱིར་རོ། །གཎྜཱི་བརྡུངས་པར་མི་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི། གཎྜཱི་གང་དང་གང་དུ་བརྡུངས་པ་དེར་
རྣ་ལ་གཟན་ཞིང་མི་འགྲོ་བར་མི་བྱའི་འགྲོ་བ་ཁོ་ནར་བྱ་བའོ། །རྣམ་པར་འབྱེད་པ་ལ་སོགས་པ་ལས་ཀྱང་གཎྜཱིའི་ཕྱིར་འགྲོ་བར་བྱའོ་ཞེས་གསུངས་པའི་ཚིག་སྣང་ངོ་། །གཎྜཱི་བརྡུང་བ་ནི་འདུ་བའི་ཕྱིར་སྦྲན་པ་ཡིན་པས་དེའི་ཕྱིར་འདིར་དོན་ཅི་ཞིག་བྱུང་ཞེས་ངེས་པར་ཤེས་པར་བྱ་བའི་ཕྱིར་དེར་
འགྲོ་བར་བྱའོ། །འདི་ལྟར་དེར་བདག་གིས་དོན་མེད་པས་ཁོ་བོ་མི་གཏོགས་ཀྱིས་འགྲོ་བར་མི་བྱའོ་སྙམ་དུ་བསམ་པར་མི་བྱའོ། །མི་མྱུར་བར་མི་བྱའོ་ཞེས་བྱ་བ་ནི། གཎྜཱིའི་ཕྱིར་མྱུར་བ་ཁོ་ནར་འགྲོ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །བྱ་བ་འགྲུབ་པའི་དུས་ཀྱི་ལྷག་མ་ལུས་ཙམ་ན་
རྒྱུན་ཆགས་གསུམ་པ་གདོན་ཅིང་ཅི་བདེར་བྱའོ་ཞེས་བྱ་བ་ནི། སྤོང་བའི་ཞལ་ཏ་པས་དུས་ཅི་ཙམ་གྱིས་དགེ་སློང་སྤོང་བ་པ་དག་གིས་མཆོད་རྟེན་ལ་ཕྱག་བྱ་བ་དང་ལྷུང་བཟེད་བཀྲུ་བ་དང་། བསོད་སྙོམས་ལ་འགྲོ་བ་ལ་སོགས་པའི་བྱ་བ་འགྲུབ་པའི་དུས་ཀྱི་ལྷག་མ་དེ་ཙམ་ལུས་པ་
ན་རྒྱུན་ཆགས་གསུམ་པ་གདོན་ཅིང་སྤོང་བ་པ་དག་ཅི་བདེར་བྱའོ། །སྤོང་བའི་ཞལ་ཏ་པས་ཚེ་དང་ལྡན་པ་དག་ད་ནི་ཅི་བདེར་སྤྱོད་ཅིག་ཅེས་བག་ཡངས་སུ་བྱ་བའི་ཐ་ཚིག་གོ། །དེ་རན་པར་བྱའོ་ཞེས་བྱ་བ་ནི། རྒྱུན་ཆགས་གསུམ་པ་གདོན་པ་དེ་ཧ་ཅང་ཉུང་བ་ཡང་མ་ཡིན་ཧ་ཅང་མང་བ་ཡང་
མ་ཡིན་པར་ཅི་རན་ཅིག་གདོན་པར་བྱ་བའོ། །ཡོན་བཤད་པར་བྱའོ་ཞེས་བྱ་བ་ནི། རྒྱུན་ཆགས་གསུམ་པ་བཏོན་པའི་འོག་ཏུ་སྦྱིན་པའི་ཕན་ཡོན་བཤད་པར་བྱ་བའོ། །དེ་ཡང་ཇི་ལྟར་བྱ་ཞེ་ན་དེའི་ཕྱིར། རན་པར་རོ་ཞེས་བྱ་བ་སྨྲས་ཏེ། མང་ཉུང་རན་པར་བྱའོ། །འདིར་གཞུང་ནི་འདི་ལྟར་
དེ་དག་དུས་རྟིང་ལ་ཐུག་པ་ན་ཅི་བདེར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་རྟིང་ལ་ཐུག་པ་ན་ཅི་བདེར་མི་བྱ་བར་དུས་ཤེས་པར་བྱས་ནས་ཅི་བདེར་བྱ་སྟེ། གང་དག་དགེ་འདུན་ལས་འཐོབ་པ་དེ་དག་ཀྱང་ཁྲུས་བྱས་ཏེ་དགེ་འདུན་གྱི་ནང་དུ་འདུ་ཁོམ་པ་དང་གང་དག་
Vol. 163 · folio 101b
བསོད་སྙོམས་པ་དེ་དག་ཀྱང་རྐང་པ་དང་། ལག་པ་བཀྲུས་ཏེ་གྲོང་དུ་བསོད་སྙོམས་ལ་འཇུག་ཁོམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མཚན་མོའི་མཇུག་ཏུ་ཡང་དུས་ཇི་ཙམ་གྱིས་མཚན་འདའ་བར་འགྱུར་བ་དེ་ཙམ་ན་ཅི་བདེར་བྱའོ། །སྤོང་བའི་ཞལ་ཏ་པ་སྔར་འདུ་ཞིང་མཇུག་ཏུ་འགྱེས་པར་བྱའོ་
ཞེས་བྱ་བ་ནི། སྤོང་བའི་ཞལ་ཏ་བྱེད་པའི་དགེ་སློང་དེ་དགེ་སློང་སྤོང་བ་པ་དག་མ་འདུས་པའི་མདུན་དུ་འདུ་བར་བྱ་ཞིང་དེ་དག་གྱེས་པའི་མཇུག་ཏུ་འགྱེས་པར་བྱ་བའོ། །གལ་ཏེ་རྐྱེན་དེ་ལྟ་བུ་བྱུང་ན་ལྡེ་མིག་སྦས་པ་བསྟན་པར་བྱའོ་ཞེས་བྱ་བ་ནི། སྤོང་བའི་ཞལ་ཏ་པ་དེ་ལ་གལ་ཏེ་དོན་གློ་བུར་གྱི་དབང་
གིས་སྔར་འདུར་མི་ཁོམ་པ་དེ་ལྟ་བུའི་རྐྱེན་དག་བྱུང་ན་སྤོང་བའི་གནས་ཀྱི་ལྡེ་མིག་གང་དུ་སྦས་པ་དེ་དགེ་སློང་སྤོང་བ་པ་དག་ལ་བསྟན་པར་བྱའོ། །འདི་སྐད་བསྟན་ཏེ། སྔར་ལྡེ་མིག་འགའ་ཞིག་གི་ལག་ཏུ་གཞག་གམ་ཕྱོགས་གཞིག་ཏུ་སྦས་ནས་བདག་ཉིད་སྔར་འགྲོ་མི་ཁོམ་ན་དེས་དགེ་སློང་སྤོང་བ་
པ་གཞན་དག་སྣང་ན་ལྡེ་མིག་འདིའི་ལག་ན་ཡོད་དོ་ཞེ་འམ། ཕྱོགས་འདི་ན་འདུག་གོ་ཞེས་བསྟན་པར་བྱའོ། །གསོ་སྦྱོང་གི་གཞི་ལས་ཞི་གནས་ཀྱི་གསོ་སྦྱོང་གི་སྐབས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་སྐབས་བརྗོད་པར་བྱ་སྟེ། དེ་ལ་དང་
པོར་མཐུན་པའི་གསོ་སྦྱོང་གི་གནས་བསྟན་པའི་ཕྱིར། གསོ་སྦྱོང་གི་གནས་ལ་བློ་མཐུན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། གནས་གང་དུ་གསོ་སྦྱོང་མངོན་དུ་བྱེད་པའི་གནས་དེ་ནི་གསོ་སྦྱོང་གི་གནས་ཞེས་བྱ་སྟེ། གནས་དེར་གསོ་སྦྱོང་བྱ་བར་དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་
བློ་མཐུན་པར་བྱའོ། །གསོ་སྦྱོང་གི་གནས་ཇི་ལྟ་བུ་དེ་ལ་བློ་མཐུན་པར་བྱ་ཞེ་ན་དེའི་ཕྱིར། གནས་ཐམས་ཅད་གྲུབ་པའམ་བྱས་པའམ་ཟིན་པ་ལའོ་ཞེས་བྱ་བ་སྨྲས་ཏེ། གནས་གང་ལ་ཐམས་ཅད་གྲུབ་པའམ་ཐམས་ཅད་བྱས་པའམ་ཐམས་ཅད་ཟིན་པ་ཡོད་པ་དེ་ནི་གནས་ཐམས་ཅད་གྲུབ་
པའམ་བྱས་པའམ་ཟིན་ཏེ། གསོ་སྦྱོང་གི་གནས་རྣམ་པ་ཐམས་ཅད་ཡོངས་སུ་གྲུབ་པ་གང་ཡིན་པ་དེ་ལ་བློ་མཐུན་པར་བྱའོ། །དེ་ལ་གྲུབ་པ་ཞེས་བྱ་བ་ནི། འཆགས་པའི་བསྐལ་པའི་ཚེ་རང་གྲུབ་པའམ། དེའི་འོག་ཏུ་གཏིབ་ཆད་པ་ཉིད་ལ་སོགས་པས་རང་གྲུབ་པ་སྟེ། དཔེར་ན་རིའི་བྱ་སྐྱིབས་ལ་
Vol. 163 · folio 102a
སོགས་པ་ལྟ་བུ་སྟེ། གཞན་གྱིས་བསྩལ་བ་ལ་མི་ལྟོས་པའི་ཕྱིར་རོ། །བྱས་པ་ཞེས་བྱ་བ་ནི། སྐྱེས་བུའི་བྱེད་པས་མངོན་པར་བསྒྲུབས་པའོ། །ཟིན་པ་ཞེས་བྱ་བ་ནི། བྱ་བ་བྱེད་པའི་གནས་ལ་སོགས་པར་རུང་བའོ། །ཕྱི་རོལ་ཉེན་ཀོར་འདོམ་གང་དང་ལྡན་པའོ་
ཞེས་བྱ་བ་ནི། ཕྱི་རོལ་དུ་གྱུར་པའི་ཉེན་ཀོར་འདོམ་གང་ཙམ་དང་བཅས་པ་གང་ཡིན་པ་དེ་ནི་ཕྱི་རོལ་ཉེན་ཀོར་འདོམ་གང་དང་ལྡན་པ་ཞེས་བྱའོ། །ཅི་མི་འདོད་བཞིན་དུ་ཡང་བློ་མཐུན་པར་བྱའམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར། དགེ་འདུན་འདོད་ནའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་འདུན་
བཞེད་ནའོ། །གསོ་སྦྱོང་གི་གནས་ཞེས་སྨོས་པས་དགག་དབྱེ་ལ་སོགས་པའི་ལས་གཞན་ནི་དེར་མི་བྱའོ་སྙམ་དུ་དོགས་པ་བསལ་བའི་ཕྱིར། ལས་གཞན་གྱི་གནས་ཀྱང་དེ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དགག་དབྱེ་ལ་སོགས་པའིའོ། །གསོ་སྦྱོང་གི་གཞི་ལས་དེ་བཅས་པའི་ཕྱིར་དེ་སྐད་
ཅེས་བྱའོ། །མཚམས་གཅད་པར་བྱའོ་ཞེས་བྱ་བ་ནི། གནས་དེའི་ཕྱོགས་བཞིའི་མཚམས་གསོལ་པ་དང་གཉིས་ཀྱི་ལས་ཀྱིས་གཅད་པར་བྱའོ། །དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དུའོ་ཞེས་བྱ་བ་ནི། ཕྱོགས་བཞིར་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དུ་མཚམས་
གཅད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱོགས་ཕྱོགས་སུ་ཕ་བོང་དང་རྩིག་པ་དང་ཀ་བ་དང་ཤིང་ལྗོན་པ་དང་ར་བ་དང་བྱ་སྐྱིབས་དང་ལམ་པོ་ཆེ་དང་ཁྲོན་པ་ལ་སོགས་པ་དེ་ཤེས་པའི་དགེ་སློང་རྣམས་ཀྱིས་བརྟགས་ནས་དགེ་འདུན་གྱི་མདུན་དུ་མཚན་མ་བརྟན་པོ་བརྗོད་དེ་ལས་བྱའོ་ཞེས་བྱ་བ་ནི། ཕྱོགས་
བཞིར་ཕ་བོང་དང་རྩིག་པ་ལ་སོགས་པ་དེ་ཤེས་པའི་དགེ་སློང་དེ་ཡུལ་དེ་ན་གནས་པའམ་གཉུག་མར་གནས་པ་རྣམས་ཀྱིས་བརྟགས་ནས་དགེ་འདུན་གྱི་སྤྱན་སྔར་ཕ་བོང་ལ་སོགས་པའི་མཚན་མ་བརྟན་པོ་ཡུན་རིང་དུ་གནས་པ་བརྗོད་དེ་དེའི་འོག་ཏུ་མཚམས་བཅད་པའི་ཕྱིར་ལས་བྱ་བའོ། །དེར་གནང་བ་
བྱས་ན་ཆོས་གོས་དག་དང་འབྲལ་བར་མི་འགྱུར་རོ་ཞེས་བྱ་བ་ནི། མཚམས་དེར་གལ་ཏེ་ཆོས་གོས་དག་དང་མི་འབྲལ་བའི་གནང་བ་བྱས་པར་གྱུར་ན་གཟོད་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བ་ཡིན་གྱི་མཚམས་བཅད་པ་ཙམ་གྱིས་འབྲལ་བར་མི་འགྱུར་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །
Vol. 163 · folio 102b
དེ་བྱའོ་ཞེས་བྱ་བ་ནི། ཆོས་གོས་དག་དང་འབྲལ་བར་མི་འགྱུར་བའི་གནང་བ་དེ་བྱ་བའོ། །ཐམས་ཅད་ཀྱི་ཆེད་དུ་དཀྱིལ་འཁོར་བར་བློ་མཐུན་པར་བྱའོ་ཞེས་བྱ་བ་ནི། སྔར་མཚམས་ཆེན་པོ་བཅད་ཟིན་ནས་དེའི་འོག་ཏུ་ལས་ཐམས་ཅད་ཀྱི་ཆེད་དུ་ཞེས་བྱ་བ་གསོ་སྦྱོང་འབའ་ཞིག་གི་ཆེད་དུ་མ་ཟད་ཀྱི་
འདུལ་བ་དང་ལྡན་པའི་ལས་ཐམས་ཅད་ཀྱི་ཆེད་དུ་མཚམས་ཆུང་ངུ་གཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་བྱའོ། །སྔ་མ་བག་ཡངས་སུ་མ་བྱས་པར་བཅད་པ་གཞན་མི་འཆགས་སོ་ཞེས་བྱ་བ་ནི། སྔར་ཕྱོགས་བཞིར་མཚམས་ཆེན་པོ་བཅད་པ་དེ་བག་ཡངས་སུ་མ་བྱས་ཤིང་མ་གྲོལ་བར་
ཕྱོགས་དེ་ཉིད་དུ་མཚམས་ཆུང་གཞན་གཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་བྱ་བ་མི་འཆགས་པ་སྟེ། དེ་ལྟ་བས་ན་དཀྱིལ་འཁོར་བའི་མཚམས་སུ་བློ་མཐུན་པར་མ་བྱས་པར་གལ་ཏེ་ཕྱིས་དཀྱིལ་འཁོར་བར་བློ་མཐུན་པར་བྱ་བའི་འདོད་པ་སྐྱེ་ན་དེའི་ཚེ་མཚམས་སྔ་མ་དགྲོལ་བར་བྱའོ། །
མཚམས་སྔ་མ་དགྲོལ་དུ་མི་རུང་བ་མ་ཡིན་པར་བསྟན་པའི་ཕྱིར། མཚམས་དག་དགྲོལ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་འདུན་དུ་གྱུར་པའི་དགེ་སློང་དག་མཚམས་ཆུང་ངུ་གཅོད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་བྱེད་འདོད་ན་དེ་དག་གི་སྔར་གཅད་པའི་མཚམས་དག་
དགྲོལ་བར་བྱ་བའོ། །ཚིག་གཅིག་གིས་མཚམས་གཉིས་བཅད་པ་དང་དགྲོལ་དུ་རུང་ངོ་ཞེས་བྱ་བ་ནི། དཀྱིལ་འཁོར་བ་གཅིག་ཏུ་ལས་བྱེད་པ་གཅིག་གིས་གསོལ་བ་དང་ལས་བརྗོད་པའི་ཚིག་གཅིག་གིས་མཚམས་གཉིས་ཅིག་ཅར་བཅད་པ་དང་། ཅིག་ཅར་དགྲོལ་དུ་རུང་བའོ། །
འདིར་གཞུང་ནི་མཚམས་གཉིས་ཀར་དགེ་འདུན་བཀོད་ནས་ལས་བྱེད་པའི་དགེ་སློང་གིས་མཚམས་གཉི་གར་ཤིང་ངམ་དབྱུག་པའམ་རེ་ལྡེས་མནན་ནས་གསོལ་པ་བྱས་ཏེ་ལས་བྱའོ་ཞེས་གསུངས་པ་ཡིན་ནོ། །མཚམས་མ་བཅད་པའི་གནས་སུ་ནི་ལས་ལ་རྩིག་པ་མཚམས་ཡིན་ནོ་ཞེས་བྱ་
བ་ནི། མཚམས་མ་བཅད་པའི་གནས་གང་ཡིན་པ་དེར་ནི་ལས་བྱ་བའི་ཡུལ་ལ་གཙུག་ལག་ཁང་གི་རྩིག་པ་ཉིད་མཚམས་ཡིན་པའོ། །འདིར་ཆོས་གོས་དང་འབྲལ་བའི་མཚམས་བསྩལ་བའི་ཕྱིར་ལས་ལ་ཞེས་སྨོས་ཏེ། ཆོས་གོས་དང་འབྲལ་བའི་མཚམས་ཀྱི་རྣམ་པ་ནི་སྔར་
Vol. 163 · folio 103a
མཚམས་བྱས་པའོ་ཞེས་བྱ་བ་ལ་སོགས་པས་བསྟན་ཟིན་ཏོ། །འདིར་ལས་ལ་ཞེས་སྨོས་པས་ནི་ལས་ཀྱི་གཞིར་སྤྱིར་བསྟན་པ་གསོལ་བ་དང་གཉིས་དང་གསོལ་བ་དང་བཞིའི་ལས་བརྒྱ་རྩ་གཅིག་པོ་དག་ཉི་ཚེ་གཟུང་བར་མ་ཟད་ཀྱི་འདུལ་བ་དང་ལྡན་པའི་ལས་ཐམས་ཅད་
བསྡུས་པར་རིག་པར་བྱའོ། །དེ་ལྟར་གྱུར་ན་དབྱར་གནས་པ་འདྲལ་བ་ལ་ཡང་རྣམ་པ་འདི་ཉིད་ཡིན་ཏེ། འདི་ལྟར་དབྱར་གནས་པར་ཁས་བླངས་པའི་མཚམས་གང་ཡིན་པ་དེ་ཉིད་ཀྱང་འདི་ཡིན་ལ་མཚམས་འདིར་རྙེད་པ་བགོ་བ་དང་། ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་པ་ཡང་འདུས་པ་ཡིན་ནོ། །
དེ་ལྟར་ཡང་ཚེ་དང་ལྡན་པ་ཉེ་དགའ་གཙུག་ལག་ཁང་ནས་ཐག་རིང་པོ་ན་འདུག་པས་ཁོ་བོ་མཚམས་སུ་གཏོགས་པས་རྙེད་པ་དབང་ངོ་ཞེས་སྨྲས་པ་ཡིན་ནོ། །ཝ་ཁ་ནས་ཆུ་འཛག་པ་གང་དུ་བབ་པ་ཡང་ངོ་ཞེས་བྱ་བ་ཡང་། མཚམས་མ་བཅད་པའི་གནས་སུ་ནི་ལས་ལ་དེ་ཚུན་ཆད་ཀྱང་
མཚམས་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདི་སྐད་བསྟན་ཏེ། ཁང་སྟེང་གི་ཆུ་ཁུང་དུ་ཝ་བཙུགས་པའི་ནང་ནས་ཆུ་འཛག་པའི་གནས་གང་དུ་སླེབས་པ་ཚུན་ཆད་ཀྱང་མཚམས་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ། །ཡང་ངོ་ཞེས་བྱ་བའི་སྒྲས་ནི་གལ་གཉིས་སུ་བརྟགས་པ་མ་ཡིན་གྱི་འདི་
ཡང་མཚམས་གཅིག་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། མདོ་སྔ་མས་ནི་མཚམས་མ་བཅད་པའི་གནས་རྩིག་པས་བསྐོར་བ་ལ་ནི་གཙུག་ལག་ཁང་གི་རྩིག་པ་ཉིད་ལས་ལ་མཚམས་ཡིན་པར་བསྟན་ཏོ། །མདོ་འདིས་ནི་མཚམས་མ་བཅད་པའི་
གནས་རྩིག་པས་མ་བསྐོར་བ་ལ་ནི་ཝ་ཁ་ནས་ཆུ་འཛག་པའི་སྣ་གང་དུ་བབ་པ་ཚུན་ཆད་ལས་མཚམས་ཡིན་པར་བསྟན་ཏོ། །གྲོང་ལ་ནི་ཉེན་ཀོར་གྱི་མཐའ་ཚུན་ཆད་དོ་ཞེས་བྱ་བ་ནི། གྲོང་ལ་ནི་སྔར་འབྲལ་བའི་སྐབས་སུ་གྲོང་གི་ཉེན་ཀོར་བསྟན་པའི་དེའི་མཐའ་ཚུན་ཆད་མཚམས་ཡིན་པའོ། །
དགོན་པ་ལ་ནི་ཕྱོགས་ཕྱོགས་སུ་རྒྱང་གྲགས་ཀྱི་མཐའ་ཚུད་ཆད་དོ་ཞེས་བྱ་བ་ནི། དགོན་པ་ལ་ནི་དབུས་ནས་ཕྱོགས་ཕྱོགས་སུ་རྒྱང་གྲགས་གཅིག་གི་མཐའ་ཚུན་ཆད་མཚམས་ཡིན་ཏེ་དེས་ན་ཕྱོགས་གཉིས་བསྡོམས་པ་ནི་སྤྱིར་རྒྱང་གྲགས་གཉིས་ཀྱི་སྲིད་མཚམས་ཡིན་ནོ། །གསོ་སྦྱོང་
Vol. 163 · folio 103b
གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་གནས་ཀྱི་སྐབས་སོ་ཞེས་བྱ་བ་མཐུན་པའི་གསོ་སྦྱོང་ལ་གནས་ཀྱི་སྐབས་དང་ཚོགས་པའི་སྐབས་ལ་སོགས་པ་མང་དུ་ཡོད་པ་ལས་གནས་ཀྱི་སྐབས་བཤད་ཟིན་ཏོ།། །།ད་ནི་ཚོགས་པའི་སྐབས་བརྗོད་པར་བྱ་སྟེ། འདི་ལྟར་གསོ་སྦྱོང་དང་དགག་དབྱེའི་
དབང་དུ་མཛད་དེ་འདུན་པ་འབུལ་བ་གསུངས་མདོ་ཀྱི་ལས་གཞན་ཐམས་ཅད་ལ་ཡང་ཡོད་པས་ཐམས་ཅད་ཀྱི་དབང་དུ་བྱས་ཏེ་བསྟན་པའི་ཕྱིར། འདུན་པ་འབུལ་བ་ལས་དེ་དང་མཐུན་པ་འགྲུབ་པོ་ཞེས་བྱ་བ་སྨྲས་ཏེ། གང་ཟག་གང་འདུན་པ་འབུལ་བར་བྱེད་པའི་གང་ཟག་དེ་དང་
མཐུན་པ་འགྲུབ་པོ། །མཚམས་བཅད་པ་ལ་ནི་མི་འགྲུབ་པོ་ཞེས་བྱ་བ་ནི། མཚམས་བཅད་པའི་ལས་ལ་ནི་གང་ཟག་གང་འདུན་པ་འབུལ་བར་བྱེད་པའི་གང་ཟག་དེ་དང་མཐུན་པ་མི་འགྲུབ་པོ། །འདིར་གཞུང་ནི་ཉེ་བ་འཁོར་ལས་ཐམས་ཅད་ནི་འདུན་པ་དང་བཅས་པ་ཡིན་ཏེ་
མཚམས་གཅོད་པ་ནི་མ་གཏོགས་སོ་ཞེས་གསུངས་པ་ཡིན་ནོ། །བསླབ་པ་བྱིན་པ་དེ་ལས་བླང་དུ་རུང་ངོ་ཞེས་བྱ་བ་ནི། བསླབ་པ་བྱིན་བ་ལས་འདུན་པ་དེ་བླང་དུ་རུང་བར་རིག་པར་བྱའོ། །བསླབ་པ་བྱིན་པ་ལས་འདུན་པ་བླང་བ་སུ་ལ་རུང་ཞེ་ན་དེའི་ཕྱིར། དེ་ལ་དགེ་སློང་གི་འདུ་ཤེས་ཉེ་བར་
གཞག་པ་ལའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་གང་གིས་བསླབ་པ་བྱིན་པ་དེ་ལ་དགེ་སློང་གི་འདུ་ཤེས་ཉེ་བར་གཞག་པ་དེ་ལ་དེ་ལས་འདུན་པ་བླང་དུ་རུང་ངོ་། །འདིར་གཞུང་ནི་བཙུན་པ་བསླབ་པ་བྱིན་པ་ལ་འདུན་པ་དབུལ་དུ་རུང་ངམ། ཉེ་བ་འཁོར་མི་རུང་སྟེ་གལ་ཏེ་ཆོས་ཉིད་ལ་རེག་ན་ནི་རུང་ངོ་། །
བཙུན་པ་བསླབ་པ་བྱིན་པ་ལས་འདུན་པ་བླང་དུ་རུང་ངམ། ཉེ་བ་འཁོར་རུང་སྟེ་གལ་ཏེ་དེ་ལ་དགེ་སློང་གི་འདུ་ཤེས་ཡོད་ནའོ་ཞེས་གསུངས་པ་ཡིན་ནོ། །དབུལ་དུ་མི་རུང་ངོ་ཞེས་བྱ་བ་ནི། བསླབ་པ་བྱིན་པ་དེ་ལ་འདུན་པ་དབུལ་དུ་མི་རུང་བ་སྟེ། བསླབ་པ་བྱིན་པ་དེ་དགེ་སློང་རང་བཞིན་དུ་གནས་
པའི་གན་དུ་འདུན་པ་ལེན་པ་འོངས་ན་ཡང་དེ་ལ་འདུན་པ་དབུལ་དུ་མི་རུང་ལ། འདུན་པ་ལེན་པས་དགེ་སློང་ལས་འདུན་པ་བླངས་ཏེ་དགེ་འདུན་གྱི་ནང་དུ་དགེ་སློང་ལ་བརྗོད་པ་ན་ཡང་བསླབ་པ་བྱིན་པ་ལ་བརྗོད་པར་མི་རུང་སྟེ། གཞན་ལ་བརྗོད་པ་དེས་ཐོས་པ་ལ་ནི་ཉེས་པ་མེད་དོ། །
Vol. 163 · folio 104a
ཡོངས་སུ་དག་པ་དང་དགག་དབྱེ་ལ་ཡང་དེ་བཞིན་ནོ། །སྨྱོས་པའི་གནང་བ་ཐོབ་པ་ནི་མི་མཐུན་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བ་ནི། སྨྱོས་པའི་གནང་བ་བྱིན་པའི་གང་ཟག་དང་ལྷན་ཅིག་པས་ནི་མི་མཐུན་པ་ཉིད་དུ་མི་འགྱུར་རོ། །དེ་ལྟ་བས་ན་མཚམས་གཅིག་ཉིད་ཡིན་ན་ཡང་དེ་
ལས་མཐུན་པ་དང་ཡོངས་སུ་དག་པ་དང་དགག་དབྱེ་མ་བླངས་པ་ལ་ཉེས་པ་མེད་དོ། །ཡོངས་སུ་དག་པ་ཕུལ་བ་དང་ཡང་གཅིག་པ་ཉིད་དོ་ཞེས་བྱ་བ་ནི། འགྲུབ་པོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཡང་ཞེས་བྱ་བའི་སྒྲ་སྨོས་ཏེ། ཡོངས་སུ་དག་པ་ཕུལ་བའི་གང་ཟག་ནི་ཡོངས་སུ་དག་པར་གྱུར་
པའི་དགེ་འདུན་དང་མཐུན་པ་གཅིག་ཏུ་འགྱུར་རོ། །དོན་གང་ལ་གཅིག་པ་ཉིད་དུ་འགྱུར་ཞེ་ན་དེའི་ཕྱིར། གསོ་སྦྱོང་དང་དགག་དབྱེ་ལའོ་ཞེས་བྱ་བ་སྨྲས་ཏེ། གཅིག་པ་ཉིད་དུ་འགྱུར་རོ། །འདི་སྐད་བསྟན་ཏེ། གསོ་སྦྱོང་དང་དགག་དབྱེ་ལ་ཡོངས་སུ་དག་པ་ཕུལ་བ་དེ་ནི་ཡོངས་སུ་དག་
པར་གྱུར་པའི་དགེ་འདུན་དང་ལྷན་ཅིག་བྱ་བ་གཅིག་པ་ཉིད་ཡིན་ནོ། །ཅི་ཞིག་བྱས་པས་ཤེ་ན་དེའི་ཕྱིར། དེ་ཕུལ་བས་སོ་ཞེས་བྱ་བ་སྨྲས་ཏེ། ཡོངས་སུ་དག་པ་དང་དགག་དབྱེ་ཕུལ་བས་སོ། །དེ་ལ་ཡོངས་སུ་དག་པ་ཕུལ་བ་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་
གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆིའོ། །བདག་གི་གསོ་སྦྱོང་ཡང་ཡོངས་སུ་དག་སྟེ་ཡོངས་སུ་དག་པ་
བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་བྱ་བ་ཡིན་ནོ། །དགག་དབྱེ་ཕུལ་བ་ནི་ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་
འདི་ཞེས་བགྱི་བ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་དེ་གཉིས་ལ་བྱའོ་ཞེས་བྱ་བ་ལ། དེ་བཞིན་དུ་ཞེས་བྱ་བ་ནི། ཡོངས་སུ་དག་
Vol. 163 · folio 104b
པ་དང་དགག་དབྱེ་གཉིས་དབུལ་ལོ། །དེ་གཉིས་ལ་ཞེས་བྱ་བ་ནི། གསོ་སྦྱོང་དང་དགག་དབྱེ་ལའོ། །ལེན་པར་བྱེད་པའི་ཡུལ་ལ་ཆོ་ག་དེ་གཉིས་རུང་བ་ཉིད་དུ་བསྟན་པ་ཡིན་ཏེ། ཡོངས་སུ་དག་པ་དང་ལེན་པ་དང་དགག་དབྱེ་ལེན་པའི་དགེ་སློང་དེས་གང་ཟག་གང་ལས་དེ་གཉིས་བླངས་པ་དེ་
དགེ་འདུན་གྱི་དབུས་སུ་དགེ་སློང་ལ་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དགེ་འདུན་གྱིས་དེ་མནོད་དུ་རུང་བ་བསྟན་པའི་ཕྱིར། ཆོ་ག་དེ་མནོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཡོངས་སུ་དག་པ་དང་དགག་དབྱེ་ཕུལ་བས་གསོ་སྦྱོང་དང་དགག་དབྱེ་བྱ་བའི་ཆོ་ག་དེ་དགེ་འདུན་དུ་གྱུར་པའི་
དགེ་སློང་དག་གིས་མནོད་ཅིང་ཁས་བླང་བར་བྱ་བའོ། །ཚོགས་ཐ་དད་པ་འདུན་པ་ལ་སོགས་པས་མཐུན་པར་བྱས་ཏེ། ལས་བྱེད་པ་ལ་མི་རུང་བ་མེད་དོ་ཞེས་བྱ་བ་ནི། ཚོགས་ཐ་དད་པ་དགེ་འདུན་མཚམས་གཅིག་གི་ནང་ན་ཚོམས་སོ་སོར་གནས་པས་འདུན་པ་དང་ཡོངས་སུ་དག་པ་དང་དགག་
དབྱེ་ལ་སོགས་པ་ཕན་ཚུན་དབུལ་བས་མཐུན་པར་བྱས་ཏེ། ལས་ཐ་དད་པ་མང་པོ་སོ་སོ་ན་བྱེད་པ་ལ་མི་རིགས་པ་མེད་པར་ཤེས་པར་བྱའོ། །འདིར་གཞུང་ནི་ཞུ་བ་ལས་བཙུན་པ་དགེ་སློང་ཕྱོགས་གཅིག་ན་མཆིས་པས་གནས་བཞི་པོ་དག་ཏུ་སོ་སོར་ཐར་པའི་མདོ་བཏོན་ལ་གསོ་སྦྱོང་ཡང་བགྱིས་
པར་འགྱུར་ཞིང་དགེ་སློང་དེ་དག་ལ་ཡང་འགལ་ཚབས་ཅན་དུ་མི་འགྱུར་བ་མཆིས་སམ་ཉེ་བ་འཁོར་ཡོད་དེ། འདི་ལྟར་སོ་སོར་ཐར་པའི་མདོ་འདོན་པའི་དགེ་སློང་གིས་གནས་བཞི་པོ་དག་ཅིག་ཅར་དུ་ཤིང་ངམ་དབྱུག་པའམ་རེ་ལྡེས་མནན་ཏེ་སོ་སོར་ཐར་པའི་མདོ་འདོན་པ་ནའོ་ཞེས་བྱ་བ་ལ་
སོགས་པ་གསུངས་པ་ཡིན་ནོ། །བརྗོད་པར་བྱ་བ་རྩོམ་པ་འདྲ་བ་རྣམས་ཅིག་ཅར་བརྗོད་པ་ལ་ཡང་མེད་དོ་ཞེས་བྱ་བ་ནི། མི་རུང་བ་ཞེས་བྱ་བར་སྦྱར་ཏེ། བརྗོད་པར་བྱ་བ་རྩོམ་པ་འདྲ་བ་འདི་ལྟ་སྟེ་འདུན་པ་དང་ཡོངས་སུ་དག་པ་བརྗོད་པ་དང་འདུན་པ་དང་དགག་དབྱེ་རིག་པར་བྱ་བ་དང་
ཁར་བ་དང་འདྲ་བའི་གནང་བ་གསོལ་བ་ལ་སོགས་པ་ལྟ་བུའི་དོན་རྣམས་ཅིག་ཅར་དུས་གཅིག་ཏུ་བརྗོད་པ་ལ་ཡང་མི་རུང་བ་མེད་པར་ཤེས་པར་བྱ་སྟེ་ཐབས་གཅིག་གིས་བསྒྲུབ་པར་བྱ་བ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཚེ་དང་ལྡན་པ་དགོས་སུ་གསོལ་དེང་དགེ་
Vol. 163 · folio 105a
འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ་བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ་བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་
རྣམས་ཡོངས་སུ་དག་གོ་ཞེས་བདག་ཉིད་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་གི་གསོ་སྦྱོང་ཡང་ཡོངས་སུ་དག་གོ། འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་གསུངས་པ་དང་། དེ་བཞིན་དུ་ཚེ་
དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་
ཞེས་བགྱི་བ། དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་དབྱེ་ཡང་བགྱིད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་གསུངས་པ་དང་།
དེ་བཞིན་དུ་ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ལ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་
འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དེ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཉིད་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །དེའི་གསོ་སྦྱོང་ཡང་ཡོངས་སུ་དག་གོ། །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་
པ་ཡང་རིག་པར་བགྱིད་དོ་ཞེས་གསུངས་པ་དང་། དེ་བཞིན་དུ་ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། གནས་ཆེ་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ། སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་
Vol. 163 · folio 105b
ལྔ་པ་ལགས་ཏེ་གནས་ག་གེ་མོ་ཞིག་ན་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དེ་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །འདུན་པ་
དང་དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་གསུངས་པ་ཡིན་ནོ། །འདིར་བརྗོད་པར་བྱ་བ་རྩོམ་པ་འདྲ་བ་རྣམས་ཞེས་སྤྱིར་སྨོས་པ་ནི་ཁར་བ་དང་འདྲ་བའི་གནང་བ་གསོལ་བ་ལ་སོགས་པ་ཡང་བསྡུ་བའི་ཕྱིར་ཏེ། དེས་ན་འདིར་འདུན་པ་དང་ཡོངས་སུ་དག་པ་ལ་
སོགས་པ་འགའ་ཞིག་གི་བྱེ་བྲག་ལ་བརྟེན་པ་མ་བྱས་སོ། །གཅིག་གིས་དུ་མའི་དེ་དག་ལ་ལེན་པ་ལ་ཡང་མེད་དོ་ཞེས་བྱ་བ་ནི། མི་རུང་བ་ཞེས་བྱ་བར་སྦྱར་ཏེ། དགེ་སློང་གཅིག་གིས་དགེ་སློང་དུ་མའི་རྒྱུད་དུ་གཏོགས་པའི་འདུན་པ་དང་དགག་དབྱེ་ལ་སོགས་པ་ལེན་པ་ལ་ཡང་མི་
རུང་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ།། །།བམ་པོ་བཞི་བཅུ་དྲུག་པ། འདི་ལ་བརྗོད་ནུས་པའི་ཚིག་གིས་གཟུང་ངོ་ཞེས་བྱ་བ་ནི། དགེ་སློང་དུ་མའི་རྒྱུད་དུ་གཏོགས་པའི་འདུན་པ་ལ་སོགས་པ་ལེན་པ་འདི་ལ་གྲངས་ཀྱི་བྱེ་བྲག་ཡོངས་སུ་ཆད་པ་མེད་དེ། འདི་ལྟར་ཇི་
སྙེད་བརྗོད་ནུས་པ་དེ་སྙེད་ཀྱི་ཚིགས་ཀྱིས་གཟུང་བར་བྱའོ། །འདི་སྐད་བསྟན་ཏེ། འདུན་པ་ལ་སོགས་པ་ལེན་པ་དེས་འདུན་པ་ལ་སོགས་པ་འབུལ་བར་བྱེད་པའི་དགེ་སློང་ཇི་སྙེད་ཀྱི་མིང་ལ་སོགས་པ་དག་བརྗོད་པར་ནུས་པ་དེ་སྙེད་ཀྱི་འདུན་པ་ལ་སོགས་པ་བླང་བར་བྱའོ། །མི་ནུས་
ན་དེ་དག་དབུལ་བ་གང་ཡང་རུང་བས་འགྲུབ་པོ་ཞེས་བྱ་བ་ནི། འདུན་པ་ལ་སོགས་པ་དབུལ་བར་བྱེད་པའི་དགེ་སློང་ན་ཚབས་ཆེ་བ་ལ་སོགས་པའི་རྐྱེན་གྱིས་དེར་འགྲོའམ་སྨྲ་བར་མི་ནུས་ན་འདུན་པ་ལ་སོགས་པ་དེ་དག་གི་དབུལ་བ་དེ་དག་ཇི་སྐད་སྨོས་པའི་སྔགས་དག་ལས་གཞན་
པ་ལུས་དང་ངག་གི་རྣམ་པར་རིག་བྱེད་གང་ཡང་རུང་བས་ཕུལ་ན་ཡང་འགྲུབ་པའོ། །ལུས་ཀྱིས་ཀྱང་ངོ་ཞེས་བྱ་བ་ནི། ལུས་ཀྱི་མཚན་མ་ལ་སོགས་པ་བྱས་པས་ཀྱང་འགྲུབ་ཏུ་རུང་བའོ། །ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་ངག་གིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བར་སྟོན་ཏོ། །
Vol. 163 · folio 106a
ཇི་ལྟར་ཡང་མི་ནུས་ན་ཡང་ན་དགེ་འདུན་དེར་འགྲོ་བར་བྱ། ཡང་ན་དེ་ཁྲི་ལས་བླང་བར་བྱའོ་ཞེས་བྱ་བ་ནི། འདུན་པ་ལ་སོགས་པ་འབུལ་བར་བྱེད་པ་དེས་ལུས་ཀྱིས་ཀྱང་མི་ནུས་ན་ཡང་ན་དགེ་འདུན་ནད་པའི་གནས་དེར་འགྲོ་བར་བྱའོ། །ཡང་ན་ནད་པ་དེ་ཁྲི་ལས་དགེ་
འདུན་གྱི་དབུས་སུ་བླང་བར་བྱའོ། །དེ་བླངས་ནས་རྒྱུག་པར་མི་བྱའོ་ཞེས་བྱ་བ་ནི། འདུན་པ་ལ་སོགས་པ་ལེན་པར་བྱེད་པ་དེས་འདུན་པ་ལ་སོགས་པ་དེ་མནོས་ནས་དགེ་འདུན་གྱི་ནང་དུ་མ་བརྗོད་ཀྱི་བར་དུ་རྒྱུག་ཅིང་འགྲོ་བར་མི་བྱ་བའོ། །མགྱོགས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་
འོག་མ་ཐམས་ཅད་ཀྱང་འདུན་པ་བླངས་ནས་མ་ཕུལ་གྱི་བར་དུ་ཞེས་བྱ་བར་སྦྱར་ཏེ། མགྱོགས་པ་ཞེས་བྱ་བ་ནི། རྒྱུག་པས་ཆུང་ཟད་ངལ་བའི་འགྲོས་སོ། །མཆོང་བར་མི་བྱའོ་ཞེས་བྱ་བ་ལ། མཆོངས་པར་བྱེད་པ་ནི་མཆོང་བ་ཞེས་བྱའོ། །ཕྱི་རོལ་ལ་མཆོང་བར་མི་བྱའོ་ཞེས་བྱ་
བ་ལ། ཕྱི་རོལ་ཞེས་བྱ་བ་ནི། གཙུག་ལག་ཁང་གི་ཕྱི་རོལ་གྱི་རྩིག་པའམ་ས་སྒལ་ཏེ་དེ་ལ་མཆོང་བར་མི་བྱ་བའོ། །བང་རིམ་ལ་མི་བྱའོ་ཞེས་བྱ་བ་ནི། མཆོང་བ་སྟེ་ཕྱི་རོལ་གྱི་ཁྱམས་ཀྱི་བང་རིམ་ལའོ། །ནམ་མཁའ་ལ་འདུག་པར་མི་བྱའོ་ཞེས་བྱ་བ་ནི། ནམ་མཁའ་ལ་འདུག་
བའམ་འགྲོ་བར་མི་བྱ་བའོ། །ཕྱི་རོལ་དུ་མི་བྱའོ་ཞེས་བྱ་བ་ནི། མཚམས་ནས་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྐས་ཀྱི་རིམ་པ་གཞན་བཞག་ནས་གཞན་དུ་གོམ་པ་དོར་བར་མི་བྱའོ་ཞེས་བྱ་བ་ནི། སྐས་ཀྱི་གདང་བུ་གཞན་ཐོད་རྒལ་དུ་གཞག་སྟེ་
གཞན་ལ་ཐོད་རྒལ་དུ་གོམ་པ་དོར་བར་མི་བྱ་བའོ། །ཐེམ་སྐས་ཀྱི་ཐེམ་པར་མི་བྱའོ་ཞེས་བྱ་བ་ནི། གཞན་གཞག་ནས་གཞན་དུ་གོམ་པ་དོར་བར་མི་བྱ་བའོ། །ཆུ་ལྐོག་མ་ནུབ་པ་ཙམ་ལ་འབོག་པར་མི་བྱའོ་ཞེས་བྱ་བ་ནི། འགྲོ་བའི་ལམ་གཞན་ཡོད་ན་སྟེ། མེད་ན་ནི་ཉེས་པ་མེད་དོ། །
གཉིད་ལོག་པ་དང་སྙོམས་པར་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། །གཉིད་ལོག་པ་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དག་མི་བྱ་བའོ། །དེ་གཉིས་ནི་མ་ཀླས་པ་ཉིད་ཡིན་པས་དེའི་སྒོ་ནས་སྨད་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གཉིད་ལོག་པ་དང་སྙོམས་པར་འཇུག་པ་
Vol. 163 · folio 106b
དེ་གཉིས་ནི་མ་ཀླས་པ་ཉིད་ཡིན་པས་དེའི་སྒོ་ནས་ཀྱང་སྨད་པར་བྱ་བ་ཉིད་ཡིན་ནོ། །ཀྱང་ཞེས་བྱ་བའི་སྒྲས་ནི། དེ་གཉིས་ལྟུང་བ་འབྱིན་པར་བྱེད་པ་ཉིད་ཡིན་པས་དེའི་སྒོ་ནས་སྨད་པར་བྱ་བ་ཉིད་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་མ་ཀླས་པ་ཉིད་ཀྱི་སྒོ་ནས་ཀྱང་སྨད་པར་བྱ་བ་ཉིད་ཡིན་པར་
སྟོན་ཏོ། །བྱ་བ་བརྩམས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་བར་དུ་གཅོད་པའི་ཕྱིར་རོ། །མ་ཀླས་པ་ཉིད་ཅེས་བྱ་བ་ནི་བསྟན་པ་དེ་ལ་ཐེ་ཚོམ་ཟ་བ་ཉིད་དང་མ་ངེས་པ་ཉིད་དང་མ་མོས་པ་ཉིད་དང་མ་གུས་པ་ཉིད་ཀྱིས་བར་མ་དོ་ན་འདོམ་པ་ལའོ། །དགེ་སློང་ལ་བརྗོད་པར་བྱའོ་ཞེས་བྱ་བ་ནི།
འདུན་པ་ལ་སོགས་པ་ལེན་པར་བྱེད་པ་དེས་འདུན་པ་ལ་སོགས་པ་མནོས་པ་དེ་དགེ་འདུན་གྱི་ནང་དུ་སོན་ནས་དགེ་སློང་ལ་བརྗོད་པར་བྱ་སྟེ། །སྐབས་གང་དུ་བྱ་ཞེ་ན། གང་གི་ཚེ་དགེ་འདུན་གྱི་གནས་བརྟན་གྱིས་འདུན་པ་དང་ཡོངས་སུ་དག་པ་ལ་སོགས་པ་བརྗོད་པའི་འོག་ཏུའོ། །འདིར་
གཞུང་ནི་དེས་དྲུང་ན་འདུག་པའི་དགེ་སློང་ལ་ཚེ་དང་ལྡན་པ་དགེ་སློང་མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཁ་ཅིག་ལས་དགེ་འདུན་ལ་ཞེའོ་ཞེས་བྱ་བ་ནི། ལུགས་ཁ་ཅིག་ལས་དགེ་འདུན་
ལ་བརྗོད་པར་བྱའོ་ཞེས་ཀྱང་འབྱུང་ངོ་། །བཙུན་པ་རྣམས་དགོངས་སུ་གསོལ་ཞེས་བྱ་བས་བརྩམ་མོ་ཞེས་བྱ་བ་ནི། གལ་ཏེ་དགེ་འདུན་ལ་བརྗོད་པར་བྱ་ན་འདུན་པ་ལ་སོགས་པ་ལེན་པའི་དགེ་སློང་དེས་དགེ་འདུན་གྱི་དབུས་སུ་དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ་ཞེས་བྱ་
བའི་ཚིག་འདིས་མགོ་བརྩམས་ནས་འདུན་པ་ལ་སོགས་པ་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ཞེས་བྱ་བའི་ཚིག་གིས་བརྩམ་པར་མི་བྱ་སྟེ། མདོ་འདི་ནི་ཚིག་དག་པར་བྱ་བའི་ཕྱིར་བྱས་སོ། །དགེ་འདུན་གྱི་ནང་དུ་མ་ཕྱིན་པར་དུས་བྱས་སམ་ཁྱིམ་པ་ཉིད་
ལ་སོགས་པར་ཁས་བླངས་ན་མ་བླངས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། འདུན་པ་ལ་སོགས་པ་ལེན་པར་བྱེད་པའི་དགེ་སློང་དེ་དགེ་འདུན་གྱི་ནང་དུ་མ་ཕྱིན་པར་ཤིའམ་བབས་པ་ལ་སོགས་པར་གྱུར་ན་དགེ་འདུན་གྱིས་འདུན་པ་ལ་སོགས་པ་མ་བླངས་པ་ཉིད་ཡིན་པས་གཟོད་གཞི་ནས་བླང་
Vol. 163 · folio 107a
དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་བསླབ་པ་འབུལ་བའི་ཚིག་དག་ཏུ་གཏོགས་པ་དགེ་ཚུལ་ཉིད་ཅེས་བྱ་བ་ལ་སོགས་པ་ནས། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ཞེས་བྱ་བའི་མཐར་ཐུག་པའི་བར་དག་བསྡུའོ། །ཕྱིན་ནས་
བླངས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། འདུན་པ་ལ་སོགས་པ་ལེན་པའི་དགེ་སློང་དེ་དགེ་འདུན་གྱི་ནང་དུ་ཕྱིན་ནས་དུས་བྱས་སམ། ཁྱིམ་པ་ཉིད་ལ་སོགས་པར་ཁས་བླངས་ན་མ་བརྗོད་ཅིང་གོ་བར་མ་བྱས་སུ་ཟིན་ཀྱང་འདུན་པ་ལ་སོགས་པ་བླངས་པ་ཉིད་ཡིན་པས་ད་གཟོད་བླང་མི་དགོས་སོ། །འདི་ལ་
ཐེ་ཚོམ་མེད་པར་བྱའོ་ཞེས་གོ་བར་བྱ་བའི་ཕྱིར་བརྗོད་པ་ཡིན་པས་དགེ་འདུན་གྱི་ནང་དུ་འོངས་པ་ཉིད་དགེ་འདུན་གྱི་ཁོངས་སུ་གཏོགས་པ་ཡིན་པས་ཐམས་ཅད་ལ་ཐེ་ཚོམ་མེད་པ་ཉིད་སྐྱེའོ། །གཞན་གྱིས་ཚེས་བཅོ་ལྔ་ལ་དགེ་སློང་བཟུང་ན་དེ་ལ་དགེ་སློང་འདི་བདག་ཅག་གི་ཚངས་པ་མཚུངས་
པར་སྤྱོད་པ་ཡིན་གྱིས་ཐོང་ཤིག་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་ནི། རྒྱལ་པོ་ལ་སོགས་པ་གཞན་གྱི་གསོ་སྦྱོང་གི་ཉིན་མོ་དགེ་སློང་བཟུང་ན་དགེ་སློང་རྣམས་ཀྱིས་གཞན་དེ་ལ་མངོན་སུམ་དུའམ་ཕྲིན་པ་བཏང་སྟེ། དགེ་སློང་འདི་བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱིས་
ཐོང་ཤིག་ཅེས་བརྗོད་པར་བྱའོ། །མ་བཏང་ན་བདག་ཅག་འདི་དང་ལྷན་ཅིག་བྱ་བ་ཅུང་ཞིག་ཡོད་དོ་ཞེས་སྔ་མ་དང་བཅས་ཏེའོ་ཞེས་བྱ་བ་ནི། དེ་སྐད་བརྗོད་ཀྱང་མ་བཏང་ན་བདག་ཅག་དགེ་འདུན་དགེ་སློང་འདི་དང་ལྷན་ཅིག་བྱ་བ་ཆུང་ཞིག་ཡོད་དོ་ཞེས་ཚིག་སྔ་མ་དང་བཅས་ཏེ་བརྗོད་
པར་བྱ་བའོ། །སྔ་མ་དང་བཅས་ཏེ་ཞེས་བྱ་བ་ནི་མདོ་སྔ་མ་ལས་ཐོང་ཤིག་ཅེས་བྱ་བ་སྨོས་པའི་ཚིག་སྔ་མ་དེ་དང་བཅས་ཏེ་བརྗོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འོན་ཀྱང་མ་བཏང་ན། དེ་ལྟ་ན་ཡང་དཀྱིལ་འཁོར་པ་བྱའོ་ཞེས་བྱ་བ་ནི། ཚིག་ཕྱི་མ་ཤོས་སྐད་བརྗོད་ཀྱང་མ་བཏང་
ན་དེའི་ཚེ་དགེ་འདུན་གྱིས་དཀྱིལ་འཁོར་བའི་མཚམས་སུ་གསོ་སྦྱོང་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཏང་བའི་ཕྱིར་སྔར་མི་འབད་པར་མི་བྱའོ་ཞེས་བྱ་བ་ནི། གཞན་གྱིས་བཟུང་བའི་དགེ་སློང་དེ་བཏང་བའི་ཕྱིར་དགེ་འདུན་དུ་གྱུར་པའི་དགེ་སློང་རྣམས་ཀྱིས་གསོ་སྦྱོང་ལ་སོགས་པའི་
Vol. 163 · folio 107b
ཉི་མ་ལ་མ་བབ་པའི་མདུན་རོལ་དུ་སྔ་ནས་ཀྱང་མི་འབད་པར་མི་བྱ་སྟེ་འབད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འཕྲིགས་པས་མི་མཐུན་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི། མཚམས་ཀྱི་ནང་ན་དགེ་སློང་དངོས་སུ་འཁོད་པར་ཤེས་པ་རྣམས་ཀྱིས་འདུན་པ་ལ་སོགས་པ་མ་བླངས་པས་དགེ་འདུན་གྱིས་
ལས་མི་མཐུན་པ་ཉིད་ཀྱིས་ཉེས་པར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི་འདི་ལྟར་མཚམས་ཀྱི་ནང་དུ་དགེ་སློང་གློ་བུར་བ་འགའ་ཞིག་འོངས་པ་མཐོང་ངམ་ཐོས་སམ་ཁར་གསིལ་གྱི་སྒྲ་གྲག་གམ་གཏུར་བུ་ལ་སོགས་པ་མཐོང་བའི་མཚན་མའི་སྒོ་ནས་དགེ་སློང་ཞིག་ཡོད་པར་འཕྲིགས་ནས་དེའི་འདུན་
པ་ལ་སོགས་པ་མ་བླངས་ན་ཡང་དགེ་འདུན་གྱི་ལས་མི་མཐུན་པ་ཉིད་ཀྱིས་ཉེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཐ་དད་པ་ཉིད་དུ་འདོད་པས་མངོན་པར་བརྟགས་ཏེ་ལས་བྱེད་ན་ཉེས་པ་སྦོམ་པོའོ་ཞེས་བྱ་བ་ནི། ངེས་པའམ་འཕྲིགས་པ་མ་ལྷགས་པ་རྣམས་དང་ཐ་དད་པ་ཉིད་དུ་འདོད་པས་
མ་འོངས་ཀྱང་བླའོ་སྙམ་དུ་མངོན་པར་བརྟགས་ཏེ་ལོགས་ཤིག་ཏུ་ལས་བྱེད་པ་ནི་དགེ་འདུན་གྱིས་དབྱེན་གྱི་བསམ་པ་ཅན་ཡིན་པར་ཡིད་ལ་སྣང་སྟེ། དེ་བས་ན་གང་དག་མ་ལྷགས་པ་དེ་དག་ཀྱང་རུང་གིས་ཐག་རིང་པོ་ན་འཁོད་ཅིག་སྙམ་ནས་དེ་དག་གི་འདུན་པ་ལ་སོགས་པ་མི་ལེན་པར་ལས་
བྱེད་པ་དེ་དག་ལ་དགེ་འདུན་གྱི་དབྱེན་པ་བརྟུལ་བའི་སྐབས་སུ་གཏོགས་པའི་ཉེས་པ་སྦོམ་པོར་འགྱུར་རོ། །འདིར་ལས་ཞེས་སྨོས་པ་ནི་འདུལ་བར་གཏོགས་པ་མཐུན་པ་དང་འབྲེལ་པའི་ལས་སུ་བྱ་བ་ཐ་ན་རབ་ཏུ་བྱུང་བ་ལ་ལྟོས་པ་ཞུ་བའི་མཐར་ཐུག་པ་ཡན་ཆད་ཀུན་བསྡུའོ། །རྟོག་པ་ཉིད་ནི་ཐེ་
ཚོམ་ཟ་བའམ་ངེས་པར་བྱེད་པ་ལ་ནི་ཉེས་པར་བྱེད་པ་མི་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་ནི། རྟོག་པ་ཉིད་ཅི་འདི་རུང་ངམ། འོན་ཏེ་མི་རུང་སྙམ་དུ་རྣམ་པ་དེ་ལྟར་ཐེ་ཚོམ་དུ་གྱུར་ནས་ཐེ་ཚོམ་ཟ་ཞིང་ཡིད་གཉིས་བྱེད་པ་དང་ངེས་པར་མེད་པ་འདི་གདོན་མི་ཟ་བར་རུང་ངོ་ཞེས་ངེས་པར་བྱེད་པ་གང་ཡིན་
པ་དེ་གཉིས་ལ་ནི་ཉེས་པའི་བྱེད་པ་མི་འབྱུང་བ་མ་ཡིན་ཏེ། གཉི་ག་ལ་ཡང་མཚན་ཉིད་ཇི་ལྟར་ཐོབ་པའི་ཁ་ན་མ་ཐོ་བ་ཁོ་ནར་འགྱུར་རོ། །དེ་ལྟར་ཡང་འདིར་གཞུང་ནི་ཅི་གང་དག་མ་ལྷགས་པ་དེ་དག་མེད་པར་བདག་ཅག་གིས་གསོལ་བ་བྱས་ཏེ་གསོ་སྦྱོང་བྱ་བ་དང་སོ་སོར་ཐར་པའི་མདོ་གདོན་
Vol. 163 · folio 108a
པ་འདོན་དུ་རུང་ངམ་འོན་ཏེ་མི་རུང་། དེ་དག་མེད་པར་བདག་ཅག་གིས་དགག་དབྱེ་བྱར་རུང་ངམ། འོན་ཏེ་མི་རུང་སྙམ་དུ་རྟོག་པ་ཉིད་ན་ཐེ་ཚོམ་ཟ་བ་གང་ཡིན་པ་དང་དེ་དག་མེད་པར་བདག་ཅག་གིས་གདོན་པ་དང་དགག་དབྱེའི་བར་དག་བྱར་རུང་ངོ་ཞེས་ངེས་པར་བྱེད་པ་
གང་ཡིན་པ་དེ་ལ་ནི་ཉེས་པའི་བྱེད་པ་མི་འབྱུང་བ་མ་ཡིན་ཏེ། འདི་ལྟར་ཐེ་ཚོམ་ཟ་བཞིན་དུ་བྱེད་པ་དང་ངེས་པ་མེད་པར་ངེས་པར་བྱེད་པ་ལ་ནི་དགེ་འདུན་མི་མཐུན་པའི་ཉེས་པ་ཁོ་ནར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་འདི་ནི་ཐམས་ཅད་ཀྱི་དབང་དུ་བྱས་པ་ཡིན་པས་སྤྱིར་མདོར་
བྱས་སོ། །བསམ་པ་ཐག་པ་ནས་ཡོངས་སུ་བཙལ་ཞིང་གོབ་ལོབ་མ་བྱས་ན་དག་པའི་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི། བསམ་པ་ཐག་པ་ནས་སྒྱུ་མེད་པར་དགེ་སློང་མ་ལྷགས་པ་རྣམས་ཡོངས་སུ་བཙལ་ཞིང་གོབ་ལོབ་མ་བྱས་ན་དེ་དག་མཚམས་ཀྱི་ནང་ན་འཁོད་དུ་ཟིན་ཀྱང་དེ་དགེ་སློང་དེ་དག་ལ་དག་ཅིང་
ལྟུང་བ་མེད་པ་དང་མཐུན་པ་ཉིད་དུ་འགྱུར་བའི་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བཙལ་བ་དང་བོད་པ་དང་མཐོན་པོར་འདུག་སྟེ་ཕྱོགས་སུ་བལྟ་བ་དག་གིས་ནི་དེ་ཡིན་ནོ་ཞེས་བྱ་བ་ནི། རྣམ་པ་དེ་གསུམ་གྱི་རིམ་གྱིས་ནི་ཡོངས་སུ་བཙལ་བ་ཉིད་ཡིན་ཏེ། དེ་དག་གིས་མ་རྙེད་ན་མ་ལྷགས་པ་
དག་མཚམས་ཀྱི་ནང་ན་འཁོད་ཅིང་དེ་དག་གི་འདུན་པ་ལ་སོགས་པ་མ་བླངས་སུ་ཟིན་ཀྱང་མི་མཐུན་པར་མི་འགྱུར་རོ། །དེ་ལ་བཙལ་བ་ཞེས་བྱ་བ་ནི། ཕྱོགས་དེ་དང་དེ་དག་ཏུ་བྱུལ་བའོ། །བོད་པ་ཞེས་བྱ་བ་ནི། སྐད་ཀྱིས་བོད་པའོ། །མཐོན་པོར་འདུག་སྟེ་ཕྱོགས་སུ་བལྟ་བ་ཞེས་བྱ་བ་ནི།
ས་ཕྱོགས་མཐོན་པོར་འགྲེང་སྟེ་མིག་རྒྱང་གིས་ཕྱོགས་ཕྱོགས་སུ་བལྟ་བར་བྱ་བའོ། །དེ་གསུམ་ཡང་གོ་རིམས་བཞིན་དུ་བྱ་སྟེ་དང་པོར་ཇེ་བཙལ་བར་བྱའོ། །བཙལ་བ་མ་རྙེད་ན་བོད་པར་བྱའོ། །དེས་ཀྱང་མ་རྙེད་ན་ཕྱོགས་ཆེས་མཐོན་པོར་འགྲེང་སྟེ་ཕྱོགས་བཞིར་བལྟ་བར་བྱའོ། །འདིར་གཞུང་
ནི་ཞུ་བ་ལས་བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་གྲོང་མཐའ་པ་མ་ལགས་པ་དགོན་པ་ན་གནས་པ་དེ་དག་ཐམས་ཅད་གསོ་སྦྱོང་གི་གནས་གཅིག་ཏུ་འདུ་བར་བྱའོ་ཞེས་བཀའ་སྩལ་ནས་གལ་ཏེ་དེ་དག་མི་གདའ་ན་བཙལ་བར་བགྱི་ཞིང་གལ་ཏེ་དེ་དག་མ་རྙེད་ན་བོད་པར་བགྱིའོ། །གལ་ཏེ་དེ་དག་
Vol. 163 · folio 108b
གིས་མ་ཐོས་ན་གསོ་སྦྱོང་བགྱིས་ཞེས་བགྱི་འམ་ཉེ་བ་འཁོར་བྱས་ཞེས་བྱའོ་ཞེས་གསུངས་པ་དང་། འོག་མ་ཤོས་ཀྱི་གཞུང་ནི་ཕྱོགས་བཞིར་བལྟ་སྟེ་གསོ་སྦྱོང་བྱའོ་ཞེས་གསུངས་པ་ཡིན་ནོ། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་ཚོགས་པའི་སྐབས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་
ཇི་ལྟར་མཐུན་པའི་གསོ་སྦྱོང་བྱ་བའི་ཆོ་གའི་སྐབས་བསྟན་པའི་ཕྱིར་གསོ་སྦྱོང་བྱའོ་ཞེས་བྱ་བ་སྨྲས་ཏེ། གསོ་སྦྱོང་ཞེས་བྱ་བ་ནི་ཚུལ་ཁྲིམས་གསོ་ཞིང་སྦྱོང་བ་སྟེ། གསོ་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །དུས་གང་གི་ཚེ་ཞེ་ན་དེའི་ཕྱིར། ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ་ཞེས་བྱ་བ་སྨྲས་ཏེ། ཚེས་
བཅོ་ལྔ་ཞེས་སྨོས་པས་བཅུ་བཞིའི་གསོ་སྦྱོང་ཡང་བསྡུས་པར་རིག་པར་བྱ་སྟེ། འདི་ལྟར་ཚེས་གཅིག་ནས་བཅོ་ལྔའི་བར་གྱི་ཉི་མ་གང་ཡང་རུང་བ་ལས་ཉི་མ་གཅིག་ཆད་པས་སྤྱིར་ཞག་བཅུ་བཞི་ཡོད་པའི་ཕྱིར། འཇིག་རྟེན་པའི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་སོ་སོར་ཐར་
པའི་མདོ་ལས་གསོ་སྦྱོང་བཅུ་བཞི་པ་ཞེས་གསུངས་པར་ཟད་ཀྱི་དངོས་སུ་ན་ཟླ་བའི་ངོ་དེས་ཚེས་གྲངས་གང་ལ་ཉི་མ་གཅིག་ཆད་པ་དེ་ཉིད་ས་སྟོང་དུ་དོར་བར་ཟད་ཀྱི་གསོ་སྦྱོང་གི་ཉི་མ་འདི་ལ་ཉི་མ་ཆད་པ་མ་ཡིན་པས་གསོ་སྦྱོང་བཅུ་བཞི་པ་ཞེས་བྱ་བའི་ཉི་མ་དེ་ཉིད་ཚེས་བཅོ་ལྔ་པ་ཡིན་པའི་ཕྱིར་རོ། །
རྣམ་པ་གང་གིས་གསོ་སྦྱོང་བྱ་ཞེ་ན་དེའི་ཕྱིར། སོ་སོར་ཐར་པའི་མདོ་གདོན་པས་སོ་ཞེས་བྱ་བ་སྨྲས་ཏེ། སེམས་དྲང་པོར་བསྒྲུབ་པ་ལ་སོགས་པ་དང་འགལ་བ་བཟློག་པ་ལ་སོགས་པའི་རྣམ་པ་གཞན་གྱིས་ཀྱང་ཚུལ་ཁྲིམས་གསོ་བར་བྱེད་པ་ཡོད་པས་དེ་དག་བསལ་བའི་ཕྱིར། སོ་སོར་ཐར་པའི་
མདོ་གདོན་པས་སོ་ཞེས་བྱ་བ་སྨོས་སོ། །དགག་དབྱེ་བྱས་ནས་འདི་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དགག་དབྱེ་བྱས་ནས་གསོ་སྦྱོང་འདི་མ་གྲུབ་པ་ཉིད་མ་ཡིན་ཏེ་གྲུབ་པ་ཉིད་ཡིན་ནོ། །དེ་ལྟ་བས་ན་དགག་དབྱེ་བྱས་ནས་ཡང་གསོ་སྦྱོང་མི་བྱ་སྟེ། འདི་ལྟར་དགག་དབྱེ་ཉིད་ཀྱིས་གསོ་སྦྱོང་གྲུབ་པར་
རིག་པར་བྱའོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས་དགེ་སློང་དག་དགག་དབྱེ་བྱས་ནས་གསོ་སྦྱོང་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགག་དབྱེ་བྱས་ནས་ཡང་གསོ་སྦྱོང་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གསོལ་བ་དང་རྣམ་པར་གཞག་པ་འཛིན་དུ་གཞུག་པ་སྔར་
Vol. 163 · folio 109a
བྱ་ཞིང་དེ་གདོན་ཏོ་ཞེས་བྱ་བ་ནི། སོ་སོར་ཐར་པའི་མདོ་གདོན་པའི་ཚེ་དང་པོར་གསོལ་བ་དང་རྣམ་པར་གཞག་པ་འཛིན་དུ་གཞུག་པར་བྱས་ནས། དེའི་རྗེས་ལ་སོ་སོར་ཐར་པའི་མདོ་གདོན་པའོ། །དེ་ལ་གསོལ་བ་ནི་སོ་སོར་ཐར་པའི་མདོ་ལས་དགེ་འདུན་བཙུན་པ་རྣམས་གསན་
དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གསོ་སྦྱོང་མཛད་དེ་སོ་སོར་ཐར་པའི་མདོ་འདོན་པ་གདོན་ཏོ། །འདི་ནི་གསོལ་བའོ་ཞེས་གསུངས་པ་
ཡིན་ནོ། །རྣམ་པར་གཞག་པ་འཛིན་དུ་གཞུག་པ་ནི་སོ་སོར་ཐར་པའི་མདོ་ལས་ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱིས་ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་མཐོལ་ཤིང་ལྟུང་བ་མེད་ན་ཅང་མ་སྨྲ་ཤིག །ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་
ཡོངས་སུ་དག་པར་རིག་པར་བྱའོ། །ཇི་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན་བཏབ་པ་དེ་བཞིན་དུ་དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ། །ཡང་དགེ་སློང་གང་དགེ་སློང་གི་འཁོར་འདི་ལྟར་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན་ལྟུང་བ་ཡོད་ལ་
དྲན་བཞིན་དུ་མི་མཐོལ་ན་དེ་ཤེས་བཞིན་དུ་བརྫུན་སྨྲ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་བརྫུན་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། །དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་ལྟུང་བ་ཡོད་ལ་དྲན་བཞིན་མཐོང་བ་མཐོལ་བར་བྱའོ། །
མཐོལ་ན་བདེ་བ་ལ་རེག་པར་གནས་པར་འགྱུར་རོ། །མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གླེང་གཞི་གདོན་པ་དང་གསོལ་བ་ལ་ནི་ཚིག་ཏུ་བརྗོད་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གླེང་གཞི་གདོན་པ་དང་གསོལ་བ་འདི་གཉིས་ནི་ཚིག་ཏུ་བརྗོད་པ་
ཉིད་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཡིན་པའོ། །འདི་སྐད་བསྟན་ཏེ། དེ་གཉིས་ནི་མདོ་ལས་བྱུང་བའི་གོ་རིམས་བཞིན་དུ་ཁ་ཏོན་དུ་རྒྱ་ཆེར་གདོན་པར་བྱ་བ་ཡིན་གྱི་ཐོས་པ་བསྒྲགས་པས་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ། །ལྷག་མ་ནི་ཐོས་པ་བསྒྲགས་པས་ཀྱང་ངོ་ཞེས་བྱ་བ་ནི། གླེང་གཞི་འདོན་པ་དང་
Vol. 163 · folio 109b
གསོལ་བའི་ལྷག་མ་དག་ནི་ཐོས་པ་བསྒྲགས་པས་ཀྱང་བསྒྲུབ་པར་བྱར་རུང་བ་ཉིད་ཡིན་ནོ། །ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་ཚིག་ཏུ་བརྗོད་པས་ཀྱང་བསྒྲུབ་པར་བྱར་རུང་བ་ཉིད་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །བརྩམས་པའི་སྡེ་ཚན་ནི་རྫོགས་པར་བྱ་དགོས་སོ་ཞེས་བྱ་བ་ནི། ཕམ་པར་འགྱུར་བ་དང་དགེ་འདུན་
ལྷག་མ་དང་མ་ངེས་པའི་སྡེ་ཚན་ནི་ཡང་ན་ནི་ཐོས་པ་བསྒྲགས་པས་བསྒྲུབ་པོ། །ཚིག་ཏུ་བརྗོད་པས་གདོན་པ་བརྩམས་ན་ནི་གང་བརྩམས་པ་དེའི་སྡེ་ཚན་ལྷག་པ་རྫོགས་པར་བྱ་དགོས་པ་སྟེ། ཕམ་པར་འགྱུར་བའི་སྡེ་ཚན་ལས་ཅུང་ཞིག་ཚིག་ཏུ་བརྗོད་པས་བཏོན་ནས་ལྷག་མ་ཐོས་པ་བསྒྲགས་པས་བསྒྲུབ་
པར་མི་བྱ་བ་དང་དགེ་འདུན་ལྷག་མའི་སྡེ་ཚན་དང་མ་ངེས་པའི་སྡེ་ཚན་ལས་ཀྱང་དེ་བཞིན་ཏེ། འདི་ལྟར་ཕྱེད་བཏོན་ཅིང་ཕྱེད་འཇོག་པ་ནི་སྨད་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །བཞི་པ་ལ་རེག་ན་རིལ་གྱིས་སོ་ཞེས་བྱ་བ་ལ། བཞི་པ་ཞེས་བྱ་བ་ནི། སོ་སོར་ཐར་པའི་མདོ་གདོན་པ་ནི་རྣམ་པ་ལྔ་པོ་གླེང་གཞི་
གདོན་པ་དང་ཕམ་པར་འགྱུར་བ་གདོན་པ་དང་དགེ་འདུན་ལྷག་མ་གདོན་པ་དང་། མ་ངེས་པ་གདོན་པ་དང་། རིལ་གྱིས་གདོན་པ་ཞེས་བྱ་བའི་གོ་རིམས་ལ་ལྟོས་པ་ཡང་མ་ཡིན། ལྟུང་བྱེད་སྡེ་ལྔ་པོ་ཕམ་པར་འགྱུར་བའི་སྡེ་ཚན་དང་དགེ་འདུན་ལྷག་མའི་སྡེ་ཚན་དང་། ལྟུང་བའི་སྡེ་ཚན་དང་སོ་སོར་
བཤགས་པར་བྱ་བའི་སྡེ་ཚན་དང་བསླབ་པའི་སྡེ་ཚན་ཞེས་བྱ་བའི་གོ་རིམས་ལ་ལྟོས་པ་ཡང་མ་ཡིན་གྱི། སོ་སོར་ཐར་པ་ལས་བྱུང་བའི་སྡེ་ཚན་དྲུག་པོ་ཕམ་པའི་སྡེ་ཚན་དང་། དགེ་འདུན་ལྷག་མའི་སྡེ་ཚན་དང་། མ་ངེས་པའི་སྡེ་ཚན་དང་། ལྟུང་བྱེད་ཀྱི་སྡེ་ཚན་དང་། སོ་སོར་བཤགས་པར་བྱ་བའི་སྡེ་
ཚན་དང་། བསླབ་པའི་སྡེ་ཚན་ཞེས་བྱ་བའི་གོ་རིམས་ལ་ལྟོས་པ་ཡིན་ནོ། དེ་བས་ན་འདིར་བཞི་པ་ཞེས་སྨོས་པ་ནི་ལྟུང་བྱེད་ཀྱི་སྡེ་ཚན་ཡིན་ཏེ། སྤང་བའི་ལྟུང་བྱེད་དང་ལྟུང་བྱེད་འབའ་ཞིག་ཏུ་འགྱུར་བའི་སྡེ་ཚན་རྣམས་སོ། །དེ་ལ་རེག་ན་ཞེས་བྱ་བ་ནི། སྤང་བའི་ལྟུང་བྱེད་ཀྱི་མགོ་ཚིག་ཏུ་བརྗོད་པས་
གདོན་པར་བརྩམས་ནའོ། །རིལ་གྱིས་སོ་ཞེས་བྱ་བ་ནི། དེ་ལྟར་བཞི་པ་ལ་རེག་ན་དེ་མན་ཆད་བར་དུ་མི་གཅད་པར་རྫོགས་ཀྱི་བར་དུ་རིལ་གྱིས་ཚིག་ཏུ་བརྗོད་པས་གདོན་པར་བྱ་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་བཞི་པ་ལས་རེག་ན་འདིར་སོ་སོར་བཤགས་པར་བྱ་བའི་སྡེ་ཚན་ལ་སོགས་པ་ཡང་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words