འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ

Sanskrit title (Tibetan script, as in the text) བི་ན་ཡ་སཱུ་ཏྲ་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 163 · folio 110a

ཐོས་པ་བསྒྲགས་པས་བསྒྲུབ་ཏུ་མི་རུང་སྟེ་ལས་ཕལ་ཆེར་བྱས་པ་མ་རྫོགས་པར་དོར་བ་ནི་མ་ལེགས་པར་ཡིད་ལ་སྣང་བའི་ཕྱིར་རོ། །དེ་ལྟ་བས་ན་སོ་སོར་ཐར་པའི་མདོ་གདོན་པ་ལྔ་པོ་དག་ལ་གླེང་གཞི་ཚིག་ཏུ་བརྗོད་པས་བཏོན་ནས་ལྷག་མ་ཐོས་པ་བསྒྲགས་པས་བསྒྲུབ་པར་

བྱར་རུང་ངོ་། །དེ་བཞིན་དུ་ཕམ་པར་འགྱུར་བ་རྣམས་སམ། དགེ་འདུན་ལྷག་མ་རྣམས་སམ། མ་ངེས་པ་དག་ཚིག་ཏུ་བརྗོད་པས་བཏོན་ནས་ལྷག་མ་ཐོས་པ་བསྒྲགས་པས་བསྒྲུབ་ཏུ་ཡང་རུང་གི །ལྔ་པ་རིལ་གྱིས་གདོན་པ་ཞེས་བྱ་བ་ནི་ཡང་ན་ནི་ཐོས་པ་བསྒྲགས་པས་བསྒྲུབ་ཅིང་ཚིག་ཏུ་

བརྗོད་པས་གདོན་པ་ཡེ་མི་བརྩམ་མོ། །བརྩམས་ན་ནི་བར་དུ་གཅད་དུ་མི་རུང་སྟེ་རིལ་གྱིས་རྫོགས་ཀྱི་བར་དུ་བརྗོད་པས་གདོན་པར་བྱའོ། །འདི་ལ་ཟླ་བ་ཕྱེད་འདས་པའི་སོ་སོར་བརྟག་པར་བྱའོ་ཞེས་བྱ་བ་ནི། གསོ་སྦྱོང་འདི་ལ་ཟླ་བ་ཕྱེད་བཟླས་པའི་ཉེས་པ་བདག་ལ་ཅི་བྱུང་བ་དེ་དག་སོ་སོར་

བརྟག་པར་བྱའོ། །གང་གི་ཚེ་ཞེ་ན་དེའི་ཕྱིར་འདུ་བར་འགྱུར་བ་དེར་རོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་རྣམས་སོ་སོར་ཐར་པའི་མདོ་འདོན་པའི་ཕྱིར་འདུ་བ་གང་ཡིན་པ་དེར་འདུ་བའི་མདུན་རོལ་དུ་འདུ་བ་ལ་སྦྱོར་བའི་ཚེའོ། །ཅི་སོ་སོར་བརྟགས་ནས་ལྟུང་བ་ཕྱིར་མ་བཅོས་པ་ཁོ་ནར་འདུག་པར་བྱའམ་

ཞེ་ན་དེའི་ཕྱིར། ཤེས་པ་ཕྱིར་བཅོས་ཏེ་ཐམས་ཅད་དུ་འདུག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ལྟུང་བ་ངེས་པར་ཤེས་པའམ་ཡིད་གཉིས་དང་བཅས་པར་ཤེས་པ་བཤགས་པ་དང་བྱིན་གྱིས་བརླབ་པ་གཉིས་ཀྱིས་ཕྱིར་བཅོས་ཏེ་གསོ་སྦྱོང་གི་གནས་འབའ་ཞིག་ཏུ་མ་ཟད་ཀྱི་དགག་དབྱེ་ལ་སོགས་པ་ལས་ཀྱི་

གནས་ཐམས་ཅད་དུ་ཆོ་ག་དེ་ལྟ་བུས་འདུག་པར་བྱའོ། །འདུག་པ་ན་དྲན་ནམ་ཡིད་གཉིས་ཟ་ན་དྲུང་ན་མོ་ལ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་དེ་སོ་སོར་ཐར་པའི་མདོ་གདོན་པའི་གནས་སུ་འདུག་པ་ན་གལ་ཏེ་ལྟུང་བའི་ཡུལ་དྲན་ནམ་དེ་ལ་ཡིད་གཉིས་ཟ་ན་ལྟག་འོག་དྲུང་ན་འདུག་

པའི་དགེ་སློང་དེ་ལ་བྱིན་གྱིས་བརླབ་པར་བྱ་སྟེ། མདུན་ནས་བྱའི། གློ་ནས་མི་བྱའོ། །དེའི་སྔགས་ནི་ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་

Vol. 163 · folio 110b

འདི་ཞེས་བགྱི་བ་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་དང་འདི་ལྟ་བུ་ཞིག་དྲན་ཏེ་བདག་ལྟུང་བ་འདི་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབས་ལ་དེང་གསོ་སྦྱོང་བགྱིའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ་ཞེས་བྱ་བ་དང་། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་

བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་དང་འདི་ལྟ་བུ་ཞིག་ལ་ཡིད་གཉིས་སུ་གྱུར་ན་བདག་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབས་ལ་དེང་

གསོ་སྦྱོང་བགྱིའོ། །སང་ནང་པར་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་སླར་ཆོས་བཞིན་དུ་བགྱིའོ་ཞེས་བྱ་བ་ཡིན་ནོ། །ལས་བྱེད་པས་ནི་སེམས་ཀྱིས་སོ་ཞེས་བྱ་བ་ནི། འདུག་པ་ན་ལྟུང་བ་དྲན་ནམ་ཡིད་

གཉིས་ཟ་ན་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་ལས་བྱེད་པ་ལྟུང་བའི་ཡུལ་ལ་དྲན་ནམ་དེ་ལ་ཡིད་གཉིས་ཟ་ན་དེས་དེའི་ཚེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེའི་སྔགས་ནི་དེང་དགེ་འདུན་གྱིས་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་ལས་བྱེད་པ་

མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བ་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་དང་འདི་ལྟ་བུ་ཞིག་དྲན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བས་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབས་ལ་དེང་གསོ་སྦྱོང་བྱའོ། །

སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱའོ་ཞེས་བྱ་བ་དང་། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བ་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་དང་

འདི་ལྟ་བུ་ཞིག་ལ་ཡིད་གཉིས་སུ་གྱུར་ན་བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བས་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབས་ལ་གསོ་སྦྱོང་བྱའོ། །སང་ནང་པར་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་བསལ་

Vol. 163 · folio 111a

ལ་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་དང་སྔ་མའི་བྱིན་གྱིས་བརླབས་པའི་སྐབས་དེ་དག་ཏུ་ཧ་ཅང་ཡུན་རིང་ན་མི་མཛེས་པས་སྔགས་ལན་རེ་བཟླས་པས་ཆོག་སྟེ་ལན་གསུམ་དུ་མི་དགོས་སོ། །གལ་ཏེ་ཚེས་བཅོ་ལྔ་ལ་བདག་གཅིག་པུ་དེ་དང་མི་ལྡན་པར་ཤེས་

ན་འགྲོགས་བཤེས་ལ་དྲང་པོར་འབད་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་གིས་གསོ་སྦྱོང་གི་ཉིན་མོ་བདག་གཅིག་པུ་ལྟུང་བ་དེ་དང་མི་ལྡན་ཞིང་དགེ་འདུན་གཞན་ཐམས་ཅད་ལྟུང་བ་མཐུན་པ་དང་ལྡན་པར་ཤེས་ན་དེའི་ཚེ་དེས་བེན་དུ་མི་དོར་བར། གྲོགས་པོ་འགྲོགས་བཤེས་གཅིག་ལ་དྲང་པོར་འབད་

ཅིང་བརྩལ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་བརྩལ་བར་བྱ་ཞེ་ན་དེའི་ཕྱིར་ཚེ་དང་ལྡན་པ་འདི་དང་འདི་ལྟར་བྱེད་པ་གང་ཡིན་པ་དེས་ཅིར་འགྱུར། ལྟུང་བ་དང་བཅས་པར་རོ། །འོ་ན་ཚེ་དང་ལྡན་པས་ཀྱང་འདི་དང་འདི་ལྟར་བྱས་སམ་བྱས་སོ། །འོ་ན་ཚེ་དང་ལྡན་པ་ཡང་ལྟུང་བ་དང་བཅས་པ་

ཡིན་ནོ། །ཚེ་དང་ལྡན་པ་ཁོ་བོ་གཅིག་པུར་མ་ཟད་ཀྱི་དགེ་འདུན་ཐམས་ཅད་དོན་དེ་དང་ལྡན་པ་ཡིན་ནོ། །ཀྱེ་ཚེ་དང་ལྡན་པ་ཇེ་ཁྱོད་རང་གི་ལྟུང་བ་ཆོས་བཞིན་དུ་ཕྱིར་གྱིས་ཤིག །དགེ་འདུན་ཐམས་ཅད་ཀྱིས་ཁྱོད་ལ་ཅིར་འགྱུར་ཞེས་བྱ་བའི་རྩོམ་པས་མིག་ལམ་དུ་ལྷག་མ་འདོད་པ་རྣམས་འཆགས་སུ་

གཞུག་གོ་ཞེས་བྱ་བ་སྨྲས་ཏེ། ཇེ་དང་པོར་དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་སོ་ཞེས་དུམ་པ་ཚོགས་སུ་མི་གླེང་བར་དགེ་འདུན་ཐམས་ཅད་ལྟུང་བ་མཐུན་པ་དང་བཅས་པར་འགྱུར་བ་ཞིག་ཅི་ལས་གྱུར་པའི་གཞི་དེ་རང་གི་ཡིད་ལ་བཞག་སྟེ་གྲོགས་པོ་མཛའ་བཤེས་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་

པ་འདི་དང་འདི་དག་བྱེད་པ་གང་ཡིན་པ་དེས་ཅིར་འགྱུར་ཞེས་དྲི་བར་བྱའོ། །གྲོགས་པོ་ན་རེ། ལྟུང་བ་དང་བཅས་པར་རོ་ཞེས་ཟེར་ན། དེ་ལ་འདི་སྐད་ཅེས་འོ་ན་ཚེ་དང་ལྡན་པས་ཀྱང་འདི་དང་འདི་ལྟར་བྱས་སམ་ཞེས་དྲི་བར་བྱའོ། །གྲོགས་པོ་ན་རེ་བྱས་སོ་ཞེས་ཟེར་ན་དེ་ལ་འདི་སྐད་ཅེས་འོ་ན་ཚེ་དང་

ལྡན་པ་ཡང་ལྟུང་བ་དང་བཅས་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །གྲོགས་པོ་ན་རེ། ཚེ་དང་ལྡན་པ་ཁོ་བོ་གཅིག་པུར་མ་ཟད་ཀྱི་དགེ་འདུན་ཐམས་ཅད་དོན་དང་ལྡན་པ་ཡིན་ནོ་ཞེས་ཟེར་ན། དེ་ལ་འདི་སྐད་ཅེས། ཀྱེ་ཚེ་དང་ལྡན་པ་དེ་ཁྱོད་རང་གི་ལྟུང་བ་ཆོས་བཞིན་དུ་ཕྱིར་གྱིས་ཤིག་དགེ་འདུན་

Vol. 163 · folio 111b

ཐམས་ཅད་ཀྱིས་ཁྱོད་ལ་ཅིར་འགྱུར་ཞེས་བསྐུལ་ཞིང་ལྟུང་བ་འཆགས་སུ་གཞུག་གོ། །དེ་ལྟ་བུའི་རིམ་པ་རྩོམ་པས་གྲོགས་པོ་དེ་དགེ་འདུན་གཞན་ཐམས་ཅད་ཀྱི་མིག་ལམ་དུ་ལྟུང་བ་འཆགས་སུ་གཞུག་གོ། །དེ་ལྟུང་བ་འཆགས་པ་དགེ་འདུན་གཞན་གྱིས་མཐོང་ན་ཁྱོད་ཅི་འཆགས་ཞེས་

འདྲི་བར་འགྱུར་བས་དེས་ཀྱང་ཁོ་བོ་གཞི་འདི་ལས་གྱུར་པའི་ལྟུང་བ་འཆགས་སོ་ཞེས་ཐམས་ཅད་ལ་གོ་བར་བྱའོ། །དེས་ན་དགེ་འདུན་ལྷག་མ་གཞན་ཡང་དེ་ལྟར་ན་བདག་ཅག་ཀྱང་ལྟུང་བ་དེ་དང་ལྡན་ནོ་སྙམ་དུ་དྲན་པར་འགྱུར་བས། དེ་དག་ལས་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་འཆགས་

པར་འདོད་པ་རྣམས་དགེ་སློང་ལྟུང་བ་དང་མི་ལྡན་པ་དེས་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་འཆགས་སུ་གཞུག་གོ་ཞེས་བྱ་བར་སྦྱར་རོ། །འདི་ལ་མི་འདོད་པ་དེ་ལས་གླེང་བར་མི་བྱའོ་ཞེས་བྱ་བ་ནི། གསོ་སྦྱོང་དང་དགག་དབྱེ་འདི་ལ་ཉེས་པ་གླེང་བར་མི་འདོད་པའི་དགེ་སློང་ལྟུང་བ་དང་བཅས་པ་དེ་ལ་

གླེང་བར་མི་བྱ་བ་སྟེ། གལ་ཏེ་དགེ་སློང་དེ་མི་འདོད་ན་དེའི་ཚེ་དེ་ལ་གླེང་བར་མི་བྱའོ། །འོ་ན་ཇི་ལྟར་མ་དག་པ་རྣམས་དང་ལྷན་ཅིག་གསོ་སྦྱོང་ལ་སོགས་པའི་ལས་ཉམས་སུ་མྱོང་བར་བྱར་རུང་ཞེ་ན། དེའི་ཕྱིར་གལ་ཏེ་ཚེས་བཅོ་ལྔ་ལ་ཐམས་ཅད་ཀྱིས་ལྟུང་བ་ཤེས་སམ་ཡིད་གཉིས་སུ་གྱུར་ན་

ལེན་པར་བྱེད་པ་བསྒྲུབ་པའི་ཕྱིར་དགེ་སློང་འགའ་ཞིག་རང་གི་ཕྱིར་བཅོས་པའི་དོན་དུ་གནས་གཞན་དག་ཏུ་གཏང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་གསོ་སྦྱོང་གི་ཉིན་མོ་དགེ་འདུན་ཐམས་ཅད་ཀྱིས་བདག་ཅག་ལ་ལྟུང་བ་མཐུན་པ་ཡོད་པར་ཤེས་སམ། ཡིད་གཉིས་སུ་གྱུར་ན་དགེ་སློང་ལྟུང་བ་

དང་བཅས་པ་དེ་དག་རང་གི་ལྟུང་བ་གང་གི་མདུན་དུ་འཆགས་པ་ལེན་པར་བྱེད་པའི་གང་ཟག་ལྟུང་བ་མེད་པ་གཅིག་བསྒྲུབ་པའི་ཕྱིར། བདག་ཅག་གི་ནང་ནས་དགེ་སློང་འགའ་ཞིག་དེ་རང་གི་ལྟུང་བ་ཕྱིར་བཅོས་པའི་དོན་དུ་གནས་གང་ན་ལྟུང་བ་མཐུན་པ་མེད་པའི་དགེ་སློང་འདུག་པའི་གནས་གཞན་

དུ་གཏང་བར་བྱའོ། །དེས་དེར་རང་གི་ལྟུང་བ་ཕྱིར་བཅོས་ཏེ་སླར་འཁོར་ནས་དེའི་མདུན་དུ་དགེ་སློང་གཞན་ཐམས་ཅད་ཀྱིས་རང་རང་གི་ལྟུང་བ་ཆོས་བཞིན་དུ་ཕྱིར་བཅོས་པར་བྱ་སྟེ་དེ་ལྟར་ན་གསོ་སྦྱོང་འགྲུབ་པར་འགྱུར་རོ། །མ་གྲུབ་ན་བྱིན་གྱིས་བརླབ་པའི་ཕྱིར་གསོལ་བ་བྱ་བ་འདོད་པར་བྱའོ་ཞེས་

Vol. 163 · folio 112a

བྱ་བ་ནི། ཇི་སྐད་བསྟན་པའི་ཆོ་ག་དེ་མ་གྲུབ་ན་དགེ་སློང་གི་དགེ་འདུན་གྱིས་ལྟུང་བ་བྱིན་གྱིས་བརླབ་པའི་ཕྱིར་གསོལ་བའི་ལས་བྱ་བ་འདོད་པར་བྱ་སྟེ། གསོལ་བས་ལྟུང་བ་བྱིན་གྱིས་བརླབས་ལ་གསོ་སྦྱོང་ངམ་དགག་དབྱེའི་ལས་མི་བཤོལ་བར་བྱའོ། །གང་ཟག་རེ་རེ་ཞིང་བྱིན་གྱིས་

བརླབས་ན་ཡང་དག་པར་འགྱུར་མོད་ཀྱི་རེ་རེ་ནས་བྱ་བ་ཚེགས་ཆེ་བས་འདིར་ཡང་སྤྱིར་བྱིན་གྱིས་བརླབས་པའི་ཕྱིར་འདོད་པར་བྱའོ་ཞེས་སྨོས་ཏེ། དགེ་སློང་ཐམས་ཅད་ཀྱིས་གསོལ་བ་འབའ་ཞིག་གི་ལས་ལ་མོས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་

གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན་གང་གི་མདུན་དུ་བདག་ཅག་བཤགས་པར་བགྱི་བ་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆིས་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་

མ་མཆིས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་དགེ་འདུན་གྱིས་དེང་ལྟུང་བ་དེ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ། སླད་ཀྱི་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ་ཞེས་བྱ་བ་དང་། དགེ་འདུན་བཙུན་པ་

རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ་བདག་ཅག་དགེ་འདུན་ཐམས་ཅད་ནི་ཡིད་གཉིས་དང་བཅས་པར་གྱུར་ན་གང་གི་མདུན་དུ་བདག་ཅག་བཤགས་པར་བགྱི་བ་བདག་ཅག་ལས་དགེ་སློང་གནས་གཞན་དུ་མཆི་ལ། དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་

བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་པར་སྤྲོ་བ་སུ་ཡང་མ་མཆིས་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ལྟུང་བ་དེ་བྱིན་གྱིས་བརླབས་

ཏེ་གསོ་སྦྱོང་མཛད་ལ་སླད་ཀྱིས་དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་སླར་མཛད་དོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ཡིན་ནོ། །བཞི་པས་ཉུང་བ་ཉིད་ལ་ཡང་གཙུག་ལག་ཁང་གི་བྱ་

Vol. 163 · folio 112b

བ་གནས་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི། གཙུག་ལག་ཁང་གཅིག་ན་དགེ་སློང་གསུམ་མམ་གཉིས་སམ་གཅིག་ཁོ་ན་འདུག་ན་ཡང་དེས་ཕྱག་དར་ལ་སོགས་པ་གཙུག་ལག་ཁང་གི་བྱ་བ་གདོན་མི་ཟ་བར་བྱ་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །སྟན་ཐབས་ཉམས་པར་མི་བྱའོ་ཞེས་བྱ་བ་ནི། བཞི་པས་

ཉུང་བ་ཉིད་གནས་སུ་ཟིན་ཀྱང་དེར་དགེ་སློང་མ་འོངས་པ་དག་འོང་སྲིད་པས་དེའི་དོན་དུ་སྟན་ཐབས་གཞིག་པར་མི་བྱ་བའོ། །ཆག་ཆག་དང་ཕྱག་དར་དང་ལྕི་བ་སར་པས་བྱུག་པར་བྱ་བ་དང་སེང་གེའི་ཁྲི་བཤམས་པ་དང་མར་མེ་གཟུགས་པ་དང་ཆོས་ཉན་དུ་གཞུག་པ་དག་བྱས་ལ་ཕྱོགས་ཆེས་

མཐོན་པོར་འདུག་སྟེ་ཕྱོགས་བཞིར་རྣམ་པར་བལྟ་བར་བྱའོ་ཞེས་བྱ་བ་ནི། བཞི་བས་ཉུང་བ་གནས་པའི་དགེ་སློང་དེས་རང་གི་གཙུག་ལག་ཁང་དེར་གསོ་སྦྱོང་གི་ཉིན་མོ་ཆག་ཆག་ལ་སོགས་པ་དག་བྱས་ལ་ཕྱོགས་ཆེས་མཐོན་པོར་འདུག་སྟེ་དགེ་སློང་མ་འོངས་པ་དག་འོང་ངམ་མི་འོང་ཕྱོགས་

བཞིར་རྣམ་པར་བལྟ་བར་བྱའོ། །ཆག་ཆག་ལ་སོགས་པའི་ལས་དེ་དག་ཐམས་ཅད་ནི་གོ་རིམས་དེ་ཁོ་ན་བཞིན་དུ་བྱ་བ་ཡིན་ནོ། །དེ་ལྟར་རྣམ་པར་ལྟ་བ་ན་དགེ་སློང་འོང་བ་སྣང་ན་ཀྱེ་ཚེ་དང་ལྡན་པ་མྱུར་བ་མྱུར་བར་ཤོག་ཤིག་དེང་དགེ་འདུན་གྱི་གསོ་སྦྱོང་ངམ་དགག་དབྱེ་བཅོ་ལྔ་པ་ཡིན་ནོ་ཞེས་

བརྗོད་པར་བྱའོ། །འདིར་གཞུང་ནི་མ་མོ་ལས་དགེ་སློང་གཅིག་པུ་གནས་ན་གནས་པ་གང་ཡིན་པ་དེ་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ཀྱི་ཚེ་ནང་པར་སྔར་ལངས་ཏེ། མཆོད་རྟེན་དང་གཙུག་ལག་ཁང་དང་འཁོར་ས་དང་གསོ་སྦྱོང་གི་གནས་དག་ཆག་ཆག་གདབ་ཅིང་ཕྱག་དར་བྱ། ལྕི་བ་འཇམ་

པོའི་བྱུག་པས་བྱུག་པར་བྱའོ། །གྲལ་རིམས་བཞིན་དུ་སྟན་དག་བཤམ་པར་བྱ་གཙང་མ་སའི་རིལ་བ་སྤྱི་ལུགས་དང་ཆབ་ཁུང་སའི་རིལ་བ་སྤྱི་ལུགས་དག་ཆུས་དགང་བར་བྱ། མེ་ཉེ་བར་གཞག་པར་བྱ། མར་མེའི་ཀོང་བུ་སྙིང་པོ་དང་སྡོང་བུ་བཤམ་པར་བྱ། ཚུལ་ཤིང་གི་བམ་པོ་

བར་གཞག་པར་བྱ་ཞིང་གལ་ཏེ་དགེ་སློང་གསོ་སྦྱོང་མ་བྱས་པ་དག་འོངས་ན། དེ་དག་ཐམས་ཅད་ཀྱིས་གསོ་སྦྱོང་བྱ་ཞིང་སོ་སོར་ཐར་པའི་མདོ་གདོན་པར་བྱའོ། །འོན་ཏེ་མི་འོང་ན་ཕྱོགས་ཆེས་མཐོན་པོ་གང་ཡིན་པ་དེར་འདུག་སྟེ་ཕྱོགས་བཞི་ཀུན་དུ་རྣམ་པར་བལྟ་བར་བྱའོ། །གལ་ཏེ་

Vol. 163 · folio 113a

འགའ་ཞིག་འོང་ན་ཚེ་དང་ལྡན་པ་མྱུར་དུ་ཤོག་ཤིག་དང་གསོ་སྦྱོང་བྱའོ་ཞེས་བོད་པར་བྱའོ། །ཇི་སྟེ་མི་འོང་ན་དེས་དྲོ་ལ་བབ་ཀྱི་བར་དུ་བསྡད་དེ་དེ་ནས་བབས་ལ་སྟན་ལ་འདུག་སྟེ་རྒྱུན་ཆགས་གསུམ་པ་གདོན་པར་བྱ་ཡོན་བཤད་པར་བྱ་ཞིང་། དེང་དགེ་འདུན་གྱི་གསོ་སྦྱོང་

བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་མིང་འདི་ཞེས་བྱ་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཀྱང་བདག་སྨྲས་པ་དག་ཡོངས་སུ་དག་པར་ལྷ་རྣམས་ཀྱིས་གཟུང་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་

བྱ་བས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེང་གསོ་སྦྱོང་བྱིན་གྱིས་བརླབ་པོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་ཏུ་གསོ་སྦྱོང་རྒྱ་ཆེར་ཉམས་སུ་མྱོང་བར་བྱ་ཞིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་ཡང་བྱའོ་ཞེས་ལན་

གཉིས་ལན་གསུམ་དུ་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །བཞིར་མ་ཚང་ན་དུས་ཀྱི་བར་དུ་བསྡད་དེ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་བཞིར་མ་ཚང་ན་གསོ་སྦྱོང་དང་དགག་དབྱེའི་དུས་སྐྱ་རེངས་མ་ཤར་ཚུན་ཆད་དུ་བསྡད་དེ་གསོ་སྦྱོང་དང་དགག་དབྱེ་བྱིན་གྱིས་བརླབ་

པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་གཉིས་ཀྱི་སྔགས་ནི། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་མིང་འདི་ཞེས་བྱ་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཀྱང་བདག་སྨྲ་ཞིང་

གསོ་སྦྱོང་བྱིན་གྱིས་བརླབ་པོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བ་དེའི་ཕྱིར། དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་བྱའོ་ཞེས་ལན་གསུམ་བཟླས་པ་དང་། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་མིང་འདི་

ཞེས་བྱ་བའི་དགག་དབྱེ་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་མིང་འདི་ཞེས་བྱ་བས་དགག་དབྱེ་བྱིན་གྱིས་བརླབ་པོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དགེ་འདུན་ལ་དགག་དབྱེ་བྱའོ་ཞེས་ལན་གསུམ་བཟླས་པ་ཡིན་ནོ། །

Vol. 163 · folio 113b

དེ་འབའ་ཞིག་ན་འདུག་སྟེའོ་ཞེས་བྱ་བ་ནི། གལ་ཏེ་གཅིག་པུ་འདུག་ན་སྟན་དེ་ལ་འདུག་སྟེ། གསོ་སྦྱོང་དང་དགག་དབྱེ་བྱིན་གྱིས་བརླབ་པོ། །ལྷག་མ་གཞན་དང་བཅས་པ་ཉིད་ཡིན་ན་མདུན་དུའོ་ཞེས་བྱ་བ་ནི། དགེ་སློང་ལྷག་མ་གཞན་ཅིག་ཡོད་ན་དེའི་མདུན་དུ་ཙོག་ཙོག་པོར་འདུག་སྟེ། གསོ་སྦྱོང་

དང་དགག་དབྱེ་བྱིན་གྱིས་བརླབ་པར་བྱའོ། །གསུམ་ལ་ནི་རྣམ་པ་གཞན་དུ་བསྟན་པའི་ཕྱིར། གསུམ་ནི་འཁོད་དེའོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་དགེ་འདུན་རིམ་བཞིན་དུ་འཁོད་པ་དེ་བཞིན་དུ་འཁོད་དེ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བཞིའི་དགག་དབྱེ་ཡང་དེ་བཞིན་ནོ་ཞེས་བྱ་

བ་ནི། ཇི་ལྟར་དགེ་སློང་གསུམ་གྱིས་གསོ་སྦྱོང་བྱིན་གྱིས་བརླབ་པར་བྱ་བ་བཞིན་དུ་དགེ་སློང་བཞིས་དགག་དབྱེ་བྱིན་གྱིས་བརླབ་པར་བྱ་བ་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཚེ་གནས་ན་སོ་སོར་ཐར་པའི་མདོ་གདོན་ནུས་པ་མེད་པར་ཤེས་ན་གསོ་སྦྱོང་ལ་བསྡད་པར་མི་བྱའོ་ཞེས་བྱ་བ་ནི། གཙུག་

ལག་ཁང་ལ་སོགས་པའི་གནས་གང་ན་གསོ་སྦྱོང་གི་དུས་དེའི་ཚེ་སོ་སོར་ཐར་པའི་མདོ་གདོན་པ་ནུས་པ་མེད་པར་ཤེས་ན་དེའི་ཚེ་གནས་དེར་གསོ་སྦྱོང་ལ་བསྡད་པར་མི་བྱ་སྟེ། གསོ་སྦྱོང་གི་དུས་ཀྱི་བར་དུ་དེར་བསྡད་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གང་ན་དེ་ལས་འདའ་བ་དེར་ཉེ་བར་འགྲོ་བར་མི་

བྱའོ་ཞེས་བྱ་བ་ནི། གནས་གང་ན་སོ་སོར་ཐར་པའི་མདོ་གདོན་ནུས་པ་མེད་པའམ། དགེ་འདུན་མེད་པས་གསོ་སྦྱོང་ལས་འདའ་ཞིང་གསོ་སྦྱོང་མི་བྱེད་པ་དེར་ཉེ་བར་འགྲོ་བར་མི་བྱའོ། །གནས་པར་ཁས་བླངས་པ་ཕྱི་མའི་གོང་མ་བསྲུང་བར་མི་བྱའོ་ཞེས་བྱ་བ་ནི། དབྱར་གནས་པར་ཁས་བླངས་

པ་ཕྱི་མ་ཤོས་ཀྱི་སྔ་མ་སྟེ། དབྱར་གནས་པར་ཁས་བླངས་པ་སྔ་མ་ཤོས་བསྲུང་བར་མི་བྱ་བའོ། །འདི་སྐད་བསྟན་ཏེ། དབྱར་ཟླ་འབྲིང་པོའི་ཉ་ནས་དབྱར་ཟླ་ཐ་ཆུངས་ཉ་ལ་ཐུག་གི་བར་གྱི་ཞག་སུམ་ཅུ་བསྲུང་བར་མི་བྱའི། གཞན་ནི་བསྲུང་བར་བྱ་བ་ཁོ་ནའོ། །དེ་ལས་ཡང་ཟླ་བ་གཉིས་ལས་ལྷག་

པའོ་ཞེས་བྱ་བ་ནི། དབྱར་གནས་པར་ཁས་བླངས་པ་ཕྱི་མ་ཤོས་དེ་ལ་ཡང་ཟླ་བ་གཉིས་བསྲུང་གི་གཉིས་ལས་ལྷག་པ་གསུམ་པ་བསྲུང་བར་མི་བྱ་བའོ། །འདི་སྐད་བསྟན་ཏེ། དབྱར་ཟླ་ཐ་ཆུངས་ཉ་ནས་སྟོན་ཟླ་ར་བ་ཉའི་བར་དང་། སྟོན་ཟླ་ར་བ་ཉ་ནས་སྟོན་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་བསྲུང་བར་

Vol. 163 · folio 114a

བྱའི། སྟོན་ཟླ་འབྲིང་པོ་ཉ་ནས་སྟོན་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་གཅིག་བསྲུང་བར་མི་བྱའོ། །གནས་དང་ལས་དང་རྙེད་པ་དང་བསྙེན་བཀུར་བ་བསྟབས་པས་འདོན་པར་བྱེད་པ་གཉེར་བར་བྱའོ་ཞེས་བྱ་བ་ནི། གནས་གང་ན་སོ་སོར་ཐར་པའི་མདོ་འདོན་པར་བྱེད་པ་མེད་པའི་དགེ་

སློང་རྣམས་ཀྱིས་གནས་གཞན་ནས་འདོན་པར་བྱེད་པ་གཉེར་བ་ནི། གནས་ལ་སོགས་པ་འདི་ཞེས་བསྟན་པས་གཉེར་བར་བྱའོ། །འདིར་གནས་ཞེས་བྱ་བ་ནི་གནས་ཁང་དང་མལ་ཆ་དང་། སྟན་དང་བགོ་བ་ལ་སོགས་པ་ཡིན་པར་རིག་པར་བྱའོ། །ལས་ཞེས་བྱ་བ་ནི་ལག་གི་བླ་ལ་སོགས་

པ་གང་ཟག་གི་ལས་དེ་དག་ཏུ་མི་བསྒོ་ཞིང་ཡིད་དལ་དུ་གཞག་པ་བསྟབས་པའོ། །རྙེད་པ་ཞེས་བྱ་བ་ནི་ཆོས་གོས་དང་བསོད་སྙོམས་དང་སྣུམ་བག་ལ་སོགས་པའོ། །བསྙེན་བཀུར་བ་ཞེས་བྱ་བ་ནི། གཡོག་བྱེད་པ་གང་ཡིན་པའོ། །དེ་དག་བསྟབས་པས་གཉེར་ཞིང་ཁས་ལེན་དུ་གཞུག་པར་བྱའོ། །

གལ་ཏེ་བརྩལ་བ་འདིས་ཀྱང་མ་གྲུབ་ན་སྔར་བསྟན་པའི་ཆོ་ག་དག་བྱ་བའོ། །འདིར་གནས་ལ་སོགས་པ་བསྟབས་པ་ཞེས་བྱ་བ་ནི། དེ་དག་དང་མི་འབྲལ་བར་ངེས་པར་བྱ་བའོ། །མདོ་སྡེ་འཛིན་པ་འོང་བ་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དག་གིས་བསུ་བར་བྱའོ་ཞེས་བྱ་བ་ནི། དོན་གྱི་

སྒོ་དང་ཚིག་གི་སྒོ་ནས་མདོ་སྡེ་འཛིན་པར་བྱེད་པས་མདོ་སྡེ་འཛིན་པ་སྟེ་གང་ཟག་མདོ་སྡེ་འཛིན་པ་དེ་འོང་བ་ཐོས་ནས་དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དག་གིས་བསུ་བར་བྱའོ། །འདུལ་བ་དང་མ་མོ་ཡང་ངོ་ཞེས་བྱ་བ་ནི། འཛིན་པ་ཞེས་བྱ་བར་

སྦྱར་ཏེ། དོན་གྱི་སྒོ་དང་ཚིག་གི་སྒོ་ནས་འདུལ་བ་དང་མ་མོ་འཛིན་པར་བྱེད་པས་འདུལ་བ་དང་མ་མོ་འཛིན་པ་སྟེ། གང་ཟག་འདུལ་བ་འཛིན་པའམ་མ་མོ་འཛིན་པ་དེ་འོང་བ་ཐོས་ན་ཡང་དགེ་འདུན་དུ་གྱུར་བའི་དགེ་སློང་དག་གིས་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དག་གིས་བསུ་བར་

བྱའོ། །ལམ་ཇི་སྲིད་དུ་ཞེ་ན་དེའི་ཕྱིར་དཔག་ཚད་ཕྱེད་དང་གསུམ་དུའོ་ཞེས་བྱ་བ་སྨྲས་ཏེ། ལམ་དེ་སྲིད་དུ་བསུ་བར་བྱའོ། །མ་ནུས་ན་རྒྱང་གྲགས་ལྔར་རོ་ཞེས་བྱ་བ་ནི། དཔག་ཚད་ཕྱེད་དང་གསུམ་དུ་མ་ནུས་ན་རྒྱང་གྲགས་ལྔར་བསུ་བར་བྱའོ། །གསུམ་མམ་དཔག་ཚད་ཕྱེད་དང་རྒྱང་གྲགས་ཕྱེད་

Vol. 163 · folio 114b

དམ་ཁྱམས་སུ་ཡང་རུང་ངོ་ཞེས་བྱ་བ་ནི། མ་ནུས་ན་འདིར་དེ་དག་ཙམ་དུའང་བསུ་བར་བྱའོ། །གསུམ་ཞེས་བྱ་བ་ནི་རྒྱང་གྲགས་སོ། །ཇི་ལྟར་བསུ་བ་ཐག་དེ་སྲིད་ནས་ཅི་ཞིག་བྱ་ཞེ་ན་དེའི་ཕྱིར། ངག་གིས་བཤེས་པའི་ཚིག་གིས་བསུས་ནས་ལྷུང་བཟེད་དང་ཆོས་གོས་བླང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། ངག་

གིས་བཤེས་པའི་ཚིག་གིས་ཞེས་བྱ་བ་ནི་བྱོན་པ་ལེགས་སོ་ཞེས་བྱ་བ་ལ་སོགས་པ་ཚིག་སྙན་པས་སོ། །ཁྲུས་བྱའོ་ཞེས་བྱ་བ་ནི། བསྐུ་མཉེ་དང་དྲིལ་ཕྱི་བྱ་ཞིང་དུས་དང་མཐུན་པའི་ཆུས་ཁྲུས་བྱ་བའོ། །དགེ་འདུན་ལ་ཡང་སྣུམ་བག་གི་རྙེད་པའོ་ཞེས་བྱ་བ་ནི། དེའི་ཕྱིར་དགེ་འདུན་ཐམས་ཅད་ལ་ཡང་

སྣུམ་བག་གི་རྙེད་པ་དབུལ་བར་བྱ་བའོ། །གནས་ལ་སོགས་པ་བསྟབས་པ་སྦྱིན་ནོ་ཞེས་བྱ་བ་ནི། གནས་དང་ལས་དང་རྙེད་པ་དང་བསྙེན་བཀུར་བ་བསྟབས་པ་སྦྱིན་པའོ། །ཆོས་མཉན་པ་ཡང་ངོ་ཞེས་བྱ་བ་ཡང་སྦྱིན་ནོ་ཞེས་བྱ་བར་སྦྱར་ཏེ། དེར་ཐམས་ཅད་ཀྱིས་སྤྲོ་བ་བསྐྱེད་པར་བྱ་ཞིང་སེང་གེའི་ཁྲི་བཤམས་

པ་ལ་སོགས་པ་བྱའི། ཐམས་ཅད་ཀྱིས་བརྗོད་པར་ནི་མི་བྱ་སྟེ་ཅ་ཅོར་འགྱུར་བའི་ཕྱིར་རོ། །དགེ་སློང་ཕྲག་དོག་ཅན་ལ་འདི་དག་སྟོན་པ་འཛིན་པ་ཡིན་ནོ་ཞེས་གོ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་ཕྲག་དོག་ཅན་གཞན་མཁས་ཤིང་བཀུར་གྱི་དོགས་པའམ་མདོ་སྡེ་འཛིན་པ་ལ་སོགས་པ་འདི་དག་སྟོན་པ་

འཛིན་པ་ཉིད་ཡིན་ནོ་ཞེས་གོ་བར་བྱ་བའོ། །འདིར་གཞུང་ནི་འདི་ནི་སྟོན་པའོ། །འདི་ནི་རྟེན་ཏེ་འདི་ལྟ་སྟེ། མདོ་སྡེ་དང་འདུལ་བ་དང་མ་མོ་ཞེས་གསུངས་པ་ཡིན་ནོ། །གསོ་སྦྱོང་དང་དགག་དབྱེ་མ་བྱས་པས་དེའི་ཉིན་མོ་རང་གི་དེ་ཡོད་པའི་གནས་ནས་འགྲོ་བར་མི་བྱ་སྟེ། གལ་ཏེ་དེ་ཉིད་ཀྱི་ཚེ་རྣམ་པ་དེ་

ལྟ་བུར་ཕྱིན་པའམ་འཐབ་ཀྲོལ་ཅན་དག་དང་འབྲེལ་བའམ། སྤྱོད་པ་བཟང་པོ་དག་དང་ཕྲད་པ་དེ་ལྟ་བུར་འགྲོ་བ་ཉིད་མ་ཡིན་ནའོ་ཞེས་བྱ་བ་ནི། དགེ་སློང་གང་གིས་གསོ་སྦྱོང་དང་དགག་དབྱེ་མ་བྱས་པ་དེས་གསོ་སྦྱོང་དང་དགག་དབྱེ་དེའི་ཉིན་མོ་གནས་གང་ན་རང་གི་གསོ་སྦྱོང་དང་དགག་དབྱེ་དེ་ཡོད་

པའི་གནས་དེ་ནས་གནས་གཞན་དུ་འགྲོ་བར་མི་བྱའོ། །དེ་ཡང་གལ་ཏེ་དེ་ཉིད་ཀྱི་ཚེ་རྣམ་པ་དེ་ལྟ་བུར་ཕྱིན་པར་འགྲོ་བ་ཉིད་མ་ཡིན་ན་སྟེ། གལ་ཏེ་གསོ་སྦྱོང་དང་དགག་དབྱེའི་དུས་དེ་ཉིད་ཀྱི་ཚེ་གནས་གང་ན་རང་གི་གསོ་སྦྱོང་དང་དགག་དབྱེ་དེ་ཡོད་པའི་གནས་རྣམ་པ་དེ་ལྟ་བུར་ཕྱིན་པར་འགྲོ་བ་ཉིད་མ་

Vol. 163 · folio 115a

ཡིན་ན་དེའི་ཚེ་འགྲོ་བར་མི་བྱའི་གལ་ཏེ་དེ་ཉིད་ཀྱི་ཚེ་རྣམ་པ་དེ་ལྟ་བུར་ཕྱིན་པར་འགྲོ་བ་ཉིད་ཡིན་ན་ནི་འགྲོ་བ་ལ་ཉེས་པ་མེད་དོ། །གཞན་ཡང་འཐབ་ཀྲོལ་ཅན་དག་དང་འབྲལ་བར་འགྲོ་བ་ཉིད་མ་ཡིན་ན་སྟེ། གནས་དེ་ན་གང་ཟག་འཐབ་ཀྲོལ་བྱེད་པའི་རང་བཞིན་ཅན་དག་ཡོད་པ་དེ་དག་

དང་འབྲལ་བའི་ཕྱིར་འགྲོ་བ་ཉིད་མ་ཡིན་ན་དེའི་ཚེ་འགྲོ་བར་མི་བྱའི་གལ་ཏེ་འཐབ་ཀྲོལ་ཅན་དག་དང་འབྲལ་བར་འགྲོ་བ་ཉིད་ཡིན་ན་ནི་འགྲོ་བ་ལ་ཉེས་པ་མེད་དོ། །གཞན་ཡང་སྤྱོད་པ་བཟང་པོ་དག་དང་ཕྲད་པ་དེ་ལྟ་བུར་འགྲོ་བ་ཉིད་མ་ཡིན་ན་སྟེ། གནས་གཞན་དུ་སོང་ན་ཚངས་པ་མཚུངས་པར་སྤྱོད་པའི་དགེ་

སློང་སྤྱོད་པ་བཟང་པོ་གྱ་ནོམ་པ་དག་དང་ཕྲད་པར་འགྱུར་བ་དེ་ལྟ་བུར་འགྲོ་བ་ཉིད་མ་ཡིན་ན་དེའི་ཚེ་འགྲོ་བར་མི་བྱའི་གལ་ཏེ་སྤྱོད་པ་བཟང་པོ་དག་དང་ཕྲད་པ་དེ་ལྟ་བུར་འགྲོ་བ་ཉིད་ཡིན་ན་ནི་འགྲོ་བ་ལ་ཉེས་པ་མེད་དོ། །འདི་སྐད་བསྟན་ཏེ། གནས་གང་ན་རང་གི་གསོ་སྦྱོང་དང་དགག་དབྱེའམ་གཞན་གང་ཡང་རུང་

བ་ཡོད་པའི་གནས་དེ་ནས་གསོ་སྦྱོང་དང་དགག་དབྱེའི་ཉིན་མོ་གསོ་སྦྱོང་དང་དགག་དབྱེ་མ་བྱས་པར་གནས་གཞན་དུ་འགྲོ་བར་མི་བྱའོ། །གལ་ཏེ་གསོ་སྦྱོང་དང་དགག་དབྱེའི་ཉི་མ་དེ་ཉིད་ལ་རང་གི་གསོ་སྦྱོང་དང་དགག་དབྱེ་ཡོད་པའི་གནས་རྣམ་པ་དེ་ལྟ་བུ་གཞན་དུ་ཕྱིན་པར་འགྱུར་ན་ནི་དེའི་ཚེ་

ཉེས་པ་ཅི་ཡང་མེད་དོ། །ཡང་ན་གང་ཟག་འཐབ་ཀྲོལ་ཅན་གནས་དེ་ན་འཁོད་པ་དག་དང་བྲལ་བར་གྱུར་པ་ལྟ་ན་དེའི་ཚེ་འགྲོ་བ་ལ་ཉེས་པ་མེད་དོ། །ཡང་ན་དགེ་སློང་སྤྱོད་པ་བཟང་པོ་ཡོངས་སུ་དག་པ་ལྟ་བ་མཐུན་པ་དག་དང་འཕྲད་པར་འགྱུར་བའི་བསམ་པས་འགྲོ་ན་རང་གི་གསོ་སྦྱོང་དང་

དགག་དབྱེ་མེད་པའི་གནས་སུ་འགྲོ་ན་ཡང་དེའི་ཚེ་ཉེས་པ་མེད་དེ། འདི་ལྟར་གཅིག་པུ་རབ་ཏུ་ཞི་བའི་སེམས་ཀྱིས་སྤྱོད་པ་བཟང་པོའི་ནང་ན་གནས་པའི་ཚུལ་ཁྲིམས་གསོ་སྦྱོང་བྱས་པ་དང་། རྣམ་པར་དག་པ་ཅི་འདྲ་བ་དེ་ལྟ་བུར་ནི་སོ་སོར་ཐར་པའི་མདོ་བཏོན་ཅིང་དགག་དབྱེ་བྱས་པ་འཐབ་ཀྲོལ་

ཅན་དག་དང་ལྷན་ཅིག་གནས་པའི་ཚུལ་ཁྲིམས་གསོ་སྦྱོང་བྱས་པ་དང་རྣམ་པར་དག་པར་མི་འགྱུར་བའི་ཕྱིར་རོ། འདིར་གཞུང་ནི་དགེ་སློང་དང་བཅས་པའི་གནས་དང་། གནས་མ་ཡིན་པ་ནས་ཀྱང་གང་ན་དགེ་སློང་ཚུལ་ཁྲིམས་ཡོངས་སུ་དག་པ་ལྟ་བ་མཐུན་པ་དག་འཁོད་པ་དགེ་སློང་དང་

Vol. 163 · folio 115b

བཅས་པའི་གནས་སུ་འགྲོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་ཡང་དགེ་སློང་དང་བཅས་པའི་གནས་ཞེས་བྱ་བ་ནི་གང་ན་དགེ་སློང་དག་གིས་གནས་པར་བྱེད་པ་ཡིན་ཏེ། གང་ན་གསོ་སྦྱོང་ལ་སོགས་པ་ལས་ཐམས་ཅད་བྱེད་པའི་གནས་དེ་ནི་དགེ་སློང་དག་གིས་གནས་པར་བྱེད་པ་ཞེས་བྱ་སྟེ།

གནས་ཀྱི་བྱ་བ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །གནས་པ་མ་ཡིན་ཞེས་བྱ་བ་ནི། གང་ན་ལས་མི་བྱེད་པའི་གནས་ལ་བྱ་སྟེ། གནས་ཀྱི་བྱ་བ་ཐམས་ཅད་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་གནས་པ་མ་ཡིན་པ་ནས་ཀྱང་དགེ་སློང་དང་བཅས་པའི་གནས་དགེ་སློང་འཐབ་ཀྲོལ་ཅན་ཡོད་པར་

འགྲོ་བར་མི་བྱའོ། །དེ་ཉིད་ཀྱི་ཕྱིར་གསོ་སྦྱོང་དང་དགག་དབྱེ་དག་བཤོལ་བར་གསུངས་སོ། །གང་གི་ཕྱིར་དེར་འགྲོ་བ་བཀག་པ་དེའི་ཕྱིར་སྤྱོད་པ་བཟང་པོ་ཅན་གྱི་དགེ་སློང་དང་བཅས་པ་ནས་འཐབ་ཀྲོལ་ཅན་གྱི་དགེ་སློང་དང་བཅས་པར་འགྲོ་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། སྤྱོད་པ་བཟང་པོ་

ཅན་གྱི་དགེ་སློང་དང་བཅས་པའི་གནས་ནས་སམ་གནས་མ་ཡིན་པ་ནས་ཀྱང་འཐབ་ཀྲོལ་ཅན་གྱི་དགེ་སློང་དང་བཅས་པའི་གནས་སུ་འགྲོ་བར་མི་བྱ་ན། གནས་པ་མ་ཡིན་པར་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་ཏོ། །དགེ་སློང་མེད་པར་འགྲོ་བར་མི་བྱའོ་ཞེས་བྱ་བའི་ཉེས་པ་གཞན་སྟོན་པའི་ཚིག་

བསྡུ་བའི་ཕྱིར། དགེ་སློང་དང་བཅས་པ་ནས་དགེ་སློང་མེད་པར་ལྷག་མ་རྣམས་དང་ལྷན་ཅིག་མ་ཡིན་པའམ་གནོད་པ་དང་ལུས་དང་སེམས་ཤིན་ཏུ་སྦྱངས་པའི་དབང་མ་གཏོགས་པར་འགྲོ་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་དང་བཅས་པའི་གནས་ནས་དགེ་སློང་མེད་པར་འགྲོ་བར་

མི་བྱའོ། །ཅི་དགེ་སློང་དང་བཅས་པའི་གནས་ན་གནས་པའི་དགེ་སློང་རྣམས་དང་ཡང་ལྷན་ཅིག་ཏུ་འགྲོ་བར་མི་བྱ་འམ་ཞེ་ན། དེའི་ཕྱིར་ལྷག་མ་རྣམས་དང་ལྷན་ཅིག་མ་ཡིན་པར་ཏེ། ལྷག་མ་རྣམས་དང་ལྷན་ཅིག་ཏུ་ནི་འགྲོ་བར་བྱའོ། །ཅི་ལྷག་མ་རྣམས་དང་ལྷན་ཅིག་མ་ཡིན་པར་རྣམ་པ་

ཐམས་ཅད་དུ་འགྲོ་བར་མི་བྱ་འམ་ཞེ་ན་དེའི་ཕྱིར་གནོད་པ་མ་གཏོགས་པར་འགྲོ་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། ཚུལ་ཁྲིམས་དང་སྲོག་ལ་སོགས་པའི་བར་ཆད་ཀྱི་དབང་གིས་ནི་འགྲོ་བར་བྱའོ། །ཅི་དགོས་པའི་དབང་གིས་ཀྱང་འགྲོ་བར་མི་བྱའམ་ཞེ་ན་དེའི་ཕྱིར། ལུས་དང་སེམས་ཤིན་

Vol. 163 · folio 116a

ཏུ་སྦྱངས་པའི་དབང་མ་གཏོགས་པར་འགྲོ་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དེར་སོང་ནས་ལུས་དང་སེམས་ཤིན་ཏུ་སྦྱངས་པ་སྐྱེ་བར་འགྱུར་ཞིང་། ལུས་དང་སེམས་དག་དགེ་བ་བྱ་བ་ལ་ལས་སུ་རུང་ཞིང་བཏུབ་པ་དང་། མི་གཡོ་བ་ཉིད་དུ་འགྱུར་ན་དེའི་དབང་གིས་ནི་དགེ་སློང་

དང་བཅས་པའི་གནས་ནས་དགེ་སློང་མེད་པའི་གནས་སུ་འགྲོ་བར་བྱ་སྟེ། འདི་ལྟར་གསོ་སྦྱོང་དང་དགག་དབྱེ་དག་པས་ཀྱང་འདིས་ཚུལ་ཁྲིམས་གསོ་བ་ཆེས་ལྷག་པར་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ལུས་དང་སེམས་ཤིན་ཏུ་སྦྱངས་པ་བསྐྱེད་པའི་ཕྱིར་གསོ་སྦྱོང་དང་དགག་དབྱེ་དག་བྱིན་གྱིས་

བརླབས་པ་ཙམ་དུ་བཤོལ་བ་རིགས་པ་ཁོ་ན་ཡིན་ནོ། །འགྲོ་བའི་ཕྱིར་གནས་པ་གསོ་སྦྱོང་དང་དགག་དབྱེ་མ་བྱས་པ་དོར་བར་མི་བྱའོ་ཞེས་བྱ་བ་ནི། དེའི་ཉིན་མོ་ཞེས་བྱ་བར་སྦྱར་ཏེ། མཁན་པོ་ལ་སོགས་པ་གནས་གང་ཡིན་པས་བདག་ཉིད་གཞན་དུ་འགྲོ་བའི་ཕྱིར། སློབ་མ་གནས་པ་གསོ་སྦྱོང་དང་

དགག་དབྱེ་མ་བྱས་པ་དག་དོར་ཞིང་སྤང་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྐྱེན་དེ་ལྟ་བུ་ཉིད་ཡོང་ན་སྤྱོད་པ་བཟང་པོ་དང་ལྡན་པ་དང་གནོད་པ་དང་ལྡན་པའི་གནས་བསྟན་ནས་དེར་འགྲོར་གཞུག་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་གནས་དེ་ལས་གཞན་དུ་མི་འགྲོ་ན་ཚུལ་ཁྲིམས་དང་སྲོག་ལ་

སོགས་པའི་བར་ཆད་ཀྱི་རྐྱེན་དེ་ལྟ་བུ་ཡོད་པར་གྱུར་ན། དེའི་ཉིན་མོ་གནས་པ་ལ་གང་ན་དགེ་སློང་སྤྱོད་པ་བཟང་པོ་དང་ལྡན་པ་དང་སོ་སོར་ཐར་པའི་མདོ་འདོན་པ་དང་ལྡན་པ་འདུག་པའི་གནས་དེ་བསྟན་ནས་གནས་ཆེ་གེ་མོ་ཞིག་ཏུ་སོང་ཤིག་ཅེས་དེར་འགྲོར་གཞུག་ཅིང་བདག་ཉིད་ཀྱང་དེའི་ཉིན་མོ་འགྲོ་

བར་བྱའོ། །འདིར་གཞུང་ནི་དེ་ན་དགེ་སློང་གི་དགེ་འདུན་གནས་བརྟན་དང་བཅས་སོ་སོར་ཐར་པ་དང་བཅས་ཤིང་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་དེས་པ་དགེ་བའི་ཆོས་ཅན་དག་འཁོད་ཀྱིས། དེ་དག་གིས་འགྱོད་པ་མ་བསྐྱེད་པ་ནི་བསྐྱེད་པར་མི་འགྱུར་ལ། སྐྱེས་པ་ནི་

སེལ་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སོ་སོར་ཐར་པ་དང་ལ་ཞེས་བྱ་བ་འདིས་ནི་དགེ་འདུན་གྱི་གནས་བརྟན་འདོན་པ་དང་ལྡན་པ་ཉིད་དུ་བསྟན་ལ། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པས་ནི་སྤྱོད་པ་བཟང་པོ་དང་ལྡན་པ་ཉིད་དུ་བསྟན་ཏེ། བསྒོ་བ་དེ་

Vol. 163 · folio 116b

ལས་འདའ་བར་མི་བྱའོ་ཞེས་བྱ་བ་ནི། གནས་ཀྱི་བསྒོ་བ་དེ་ལས་གནས་པས་འདའ་བར་མི་བྱ་བ་སྟེ། གནས་ཀྱི་བསྒོ་བ་དེ་གནས་པས་བསྒྲུབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །།བམ་པོ་བཞི་བཅུ་བདུན་པ། ཕྱིས་འོངས་པ་རྣམས་ཀྱི་དོན་དུ་དེ་གཉིས་ཡང་བྱར་རུང་

ངོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་དག་ཕྱིས་ལྷགས་པར་གྱུར་ན་དེ་དག་གི་དོན་དུ་དགེ་སློང་སྔ་མ་གསོ་སྦྱོང་དང་དགག་དབྱེ་བྱས་ཟིན་པ་རྣམས་ཀྱིས་ཡང་གསོ་སྦྱོང་དང་དགག་དབྱེ་དེ་གཉིས་བྱར་རུང་ངོ་། །གལ་ཏེ་ལེགས་པར་ན་དེ་ལ་ཅི་དགར་འཇུག་པར་བྱའོ་ཞེས་བྱ་བ་ནི། གལ་

ཏེ་དགེ་སློང་སྔ་མ་རྣམས་ཀྱིས་གསོ་སྦྱོང་དང་དགག་དབྱེ་དེ་གཉིས་ལེགས་པར་བྱས་པ་ཡིན་ན། དེའི་ཚེ་ཕྱིས་འོངས་པ་རྣམས་ཀྱི་དོན་དུ་གསོ་སྦྱོང་དང་དགག་དབྱེ་བྱ་བ་དེ་ལ་ཅི་དགར་འཇུག་པར་བྱའི། མི་མཐུན་པ་ཉིད་ལ་སོགས་པའི་ཉེས་པ་ཡོད་ན་ནི་ཅི་དགར་འཇུག་པར་མི་བྱ་སྟེ།

འདི་ལྟར་གདོན་མི་ཟ་བར་ཡང་འཇུག་པར་བྱ་བའོ། །འདུ་བ་མཐུན་པ་དག་ལ་ཡང་ངོ་ཞེས་བྱ་བ་ནི། གཉུག་མར་གནས་པ་རྣམས་ནི་གཉུག་མར་གནས་པ་རྣམས་དང་འདུ་བ་མཐུན་པ་ཡིན་ལ་གློ་བུར་དུ་ལྷགས་པ་རྣམས་ཀྱང་གློ་བུར་དུ་ལྷགས་པ་རྣམས་དང་འདུ་བ་མཐུན་པ་ཡིན་པས།

གཉུག་མར་གནས་པ་བྱས་ཟིན་པ་རྣམས་གློ་བུར་དུ་ལྷགས་པ་དག་ལ་ཅི་དགར་འཇུག་པ་དང་། གློ་བུར་དུ་ལྷགས་པ་བྱས་ཟིན་པ་རྣམས་གཉུག་མར་གནས་པ་ལྷགས་པ་རྣམས་ལ་ཅི་དགར་འཇུག་པ་འབའ་ཞིག་ཏུ་མ་ཟད་དེ། འདི་ལྟར་འདུ་བ་མཐུན་པ་ལྷགས་པ་རྣམས་ལ་ཅིང་གར་འཇུག་པར་

བྱ་སྟེ། གཉུག་མར་གནས་པ་རྣམས་ཀྱང་གཉུག་མར་གནས་པ་ལྷགས་པ་རྣམས་ལ་ཅི་དགར་འཇུག་པར་བྱ་བ་དང་། གློ་བུར་དུ་ལྷགས་པ་རྣམས་ཀྱང་གློ་བུར་དུ་ལྷགས་པ་རྣམས་ལ་ཅི་དགར་འཇུག་པར་བྱ་བ་དང་། གཉུག་མར་གནས་པ་རྣམས་ཀྱང་གློ་བུར་དུ་ལྷགས་པ་རྣམས་ལ་ཅི་དགར་འཇུག་

པར་བྱ་བ་དང་། གློ་བུར་དུ་ལྷགས་པ་རྣམས་ཀྱང་གཉུག་མར་གནས་པ་རྣམས་ལ་ཅི་དགར་འཇུག་པར་བྱའོ། །གཞན་གྱིས་ཚོགས་པ་གསོལ་བར་བྱའོ་ཞེས་བྱ་བ་ནི། གང་ཟག་ཅི་དགར་འཇུག་པ་དེ་དག་ལས་གཞན་པ་གདོན་མི་ཟ་བར་འཇུག་པ་གང་ཡིན་པ་དེ་དག་གིས་དགེ་འདུན་ལ་ཚོགས་

Vol. 163 · folio 117a

པ་གསོལ་བར་བྱ་བའོ། །དེ་མ་ཐོབ་ན་མཚམས་གཞན་དུ་བྱའོ་ཞེས་བྱ་བ་ནི། དགེ་འདུན་ལས་ཚོགས་པ་དེ་མ་ཐོབ་ན་མཚམས་གཞན་དུ་གསོ་སྦྱོང་དང་དགག་དབྱེ་དག་བྱ་བ་སྟེ། དེ་ནི་མི་མཐུན་པ་ཉིད་ཀྱི་ཉེས་པ་སྤང་བའི་ཕྱིར་རོ། །གསོ་སྦྱོང་དང་དགག་དབྱེ་དག་ཉི་ཚེར་མ་ཟད་ཀྱི་

ལས་ཐམས་ཅད་ལ་ཡང་དེ་བཞིན་ནོ། །བྱེད་པའི་ཚེ་འོངས་ན་ལྷག་མ་ཉམས་སུ་མྱོང་བས་འགྲུབ་པོ་ཞེས་བྱ་བ་ནི། དགེ་འདུན་སྔ་མ་དག་དགག་དབྱེ་བྱེད་པའི་ཚེ། དགེ་སློང་གང་ཕྱིས་འོངས་ན་དེས་རང་གི་དགག་དབྱེ་དག་གི་གོང་མ་དགེ་སློང་རྒན་རབས་པ་རྣམས་ཀྱི་དགག་དབྱེ་མ་སླེབས་པ་ཉམས་

སུ་མ་མྱོང་བ་ཉིད་ཡིན་ཡང་ལྷག་མ་ཉམས་སུ་མྱོང་བས་དགག་དབྱེ་འགྲུབ་པོ། །དེ་བཞིན་དུ་དགེ་འདུན་སྔ་མ་གསོ་སྦྱོང་བྱེད་པའི་ཚེ་དགེ་སློང་གང་ཕྱིས་འོངས་ན་དེས་དགེ་སློང་སྔ་མ་དག་གིས་སོ་སོར་ཐར་པའི་མདོ་ཇི་ཙམ་བཏོན་པ་མ་བསླབས་པ་ཉམས་སུ་མ་མྱོང་བ་དེའི་ལྷག་མ་འདོན་པ་དེའི་འཕྲོ་

ཙམ་ཉམས་སུ་མྱོང་བས་ཀྱང་གསོ་སྦྱོང་འགྲུབ་པོ། །འདི་སྐད་བསྟན་ཏེ། དགེ་འདུན་སྔ་མ་གསོ་སྦྱོང་དང་དགག་དབྱེ་བྱེད་པར་གྱུར་པ་ཉིད་ཀྱི་ཚེ། གལ་ཏེ་དགེ་སློང་དག་ཕྱིས་ལྷགས་ཤིང་དེར་ལས་ཀྱི་ལྷག་མ་ཉམས་སུ་མྱོང་ན་དེས་དེ་དག་འགྲུབ་སྟེ། གསོ་སྦྱོང་དང་དགག་དབྱེ་བྱས་པ་ཉིད་ཡིན་

ནོ། །གནས་དེ་ནས་སུ་འགའ་ཡང་མ་སོང་བ་ཉིད་ཡིན་ན་ངེས་པ་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་སྔ་མས་གསོ་སྦྱོང་དང་དགག་དབྱེ་བྱས་ཟིན་པའི་གནས་དེ་ནས་དགེ་སློང་འགའ་ཡང་ལངས་ཏེ་མ་སོང་བ་ཉིད་ཡིན་ན། དེའི་ཚེ་དགེ་སློང་ཕྱི་མ་དག་གསོ་སྦྱོང་དང་དགག་དབྱེ་ལ་གནས་དེར་ལྷགས་པ་དག་

ལ་ཚོགས་པ་སྦྱིན་པའི་ཕྱིར་སྔ་མ་དེ་དག་གནས་དེ་ཉིད་དུ་བསྡད་པར་བྱ་བ་ངེས་པ་ཡིན་ཏེ། ཅི་དགར་འཇུག་པར་བྱ་བ་མ་ཡིན་པའོ། །གློ་བུར་དུ་ལྷགས་པ་དག་ཆེས་མང་བ་ཉིད་ཡིན་ན་ཡང་ངོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་གློ་བུར་དུ་ལྷགས་པ་དག་གཉུག་མར་གནས་པ་དག་པས་ཆེས་མང་བ་ཉིད་

ཡིན་ན་དེའི་ཚེ་གསོ་སྦྱོང་དང་དགག་དབྱེའི་གནས་དེ་ནས་དགེ་སློང་གཉུག་མར་གནས་པ་འགའ་ཞིག་ལངས་ཏེ་སོང་དུ་ཟིན་ཀྱང་གློ་བུར་དུ་ལྷགས་པ་དག་ལ་ཚོགས་པ་སྦྱིན་པའི་ཕྱིར། གཉུག་མར་གནས་པ་མ་སོང་བ་ཐམས་ཅད་ཀྱིས་ཐམས་ཅད་གདོན་མི་ཟ་བར་གནས་དེར་འདུ་བར་བྱ་བ་ཡིན་

Vol. 163 · folio 117b

གྱི། རང་དགར་འཇུག་པར་བྱ་བ་མ་ཡིན་པ་སྟེ། མང་པོ་མཐུ་ཆེ་བ་ཉིད་ཡིན་པའི་ཕྱིར་རོ། །དུས་ཀྱི་ཕྱིར་ནི་ཆེས་མང་བ་རྣམས་ཀྱི་རྗེས་སུ་འཇུག་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་གཉུག་མར་གནས་པ་རྣམས་ཀྱི་ནི་ཚེས་བཅོ་ལྔ་ཡིན་ལ། གློ་བུར་དུ་ལྷགས་པ་རྣམས་ཀྱི་ནི་ཚེས་བཅུ་བཞི་

ཡིན་པའམ། གཉུག་མར་གནས་པ་རྣམས་ཀྱི་ནི་ཚེས་བཅོ་ལྔ་ཡིན་ལ། གློ་བུར་དུ་ལྷགས་པ་རྣམས་ཀྱི་ནི་ཚེས་བཅུ་དྲུག་ཡིན་པ་ལྟ་བུར་དུས་ཀྱི་ཕྱིར་བློ་མི་མཐུན་ན། དེ་ལ་ནི་དགེ་སློང་གང་མང་བ་ཤོས་ཀྱི་ཕྱོགས་ཀྱི་རྗེས་སུ་འབྲང་བར་བྱ་བའོ། །ཇི་སྟེ་ཕྱོགས་གཉི་ག་གྲངས་མཉམ་པ་ཁོ་ན་ཡིན་

ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན་དེའི་ཕྱིར། མཉམ་པ་ཉིད་ཡིན་ན་གཉུག་མར་གནས་པ་རྣམས་ཀྱིའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་གྲངས་མཉམ་པ་ཉིད་ཡིན་ན་གཉུག་མར་གནས་པ་རྣམས་ཀྱི་རྗེས་སུ་འཇུག་པར་བྱ་བ་ཉིད་ཡིན་ནོ། །སྔར་ཚོགས་པ་སྦྱིན་པའི་སྐབས་སུ་ཕྱིས་འོངས་པ་རྣམས་ཀྱི་དོན་དུ་ཡང་

བྱར་རུང་ངོ་ཞེས་བྱ་བ་དང་། གལ་ཏེ་ལེགས་པར་ན་དེ་ལ་ཅི་དགར་འཇུག་པར་བྱའོ་ཞེས་བྱ་བའི་མདོ་དེ་དག་གིས་ཚོགས་པ་སྦྱིན་པ་ལ་ཅི་དགར་འཇུག་པར་བསྟན་པ་དེ་འདིར་དུས་ཀྱི་སྐབས་སུ་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར་འདི་ལ་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། དུས་ཀྱི་ཕྱིར་ནི་ཆེས་མང་པོ་

རྣམས་ཀྱི་རྗེས་སུ་འཇུག་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་དང་མཉམ་པ་ཉིད་ཡིན་ན་གཉུག་མར་གནས་པ་རྣམས་ཀྱིའོ་ཞེས་བྱ་བའི་མདོ་སྔར་བསྟན་པ་འདི་གཉིས་ལ་ཡང་ངེས་པར་འཇུག་པར་བྱ་བ་ཉིད་ཡིན་གྱི། ཅི་དགར་འཇུག་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གསོ་སྦྱོང་གི་གཞི་ལས་མཐུན་

པའི་གསོ་སྦྱོང་གི་ཆོ་གའི་སྐབས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་ཞི་གནས་ཀྱི་གསོ་སྦྱོང་དང་མཐུན་པའི་གསོ་སྦྱོང་གི་གཞི་དང་འབྲེལ་པ་རྣམ་པར་འབྱེད་པ་དང་ཕྲན་ཚེགས་ལ་སོགས་པའི་སྐབས་ནས་བྱུང་བ་བསྡུ་བར་བྱ་སྟེ། དེའི་ཕྱིར་ཏིང་ངེ་འཛིན་ལས་བསླང་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ།

དགེ་སློང་གིས་དགེ་སློང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དོན་གང་གི་ཕྱིར་ཡང་བསླང་བར་མི་བྱའོ། །གདམས་ངག་མེད་པར་བསྒོམ་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་ལུང་མེད་པར་བསྒོམ་པར་མི་བྱ་བའོ། །གདོས་བུ་དང་ཕོ་ལོང་གི་སྦྱོར་བ་རིགས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། སྔར་འདུལ་

Vol. 163 · folio 118a

བའི་གཞི་ལས་སྤོང་བ་པ་གཉིད་བྲོ་ན་རྣ་བར་གདོས་བུ་གདགས་པ་དང་ཕོ་ལོང་འཕང་བའི་སྦྱོར་བ་བསྟན་པ་དེ་རང་བཟོ་མ་ཡིན་པར་ཚིག་གཞན་གྱིས་བསྣན་པའོ། །འདིར་གཞུང་ནི་ཕྲན་ཚེགས་དག་ལས་དགེ་སློང་དག་དེ་ལྟ་བས་ན་ཇི་ལྟར་ཆུ་ཀླུང་ཡིད་འོང་ལྡན་གྱི་ངོགས་ཀྱི་དགེ་སློང་

དག་གིས་བརྩོན་འགྲུས་བརྩམས་པ་ལྟར་གདོས་བུ་དང་ཕོ་ལོང་གི་སྦྱོར་བས་བརྩོན་འགྲུས་བརྩམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །བརྩོན་འགྲུས་ལྷོད་པར་མི་བྱའོ་ཞེས་བྱ་བ་ནི། བརྩོན་འགྲུས་ཞན་པར་མི་བྱ་བ་སྟེ། འདིར་གཞུང་ནི་དགེ་སློང་གིས་བརྩོན་འགྲུས་ལྷོད་པར་མི་བྱའོ། །བརྩོན་འགྲུས་

ཀློད་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་མདོ་སྡེ་ལས་གསུངས་པ་ཡིན་ནོ་ཞེས་བྱ་བ་ནི། བརྩོན་འགྲུས་མི་ཀློད་པར་བྱ་བ་དེ་ནི་མདོ་སྡེ་ལས་ཇི་སྐད་གསུངས་པ་དེ་བཞིན་དུ་རྗེས་སུ་བསྒྲུབ་པར་བྱ་བ་སྟེ། མདོ་སྡེ་ལས་འདི་ལ་དགེ་སློང་ཉིན་མོ་འདུག་པ་དང་འཆག་པ་དག་གིས་

སྒྲིབ་པར་འགྱུར་བའི་ཆོས་རྣམས་ལ་སེམས་ཡོངས་སུ་སྦྱོང་བར་བྱེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིར་ཉལ་བ་མ་མོ་ལས་ལྷག་པར་གསུངས་པ་དེ་དག་བསྡུ་བའི་ཕྱིར། ལུས་དང་སེམས་དང་གོས་མ་འཕྱར་བས་ཉལ་བར་བྱའོ་ཞེས་བྱ་བ་སྨྲས་སྟེ། ལུས་དང་སེམས་དང་གོས་

དག་རེ་རེ་ལ་མ་འཕྱར་བར་ཞེས་བྱ་བའི་སྒྲ་སོ་སོར་སྦྱར་བར་བྱའོ། །འདིར་གཞུང་ནི་ནམ་གྱི་གུང་ཐུན་ལ་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས་ནས་གཙུག་ལག་ཁང་དུ་ཞུགས་ཏེ་བླ་གོས་བཞི་བལྟབ་དུ་བཏིང་ནས། སྣམ་སྦྱར་རིམ་པ་མང་དུ་བལྟབ་སྟེ་སྔས་སུ་བཅུག་ནས་གློ་གཡས་པ་ཕབ་

སྟེ། རྐང་པ་རྐང་པའི་སྟེང་དུ་བཞག་ནས་ལུས་མ་འཕྱར་བ་དང་། སེམས་མ་འཕྱར་བ་དང་། གོས་མ་འཕྱར་བར་སྣང་བའི་འདུ་ཤེས་དང་དྲན་པས་ཉལ་བར་བྱ་ཞིང་། དགེ་སློང་གིས་ཉིན་མོ་ཉལ་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མི་ན་བས་ཉིན་མོ་ཉལ་བར་མི་བྱའོ་ཞེས་

བྱ་བ་ནི། དགེ་སློང་མི་ན་བས་ཉིན་མོ་ཉལ་བར་མི་བྱ་བ་སྟེ། འདིར་ངལ་བ་དང་ལུས་ཉམ་ཆུང་བ་ཡང་ན་བ་དང་འདྲ་བར་རིག་པར་བྱའོ། །གཉིད་ཀྱིས་སྙོམ་པ་བརྣག་མི་ཐུབ་པ་ཉིད་ཡིན་ན། དེ་བསང་པའི་ཕྱིར་དེས་དེ་ཙམ་ཞིག་བསྟན་པར་བྱའོ། །ཟས་ཀྱིས་སྙོམས་པ་བརྣག་མི་བཟོད་པ་ཞིག་ཡིན་ན་ཡང་

Vol. 163 · folio 118b

དེ་བསང་བའི་ཕྱིར་དེས་དེ་ཙམ་ཞིག་བསྟེན་པར་བྱའོ། །མདོ་སྡེ་ལས་ཀྱང་མེར་འཇུག་གི་བུང་ནི་དཔྱིད་རྣམས་ཀྱི་ཟླ་བ་ཐ་མ་ལ་ཡུད་ཙམ་ཞིག་ཟས་ཀྱི་སྙོམ་པ་བསང་བར་བྱེད་དོ་ཞེས་གསུངས་སོ། །རོ་རྒྱབ་ན་བས་པུས་འཁྱུད་བཅང་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་རོ་རྒྱབ་ན་བས་པུས་འཁྱུད་ཀྱི་རྫས་བཅང་བར་

བྱའོ། །དབང་པོ་རྣམས་ནང་དུ་བསྡུས་པ་དང་། ཡིད་ཕྱི་རོལ་དུ་མ་སོང་བ་དང་། གསལ་བ་དང་དྲང་པོས་མི་ཐོགས་པར་བཅག་པར་བྱའོ་ཞེས་བྱ་བ་ལ། མིག་ལ་སོགས་པ་དབང་པོ་རྣམས་ནི་རང་བཞིན་གྱིས་ཕྱི་རོལ་དུ་འཕྲོ་བའི་བདག་ཉིད་ཅན་ཡིན་པས་དེ་དག་ཕྱི་རོལ་དུ་མི་འཕྲོ་བར་ནང་དུ་བསྡུས་ཏེ་བཅག་

པར་བྱའོ། །ཡིད་ཕྱི་རོལ་དུ་མ་སོང་བ་ཞེས་བྱ་བ་ནི། འདི་ལྟར་ས་གཞི་གནས་པ་ལ་སོགས་པ་ཡང་དེའི་ཡུལ་ཡིན་པས་འཇིག་རྟེན་ལ་སེམས་པ་ལས་བཟློག་ཅིང་ཡིད་ནང་དུ་བསྡུས་ཏེ་བཅག་པར་བྱ་བའོ། །གསལ་བ་ཞེས་བྱ་བ་ནི། སེམས་དང་བས་རབ་ཏུ་ཟིན་པའི་ལུས་ཀྱིས་སྤྲོ་བ་དང་བཅས་བཞིན་དུ་བཅག་

པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དྲང་པོས་ཞེས་བྱ་བ་ནི་གོམ་པ་ཡ་ཡོ་མེད་པས་སོ། །མི་ཐོགས་པར་ཞེས་བྱ་བ་ནི། མལ་གཅིག་ཏུ་མི་སྡོད་པར་དྲག་དལ་རན་པར་བཅག་པར་བྱའོ། །མི་ནུས་ན་ཐག་གུས་བྲེས་ཏེའོ་ཞེས་བྱ་བ་ནི། དྲང་པོར་འཆག་མི་ནུས་ན་ཐག་གུ་བྲེས་ཏེ་བཅག་པར་བྱ་བའོ། །ཁ་ཐོན་

པའི་འཆག་ས་ནི་ཁྲུ་བཅུ་གཉིས་སོ་ཞེས་བྱ་བ་ནི། འཆག་སའི་སྲིད་དུའོ། །སྤོང་བ་པའི་ནི་བཅོ་བརྒྱད་དོ་ཞེས་བྱ་བ་ནི། འཆག་སའི་སྲིད་དུ་ཁྲུའོ། །དེ་ཐག་གུས་གཞལ་ཏེ་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་འཆག་ས་དེ་ཐག་གུས་གཞལ་ཏེ་བྱ་བའོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། དེ་དག་

གིས་འཆགས་ཇི་ལྟ་བུ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤོང་བ་པའི་འཆགས་ནི་ཁྲུ་བཅོ་བརྒྱད་དོ། །ཁ་ཏོན་པའི་ནི་ཁྲུ་བཅུ་གཉིས་ཏེ། དེ་དག་ཐག་གུས་གཞལ་ཏེ་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་གིས་ཆོས་བཤད་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་དུས་དུས་

སུ་འཁོར་རྣམས་ལ་ཆོས་བཤད་པར་བྱ་བའོ། །འདུག་སྟེའོ་ཞེས་བྱ་བ་ནི། སེང་གེའི་ཁྲི་ལ་སོགས་པ་ལ་འདུག་སྟེ་ཆོས་བསྟན་པར་བྱ་བའོ། །གལ་ཏེ་དུ་མ་ཉིད་ན་གཅིག་གིས་སོ་ཞེས་བྱ་བ་ནི། གལ་ཏེ་ཆོས་སྟོན་པ་དུ་མ་ཉིད་ཡོད་ན་དང་པོར་གཅིག་གིས་བཤད་པར་བྱའོ། །ཆོས་སྟོན་པ་ནི་འདི་པའི་དགེ་

Vol. 163 · folio 119a

སློང་གི་འཁོར་དུ་གཏོགས་པ་དག་ཁོ་ནའི་ལས་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ། །འདི་པའི་དགེ་སློང་གི་འཁོར་དུ་གཏོགས་པ་ཞེས་བྱ་བ་ནི་ཆོས་འདི་པའི་རབ་ཏུ་བྱུང་བ་མཚན་མཐུན་པ་དང་མཚན་མི་མཐུན་པ་དང་། སྡོམ་པ་མཆོག་དང་མཆོག་མ་ཡིན་པ་དང་དགེ་ཚུལ་དང་དགེ་སློབ་མ་ལ་སོགས་

པ་ཐམས་ཅད་ཡིན་པར་རིག་པར་བྱའོ། །གང་ཡང་རུང་བས་སོ་ཞེས་བྱ་བ་ནི། རྒན་པ་དང་མཚན་མཐུན་པ་དང་བསྙེན་པར་རྫོགས་པ་འབའ་ཞིག་གིས་བྱ་བར་མ་ཟད་ཀྱི། གསར་བུ་དང་མཚན་མི་མཐུན་པ་དང་རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་དག་གིས་ཀྱང་བྱར་རུང་སྟེ། དེ་དག་གི་ནང་ནས་ཆོས་སྟོན་

པ་དུ་མ་ཡོད་དུ་ཟིན་ཀྱང་། ཐམས་ཅད་ཀྱིས་མི་བྱ་བར་གང་ཡང་རུང་བ་ཅིག་གིས་བསྟན་པར་བྱའོ། །མ་གསོལ་བར་མི་བྱའོ་ཞེས་བྱ་བ་ནི། ཆོས་བསྟན་པར་བྱའོ། །གལ་ཏེ་དེའི་ཚིག་གིས་བྱུང་བ་མ་ཡིན་ནའོ་ཞེས་བྱ་བ་ནི། དགེ་སློང་གང་གིས་ཚིག་གིས་དགེ་འདུན་སྤྱན་དྲངས་པ་ལ་སོགས་པར་འགྲོ་བ་བྱུང་བའི་

དགེ་སློང་དེས་ནི་གཞན་གྱིས་མ་གསོལ་བར་ཡང་ཆོས་བསྟན་པར་བྱ་སྟེ། འདི་ལྟར་དགེ་སློང་དེའི་ཚིག་ལས་གྱུར་པས་དེར་སྟོན་པ་དང་འདྲ་བར་མདུན་གྱིས་བལྟས་པར་གྱུར་པས་མདུན་གྱིས་བལྟས་པ་ཉིད་དགེ་སློང་དེ་ལ་གསོལ་བ་བཏབ་པ་ཉིད་ཡིན་པའི་ཕྱིར་རོ། །འདིར་བྱུང་བ་ཞེས་སྨོས་པས་ནི་དཔེ་

ཙམ་དུ་ཟད་དེ། དེའི་ཚིག་ལས་གྱུར་པས་གནས་སྐབས་ཐམས་ཅད་ལ་ཡང་ཆོ་ག་དེ་བཞིན་ནོ། །གནས་སྐབས་ཐམས་ཅད་ལ་དགེ་འདུན་གནས་བརྟན་གྱི་ཚིག་ལས་གྱུར་པ་ཉིད་ཡིན་པར་རིག་པར་བྱའོ། །གནས་པ་རྣམས་ལ་ནི་གནས་ཀྱི་སའོ། །ཉེ་གནས་རྣམས་ལ་ནི་ཀློག་པའི་སློབ་དཔོན་

གྱིས་སོ། །དགེ་སློང་མ་རྣམས་ལ་ནི་དགེ་སློང་རྣམས་ཀྱིས་སོ། །བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་རྣམས་ལ་ནི་བསྙེན་པར་རྫོགས་པའི་ཚིག་ལས་གྱུར་པ་ཉིད་ཡིན་པར་རིག་པར་བྱ་སྟེ། གནས་སུ་གྱུར་པ་ཉིད་ཡིན་ཕྱིར་རོ། །གྲྭས་མི་བྱའོ་ཞེས་བྱ་བ་ནི། ཆོས་བསྟན་པར་བྱ་ཏེ། ཆོས་

སྟོན་པའི་གྲྭ་གཞན་ཅིག་ཉེ་འཁོར་ན་འདུག་པའི་དྲུང་རང་གིས་གྲྭ་གཞན་བཙུགས་ཏེ་ཆོས་བསྟན་པར་མི་བྱ་བའོ། །འདིར་འཁོར་འདུས་པ་བཀག་པ་ནི་མ་ཡིན་གྱི། གང་དུ་ཆོས་སྟོན་པའི་སྒྲ་ཕན་ཚུན་གྲགས་པར་འགྱུར་བའི་གནས་དེར་གཞན་ཆོས་སྟོན་པའི་གྲྭའི་དྲུང་དུ་དགེ་སློང་གཞན་གྱིས་གྲྭ་

Vol. 163 · folio 119b

གཞན་བཙུགས་ཏེ་ཆོས་བསྟན་པར་མི་བྱ་བ་ཡིན་ནོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་ཉན་པའི་གྲལ་གྱི་རྣམ་པ་ཁྱམས་སུ་ཟླ་གམ་གྱི་རྣམ་པ་ལྟ་བུའམ་རྫིང་བུའི་རྣམ་པ་ལྟ་བུར་རྗེས་སུ་གནང་བས། དེའི་ཕྱིར་ལང་ལོང་འདི་བཀག་པ་ཡིན་ཏེ། དགེ་སློང་དག་ལང་ལོང་དག་གིས་ཆོས་སྟོན་པར་བྱེད་པ་ན་ཅ་

ཅོར་གྱུར་པའི་ཕྱིར་རོ་ཞེས་གླེང་གཞི་ལས་གསུངས་པ་ཡིན་ནོ། །གྲྭ་ཕྱེད་ཀྱིས་མི་བྱའོ་ཞེས་བྱ་བ་ནི། གྲྭ་གཅིག་གི་ནང་དུ་ལ་ལ་གྲྭ་ཕྱེད་ལ་སྟོན་པར་བྱེད་ཅིང་ལ་ལ་གྲྭ་ཕྱེད་ལ་སྟོན་པར་བྱེད་པ་དེ་ལྟར་མི་བྱ་བའོ། །འདིར་དེ་གཉིས་ཀྱི་གཞུང་ནི་གྲྭས་སྨྲ་བར་མི་བྱ། གྲྭ་ཕྱེད་ཀྱིས་སྨྲ་བར་མི་བྱ་བ་སྟེ། སྨྲ་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་

ནོ། །གཉིས་ཀྱིས་གཅིག་ཏུ་མི་བྱའོ་ཞེས་བྱ་བ་འདི་ནི། སྔར་གལ་ཏེ་དུ་མ་ཉིད་ན་གཅིག་གིས་སོ་ཞེས་སྨོས་པ་དེའི་སྤྲོས་པ་ཡིན་ཏེ། གྲྭ་ཡང་རུང་གྲྭ་ཕྱེད་ཀྱང་རུང་བ་གཅིག་ཏུ་གང་ཟག་གཉིས་ཀྱིས་ཆོས་བསྟན་པར་མི་བྱའོ། །འདིར་གཞུང་ནི་གཉིས་ཀྱིས་གྲྭ་གཅིག་ཏུ་སྨྲ་བར་མི་བྱའོ། །གང་སྨྲ་བར་བྱེད་པ་དེ་ལ་ཉེས་

བྱེས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྒན་རིམས་ཀྱིས་སོ་ཞེས་བྱ་བ་འདིར་ཡང་སྔར་གལ་ཏེ་དུ་མ་ཉིད་ཡིན་ན་གཅིག་གིས་སོ་ཞེས་སྨོས་པ་དེའི་རྗེས་སུ་སྦྱར་ཏེ། འདིར་ནི་ཆོས་སྟོན་པ་དུ་མ་ཡོད་ན་རྒན་རིམས་ཀྱིས་བསྟན་པར་བྱའོ་ཞེས་བྱ་བར་སྦྱར་གྱི། བསྟན་པར་མི་བྱའོ་ཞེས་དགག་པ་ནི་མ་ཡིན་ནོ། །གལ་

ཏེ་མང་བ་ཉིད་ཡིན་ན་སྟན་གཉིས་སམ་གསུམ་གཞག་སྟེའོ་ཞེས་བྱ་བ་ནི། གལ་ཏེ་ཆོས་སྨྲ་བ་བདག་པས་རྒན་རབས་ཆོས་སྟོན་པ་དག་མང་བ་ཉིད་ཡིན་ན་དེ་དག་གི་གོ་གཉིས་སམ་གསུམ་གོང་དུ་གཞག་སྟེ་ཆོས་སྨྲ་བས་བསྟན་པར་བྱའོ། །ཅི་གང་ཡང་རུང་བས་སམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར་གལ་ཏེ་སྟན་དེ་དག་མི་འཐོབ་

པ་ཡིན་ནའོ་ཞེས་བྱ་བ་སྨྲས་ཏེ། ཆོས་སྨྲ་བ་གང་གིས་ཆོས་སྨྲ་བ་རྒན་རབས་གཉིས་སམ་གསུམ་གྱི་སྟན་དེ་དག་མི་འཐོབ་པ་གང་ཡིན་པ་དེ་ནི་སྟན་དེ་དག་མི་འཐོབ་པ་སྟེ། དེས་རྒན་རབས་ཀྱི་སྟན་གཉིས་སམ་གསུམ་གོང་དུ་གཞག་སྟེ་ཆོས་བསྟན་པར་བྱའོ། གང་གིས་སྟན་གསུམ་མི་འཐོབ་པ་དེས་ཀྱང་སྟན་

གསུམ་གཞག་པར་བྱ། གང་གཉིས་མི་ཐོབ་པ་དེས་ཀྱང་གཉིས་གཞག་པར་བྱ། གང་གིས་གཅིག་མི་ཐོབ་པ་དེས་ཀྱང་གཅིག་གཞག་པར་བྱ། གལ་ཏེ་དེ་གནས་བརྟན་ཡིན་ན་ནི་གྲལ་གྱི་གཙོ་བོར་འདུག་པར་བྱ་སྟེ། འདི་དག་ནི་ཁྲི་སྟན་དུ་མ་བཤམས་པར་སྤྱིར་འདུག་པའི་ཆོ་ག་ཡིན་ནོ། སེང་གེའི་ཁྲི་ལ་

Vol. 163 · folio 120a

ཡང་ངོ་ཞེས་བྱ་བ་ནི། འདུག་སྟེ་ཆོས་བསྟན་པར་བྱའོ། །སེང་གེའི་ཁྲི་སྟན་ལ་སོགས་པ་ཁྲི་སྟན་ལོགས་ཤིག་ཏུ་སྤགས་པ་ལ་ནི་གོང་དུ་རྒན་རབས་གཞན་གྱི་གོ་གཞག་མི་དགོས་སོ། །མཆིལ་མའི་སྣོད་གཞག་བར་བྱའོ་ཞེས་བྱ་བ་ནི་མཆིལ་མ་དོར་བའི་ཕྱིར་རོ། །དེར་བཅལ་བླུགས་སོ་ཞེས་

བྱ་བ་ནི། མཆིལ་མའི་སྣོད་དེར་རོ། །དེར་བཅལ་ཅི་ཞིག་བླུགས་པར་བྱ་ཞེ་ན་དེའི་ཕྱིར། བྱེ་མའམ་ཐལ་བའོ་ཞེས་བྱ་བ་སྨྲས་ཏེ། དེ་གཉིས་ནི་དཔེ་ཙམ་དུ་ཟད་དེ། རྩྭ་ལ་སོགས་པ་གཞན་ཡང་རུང་བའི་ཕྱིར་རོ། །དེ་དུས་དུས་སྦྱང་བར་བྱའོ་ཞེས་བྱ་བ་ནི་མཆིལ་མའི་སྣོད་དེའོ། །ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔའི་ནུབ་

མོ་ཆོས་ཉན་པར་བྱའོ་ཞེས་བྱ་བ་ནི། འདིར་གཞུང་ནི་དགེ་སློང་དག་དེ་ལྟ་བས་ན་ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་ལ་དགེ་སློང་རྣམས་གཅིག་ཏུ་འདུས་ཏེ་ཆོས་སྨྲ་བར་བྱ་བ་རྗེས་སུ་གནང་ངོ་ཞེས་གསུངས་པ་ཡིན་ནོ། །ནད་པས་དེ་མ་བྱས་པ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི། ནད་པས་ཆོས་མཉན་པ་དེ་མ་

མཉན་པ་དང་མ་བཏོན་པ་ལ་ཉེས་པ་མེད་པའོ། །དེ་སྨྲ་བའི་ཕྱིར་གསོལ་བ་འདེབས་པ་མི་མནོད་པར་མི་བྱའོ་ཞེས་བྱ་བ་ནི། ཆོས་དེ་བསྟན་པ་དང་གདོན་པ་སྨྲ་བའི་ཕྱིར་གཞན་གསོལ་བ་འདེབས་པ་ནི་དགེ་སློང་གིས་མི་མནོད་པར་མི་བྱ་སྟེ། ཁས་བླང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མི་ནུས་པ་ལ་སོགས་

པ་ཡིན་ན་གསོལ་བ་འདེབས་པ་ལ་ཤད་ཀྱིས་སྦྱང་བར་བྱའོ་ཞེས་བྱ་བ་ནི། ན་སྟེ་མི་ནུས་པའམ་བྱ་བ་གཞན་གྱིས་བྲེལ་བར་གྱུར་པ་ཡིན་ན་དེའི་ཚེ་གསོལ་བ་འདེབས་པ་ལ་ཤད་ཀྱིས་སྦྱང་ཞིང་གོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྨྲ་བ་པོ་མེད་ན་རིམ་གྱིས་དྲན་པར་བྱ་ཞིང་ཐ་ན་ཚིགས་སུ་བཅད་པ་རེ་རེ་ཙམ་ཡང་སྨྲ་

བར་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཆོས་སྨྲ་བ་པོ་མེད་པར་དགེ་སློང་ཐམས་ཅད་རྒ་ན་རིམས་ཀྱིས་དྲན་པར་བྱ་ཞིང་ཐ་ན་ཚིགས་སུ་བཅད་པ་རེ་རེ་ཙམ་ཡང་གདོན་པར་བྱ་བའོ། །དེར་མར་མེ་གཟུགས་སོ་ཞེས་བྱ་བ་ནི་ཆོས་ཉན་པ་དེར་རོ། །ཁྱམས་སུ་ཆོས་ཉན་པའི་གྲལ་ཟླ་གམ་གྱི་རྣམ་པ་ལྟ་བུའམ་རྫིང་བུའི་རྣམ་པ་ལྟ་བུར་

བཤམ་པར་བྱའོ་ཞེས་བྱ་བ་ནི། གནས་ངོས་བཞི་ཀུན་ནས་སྟེང་གི་ཁྱམས་བཏགས་པའི་ནང་དུ་ཆོས་ཉན་པའི་གྲལ་ཟླ་གམ་ལྟ་བུའམ་གྲུ་བཞིར་བཤམ་པར་བྱ་བའོ། །དེ་ཡང་དཔེ་ཙམ་དུ་ཟད་དེ། ཡིད་དུ་འོང་བ་དང་། མི་གནོད་པ་གཞན་དག་ཀྱང་རུང་བས་ངེས་པ་མེད་དོ། །བླ་གབ་མེད་པར་ཆོས་མཉན་ན་བླ་རེ་

Vol. 163 · folio 120b

གདགས་སོ་ཞེས་བྱ་བ་ནི། གལ་ཏེ་བླ་གབ་མེད་པར་ཆོས་ཉན་ན་བླ་རེ་གདགས་པར་བྱ་བའོ། །རླུང་དང་ཆར་འབབ་ན་བརྟུལ་ལོ་ཞེས་བྱ་བ་ནི་བླ་རེའོ། །དེར་ཆོས་ཉན་པ་དག་དོར་བར་མི་བྱའོ་ཞེས་བྱ་བ་ནི། བླ་རེ་བརྟུལ་ནས་རླུང་དང་ཆར་པ་བབ་པ་དེར་དགེ་སློང་ཆོས་སྨྲ་བ་དང་ཉན་པ་དག་དོར་བར་མི་བྱའོ། །དེར་གནས་བརྟན་

དང་པོར་འདུག་སྟེ་ཡུད་ཙམ་ཞིག་ཅང་མི་སྨྲ་བར་བསྡད་ནས་ཆོས་སྨྲ་བར་བྱ་བའམ་གཞན་ལ་དགེ་སློང་ཆོས་སྨྲོས་ཤིག་ཅེས་གསོལ་བ་བྱའོ་ཞེས་བྱ་བ་ནི། ཆོས་སྨྲ་བའི་གནས་དེར་གནས་བརྟན་དང་པོར་འདུག་སྟེ་དུས་ཅུང་ཞིག་ཅང་མི་སྨྲ་བར་བསྡད་ནས། གནས་བརྟན་ཉིད་ཀྱིས་ཆོས་སྨྲ་བར་བྱའོ། །ཡང་ན་ཆོས་ཉན་

པའི་མདུན་རོལ་ཏུ་གནས་བརྟན་གྱིས་དགེ་སློང་ཆོས་སྨྲ་བ་པོ་གཞན་ལ། ཀྱེ་དགེ་སློང་ཆོས་བསྟན་པར་གསོལ་ཞེས་གསོལ་བ་གདབ་ཅིང་གཞན་ཆོས་སྨྲར་གཞུག་པར་བྱའོ། །སྨྲ་བ་ན་སེམས་གཏད་དེ། གལ་ཏེ་ཆོས་ཡིན་ན་སྤྲོ་བར་བྱའོ་ཞེས་བྱ་བ་ནི། ཆོས་སྨྲ་བ་པོ་ཆོས་སྨྲ་བ་ན་ཐམས་ཅད་ཀྱིས་སེམས་གཏད་

པར་བྱའོ། །གལ་ཏེ་ཆོས་སྨྲ་བ་ཡིན་ན་སྤྲོ་བར་བྱ་སྟེ། དགེ་སློང་ལེགས་སོ་ལེགས་སོ་ཆོས་བཟང་པོ་བཤད་དོ་ཞེས་ལེགས་སོ་ཞེས་བྱ་བ་སྦྱིན་པར་བྱའོ། །གལ་ཏེ་མ་ཡིན་ན་བཟློག་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་སྨྲ་བ་པོ་དེ་ཆོས་མ་ཡིན་པ་སྨྲ་ན་དེའི་ཚེ་བཟློག་པར་བྱ། དགེ་སློང་ཆོས་མ་ཡིན་པ་མ་སྨྲ་ཞིག་

ཅེས་དགག་པར་བྱའོ། །དེར་ཁྱིམ་པ་ལྷགས་པ་རྣམས་ལ་ཆོས་དང་ལྡན་པའི་གཏམ་བྱའོ་ཞེས་བྱ་བ་ནི། ཆོས་མཉན་པ་དེར་གལ་ཏེ་མགོ་མ་བཙུགས་པའི་མདུན་དུའམ་རྫོགས་པའི་རྗེས་ལ་ཁྱིམ་པ་དག་ལྷགས་ན་དེའི་ཚེ་དེ་དག་ལ་ཆོས་དང་ལྡན་པའི་གཏམ་བྱ་བའོ། །མུ་སྟེགས་ཅན་ཀླན་ཀ་ཚོལ་ཞིང་གནས་

ན་ལེགས་པར་ཚར་གཅད་ཅིང་ཁྲོ་བ་མི་བསྟན་པར་བཟོད་པར་བྱའོ་ཞེས་བྱ་བ་ནི། གནས་བརྟན་གྱིས་ཞེས་བྱ་བར་སྦྱར་རོ། །འདི་སྐད་བསྟན་ཏེ། གལ་ཏེ་མུ་སྟེགས་ཅན་དག་ཀླན་ཀ་ཚོལ་ཞིང་གནས་ཏེ། འདི་ནི་ཆོས་མ་ཡིན་ནོ། །འདི་ནི་འདུལ་བ་མ་ཡིན་ནོ་ཞེས་ཟེར་ན་དེའི་ཚེ་རིགས་པའི་ཚིག་གིས་ལེགས་

པར་ཚར་གཅད་ཅིང་ཁྲོ་བ་མི་བསྟན་པར་བཟོད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སྟོན་པས་འཁོར་ཁྲིད་དེ་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི། ཆོས་སྟོན་པའི་དགེ་སློང་གིས་ཆོས་བསྟན་ཟིན་ནས་འཁོར་རྣམས་ལ་ཆོས་བསྟན་པར་བྱའོ་ཞེས་དེ་ནས་ཁྲིད་དེ་འགྲོ་བར་མི་བྱ་བ་སྟེ། ཆོས་སྟོན་པ་ནི་གནས་

Vol. 163 · folio 121a

བརྟན་གྱི་ལས་ཡིན་པའི་ཕྱིར་རོ། །དེ་དག་འགྲོ་ན་ཆོས་ཀྱི་སྒོར་གཟུད་པར་བྱའོ་ཞེས་བྱ་བ་ནི། འཁོར་དེ་དག་རང་དགར་འགྲོ་ཞིང་ཕྱི་བཞིན་འོང་ན་ཆོས་སྟོན་པས་ཁྱིམ་པ་དེ་དག་ལ་གཞོལ་བས་ཆོས་ཀྱི་སྒོར་གཟུད་པར་བྱ་བའོ། །ཞེ་ས་དང་བཅས་པ་དང་གུས་པ་དང་བཅས་པ་དང་སེམས་དམའ་

བས་འཇུག་པར་བྱའོ་ཞེས་བྱ་བ་ནི། ཆོས་སྨྲ་བས་འཁོར་གྱི་ནང་དུ་རྣམ་པ་འདི་ལྟ་བུས་འཇུག་པར་བྱ་བའོ། །ཞེ་ས་དང་བཅས་པ་ཞེས་བྱ་བ་ནི་གཞན་ལ་བླ་མ་ཉིད་དུ་ལྟ་བའོ། །གུས་པ་དང་བཅས་པ་ཞེས་བྱ་བ་ནི་གཞན་ལ་འཇིགས་པའི་གནས་ཉིད་དུ་ལྟ་བའོ། །སེམས་དམའ་བ་ཞེས་བྱ་བ་ནི་རྒྱགས་པ་དང་ང་

རྒྱལ་ངེས་པར་བཅོམ་པ་ཉིད་ཀྱིས་སོ། །གུས་པར་བཅས་ཏེ་བསྟན་པར་བྱའོ་ཞེས་བྱ་བ་ནི། ཆོས་ཞེས་བྱ་བར་སྦྱར་རོ། །གུས་པར་བྱ་བ་བསྟན་པའི་ཕྱིར་ཆོས་ལ་གུས་པ་དང་བཅས་པ་དང་བརྟན་པ་དང་བཅས་པ་དང་ཡིད་མི་གཡེང་བས་རིགས་པ་དང་གྲོལ་བའི་ཚིག་དག་གིས་སོ་ཞེས་བྱ་བ་སྨྲས་ཏེ། ཆོས་ལ་གུས་པ་

དང་བཅས་པ་ཞེས་བྱ་བ་ནི། ཆོས་ལ་གུས་པ་ཉེ་བར་གཞག་སྟེའོ། །བརྟེན་པ་ཞེས་བྱ་བ་ནི་ཚིག་མི་གཡོ་བའོ། །ཡིད་བསྡུས་པས་ཞེས་བྱ་བ་ནི། གཞན་ལ་སེམས་མི་གཏོད་པས་སོ། །རིགས་པའི་ཚིག་དག་གིས་ཞེས་བྱ་བ་ནི། ཚད་མ་དང་ལྡན་པ་དག་གིས་སོ། །གྲོལ་བའི་ཚིག་དག་གིས་ཞེས་བྱ་བ་ནི། ཐོགས་

པ་མེད་པར་བརྗོད་པ་དག་གིས་ཏེ། ཅི་མིང་ཆེ་གེ་ཞེས་བྱ་བ་ལ་སོགས་པ་དག་གིས་བར་དུ་མཆོད་པའོ། །དོན་ཇི་ལྟ་བ་བཞིན་དུ་ཐོགས་པ་མེད་པར་བརྗོད་པ་དག་གིས་སོ་ཞེས་བྱ་བ་ནི། དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚིག་མ་འཁྲུལ་པ་དག་གིས་ཐོགས་པ་མེད་པར་བརྗོད་པ་དག་གིས་སོ། །མ་འདྲེས་པར་རོ་

ཞེས་བྱ་བ་ནི་གཏམ་གཞན་དག་དང་མ་འདྲེས་པར་རོ། །འབྲེལ་པར་རོ་ཞེས་བྱ་བ་ནི་ཚིག་སྔ་མའི་དོན་དང་ཚིག་ཕྱི་མའི་དོན་འབྲེལ་བ་དང་བཅས་ཤིང་སྐབས་སུ་མ་ཆད་པར་རོ། །བྱམས་པ་དང་སྙིང་རྗེ་དང་ཟང་ཟིང་མེད་པའི་སེམས་ཀྱིས་སོ་ཞེས་བྱ་བ་ནི། བྱམས་པ་དང་སྙིང་རྗེ་དང་ཟང་ཟིང་མེད་པའི་སེམས་

ཀྱིས་ཆོས་བསྟན་པར་བྱ་བའོ། །བྱམས་པའི་སེམས་ཀྱིས་ཞེས་བྱ་བ་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་ཞིང་མཛའ་བཤེས་དང་ལྡན་པའི་སེམས་ཀྱིས་སོ། །སྙིང་རྗེའི་སེམས་ཀྱིས་ཞེས་བྱ་བ་ནི། ཕན་པ་ཉེ་བར་བསྒྲུབ་པར་འདོད་པ་སྔོན་དུ་བཏང་བས་སོ། །ཟང་ཟིང་མེད་པའི་སེམས་ཀྱིས་སོ་

Vol. 163 · folio 121b

ཞེས་བྱ་བ་ནི། དེའི་རྒྱུད་དེ་ལས་སམ་གཞན་ལས་རྙེད་པ་དང་བཀུར་སྟི་དང་རིམ་གྲོའམ་བྱ་བ་གཞན་ཅུང་ཟད་ཀྱང་རྗེས་སུ་སྒྲུབ་པར་མི་འདོད་པས་སོ། །རངས་པ་དང་མོས་པ་དང་དགའ་བར་བྱེད་པས་སོ་ཞེས་བྱ་བ་ལ། རངས་པར་བྱེད་པ་ཞེས་བྱ་བ་ནི་ཉན་པ་པོ་རྣམས་ཀྱི་ཞུམ་པ་ཉིད་བསྩལ་བའི་ཕྱིར་རངས་པ་སྐྱེད་

པར་བྱེད་ཅིང་ཆོས་བསྟན་པར་བྱ་བའོ། །མོས་པར་བྱེད་པས་ཞེས་བྱ་བ་ནི། དམ་པའི་ཆོས་ལ་མོས་པའི་གཉེན་པོར་མོས་པ་སྐྱེད་པར་བྱེད་ཅིང་ཆོས་བསྟན་པར་བྱ་བའོ། །དགའ་བར་བྱེད་པས་སོ་ཞེས་བྱ་བ་ནི་མི་རིགས་པར་བྱེད་པ་ཉིད་ཀྱི་གཉེན་པོར་དགའ་བར་བྱེད་ཅིང་ཆོས་བསྟན་པར་བྱ་བའོ། །འདི་སྐད་

བསྟན་ཏེ། ཡང་དག་པས་གཟེངས་བསྟོད་པས་ནི་རེངས་པར་བྱ་བའོ། །བསམ་པ་དང་མཐུན་པས་ཆོས་སྟོན་པས་ནི་མོས་པར་བྱ་བའོ། །ཚད་མ་དང་ལྡན་པའི་དོན་སྟོན་པས་ནི་དགའ་བར་བྱ་བའོ། །དོན་གྱི་དབང་གིས་མ་རྫོགས་ན་གཞག་པར་བྱའོ་ཞེས་བྱ་བ་ནི། མི་ནུས་པ་ལ་སོགས་པའི་དོན་

གྱི་དབང་གིས་ཆོས་ཉན་པའི་འཕྲོ་མ་རྫོགས་ན་གཞག་པར་བྱ་སྟེ། འདི་ལ་མི་རིགས་པ་མེད་པར་ཤེས་པར་བྱའོ། །ཆོས་འདི་ལྟར་མཉན་པར་བྱ་སྟེ། ཇི་ལྟར་རྗེས་དང་བཅས་པ་ལ་སོགས་པར་ཆོས་སྟོན་པར་བྱེད་པ་དེ་བཞིན་དུ་ཉན་པ་པོས་ཀྱང་སྔར་བསྟན་པའི་ཡོན་ཏན་དེ་དག་དང་ལྡན་པར་ཆོས་མཉན་པར་བྱའོ། །

ཆོས་མཉན་པའི་མཇུག་ཏུ་རྒྱལ་པོ་དང་ལྷ་དང་སྦྱིན་བདག་གི་དོན་དུ་ཡོན་བསྔོ་ཞིང་བརྗོད་པར་བྱའོ། །འགྱེས་ཁར་ཅི་བདེར་བྱའོ། །དབྱངས་ཀྱིས་ཆོས་སྨྲ་བར་བྱའོ་ཞེས་བྱ་བ་ནི། དབྱངས་ཀྱི་ང་རོས་ཆོས་གདོན་ཅིང་སྨྲ་བར་བྱའོ། །ལངས་ནས་རྣམ་པར་དབྱེ་བར་བྱའོ་ཞེས་བྱ་བ་ནི། ཆོས་སྨྲ་བ་ལངས་ནས་

དོན་མ་གོ་བ་དག་གོ་བར་བྱ་བའི་ཕྱིར་རྣམ་པར་དབྱེ་བར་བྱ་བའོ། །དོན་བཏུས་ཏེ་བརྗོད་པར་ཡང་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་ལས་དོན་བཏུས་ཏེ་རང་གིས་ཡི་གེ་མཛེས་པར་བྱ་བའི་ཕྱིར་སྙན་དངགས་བསྡེབ་པར་ཡང་བྱ་བའོ། །གལ་གཟུང་བ་དང་གཞུང་གཟུགས་པར་ཡང་ངོ་ཞེས་བྱ་བ་ནི།

ག་ལ་གཟུང་བ་དང་གཞུང་གཟུགས་པ་དེ་གཉིས་བྱ་སྟེ། གང་གི་ཚེ་ཞེ་ན་མདོའི་སྡེ་ལ་སོགས་པའི་ཆོས་ཀྱིའོ། །འདིར་གལ་གཟུང་བ་ཞེས་བྱ་བ་ནི། ཚིག་འདི་ནི་མི་རིགས་པ་སྟེ། སྒྲ་ངན་པ་ལ་སོགས་པའི་ཉེས་པས་སྐྱོན་ཆགས་པའི་ཕྱིར་རོ། །དོན་ཀྱང་སྔ་ཕྱི་འགལ་བ་དང་ལུང་གཞན་དང་

Vol. 163 · folio 122a

འགལ་ཏེ་གཏན་ཚིགས་འཐད་པ་མ་ཡིན་པ་ལ་སོགས་པས་སྐྱོན་ཆགས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཡིན་པར་ཤེས་པར་བྱའོ། །གཞུང་གཟུགས་པ་ཞེས་བྱ་བ་ནི། དེ་ལྟར་ཆོས་ལ་གལ་གཟུང་བ་གང་ཡིན་པ་དེ་སྒྲ་དང་དོན་གྱི་ཉེས་པ་ཡོངས་སུ་སྤང་པས་རྣམ་པར་

གཞག་ཅིང་གཞུང་གཟུགས་པའོ། །འདིར་ཆོས་སྟོན་པའི་སྐབས་ཇི་སྐད་བསྟན་པ་དེ་དག་གི་གཞུང་ནི། དགེ་སློང་ཆོས་སྟོན་པས་རྗེས་དང་བཅས། གུས་པ་དང་བཅས་འཇིགས་པའི་དབང་དང་བཅས་ཤིང་སེམས་དམའ་བས་འཁོར་གྱི་ནང་དུ་ཞུགས་ཏེ་ཚིག་དང་ཡི་གེ་རིགས་པ་དང་གྲོལ་བ་དག་

གིས་ཆོས་བསྟན་པར་བྱ་ཞིང་། མདོ་སྡེ་དག་ལས་དོན་བླངས་ཏེ་དང་པོར་གཏམ་བྱ་ཞིང་བཤད་པར་བྱ་བ་བསྡོགས་པར་བྱའོ། །དོན་དང་ཚིག་འབྲུས་འཁོར་ལ་གོ་བར་བྱ་ཞིང་གྲྭས་བཤད་པར་མི་བྱ། གྲྭ་ཕྱེད་ཀྱིས་མི་བྱ། གཉིས་ཀྱིས་གྲྭ་གཅིག་ཏུ་བཤད་པར་མི་བྱ་འཁོར་ཁྲིད་དེ་འགྲོ་བར་མི་བྱའོ། །གལ་

ཏེ་ཆོས་སྨྲ་བ་དག་མེད་པ་ན་དྲན་པར་བྱེད་པ་དག་གིས་དྲན་པར་བྱའོ། །དྲན་པར་བྱེད་པ་མེད་པ་ན་རིམ་གྱིས་ཐ་ན་ཚིགས་སུ་བཅད་པ་ཙམ་ཡང་བཀླག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དགེ་འདུན་གྱི་གནས་བརྟན་གྱིས་སྨྱིག་མའི་ཐུར་མ་སྐུད་པ་ལ་བརྒྱུས་པ་སྤོ་བས་ཉི་མ་

བགྲང་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་གནས་བརྟན་གྱིས་ཉི་མ་བགྲང་བར་བྱའོ། །ཇི་ལྟར་ཞེ་ན། སྨྱིག་མའི་ཐུར་མ་སྐུད་པ་ལ་བརྒྱུས་པ་སྤོ་བས་སོ། །འདིར་གཞུང་ནི་གླེང་གཞི་དག་ལས་དེ་ལྟ་བས་ན་ཉི་མ་བགྲང་བར་བྱ་བ་རྗེས་སུ་གནང་ངོ་ཞེས་གསུངས་པ་དང་། དེ་དག་ཐམས་ཅད་ཞག་བགྲང་བ་

ལ་ཞུགས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་ཀྱིས་བགྲང་བར་མི་བྱ་བར་གཉིས་ཀྱིས་བགྲང་བར་བྱ་སྟེ། དགེ་འདུན་གྱི་གནས་བརྟན་དང་དགེ་སྐོས་ཀྱིས་སོ། །དགེ་འདུན་གྱི་གནས་བརྟན་གྱིས་ཀྱང་མི་དྲན་ལ། དགེ་སྐོས་ཀྱིས་ཀྱང་མི་དྲན་པ་ནས། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། སྨྱིག་མའི་ཐུར་མ་བཅོ་ལྔ་སྐུད་པ་ལ་བརྒྱུས་པ་གཞག་པར་བྱ་ཞིང་དེ་དག་ལས་ཉི་མ་རེ་རེ་ཞིང་རེ་རེ་དྲང་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །དགེ་སྐོས་ཀྱིས་དེ་ལས་བརྟགས་ཏེ་དགེ་འདུན་ལ་བརྗོད་པར་བྱའོ་ཞེས་བྱ་བ་ནི། དགེ་སྐོས་ཀྱིས་དགེ་འདུན་གྱི་གནས་བརྟེན་དེ་ལས་ཞག་

Vol. 163 · folio 122b

གྲངས་ཀྱི་ཉི་མ་དེ་བརྟགས་ཤིང་ཁོང་དུ་ཆུད་པར་བྱ་སྟེ། དགེ་འདུན་ལ་དེང་ནི་ཚེས་གྲངས་འདི་ལགས་སོ་ཞེས་ཉིན་རེ་ཞིང་དེ་བཞིན་བརྗོད་པར་བྱ་བའོ། །བྱེ་བྲག་ཏུ་བྱས་པའི་འོ་ཞེས་བྱ་བ་ནི། བྱེ་བྲག་ཏུ་མ་བྱས་པའི་ཉི་མ་བརྗོད་པར་མི་བྱ་བར་བྱེ་བྲག་ཏུ་བྱས་པའི་ཉི་མ་བརྗོད་པར་བྱ་བའོ། །གང་གིས་བྱེ་བྲག་ཏུ་

བྱས་པ་ཞེ་ན་དེའི་ཕྱིར། ངོའི་དབྱེ་བས་སོ་ཞེས་བྱ་བ་སྨྲས་ཏེ། ཟླ་བ་ཡར་གྱི་ངོ་དང་མར་གྱི་ངོའི་དབྱེ་བས་བྱེ་བྲག་ཏུ་བྱས་པའི་ཚེས་གྲངས་བརྗོད་པར་བྱ་བའོ། གཙུག་ལག་ཁང་གི་བདག་པོ་དང་ལྷའི་ཕྱིར་ཚིགས་སུ་བཅད་པ་གདོན་པར་དགེ་སློང་རྣམས་ལ་བསྐུལ་བའི་ཚིག་བྱའོ་ཞེས་བྱ་བ་ནི། དགེ་སྐོས་ཀྱིས་

དགེ་སློང་རྣམས་ལ་གཙུག་ལག་ཁང་གི་བདག་པོ་དང་ལྷ་རྣམས་ཀྱི་ཕྱིར་ཚིགས་སུ་བཅད་པ་གདོན་པར་བསྐུལ་བར་བྱ་བའོ། །གང་གི་ཚེ་ཞེ་ན་དེའི་ཕྱིར་མོད་ལའོ་ཞེས་བྱ་བ་སྨྲས་ཏེ། ཚེས་གྲངས་བརྗོད་པའི་མོད་ལའོ། །ཇི་ལྟར་བསྐུལ་བར་བྱ་ཞེ་ན། དེའི་ཕྱིར་དེང་ནི་ཡར་གྱི་ངོའི་ཚེས་གཅིག་ལགས་ཏེ།

གཙུག་ལག་ཁང་གི་བདག་པོ་དང་གཙུག་ལག་ཁང་གི་ལྷ་རྣམས་ཀྱི་སླད་དུ་ཚིགས་སུ་བཅད་པ་རེ་རེ་ཀླག་ཏུ་གསོལ་ཞེས་སོ་ཞེས་བྱ་བ་སྨྲས་ཏེ། ཟླ་བའི་ངོའི་དབྱེ་བས་ཚེས་གྲངས་བརྗོད་པར་བྱ་ཞིང་ཚིགས་སུ་བཅད་པ་ཡང་གདོན་པར་བྱའོ། །གཙུག་ལག་ཁང་གི་བདག་པོས་སྤྱན་འདྲེན་པའི་ཚིག་ཀྱང་

བརྗོད་པར་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་གི་བདག་པོས་དགེ་འདུན་བཤོས་ལ་སོགས་པ་ལ་སྤྱན་འདྲེན་པའི་ཚིག་ཀྱང་དགེ་སྐོས་ཀྱིས་དགོངས་ཀར་ཉིན་རེ་ལན་རེ་དགེ་འདུན་ལ་བརྗོད་པར་བྱ་བའོ། །ཇི་སྐད་དུ་ཞེ་ན་དེའི་ཕྱིར་ཡོན་བདག་མིང་འདི་ཞེས་བགྱི་བས་སང་དགེ་འདུན་བཤོས་ལ་སྤྱན་

འདྲེན་ན་བཙུན་པ་རྣམས་ཀྱིས་དེ་ལ་དགེ་ལེགས་ཀྱི་ཡིད་དག་གིས་སོ་སོ་ནས་ཐུགས་བརྩེ་བར་མཛད་དུ་གསོལ་ཞེས་བྱ་བས་སོ། །ཉིན་ཞག་གཅིག་གིས་མི་ཆོག་པར་བྱའོ་ཞེས་བྱ་བ་ནི། ཟླ་བའི་ངོ་ལ་ཉིན་ཞག་གཅིག་གིས་ཞག་བཅོ་ལྔར་མི་ཆོག་པར་བྱ་བའོ། །གང་གི་ཚེ་ཞེ་ན་དེའི་ཕྱིར་དུས་ཚིགས་རྣམས་ཀྱི་

ཟླ་བ་ཕྱེད་ལུས་པ་ཉིད་ལའོ་ཞེས་བྱ་བ་སྨྲས་ཏེ། དུས་ཚིག་དྲུག་པོ་དགུན་དང་དགུན་སྨད་དང་དཔྱིད་དང་སོས་ཀ་དང་དབྱར་དང་སྟོན་རྣམས་ལ་ཟླ་བ་གཉིས་གཉིས་ཡོད་དེ། སྟོན་ཟླ་ཐ་ཆུངས་ཉ་ནས་དགུན་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་ནི་དགུན་གྱི་དུས་ཚིགས་སོ། །དགུན་ཟླ་འབྲིང་པོ་ཉ་ནས་དཔྱིད་ཟླ་ར་བ་ཉའི་

Vol. 163 · folio 123a

བར་གྱི་ཟླ་བ་གཉིས་ནི་དགུན་སྨད་ཀྱི་དུས་ཚིགས་སོ། །དཔྱིད་ཟླ་ར་བ་ཉ་ནས་དཔྱིད་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་གཉིས་ནི་དཔྱིད་ཀྱི་དུས་ཚིགས་སོ། །དཔྱིད་ཟླ་ཐ་ཆུངས་ཉ་ནས་དབྱར་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་ནི་སོས་ཀའི་དུས་ཚིགས་སོ། །དབྱར་ཟླ་འབྲིང་པོ་ཉ་ནས་སྟོན་ཟླ་ར་བ་ཉའི་བར་གྱི་ཟླ་

བ་གཉིས་ནི་དབྱར་གྱི་དུས་ཚིགས་སོ། །སྟོན་ཟླ་ར་བ་ཉ་ནས་སྟོན་ཟླ་ཐ་ཆུངས་ཉའི་བར་གྱི་ཟླ་བ་གཉིས་ནི་སྟོན་གྱི་དུས་ཚིགས་སོ། །དུས་ཚིགས་དྲུག་པོ་དེ་དག་རེ་རེ་ལ་ཟླ་བ་གཉིས་གཉིས་ཏེ་ཟླ་བ་ཕྱེད་བཞི་བཞི་ཡོད་པ་ལ། ཕྱེད་དང་པོ་གཉིས་དང་ཐ་མ་དང་གསུམ་ལ་ནི་ཞག་བཅོ་ལྔ་བཅོ་ལྔ་ཐུབ་པར་བརྩིའོ། །ཕྱེད་གསུམ་

པ་ལ་ནི་ཞག་རེ་རེ་ཆད་ཅིང་བཅོ་ལྔ་མི་ཐུབ་པར་བཅུ་བཞི་ཐུབ་པར་བརྩི་སྟེ། དེ་དག་ནི་གསོ་སྦྱོང་བཅུ་བཞི་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། དབྱར་ཟླ་གསུམ་དང་དགུན་ཟླ་གསུམ་གྱི་ནི་ར་བ་དང་ཐ་ཆུངས། མར་གྱི་ངོས་བཅོ་ལྔ་མི་ཐུབ་པས་ར་བ་དང་ཐ་ཆུངས་གནམ་སྟོང་ནི་གསོ་

སྦྱོང་བཅུ་བཞི་པ་ཡིན་ནོ། །སྟོན་ཟླ་གསུམ་དང་དཔྱིད་ཟླ་གསུམ་གྱི་ནི་འབྲིང་པོ་མར་གྱི་ངོས་བཅོ་ལྔ་མི་ཐུབ་པས། འབྲིང་པོ་གནམ་སྟོང་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ། །ལྷག་མ་ཐམས་ཅད་ནི་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། །ཟླ་བ་ཤོལ་དོར་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བས་སོ་ཞེས་བྱ་བ་ནི། ཟླ་བ་ལྷག་པ་ཤོལ་

དོར་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བས་དོར་བར་བྱ་སྟེ། རྒྱལ་པོ་དང་མཐུན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་བས་ཤེས་པར་བྱའོ་ཞེས་བྱ་བ་ནི། རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་བས་ཤེས་པར་བྱ་སྟེ། དེ་དང་མཐུན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་

དགོས་པ་ནི་ཐ་སྙད་ལ་མཁས་པར་བྱའོ་ཞེས་བྱ་བ་ནི། ཚེས་གྲངས་བརྗོད་པར་བྱ་བ་ལ་སོགས་པ་འདི་ལ་དགོས་པ་ནི་འཇིག་རྟེན་པའི་ཐ་སྙད་ལ་མཁས་པར་བྱ་བ་དང་། ཚེས་འདས་པ་སེམས་ལ་གཞག་པར་བྱ་བ་དང་། གསོ་སྦྱོང་གི་ཉི་མ་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ། །མ་བརྟགས་ཤིང་གསོ་སྦྱོང་ལ་མ་

བསྡད་པར་འདི་སྟོང་པ་ཞིག་གོ་སྙམ་ཞིང་མཚམས་གཅད་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་གློ་བུར་དུ་ལྷགས་པ་གནས་སྟོང་པར་ཞུགས་པ་དག་གིས་འདིར་མཚམས་བཅད་དམ། འོན་ཏེ་མ་བཅད་ཅེས་དེ་ལྟར་མ་བརྟགས་ཤིང་གསོ་སྦྱོང་གི་ཉིན་མོའི་བར་དུ་ཡང་མ་བསྡད་པར་གནས་འདི་སྟོང་པ་ཞིག་གོ་སྙམ་དུ་

Vol. 163 · folio 123b

བསམས་ཏེ་མཚམས་གཅད་པར་མི་བྱ་བ་སྟེ། བརྟགས་ཤིང་གསོ་སྦྱོང་གི་ཉི་མ་ལ་བབ་ཀྱི་བར་དུ་བསྡད་དེ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བཅད་པ་ཉིད་དུ་ཤེས་པ་ཉིད་ནི་མི་འཆགས་པའི་ཡན་ལག་མ་ཡིན་ནོ་ཞེས་བྱ་བ་ནི། མཚམས་བཅད་པ་ཉིད་ལ་བཅད་པ་ཉིད་དུ་ཤེས་པ་ཉིད་ནི་མཚམས་གཞན་གཅད་པ་མི་

འཆགས་པའི་ཡན་ལག་མ་ཡིན་ཏེ། མཚམས་སྔར་བཅད་ཟིན་པ་ཉིད་ཡིན་ན། དེ་བཅད་པ་ཉིད་དུ་ཤེས་ཀྱང་རུང་མི་ཤེས་ཀྱང་རུང་སྟེ། དེར་མཚམས་གཞན་གཅད་པ་མི་འཆགས་སོ། །འདི་སྐད་བསྟན་ཏེ། སྔར་སྔ་མ་བག་ཡངས་སུ་མ་བྱས་པར་གཅད་པར་གཞན་མི་འཆགས་སོ། །ཞེས་གང་བསྟན་པ་དེ་ལ་

ཤེས་པ་དེ་ཡན་ལག་མ་ཡིན་ཏེ། འདི་ལྟར་མཚམས་བཅད་ཟིན་པ་ཡོད་ན་ཤེས་ཀྱང་རུང་མི་ཤེས་ཀྱང་རུང་སྟེ་བཅད་པ་གཞན་མི་འཆགས་པ་ཁོ་ན་ཡིན་ནོ། །ཤེས་བཞིན་དུ་གཅད་ན་ནི་ཉེས་བྱས་སུ་འགྱུར་ལ། མི་ཤེས་པར་གཅད་ན་ནི་ལྟུང་བ་མེད་དེ། འདིར་བྱེ་བྲག་ནི་དེ་ཙམ་ཞིག་ཡོད་པར་ཟད་དོ། །དེ་མེད་པ་ཉིད་

ཀྱིས་ཀྱང་བག་ཡངས་སུ་འགྱུར་རོ་ཞེས་བྱ་བ་ནི། སྔར་མཐུན་པའི་གསོ་སྦྱོང་གི་གནས་ཀྱི་སྐབས་སུ་མཚམས་དག་དགྲོལ་བར་བྱའོ་ཞེས་སྨོས་པ་དེ་ནི་ལས་ལ་ལྟོས་པ་ཡིན་གྱི། འདིར་ཀྱང་ཞེས་བྱ་བའི་སྒྲ་སྨོས་པས་ནི་མཚམས་དགྲོལ་བ་ལས་ལ་ལྟོས་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། འདི་ལྟར་དེ་མེད་

པ་ཉིད་ཀྱིས་ཀྱང་རང་གྲོལ་བར་འགྱུར་རོ་ཞེས་སྟོན་ཏེ། དེ་ཞེས་བྱ་བའི་སྒྲས་ནི་མཚམས་དང་ལྡན་པར་གནས་པའི་དགེ་སློང་དང་དགེ་སློང་མ་རྣམས་བཟུང་སྟེ། མཚམས་དེ་གང་ཟག་དག་གི་ཡིན་པའི་གང་ཟག་དེ་དག་མཚམས་དེའི་ནང་ན་གཅིག་ཀྱང་མ་ལུས་ལ་མེད་པར་གྱུར་ན་དེ་དག་ནི་མེད་

པ་ཉིད་ཀྱིས་མཚམས་དེ་ཡང་མཚམས་དང་ལྡན་པའི་གང་ཟག་དག་མེད་པ་བཞིན་དུ་རང་མེད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཡང་སྐྱ་རེངས་ཤར་བའི་དུས་ཉིད་ནི་མཚམས་དེ་བག་ཡངས་སུ་འགྱུར་བར་ཤེས་པར་བྱའོ། །དེ་མེད་པ་ཉིད་དུ་འགྱུར་བ་ནི་རྒྱུ་རྣམ་པ་ལྔ་སྟེ་དགེ་འདུན་

ཐམས་ཅད་དོང་བ་དང་། ཐམས་ཅད་མཚན་གྱུར་པ་དང་། ཞིང་མ་ཡིན་པ་ཉིད་དུ་གྱུར་པ་དང་། རྣམ་པར་འཁྲུལ་པར་གྱུར་པ་དང་ཤི་བས་སོ། །འོ་ན་དཀྱིལ་འཁོར་བ་ནི་མཚམས་ཀྱི་ཕྱི་རོལ་ཡིན་པས་དེ་མེད་པ་ཉིད་ཀྱིས་དུས་ཐམས་ཅད་དུ་བག་ཡངས་སུ་འགྱུར་བར་ཐལ་བར་མི་འགྱུར་རམ་ཞེ་ན། དེ་ལ་

Vol. 163 · folio 124a

ཉེས་པ་མེད་དེ་འདི་ལྟར་དཀྱིལ་འཁོར་པ་ནི་གནས་དང་འབྲེལ་པའི་ལས་ཀྱི་གནས་ཡིན་པའི་ཕྱིར་དེའི་གནས་རང་དབང་མེད་པ་ཡིན་པས་དེའི་ཕྱིར། གནས་དེ་མེད་པ་ཉིད་གང་ཡིན་པ་དེ་འདིའི་རེ་མེད་པ་ཉིད་ཡིན་པར་ཤེས་པར་བྱའོ། །གནས་ན་དགེ་སློང་དང་དགེ་སློང་མ་

དེ་ཡོད་པ་ཉིད་ཡིན་ན། དཀྱིལ་འཁོར་པ་དག་ནི་དེ་མེད་དུ་ཟིན་ཀྱང་དེས་དེ་བག་ཡངས་སུ་མི་འགྱུར་རོ། །རུང་བའི་ཁང་པ་ཡང་ངོ་ཞེས་བྱ་བ་ཡང་། དེ་མེད་པ་ཉིད་ཀྱིས་བག་ཡངས་སུ་འགྱུར་རོ། །ཡང་ངོ་ཞེས་བྱ་བའི་སྒྲས་ནི་ལས་ཀྱིས་ཀྱང་བག་ཡངས་སུ་འགྱུར་བར་སྟོན་ཏོ། །རུང་བའི་ཁང་པའི་རུང་

བ་ཉིད་གང་ཡིན་པ་དེ་ཡང་དེ་མེད་པ་ཉིད་ཀྱིས་ཀྱང་བག་ཡངས་སུ་འགྱུར་རོ། །མཚམས་སུ་མཚམས་ཀྱིས་བསྐོར་དུ་མི་རུང་ངོ་ཞེས་བྱ་བ་ནི། མཚམས་གཞན་བཅད་ཟིན་པའི་ཐ་གྲུའི་ནང་དུ་མཚམས་གཞན་གྱིས་ཕྱོགས་འདྲེན་པར་གཅད་དུ་མི་རུང་བ་སྟེ། ལས་བྱས་སུ་ཟིན་ཀྱང་མ་བྱས་པ་ཉིད་ཡིན་ཏེ།

གནས་གཞན་ནི་གནས་གཞན་གྱི་ཁོངས་སུ་གཏོགས་པ་མ་ཡིན་པའི་ཕྱིར་རོ། །དཀྱིལ་འཁོར་པ་དང་དགེ་སློང་མའི་དབྱར་ཁང་དག་དང་ཁྲོན་པ་དག་ལ་ནི་རུང་ངོ་ཞེས་བྱ་བ་ནི། དེ་གསུམ་གྱི་ཡུལ་ལ་ཕྱི་རོལ་མཚམས་གཅིག་གིས་བསྐོར་དུ་རུང་བའོ། །ལ་ཞེས་བྱ་བའི་སྒྲ་ནི་ཡུལ་དེ་ལ་ཞེས་བྱ་བར་སྦྱར་

གྱི། དེའི་ཕྱིར་ཞེས་བྱ་བར་ནི་མི་སྦྱར་ཏེ། འདི་ལྟར་འདིར་དེའི་ཕྱིར་ཞེས་བྱ་བ་ཉིད་དུ་མི་རིགས་ཏེ། དཀྱིལ་འཁོར་པ་ལ་སོགས་པའི་ཕྱིར་ནི་མཚམས་གཞན་མཚམས་གཞན་གྱི་ཁོངས་སུ་མ་གཏོགས་པའི་ཕྱིར་རོ། །དཀྱིལ་འཁོར་པ་ལ་སོགས་པའི་ཡུལ་ལ་ནི་མཚམས་གང་ཡིན་པ་དེས་བསྐོར་དུ་

རུང་སྟེ། དཀྱིལ་འཁོར་པ་ལ་སོགས་པའི་ཉེན་ཀོར་ནི་མཚམས་ཡིན་པའི་ཕྱིར་མཚམས་ཀྱི་ཁོངས་སུ་གཏོགས་སོ། །འདི་སྐད་བསྟན་ཏེ། དགེ་སློང་གི་གཙུག་ལག་ཁང་གི་ཉེན་ཀོར་ན་དཀྱིལ་འཁོར་པའི་མཚམས་དང་། དགེ་སློང་མའི་དབྱར་ཁང་དང་ཁྲོན་པ་ཡོད་དུ་ཟིན་ཀྱང་དེའི་ཕྱི་རོལ་དུ་མཚམས་ཆེན་

པོ་གཅད་དུ་རུང་ངོ་། །ཤིང་ལྗོན་པ་གཅིག་ལ་མཚམས་གཞི་མན་ཆད་ཀྱི་མུ་ཐུག་དུ་མ་རྣམ་པར་གནས་སོ་ཞེས་བྱ་བ་ནི། ཤིང་ལྗོན་པ་གཅིག་ལ་ཕྱོགས་བཞིའི་མཚམས་བཞི་མན་ཆད་དུ་མའི་མུ་ཐུག་བྱར་རུང་ངོ་ཞེས་བྱ་བའི་ཐ་ཚིག་སྟེ། མཚམས་བཞི་ཆར་འདོམ་པ་ཡིན་ན་རུང་བར་ཁས་བླང་གི །ཐམས་ཅད་ལ་

Vol. 163 · folio 124b

ངེས་པ་ནི་མ་ཡིན་ཏེ། འདི་ལྟར་ཤིང་ལྗོན་པ་གཅིག་པུ་ཞིག་ཕྱོགས་ཕྱོགས་ཀྱི་མཚམས་འདོམ་པའི་དབུས་ན་འདུག་ན་ཤར་ཕྱོགས་པའི་ནུབ་ཕྱོགས་ཀྱི་མཚམས་ཀྱི་མུ་ཐུག་ཀྱང་དེ་ཡིན། ནུབ་ཕྱོགས་པའི་ཤར་ཕྱོགས་པའི་མུ་ཐུག་ཀྱང་དེ་ཡིན། ལྷོ་ཕྱོགས་པའི་བྱང་ཕྱོགས་ཀྱི་མུ་ཐུག་ཀྱང་དེ་ཡིན། བྱང་ཕྱོགས་

བའི་ལྷོ་ཕྱོགས་ཀྱི་མུ་ཐུག་ཀྱང་དེ་ཡིན་པར་རྣམ་པར་གནས་པ་ལྟའོ། །འདི་ལ་ཐ་སྙད་དུ་རུང་བ་མཚན་མ་ཉིད་ཡིན་ནོ་ཞེས་བྱ་བ་ནི། མཚམས་འདི་ལ་འཇིག་རྟེན་གྱི་ཐ་སྙད་དུ་རུང་བ་ཤིང་ལྗོན་པ་ལ་སོགས་པ་མངོན་མཚན་དུ་རུང་བ་དག་མཚན་མ་ཉིད་ཡིན་གྱི་ཐ་སྙད་ལས་འདས་པ་མི་མ་ཡིན་པ་ལ་སོགས་པ་དག་ནི་

བརྟན་པར་གནས་པ་ཉིད་ཡིན་དུ་ཟིན་ཀྱང་མཚན་མ་ཉིད་མ་ཡིན་ནོ། །རྫུ་འཕྲུལ་དང་སྒྱུ་མ་བྱས་པ་དག་ཀྱང་དེ་ལྟར་གྱུར་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། རྫུ་འཕྲུལ་གྱིས་བྱས་པའི་མཚན་མ་དང་སྒྱུ་མས་བྱས་པའི་མཚན་མ་དག་ཀྱང་ཐ་སྙད་དུ་བྱ་བར་གྱུར་པའི་མཚན་མ་ཉིད་མ་ཡིན་ནོ། །ཟླ་བ་དང་ཉི་མ་དང་སྐར་མའི་

འོད་དང་དབའ་ཀློང་གི་རླབས་དག་ཀྱང་མི་བརྟན་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཟླ་བ་དང་། ཉི་མ་དང་། སྐར་མ་དག་གི་འོད་གང་ཡིན་པ་དེ་དག་ཀྱང་མཚན་མ་ཉིད་མ་ཡིན་ཏེ་མི་བརྟན་པའི་ཕྱིར་རོ། །དེ་བཞིན་དུ་དབའ་ཀློང་གི་རླབས་འགྲམ་དུ་བྱུང་བ་དག་ཀྱང་མཚན་མ་ཉིད་མ་ཡིན་ཏེ། མི་བརྟན་པ་

ཉིད་ཀྱི་ཕྱིར་རོ། །མཚམས་སུ་ཆུ་ནི་མཚམས་གཞན་དང་འདྲའོ་ཞེས་བྱ་བ་ནི། མཚམས་ཀྱི་ནང་དུ་ཆུས་ཆོད་ན་མཚམས་གཞན་དང་འདྲ་བར་མཚམས་ཐ་དད་པ་ཉིད་ཡིན་ཏེ། ཆུ་ནི་གནས་མ་ཡིན་པའི་ཕྱིར་རོ། །མཚམས་བཅད་པའི་ནང་དུ་ཇི་སྲིད་དུ་ཆུས་ཆོད་པ་དེ་སྲིད་དུ་མཚམས་ཀྱི་ཡུལ་མ་

ཡིན་ལ། ཆུ་ཆད་ན་ནི་སྔར་མཚམས་བཅད་པ་ཉིད་སྔ་མ་ཁོ་ན་བཞིན་དུ་མཚམས་ཉིད་དུ་རུང་བར་འགྱུར་རོ། །བར་དུ་ཆོད་ན་གཅིག་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། མཚམས་གཅིག་པ་ཉིད་ཀྱི་ནང་དུ་ཆུ་ལ་སོགས་པས་བར་དུ་ཆོད་ན་གལ་ཏེ་ཕྱོགས་འགའ་ཡང་འབྲེལ་པ་མེད་ན་མཚམས་གཅིག་པ་ཉིད་མ་

ཡིན་ཏེ། དེས་ན་མི་མཐུན་པར་འགྱུར་བ་མེད་དོ། །ཕྱོགས་གཅིག་གིས་ཕྱོགས་མ་འབྲེལ་བའི་མཚམས་དུས་གཅིག་ཏུ་གཅད་དུ་མི་རུང་ངོ་། །གལ་ཏེ་ཟམ་པ་བརྟན་པ་ཡིན་ན་ཡུལ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གལ་ཏེ་ཟམ་པ་ཆུས་མི་ཁྱེར་བ་བརྟན་པ་ཡོད་ན་དེས་འབྲེལ་པའི་ཕ་རོལ་གྱི་ཕྱོགས་གང་ཡིན་པ་དེ་

Vol. 163 · folio 125a

ཡང་མཚམས་བཅད་པའི་ནང་དུ་གཏོགས་ན་མཚམས་གཅིག་པའི་ཡུལ་ཉིད་ཡིན་པའོ། །འདིར་གཞུང་ནི་བཙུན་པ་ཆབ་ཀྱི་མཚམས་ལས་འདའ་བར་རུང་ངམ་ཉེ་བ་འཁོར་མི་རུང་ངོ་། །གལ་ཏེ་ཟམ་པ་བརྟན་པོ་ཡོད་ན་ནི་རུང་ངོ་ཞེས་གསུངས་པ་ཡིན་ནོ། །དེ་ཞིག་པ་ཡང་

ཕྱིར་བྱས་ན་ནི་རྗེས་སུ་འཇུག་གོ་ཞེས་བྱ་བ་ནི། ཟམ་པ་དེ་ཞིག་པ་ཡང་ཕྱིར་བྱས་ན་ནི། མཚམས་ཀྱི་རྗེས་སུ་འཇུག་པ་སྟེ། ཆུས་ཆོད་པའི་ཕྱོགས་གཉི་ག་མཚམས་གཅིག་གི་ཁོངས་སུ་གཏོགས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་བུ་ཞིག་ཡང་ཕྱིར་བྱས་ན་ཞེ་ན་དེའི་ཕྱིར་སྦྱོར་བ་མ་བཏང་

བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཡང་ཕྱིར་བྱ་བ་གང་ལ་སྦྱོར་བ་བཏང་བ་མེད་པ་གང་ཡིན་པ་དེ་ནི་སྦྱོར་བ་མ་བཏང་བ་ཉིད་ཡིན་ཏེ། ཟམ་པ་ཞིག་ནས་ཡང་ཕྱིར་བྱ་བའི་སྦྱོར་བ་མ་བཏང་བ་ཉིད་གང་ཡིན་པ་དེ་ཡང་ཕྱིས་བྱས་ན། དེའི་ཚེ་མཚམས་ཉིད་རྗེས་སུ་འཇུག་གོ། །དུས་ཇི་སྲིད་དུ་སྦྱོར་བ་མ་བཏང་བ་ཉིད་

ཡང་ཕྱིར་བྱས་ན་རྗེས་སུ་འཇུག་ཅེ་ན། དེའི་ཕྱིར་ཞག་བདུན་ཕན་ཆད་ནི་མི་འཇུག་གོ་ཞེས་བྱ་བ་སྨྲས་ཏེ། ཞག་བདུན་ཚུན་ཆད་ཀྱི་བར་དུ་ཡང་ཕྱིར་བྱ་བའི་སྦྱོར་བ་མ་བཏང་བ་ཉིད་ལས་ཕྱིར་བྱས་ན་ནི་རྗེས་སུ་འཇུག་གི །ཞག་བདུན་དུ་སྦྱོར་བ་བཏང་ནས་ཕྱིས་ཡང་ཕྱིར་བྱས་ན་ཡང་རྗེས་སུ་འཇུག་པ་མེད་དེ།

འདི་ལྟར་ཡུན་རིང་དུ་བཏང་བ་ཉིད་ཀྱི་ཕྱིར་རོ། །སྦྱོར་བ་གཏོང་བ་མ་བྱས་ན་ནི་ཞག་བདུན་ཕན་ཆད་དུ་ཕྱིར་བྱས་ན་ཡང་རྗེས་སུ་འཇུག་པར་འགྱུར་རོ། །ནམ་མཁའ་ནི་བར་དུ་ཆོད་པར་གྱུར་པ་ཡིན་པས་དེ་ལ་ཡོད་པ་ཉིད་ཀྱི་ཐ་སྙད་ཀྱང་མེད་ན་འབྲེལ་པ་ལྟ་ག་ལ་ཡོད་ཅེས་བྱ་བ་ལ། འདིར་ནམ་མཁའ་

ཞེས་བྱ་བའི་སྒྲས་ནི་ནམ་མཁའི་ཁམས་བརྗོད་དེ། ནམ་མཁའ་ནི་བར་དུ་ཆད་པར་གྱུར་པ་ཐ་དད་པ་ཡིན་པས། ཆུ་བཞིན་དུ་མཚམས་གཞན་ཡིན་ཏེ། འདི་ལྟར་ནམ་མཁའ་དེ་ལ་ཡོད་པ་ཉིད་ཀྱི་ཐ་སྙད་ཀྱང་མེད་ན། ས་ལ་སོགས་པ་དང་ལྷན་ཅིག་འབྲེལ་པ་ལྟ་ག་ལ་ཡོད། དེ་བས་ན་གནས་ཁང་གི་ནང་ན་

འདུག་པའི་ནམ་མཁའ་ཡང་གནས་ཁང་དང་ལྷན་ཅིག་འབྲེལ་པ་མེད་དེ། མཚམས་གཅིག་པ་ཉིད་ཀྱང་མ་ཡིན་ནོ། །འདིར་གཞུང་ནི་བཙུན་པ་ནམ་མཁའ་ལ་མཆིས་པ་དག་དང་། དོགས་ལ་མཆིས་པ་དག་ལྷན་ཅིག་ལས་བགྱིར་རུང་ངམ། ཉེ་བ་འཁོར་མི་རུང་ངོ་། །བཙུན་པ་ནམ་མཁའ་ལ་མཆིས་

Vol. 163 · folio 125b

པ་དག་དང་། ཤིང་ལྗོན་པ་ལ་མཆིས་པ་དག་ལྷན་ཅིག་ལས་བགྱིར་རུང་ངམ། ཉེ་བ་འཁོར་མི་རུང་ངོ་ཞེས་གསུངས་པ་ཡིན་ནོ། །དབུས་ནས་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ལས་ལྷག་པར་མཚམས་བཅད་པ་མི་འཆགས་སོ་ཞེས་བྱ་བ་ནི། དབུས་ནས་བརྩམས་ཏེ་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་

ཚུན་ཆད་དུ་མཚམས་བཅད་པ་འཆགས་ཀྱི། དེ་ཕན་ཆད་དེ་ལས་ལྷག་པར་མཚམས་གཅད་པ་མི་འཆགས་སོ། །འདིར་གཞུང་ནི་བཙུན་པ་མཚམས་ཆེན་པོའི་ཚད་ཇི་ཙམ་ལགས། ཉེ་བ་འཁོར་དཔག་ཚད་ཕྱེད་དང་གསུམ་མོ། །བཙུན་པ་དཔག་ཚད་ཕྱེད་དང་གསུམ་ཕན་ཆད་མཚམས་སུ་རུང་ངམ། ཉེ་བ་

འཁོར་མི་རུང་ངོ་ཞེས་གསུངས་པ་ཡིན་ནོ། །འོག་དང་སྟེང་དུ་སྲ་བ་དང་འབྲེལ་པ་ལ་དེ་ཚུན་ཆད་གཞི་དང་འདྲ་བ་ཉིད་དོ་ཞེས་བྱ་བ་ནི། མཚམས་ཀྱི་འོག་དང་སྟེང་གི་ཕྱོགས་སུ་ས་དང་རྡོ་དང་རྩིག་པ་དང་། ཤིང་ལྗོན་པ་དང་ཤིང་ལ་སོགས་པའི་རྫས་སྲ་བ་དང་འབྲེལ་པ་ལ་ནི་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་

ཡན་ཆད་དང་མན་ཆད་ས་གཞི་དང་འདྲ་བ་ཉིད་དུ་མཚམས་ཀྱི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ་མཚམས་ཀྱི་མཐའ་དཔག་ཚད་ཕྱེད་དང་གསུམ་དུ་བསྟན་པ་དེ་ལ་ཕྱོགས་བཞིར་ཐད་ཀར་ས་གཞི་དང་འབྲེལ་པའི་རྫས་ཆུ་མ་གཏོགས་པ་རྩྭ་དང་ཤིང་ལྗོན་པ་དང་རྩིག་པ་དང་ཤིང་ལ་སོགས་པ་སྲ་བ་

དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་མཚམས་ཀྱི་ཁོངས་སུ་གཏོགས་པར་མ་ཟད་ཀྱི། སྟེང་དང་འོག་གི་ཕྱོགས་སུ་ཡང་དེ་དང་འདྲ་སྟེ། དེའི་ཕྱིར་འོག་གི་ཕྱོགས་སུ་ཡང་སྲ་བ་དང་འབྲེལ་བའི་ཕྱོགས་དང་། སྟེང་གི་ཕྱོགས་སུ་ཡང་རིའི་རྩེ་མོ་ལ་སོགས་པ་སྲ་བ་དང་འབྲེལ་པ་ཆུ་དང་ནམ་མཁས་བར་དུ་མཆོད་པ་

དཔག་ཚད་ཕྱེད་དང་གསུམ་ཡན་ཆད་དང་མན་ཆད་མཚམས་ཀྱི་ཁོངས་སུ་གཏོགས་པ་ཡིན་པས། དེའི་ནང་དུ་དགེ་སློང་གཞན་འདུག་པར་ཤེས་བཞིན་དུ་འདུན་པ་ལ་སོགས་པ་མ་བླངས་པར་ལས་བྱེད་ན་མི་མཐུན་པ་ཉིད་དུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་འདུག་ན་ནི་ལས་བརྗོད་པ་དེ་དག་གིས་མི་

ཐོས་པར་བྱ་བར་ཟད་ཀྱི། དེ་དག་ལས་མི་མཐུན་པའི་ཉེས་པར་འགྱུར་བ་ནི་མེད་དོ། །བླ་འོག་གི་ཚད་ཇི་སྐད་བསྟན་པ་དེ་ནི་མཚམས་ཆེན་པོའི་དབང་དུ་བྱས་ཏེ་རྣམ་པར་གཞག་པ་ཡིན་གྱི་མཚམས་ཆུང་ངུ་གཞན་ལ་ནི་དབུས་ནས་ཕྱོགས་བཞིར་ཐ་གྲུའི་རྒྱ་ཇི་ཙམ་ཡོད་པ་བླ་འོག་ཏུ་ཡང་དེ་ཙམ་མན་ཆད་དང་

Vol. 163 · folio 126a

ཡན་ཆད་ས་གཞི་དང་འདྲ་བ་མཚམས་ཀྱི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །དེ་ལྟར་གྱུར་ན་དཀྱིལ་འཁོར་པ་ལ་ནི་དབུས་ནས་ཕྱོགས་བཞིར་ས་གཞི་དང་འབྲེལ་པའི་ཚད་ཇི་ཙམ་ཡོད་པ་དེ་ཙམ་ཡན་ཆད་དང་མན་ཆད་དང་རྫས་སྲ་བ་དང་འབྲེལ་བ་མཚམས་དེའི་ཁོངས་སུ་གཏོགས་པ་ཡིན་གྱི། དེ་ལས་ལྷག་

པ་ནི་རྫས་སྲ་བ་དང་འབྲེལ་པ་ཡོད་དུ་ཟིན་ཀྱང་མཚམས་དེའི་ཁོངས་སུ་མ་གཏོགས་སོ། །ས་གཞི་མཚམས་མ་བཅད་པ་དེ་ཉིད་དུ་ནི་མི་འབྲལ་བའི་གནང་བ་མི་འཆགས་སོ་ཞེས་བྱ་བ་ནི། ས་གཞི་གང་དུ་མཚམས་མ་བཅད་པ་ཉིད་ཀྱིས་ས་གཞི་དེ་ནི་ཆོས་གོས་དང་མི་འབྲལ་བའི་གནང་བ་མི་འཆགས་སོ། །

མི་འབྲལ་བའི་གནང་བའི་ཡུལ་ནི་ལས་གདགས་པས་རྣམ་པར་གཞག་པའི་གནས་ཡིན་གྱི། ངོ་བོ་ཉིད་ལས་བྱུང་བ་ནི་མ་ཡིན་ནོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་གྲོང་དང་ལྷན་ཅིག་གཙུག་ལག་ཁང་དང་འབྲེལ་བའི་མཚམས་མཆིས་ན་གང་ཚུན་ཆད་དུ་ཆོས་གོས་དག་དང་མི་འབྲལ་བར་འཚལ་བར་

བགྱི། གྲོང་གི་ཉེན་ཀོར་མ་གཏོགས་པ་ཚུན་ཆད་དུའོ་ཞེས་གསུངས་པ་ཡིན་ནོ། །གྲོང་གི་ཉེན་ཀོར་མ་གཏོགས་པ་ཞེས་གསུངས་པའི་ཚིག་དེ་ཉིད་ཀྱིས་གང་ན་མཚམས་གཅད་པ་མེད་པར་དེར་མི་འབྲལ་བའི་གནང་བ་མེད་པ་དེ་བསྟན་པ་ཡིན་ཏེ། མཚམས་མ་བཅད་པའི་ཕྱོགས་ནི་མཚམས་ཀྱི་ཕྱི་རོལ་ཡིན་

པས། མཚམས་ཀྱི་ཕྱི་རོལ་དུ་ནི་འབྲལ་བར་འགྱུར་བའི་ཕྱིར་རོ། །བཅད་པ་ཞིག་ན་ཞིག་གོ་ཞེས་བྱ་བ་ནི། མཚམས་བཅད་པ་ལས་ཀྱིས་བཀྲོལ་བས་སམ། དེ་མི་གནས་པ་ཉིད་ཀྱིས་ཞིག་ན་ཆོས་གོས་དང་མི་འབྲལ་བའི་གནང་བ་ཐོབ་པ་ཡང་ཞིག་གོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ནི་དེ་མི་ཞིག་

གོ་ཞེས་བྱ་བ་ནི། མི་འབྲལ་བའི་གནང་བ་ཞིག་པ་དེས་ནི་མཚམས་བཅད་པ་དེ་མི་ཞིག་པ་སྟེ། མཚམས་གཅད་པ་ནི་གནས་ཡིན་ལ་མི་འབྲལ་བའི་གནང་བ་ཐོབ་པ་ནི་གནས་པ་ཡིན་པས། གནས་ཞིག་ན་ནི་གནས་པ་ཡང་འཇིག་པར་རིགས་ཀྱི་གནས་པ་ཞིག་པས་ནི་གནས་འཇིག་པར་མི་རིགས་

པའི་ཕྱིར་རོ། །མཆོད་རྟེན་དང་གཙང་ཁང་ཕྱུར་བུ་དང་འཁོར་ས་དང་གསོ་སྦྱོང་གི་གནས་དག་ཏུ་ཕྱག་དར་བྱ་བ་ཉིད་དོ་ཞེས་བྱ་བ་ལ། འདིར་གཞུང་ནི་མ་མོ་ལས་དེར་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ཀྱི་ཚེ་ནང་པར་སྔར་ལངས་ཏེ་མཆོད་རྟེན་དང་གཙང་ཁང་ཕྱུར་བུར་ཕྱག་དར་བྱའོ། །འཁོར་ས་དང་གསོ་སྦྱོང་གི་

Vol. 163 · folio 126b

གནས་སུ་ཕྱག་དར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་ཕྱག་དར་བྱ་བ་ནི་གནས་ཁང་ངམ་ཁྱམས་སམ་རྫིང་བུའི་ཚད་ཙམ་ཞིག་ཕྱགས་ན་ཕྱག་དར་བྱས་པ་ཉིད་ཡིན་ནོ། །དགེ་འདུན་ལ་འདུན་པ་ལ་སོགས་པ་ཕུལ་བ་ཉིད་ནི་ཕུལ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་སློང་ན་བ་ལ་སོགས་པས་དགེ་འདུན་ལ་

འདུན་པ་ལ་སོགས་པ་ཕུལ་བ་ཉིད་ནི་ཕུལ་བའི་གྲངས་སུ་ཆུད་པ་ཉིད་ཡིན་པའོ། །འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་དགེ་འདུན་ཐམས་ཅད་འདུས་ཤིང་ཚོགས་པ་ལ་འདུན་པ་དང་ཡོངས་སུ་དག་པ་འབུལ་ན། འདུན་པ་དང་ཡོངས་སུ་དག་པ་ཕུལ་ཞེས་བགྱིའམ་ཉེ་བ་འཁོར་ཕུལ་བ་ཞེས་

གསུངས་པ་ཡིན་ནོ། །དེ་ལས་གང་ཡང་རུང་བས་དེ་བརྗོད་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། འདུན་པ་ལ་སོགས་པ་འབུལ་བར་བྱེད་པ་དེ་ཉིད་ཀྱིས་དགེ་འདུན་ལ་འདུན་པ་ལ་སོགས་པ་མངོན་སུམ་དུ་ཕུལ་ཟིན་མོད་ཀྱི། འོན་ཀྱང་དགེ་འདུན་དེ་ལས་གང་ཟག་གང་ཡང་རུང་བས་དེའི་འདུན་པ་ལ་སོགས་པ་དེ་དགེ་འདུན་ལ་

བརྗོད་པར་བྱ་བ་ཉིད་ཡིན་ཏེ། བསྟན་པ་རྣམ་པར་གཞག་པ་རྗེས་སུ་བསྲུང་བའི་ཕྱིར་རོ། །ལས་ཐམས་ཅད་ལ་ཡང་མ་ལྷགས་པ་རྣམས་ཀྱིས་འདུན་པ་ལ་སོགས་པ་བརྗོད་པར་བྱ་སྟེ། ཟིན་ན་ཡང་བྱའོ།། །།བམ་པོ་བཞི་བཅུ་བརྒྱད་པ། མཚམས་ཀྱི་ཕྱི་རོལ་ན་གནས་པས་དེ་འབུལ་བ་དང་དབུལ་ཏུ་

གཞུག་པར་མི་བྱའོ་ཞེས་བྱ་བ་ནི། མཚམས་ཀྱི་ཕྱི་རོལ་ན་འདུག་པའི་གང་ཟག་གིས་འདུན་པ་ལ་སོགས་པ་དེ་དགེ་འདུན་ལ་དབུལ་བར་མི་བྱ་ཞིང་ལེན་པར་བྱེད་པས་ཀྱང་དེ་དབུལ་དུ་གཞུག་པར་མི་བྱ་བའོ། །འདི་ནི་མི་འཆགས་པ་མི་བྱའོ་ཞེས་གསུངས་པའི་སྤྲོས་པ་ཡིན་ཏེ། འདི་ལྟར་མཚམས་གཞན་

ན་གནས་པ་ནི་གང་ལ་ཡང་ཡན་ལག་ཉིད་མ་ཡིན་ནོ་ཞེས་གསུངས་པ་དེས་འདིར་མི་འཆགས་པར་བྱས་པ་ཉིད་ཡིན་ནོ། །བརྒྱུད་པས་མི་བྱའོ་ཞེས་བྱ་བ་ནི། དབུལ་བ་དང་དབུལ་དུ་གཞུག་པར་ཞེས་བྱ་བར་སྦྱར་རོ། །ལེན་པར་བྱེད་པས་གཞན་ལ་ཕུལ་ལ་དེས་ཀྱང་གཞན་ཞིག་ལ་ཕུལ་བ་ནི་བརྒྱུད་པ་ཡིན་ཏེ།

དེ་ཡང་སྤྲིང་ཡིག་ལ་སོགས་པ་དག་གི་དཔེ་ཡིན་ནོ། །ན་བ་དང་དབང་མེད་པ་དང་སྲོག་དང་ཚངས་པར་སྤྱོད་པའི་བར་ཆད་ཀྱིས་འཇིགས་པ་ལས་གཞན་པས་འབུལ་བ་ནི་ཉེས་བྱས་སོ་ཞེས་བྱ་བ་ནི། ན་བ་ལས་གཞན་པ་དང་། དབང་མེད་པ་ལས་གཞན་པ་དང་། སྲོག་གི་བར་ཆད་ཀྱིས་འཇིགས་པ་ལས་གཞན་

Vol. 163 · folio 127a

པ་དང་། ཚངས་པར་སྤྱོད་པའི་བར་ཆད་ཀྱིས་འཇིགས་པ་ལས་གཞན་པའི་གང་ཟག་གིས་བདག་ཉིད་དགེ་འདུན་ཚོགས་པའི་ནང་དུ་མི་འདུ་བར་འདུན་པ་ལ་སོགས་པ་འབུལ་བ་ལ་ནི་ཉེས་བྱས་སུ་འགྱུར་ཏེ། དབུལ་བ་མི་འཆགས་པ་ནི་མ་ཡིན་ནོ། །འདིར་དབང་མེད་པས་

ཞེས་སྨོས་པས་ནི་ཐ་ན་མཛའ་བཤེས་ཀྱི་དབང་གིས་བཟུང་བ་ཡན་ཆད་བསྡུའོ། །བར་ཆད་བྱེད་ཅེས་སྨོས་པས་ནི་རྒྱལ་པོ་དང་ཆོམ་རྐུན་པས་གནོད་པ་ལ་སོགས་པ་དག་བསྡུའོ། །འདིར་ཚངས་པར་སྤྱོད་པའི་བར་ཆད་ཅེས་བྱ་བ་ནི། དགེ་སློང་གི་དངོས་པོ་ལས་ཉམས་པར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི།

འདི་ལྟར་ལས་ཉམས་སུ་མྱོང་བ་ཙམ་གྱི་དབང་གིས་དགེ་བའི་ཕྱོགས་ཀྱི་བར་ཆད་གང་འབྱུང་བར་འགྱུར་བ་དེ་ཡང་འདིར་ཚངས་པར་སྤྱོད་པའི་བར་ཆད་ཡིན་པར་རིག་པར་བྱ་སྟེ། དེ་ཙམ་གྱི་ཚངས་པར་སྤྱོད་པའི་ཚོགས་ལ་གནོད་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་དགེ་བའི་ཕྱོགས་ཀྱི་བར་ཆད་ཙམ་གྱི་

དབང་གིས་ཀྱང་འདིར་འདུན་པ་ལ་སོགས་པ་དབུལ་བ་ཉིད་དུ་བསྟན་པ་ཡིན་ནོ། །མ་བརྗོད་ན་ནི་མ་གུས་པ་ལས་སོ་ཞེས་བྱ་བ་ནི། ལེན་པར་བྱེད་པས་འདུན་པ་ལ་སོགས་པ་བླངས་པ་དགེ་འདུན་ལ་མ་བརྗོད་ན་ནི་མ་གུས་པའི་ལྟུང་བྱེད་ཀྱི་རྗེས་སུ་མཐུན་པ་ལས་ཉེས་བྱས་སུ་འགྱུར་བའོ། །དེས་འཇིགས་པས་

མཚམས་ཀྱི་ཕྱི་རོལ་ནས་ཁྱེར་ཏེ་འོངས་པ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི། འདུན་པ་ལ་སོགས་པ་ལེན་པར་བྱེད་པ་དེས་མཚམས་ཀྱི་ནང་ནས་འདུན་པ་ལ་སོགས་པ་བླངས་ནས། ཚངས་པར་སྤྱོད་པའི་བར་ཆད་ཀྱིས་འཇིགས་པ་དེས་མཚམས་ཀྱི་ཕྱི་རོལ་ནས་ཀྱོགས་ཏེ་འདུན་པ་ལ་སོགས་ཏེ་དེ་དག་དགེ་འདུན་

གྱི་ནང་དུ་ཁྱེར་ཏེ་འོངས་པ་ལ་ནི་ཉེས་པ་མེད་དོ། །དགེ་སྐོས་ཀྱིས་གསོ་སྦྱོང་གི་ཚེ་ཚུལ་ཤིང་བྲིམ་པས་དགེ་སློང་རྣམས་བགྲང་བར་བྱའོ་ཞེས་བྱ་བ་ནི། དགེ་སྐོས་ཀྱིས་གསོ་སྦྱོང་གི་ཉིན་མོ་ཚུལ་ཤིང་བྲིམ་པས་དགེ་སློང་རྣམས་བགྲང་བར་བྱ་སྟེ། འོངས་པ་དང་མ་འོངས་པ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་རོ། །ལེགས་

པར་ཐོན་པས་གདོན་ཏེ་ཚིག་ཕྱེད་ཀྱང་མ་འཁྲུལ་བ་ཉིད་ནའོ་ཞེས་བྱ་བ་ནི། སོ་སོར་ཐར་པའི་མདོ་ཁ་ཏོན་དུ་ལེགས་པར་ཐོན་པས་གསོ་སྦྱོང་གདོན་པར་བྱ་སྟེ། ཇི་ལྟར་ན་ལེགས་པར་ཐོན་པ་ཉིད་ཡིན་ཞེ་ན། ཚིག་ཕྱེད་ཀྱང་མ་འཁྲུལ་བ་ཉིད་ན་སྟེ། གང་ཚིག་ཕྱེད་ཀྱང་མི་འཁྲུལ་བ་དེ་ནི་ལེགས་པར་ཐོན་པ་ཉིད་ཡིན་

Vol. 163 · folio 127b

ཏེ་དེས་གདོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གསོ་སྦྱོང་ཞེས་བྱ་བའི་སྒྲ་ནི་སོ་སོར་ཐར་པའི་མདོ་ལ་བྱ་སྟེ། ཇི་ལྟར་སོ་སོར་ཐར་པའི་མདོ་འདོན་པས་གསོ་སྦྱོང་འགྲུབ་པར་འགྱུར་གྱིས་གསོ་སྦྱོང་ནི་གདོན་པར་བྱ་བ་མ་ཡིན་པས་དེའི་ཕྱིར་སོ་སོར་ཐར་པའི་མདོ་བཏོན་ན་གསོ་སྦྱོང་བཏོན་པ་ཉིད་དུ་འགྱུར་རོ། །དེ་ལྟར་

ན་ཚིག་ཕྱེད་ཀྱང་མི་འཁྲུལ་བ་ཉིད་ཡིན་ན་ལེགས་པར་ཐོན་པ་ཉིད་ཡིན་པས་དེས་སོ་སོར་ཐར་པའི་མདོ་གདོན་པར་བྱའི། གཞན་དུ་ན་མ་ཡིན་ཏེ། གཞན་དུ་ནི་ཉེས་བྱས་སུ་འགྱུར་རོ། །གདོན་པ་དེ་སུའི་ལས་ཡིན་ཞེ་ན། དེའི་ཕྱིར་དགེ་འདུན་གྱི་གནས་བརྟན་གྱིའོ་ཞེས་བྱ་བ་སྨྲས་ཏེ། སོ་སོར་ཐར་པའི་མདོ་གདོན་

པ་ནི་དགེ་འདུན་གྱི་གནས་བརྟན་གྱི་ལས་ཡིན་ནོ། །མི་ནུས་པ་ཉིད་ཡིན་ན་གཉིས་པའིའོ་ཞེས་བྱ་བ་ནི། གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས་འདོན་པའི་ལས་མི་ནུས་པ་ཉིད་ཡིན་ན། དེའི་ཚེ་གདོན་པ་དེ་གནས་བརྟན་གཉིས་པའི་ལས་ཡིན་པའོ། དེས་ཀྱང་ན་གསུམ་པའི་འོ་ཞེས་བྱ་བ་ནི། གཉིས་པ་དེས་ཀྱང་

མི་ནུས་པ་ཉིད་ཡིན་ན། གདོན་པ་དེ་གནས་བརྟན་གསུམ་པའི་ལས་ཡིན་པའོ། །དེས་ཀྱང་ན་རེས་ཀྱིས་སོ་ཞེས་བྱ་བ་ནི། གནས་བརྟན་གསུམ་པ་དེས་ཀྱང་མི་ནུས་པ་ཉིད་ཡིན་ན་དགེ་འདུན་ཐམས་ཅད་ཀྱིས་རེས་ཀྱིས་གདོན་པར་བྱ་བའོ། །མི་ནུས་ན་གཞན་ལ་བཅོལ་བར་བྱའོ་ཞེས་བྱ་བ་ནི། རེས་བབ་

པའི་ཚེ་འདོན་མི་ནུས་ན་གདོན་གཞན་ལ་བཅོལ་བར་བྱ་བའོ། །མ་བཏུབ་ན་དགེ་འདུན་གྱིས་སོ་ཞེས་བྱ་བ་ནི་གང་ཟག་གིས་བཅོལ་ཏེ་མ་བཏུབ་ན་དེ་ལ་དགེ་འདུན་གྱིས་བཅོལ་བར་བྱ་བའོ། །རྟག་ཏུ་ཡང་ངོ་ཞེས་བྱ་བ་ནི། དེས་རྟག་ཏུ་གདོན་པར་ཡང་དགེ་འདུན་གྱིས་བཅོལ་བར་བྱ་བའོ། །རྡུགས་ན་ལྷག་མ་

གཞན་གྱིས་སོ་ཞེས་བྱ་བ་ནི། བར་དུ་བརྗེད་པ་ལ་སོགས་པས་གདོན་པ་རྡུགས་ཤིང་རྒྱུན་ཆད་མ་ལྷག་པ་དགེ་སློང་གཞན་གྱིས་གདོན་པར་བྱ་བའོ། །དུམ་བུ་འཛིན་པ་ཉིད་ཡིན་ན་ཇི་སྙེད་ཀྱིས་འགྲུབ་པ་བདག་གིས་སོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་རྣམས་ཀྱིས་སོ་སོར་ཐར་པའི་མདོ་འདོན་པ་རྣམས་པ་ལྔ་པོ་

དག་ལས་དུམ་བུ་རེ་རེ་འཛིན་ཅིང་ཐོན་པ་ཡིན་ན། འདོན་པར་བྱེད་པ་ཇི་སྙེད་ཀྱིས་གདོན་པ་གྲུབ་པར་འགྱུར་བའི་དགེ་སློང་དེ་སྙེད་ཀྱིས་རྗེས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འཇིགས་པ་དང་བཅས་པ་ཉིད་ཡིན་ན་གནས་ན་མཛེས་པ་འདོད་པས་གྲོང་དང་མི་ཉེ་བར་གསོ་སྦྱོང་བྱར་མི་

Vol. 163 · folio 128a

རུང་ངོ་ཞེས་བྱ་བ་ནི། ཆོམ་རྐུན་པ་ལ་སོགས་པའི་འཚེ་བས་ས་ཕྱོགས་འཇིགས་པ་དང་བཅས་པ་ཉིད་ཡིན་ན། ལམ་ཀ་ན་ནེའུ་གསིང་ལ་སོགས་པ་གནས་མཛེས་པ་ཡོད་པ་ལ་སྲེད་ཅིང་འདོད་པས་གྲོང་དང་ཐག་རིང་པོའི་གནས་དེར་གསོ་སྦྱོང་བྱར་མི་རུང་མི་རིགས་ཚུལ་མ་ཡིན་ནོ། །འདིར་

གསོ་སྦྱོང་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ། ལས་ཀྱི་སྦྱོར་བ་གཞན་དག་ལ་ཡང་དེ་བཞིན་ནོ། །འདྲོན་པ་མི་སྡོད་ན་འགྲོ་བཞིན་དུ་བྱའོ་ཞེས་བྱ་བ་ནི། ལམ་དུ་ལམ་གྲོགས་འདྲོན་པ་དག་སྡོད་དུ་མི་བཏུབ་ན་དགེ་སློང་རྣམས་ཀྱིས་འགྲོ་བཞིན་དུ་གསོ་སྦྱོང་བྱ་སྟེ། རྣམ་པ་གཞན་མ་གྲུབ་ན་འགྲོ་བཞིན་དུ་གསོ་སྦྱོང་བྱ་

བ་ལ་མི་རིགས་པར་དོགས་པར་མི་བྱའོ། །འདིར་གཞུང་ནི་དགེ་སློང་དག་འདྲོན་པ་དང་ལྷན་ཅིག་ལྗོངས་རྒྱུར་འཕགས་པ་ན་དེ་དག་གིས་ས་ཕྱོགས་ནེའུ་གསིང་ཅན་མཐོང་ནས་དེ་དག་དེར་གསོ་སྦྱོང་བྱེད་པར་བརྩམས་པ་ན་འདྲོན་པོ་དག་ཐལ་ནས་དེ་དག་ཕྱི་བཞིན་འདོང་བ་ན་ཆོམ་རྐུན་པ་དག་གིས་བཅོམ་པ་ནས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནེའུ་གསིང་འདོད་པས་གསོ་སྦྱོང་མི་བྱ་བར་གྲོང་དང་ཉེ་བར་གསོ་སྦྱོང་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་དང་། དགེ་སློང་དག་ཚོང་པ་འདྲོན་པ་དང་ལྷན་ཅིག་ལམ་དུ་འཕགས་ཏེ་ཞུགས་པ་ན། དགེ་སློང་རྣམས་ཀྱིས་ཚོང་པ་དག་ལ་སྨྲས་པ། བཞིན་བཟང་

དག་ཁོ་བོ་ཅག་གསོ་སྦྱོང་བྱེད་ཀྱི་བར་དུ་ཡུད་ཙམ་ཞིག་སྡོད་ཅིག །དེ་དག་གིས་སྨྲས་པ། འཕགས་པ་དག་ཕྱོགས་འདི་ན་ཆོམ་རྐུན་པའི་འཇིགས་པ་མཆིས་ཀྱི་ཚུར་སྤྱོན་ཅིག་དང་ཕྱོགས་གཞན་དུ་བསྡད་པར་བགྱིའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བཞིན་དུ་གསོ་

སྦྱོང་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །སྒྲ་མི་འདོད་ན་མདོར་བསྡུ་བས་སོ་ཞེས་བྱ་བ་ནི། འདྲོན་པ་གང་དག་ལམ་དུ་ཞུགས་པ་དེ་དག་འཇིགས་ཡུལ་དུ་སྒྲ་མི་འདོད་ན་དགེ་སློང་རྣམས་ཀྱིས་འགྲོ་བཞིན་དུ་མདོར་བསྡུ་བས་གསོ་སྦྱོང་བྱ་བའོ། །དེ་ཙམ་ཡང་ན་བྱིན་གྱིས་བརླབ་པོ་ཞེས་བྱ་བ་ནི།

མདོར་བསྡུ་བས་གསོ་སྦྱོང་བྱ་བ་ལ་སྒྲ་ཇི་ཙམ་འབྱུང་བར་འགྱུར་བའི་སྒྲ་དེ་ཙམ་ཡང་འདྲོན་པ་དག་མི་འདོད་ན། དེའི་ཚེ་དགེ་སློང་རྣམས་ཀྱིས་སོ་སོ་ནས་གསོ་སྦྱོང་བྱིན་གྱིས་བརླབ་པར་བྱ་སྟེ། འདི་ལྟར་དགེ་སློང་གཞན་དང་ལྷན་ཅིག་ཉིད་དུ་གསོ་སྦྱོང་བྱེད་པ་ལ་སྒྲ་ལས་གྲོལ་བ་མེད་པས་དེའི་ཕྱིར་

Vol. 163 · folio 128b

སོ་སོ་ནས་ཡིད་ཀྱིས་བྱིན་གྱིས་བརླབ་པར་བྱ་བའོ། །དད་པ་ཅན་དང་གཙོ་བོ་དག་དགའ་བར་འགྱུར་བ་ལྟ་ན་ཆོ་ག་རྗེས་སུ་བསྒྲགས་པ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་བྱ་བ་ནི། དགེ་སློང་གིས་དགེ་སློང་གི་བྱ་བ་ཆོ་ག་དག་གཞན་ལ་རྗེས་སུ་བསྒྲགས་པ་ལ་ཁ་ན་མ་ཐོ་བ་མེད་པའོ། །སུ་ལ་ཞེ་ན་དད་པ་ཅན་དང་

གཙོ་བོ་དག་ལ་སྟེ་ཁྱིམ་བདག་དང་རྒྱལ་པོ་ལ་སོགས་པ་དག་ལའོ། །གང་གི་ཚེ་ཞེ་ན་དགའ་བར་འགྱུར་ན་སྟེ་དེའི་ཚེ་ཆོ་ག་ཞེས་བྱ་བ་ནི། དགེ་སློང་གི་བྱ་བ་དང་། བྱ་བ་མ་ཡིན་པ་དག་དེ་དག་ལ་རྗེས་སུ་བསྒྲགས་པ་ལ་ཁ་ན་མ་ཐོ་བ་མེད་དོ། །དྲུང་དུ་གསོ་སྦྱོང་བྱེད་པ་ལ་ཡང་ངོ་ཞེས་བྱ་བ་ནི། དད་པ་ཅན་དང་

གཙོ་བོ་དག་དགའ་བར་འགྱུར་བ་ལྟ་ན་དེ་དག་གི་དྲུང་དུ་གསོ་སྦྱོང་བྱེད་པ་ལ་ཡང་ཁ་ན་མ་ཐོ་བ་མེད་པའོ། །ཕོངས་པའི་ཚེ་ཁྱིམ་པའི་དྲུང་དུ་བཤགས་པར་བྱའོ་ཞེས་བྱ་བ་ནི། ཕོངས་པའི་དུས་ཀྱི་ཚེ་ན་ཁྱིམ་པའི་དྲུང་དུ་ཡང་ལྟུང་བ་བཤགས་ཤིང་ཕྱིར་བཅོས་པར་བྱར་རུང་བའོ། །གླེང་གཞི་ནི་ཆོམ་རྐུན་བ་དག་ལ་

དེ་སྐད་གསུངས་པ་ཡིན་མོད་ཀྱི། ཁྱིམ་པ་གཞན་དག་ལ་ཡང་རུང་བ་ཉིད་ཡིན་པའི་ཕྱིར་འདིར་སྤྱིར་བསྡུས་སོ། །དེ་ལྟ་བས་ན་ཀྱལ་ཀ་ཅན་ལ་སོགས་པ་དང་རྩེ་དགོད་ལ་སོགས་པ་དང་རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་དག་གི་དྲུང་དུ་ཡང་ཉེས་པ་མེད་དོ། །དེ་ལ་ཆོ་ག་རྗེས་སུ་བསྒྲགས་པ་ལ་ཡང་ངོ་ཞེས་བྱ་

བ་ནི། ཁྱིམ་པ་དེ་ལ་ཕོངས་པའི་ཚེ་རབ་ཏུ་བྱུང་བའི་བསླབ་པའི་ཆོ་ག་རྗེས་སུ་བསྒྲགས་པ་ལ་ཁ་ན་མ་ཐོ་བ་མེད་པའོ། །རྒྱལ་པོ་ལ་གོ་བར་བྱ་བ་ལ་ཡང་ངོ་ཞེས་བྱ་བ་ནི། རྒྱལ་པོ་ལ་བདག་ཅག་གི་སྟོན་པས་འདི་སྐད་གསུངས་སོ། །འདི་ལྟར་བཀག་གོ་ཞེས་བྱ་བ་ལ་སོགས་པ་རབ་ཏུ་བྱུང་བའི་བྱ་བ་དང་།

བྱ་བ་མ་ཡིན་པའི་ཆོ་ག་དེ་དག་གོ་བར་བྱེད་པ་ལ་ཡང་ཁ་ན་མ་ཐོ་བ་མེད་དེ། །གང་ལ་གོ་བར་བྱས་ན་ཆོས་དང་ལྡན་པའི་བྱ་བ་འགྲུབ་པར་འགྱུར་བ་དེ་ལ་གོ་བར་བྱས་པ་ལ་ཉེས་པ་མེད་པའོ། །གཞན་མ་རྫོགས་པ་ལ་མི་འཆགས་པ་མེད་དོ་ཞེས་བྱ་བ་ལ། གཞན་ཞེས་བྱ་བ་ནི། སོ་སོར་ཐར་པའི་མདོ་གདོན་པ་

རྣམ་པ་ལྔ་པོ་དག་ལས་གླེང་གཞི་ནི་རྫོགས་པར་མི་གདོན་དུ་མི་རུང་བས། དེ་ལ་ལྟོས་ནས་ཕམ་པར་འགྱུར་བ་ལ་སོགས་པས་གདོན་པ་ལྷག་མ་བཞི་པོ་དག་ལ་གཞན་ཞེས་བྱ་སྟེ། དེ་དག་གདོན་པར་བརྩམས་ནས་མ་རྫོགས་པ་ལ་ནི་གདོན་པ་མི་འཆགས་པ་མེད་དེ། འོན་ཀྱང་བརྩམས་ན་རྫོགས་པར་བྱ་

Vol. 163 · folio 129a

དགོས་སོ། །རྫོགས་པར་མ་བྱས་ན་ཉེས་བྱས་སུ་འགྱུར་རོ། །ཆོས་མ་ཡིན་པས་མི་བྱའོ་ཞེས་གང་གསུངས་པ་དེ་ལ་གསོ་སྦྱོང་འདི་ལ་ཆོས་མ་ཡིན་པ་བསྟན་པའི་ཕྱིར། གདོན་པར་བྱ་བ་དང་དེའི་ཚད་དང་དུས་དང་འདོན་པར་བྱེད་པ་རྣམས་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་འདིར་ཆོས་མ་ཡིན་

ནོ་ཞེས་བྱ་བ་སྨྲས་ཏེ། གདོན་པར་བྱ་བ་དང་། དེའི་ཚད་དང་། དེའི་དུས་དང་། དེའི་འདོན་པར་བྱེད་པ་དག་དེ་ཁོ་ན་བཞིན་དུ་ཉེ་བར་མ་བཟུང་བ་ནི་གསོ་སྦྱོང་གི་སྐབས་འདིར་ཆོས་མ་ཡིན་པ་ཡིན་ནོ། །དེ་ལ་གདོན་པར་བྱ་བ་དེ་ཁོ་ན་བཞིན་དུ་ཉེ་བར་མ་བཟུང་བ་ནི། སོ་སོར་ཐར་པའི་མདོ་ལས་གཞན་པ་ཕྲན་

ཚེགས་ལ་སོགས་པ་འདོན་པའོ། །དེའི་ཚད་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་གླེང་གཞི་མི་འདོན་ཅིང་ལྷག་མ་རྣམས་ཀྱང་ཐོས་པ་བསྒྲགས་པས་སྒྲུབ་པར་མི་བྱེད་པའོ། །གསོལ་བ་མ་གཏོགས་པ་ནི་མི་མཐུན་པ་ཉིད་ཡིན་པར་རིག་པར་བྱ་སྟེ། གསོལ་བ་མ་བྱས་པར་བྱེད་པ་གང་ཡིན་པ་དེ་ནི་མ་བསྐོས་

པར་བྱེད་པ་ཡིན་པའི་ཕྱིར་རོ། །དེའི་དུས་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་གསོ་སྦྱོང་གི་དུས་ལས་གཞན་པའི་དུས་སུ་བྱེད་པའོ། །འདོན་པར་བྱེད་པ་དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བ་ནི་གང་ཟག་གང་དག་གི་དབང་དུ་གསོ་སྦྱོང་བྱེད་པ་བསྙེན་པར་རྫོགས་པ་དང་བཅས་པ་ལྟ་བ་དང་། ཚུལ་ཁྲིམས་

དག་གིས་རིགས་མཐུན་པ་དེ་དག་ལས་གཞན་པས་བྱེད་པའོ། །ཡང་ན་གང་གདོན་པར་བྱ་བ་དང་ཇི་སྙེད་གདོན་པར་བྱ་བ་དང་། གང་གི་ཚེ་འདོན་པར་བྱེད་པ་དང་། གང་དག་གིས་གདོན་པར་བྱ་བ་དེ་དག་ཡོངས་སུ་སྤངས་ཏེ། གདོན་པར་བྱ་བ་དང་ཚད་དང་དུས་དང་འདོན་པར་བྱེད་པ་གཞན་ཉིད་ཉེ་བར་

འཛིན་པར་བྱེད་པ་དེ་ནི་འདིར་མི་འཆགས་པར་བྱེད་པ་ཆོས་མ་ཡིན་པར་ཤེས་པར་བྱའོ། །གནས་དེ་ནས་འགའ་ཡང་མ་སོང་བ་ཉིད་ཡིན་ན་ངེས་པ་ཡིན་ནོ་ཞེས་སྔར་གང་བསྟན་པ་དེ་ལ་སོང་བ་ཉིད་ཅེས་བྱ་བ་དེའི་ཚད་བསྟན་པའི་ཕྱིར། ཐོས་པའི་ཉེན་ཀོར་ལས་འདས་པ་ཉིད་ནི་སོང་བ་ཉིད་ཡིན་ནོ་ཞེས་

བྱ་བ་སྨྲས་ཏེ། ཐོས་པའི་ཉེན་ཀོར་ཞེས་བྱ་བ་ཐོས་པའི་སྤྱོད་ཡུལ་གང་ཡིན་པ་དེ་ལས་འདས་ཏེ་སོང་བ་ནི་སོང་བ་ཉིད་ཡིན་ནོ། །གསོ་སྦྱོང་གི་གཞི་དང་འབྲེལ་པ་རྣམ་པར་འབྱེད་པ་ལ་སོགས་པའི་སྐབས་སོ་ཞེས་བྱ་བ། གསོ་སྦྱོང་གི་གཞི་དང་འབྲེལ་པ་རྣམ་པར་འབྱེད་པ་དང་། ཕྲན་ཚེགས་དང་

Vol. 163 · folio 129b

འདུལ་བྱེད་དང་། ཞུ་བའི་སྐབས་ནས་འབྱུང་བ་དག་བཤད་ཟིན་ཏོ། །གསོ་སྦྱོང་གི་བཞི་རྫོགས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་དབྱར་གྱི་གཞི་བསྡུ་བའི་ཕྱིར། དབྱར་གནས་པར་ཁས་བླང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དབྱར་གནས་པར་བྱ་བ་ཉིད་ཀྱིས་ཁས་བླང་བར་བྱའོ། །དུས་ཇི་སྲིད་དུ་ཞེ་ན་

དེའི་ཕྱིར། ཟླ་བ་གསུམ་དུའོ་ཞེས་བྱ་བ་སྨྲས་སོ། །ཉི་མ་གང་ལ་ཞེ་ན་དེའི་ཕྱིར་ཚེས་བཅུ་དྲུག་ལའོ་ཞེས་བྱ་བ་སྨྲས་སོ། །ཟླ་བ་གང་གི་ཞེ་ན། དེའི་ཕྱིར་དབྱར་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་པར་གྱིའོ་ཞེས་བྱ་བ་སྨྲས་ཏེ། དབྱར་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་པར་ཞེས་བྱ་བ་ནི་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་སྟེ་དེ་ལའོ། །

སྔགས་ལས་དབྱར་ཉེ་བར་བསྒྲུབ་པ་དབྱར་ཟླ་འབྲིང་པོ་ཚེས་བཅོ་ལྔ་ཞེས་གསུངས་པ་གང་ཡིན་པ་དེ་ལ་དབྱར་ཟླ་འབྲིང་པོ་ཚེས་བཅོ་ལྔ་ནི་དབྱར་ཉེ་བར་སྒྲུབ་པར་བྱེད་པ་ཡིན་པར་གསུངས་པས། ཚེས་བཅུ་དྲུག་ཕྱིན་ཆད་ནི་དབྱར་གྱི་དུས་ཉིད་ཡིན་པར་ཤེས་པར་བྱའོ། །གནས་པར་ཁས་བླངས་པ་སྔ་མའི་

དུས་བསྟན་ནས། ཕྱི་མའི་དུས་བསྟན་པའི་ཕྱིར་དབྱར་ཟླ་ཐ་ཆུངས་ཉའི་འོ་ཞེས་བྱ་བ་སྨྲས་ཏེ། ཕྱི་དེ་ཉིན་པར་བགྱིའོ་ཞེས་བྱ་བར་སྦྱར་རོ། །དབྱར་ཟླ་ཐ་ཆུངས་ཉའི་ཕྱི་དེ་ཉིན་པར་ཞེས་བྱ་བ་ནི། དབྱར་ཟླ་ཐ་ཆུངས་ཚེས་བཅུ་དྲུག་སྟེ་དེ་ལའོ། །ཞག་བཅུའམ་ཟླ་བ་ཕྱེད་ཀྱིས་འབྱུང་བར་འགྱུར་བ་ཉིད་ན་གཙུག་

ལག་ཁང་བྱི་དོར་བྱའོ་ཞེས་བྱ་བ་ནི། གནས་པར་ཁས་བླངས་པ་འབྱུང་བར་འགྱུར་བ་ཉིད་ཀྱི་མདུན་རོལ་དེ་ཙམ་ནས་སོ། །ཁ་ཅིག་ལས་ནི་བདུན་ནམ་བརྒྱད་ན་ཞེའོ་ཞེས་བྱ་བ་ནི། ལུགས་ཁ་ཅིག་ལས་དེ་ཙམ་ན་གནས་པར་ཁས་བླངས་པ་འབྱུང་བར་འགྱུར་བ་ཉིད་ཀྱི་མདུན་རོལ་དེ་ཙམ་ནས་གཙུག་ལག་

ཁང་བྱི་དོར་བྱའོ་ཞེས་ཀྱང་འབྱུང་ངོ་། །ཉི་མ་སྔ་མ་ལ་གནས་མལ་བསྡོག་གོ་ཞེས་བྱ་བ་ནི། ཚེས་བཅུ་དྲུག་ལ་གནས་པར་ཁས་བླངས་པ་དེའི་ཉི་མ་སྔ་མ་སྟེ། ཚེས་བཅོ་ལྔའི་ཉིན་པར་གནས་མལ་བསྡོག་པར་བྱ་བ་སྟེ། བསྡོག་པ་ཞེས་བྱ་བ་ནི་བགོ་བའི་ཕྱིར་སྟ་གོན་བྱ་བའོ། །འདིར་གནས་མལ་

ཞེས་བྱ་བའི་སྒྲས་ནི། གནས་དང་སྟན་ལ་སོགས་པ་གནས་མལ་ཐམས་ཅད་སྤྱིར་བཟུང་སྟེ། དེ་ལ་གནས་ཞེས་བྱ་བ་ནི། ཤིང་དྲུང་དང་། ཁང་པ་དང་ལྔ་ཁང་དང་ཁང་པ་བརྩེགས་པ་དང་། བསིལ་ཁང་དང་སབ་མོས་བསྐོར་བ་དང་། བ་གམ་དང་། ཁང་བཟངས་དང་། སྒོ་ཁང་གི་སྟེང་གི་བསིལ་

Vol. 163 · folio 130a

ཁང་དང་། ཁང་སྟེང་གི་ཡོལ་ཁང་དང་། སྤང་ལེབ་ཁང་དང་། ས་ཕུག་དང་། བྲག་ཕུག་དང་། རི་ཕུག་དང་། རྩྭའི་སྤྱིལ་བུ་དང་། ལོ་མའི་སྤྱིལ་བུ་དང་། འཆག་སར་བྱས་པ་དང་། འཆག་སར་མ་བྱས་པ་དང་། བྱ་སྐྱིབས་སུ་བྱས་པ་དང་། བྱ་སྐྱིབས་སུ་མ་བྱས་པ་དང་། དེ་ལྟ་བུ་ལ་

སོགས་པ་དགེ་འདུན་ལས་བྱུང་བ་དང་། གང་ཟག་ལས་བྱུང་བའི་གནས་ཀྱི་རྣམ་པ་ཐམས་ཅད་སྤྱིར་བསྡུའོ། །སྟན་ཞེས་བྱ་བ་ནི། ཁྲི་དང་སྟན་དང་། སྟན་ནང་ཚངས་ཅན་དང་། ཕྱག་དར་ཁྲོད་དང་། དར་དང་། སྣམ་བུ་དང་། རེའུ་རས་དང་། དར་ལ་དང་། མོན་དར་དང་། བེའུ་རས་ཡུག་ཆེན་དང་། བེའུ་

རས་དམར་པོ་དང་། བེའུ་ཕྲུག་དང་། ལ་དམར་དང་། ཡུལ་ཀ་ཤི་ཀའི་རས་ཕྲན་དང་། ཁ་དོག་རན་པ་དང་། ཁ་དོག་ངན་པ་དང་། བལ་གོས་དང་། ཤ་ནའི་རས་དང་། ཟར་མའི་རས་དང་། རས་གོས་དང་། དུ་གུ་ལའི་རས་དང་། ཀོ་ཏམ་པའི་རས་དང་། ཉི་འོག་གི་གོས་དང་། དེ་ལྟ་བུ་ལ་སོགས་པ་

དགེ་འདུན་ལས་བྱུང་བ་དང་། གང་ཟག་ལས་བྱུང་བའི་གོས་དང་། མལ་ཆ་དང་། སྟན་དང་། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་ཐ་ན་ཁྲིའུ་དང་། ཆོལ་ཟངས་ཀྱི་བར་ཡན་ཆད་སྤྱིར་བསྡུས་ཏེ། གནས་དང་གོས་ཀྱི་རྣམ་པ་དེ་དག་ཐམས་ཅད་ལ་གནས་མལ་ཞེས་བྱའོ། །ཁྲིའུ་དང་ཆོལ་ཟངས་ཡན་ཆད་དོ་ཞེས་བྱ་

བ་ནི། ཐ་ན་ཁྲིའུ་དང་ཆོལ་ཟངས་ཀྱི་བར་ཡན་ཆད་སྦྱར་ཏེ། དེའི་ཉིན་མོ་བསྡོག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྟོབས་པ་བསྐོ་བར་བྱའོ་ཞེས་བྱ་བ་ནི། གནས་མལ་དེ་སྟོབས་པའི་དགེ་སློང་སྤྲོ་བར་བྱས་ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་སྔགས་ནི་

མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས་པར་སྤྲོ་འམ་སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་

མཛོད་ཅིག་དང་། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་གནས་མལ་སྟོབས་པར་བསྐོ་སྟེ། གནས་མལ་སྟོབས་པ་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས་སོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་

Vol. 163 · folio 130b

ལ་དབྱར་གྱི་གནས་མལ་སྟོབས་པར་སྤྲོ་ཏེ། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་གནས་མལ་སྟོབས་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་གནས་མལ་སྟོབས་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་

གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབས་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་པས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །མི་ནུས་ན་དུ་མའོ་ཞེས་བྱ་བ་ནི། གང་ཟག་གཅིག་གིས་དགེ་འདུན་ལ་གནས་མལ་སྟོབས་པར་མི་ནུས་ན་དགེ་སློང་

དུ་མ་བསྐོ་བར་བྱ་བའོ། །བསྐོས་པའི་འོག་ཏུ་དེས་ཅི་ཞིག་བྱ་ཞེ་ན་དེའི་ཕྱིར། དེས་དྲི་དག་གིས་བསྐུས་པའི་ཚུལ་ཤིང་གཟེབ་ཀྱི་སྤྲོག་མར་རས་དཀར་པོ་བཏིང་པས་དཀྲིས་པ་དག་རྒན་རིམས་སུ་བཞག་ནས། ཚེ་དང་ལྡན་པ་དག་གནས་འདི་ན་ཁྲིམས་སུ་བྱ་བ་འདི་དང་འདི་ཡོད་དེ། ཁྱེད་ཅག་ལས་གང་

ཁྲིམས་སུ་བྱ་བ་འདི་དང་འདིས་གནས་འདིར་གནས་པར་སྤྲོ་བ་དེས་ནི་ཚུལ་ཤིང་ལོངས་ཤིག་ཁྱེད་ཅག་ལས་སུས་ཀྱང་དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱའོ། །ཁྱེད་ཅག་ལས་གང་གིས་འགའ་ཞིག་ལས་ཆུང་ཟད་ཤེས་པ་དེས་དེ་སྨྲོས་ཤིག །ཁྱེད་ཅག་ལས་གང་དབྱར་གྱི་ནང་དུ་དགེ་

འདུན་ལ་འཁྲུག་ལོང་བསྐྱེད་པར་འགྱུར་བ་དེ་ལ་དགེ་འདུན་གྱིས་ཕྱིས་ཉེ་བར་བརྟགས་པར་དགོངས་སོ་ཞེས་དགེ་སློང་རྣམས་ལ་བསྒོ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། གནས་མལ་སྟོབས་པའི་དགེ་སློང་དེས་དེ་ལྟར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་དགེ་སློང་གཞན་གྱིས་བླངས་པ་དང་ཁས་

བླངས་པའི་ཕྱིར་དགེ་འདུན་ལ་གསོལ་བར་བྱའོ་ཞེས་བྱ་བ་ནི། གནས་མལ་སྟོབས་པའི་དགེ་སློང་དེ་ལས་གཞན་པའི་དགེ་སློང་གཞན་ཅིག་གིས་དགེ་འདུན་གི་ཚུལ་ཤིང་བླངས་པ་དང་། དབྱར་གནས་པར་ཁས་བླངས་པའི་ཕྱིར་དགེ་འདུན་ལ་གསོལ་བ་འབའ་ཞིག་གི་ལས་གཅིག་བྱ་

སྟེ། དོན་དེ་གཉི་ག་གསོལ་བ་འབའ་ཞིག་གི་ལས་ཅིག་གིས་ཅིག་ཅར་གོ་བར་བྱ་བའོ། །དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་ནི་དགེ་འདུན་གྱིས་དབྱར་ཉེ་བར་བསྒྲུབ་པ་དབྱར་ཟླ་འབྲིང་པོ་ཚེས་བཅོ་ལྔ་ལགས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་

Vol. 163 · folio 131a

བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དེང་ཚུལ་ཤིང་བཞེས་ཏེ་སང་ནམ་ནངས་པར་གནས་པར་ཁས་བླང་ངོ་། །འདི་ནི་གསོལ་བའོ་ཞེས་གསུངས་པ་ཡིན་ནོ། །དབྱར་ཕྱི་མ་ལ་ནི། དབྱར་ཉེ་བར་བསྒྲུབ་པ་དབྱར་ཟླ་ཐ་ཆུངས་ཚེས་བཅོ་ལྔ་

ལགས་ན་ཞེས་སྔགས་ཀྱིས་བྱེ་བྲག་ཏུ་བྱའོ། །གསོལ་བ་དེ་བྱས་མ་ཐག་ཁོ་ནར་ཚུལ་ཤིང་བྲིམ་མོ་ཞེས་བྱ་བ་ནི། དེ་ལྟར་གསོལ་བའི་ལས་བྱས་མ་ཐག་ཏུ་ཚུལ་ཤིང་བྲིམ་པར་བྱ་བའོ། །དང་པོར་སྟོན་པའི་བླང་ངོ་ཞེས་བྱ་བ་ནི། ཚུལ་ཤིང་བྲིམ་པའི་ཚེ་དང་པོ་ཁོ་ནར་ཚུལ་ཤིང་འདྲིམ་པར་བྱེད་བས་

སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཚུལ་ཤིང་དེ་བླང་བར་བྱ་བའོ། །གཞན་དག་གིས་ནི་སྟན་ལས་ཕྱེད་འཕགས་པས་སོ་ཞེས་བྱ་བ་ནི། སྟོན་པའི་ཚུལ་ཤིང་ལེན་པ་ལས་གཞན་པའི་དགེ་སློང་དག་གིས་ནི་རང་རང་གི་སྟན་ལས་ཕྱེད་འཕགས་པའི་སྤྱོད་ལམ་གྱིས་རང་རང་གི་ཚུལ་ཤིང་

བླང་བར་བྱ་བའོ། །དགེ་ཚུལ་རྣམས་ཀྱི་ནི་སློབ་དཔོན་དང་མཁན་པོ་དག་གིས་སོ་ཞེས་བྱ་བ་ནི། སྟོན་པ་མན་ཆད་ནས་རྒན་རིམས་ཀྱི་དགེ་སློང་ཐམས་ཅད་ལ་ཚུལ་ཤིང་བྲིམ་པ་མཇུག་ཏུ་ཕྱིན་ནས་ཚུལ་ཤིང་འདྲིམ་པར་བྱེད་པ་དེས་ཡང་མགོ་ནས་བླངས་ཏེ། དགེ་སློང་གང་དག་ལ་སློབ་མ་དང་ཉེ་

གནས་དགེ་ཚུལ་ཡོད་པ་དེ་དག་ལ་དགེ་ཚུལ་གྱི་ཚུལ་ཤིང་ལེན་དུ་གཞུག་ཅིང་སློབ་དཔོན་དང་མཁན་པོ་གང་དག་ལ་སློབ་མའམ་ཉེ་གནས་དགེ་ཚུལ་ཡོད་པ་དེའི་ཚུལ་ཤིང་མཁན་པོ་དང་སློབ་དཔོན་དག་གིས་བླང་བར་བྱ་བའོ། །མཇུག་ཏུ་གཉུག་མར་གནས་པ་རྣམས་ཀྱི་དེ་ཡང་ངོ་ཞེས་བྱ་བ་ནི། དེ་

ལྟར་དགེ་ཚུལ་རྣམས་ཀྱི་ཚུལ་ཤིང་བྲིམ་པ་ཟིན་པའི་མཇུག་ཏུ་གཙུག་ལག་ཁང་གི་སྲུང་མ་གཉུག་མར་གནས་པ་ལྷ་མོ་ཆེན་མོ་འཕྲོག་མ་ལ་སོགས་པ་དག་གི་ཚུལ་ཤིང་བྲིམ་པ་དེ་ཡང་བྱའོ། །དལ་བུས་གཞག་པར་བྱའོ་ཞེས་བྱ་བ་ནི། ཚུལ་ཤིང་སྡུད་པ་ན་ཐམས་ཅད་ཀྱིས་དལ་བུས་གཞག་

པར་བྱ་བའོ། །བགྲངས་ནས་གནས་འདིར་དགེ་སློང་འདི་སྙེད་ཀྱིས་ཚུལ་ཤིང་བླངས་སོ་ཞེས་གོ་བར་བྱའོ་ཞེས་བྱ་བ་ནི། ཚུལ་ཤིང་བསྡུས་པའི་འོག་ཏུ་བགྲངས་ནས་དུ་བྱུང་བའི་སྡོམ་དགེ་འདུན་ལ་སྒྲ་དེ་སྐད་ཅེས་བརྗོད་ཅིང་གོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གནས་ཀྱི་གཞི་བསྟབས་

Vol. 163 · folio 131b

པར་བྱའོ་ཞེས་བྱ་བ་ནི། གནས་པར་བྱ་བའི་གཞི་ནི་གནས་ཀྱི་གཞི་སྟེ་གནས་ཁང་ལ་སོགས་པའོ། །གནས་མལ་སྟོབས་པས་དེ་དགེ་འདུན་ལ་བསྟབས་པར་བྱའོ། །དེ་དག་གི་སྒོ་ལྕགས་དང་ལྡེ་མིག་བླངས་པས་མདུན་དུ་འདུག་སྟེ་གནས་བརྟན་གཙུག་ལག་ཁང་ཆེ་གེ་མོ་ནི་རྙེད་པ་དང་བཅས་པ་

གོས་ཀྱི་རིན་དང་བཅས་པ་ལགས་ཀྱིས་བཞེས་ཤིག་ཅེས་ཡོན་ཏན་ཇི་ལྟ་བ་བཞིན་དུ་མོས་པ་བསྐྱེད་ཅིང་ལེན་དུ་གཞུག་གོ་ཞེས་བྱ་བ་ནི། གནས་མལ་སྟོབས་པའི་དགེ་སློང་གང་གིས་དབྱར་གྱི་གནས་དེ་ན་ཡོད་པའི་གནས་ཀྱི་གཞི་བསྟབས་པར་བྱ་བ་ཉིད་དུ་འདོད་པ་གང་དག་ཡིན་པ་དེ་དག་གི་སྒོ་ལྕགས་

དང་ལྡེ་མིག་ཐམས་ཅད་དེའི་ཚེ་བསྡུས་ཤིང་སྲེལ་བའི་དགེ་སློང་དེས་དང་པོར་དགེ་འདུན་གྱི་གནས་བརྟན་གྱི་མདུན་དུ་འདུག་སྟེ། གནས་ཀྱི་གཞི་དེ་དག་གི་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད་ཅིང་མོས་པ་བསྐྱེད་པ་བརྩམས་པས་ལེན་དུ་གཞུག་པ་སྟེ། གནས་བརྟན་གཙུག་ལག་ཁང་ཆེ་གེ་མོ་ནི་

རྙེད་པ་དང་བཅས་པ་གོས་ཀྱི་རིན་དང་བཅས་པ་ལགས་ཀྱིས་གལ་ཏེ་བཞེད་ན་བཞེས་ཤིག་ཅེས་ལེན་དུ་གཞུག་གོ། །དེ་བཞིན་དུ་རྒན་རིམས་ཀྱིས་ཐམས་ཅད་ལ་གནས་ཀྱི་གཞི་ལྷག་མ་རྣམས་ཀྱང་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད་དེ་མོས་པ་བསྐྱེད་ཅིང་ལེན་དུ་གཞུག་གོ། །དགེ་སློང་

གང་གིས་གནས་ཀྱི་གཞི་གང་བླངས་པ་དེ་ལ་དེའི་སྒོ་ལྕགས་དང་ལྡེ་མིག་ཀྱང་གཏད་པར་བྱའོ། །བླངས་པ་ལ་སོགས་པ་ནི་ལྷུང་བཟེད་དང་འདྲ་བའོ་ཞེས་བྱ་བ་ནི། ཇི་སྐད་དུ་ལྷུང་བཟེད་འབྲེལ་པ་མེད་པ་བྲིམ་པའི་སྐབས་སུ་འདོད་ན་ལོངས་ཤིག་ཅེས་བྱ་བ་དང་། བར་དུ་ཆོད་

པས་བླངས་པ་མི་བསླང་ངོ་ཞེས་བྱ་བ་དང་། ཚིག་གཉིས་པ་ལ་མི་སྦྱིན་ཞིང་གསུམ་པ་ལ་སྦྱིན་ནོ་ཞེས་བསྟན་པ་དེ་བཞིན་དུ་འདིར་གནས་ཀྱི་གཞི་སྟོབས་པ་ལ་ཡང་དེ་དག་ཐམས་ཅད་སྔ་མ་བཞིན་དུ་སྦྱར་བར་བྱའོ། །མཆོད་རྟེན་དང་དགེ་འདུན་གྱི་དོན་མ་ཡིན་པར་སོང་བར་ཤེས་པ་ལ་ནི་འཐེབ་ཉིད་ལས་བསྐོ་བར་

བྱའོ་ཞེས་བྱ་བ་ནི། དགེ་སློང་མཆོད་རྟེན་གྱི་དོན་མ་ཡིན་པ་དང་། དགེ་འདུན་གྱི་དོན་མ་ཡིན་པར་སྒོ་དོན་ལ་རང་དགར་གཞན་དུ་སོང་བ་ལ་ནི་གནས་ཀྱི་གཞིའི་སྐལ་བ་འཐེབ་ཡོད་ན་དེ་ལས་བསྐོ་བར་བྱ་བ་ཉིད་ཡིན་ནོ། །འདིར་འཐེབ་ཅེས་བྱ་བ་ནི། དགེ་སློང་གཉུག་མར་གནས་པ་རྣམས་ལ་

Vol. 163 · folio 132a

བསྐོས་ཟིན་པའི་འོག་ཏུ་ཡང་བསྐོ་བར་བྱ་བའི་ལྷག་མ་ཡོད་པ་ལ་བྱ་སྟེ། དེ་ལྟར་ལྷག་པའི་འཐེབ་ཡོད་ན་བསྐོ་བར་བྱའོ། །མཆོད་རྟེན་གྱི་དོན་དང་དགེ་འདུན་གྱི་དོན་དུ་སོང་བ་ལ་ནི་རྒན་རིམས་བཞིན་དུ་སྐལ་བ་བསྐོ་བར་བྱའོ། །འདིར་གཞུང་ནི། བཅོམ་ལྡན་འདས་ཀྱིས་གནས་

བརྟན་ཉེ་དགའི་སྐབས་ལས་འདི་སྐད་ཅེས་གང་དགེ་འདུན་གྱིའམ་མཆོད་རྟེན་གྱི་བྱ་བ་ལ་སོང་བ་དེ་ལ་ནི་རྒན་རིམས་བཞིན་དུ་གནས་མལ་བསྐོ་བར་བྱའོ། །གཞན་ལ་ནི་འཐེབ་ཇི་ལྟ་བ་བཞིན་དུའོ་ཞེས་གསུངས་པ་ཡིན་ནོ། །ཤིང་ལྗོན་པའི་དྲུང་དང་ནེའུ་གསིང་གི་གཞི་དག་ལ་ཡང་རྒན་རིམས་

བཞིན་དུ་བསྐོ་བར་བྱའོ་ཞེས་བྱ་བ་ནི། ཤིང་དྲུང་ལ་སོགས་པའི་གནས་མལ་གཞན་དག་ལ་ཡང་རྒན་རིམས་བཞིན་དུ་བསྐོ་བར་བྱ་བའོ། །གནས་ཁང་གིས་མི་ཆོག་ན་གཉིས་ལ་སོགས་པ་དག་ལ་ཐ་ན་དེའི་ས་གཞི་གདིང་བའི་ཚད་ཙམ་ཡང་ངོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་རེ་རེ་ལ་གནས་ཁང་

རེ་རེ་བསྐོར་མི་ཆོག་ན་དེའི་ཚེ་དགེ་སློང་གཉིས་ལ་སོགས་པ་དག་ལ་གཅིག་ཐུན་མོང་དུ་བསྐོ་སྟེ། གཉིས་ལའམ་གསུམ་ལ་འམ་བཞི་ལའམ། དེ་དག་ལ་སོགས་པ་དག་ལ་གནས་ཁང་གཅིག་ཏུ་ཐུན་མོང་དུ་བསྐོ་བར་བྱའོ། །འོན་ཀྱང་མི་ཆོག་ན་དེའི་ཚེ་མཐའ་བསྟན་པའི་ཕྱིར། ཐ་ན་དེའི་ས་

གཞི་གདིང་བའི་ཚད་ཙམ་མོ་ཞེས་བྱ་བ་སྨོས་ཏེ། གནས་ཁང་གི་ས་གཞིར་སྟན་གདིང་བའི་ཚད་དུ་ཙམ་ཤོང་བ་དེ་སྙེད་ཀྱི་དགེ་སློང་དག་ལ་གནས་ཁང་གཅིག་བསྐོ་བར་བྱའོ། །ལྷུང་བཟེད་དང་བྱ་མ་བུམ་དང་འདག་རྫས་དང་སོ་ཤིང་དང་སྨན་གྱི་གནས་ལ་ལྟོས་པར་བྱའོ་ཞེས་བྱ་བ་ནི། གནས་ཁང་

གཅིག་ཏུ་མལ་སྟན་གྱི་ཚད་དུ་ཤོང་པའི་དགེ་སློང་དེ་སྙེད་ལ་གནས་ཁང་གཅིག་ཐུན་མོང་དུ་བསྐོ་བར་བྱའོ་ཞེས་བསྟན་པ་དེ་ལ་གནས་ཁང་དེར་དགེ་སློང་དག་གི་ལྷུང་བཟེད་ལ་སོགས་པ་གཞག་པའི་གནས་ལ་ལྟོས་ཏེ་དེའི་ཕྱི་ན་མལ་སྟན་དུ་ཤོང་བ་དེ་སྙེད་ཀྱི་དགེ་སློང་དག་ལ་གནས་དེ་ཐུན་མོང་དུ་བསྐོ་

བར་བྱའོ། །སྒོ་ཁང་དང་ཐེམ་སྐས་ཀྱི་ལྐོག་དང་ཁྱམས་དང་དཔོངས་དང་བཀད་ས་དང་བསྲོ་ཁང་གི་ར་བ་དག་ནི་བསྐོ་བར་མི་བྱའོ་ཞེས་བྱ་བ་ནི། མི་ཤོང་དུ་ཟིན་ཀྱང་འདི་དག་ནི་གང་ཟག་གི་གནས་ཁང་དུ་བསྐོ་བར་མི་བྱའོ། །ར་བ་ཞེས་བྱ་བའི་སྒྲས་ནི་དཔོངས་མན་ཆད་དང་སོ་སོར་སྦྱར་བར་བྱའོ། །

Vol. 163 · folio 132b

འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་དགེ་སློང་དག་གནས་དྲུག་པོ་འདི་དག་ནི་བསྐོ་བར་མི་བྱ་བ་དག་སྟེ། སྒོ་གང་ཐམས་ཅད་དང་ཐེམ་སྐས་ཀྱི་ལྐོག་དང་། ཁྱམས་དང་དཔོང་སའི་ར་བ་དང་། བཀད་སའི་ར་བ་དང་། བསྲོ་ཁང་གི་ར་བ་དག་སྟེ། སྐོ་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་

པ་ཡིན་ནོ། །མཚན་མོ་གནས་མལ་མི་བསྐོའོ་ཞེས་བྱ་བ་ནི། གནས་ཁང་ཉི་ཚེར་མ་ཟད་ཀྱི། ཁྲི་ལ་སོགས་པ་གཞན་ཐམས་ཅད་ལ་ཡང་དེ་བཞིན་ནོ། །ནད་པ་འདུག་པའི་གནས་ཁང་གཞན་ལ་མི་སྦྱིན་ནོ་ཞེས་བྱ་བ་ནི། ནད་པ་འདུག་པའི་གནས་ཁང་གཞན་ལ་མི་སྦྱིན་པ་སྟེ། གནས་ཁང་ཞེས་

སྨོས་པས་ནི་ཁྲི་ལ་སོགས་པ་གཅད་པར་བསྟན་ཏོ། །དེ་ཉིད་ཐོབ་པ་མེད་པ་ན་མི་སྦྱིན་པར་མི་བྱའོ་ཞེས་བྱ་བ་ནི། གནས་པ་དེ་ཉིད་ཀྱིས་ཐོབ་པ་གང་ཡིན་པ་དེ་ནི་དེ་ཉིད་ཐོབ་པ་སྟེ་གནས་པ་ཉིད་ཐོབ་པའོ། །དེ་མེད་པ་ནི་ནད་པ་གང་གིས་རྒན་རིམས་སུ་གནས་ཁང་ན་སྔ་ནས་གནས་པ་ཐོབ་པ་མེད་པ་སྟེ། དེ་ལྟར་

ན་ནད་པས་སྔ་ནས་གནས་ཁང་ན་གནས་པ་ཐོབ་པ་མེད་དུ་ཟིན་ཀྱང་། གསར་དུ་གནས་ཁང་མི་སྦྱིན་པར་མི་བྱ་སྟེ་སྦྱིན་པ་ཁོ་ནར་བྱ་བའོ། །འདིར་གཞུང་ནི། དགེ་སློང་དག་གིས་དགེ་སློང་ནད་པའི་གནས་ཁང་གཞན་ལ་བསྐོ་བར་མི་བྱའོ། །བསྐོ་ན་འགལ་ཚབས་ཅན་དུ་འགྱུར་རོ། །འདི་ལྟར་དགེ་སློང་

ནད་པ་ལ་གནས་ཁང་བསྟབས་པ་དང་། གཡོག་བསྟབས་པ་དང་། ལས་སུ་མི་བསྐོ་བར་བསྟབས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་ནད་པ་ཞེས་བྱ་བ་ནི་སྦྱོར་བ་མི་བཟོད་པ་ཡིན་པར་རིགས་པར་བྱའོ། །དེ་དང་དེའི་གཡོག་ལས་བྱེད་དུ་མི་གཞུག་གོ་ཞེས་བྱ་བ་ནི། ནད་པ་དེའི་ནད་གཡོག་ལས་

བྱེད་དུ་མི་གཞུག་པའོ། །མཛེ་ཅན་གྱིས་དགེ་འདུན་གྱི་གནས་མལ་སྤྱད་པར་མི་བྱའོ་ཞེས་བྱ་བ་ནི། དེས་དགེ་འདུན་གྱི་གནས་དང་མལ་ཆ་ལ་སོགས་པ་སྤྱད་པར་མི་བྱའོ། །དེ་ལ་གནས་དབེན་པ་སྦྱིན་ནོ་ཞེས་བྱ་བ་ནི། མཛེ་ཅན་དེ་ལ་མཐའ་ཁོབ་དབེན་པར་གནས་སྦྱིན་པར་བྱ་བའོ། །དགེ་འདུན་

གྱིས་བསྟེན་པར་བྱ་བ་དང་བཅས་པར་ཐ་ན་ཁྱམས་དང་ཁྱམས་གྲུ་བཞི་དང་སྒོ་ཁང་དང་བང་རིམ་དང་འཆག་ས་དང་ཤིང་དྲུང་གི་གནས་དེར་ཡང་འདུག་པར་མི་བྱའོ་ཞེས་བྱ་བ་ནི། མཛེ་ཅན་གྱིས་དགེ་འདུན་གྱི་གནས་དེ་ལྟ་བུར་འདུག་པར་མི་བྱའོ། །བཤང་བ་དང་གཅི་བའི་སྐྱབས་གཉིས་སུ་འཇུག་

Vol. 163 · folio 133a

པར་མི་བྱའོ་ཞེས་བྱ་བ་ནི། མཛེ་ཅན་གྱིས་དགེ་འདུན་གྱི་དེ་གཉིས་སུ་འཇུག་པར་མི་བྱ་བའོ། །དེ་ལ་གཡོག་བསྐོ་བས་སྙིང་བརྩེ་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་མཛེ་ཅན་དེ་ལ་གཡོག་བསྐོ་བས་རྗེས་སུ་སྙིང་བརྩེ་བར་བྱ་བ་སྟེ། མཛེ་ཅན་དེ་ནི་

ནད་ཡུན་རིང་ཞིང་ཆེ་བ་ཡིན་པའི་ཕྱིར་དང་། བསྟན་པ་ནི་སྙིང་རྗེས་རབ་ཏུ་ཕྱེ་བ་ཉིད་ཡིན་པའི་ཕྱིར་རོ། །འདིར་གཞུང་ནི། དགེ་སློང་མཛེ་ཅན་གྱིས་དགེ་འདུན་གྱི་གནས་མལ་ལ་སྤྱད་པར་མི་བྱ། ཁྱམས་ལ་སོགས་པའི་གནས་སུ་གནས་པར་མི་བྱ། དགེ་འདུན་གྱི་བཤང་བའི་གནས་དང་།

གཅི་བའི་གནས་སུ་འཇུག་པར་མི་བྱའོ། །དགེ་འདུན་གྱིས་དབེན་པའི་གནས་སུ་དེའི་གནས་སྦྱིན་པར་བྱ། གཡོག་ཀྱང་བྱའོ་ཞེས་གསུངས་པ་ཡིན་ནོ། །དུས་ཐམས་ཅད་དུ་དགོན་པ་པ་དག་ལ་ལྷུང་བཟེད་དང་ཆོས་གོས་གཞན་ཡོད་པའི་ཕྱིར་གནས་ཁང་བསྐོ་བར་བྱའོ་ཞེས་བྱ་བ་ནི། དབྱར་

དག་ཉི་ཚེར་མ་ཟད་ཀྱི་དུས་གཞན་ཐམས་ཅད་དུ་ཡང་དགེ་སློང་དགོན་པ་བ་དག་ལ་ལྷུང་བཟེད་ལ་སོགས་པ་གཞག་པའི་ཕྱིར། གཙུག་ལག་ཁང་དུ་གནས་ཁང་བསྐོ་བར་བྱ་བའོ། །འདིར་གཞུང་ནི་དགེ་སློང་དགོན་པ་པ་དག་གཙུག་ལག་ཁང་དུ་ལྷགས་ཏེ། གནས་ཁང་དག་རྙེད་པ་ན་དགེ་སློང་

དག་ལས་མ་ཐོབ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་དུ་དགེ་སློང་དགོན་པ་པ་རྣམས་ཀྱི་ལྷུང་བཟེད་དང་ཆོས་གོས་གང་དུ་འཇོག་པའི་གནས་ཁང་བསྐོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དབྱར་གནས་པར་ཁས་བླངས་པ་ན་ཁ་ཅིག་གློ་བུར་དུ་འོང་སྲིད་པས་གནས་

དང་གནས་མལ་གཞག་པར་བྱའོ་ཞེས་བྱ་བ་ལ། དབྱར་གནས་པར་ཁས་བླངས་པ་ཞེས་སྨོས་པས་དུས་ཐམས་ཅད་ནི་མ་ཡིན་པར་བསྟན་ཏེ། དབྱར་གནས་པར་ཁས་བླངས་པར་སྔ་མ་ཡང་རུང་ཕྱི་མ་ཡང་རུང་བར་དགེ་སློང་གློ་བུར་བ་དག་འོང་བར་ཤེས་ན་གནས་ཀྱི་གཞི་དང་ཁྲི་ལ་སོགས་པའི་གནས་

མལ་དག་གཞག་པར་བྱའོ། །མང་པོ་དག་ལྷགས་ན་གནས་བདག་གིས་གཟོད་བསྐོ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་གློ་བུར་བ་མང་པ་དག་ལྷགས་ན་སྔར་གནས་པར་ཁས་བླངས་པ་དག་གིས་གནས་མལ་གཟོད་བསྐོ་བར་བྱ་བའོ། །གནས་པར་ཁས་བླངས་པ་ཕྱི་མ་ཕྱིན་ཆད་མི་བྱའོ་ཞེས་བྱ་བ་ནི།

Vol. 163 · folio 133b

དབྱར་གནས་པར་ཁས་བླངས་པར་ཕྱི་མ་ཤོས་ཕྱིན་ཆད་ནི་གཟོད་བསྐོ་བར་མི་བྱ་སྟེ། གནས་པར་ཁས་བླངས་པ་གསུམ་པ་མེད་པའི་ཕྱིར་རོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་དགེ་སློང་དག་ངས་དགེ་སློང་མ་འོངས་པ་རྣམས་ལ་བརྟེན་ནས་དབྱར་གནས་པར་ཁས་བླངས་པ་གཉིས་པ་བཅས་ཀྱི་གསུམ་

པ་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །མང་བ་ཉིད་ཡིན་ན་གཅིག་ལ་ཡང་གཉིས་ལ་སོགས་པ་ཁྱབ་པའི་བར་དག་གོ་ཞེས་བྱ་བ་ནི། གནས་ཀྱི་གཞི་མང་བ་དག་ཡིན་ན་དགེ་སློང་རེ་རེ་ལ་ཡང་གནས་ཀྱི་གཞི་གཉིས་ལ་སོགས་པ་ནས་དུ་ཙམ་བསྐོས་པ་གནས་ཐམས་ཅད་ལ་ཁྱབ་པར་འགྱུར་བ་དེ་སྙེད་ཀྱི་བར་

དག་བསྐོ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཞག་གཅིག་གི་དོན་དུ་གནས་མལ་མནོད་པར་མི་བྱའོ་ཞེས་བྱ་བ་ནི། ཞག་གཅིག་ལས་མི་གནས་ན་ཞག་གཅིག་གི་དོན་དུ་གནས་མལ་བགོ་བཤའ་མི་བྱའོ། །གནས་མལ་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ་གཙུག་ལག་ཁང་ལ་སོགས་པ་ལ་ཡང་དེ་བཞིན་ནོ། །

འདིར་གཞུང་ནི་ཕྲན་ཚེགས་དག་ལས་དགེ་སློང་དག་གིས་ཞག་གཅིག་གི་དོན་དུ་གནས་མལ་མནོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །རྙེད་པ་འདོད་པས་གཙུག་ལག་ཁང་མི་མནོད་དོ་ཞེས་བྱ་བ་ནི། རྙེད་པ་འདོད་པས་གཙུག་ལག་ཁང་ལ་སོགས་པ་གནས་དང་། སྟན་ལ་སོགས་པ་

མལ་ཆ་མནོད་པར་མི་བྱའོ། །འདིར་གཞུང་ནི། དེ་ནས་དུས་གཞན་ཞིག་ན་དགེ་སློང་རྣམས་ལ་རྒན་རིམས་བཞིན་དུ་གནས་མལ་སྟོབས་པར་བྱེད་པ་ན། བྲམ་ཟེ་ཞིག་གཙུག་ལག་ཁང་དུ་འོངས་ནས་དེས་དེ་མཐོང་བ་དང་། གང་གི་ཕྱིར་འདི་བཞིན་བགོ་བཤའ་བྱེད་པའི་ངང་ཚུལ་ཅན་ཤཱཀྱའི་

སྲས་ཀྱི་དགེ་སྦྱོང་འདི་དག་ལ་སུ་ཞིག་མངོན་པར་དད་པར་མི་འགྱུར་སྙམ་དུ་དད་པ་སྐྱེས་པར་གྱུར་ནས། དེས་གཙུག་ལག་ཁང་བྱེད་དུ་བཅུག་སྟེ་དགེ་སློང་གིས་དགེ་འདུན་ལ་ཕུལ་བ་དང་། དགེ་སློང་དག་གིས་སྨྲས་པ། ཧ་ཅང་ཡང་གཤེར་ཆེས་སོ་ཞེས་མི་ལེན་པ་དང་། དེས་ཕྲུ་ས་འདེབས་སུ་

བཅུག་སྟེ་ཕུལ་ལོ། །དགེ་སློང་དག་གིས་སྨྲས་པ། ཧ་ཅང་དགོན་དུང་ཆེས་སོ་ཞེས་མི་ལེན་པ་དང་། བྲམ་ཟེ་དེས་དེ་དག་རྙེད་པ་འདོད་པས་མི་ལེན་པར་རིག་ནས། བྲམ་ཟེ་དེ་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་དག་ནི་རྙེད་པ་འདོད་པས་གཙུག་ལག་ཁང་ལེན་ཏོ་ཞེས་འཕྱ་བར་རྩོམ་པ་ནས། བཅོམ་

Vol. 163 · folio 134a

ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་རྙེད་པ་འདོད་པས་གཙུག་ལག་ཁང་དག་བླང་བར་མི་བྱ་བར། འདི་ལྟར་སྦྱིན་བདག་རྣམས་ལ་རྗེས་སུ་སྙིང་བརྩེ་བས་གཙུག་ལག་ཁང་དག་བླང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཕོངས་པ་མེད་པའི་སེམས་ཀྱིས་

ཀྱང་བླང་བར་བྱའོ། །ཐམས་ཅད་ཡོངས་སུ་སྤྱད་པར་བྱའོ་ཞེས་བྱ་བ་ནི། གང་ཟག་གཅིག་གིས་གནས་ཁང་དུ་མ་མནོས་ནའོ། །གཅིག་གིས་ཐམས་ཅད་ཇི་ལྟར་སྤྱད་པར་བྱ་ཞེ་ན། དེའི་ཕྱིར་ལ་ལར་ཀླག་པ་དང་། ཁ་ཏོན་དང་། འདུག་པ་དང་། བཅག་པ་དག་ལས་གང་ཡང་རུང་བ་བྱ། ལ་ལར་

ལྷུང་བཟེད་དང་ཆོས་གོས་གཞག་པར་བྱ། ལ་ལར་མཚན་མོ་ཉལ་བར་བྱ། ལ་ལར་སྔ་དྲོ་དང་དུས་ཚིགས་དང་ཕྱི་དྲོ་འདུག་པས་དེ་ལ་སྦྱར་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཐམས་ཅད་ཡོངས་སུ་སྤྱད་པར་བྱ་བ་དེ་ལ་ཐབས་དེ་ལྟར་སྦྱར་བར་བྱའོ། །དེ་ལ་གཞུང་ཁ་ཅིག་ལས་ནི། ལ་ལར་བཀླག་པར་བྱ།

ལ་ལར་ཁ་ཏོན་བྱ། ལ་ལར་ལྷུང་བཟེད་དང་ཆོས་གོས་གཞག་པར་བྱ། ལ་ལར་ཉལ་བར་བྱའོ་ཞེས་གསུངས་སོ། །གཞུང་ཁ་ཅིག་ལས་ནི་ལ་ལར་སྔ་དྲོ་འདུག་པར་བྱ། ལ་ལར་གུང་ཚིགས་ལ་འདུག་པར་བྱ། ལ་ལར་ཕྱི་དྲོ་འདུག་པར་བྱ། ལ་ལར་མཚན་མོ་འདུག་པར་བྱའོ་ཞེས་གསུངས་

པས་དེའི་ཕྱིར་དེ་གཉི་ག་བསྡུ་བའི་ཕྱིར་མདོ་འདི་བྱས་སོ། །གནས་པར་ཁས་བླངས་པས་གནས་ཀྱི་གཞི་རལ་བ་དང་འདྲུམས་པ་བཅོས་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་དབྱར་གནས་པར་ཁས་བླངས་པས་གནས་ཀྱི་གཞི་རལ་བ་དང་འདྲུམས་པ་ཕྱིར་བཅོས་པར་བྱའོ། །རལ་བ་ཞེས་བྱ་བ་ནི་

ཕྱོགས་གཅིག་ཆད་པའོ། །འདྲུམས་པ་ཞེས་བྱ་བ་ནི་གས་པའོ། །དགེ་སློང་མ་དག་དབྱར་གནས་པ་རྣམས་ཀྱིས་དབྱར་ཁང་བཅོས་པར་བྱའོ་ཞེས་བྱ་བ་ནི། རལ་པ་དང་འདྲུམས་པ་སྟེ་དེ་ཡང་དབྱར་ཁང་གཅིག་ལ་ཡང་དགེ་སློང་མ་ཐམས་ཅད་སྤྱིས་ལོག་སྟེ་བཅོས་པར་བྱ་བ་ཡིན་གྱི། གནས་

ཁང་གང་ན་གང་གནས་གནས་པ་དེས་དེ་ཉི་ཙེས་བཅོས་པ་མ་ཡིན་ནོ། །འཐབ་ཀྲོལ་ཅན་གྱིས་གནས་མི་ཐོབ་པར་བྱ་བའི་ཕྱིར་དགུན་མནོད་པ་དང་དཔྱིད་མནོད་པའི་གནས་མལ་ཡང་བསྟབས་པར་བྱའོ་ཞེས་བྱ་བ་ནི། གང་ཟག་འཐབ་ཀྲོལ་ཅན་དག་གཞན་ནས་འོངས་པས་མཚམས་ཀྱི་ནང་དུ་

Vol. 163 · folio 134b

གནས་མི་ཐོབ་པར་བྱ་བའི་ཕྱིར་དགུན་དང་དཔྱིད་མནོད་པར་གནས་མལ་གཉིས་ཀྱང་བསྟབས་པར་བྱའོ། །རིལ་གྱིས་བསྐོ་བར་བྱའོ་ཞེས་བྱ་བ་ནི། འཐབ་ཀྲོལ་ཅན་གྱི་གནས་མི་ཐོབ་པར་བྱ་བའི་ཕྱིར་གནས་མལ་རིལ་གྱིས་བསྐོ་བར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། འདི་ལྟ་སྟེ་གཙུག་ལག་

ཁང་དང་ཁང་ཁྱིམ་དག་གི་ཉེན་ཀོར་ཡང་ངོ་ཞེས་བྱ་བ་སྨྲས་ཏེ། གཙུག་ལག་ཁང་དང་ཁང་ཁྱིམ་དག་གི་ཉེན་ཀོར་ཡང་མ་ལུས་པར་རིལ་གྱིས་བསྐོ་བར་བྱ་བའོ། །ཁྱམས་ཀྱི་དེ་ཡང་ངོ་ཞེས་བྱ་བ་ནི་ཁྱམས་ཀྱི་ཉེན་ཀོར་དེ་ཡང་རིལ་གྱིས་བསྐོ་བར་བྱ་བའོ། །དེ་དག་དོང་བ་ཉིད་ཀྱི་འོག་ཏུ་དེ་དག་མི་གཏད་པར་

མི་བྱའོ་ཞེས་བྱ་བ་ནི། འཐབ་ཀྲོལ་ཅན་དེ་དག་དོང་བའི་འོག་ཏུ་གཙུག་ལག་ཁང་དང་ཁང་ཁྱིམ་དང་ཁྱམས་དེ་དག་གི་ཉེན་ཀོར་དེ་དག་སྔ་མ་ཁོ་ན་བཞིན་དུ་མི་གཏང་བར་མི་བྱ་བ་སྟེ། ལྷུག་པར་གཏང་བར་བྱའོ། །རང་བཞིན་དུ་གནས་པའི་ཕྱིར་སྒྱུ་ཐབས་ཀྱིས་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་རང་བཞིན་

དུ་གནས་པ་ཚུལ་ཁྲིམས་དང་ལྡན་པ་འཐབ་ཀྲོལ་ཅན་མ་ཡིན་པའི་ཕྱིར། སྒྱུ་ཐབས་ཞེས་བྱ་བ་བགེགས་མི་བྱ་བ་སྟེ། འདི་ནི་བསྐོ་བའི་དུས་འབའ་ཞིག་ཏུ་མ་ཟད་ཀྱི། དུས་ཐམས་ཅད་དུ་ཡང་དེ་བཞིན་ནོ། །འབྱུང་བའི་དོན་དུ་ནི་མི་བསྐོའོ་ཞེས་བྱ་བ་ནི། དགེ་སློང་ད་ལྟར་མི་གནས་པ་ཕྱིས་འབྱུང་བར་

འགྱུར་བའི་དོན་དུ་ནི་གནས་མལ་སྔ་ནས་བསྐོ་བར་མི་བྱའོ། །དེ་ཉིད་བསྟན་པའི་ཕྱིར། འདི་ནི་དུས་ཚིགས་དང་ཉིན་མཚན་དང་དེའི་ཡན་ལག་ཆེ་གེ་མོ་ཞིག་ནི་འབྱུང་བའི་འོ། །འདི་ནི་མཁན་པོ་དང་སློབ་དཔོན་ཆེ་གེ་མོ་ཞིག་འབྱུང་བའི་འོ། །འདི་ནི་ལྷན་ཅིག་གནས་པ་ཉེ་གནས་ཆེ་གེ་མོ་ཞིག་འབྱུང་

བའིའོ། །འདི་ནི་གཏམ་འདྲེས་པ་དང་ཕེབས་པར་སྨྲ་བ་དང་འགྲོགས་བཤེས་དང་སྨོས་འགྲིན་ལ་སོགས་པ་ཆེ་གེ་མོ་ཞིག་འབྱུང་བའི་འོ་ཞེས་གཙུག་ལག་ཁང་དག་བསྐོ་བར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། གནས་ཁང་བསྐོ་བས་འདི་སྐད་ཅེས་གཙུག་ལག་ཁང་འདི་ནི་དགུན་དང་། དགུན་སྨད་དང་།

དཔྱིད་དང་། སོས་ཀ་དང་། དབྱར་དང་སྟོན་གྱི་དུས་ཚིགས་ཆེ་གེ་མོ་ཞིག་ན་འབྱུང་བའི་གནས་སུ་བསྐོའོ། །གཙུག་ལག་ཁང་འདི་ནི་སང་དང་གནངས་དང་གཞེས་དང་ཚེས་གཅིག་དང་གཉིས་དང་། གསུམ་ལ་སོགས་པའི་ཉིན་མཚན་ཆེ་གེ་མོ་ཞིག་ན་འབྱུང་བའི་གནས་སུ་བསྐོའོ། །གཙུག་ལག་ཁང་

Vol. 163 · folio 135a

འདི་ནི་སྔ་དྲོ་དང་གུང་ཚིགས་དང་ཕྱི་དྲོ་དང་ཐུན་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་ཞེས་བྱ་བ་ཉིན་མཚན་དེའི་ཡན་ལག་ཆེ་གེ་མོ་ཞིག་ན་འབྱུང་བའི་གནས་སུ་བསྐོའོ། །གཙུག་ལག་ཁང་འདི་ནི་མཁན་པོའམ་སློབ་དཔོན་ཆེ་གེ་མོ་ཞིག་འབྱུང་བའི་གནས་སུ་བསྐོའོ་ཞེས་

བྱ་བ་ལ་སོགས་པ་ལྟ་བུ་ཕྱིས་འབྱུང་བའི་དོན་དུ་གཙུག་ལག་ཁང་དག་བསྐོ་བར་མི་བྱའོ། །མནོད་པར་མི་བྱའོ་ཞེས་བྱ་བ་ནི། གཞན་གྱིས་བསྐོས་ཀྱང་མནོད་པར་མི་བྱའོ། །འདིར་གཞུང་ནི་འབྱུང་བའི་དོན་དུ་གཙུག་ལག་ཁང་བསྐོ་བར་མི་བྱ། བསྐོར་གཞུག་པར་མི་བྱའོ་ཞེས་གསུངས་པ་ཡིན་ཏེ། དེ་

ལ་མདོ་སྔ་མས་ནི་བསྐོ་བར་མི་བྱའོ་ཞེས་གསུངས་པས་བསྡུས་སོ། །མདོ་འདིས་ནི་བསྐོར་གཞུག་པར་མི་བྱའོ་ཞེས་གསུངས་པས་བསྡུས་སོ། །ཚད་གཞིག་པའི་ཕྱིར་དབྱུག་གུ་ཐོགས་པ་བསྐོ་བར་བྱའོ་ཞེས་བྱ་བ་ནི། བྱེའུ་ལ་སོགས་པའི་ཚང་གཙུག་ལག་ཁང་དུ་འཆའ་བ་གཞིག་པའི་ཕྱིར་དགེ་

སློང་དབྱུག་གུ་ཐོགས་པ་བསྐོ་བར་བྱའོ། །དེས་ཇི་ལྟར་གཞིག་པར་བྱ་ཞེ་ན་དེའི་ཕྱིར། སྒོ་ང་མེད་པ་རྣམས་ནི་གདོན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཚང་སྒོ་ང་མེད་པ་རྣམས་ནི་དབྱུག་གུ་ཐོགས་པས་གདོན་ཅིང་དབྱུང་བར་བྱའོ། །ཕྲ་མོ་རྣམས་ཀྱི་ནི་མི་སྤེལ་བར་བྱ་བའི་ཕྱིར་སྐུད་པས་དཀྲིའོ་ཞེས་བྱ་བ་

ནི། སྦྲང་བུ་ཏྲྱ་མ་བུ་ཀ་དང་། ཏྲཻ་ལ་ཏ་ཀ་ལ་སོགས་པ་དག་གི་ཚང་གང་ཡིན་པ་དེ་དག་ནི་མི་འཕེལ་བར་བྱ་བའི་ཕྱིར་སྐུད་པས་དཀྲི་བར་བྱའོ། །འདིར་གཞུང་ནི་མི་འཕེལ་བར་བྱ་བའི་ཕྱིར་སྐུད་པས་དཀྲིའོ་ཞེས་གསུངས་པ་ཡིན་ཏེ། དེ་ལ་ཚང་སྐུད་པས་དཀྲིས་ན་དེ་དག་གིས་ཡང་ཕྱིར་སྐྱེད་པར་མི་

ནུས་པའི་ཕྱིར་རོ། །གནས་མལ་ལ་སོགས་པ་སྦྱིན་ནོ་ཞེས་བྱ་བ་ལ། གོས་ལ་སོགས་པ་ཡང་བསྡུ་བའི་ཕྱིར་སོགས་པ་ཞེས་བྱ་བའི་སྒྲ་སྨོས་སོ། །ཡོད་པ་ཉིད་ན་དུ་མ་ཡང་ངོ་ཞེས་བྱ་བ་ནི། ཁྲི་ལ་སོགས་པ་ཡོད་པ་ཉིད་ཡིན་ན། གང་ཟག་གཅིག་ལ་ཡང་དུ་མ་སྦྱིན་པར་བྱ་བ་སྟེ། གལ་ཏེ་རྒན་རིམས་

ཀྱིས་ཁྲི་ལ་སོགས་པ་ལན་གཉིས་བསྟབས་སུ་ཡོད་དམ་ལན་གསུམ་ལ་སོགས་པ་བསྟབས་སུ་ཡོད་ན་ཡང་དེ་བཞིན་དུ་བསྟབས་ཤིང་སྦྱིན་པར་བྱའོ། །གལ་ཏེ་ལན་གྲངས་གཞན་ལ་ཁྱེད་པར་བྲིམ་དུ་མེད་ན་ཡང་རྒན་རིམས་ནས་བརྩམས་ཏེ་ཇི་ཙམ་ཁྱེད་པ་ཡན་ཆད་ལ་བྲིམ་པར་དོན་གྱིས་ཤེས་

Vol. 163 · folio 135b

པར་བྱ་སྟེ། འདི་ལྟར་རྒན་རིམས་ནས་བརྩམས་ཏེ། རྙེད་པར་བྲིམ་མོ་ཞེས་གསུངས་པའི་ཕྱིར་རོ། །ཁྲི་ཆེན་པོ་དག་ཀྱང་བསྐོ་བར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཁྲིའི་ཚད་ཆེན་པོ་ནི་ཁྲི་ཆེན་པོ་སྟེ། གང་དག་ལ་མལ་ཡང་བཅར་རུང་བའོ། །དེ་བས་ན་ཁྲི་ཆེན་པོ་དེ་ལྟ་བུ་དག་ཀྱང་རྒན་རིམས་སུ་བསྐོ་བར་

བྱའོ། །སྟན་དག་ཀྱང་ངོ་ཞེས་བྱ་བ་ཡང་བསྐོ་བར་བྱ་བ་ཉིད་ཡིན་ནོ། །འདིར་གཞུང་ནི་དེ་ལྟ་བས་ན་ཁྲི་ཆེན་པོ་དག་ཀྱང་རྒན་རིམས་བཞིན་དུ་བསྐོ་བར་བྱ་ཞིང་ཐ་ན་སྟན་དག་ཀྱང་ངོ་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་གྱིས་གནས་མལ་གཡོགས་པ་དགེ་ཚུལ་མི་གཙང་བས་ཉམས་པར་བྱེད་པའི་ཆོས་

ཅན་ལ་སུས་ཀྱང་མི་སྦྱིན་ནོ་ཞེས་བྱ་བ་ནི། དགེ་འདུན་གྱི་གནས་མལ་ཁྲི་ལ་སོགས་པ་གོས་ལ་སོགས་པས་གཡོགས་པ་དག་དགེ་ཚུལ་འོག་རྫིང་ཅན་ནམ་ཟ་གུ་མི་གཙང་བས་གནས་མལ་ཉམས་པར་བྱེད་པའི་ཆོས་ཅན་ལ་མི་སྦྱིན་པའོ། །སུས་ཀྱང་ཞེས་སྨོས་པའི་སྒྲས་ནི། གནས་མལ་སྟོབས་

པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་དག་གིས་ཀྱང་སྦྱིན་པར་མི་བྱའོ་ཞེས་བྱ་བར་སྟོན་ཏོ། །དགེ་སློང་མ་ལ་ཡང་མི་སྦྱིན་ནོ་ཞེས་བྱ་བ་ནི། དགེ་འདུན་གྱིས་གནས་མལ་གཡོགས་པ་དག་དགེ་སློང་མ་མི་གཙང་བས་ཉམས་པར་བྱེད་པའི་ཆོས་ཅན་ལ་ཡང་སུས་ཀྱང་མི་སྦྱིན་པའོ། །འདིར་གནས་

འབྱོར་ན་དེ་ལ་འདབ་ཏུ་གཙུག་ལག་ཁང་སྦྱིན་ནོ་ཞེས་བྱ་བ་ནི། དགེ་སློང་གི་གཙུག་ལག་ཁང་འདིར་གནས་ལྷག་པ་འབྱོར་པ་ཡོད་ན་དགེ་སློང་མ་རང་གི་ཚོགས་ཀྱི། དབྱར་ཁང་མེད་པ་ཆོམ་རྐུན་ལ་སོགས་པ་རྐྱེན་གྱི་དབང་གིས་ལོགས་ཤིག་ན་གནས་པ་གྲ་མི་ཐུབ་པ་དེ་ལ་དགེ་སློང་གི་གཙུག་ལག་

ཁང་གི་འདབ་ཀྱི་ཕྱོགས་སུ་གནས་ཁང་སྦྱིན་པར་བྱ་བའོ། །གནས་མལ་ལྷག་པ་བཟང་པོ་མ་ཡིན་པ་ཡང་ངོ་ཞེས་བྱ་བ་ནི། དགེ་སློང་མ་དེ་ལ་སྦྱིན་ནོ་ཞེས་བྱ་བར་སྦྱར་ཏེ། དགེ་འདུན་གྱི་གནས་མལ་མལ་ཆ་དང་སྟན་ལ་སོགས་པ་ཐ་ན་ཁྲིའུ་དང་ཆོལ་ཟངས་ཀྱི་བར་ཡན་ཆད་ཀྱང་དགེ་སློང་ཐམས་ཅད་ལ་ཁྱེད་

པར་བྲིམས་ཏེ། གལ་ཏེ་ལྷག་མ་འཐེབ་ཡོད་ན་དེའི་ནང་ནས་བཟང་པོ་མ་ཡིན་པ་དགེ་སློང་མ་དེ་ལ་སྦྱིན་པར་བྱའོ། །དེ་ལྟར་གནས་མལ་སྟོབས་པའི་དགེ་འདུན་ལ་རྒན་རིམས་ཀྱིས་གནས་མལ་བསྟབས་ཟིན་ནས་ཐམས་ཅད་ལ་འདི་སྐད་ཅེས་ཁྱེད་ཅག་ལས་གང་གིས་ཀྱང་དགེ་འདུན་གྱི་གནས་མལ་ལ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words