འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ

Sanskrit title (Tibetan script, as in the text) བི་ན་ཡ་སཱུ་ཏྲ་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 163 · folio 350a

བཙུན་པ་དག་བདག་གིས་དགེ་སློང་ཞིག་རྒྱལ་རིགས་མོ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པས་ཉམས་པར་བགྱིད་པ་མཐོང་ངོ་ཞེས་མཆི་ན། བགྱིད་དུ་སྩལ་ཅིང་དེ་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་། མཐུན་པར་སྩལ་བར་བགྱི་འམ། ཉེ་བ་འཁོར་མི་བྱ་སྟེ། དྲི་བར་བྱ་ཞིང་

གལ་ཏེ་དེ་ནི་སྲིང་མོ་འགའ་ཞིག་ཀྱང་ཡོད་དོ་ཞེས་ཟེར་ན་གཉི་ག་ལ་དྲི་བར་བྱའོ། །གལ་ཏེ་མཐུན་ན་དགེ་བསྙེན་མ་དད་པ་ཅན་གྱི་ཚིག་གིས་བྱེད་དུ་གཞུག་ཅིང་དེ་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་ཡང་སྦྱིན་པར་བྱའོ། །གལ་ཏེ་འདིས་རྒྱལ་རིགས་མོ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་མ་

བྱས་ཀྱི། འདིས་བྲམ་ཟེ་མོ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་བྱས་སོ་ཞེས་ཟེར་ན། དགེ་སློང་གིས་དམ་བཅས་པས་བྱེད་དུ་གཞུག་གོ་ཞེས་གསུངས་པ་མ་ཡིན་ནོ། །ཐེ་ཚོམ་ཉིད་དུ་གྱུར་ན་ཤེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། གང་དོན་གང་ལ་ཐེ་ཚོམ་ཉིད་དུ་གྱུར་པ་དེས་དོན་དེ་ཤེས་

པ་ཉིད་མ་ཡིན་ཏེ། འདིར་ངེས་པའི་ཤེས་པ་མ་སྐྱེས་པའི་ཕྱིར་རོ། །འདིར་གཞུང་ནི་དགེ་བསྙེན་མ་དད་པ་ཅན་གྱིས་དགེ་སློང་དུས་མ་ཡིན་པར་ལི་ཁ་རའི་ཆུ་འཐུང་བ་མཐོང་ནས། དེ་དགེ་སློང་རྣམས་ལ་འདི་སྐད་ཅེས་བདག་གིས་དགེ་སློང་དུས་མ་ལགས་པར་སྐྱོ་མ་འཐུང་བ་མཐོང་ངོ་ཞེས་

མཆི་ན། ཆོས་བཞིན་དུ་བགྱིད་དུ་སྩལ་ཞིང་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྩལ་བར་བགྱིའམ། ཉེ་བ་འཁོར་མི་བྱ་སྟེ། དེ་དགེ་སློང་ལ་དྲི་བར་བྱ་ཞིང་གལ་ཏེ་དེ་སྐད་ཅེས་བདག་གིས་དུས་མ་ཡིན་པར་སྐྱོ་མ་མ་འཐུངས་ཀྱི། བདག་གིས་ལི་ཁ་རའི་ཆུ་འཐུངས་སོ་ཞེས་ཟེར་ན། དགེ་སློང་

གིས་དམ་བཅས་པས་བྱེད་དུ་གཞུག་གོ་ཞེས་གསུངས་པ་ཡིན་ནོ། །དེ་ལས་ངེས་པར་གྱུར་པ་ནི་ཁས་བླངས་པ་དང་འདྲའོ་ཞེས་བྱ་བ་ནི། བདེན་པ་མཐོང་བ་ཉིད་དང་ཡོན་ཏན་ལས་ཆེས་མཆོག་ཏུ་གྱུར་པས་ཆེ་བཞི་དེ་ལས་ངེས་པར་གྱུར་པ་ནི་རང་གིས་ཁས་བླངས་པ་དང་འདྲ་སྟེ། གླེངས་

བས་ཁས་བླངས་ན་མཐར་ཐུག་པ་ཡིན་ནོ་ཞེས་བསྟན་པ་ཉིད་དུ་འགྱུར་བར་རིག་པར་བྱའོ། །གལ་ཏེ་དེ་ལྟར་ཁས་བླངས་པ་ལས་ངེས་པ་སྐྱེས་པར་གྱུར་པ་ན་གླེང་བར་བྱ་བ་དེ་ཕྱིས་མི་སྒྲུབ་ན་དེའི་ཚེ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན་དེའི་ཕྱིར། ལྟུང་བའི་ཕྱིར་རྩོད་པ་འདི་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་

Vol. 163 · folio 350b

མཐུན་པ་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། རྒྱུ་ཡོད་པས་དགེ་འདུན་ལ་ལྟུང་བ་ཁས་བླངས་ནས་ཡང་ཁྱད་དུ་གསོད་པར་བྱེད་ན་དེ་ནི་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པའི་རྒྱུ་ཡིན་ཏེ། དེ་ལ་ཁས་བླངས་པས་ནི་ཡོད་པ་བསྟན་པ་ཡིན་ལ། ཁྱད་དུ་གསོད་པས་ནི་མེད་

པར་སྟོན་པ་ཡིན་པའི་ཕྱིར་རོ། །ངེས་པ་དང་བྲལ་བ་ནི་ཁྱད་དུ་གསོད་པ་ཡིན་ནོ་ཞེས་བྱ་བ་ལ། ངེས་པ་དང་བྲལ་བ་ཞེས་བྱ་བ་ནི་མི་དྲན་པ་སྟེ། དོན་བརྗོད་པས་ཁྱད་དུ་གསོད་པ་ཡིན་ནོ། །མ་མཐོང་བ་ལ་ནི་གནས་ནས་དབྱུང་བའི་ལས་བྱ་སྟེ། ལྟུང་བ་མ་མཐོང་བའི་ཕྱིར་རོ། །འདི་ནི་བརྗེད་པས་

ཁྱད་དུ་གསོད་པ་ཡིན་པས་དེ་ལ་ནི་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པར་བྱ་བ་ཉིད་དུ་བསྟན་ཏོ། །དགེ་འདུན་ལ་ཁས་བླངས་ནས་ཁྱད་དུ་གསོད་ན་ངེས་པར་འཛིན་དུ་གཞུག་པའི་ཕྱིར་ངེས་པར་སྦྱོར་བ་སྦྱིན་ནོ་ཞེས་བྱ་བ་ནི། དགེ་འདུན་ལ་ལྟུང་བ་ཁས་བླངས་ནས་ཡང་ཁྱད་དུ་གསོད་པར་བྱེད་ན། དེ་

ངེས་པར་འཛིན་དུ་གཞུག་པའི་ཕྱིར་ངེས་པར་སྦྱོར་བ་སྦྱིན་པར་བྱ་སྟེ་འཛིན་དུ་གཞུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་འདིའི་མིང་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་ཞེས་བྱ་ཞེ་ན་དེའི་ཕྱིར། དེ་ནི་དེའི་ངོ་བོ་ཉིད་ཚོལ་བ་ལ་ཕན་པ་ཡིན་པའི་ཕྱིར་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ།

ལྟུང་བ་དེའི་ངོ་བོ་ཉིད་ཚོལ་བ་ལ་ཕན་ཞིང་དེ་དང་རྗེས་སུ་མཐུན་པ་ཉིད་ཡིན་པའི་ཕྱིར། དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་ཉིད་ཅེས་བྱའོ། །དེ་ནི་བསླབ་པ་སྦྱིན་པ་དང་སྤོ་བ་དང་མགུ་བ་སྦྱིན་པ་ལ་སོགས་པས་གཞན་ན་གནས་པའི་ཚུལ་དང་འདྲ་བ་ཡིན་པར་བལྟ་བར་བྱ་སྟེ། འདི་བླངས་པས་དེའི་

ངོ་བོ་ཉིད་ཚོལ་བར་བྱེད་ལ། ལྟུང་བ་དེའི་ངོ་བོ་ཉིད་ཡོངས་སུ་ཤེས་ན་དགེ་འདུན་གྱིས་དེ་ལ་བཟོད་པ་བྱ་ཞིང་དེའི་འོག་ཏུ་རང་བཞིན་དུ་གནས་པ་ཉིད་དུ་འགྱུར་རོ། །ཁ་ཅིག་གིས་འདི་ནན་ཐུར་གྱི་ཚུལ་དུ་བསྟན་ཏོ་ཞེས་བྱ་བ་ནི། འདུལ་བ་འཛིན་པ་ཁ་ཅིག་གིས་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་

པ་སྦྱིན་པ་ཞེས་བྱ་བ་འདི་ནན་ཐུར་གྱི་ཚུལ་དུ་བསྟན་ཏེ། ཇི་ལྟར་བསྡིགས་པ་ལ་སོགས་པའི་ནན་ཐུར་གྱི་ལས་དག་མི་འདོད་བཞིན་དུ་དགེ་འདུན་གྱིས་བྱེད་པ་དེ་བཞིན་དུ་འདི་ཡང་དགེ་འདུན་གྱིས་སྦྱིན་པ་ཡིན་པས། ནན་ཐུར་གྱི་ཚུལ་དུ་སྟོན་ཅིང་སྤོ་བ་ལ་སོགས་པའི་ཚུལ་དུ་བསྟན་པ་ནི་

Vol. 163 · folio 351a

མ་ཡིན་ནོ་ཞེས་ཟེར་ཏེ། དེ་ལྟར་ཡང་ཅི་མངོན་ཞེ་ན། དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱ་སྟེ་ལས་བྱ་བ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་ཤི་རི་ཀ་འདི་དགེ་འདུན་གྱི་

དབུས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་གྱི་དགེ་སློང་ཤི་རི་ཀས་རྒན་པའི་མཐར་འདུག་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་ཤི་རི་ཀ་དགེ་འདུན་གྱི་དབུས་སུ་ཞེས་བྱ་བ་ནས། ཐུགས་བརྩེ་བའི་སླད་དུ་བདག་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་

སྩལ་དུ་གསོལ། །ཞེས་གསོལ་བར་བྱའོ་ཞེས་མ་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མི་བཟང་སྟེ་མདོ་སྡེ་དང་འགལ་བའི་ཕྱིར་རོ་ཞེས་བྱ་བ་ནི། འདུལ་བ་འཛིན་པ་ཁ་ཅིག་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པ་འདི་ནན་ཐུར་གྱི་ཚུལ་དུ་སྟོན་པ་དེ་ནི་མི་བཟང་སྟེ། མདོ་སྡེ་དང་འགལ་

བའི་ཕྱིར་རོ། །མདོ་སྡེ་ལས་ཀུན་དགའ་བོ་འདི་དགེ་སློང་དགེ་འདུན་གྱི་དབུས་སུ་ལྟུང་བ་ཁྱད་དུ་གསོད་པར་བྱེད་ཅིང་ཁྱད་དུ་གསད་ནས་ཁས་ལེན་པར་བྱེད་ལ་ཁས་བླངས་ནས་ཡང་ཁྱད་དུ་གསོད་པར་བྱེད་པ་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་དགེ་འདུན་གྱི་

དབུས་སུ་ལྟུང་བ་ཁྱད་དུ་གསོད་པར་བྱེད་ཅིང་ཁྱད་དུ་བསད་ནས་ཁས་ལེན་པར་བྱེད་ལ། ཁས་བླངས་ནས་ཡང་ཁྱད་དུ་གསོད་པར་བྱེད་པ་ཡིན་པ་དེ་ནི་ཁྱོད་ཀྱིས་མ་རྙེད་དེ་རྙེད་པ་མ་ཡིན་ནོ། །ཉེས་པ་རྙེད་ཀྱི་ལེགས་པ་རྙེད་པ་མ་ཡིན་གྱི། ཚེ་དང་ལྡན་པ་ཁྱོད་དགེ་འདུན་གྱི་གན་དུ་སོང་ལ། དེའི་ངོ་བོ་ཉིད་ཚོལ་

བ་དང་མཐུན་པ་ལེགས་པར་གསོལ་ཅིག །དེས་དགེ་འདུན་གྱི་གན་དུ་སོང་སྟེ། དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་གསོལ་བར་བྱའོ། །དགེ་འདུན་གྱིས་ཀྱང་ཆོས་དང་འདུལ་བས་དེ་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པར་བྱའོ་ཞེས་བྱ་བ་གསུངས་པའི་མདོ་སྡེ་འདི་དག་དང་འགལ་

བས་ཁ་ཅིག་འདི་ནན་ཐུར་གྱི་ཚུལ་དུ་སྟོན་པ་དེ་ནི་མི་བཟང་སྟེ། འདི་ལྟར་གང་གསོལ་བ་བྱེད་པ་དེ་ནི་བདག་ཉིད་དག་པར་བྱ་བའི་ཕྱིར་ཡིན་གྱི་ནན་ཐུར་གྱི་ལས་ནི་མ་ཡིན་ནོ། །ཉེ་བར་ཞི་བ་ཉིད་ཀྱི་སྡེ་ཚན་ལས་ལོགས་ཤིག་ཏུ་མཛད་པར་ནི་མི་བཞེད་དོ་ཞེས་བྱ་བ་ནི་གལ་ཏེ་དེའི་ངོ་བོ་ཉིད་ཚོལ་

Vol. 163 · folio 351b

བ་དང་། མཐུན་པ་སྦྱིན་པ་འདི་ནན་ཐུར་གྱི་ཚུལ་ཡིན་མོད་ཀྱི། རྩོད་པ་ཉེ་བར་ཞི་བའི་སྐབས་ཉིད་ཡིན་པ་ནན་ཐུར་གྱི་ལས་ཀྱི་སྡེ་ཚན་ལས་ལོགས་ཤིག་ཏུ་མཛད་ཅིང་དེ་དག་གི་ནང་དུ་མ་གསུངས་སོ་ཞེ་ན་དེ་ནི་མི་རུང་སྟེ། ལུང་ལས་དེ་ལྟར་མི་བཞེད་པའི་ཕྱིར་རོ། །ཇི་ལྟར་དེ་ནན་ཐུར་

གྱི་ལས་ཉིད་ཡིན་ན། ནན་ཐུར་གྱི་ལས་ཀྱི་སྡེ་ཚན་གྱི་ནང་དུ་གསུངས་པར་འགྱུར་བའི་རིགས་ན་མ་གསུངས་པའི་ཕྱིར་རོ། །ཉེ་བར་ཞི་བ་ཉིད་ཡིན་པའི་ཕྱིར་ནི་ལོགས་ཤིག་ཏུ་བཞག་སྟེ། ནན་ཐུར་གྱི་ལས་ཀྱི་ནང་དུ་མ་བཞག་པས་དེའི་ཕྱིར་འདི་ནི་ནན་ཐུར་གྱི་ཚུལ་དུ་བསྟན་པ་མ་ཡིན་ནོ། །

དེ་ལྟར་མི་བཞེད་དེ་ག་ལས་ཤེས་ཤེ་ན་དེའི་ཕྱིར། བསྡིགས་པ་ལ་སོགས་པ་ནི་དེ་ཉིད་ཡིན་པ་རྣམ་པར་མ་བཞག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བསྡིགས་པ་དང་སྨད་པ་དང་ཕྱིར་བསྐྲད་པ་དང་ཕྱིར་འགྱེད་པ་དང་། གནས་ནས་དབྱུང་བ་དེ་དག་ཀྱང་འཐབ་མོ་ལ་སོགས་པ་ཉེ་བར་ཞི་

བར་བྱ་བ་ཉིད་ཡིན་མོད་ཀྱི། དེ་དག་ནི་དེ་ཉིད་ཀྱི་ནན་ཐུར་གྱི་ལས་ཀྱི་སྡེ་ཚན་དག་ལས་ལོགས་ཤིག་ཏུ་རྣམ་པར་མ་བཞག་པའི་ཕྱིར་རོ། །དེས་ན་ཉེ་བར་ཞི་བ་ཉིད་ཀྱིས་ནན་ཐུར་གྱི་ལས་ཀྱི་སྡེ་ཚན་དག་ལས་ལོགས་ཤིག་ཏུ་མཛད་པར་མི་བཞེད་དོ། །གལ་ཏེ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་

སྦྱིན་པ་འདི་ལྟུང་བ་མ་མཐོང་བའི་ཕྱིར་ཡིན་པས་ནན་ཐུར་གྱི་ལས་དང་རང་བཞིན་འདྲ་བ་ཉིད་དུ་འདོན་ན། དེའི་ཚེ་ཉེས་པ་གཞན་དུ་ཡང་ཐལ་བར་གྱུར་པར་བསྟན་པའི་ཕྱིར་དེ་ཤེས་བཞིན་དུ་ཁྱད་དུ་གསོད་དོ་སྙམ་ན། ཡིད་བཞིན་དུ་མ་མཐོང་བ་ཉིད་ཀྱི་ཤེས་པ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཚེ་

ནན་ཏུར་གྱི་ལས་ཀྱི་ངོ་བོ་ཉིད་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་སྦྱིན་པར་བྱེད་པ་ན་ལྟུང་བ་དེ་ཤེས་བཞིན་དུ་ཁྱད་དུ་གསད་དོ་སྙམ་པ་དེ་ལྟ་བུའི་བློ་དགེ་འདུན་ལ་སྐྱེ་བ་དེའི་ཚེ་ལྟུང་བ་མ་མཐོང་བ་ཉིད་དེ་ནི་ལྟུང་བ་མཐོང་བ་དེ་ཡོད་བཞིན་དུ་མ་མཐོང་ཞེས་ཟེར་བ་དེ་ལྟ་བུའི་བློ་དགེ་འདུན་རྣམས་ལ་སྐྱེ་

བར་འགྱུར་བའི་ཕྱིར་རོ། །དེ་ལ་ལྟུང་བ་མ་མཐོང་བ་ལ་ནན་ཐུར་གྱི་ལས་ཀྱི་དབང་དུ་བྱ་བ་ལ་ནི། མ་མཐོང་བས་གནས་ནས་དབྱུང་བ་ཞེས་བྱ་བའི་ནན་ཐུར་གྱི་ལས་བཅའ་བ་མཛད་ཟིན་པས། དེས་ན་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་འདིའི་སྐབས་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན་ཁ་ཅིག་

Vol. 163 · folio 352a

དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་འདི་ནན་ཐུར་གྱི་ལས་ཀྱི་ཚུལ་དུ་སྟོན་པ་དེ་མི་བཟང་སྟེ། འདི་ལྟར་ཤེས་ལ་མ་མཐོང་བ་ཉིད་ལ་ནི་འདི་ལ་ལྟུང་བ་ཡོད་བཞིན་དུ་མ་མཐོང་ངོ་སྙམ་པའི་ཤེས་པ་སྐྱེ་བ་ཉིད་ཀྱི་ཕྱིར་རོ། །ཉེ་བར་ཞི་བར་བྱ་བའི་ཕྱིར་འབད་པ་མི་བསྐྱེད་པར་མི་བྱའོ་

ཞེས་བྱ་བ་ནི། རྩོད་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་མི་འབད་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི། དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་དགེ་སློང་དག་བྱ་བའི་ཕྱིར་རྩོད་པ་དགེ་འདུན་མཐུན་པས་ཉེ་བར་ཞི་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་འགའ་ཞིག་

མཐུན་པ་སྦྱིན་པར་མི་བྱེད་ན་དེའི་ཚེ་དེ་ལ་འབད་པར་བྱ་བ་སྟེ། ཐམས་ཅད་དུ་རུང་བའི་ཕྱིར་སྤྱིར་མདོར་བྱས་སོ། །རྩོད་པའི་གཞིའོ་ཞེས་བྱ་བ་དེ་འདུལ་བ་གཞིའི་སྐབས་ནས་འབྱུང་བ་བཤད་ཟིན་ཏོ།། །།ད་ནི་རྩོད་པའི་གཞི་ཞུ་བའི་སྐབས་བསྡུ་བའི་ཕྱིར། ཞི་བ་ཐམས་ཅད་ནི་བྱ་བའི་

ཕྱིར་རྩོད་པར་འཇུག་གོ་ཞེས་བྱ་བ་སྨྲས་ཏེ། རྩོད་པ་ཞི་བར་བྱ་བ་བདུན་པོ་ཐམས་ཅད་ནི་བྱ་བའི་ཕྱིར་རྩོད་པ་ལ་འཇུག་གོ། །རྣམ་པ་གང་གིས་རྩོད་པ་ཞི་བར་བྱ་བ་ཐམས་ཅད་བྱ་བའི་ཕྱིར་རྩོད་པ་འཇུག་ཅེ་ན། རྒྱུའི་སྒོ་ནས་ཏེ། རྒྱུ་གང་གིས་རྩོད་པ་ཞི་བར་བྱ་བ་བདུན་པོ་དག་འཇུག་པར་འགྱུར་བའི་རྒྱུ་དེ་ནི། བྱ་བའི་ཕྱིར་

རྩོད་པ་ལ་ཡོད་དེ། འདི་ལྟར་སྤོང་བ་ལ་སོགས་པ་ནི་མཐུན་པ་མི་སྦྱིན་པའི་རྒྱུ་ཡིན་པ་དེའི་ཕྱིར། བྱ་བའི་ཕྱིར་རྩོད་པའི་རྒྱུ་མཐུན་པ་མི་སྦྱིན་པ་ཞེས་བྱ་བ་གང་ཡིན་པ་དེའི་སྒོ་ནས་འདིར་ཞི་བར་བྱ་བ་ཐམས་ཅད་འཇུག་གོ། །ཇི་ལྟར་ཞེ་ན། གསོལ་བ་ལ་སོགས་པའི་ལས་ལ་མཐུན་པ་མི་སྦྱིན་པ་ནི་བྱ་བའི་རྩོད་པ་

ཡིན་པས། དེ་ལ་ཇི་ལྟར་སྤོང་བ་ཉིད་ལ་བརྟེན་ཏེ་མཐུན་པ་མི་སྦྱིན་པ་དེ་བཞིན་དུ་མི་གདམས་པའི་ཕྱིར་རྩོད་པ་ཞི་བར་བྱ་བའི་དྲན་པ་དང་མ་སྨྱོས་པས་འདུལ་བ་གཉིས་ཀྱང་འདིར་འཇུག་གོ། །ཇི་ལྟར་ལྟུང་བ་དང་བཅས་པ་ཉིད་ལ་དེ་བཞིན་དུ་ལྟུང་བའི་ཕྱིར་རྩོད་པ་ཞི་བར་བྱ་བའི་ཕྱིར་ཁས་བླང་བའི་བྱ་བ་དང་།

མངོན་སུམ་གྱིས་འདུལ་བ་དང་། རྩྭ་བཀྲམ་པ་ལྟ་བུ་དག་ཀྱང་འཇུག་གོ། །ཁས་ལེན་ཅིང་ཁྱད་དུ་གསོད་པ་ལ་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་ཡང་ངོ་། །ཇི་ལྟར་རྣམ་པར་ངེས་པར་བྱ་བ་སྤོང་བ་དང་། ལྟུང་བ་དང་བཅས་པ་འདི་གཉིས་ཀྱིས་མཐུན་པ་མི་སྦྱིན་པ་དེ་བཞིན་དུ་འགྱེད་པའི་ཕྱིར་རྩོད་པ་ཉེ་བར་ཞི་

Vol. 163 · folio 352b

བར་བྱེད་པའི་གང་མང་བ་བཙལ་བ་དང་། མངོན་སུམ་གྱིས་འདུལ་བ་ཡང་འདིར་འཇུག་གོ། །འདིར་གཞུང་ནི་བཙུན་པ་བཅོམ་ལྡན་འདས་ཀྱིས་རྩོད་པ་བཞི་པོ་གང་དག་གསུངས་པ་དང་རྩོད་པ་ཞི་བ་བདུན་པོ་གང་དག་གསུངས་པ་དེ་དག་ལ། བཙུན་པ་དགེ་སློང་གིས་རྩོད་པ་བཞི་

པོ་དག་རྩོད་པ་ཞི་བར་བགྱིད་པ་བདུན་པོ་གང་ཡང་རུང་བས་ཉེ་བར་ཞི་བར་བགྱི་བ་དང་། ཉེ་བར་ཞི་བར་རུང་ངམ། ཉེ་བ་འཁོར་བྱ་བའི་ཕྱིར་རྩོད་པ་མ་གཏོགས་པ་མི་རུང་ངོ་ཞེས་གསུངས་པ་ཡིན་ནོ། །ཁ་སྐོང་བར་འོས་པ་མ་ཡིན་པ་ནི་དགེ་འདུན་གྱི་ཐ་སྙད་ལ་ཚོགས་པར་དབྱུང་བ་ཉིད་མ་ཡིན་ནོ་

ཞེས་བྱ་བ་ནི། བསྙེན་པར་མ་རྫོགས་པ་དང་། ཉམས་པ་ལ་སོགས་པ་གང་དགེ་འདུན་གྱི་ཁ་སྐོང་བར་འོས་པ་མ་ཡིན་པ་དེ་ནི་གཟུ་བོ་ལ་སོགས་པ་དགེ་འདུན་གྱི་ཐ་སྙད་ལ་ཡང་ཚོགས་པར་དབྱུང་བ་ཉིད་མ་ཡིན་ནོ། །གཞན་གྱི་དག་ལ་ནི་བསྙེན་པར་རྫོགས་པ་དང་བཅས་པ་རྣམས་ཀྱི་དབང་དུ་

བྱའོ་ཞེས་བྱ་བ་ནི། བསྙེན་པར་མ་རྫོགས་པ་དགེ་ཚུལ་ལ་སོགས་པ་གཞན་གྱི་རྩོད་པ་དག་ལ་ནི་བསྙེན་པར་རྫོགས་པ་དང་བཅས་པ་རྣམས་ཀྱི་དབང་དུ་བྱ་སྟེ་དེ་དག་གིས་དེ་ཉེ་བར་ཞི་བར་བྱའོ། །བུད་མེད་རྣམས་ཀྱིས་ནི་སྐྱེས་པར་རིགས་པ་ཉིད་དོ་ཞེས་བྱ་བ་ནི། བུད་མེད་རྣམས་ཀྱི་རྩོད་པ་

གང་ཡིན་པ་དེ་ནི་སྐྱེས་པ་རྣམས་ཀྱིས་ཉེ་བར་ཞི་བར་བྱ་བར་རིགས་པ་ཉིད་ཡིན་པའོ། །འདིར་གཞུང་ནི་དགེ་སློང་རྣམས་ཀྱི་རྩོད་པ་གང་ལགས་པ་དེ་དགེ་སློང་མ་རྣམས་ཀྱིས་སྤོང་དུ་རུང་ངམ། ཉེ་བ་འཁོར་མི་རུང་སྟེ། དགེ་སློང་རྣམས་ཀྱི་རྩོད་པ་ནི་དགེ་སློང་རྣམས་ཀྱིས་ཉེ་བར་ཞི་བར་བྱའོ། །དེ་བཞིན་

དུ་དགེ་སློང་མ་རྣམས་ཀྱི་རྩོད་པ་ཡང་དགེ་སློང་རྣམས་ཀྱིས་ཉེ་བར་ཞི་བར་བྱའོ། །དེ་བཞིན་དུ་དགེ་སློབ་མ་རྣམས་དང་། དགེ་ཚུལ་རྣམས་དང་། དགེ་ཚུལ་མ་རྣམས་ཀྱི་རྩོད་པ་ཡང་དགེ་སློང་རྣམས་ཀྱིས་ཉེ་བར་ཞི་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྲོག་གམ་བསྙེན་པར་རྫོགས་པ་ལས་ཉམས་ན་

ཉེ་བར་ཞི་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་སྲོག་ལས་ཉམས་སམ་བསྙེན་པར་རྫོགས་པ་ལས་ཉམས་ན་རྩོད་པ་ཉེ་བར་ཞི་བ་ཉིད་ཡིན་ནོ། །སྤང་བ་ཉིད་ནས་གཞན་གྱི་ཕྱོགས་ཉིད་ཀྱི་བར་དུ་གྱུར་ན་ཡང་ངོ་ཞེས་བྱ་བ་ནི། སྤང་བར་བྱ་བ་ཉིད་ནས་ཕྱོགས་ནས་ཕྱོགས་མ་ཡིན་པ་ཐ་དད་པར་གནས་པའི་བར་དུ་གྱུར་

Vol. 163 · folio 353a

ན་དེ་དག་ཐམས་ཅད་ལ་ཡང་རྩོད་པ་ཉེ་བར་ཞི་བ་ཉིད་ཡིན་པའོ། །གཞན་དུ་སོང་ངམ་ནད་ཀྱི་རྣམ་པ་ཡུན་རིང་པོས་བཏབ་ན་ཡང་ངོ་ཞེས་བྱ་བ་ཡང་། རྩོད་པ་ཉེ་བར་ཞི་བ་ཉིད་ཡིན་པའོ། །གང་ཞིག་སྲོག་ལས་ཉམས་པ་ནས་ནད་ཀྱི་རྣམ་པ་ཡུན་རིང་པོས་བཏབ་པའི་

བར་དུ་གྱུར་ན་རྩོད་པ་ཉེ་བར་ཞི་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་དོན་སྦྱིན་པར་བྱེད་པའམ་མངོན་པར་བརྩོན་པའོ་ཞེས་སྨྲས་ཏེ། དོན་སྦྱིན་པར་བྱེད་པ་ནི་གླེང་བ་པོའོ། །མངོན་པར་བརྩོན་པ་ནི་གླེང་བར་བྱ་བ་སྟེ། དེ་གཉིས་གཉི་གའམ་གང་ཡང་རུང་བ་གཅིག་གོ། །འདིར་ཉམས་པ་ལ་སོགས་པའི་

གཞུང་ནི། བཙུན་པ་རྩོད་པ་བཞི་པོ་དག་ལས་རྩོད་པ་གང་ཡང་རུང་བ་བྱུང་ལ། རྩོད་པ་ཞི་བར་བགྱིད་པའི་ཆོས་བདུན་པོ་དག་ལས་རྩོད་པ་ཞི་བར་བགྱིད་པའི་ཆོས་གང་ཡང་རུང་བས་ཉེ་བར་ཞི་བར་མི་བགྱིད་ཅིང་ཉེ་བར་ཞི་བར་ཡང་བརྗོད་པར་བགྱི་བ་མཆིས་སམ། ཡོད་དེ་སྦྱིན་པར་བྱེད་པའི་དགེ་

སློང་དུས་བྱེད་དམ། སྦྱིན་པའི་དགེ་སློང་དུས་བྱེད་དམ། སྦྱིན་པར་བྱེད་པའི་དགེ་སློང་ཁྱིམ་པ་ཉིད་དུ་དམ་འཆའ་འམ། དགེ་ཚུལ་ཉིད་དམ། དགེ་སློང་མ་སུན་ཕྱུང་བ་ཉིད་དམ། རྐུ་ཐབས་སུ་གནས་པ་ཉིད་དམ། མ་ནིང་ཉིད་དམ། མུ་སྟེགས་ཅན་ཉིད་དམ། མུ་སྟེགས་ཅན་

ཞུགས་པ་ཉིད་དམ། མ་བསད་པ་ཉིད་དམ། ཕ་བསད་པ་ཉིད་དམ། དགྲ་བཅོམ་པ་བསད་པ་ཉིད་དམ། དགེ་འདུན་གྱི་དབྱེན་བྱས་པ་ཉིད་དམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ཉིད་དམ། གནས་པར་མི་བྱ་བ་ཉིད་དམ། ཐ་དད་དུ་གནས་པ་ཉིད་དུ་དམ་

འཆའ་བར་བྱེད་དམ། དེ་བཞིན་དུ་སྦྱིན་པའི་དགེ་སློང་དེ་བདག་ཏུ་དམ་འཆའ་བར་བྱེད་དམ། སྦྱིན་པར་བྱེད་པའི་དགེ་སློང་ནད་ཀྱི་རྣམ་པ་ཡུན་རིང་པོས་ཐེབས་སམ། གཞན་དུ་སོང་ངམ། དེ་བཞིན་དུ་བྱིན་པའི་དགེ་སློང་དེ་ལྟར་གྱུར་ན་རྩོད་པ་དེ་ཉེ་བར་ཞི་བར་བརྗོད་པར་བྱའོ་ཞེས་བྱ་བ་གསུངས་པ་

ཡིན་ནོ། །རྩོད་པའི་གཞི་ཞུ་བའི་སྐབས་སོ་ཞེས་བྱ་བ་དེ་ཞུ་བའི་སྐབས་ནས་བྱུང་བ་བཤད་ཟིན་ཏོ། །རྩོད་པའི་གཞི་རྫོགས་སོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།བམ་པོ་དྲུག་ཅུ་བརྒྱད་པ། ད་ནི་གནས་མལ་གྱི་གཞི་བསྡུ་བར་བྱ་སྟེ། དེ་ལ་དགེ་སློང་རྣམས་ཀྱིས་སུ་ལ་ནི་

Vol. 163 · folio 353b

ཕྱག་བྱ། སུ་ལ་ནི་ཕྱག་མི་བྱ་ཞེ་ན། ཇེ་དང་པོར་ཕྱག་བྱ་བ་དང་། མི་བྱ་བ་བསྡུ་བའི་ཕྱིར་སོ་སོར་ཐར་པའི་སྡོམ་པས་མཆོག་ལ་རབ་ཏུ་བྱུང་བས་ཕྱག་བྱའོ་ཞེས་བྱ་བ་སྨྲས་ཏེ། སོ་སོར་ཐར་པའི་སྡོམ་པས་མཆོག་ཏུ་གྱུར་པ་དགེ་སློང་གང་ཡིན་པ་དེ་ལ་རབ་ཏུ་བྱུང་བ་དགེ་ཚུལ་གྱིས་ཕྱག་བྱ་

བའོ། །སོ་སོར་ཐར་པའི་སྡོམ་པས་མཆོག་ཏུ་གྱུར་པ་དགེ་སློང་མ་ལ་ནི་དགེ་སློབ་མ་དང་དགེ་ཚུལ་མས་ཕྱག་བྱའོ། །དགེ་སློབ་མ་ལ་ནི་དགེ་ཚུལ་མས་ཕྱག་བྱའོ། །མཉམ་ན་རྒན་པ་ལའོ་ཞེས་བྱ་བ་ནི། སོ་སོར་ཐར་པའི་སྡོམ་པས་མཉམ་པ་ཡིན་ན་སོ་སོར་ཐར་པའི་སྡོམ་པ་དེ་ཉིད་ཀྱིས་

རྒན་པ་དེ་ལ་གཞོན་པས་ཕྱག་བྱའོ། ན་ཚོད་ཀྱིས་ནི་མ་ཡིན་ནོ། །དེས་ན་དགེ་སློང་སོ་སོར་ཐར་པའི་སྡོམ་པས་མཉམ་པ་དག་ནི་སོ་སོར་ཐར་པའི་སྡོམ་པ་དེ་ཉིད་ཀྱིས་རྒན་པ་ལ་གཞོན་པས་ཕྱག་བྱའོ། །དགེ་སློང་མ་སོ་སོར་ཐར་པའི་སྡོམ་པས་མཉམ་པ་དག་ཀྱང་སོ་སོར་ཐར་པའི་སྡོམ་པ་དེ་ཉིད་

ཀྱིས་རྒན་པ་དག་ལ་གཞོན་པས་ཕྱག་བྱའོ། །དགེ་སློབ་མ་སོ་སོར་ཐར་པའི་སྡོམ་པས་མཉམ་པ་དག་ཀྱང་སོ་སོར་ཐར་པའི་སྡོམ་པ་དེ་ཉིད་ཀྱིས་རྒན་པ་ལ་གཞོན་པས་ཕྱག་བྱའོ། །དགེ་ཚུལ་སོ་སོར་ཐར་པའི་སྡོམ་པས་མཉམ་པ་དག་ཀྱང་སོ་སོར་ཐར་པའི་སྡོམ་པ་དེ་ཉིད་ཀྱིས་རྒན་པ་ལ་

གཞོན་པས་ཕྱག་བྱའོ། །དགེ་ཚུལ་མ་སོ་སོར་ཐར་པའི་སྡོམ་པས་མཉམ་པ་དག་ཀྱང་སོ་སོར་ཐར་པའི་སྡོམ་པ་དེ་ཉིད་ཀྱིས་རྒན་པ་ལ་གཞོན་པས་ཕྱག་བྱ་སྟེ། སྡོམ་པ་སྔར་བླངས་པ་ལ་ཕྱིས་བླངས་པས་ཕྱག་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མདོ་སྔ་མས་སོ་སོར་ཐར་པའི་སྡོམ་པས་མཆོག་ལ་རབ་ཏུ་

བྱུང་བས་ཕྱག་བྱའོ་ཞེས་བསྟན་པ་ལ། དགེ་ཚུལ་ཕས་དགེ་སློབ་མ་དང་། དགེ་སློང་མ་སོ་སོར་ཐར་པའི་སྡོམ་པས་མཆོག་ཡིན་པས། དགེ་ཚུལ་གྱིས་དགེ་སློབ་མ་དང་དགེ་སློང་མ་ལ་ཕྱག་བྱ་བར་ཐལ་བར་འགྱུར་བ་དང་། མདོ་འདིས་མཉམ་ན་རྒན་པ་ལའོ་ཞེས་བསྟན་པ་ལ་དགེ་སློང་དང་

དགེ་སློང་མ་ཡང་སོ་སོར་ཐར་པའི་སྡོམ་པས་མཉམ་པ་ཡིན་པས། དགེ་སློང་མ་སོ་སོར་ཐར་པའི་སྡོམ་པས་རྒན་པ་ལ་དགེ་སློང་གིས་ཕྱག་བྱ་བར་ཐལ་བར་འགྱུར་བ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་ཡང་སོ་སོར་ཐར་པའི་སྡོམ་པས་མཉམ་པ་ཡིན་པས། དགེ་ཚུལ་མ་སོ་སོར་ཐར་

Vol. 163 · folio 354a

པའི་སྡོམ་པས་རྒན་པ་ལ་དགེ་ཚུལ་གྱིས་ཕྱག་བྱ་བར་ཐལ་བར་འགྱུར་བ་དེ་བརྩལ་བའི་ཕྱིར་འདིར་མདོ་དེ་གཉིས་ཀྱིས་བྱེ་བྲག་བསྟན་པར་བྱ་སྟེ། དེའི་ཕྱིར་མཚན་ཐ་མི་དད་པ་ལའོ་ཞེས་བྱ་བ་སྨྲས་ཏེ། ཕོ་དང་མོའི་མཚན་དག་གིས་མཚན་མཐུན་པ་དག་ལ་ཆོ་ག་དེ་དག་རྣམ་

པར་གཞག་གི་མཚན་མི་མཐུན་པ་དག་ལ་ནི་མ་ཡིན་ནོ། །དེས་ན་སོ་སོར་ཐར་པའི་སྡོམ་པས་རྒན་པ་ཐམས་ཅད་ལ་ཕྱག་བྱ་བ་མ་ཡིན་གྱི་མཚན་ཐ་མི་དད་པ་སོ་སོར་ཐར་པའི་སྡོམ་པས་རྒན་པ་ལ་ཕྱག་བྱའོ། །དེ་ལྟ་ན་ཇི་ལྟར་སྐྱེས་པས་བུད་མེད་ལ་ཕྱག་མི་བྱ་བ་དེ་བཞིན་དུ། བུད་མེད་ཀྱིས་ཀྱང་

སྐྱེས་པ་ལ་ཕྱག་མི་བྱ་བར་ཐལ་བར་འགྱུར་ཏེ། དེས་ན་དགེ་ཚུལ་མས་ཀྱང་དགེ་ཚུལ་ལ་ཕྱག་མི་བྱ་བ་དང་། དགེ་ཚུལ་མ་དང་དགེ་སློབ་མ་དང་། དགེ་སློང་མས་ཀྱང་དགེ་སློང་ལ་ཕྱག་མི་བྱ་བར་འགྱུར་བ་བརྩལ་བའི་ཕྱིར། སྐྱེས་པ་མི་དམན་པ་ལ་བུད་མེད་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། སྐྱེས་པ་

སོ་སོར་ཐར་པའི་སྡོམ་པས་བུད་མེད་པས་མི་དམན་ན་གསར་བུ་ལ་ཡང་བུད་མེད་ཀྱིས་ཕྱག་བྱ་ན། དུས་མཉམ་པའམ་རྒན་པ་ལྟ་བུ་ལ་སྨོས་ཀྱང་ཅི་དགོས་ཏེ། དེས་ན་དགེ་ཚུལ་མས་ཀྱང་དགེ་ཚུལ་ལ་ཕྱག་བྱ་དགོས་ལ། དགེ་ཚུལ་མ་དང་དགེ་སློབ་མ་དང་དགེ་སློང་མས་ཀྱང་དགེ་སློང་ལ་

ཕྱག་བྱ་དགོས་སོ། །དགེ་སློབ་མ་དང་། དགེ་སློང་མས་ནི་དགེ་ཚུལ་ལ་བཏུད་དེ་ཕྱག་བྱ་མི་དགོས་ལ། དགེ་ཚུལ་གྱིས་ཀྱང་དེ་གཉིས་ལ་བཏུད་དེ་ཕྱག་བྱ་མི་དགོས་སོ། །ཆོ་ག་དེ་དག་ཐམས་ཅད་ཀྱིས་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། ས་གཞན་ན་གནས་པ་དང་ཉམས་པ་དང་དགེ་

སློང་མ་སུན་ཕྱུང་བ་དང་། ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དང་ཐ་དད་པར་གནས་པ་དང་། མཚམས་མེད་པ་བྱས་པ་དང་། ཉལ་བ་དང་སྙོམས་པར་ཞུགས་པ་དང་། བྲེལ་བ་དང་། སེམས་གཞན་དུ་སོང་བ་དང་། རྒྱབ་ཀྱིས་ཕྱོགས་པ་དང་། ཁྱིམ་གཞན་ན་འདུག་པ་དང་།

ཟས་ཀྱི་གྲལ་ན་འདུག་པ་མ་གཏོགས་སོ་ཞེས་བྱ་བ་སྨྲས་ཏེ། ས་གཞན་ན་གནས་པ་ཞེས་བྱ་བ་ནི། སྤོ་བ་དང་གཞི་ནས་སྤོ་བ་དང་ཡང་གཞི་ནས་བསླང་སྟེ་སྤོ་བ་སྤྱོད་པ་དང་། མགུ་བར་བྱ་བ་དང་། གཞི་ནས་མགུ་བར་བྱ་བ་དང་། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་སྤྱོད་པ་དང་། བསླབ་པ་

Vol. 163 · folio 354b

བྱིན་པ་དང་། དེའི་ངོ་བོ་ཉིད་ཚོལ་བ་དང་། མཐུན་པ་བྱིན་པ་དང་། བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་། ཕྱིར་འགྱེད་པ་དང་། མ་མཐོང་བས་གནས་ནས་ཕྱུང་བ་དང་། ཕྱིར་མི་འཆོས་པས་གནས་ནས་ཕྱུང་བ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་

ཕྱུང་བ་ཞེས་བྱ་བ་ནན་ཐུར་བྱས་པ་དག་གོ། །ཉམས་པ་ཞེས་བྱ་བ་ནི་གནས་པར་མི་བྱའོ། །དགེ་སློང་མ་སུན་ཕྱུང་བ་དང་མཚམས་མེད་པ་བྱས་པ་ཞེས་སྨོས་པས་ནི། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། ཟ་མ་དང་མ་ནིང་ལ་སོགས་པ་སྡོམ་པའི་ཞིང་མ་ཡིན་པར་

གྱུར་པ་དག་བསྡུས་སོ། །ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་ཞེས་སྨོས་པ་ནི། ཐ་དད་པར་གནས་པའི་བྱེ་བྲག་གོ། །ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པའི་ཐ་དད་པར་གནས་པ་གང་ཡིན་པ་དེས་ནི། ཆོས་ཀྱི་ཕྱོགས་དང་མཐུན་པའི་ཐ་དད་པར་གནས་པ་ལ་ཕྱག་བྱ་བ་ཉིད་

ཡིན་ནོ། །ཉལ་བ་ཞེས་བྱ་བ་ནི་གློས་ཕབ་སྟེ་ཉལ་བའོ། །སྙོམས་པར་ཞུགས་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལའོ། །བྲེལ་བ་ཞེས་བྱ་བ་ནི་བྱ་བ་རྗེས་སུ་བསྒྲུབ་པ་ལ་གཞོལ་བའོ། །སེམས་གཞན་དུ་སོང་བ་ཞེས་བྱ་བ་ནི། ཕྱག་འཚལ་བ་ལ་སེམས་གཏོད་པ་མི་སྦྱིན་པའོ། །རྒྱབ་ཀྱིས་ཕྱོགས་

པར་ཞེས་བྱ་བ་ནི་མདུན་པར་བལྟ་བའོ། །ཁྱིམ་གཞན་ན་འདུག་པ་ཞེས་བྱ་བ་ནི་ཁྱིམ་པའི་ཁྱིམ་ན་འདུག་པའོ། །ཟས་ཀྱི་གྲལ་ན་འདུག་པ་ཞེས་བྱ་བ་ནི། ཟན་ཟ་བའི་གྲལ་ན་བཀོད་པའོ། །མ་གཏོགས་སོ་ཞེས་བྱ་བ་ནི་དེ་དག་ལ་དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་སློབ་མ་

དང་། དགེ་སློང་མ་དང་། དགེ་སློང་གང་གིས་ཀྱང་གཏུགས་ཏེ་ཕྱག་མི་བྱའོ། །ཁྱིམ་པས་རབ་ཏུ་བྱུང་བ་ལའོ་ཞེས་བྱ་བ་ནི། ཁྱིམ་པས་རབ་ཏུ་བྱུང་བ་མ་གཏོགས་པ་ཇི་སྐད་བསྟན་པ་དེ་དག་ལས་གཞན་པའི་རབ་ཏུ་བྱུང་བ་ཐམས་ཅད་ལ་ཕྱག་བྱའོ། །ཁྱིམ་གཞན་ན་ཡང་འདུག་པ་ཡང་མ་

གཏོག་པར་མི་རིགས་ཏེ། ཁྱིམ་གཞན་ནི་ཁྱིམ་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར། རབ་ཏུ་བྱུང་བ་ཁྱིམ་གཞན་ན་འདུག་པ་དག་ལ་ཡང་ཁྱིམ་པས་ཕྱག་བྱ་དགོས་སོ། །དེ་ལྟར་ཡང་འདིར་གཞུང་ནི་ཁྱིམ་བདག་གི་ཆུང་མ་སྡེ་ཅན་མ་དད་པ་སྐྱེས་པས། གནས་ནས་ཕྱིར་ཕྱུང་སྟེ་བཅོམ་ལྡན་

Vol. 163 · folio 355a

འདས་ཀྱི་ཞབས་ལ་ཕྱག་བྱས་སོ་ཞེས་གྲགས་པ་ཡིན་ནོ། །མ་གཏོགས་པ་གཞན་ཐམས་ཅད་ལ་ནི་ཁྱིམ་པས་ཀྱང་ཕྱག་མི་བྱ་བར་རིགས་ཏེ། འདི་ལྟར་སྤོ་བ་ལ་སོགས་པ་སྤྱོད་པ་ནི་སྡིག་པ་ཆེན་པོ་དང་ལྡན་པ་ཡིན་པས་དེ་དག་ལ་ཡང་ཁྱིམ་པས་ཕྱག་མི་བྱ་བར་རིགས་

ལ། ནན་ཐུར་བྱས་པ་དག་ཀྱང་སྤངས་པ་ཡིན་པའི་ཕྱིར་རོ། །འདིར་དེ་དག་གི་གཞུང་ནི་སངས་རྒྱས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། ཚེ་དང་ལྡན་པ་བཙུན་པ་ཕྱག་མི་བགྱི་བ་དུ་མཆིས། ཉེ་བ་འཁོར་སུམ་ཅུ་རྩ་གཉིས་ཏེ། སྡིག་པའི་ལས་བྱས་པ་དང་།

སྨད་པའི་ལས་བྱས་པ་དང་། བསྐྲད་པའི་ལས་བྱས་པ་དང་། ཕྱིར་འགྱེད་པའི་ལས་བྱས་པ་དང་། མ་མཐོང་བས་གནས་ནས་ཕྱུང་བ་དང་། ཕྱིར་མི་འཆོས་པས་གནས་ནས་ཕྱུང་བ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་ཕྱུང་བ་དང་། སྤོ་བ་བྱེད་པ་དང་། གཞི་

ནས་སྤོ་བ་བྱེད་པ་དང་། མགུ་བ་སྤྱོད་པ་དང་། གཞི་ནས་མགུ་བ་སྤྱོད་པ་དང་། བསླབ་པ་བྱིན་པ་དང་། ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། རྐུ་ཐབས་སུ་གནས་པ་དང་། ཐ་དད་པར་གནས་པ་དང་། གནས་པར་མི་བྱ་བ་དང་། མ་བསད་པ་དང་། ཕ་

བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། གཅེར་བུ་དང་། གོས་གཅིག་པ་དང་། ཉལ་བ་དང་། སྙོམས་པར་ཞུགས་པ་དང་། རྒྱབས་ཀྱིས་ཕྱོགས་པ་དང་། སོ་ཤིང་ཟ་བ་དང་།

བཤང་བ་བྱེད་པ་དང་། གཅི་བ་བྱེད་པ་དང་། ཁྱིམ་གཞན་ན་འདུག་པའོ། །བཙུན་པ་ཕྱག་བགྱི་བ་དུ་མཆིས། ཉེ་བ་འཁོར་ལྔ་སྟེ། ཁྱིམ་པས་རབ་ཏུ་བྱུང་བ་ལ་དང་། བསྙེན་པར་མ་རྫོགས་པས་བསྙེན་པར་རྫོགས་པ་ལ་དང་། གཞོན་པས་རྒན་པ་ལ་དང་། དགེ་སློང་མ་བསྙེན་པར་རྫོགས་

ནས་ལོ་བརྒྱ་ལོན་པས། དགེ་སློང་དེ་རིང་བསྙེན་པར་རྫོགས་པ་ལ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱའོ་ཞེས་གསུངས་པ་ཡིན་ནོ། །བྲེལ་བ་དང་སེམས་གཞན་དུ་སོང་བ་དང་། ཟས་ཀྱི་གྲལ་ན་

Vol. 163 · folio 355b

འདུག་པ་དག་ནི་གཞུང་གཞན་ལས་བསྡུས་སོ། །ཐམས་ཅད་ཀྱིས་སངས་རྒྱས་ལའོ་ཞེས་བྱ་བ་ནི། ཁྱིམ་པ་ཡང་རུང་རབ་ཏུ་བྱུང་བ་ཡང་རུང་། བུད་མེད་ཀྱང་རུང་། སྐྱེས་པ་ཡང་རུང་། རྒན་པ་ཡང་རུང་། གཞོན་པ་ཡང་རུང་བ་ཐམས་ཅད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་

ལ་ཕྱག་བྱའོ། །གཙུག་ལག་ཁང་བྱ་བའོ་ཞེས་བྱ་བ་ནི། དགེ་སློང་གིས་གཙུག་ལག་ཁང་བྱ་བ་ལ་མི་རུང་བ་མེད་པའོ། །དེ་ལྟར་ཡང་འདིར་གཞུང་ནི་འདི་ལྟ་སྟེ། དགེ་སློང་ཀུན་དགའ་ར་བ་དེ་ཉིད་དུ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཁ་སྲོ་བར་བྱེད་འདོད་དོ་ཞེས་

གསུངས་པ་ཡིན་ནོ། །ངོས་གཅིག་གི་དབུས་སུ་དྲི་གཙང་ཁང་བྱ་བ་ཉིད་དོ་ཞེས་བྱ་བ་ལ། འདིར་ངོས་ཞེས་བྱ་བ་ནི་ཕྱོགས་ཏེ་ཤར་ལ་སོགས་པའི་ཕྱོགས་གཅིག་གི་དབུས་སུ་དྲི་གཙང་ཁང་བྱ་བ་ཉིད་ཡིན་ནོ། །དེའི་མདུན་དུ་སྒོ་ཁང་ངོ་ཞེས་བྱ་བ་ནི། དྲི་གཙང་ཁང་དེའི་མདུན་གྱི་བྱང་གཏད་ཀྱི་

ངོས་སྒོ་གང་བརྩིག་པར་བྱའོ། །གྲུ་བཞི་བཟང་བ་ཉིད་དོ་ཞེས་བྱ་བ་ནི་གཙུག་ལག་ཁང་གི་དབྱིབས་ནི་གྲུ་བཞི་བཟང་བ་ཉིད་དེ། རྣམ་པ་གཞན་ཡང་བཀག་པ་ནི་མེད་པར་ཤེས་པར་བྱའོ། །ཁྱམས་གསུམ་པ་ཡང་ངོ་ཞེས་བྱ་བ་ཡང་། གྲུ་བཞི་བཟང་ངོ་ཞེས་བྱ་བའི་རྗེས་སུ་སྦྱར་ཏེ། གྲུ་བཞི་

ལ་ངོས་གསུམ་ནས་ཁྱམས་བཏགས་པ་བཟང་ངོ་། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་རྗེས་སུ་གནང་གི་བྱེད་དུ་ཆུག་ཤིག །དེ་ཇི་ལྟར་བྱེད་དུ་གཞུག་པ་མི་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་གནས་ཁང་གསུམ་པ་

བྱེད་དུ་འཇུག་ན་དབུས་སུ་དྲི་གཙང་ཁང་དུ་གཞུག་ཅིང་བློ་གཉིས་སུ་གནས་ཁང་གཉིས་སོ། །ཁྱམས་གསུམ་པ་ལ་ནི་དེ་བཞིན་དུ་གནས་ཁང་དགུ་དག་གོ། །ཁྱམས་བཞི་པ་ལ་ནི་དབུས་སུ་སྒོ་གང་གི་བྱང་གཏད་དུ་དྲི་གཙང་ཁང་ངོ་། །སྒོ་གང་གི་ངོས་གཉིས་སུ་གནས་ཁང་གཉིས་སོ་ཞེས་གསུངས་པ་ཡིན་

ནོ། །མནོད་པར་བྱའོ་ཞེས་བྱ་བ་ནི་གཙུག་ལག་ཁང་ཞེས་བྱ་བར་སྦྱར་ཏེ། འདིའི་དོན་གྱིས་དེའི་ས་གཞི་ཉེན་ཀོར་དང་བཅས་པ་མནོད་པར་རིག་པར་བྱའོ། །གཙུག་ལག་ཁང་དུ་གནས་པར་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་བྱའོ་ཞེས་བྱ་བ་དང་མནོད་པར་བྱའོ་ཞེས་སྨོས་པ་དེ་ཉིད་ཀྱིས་གནས་

Vol. 163 · folio 356a

པར་བྱ་བ་མ་བསྡུས་ཏེ། དེ་གཉིས་ཀྱིས་གཞན་གྱི་དོན་དུ་བྱ་བ་དང་། ནོད་པར་བསྟན་པ་ཡང་སྲིད་པས་འདི་ནི་བདག་ཉིད་གཙུག་ལག་ཁང་དུ་གནས་པར་རྗེས་སུ་གནང་བ་བསྟན་ཏོ། །གཞན་དག་དགེ་འདུན་གྱི་གཞིར་དགེ་འདུན་གྱི་ཕྱིར་རམ་གང་ཟག་དགེ་སློང་གི་

ཕྱིར་གནས་ཀྱི་གཞི་བྱེད་པ་རྗེས་སུ་གནང་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་སོ། །གལ་ཏེ་སྦྱིན་བདག་ཡོད་ན་དེས་རྗེས་སུ་གནང་ནའོ་ཞེས་བྱ་བ་ནི། གལ་ཏེ་དགེ་འདུན་གྱི་གཞི་དེ་ལ་སྦྱིན་བདག་ཡོད་ན་དེས་རྗེས་སུ་གནང་ན་དགེ་འདུན་དུ་གྱུར་པའི་དགེ་སློང་

དག་གིས་གཞན་དག་དགེ་འདུན་གྱི་གཞིར་དགེ་འདུན་གྱི་ཕྱིར་རམ། གང་ཟག་དགེ་སློང་གི་ཕྱིར་གནས་ཀྱི་གཞི་བྱེད་པ་རྗེས་སུ་གནང་བར་བྱའོ། །གྲོང་ཁྱེར་གྱི་ཕྱི་རོལ་ལམ་ནང་དུ་བསྟི་བའི་གནས་དག་རུང་ངོ་ཞེས་བྱ་བ་ནི། གྲོང་ཁྱེར་གྱི་ནང་ངམ་ཕྱི་རོལ་གང་དུ་དགེ་སློང་དག་བསོད་སྙོམ་ལ་སོགས་

པའི་དོན་དུ་འཇུག་པ་རྣམས་ཀྱི་ཚ་བ་དང་། ངལ་བ་ལ་སོགས་པ་བསལ་བའི་ཕྱིར། བསྟི་བའི་གནས་ཕྱིར་འོང་བའི་གནས་ཞེས་བྱ་བ་དེ་བྱེད་དུ་གཞུག་ཏུ་རུང་བའོ། །འདིར་གཞུང་ནི་གལ་ཏེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན། བདག་གི་གྲོང་ཁྱེར་གྱི་སླད་རོལ་དུ་བསྟི་བའི་གནས་བགྱིད་དུ་སྩལ་

ཏོ་ཞེས་བྱ་བ་ནས། ཁྱིམ་བདག་རྗེས་སུ་གནང་གིས་རྩིགས་ཤིག་ཅེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །འདིར་གྲོང་ཁྱེར་གྱི་ཕྱི་རོལ་དུ་ཞེས་གསུངས་པ་ནི། བྱུང་བའི་དབང་གིས་སྨོས་པ་ཡིན་གྱི། གྲོང་ཁྱེར་གྱི་ནང་དུ་ཡང་འགལ་བ་མེད་པས་འདིར་གཉི་ག་མདོར་བསྡུས་སོ། །

རང་གི་ཁྲོན་པར་བར་དུ་གཅོད་པའི་ཕྱིར་རྩིག་གུ་བྱ་བས་ཀུན་དུ་ཆགས་པའི་ཤེས་པས་བསལ་བར་བྱའོ་ཞེས་བྱ་བ་ནི། རང་གི་ཁྲོན་པ་རང་ཉིད་ཆུ་ཆུ་བའི་ཚེ། བུད་མེད་གཞན་ཡང་ཆུ་ཆུར་འོང་བ་ན། བུད་མེད་ལ་ཀུན་དུ་ཆགས་པའི་སེམས་སྐྱེད་པ་གཅིག་གིས་གཅིག་མི་མཐོང་བར་བར་དུ་གཅད་པའི་

ཕྱིར་རྩིག་གུ་བྱ་བས་བུད་མེད་ལ་ལྟ་ཞིང་ཀུན་དུ་ཆགས་པའི་ཤེས་པ་སྐྱེ་བ་བསལ་བར་བྱ་སྟེ། གང་གི་ཚེ་བུད་མེད་ཆུའི་དོན་དུ་དེར་འོང་བ་ན་དེ་མཐོང་བས་འདོད་ཆགས་ཀྱི་ཤེས་པ་སྐྱེ་ན་རྩིག་པས་བར་དུ་བཅད་ན། ཉེས་པ་དེ་སྐྱེ་བར་མི་འགྱུར་རོ། །སྙིམ་པ་བཀང་སྟེ་བླུད་པས་བུད་མེད་རྗེས་སུ་

Vol. 163 · folio 356b

བཟུང་བར་བྱ་ཞིང་ཆུའི་རྒྱུན་མི་ཆད་པར་བླུགས་པས་མི་བྱའོ་ཞེས་བྱ་བ་ནི། བུད་མེད་ཀྱིས་ཆུ་སྙིམ་པ་གང་འཐུངས་ཟིན་ནས་སྙིམ་པ་གཉིས་པ་དགང་ཞིང་བླུད་པར་བྱའི། སྙིམ་པ་ནས་འཐུང་བཞིན་དུ་ཆུའི་རྒྱུན་ཕྱི་མ་ཡང་སྙིམ་པར་རྒྱུན་མི་འཆད་པར་བླུགས་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་

གོ། །འདི་ནི་བུད་མེད་དགེ་སློང་ལ་ཆགས་པ་ཆུས་བརྣངས་ཏེ་ཤི་བར་བྱུང་བའི་མཐའ་ལས་བཅས་པ་ཡིན་ནོ། །དེའི་དུས་ཉིད་ཀྱི་དབྱར་གྱི་ནང་དུ་འོངས་པ་ནི་རྙེད་པ་དབང་ངོ་ཞེས་བྱ་བ་ནི། དབྱར་གྱི་རྙེད་པ་དེའི་དུས་ཉིད་ཀྱི་ཚེ་དབྱར་གྱི་ནང་དུ་འོངས་ཤིང་ཞག་བཞི་བཅུ་རྩ་དྲུག་ལས་ལྷག་

པར་མཚམས་དེའི་ནང་དུ་གནས་ན། དབྱར་གནས་པར་ཁས་མ་བླངས་ཀྱང་རུང་དབྱར་རལ་ཡང་རུང་སྟེ། དབྱར་གྱི་རྙེད་པའི་སྐལ་བ་དབང་བའོ། །འདིར་རྙེད་པ་དབང་བའི་རྒྱུ་ནི་གནས་པ་ཡིན་གྱི། གནས་པར་ཁས་བླངས་པ་ནི་མ་ཡིན་ཏེ། གནས་པར་ཁས་མ་བླངས་ཀྱང་ཡུན་

རིང་དུ་གནས་ན་ཇི་ལྟར་གནས་ཀྱང་རུང་སྟེ་རྙེད་པ་དབང་ངོ་། །ཟ་ཞིང་རྙེད་པ་མ་བྱིན་པ་ལ་ནི་ལས་མི་རིགས་སོ་ཞེས་བྱ་བ་ནི། ཟན་ཙམ་གྱིས་འཚོ་ཞིང་རྙེད་པ་མ་བྱིན་པ་ནི། མཚམས་དེའི་དགེ་འདུན་གྱི་ལས་སུ་བསྐོ་བར་མི་རིགས་ཏེ་དེ་ལས་སུ་བསྐོ་བར་མི་བྱའོ། །འདི་ནི་དབྱར་གྱི་ནང་དུ་

འོངས་པ་དག་གི་དབང་དུ་བྱས་ཏེ་གསུངས་པ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་དེ་དག་གིས་རྙེད་པ་མ་ཐོབ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ལས་སུ་བསྐོས་པ་བྱེད་ན་ནི་རྙེད་པ་ཡང་སྦྱིན་པར་བྱའོ། །ཇི་སྟེ་མི་བྱེད་ན་ནི་ཟན་ལ་ལྟོས་པ་ཙམ་གྱིས་གནས་

པར་བྱ་སྟེ་ལས་དང་རྙེད་པ་ཡང་ངོ་ཞེས་གསུངས་པ་དང་། གཞུང་གཞན་ལས་དགེ་སློང་དག་ཟས་ཀྱི་སྙེད་པ་དེ་དག་མི་ནོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ལ་ཟས་ཀྱི་རྙེད་པ་སྦྱིན་པར་བྱའོ་ཞེས་གསུངས་པ་དེ་དག་འདིར་བསྡུས་པ་ཡིན་ནོ། །ལས་སུ་ནི་

གཞོན་རིམས་ནས་མཐར་གྱིས་བསྐོའོ་ཞེས་བྱ་བ་ནི། ལས་ནི་གཞོན་རིམས་ནས་མཐར་གྱིས་བྱའོ། །རྙེད་པ་མི་འཐོབ་པ་ལ་ཟན་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ལས་མི་བྱེད་པས་རྙེད་པ་མི་འཐོབ་པ་ལ་ཟས་ནི་སྦྱིན་པར་བྱ་བ་ཉིད་ཡིན་པའོ། །གཞན་གྱི་རྙེད་པ་ལས་འདུ་བར་མི་བྱའོ་

Vol. 163 · folio 357a

ཞེས་བྱ་བ་ནི་དགེ་སློང་གཞན་གྱི་རྙེད་པའི་དུས་སུ་དགེ་སློང་གཞན་མགྲོན་དུ་མ་བོས་པས་དེར་བློ་སྔོན་དུ་བཏང་སྟེ་འདུ་བར་མི་བྱའོ། །དེའི་སྔོན་དུ་མ་སོང་བ་དྲོ་ལ་བབ་ནས་གཙུག་ལག་ཁང་གཞན་དུ་ཟ་བ་ལ་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི། གལ་ཏེ་ཟན་གྱི་དོན་ཁོ་ནར་

དེར་སོང་བ་མ་ཡིན་པ་ལ་གཙུག་ལག་ཁང་གཞན་དུ་སོང་ནས་དྲོ་ལ་བབ་སྟེ་དེར་ཟན་ཟོས་པ་ལ་ནི་ཉེས་པ་མེད་པའོ། །མུ་གེའི་ཚེ་རང་གི་མ་ཁྱེར་བ་ལ་ཡང་ངོ་ཞེས་བྱ་བ་ནི། མུ་གེའི་དུས་ཀྱི་ཚེ་རང་གི་གཙུག་ལག་ཁང་ནས་བརྒྱགས་མ་ཁྱེར་བར་གཙུག་ལག་ཁང་གཞན་དུ་ཟན་ཟོས་ན་བློ་

སྔོན་དུ་བཏང་ཡང་ཉེས་པ་མེད་པའོ། །དགེ་སློང་གི་ཚོད་ཉིད་པས་ལྷག་པ་ཉིད་ལ་བླངས་པ་ཡང་ངོ་ཞེས་བྱ་བ་ནི། གཙུག་ལག་ཁང་གཞན་ན་དགེ་སློང་ཇི་སྙེད་འཁོད་པའི་ཟས་ཀྱི་ཚོད་ལས་ལྷག་པའི་མཐེབ་ཡོད་པ་ཉིད་ཡིན་ན། ཟས་ཀྱི་ཆེད་དུ་དེར་སོང་སྟེ་ཟས་བླངས་ན་ཡང་ཉེས་པ་

མེད་དོ། །གཙུག་ལག་ཁང་ཡལ་བར་མི་དོར་རོ་ཞེས་བྱ་བ་ནི། དགེ་འདུན་དུ་གྱུར་པའི་དགེ་སློང་དག་གམ་གང་ཟག་གིས་ཀྱང་ངོ་། །ཕྱིར་བཅོས་པའི་ཕྱིར་སྦྱིན་བདག་སྤྲོ་བར་བྱའོ་ཞེས་བྱ་བ་ནི། བྱེ་བྲག་ཏུ་མ་སྨོས་པས་གནས་པའི་གཞི་ཉི་ཚེར་མ་ཟད་ཀྱི། དགེ་འདུན་གྱི་གཙུག་ལག་

ཁང་ཐམས་ཅད་ཀྱང་ངོ་། །མ་གྲུབ་ན་དགེ་འདུན་གྱི་ལས་ཇི་ཙམ་གྱི་ནུས་པ་ངེས་པར་སྦྱར་རོ་ཞེས་བྱ་བ་ནི། སྦྱིན་བདག་མ་གྲུབ་ན་ཕྱིར་བཅོས་པའི་ཕྱིར་དགེ་འདུན་གྱི་རྫས་ལས་ཇི་ཙམ་གྱིས་ཆོག་པས་ཕྱིར་བཅོས་པར་བྱའོ། །རང་གིས་ཀྱང་ཕྱིར་བཅོས་པར་བྱའོ་ཞེས་བྱ་བ་ནི། ལག་

གི་ལས་ཀྱི་ཚུལ་གྱིས་ཅི་ནུས་པས་ཀྱང་ངོ་། །རྙེད་པ་ནོད་པས་གཙུག་ལག་ཁང་གི་བྱི་དོར་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་དེ་ནས་གང་རྙེད་པ་ནོད་པ་དེས་ལས་དེ་བྱ་བའོ། །དད་པའི་རྙེད་པ་ནི་གཙུག་ལག་ཁང་ཉིད་ཀྱི་མ་ཡིན་ནོ་ཞེས་བྱ་བ་ནི། དད་པའི་

རྒྱུ་ལས་བྱུང་བའི་རྙེད་པ་གང་ཡིན་པ་སྦྱིན་བདག་དད་པས་དུས་ངེས་པ་མེད་པར་གང་ཟག་འགའ་ཞིག་ལ་འབུལ་བར་བྱེད་པ་དེ་ནི་གཙུག་ལག་ཁང་ཉིད་ཀྱི་རྙེད་པ་མ་ཡིན་ནོ། །གཙུག་ལག་ཁང་ནས་སྒོ་བཅད་དེ་འགྲོ་བར་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་ནས་གཞན་དུ་འགྲོ་བའི་ཚེ་སྒོ་བཅད་

Vol. 163 · folio 357b

དེ་འགྲོ་བར་བྱའོ། །སྲུང་མ་ཡང་བཞག་སྟེའོ་ཞེས་བྱ་བ་ནི་གཙུག་ལག་ཁང་གི་སྟེ། གཙུག་ལག་ཁང་གི་སྲུང་མ་ཡང་གཞག་སྟེ་གཞན་དུ་འགྲོ་བར་བྱ་བའོ། །དེ་ལས་ཟན་མེད་ན་སྦྱིན་ནོ་ཞེས་བྱ་བ་ནི། གལ་ཏེ་གཙུག་ལག་ཁང་གི་སྲུང་མ་དེ་ལ་ཟན་མེད་ན་སྦྱིན་པར་བྱའོ། །དེས་

ཆོམ་རྐུན་པའི་རང་དབང་ཉིད་མེད་པར་ངེས་པར་མི་ཤེས་པར་སྒོ་དབྱེ་བར་མི་བྱའོ་ཞེས་བྱ་བ་ནི་གཙུག་ལག་ཁང་གི་སྲུང་མ་དེ་གཞན་དག་ཕྱི་རོལ་ནས་གཙུག་ལག་ཁང་གི་སྒོ་ཕྱེ་ཤིག་ཅེས་ཟེར་ན། ཆོམ་རྐུན་པའི་རང་དབང་ཉིད་མེད་པར་ངེས་པར་མི་ཤེས་པར་སྒོ་དབྱེ་བར་མི་བྱའོ། །འདིར་ངེས་

པར་ཤེས་པར་བྱ་བའི་ཐབས་གང་ཡིན་ཞེ་ན་དེའི་ཕྱིར། ཁང་སྟེང་དུ་འཛེགས་ཏེ་བལྟ་བ་དང་ཁྱོད་རིམས་ཀྱིས་མ་བཏབ་བམ་ཞེས་བརྡ་སྐད་བརྗོད་པ་ནི་འདིར་ཐབས་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཁང་སྟེང་དུ་འཛེགས་ཏེ་བལྟ་བ་ཡང་ཐབས་ཡིན་ནོ། །ཁྱོད་རིམས་ཀྱིས་མ་བཏབ་བམ་ཞེས་

བརྡ་སྐད་བརྗོད་ཅིང་དྲི་བར་བྱ་བ་ཡང་ཐབས་ཡིན་ནོ། །གནས་དང་མིང་དང་ཕ་མ་ལ་སོགས་པ་སོ་སོར་ཤེས་པར་བྱེད་དུ་གཞུག་པ་ཡང་ངོ་ཞེས་བྱ་བ་ཡང་ཐབས་ཡིན་ཏེ་ཁྱོད་གནས་གང་ན་འདུག་པ་ཞིག །ཁྱོད་ཀྱི་མིང་ཅི་ཁྱོད་ཀྱི་ཕ་མ་གང་ཡིན་ཞེས་བྱ་བ་ལ་སོགས་པ་དྲི་ཞིང་དེ་ལན་འདེབས་

སུ་གཞུག་པ་ཡང་ཐབས་ཡིན་པར་ཤེས་པར་བྱའོ། །ཡིད་མི་ཆེས་ཤིང་འཇིགས་པ་དང་བཅས་པ་ཉིད་ལ་སྒོ་དབྱེ་བར་མི་བྱའོ་ཞེས་བྱ་བ་ནི། གང་ཟག་ཡིད་མི་ཆེས་ཤིང་འཇིགས་པ་དང་བཅས་པ་དེ་ཉིད་ལ་གཙུག་ལག་ཁང་གི་སྒོ་དབྱེ་བར་མི་བྱའོ། །དགོན་པ་པས་ཁྱི་བཅང་བར་བྱའོ།

ཞེས་བྱ་བ་ནི། དགེ་སློང་དགོན་པ་བས་བསྲེལ་བྱ་བའི་ཕྱིར་རོ། །དེ་ནས་ནང་པར་སྔར་ལངས་མ་ཐག་ཁོ་ནར་གཙུག་ལག་ཁང་དང་མཆོད་རྟེན་གྱི་འཁོར་ས་བལྟ་བར་བྱའོ་ཞེས་བྱ་བ་ནི། ཁྱི་འཆང་བའི་གང་ཟག་དེས་ནང་པར་སྔར་ལངས་མ་ཐག་ཁོ་ནར་ཞེས་བྱ་བ་ནི། བྱ་བ་གཞན་དག་མ་

བྱས་པའི་མདུན་རོལ་དུ་གཙུག་ལག་ཁང་དང་མཆོད་རྟེན་གྱི་འཁོར་ས་དག་ཁྱིས་སྨེ་བ་ལ་སོགས་པར་མ་བྱས་སམ་ཞེས་བལྟ་བར་བྱའོ། །གལ་ཏེ་དེས་བཤང་བ་བྱས་ན་དོར་བར་བྱ་ཞིང་གལ་ཏེ་གཅི་བ་བྱས་ན་ཕྱི་བར་བྱ། གལ་ཏེ་སྡེར་མོ་དག་གིས་བྲད་ན་མཉམ་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཁྱི་དེས་

Vol. 163 · folio 358a

གཙུག་ལག་ཁང་དང་མཆོད་རྟེན་གྱི་འཁོར་ས་དག་དེ་ལྟར་བྱས་ན་ཁྱི་འཆང་བའི་དགེ་སློང་དེས་དེ་ལྟར་བྱའོ། །དེ་དག་གི་གནས་དག་ཏུ་དཀྱིལ་འཁོར་བྱའོ་ཞེས་བྱ་བ་ནི། བཤང་བ་ལ་སོགས་པ་དེ་དག་གི་གནས་དག་ཏུ་དཀྱིལ་

འཁོར་བྱའོ། །དེ་ཇི་ལྟར་གསོ་བར་བྱ་ཞེ་ན་དེའི་ཕྱིར་དེ་ལ་ལྷུང་བཟེད་ཀྱི་ལྷག་རོལ་སྦྱིན་ནོ་ཞེས་བྱ་བ་སྨྲས་ཏེ། ཁྱི་དེ་ལའོ། །གང་དུ་དེ་སྦྱིན་པ་བྱ་ཞེ་ན། དེའི་ཕྱིར་མཆོད་རྟེན་དང་གཙུག་ལག་ཁང་གི་ཉེན་ཀོར་གྱི་ཕྱི་རོལ་དུའོ་ཞེས་བྱ་བ་སྨྲས་ཏེ། མཆོད་རྟེན་དང་གཙུག་ལག་ཁང་དང་།

དེ་ཉིད་ཀྱི་ཉེན་ཀོར་གྱི་ཕྱི་རོལ་དུའོ། །སྤྱོད་ལམ་ཅི་འདོད་པས་ལུང་དཔོག་གོ་ཞེས་བྱ་བ་ནི། མཁན་པོ་དང་སློབ་དཔོན་གྱིས་སློབ་མ་དང་། ཉེ་གནས་ལ་ཀླག་པའི་ལུང་དཔོག་པ་ནི་སྤྱོད་ལམ་བཞི་པོ་དག་ལས་ཅི་འདོད་པས་འབོགས་ན་ཡང་དེ་ལ་ཉེས་པ་མེད་པའོ། །གསར་བུས་མནོད་པའི་

ཕྱིར་ནི་ཁམས་སྙོམས་པ་ཉིད་དྲིས་ཏེ་ཕྱག་བྱ་བ་སྔར་བཏང་བའི་སྤྱོད་ལམ་བསྟེན་པར་བྱའོ་ཞེས་བྱ་བ་ནི། གསར་བུས་བླ་མ་ལས་ཀླག་པའི་ལུང་མནོད་པའི་ཕྱིར་ནི། སྔར་ཕྱག་བྱས་ཏེ་བསྙུན་གསོལ་ནས་བྱ་བའི་སྤྱོད་ལམ་བསྟེན་པར་བྱའོ། །རྒན་པས་ནི་ཕྱག་མི་བྱ་བར་བསྙུན་གསོལ་

ནས་སོ། །ཐལ་མོ་བསྣོལ་ཏེ་བཅང་ངོ་ཞེས་བྱ་བ་ནི། ལག་པ་གཉིས་ཀྱི་ཐལ་མོ་བསྣོལ་ཏེ་བཅང་བའི་སྤྱོད་ལམ་བསྟེན་པར་བྱ་བའོ། །ལུས་དང་སེམས་བཏུང་ངོ་ཞེས་བྱ་བ་ནི། ལུས་འདུད་པ་དང་། སེམས་འདུད་པར་བྱ་སྟེ། ང་རྒྱལ་གྱིས་ཁེངས་པ་སྤང་བའི་ཡན་ལག་ཀྱང་

སེམས་དམའ་བ་ཉིད་ཡིན་ལ་གུས་པ་དང་བཅས་པ་ཉིད་ཀྱང་སེམས་དམའ་བ་ཉིད་ཡིན་ནོ། །དྲང་པོར་རོ་ཞེས་བྱ་བ་ནི། གྱ་གྱུ་མེད་པ་དང་སྒྱུ་དང་གཡོ་མེད་པར་བྱའོ། །ལུང་འབོགས་པར་བྱེད་པ་གནས་སྐབས་ཇི་ལྟ་བུ་ལ་སྤྱོད་ལམ་ཇི་ལྟ་བུ་བསྟེན་པར་བྱ་ཞེ་ན། དེའི་ཕྱིར་འཆགས་པ་ན་

གོམ་པ་བསྲི་བས་བཅག་པའོ་ཞེས་བྱ་བ་སྨྲས་ཏེ། ལུང་འབོགས་པར་བྱེད་པས་འཆག་པ་ན་ལུང་ནོད་པར་བྱེད་པས། གོམ་པ་ཕྱིར་བསྲི་བས་བཅག་པའི་སྤྱོད་ལམ་བསྟེན་པར་བྱའོ། །འགྲེང་བ་ནི་འགྲེང་བའོ་ཞེས་བྱ་བ་ནི། ལུང་འབོགས་པར་བྱེད་པ་འགྲེང་བ་ན་ལུང་ནོད་པར་བྱེད་

Vol. 163 · folio 358b

པས་ཀྱང་འགྲེང་བའི་སྤྱོད་ལམ་བསྟེན་པར་བྱའོ། །འདུག་པ་དང་ཉལ་བ་ན་འདུག་པའིའོ་ཞེས་བྱ་བ་ནི། ལུང་འབོགས་པར་བྱེད་པ་འདུག་པ་དང་ཉལ་བ་ན་ལུང་ནོད་པར་བྱེད་པས་འདུག་པའི་སྤྱོད་ལམ་བསྟེན་པར་བྱ་བའོ། །གང་དུ་འདུག་པའི་སྤྱོད་ལམ་བསྟེན་པར་བྱ་ཞེ་ན་དེའི་ཕྱིར།

སྟན་ཆེས་དམའ་བ་ལའོ་ཞེས་བྱ་བ་སྨྲས་ཏེ། འདིར་ཆེས་རྒན་པས་ནི་རྗེས་སུ་གནང་བ་ལ་མི་ལྟོས་པ་ཉིད་ཀྱིས་རང་འདུག་པར་བྱའོ། །གསར་བུས་ནི་རྗེས་སུ་གནང་བ་ལྟོས་ཏེ་འདུག་པར་བྱ་བ་བསྟན་པའི་ཕྱིར། གསར་བུས་ནི་བསྒོ་ནའོ་ཞེས་བྱ་བ་སྨྲས་ཏེ། ལུང་འབོགས་པར་བྱེད་པས་བསྒོ་

ཞིང་རྗེས་སུ་གནང་ན་འདུག་པར་བྱའོ། །མ་བསྒོ་བའི་ཆོ་ག་བསྟན་པའི་ཕྱིར་མ་བསྒོ་ན་ཙོག་པུས་སོ་ཞེས་བྱ་བ་སྨྲས་ཏེ། འདུག་པ་བསྟན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །མནོད་པར་བྱ་བ་མང་བ་ཉིད་ན་ཞུ་བར་བྱའོ་ཞེས་བྱ་བ་ནི། ལུང་མནོད་པར་བྱ་བའི་གཞུང་མང་བ་ཉིད་ཡིན་ན། འདུག་

པའི་ཕྱིར་ལུང་འབོགས་པར་བྱེད་པ་ལ་ཞུ་བར་བྱའོ། །འདིར་གཞུང་ནི། གལ་ཏེ་གསར་བུ་ཡིན་ལ་མང་དུ་མནོད་ན་སློབ་དཔོན་ལ་ཞུ་བ་སྟེ་སྟན་ཆེས་དམའ་བ་ལ་འདུག་ནས་ལུང་མནོད་པར་བྱའོ། །ཇི་སྟེ་ལུང་མནོད་པ་ནི་ཙོག་པུས་འདུག་སྟེའོ་ཞེས་གསུངས་པ་ཡིན་ནོ། །ཐོས་པའི་

ཉེན་ཀོར་མ་གཏོགས་པ་སྣང་བའི་ཉེན་ཀོར་དུ་འདུག་སྟེ་ཁ་དོན་བྱའོ་ཞེས་བྱ་བ་ནི་ལུང་འབོགས་པར་བྱེད་པའོ། །གདམས་ངག་མཐའ་གཅིག་ཏུ་སོང་སྟེ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། བསྒོམ་པའི་གདམས་ངག་གོ། །ལུང་འབོགས་པ་དང་མནོད་པ་ནི་ཤིན་ཏུ་ལེགས་པར་བཀླགས་པ་དང་ཤིན་

ཏུ་ཡོངས་སུ་བྱ་བ་དང་ཐེ་ཚོམ་མེད་པར་བྱས་ཏེའོ་ཞེས་བྱ་བ་ལ། ལུང་འབོགས་པ་ཞེས་བྱ་བ་ནི། ཀློག་ཏུ་གཞུག་པ་ཞེས་བྱ་བ་ལ་སོགས་པའི་དོན་དུ་ལུང་འབོགས་པར་བྱེད་པས་ལུང་ནོད་པར་བྱེད་པ་ལ་ལུང་འབོགས་པའོ། །ལུང་མནོད་པ་ཞེས་བྱ་བ་ནི། དེའི་དོན་དུ་ལུང་འབོགས་པར་བྱེད་པ་

ལས་ལུང་ནོད་པར་བྱེད་པས་ལུང་ནོད་པའོ། །ཤིན་ཏུ་ལེགས་པར་བཀླག་པ་ཞེས་བྱ་བ་ནི་ཤིན་ཏུ་ལེགས་པར་མནོད་པར་བྱས་པའོ། །ཤིན་ཏུ་ཡོངས་སུ་བྱང་བ་ཞེས་བྱ་བ་ནི། ཤིན་ཏུ་མཚན་མར་འདྲིས་པར་བྱས་པའོ། །ཐེ་ཚོམ་མེད་པར་བྱས་ཏེ་ཞེས་བྱ་བ་ནི། རྣམ་གྲངས་ཀྱི་ཕྱོགས་

Vol. 163 · folio 359a

ལ་སོགས་པ་དག་ལ་ཤིན་ཏུ་ངེས་པར་བྱས་ཏེའོ། །གནས་ཁང་དང་ཟས་ལ་བསྐོ་བ་དང་ཐུག་པ་དང་བག་ཆོས་དང་ཤིང་ཏོག་འདྲིམ་པ་བསྐོ་བར་བྱའོ་ཞེས་བྱ་བ་ནི། གང་ཟག་གནས་ཁང་བསྐོ་བ་དང་། ཟས་ལ་བསྐོ་བ་དང་། ཐུག་པ་འདྲིམ་པ་དང་། བག་ཆོས་འདྲིམ་

པ་དང་། ཤིང་ཏོག་འདྲིམ་པ་དག་སྤྲོ་བར་བྱས་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དེ་ལ་གནས་ཁང་བསྒོ་བ་བསྐོ་བའི་སྔགས་ནི་མིང་འདི་ཞེས་བྱ་བ་ཁྱོད་དགེ་སློང་ལྷགས་པ་ལྷགས་པ་རྣམས་ལ་གནས་ཁང་བསྐོ་བར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་

གསན་དུ་གསོལ། །དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་ལྷགས་པ་ལྷགས་པ་རྣམས་ལ་གནས་ཁང་བསྐོ་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་

གནས་ཁང་བསྒོ་བ་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི། དགེ་སློང་ལྷགས་པ་ལྷགས་པ་རྣམས་ལ་གནས་ཁང་བསྐོའོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཟས་ལ་བསྒོ་བ་བསྐོ་བའི་སྔགས་ནི། མིང་འདི་ཞེས་བྱ་བ་ཁྱོད་དགེ་སློང་

རྣམས་ལ་ཟས་ལ་བསྐོ་བར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཟས་ལ་བསྐོ་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་

སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཟས་ལ་བསྐོ་བར་བསྒོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་རྣམས་ལ་ཟས་ལ་བསྐོའོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐུག་པ་འདྲིམ་པ་དང་བག་ཆོས་འདྲིམ་པ་དང་ཤིང་ཏོག་འདྲིམ་པ་དག་

བསྐོ་བའི་སྔགས་ཀྱང་ཟས་ལ་བསྒོ་བ་བསྐོ་བའི་སྔགས་ཇི་སྐད་སྨོས་པ་དེ་ཉིད་ཀྱིས་ཅི་རིགས་པར་སྦྱར་བར་བྱའོ། །བར་བུར་འདྲིམ་པར་ཡང་ངོ་ཞེས་བྱ་བ་ཡང་སྤྲོ་བར་བྱ་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དེ་བསྐོ་བའི་སྔགས་ཀྱང་ཟས་ལ་བསྒོ་བ་བསྐོ་བའི་སྔགས་

Vol. 163 · folio 359b

ཇི་སྐད་སྨོས་པ་དེ་ཉིད་ཀྱིས་ཅི་རིགས་པར་སྦྱར་བར་བྱའོ། །གཞུང་ཁ་ཅིག་ལས་ནི་བར་བུར་འདྲིམ་པ་ཞེས་བྱ་བ་འདིའི་མིང་ཕྲན་ཚེགས་འདྲིམ་པ་ཞེས་འབྱུང་ངོ་། །བར་བུར་ཞེས་བྱ་བ་དེ་ཅི་ཡིན་ཞེ་ན་དེའི་ཕྱིར་ལྷག་རོལ་ཕྱི་དེ་ཉིན་པར་བྲིམ་པར་བྱ་བ་ནི་དེ་ཞེས་བྱའོ་ཞེས་བྱ་བ་སྨྲས་ཏེ། འདིར་

གཞུང་ནི་བག་ཆོས་ལ་སོགས་པ་བྲིམ་པའི་ལྷག་རོལ་ལུས་པ་སུའང་འདྲིམ་པར་མི་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བར་བུར་འདྲིམ་པར་བསྐོ་བར་བྱ་ཞིང་དེས་དེ་དག་ཕྱི་དེ་ཉིན་པར་བྲིམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྣོད་སྤྱད་འདྲུབ་པའོ་ཞེས་བྱ་བ་ནི། སྤྲོ་

བར་བྱ་སྟེ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །དེའི་སྔགས་ནི། མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་སྣོད་སྤྱད་འདྲུབ་པར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་མིང་འདི་ཞེས་བགྱི་བ་འདི་དག་དགེ་འདུན་གྱི་སྣོད་སྤྱད་འདྲུབ་པར་སྤྲོ་ན།

གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འདྲུབ་པ་བསྐོ་བར་བགྱི་སྟེ་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྤྱད་འདྲུབ་བོ། །འདི་ནི་གསོལ་བའོ་ཞེས་

བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དབྱར་གྱི་རས་ཆེན་ནོ་ཞེས་བྱ་བ་ནི། དགེ་འདུན་གྱི་དབྱར་གྱི་རས་ཆེན་སྦེད་པ་དང་འགྱེད་པར་སྤྲོ་བར་བྱ་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །འདི་དང་འོག་ནས་གོས་སྦེད་པ་དང་། གོས་འགེད་པ་ཞེས་འབྱུང་བ་གསུམ་ནི་གོས་ཀྱི་

རྙེད་པ་འདྲུབ་པ་ཞེས་བྱ་བ་སྟེ། དེ་དག་བསྐོ་བའི་སྔགས་ནི་མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་སྦེད་པ་དང་འགེད་པ་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་སྦེད་པ་

དང་འགེད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དག་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་སྦེད་པ་དང་། འགེད་པར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་

Vol. 163 · folio 360a

ཞེས་བགྱི་བ་དགེ་འདུན་གྱི་དབྱར་གྱི་གོས་རས་ཆེན་སྦེད་པ་དང་འགེད་དོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྲ་བརྐྱང་ངོ་ཞེས་བྱ་བ་ནི། སྲ་བརྐྱང་སྦེད་པ་སྤྲོ་བར་བྱས་ཏེ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོའོ། །འདིར་སྲ་བརྐྱང་

སྦེད་པ་ཞེས་བྱ་བ་ནི། ཆོས་གོས་སྲ་བརྐྱང་འདིང་བ་ཡིན་པར་དགོངས་སོ། །དེའི་སྔགས་ནི་མིང་འདི་ཞེས་བྱ་བ་ཁྱོད་དབྱར་གནས་པའི་དགེ་འདུན་གྱི་ཆོས་གོས་སྲ་བརྐྱང་འདིང་བར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་མིང་འདི་ཞེས་བགྱི་བ་འདི་དབྱར་

གནས་པའི་དགེ་འདུན་གྱི་ཆོས་གོས་སྲ་བརྐྱང་འདིང་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་ཆོས་གོས་སྲ་བརྐྱང་གདིང་བར་བསྐོ་སྟེ། དགེ་སློང་ཆོས་གོས་སྲ་བརྐྱང་འདིང་

བ་མིང་འདི་ཞེས་བགྱི་བ་འདིར་དབྱར་གནས་བའི་དགེ་འདུན་གྱི་ཆོས་གོས་སྲ་བརྐྱང་གདིང་བར་འགྱུར་རོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གོས་དག་གོ་ཞེས་བྱ་བ་ནི། གོས་སྦེད་པ་སྤྲོ་བར་བྱས་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །བགེད་

པ་ཡང་ངོ་ཞེས་བྱ་བ་ནི་གོས་དང་འགེད་པ་སྤྲོ་བར་བྱ་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །གོས་སྦེད་པ་དང་གོས་འགྱེད་པ་འདི་གཉིས་ནི་གོས་ཀྱི་རྙེད་པ་འདྲུབ་པའི་སྐབས་སུ་གཏོགས་པས་འདི་གཉིས་བསྐོ་བའི་སྔགས་ནི། གོས་ཀྱི་རྙེད་པ་འདྲུབ་པ་བསྐོ་བའི་སྔགས་ཇི་སྐད་

སྨོས་པ་དེ་ཉིད་ཀྱིས་ཅི་རིགས་པར་སྦྱར་བར་བྱའོ། །དགེ་སྐོས་དང་མངག་གཞུག་པ་དག་གོ་ཞེས་བྱ་བ་ནི། དེ་གཉིས་སྤྲོ་བར་བྱས་ཏེ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །འདི་གཉིས་བསྐོ་བའི་སྔགས་ཀྱང་སྣོད་སྤྱད་འདྲུབ་པ་བསྐོ་བའི་སྔགས་ཇི་སྐད་སྨོས་པ་དེ་གཉིས་ཀྱིས་ཅི་

རིགས་པར་སྦྱར་བར་བྱའོ། །མངག་གཞུག་པ་ཞེས་བྱ་བ་ནི། དགེ་སྐོས་ཀྱི་འགབ་ལེན་ཅིང་དེའི་ངན་འགྲོགས་བྱེད་པའོ། །འདིར་གཞུང་ནི། དགེ་སློང་རྣམས་ཀྱི་ཟན་གྱི་གྲལ་དང་ཆོས་མཉན་པར་སུ་ཡང་སྟན་ཤོམ་པར་མི་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་

Vol. 163 · folio 360b

སྐོས་བསྐོ་བར་བྱ་ཞིང་། དགེ་སྐོས་ཀྱིས་ཀུན་དུ་སྤྱད་པ་ཐམས་ཅད་བྱའོ། །དགེ་སྐོས་ལ་བྱ་བ་ཅུང་ཞིག་བྱུང་བ་ན་དེས་སུ་ཡང་མི་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མངག་གཞུག་པ་བསྐོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྡེར་སྤྱད་འདྲིམ་པའོ་ཞེས་བྱ་

བ་ནི་སྤྲོ་བར་བྱ་སྟེ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །དེའི་སྔགས་ནི་མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་སྡེར་སྤྱད་འདྲིམ་པར་སྤྲོའམ། སྤྲའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་སྡེར་སྤྱད་འདྲིམ་པར་

སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་སྡེར་སྤྱད་འདྲིམ་པར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་སྡེར་སྤྱད་འདྲིམ་མོ། །འདི་ནི་གསོལ་

བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་དག་བྲིམ་བ་དང་ཟན་གྱུ་ནས་བྲུབ་པ་ནི་དེའི་ལས་ཡིན་ནོ་ཞེས་བྱ་བ་ནི། སྡེར་སྤྱད་དེ་དག་བྲིམ་པ་དང་གདུགས་ཚོད་རྒྱུ་ནས་བྲུབ་པ་ནི། སྡེར་སྤྱད་འདྲིམ་པ་དེའི་ལས་ཡིན་ནོ། །འདིར་གཞུང་ནི་དེས་དགེ་སློང་རྣམས་ཀྱི་ཟན་གྱི་གྲལ་

དུ་སྡེར་སྤྱད་དག་བྲིམ་པར་བྱ་ཞིང་། ཟན་གྱུ་ནས་བྲུབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཆུའི་ཞལ་ཏ་བའོ་ཞེས་བྱ་བ་ནི། སྤྲོ་བར་བྱ་སྟེ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །དེ་བསྐོ་བའི་སྔགས་ཀྱང་ཟས་ལ་བསྒོ་བ་བསྐོ་བའི་སྔགས་ཇི་སྐད་སྨོས་པ་དེ་ཉིད་ཀྱིས་ཅི་རིགས་

པར་སྤྲོ་བར་བྱའོ། །མཛེས་འཆོས་པས་སོ་ཞེས་བྱ་བ་ནི། སྤྲོ་བར་བྱ་སྟེ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །དེ་བསྐོ་བའི་སྔགས་ཀྱང་དགེ་སྐོས་བསྐོ་བའི་སྔགས་ཀྱིས་ཅི་རིགས་པར་བསྐོ་བར་བྱའོ། །དེས་བལྟས་ཏེ་རབ་ཏུ་བྱུང་བ་རྣམས་མི་མཛེས་པ་བསྟན་ན་སེ་གོལ་གྱི་

སྒྲ་སྔོན་དུ་བཏང་སྟེ་མཛེས་པ་ལ་ངེས་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི། མཛེས་འཆོས་དེས་སོ། །མཛེས་པ་ལ་ངེས་པར་སྦྱར་བའི་ངོ་བོ་ཉིད་བསྟན་པའི་ཕྱིར། འདི་ལྟ་སྟེ་ཟས་ལ་སྒྲ་བསྐྱུང་བ་ཉིད་དང་ཤིན་ཏུ་བསྡམས་པ་ཉིད་དང་ཤིན་ཏུ་ནོགས་ཐུབ་པ་ཉིད་ཀྱིས་སོ། །མཆོད་རྟེན་ལ་

Vol. 163 · folio 361a

ཕྱག་བྱ་བ་སྒྲ་བསྐྱུང་བ་ཉིད་དང་རྒན་རིམས་ཀྱིས་སོ་ཞེས་བྱ་བ་སྨྲས་སོ། །བང་རིམ་གྱི་ཞལ་ཏ་པའོ་ཞེས་བྱ་བ་ནི། སྤྲོ་བར་བྱས་ཏེ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །འདི་བསྐོ་བའི་སྔགས་ཀྱང་གནས་ཁང་བསྒོ་བ་བསྐོ་བའི་སྔགས་ཇི་སྐད་སྨོས་པ་དེ་

ཉིད་ཀྱིས་ཅི་རིགས་པར་སྦྱར་བར་བྱའོ། །དེས་དང་པོར་ཟན་ཟོས་ཏེ་དབྱུ་གུ་བླངས་ནས། ཟན་ཟ་བ་དག་ལ་ཁྭ་དང་བྱེའུ་དང་ཕུག་རོན་ལ་སོགས་པ་དག་བཟློག་པར་བྱའོ་ཞེས་བྱ་བ་ནི་བང་རིམ་གྱི་ཞལ་ཏ་པ་དེས་སོ། །ཁྭ་ལ་སོགས་པ་དེ་དག་ནི་བང་རིམ་དག་ཏུ་གནས་འཆའ་བས་དེའི་ཕྱིར་དེས་

ཤས་ཆེར་དེ་དག་ཟློག་པར་བྱེད་པས་བང་རིམ་གྱི་ཞལ་ཏ་པ་ཞེས་བྱའོ། །གནས་མལ་འབོགས་པ་དང་གནས་མལ་བྱི་དོར་འབོགས་པའོ་ཞེས་བྱ་བ་ནི། དེ་གཉིས་དབོག་པར་སྤྲོ་བར་བྱས་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྒོ་བར་བྱའོ། །གནས་མལ་ཞེས་བྱ་བ་ནི་ཁྲི་དང་ཁྲིའུ་

དང་སྟན་ནང་ཚངས་ཅན་དང་། མལ་ཆ་དང་སྟན་དང་གནས་མལ་ལ་སོགས་པའོ། །གནས་མལ་བྱི་བོ་ཞེས་བྱ་བ་ནི་ཁྲི་དང་ཁྲིའུ་དང་སྟན་ནང་ཚངས་ཅན་དང་མལ་ཆ་དང་སྟན་དང་གནས་ལ་སོགས་པ་མེད་པ་འདི་ལྟ་སྟེ། ཤིང་ལྗོན་པའི་དྲུང་དང་། ནེའུ་གསིང་ལ་སོགས་པ་གཏན་གྱི་

གནས་མལ་མ་ཡིན་པའོ། །དེ་གཉིས་བསྐོ་བའི་སྔགས་ནི་མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་གནས་མལ་འབོགས་པར་སྤྲོའམ། སྤྲོའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་གནས་མལ་དབོག་པ་སྤྲོ་ན། གལ་ཏེ་དགེ་འདུན་

གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱི་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་གནས་མལ་འབོགས་པར་བསྐོ་བར་བགྱི་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་གནས་མལ་དབོག་གོ། །འདི་ནི་གསོལ་བའོ་

ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཟས་རུང་བ་དང་བཅས་པ་ཉིད་ཡིན་ན་མི་དག་འོང་བ་ལ་སྒེའུ་ཆུང་སྲུང་བའོ་ཞེས་བྱ་བ་ནི། ཟས་རུང་བ་དང་བཅས་པ་ཉིད་ཅེས་བྱ་བ་ཤ་དང་བཅས་པ་ཉིད་ཡིན་ན། དེར་མི་གཞན་དག་འོང་བ་དགག་པའི་ཕྱིར་སྒེའུ་ཆུང་སྲུང་བ་སྤྲོ་བར་བྱས་ཏེ།

Vol. 163 · folio 361b

གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །འདིར་སྒེའུ་ཆུང་ཞེས་བྱ་བ་ནི་འགག་སྒོ་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི་དགེ་སློང་དག་གྲལ་ན་ཟན་ཟ་བར་མི་དག་འོངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒེའུ་ཆུང་སྲུང་བ་བསྐོ་བར་བྱའོ། །ཤ་དག་འདྲིམ་

པ་ན་བྲམ་ཟེ་དང་ཁྱིམ་བདག་དག་འཕྱ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཚེ་རུང་བ་ཡོད་པ་དེའི་ཚེ་སྒེའུ་ཆུང་སྲུང་བ་བསྐོ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་བསྒོ་བ་བསྐོ་བའི་སྔགས་ཀྱང་ཟས་ལ་བསྒོ་བ་བསྐོ་བའི་སྔགས་ཇི་སྐད་བསྟན་པ་དེ་ཉིད་ཀྱིས་ཅི་རིགས་པར་

སྦྱར་བར་བྱའོ། །གནས་མལ་གྱི་གཞིའོ་ཞེས་བྱ་བ་དེ་འདུལ་བའི་གཞིའི་སྐབས་ནས་འབྱུང་བ་བཤད་ཟིན་ཏོ།། །།ད་ནི་གནས་མལ་གྱི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས་བསྡུ་བའི་ཕྱིར་ཕྱག་འཚལ་བའི་གནས་མུན་ཁྲོད་དུ་ཕྱག་དང་བཅས་པའི་ཚིག་བརྗོད་པར་བྱའོ་ཞེས་བྱ་བ་

སྨྲས་ཏེ། ཕྱག་འཚལ་བའི་གནས་མུན་ཁྲོད་དུ་དགེ་སློང་གིས་ཕྱག་མི་བྱ་བར་ཕྱག་འཚལ་ལོ་ཞེས་བྱ་བའི་སྒྲ་དང་བཅས་པའི་ཚིག་བརྗོད་པར་བྱའོ། །ཉེན་ཀོར་དུ་གྱུར་པ་གཞན་གྱིས་ཕྱག་བྱ་བར་བརྩམས་པ་ལ་ཕྱག་མི་བྱ་བར་མི་བྱའོ་ཞེས་བྱ་བ་ནི། ཕྱག་བྱ་བར་འོས་པ་ཉེན་ཀོར་དུ་འོངས་པ་

གཞན་གྱིས་ཕྱག་བྱ་བར་བརྩམས་པ་ལ་བདག་གིས་ཕྱག་བྱས་ཟིན་ཀྱང་བླ་སྟེ་ཡང་ཕྱག་བྱ་བའོ། །ཚངས་པའི་ཕྱག་གིས་ནི་དེ་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཚངས་པའི་ཕྱག་བྱའོ། །ཚངས་པའི་ཕྱག་ཅེས་བྱ་བ་དགེ་འདུན་ཐམས་ཅད་གནས་གཅིག་ཏུ་ཚོགས་པ་ལ་སྤྱིར་ཕྱག་བྱ་བ་

སྟེ་དེ་བྱས་ན་ཕྱག་དེ་བྱས་པ་ཉིད་ཡིན་པའོ། །ནང་དང་བཅས་པ་ལ་ཕྱག་མི་བྱའོ་ཞེས་བྱ་བ་ལ། འདིར་ནང་དང་བཅས་པ་ཞེས་བྱ་བ་ནི་གནོད་པ་བྱ་བའི་བསམ་པས་ཉེ་བར་གནས་པ་ཡིན་པར་རིག་པར་བྱའི། རྩོད་དོ་ཅོག་ཐམས་ཅད་ནི་མ་ཡིན་ནོ། །དེས་ན་གནོད་པ་བྱ་བའི་བསམ་པས་ཉེ་

བར་གནས་པ་ལ་ཕྱག་བྱ་བར་མི་རུང་གི་རྩོད་པ་གཞན་ལ་ནི་རུང་ངོ་། །འདིར་གཞུང་ནི་གཉིས་ལ་ཕྱག་བྱ་སྟེ། གློ་བུར་དུ་འོངས་པ་དག་དང་གཉུག་མར་གནས་པ་དག་གིས་ཕན་ཚུན་རྒན་རིམས་བཞིན་དུ་ཕྱག་བྱའོ། །ནང་དང་བཅས་པ་དང་སྤོ་བ་བྱེད་པ་དག་ནི་མ་གཏོགས་སོ་ཞེས་

Vol. 163 · folio 362a

གསུངས་པ་ཡིན་ནོ། །ཕྱག་འཚལ་བ་ལ་ཨ་རོག་གྱ་ཞེས་མི་བྱ་བར་མི་བྱའོ་ཞེས་བྱ་བ་ནི། གང་ཟག་ཕྱག་འཚལ་བ་ལ་ཨ་རོག་གྱ་ཞེས་བརྗོད་པར་བྱ་བ་ཁོ་ན་ཡིན་པའོ། །འདས་པ་ན་ཕྱག་བྱ་བ་ཡིན་པ་ལ་ནི་ཕྱག་མི་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། སྔོན་འདས་

པའི་དུས་ན་དེ་ཕྱག་བྱ་བ་ཉིད་དུ་གྱུར་པ་ཡིན་ནོ། །ད་ལྟར་ཕྱག་བྱ་བ་ཉིད་མ་ཡིན་དུ་ཟིན་ཀྱང་། སྔོན་གྱི་གནས་སྐབས་དེ་ཉིད་མངོན་སུམ་དུ་བྱས་ཏེ་ཕྱག་བྱ་བར་རུང་བས་དེའི་ཕྱིར་དེ་ལ་ནི་ཕྱག་མི་བྱ་བ་ཉིད་མ་ཡིན་ནོ། །འདི་ནི་དགེ་སློང་རྒན་པོ་ཁྲོས་པའི་དབང་གིས་སྡོམ་པ་རྒྱུན་ཆད་དེ་

སྦྲུལ་དུ་གྱུར་པ་ལ་དགེ་སློང་ཅིག་ཤོས་ཀྱིས་སྔོན་གྱི་རྒྱུད་དེ་ཉིད་མངོན་སུམ་དུ་བྱས་ཏེ། འདུད་པར་བྱའོ་ཞེས་གསུངས་པའི་གླེང་གཞི་ཡིན་ཏེ། ཐམས་ཅད་ལ་བྱེ་བྲག་མེད་པར་རུང་བས་འདིར་སྤྱིར་མདོར་བྱས་སོ། །སྦགས་པ་ལ་ཕྱག་མི་བྱའོ་ཞེས་བྱ་བ་ནི། གང་ཟག་སྦགས་

པ་ལ་ཕྱག་མི་བྱའོ། །སྦགས་པས་མི་བྱའོ་ཞེས་བྱ་བ་ནི། གང་ཟག་སྦགས་པས་གཞན་ལ་ཕྱག་མི་བྱ་བའོ། །དེ་བདག་གིར་མི་བྱའོ་ཞེས་བྱ་བ་ནི། སྦགས་པས་ཕྱག་དེར་བདག་གིར་མི་བྱའོ། །སྦགས་པ་ལས་མི་བྱའོ་ཞེས་བྱ་བ་ནི། སྦགས་པ་གཞན་ལས་ཕྱག་དེ་

བདག་གིར་མི་བྱའོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་ནད་པ་ལ་བལྟ་བར་བྱའོ་ཞེས་གསུངས་པ་དང་། ནད་པ་བལྟ་བའི་དགེ་སློང་རྒན་པོ་དག་དང་། གསར་བུ་དག་ཀྱང་དོང་ནས་དེ་ན་གསར་བུ་གང་དག་ཡིན་པ་དེ་དག་ནི་ནད་པ་དེ་ལ་ཕྱག་དག་འཚལ་བར་བྱེད་རྒན་པོ་

གང་དག་ཡིན་པ་དེ་དག་ལ་ནི། ནད་པ་དེ་ཕྱག་དག་འཚལ་བར་བྱེད་པ་ན་དེ་སྐྱོ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦགས་པ་ལ་ཕྱག་མི་བྱའོ། །སྦགས་པས་ཕྱག་མི་བྱའོ། །སྦགས་པས་ཕྱག་བདག་གིར་མི་བྱའོ། །སྦགས་པ་ལས་ཕྱག་

བདག་གིར་མི་བྱའོ། །སྦགས་པ་ལ་ཕྱག་འཚལ་ལམ། སྦགས་པས་ཕྱག་འཚལ་ལམ། སྦགས་པས་ཕྱག་བདག་གིར་བྱེད་དམ། སྦགས་པ་ལས་ཕྱག་བདག་གིར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྦགས་པ་ནི་རྣམ་པ་གཉིས་ཏེ།

Vol. 163 · folio 362b

ཐ་ན་སོ་ཤིང་ཡན་ཆད་ཟ་བས་དང་། ཐ་ན་དེའི་ས་བྱི་དོར་བྱེད་པ་ཡན་ཆད་མི་གཙང་བས་སོ་ཞེས་བྱ་བ་ནི། ཟ་བས་སྦགས་པ་ནི་ཐ་ན་སོ་ཤིང་ཡན་ཆད་ཟ་བས་སྦགས་པ་ཡིན་ནོ། །མི་གཙང་བས་སྦགས་པ་ནི་ཐ་ན་མི་གཙང་བའི་ས་བྱི་དོར་བྱེད་པ་ཡན་ཆད་ཀྱིས་སྦགས་པ་ཡིན་

ནོ། །འདི་ལ་གཅེར་བུ་ཉིད་དང་གོས་གཅིག་པ་ཉིད་ནི་སྦགས་པ་དང་འདྲའོ་ཞེས་བྱ་བ་ནི། ཕྱག་བྱ་བ་འདི་ལ་སྟེ། དེས་ན་གཅེར་བུ་ལ་ཕྱག་མི་བྱའོ། །གཅེར་བུས་ཕྱག་མི་བྱའོ། །གཅེར་བུས་ཕྱག་བདག་གིར་མི་བྱའོ། །གཅེར་བུ་ལས་ཕྱག་བདག་གིར་མི་བྱའོ། །དེ་

བཞིན་དུ་གོས་གཅིག་པ་ལ་ཕྱག་མི་བྱའོ། །གོས་གཅིག་པས་ཕྱག་མི་བྱའོ། །གོས་གཅིག་པས་ཕྱག་བདག་གིར་མི་བྱའོ། །གོས་གཅིག་པ་ལས་ཕྱག་བདག་གིར་མི་བྱའོ། །ཕྱག་ནི་རྣམ་པ་གཉིས་ཏེ། ཡན་ལག་ལྔས་ཕྱག་འཚལ་བ་དང་། སྒྱིད་པ་ལ་འཁྱུད་པས་

ཕྱག་འཚལ་བའོ་ཞེས་བྱ་བ་ནི། དེ་གཉིས་གང་ཡང་རུང་བ་ཅིག་བྱས་ན་ཡང་ཕྱག་འཚལ་བ་ཉིད་ཡིན་ནོ། །སྦྲིད་པ་བྱུང་བ་ལ་སོས་ཞེས་བརྗོད་པར་མི་བྱ་སྟེ། རྒན་ཞུགས་དང་ཁྱིམ་པ་ལ་ནི་མ་གཏོགས་སོ་ཞེས་བྱ་བ་ནི། གང་ཟག་སྦྲིད་པ་བྱུང་བ་ལ་སོས་ཞེས་བརྗོད་པར་མི་

བྱའོ། །གང་ཟག་རྒན་ཞུགས་དང་ཁྱིམ་པ་ལ་ནི་མ་གཏོགས་ཏེ། དེ་ཉིད་ལ་ནི་སོས་ཞེས་བརྗོད་དུ་རུང་བའོ། །གསར་བུ་དེ་ལ་ནི་ཨ་རོག་གྱ་ཞེས་བྱའོ་ཞེས་བྱ་བ་ནི། གསར་བུ་སྦྲིད་པ་བྱུང་བ་དེ་ལ་ནི་རྒན་པོས་ཨ་རོག་གྱ་ཞེས་བརྗོད་པར་བྱའོ། །རྒན་པ་ལ་ནི་ཕྱག་བྱའོ་ཞེས་བྱ་བ་ནི།

རྒན་པོ་སྦྲིད་པ་བྱུང་བ་དེ་ལ་ནི་གསར་བུས་ཕྱག་བྱའོ། །སྦྲིད་པ་བྱུང་ན་ཡང་ངོ་ཞེས་བྱ་བ་ནི། གསར་བུ་སྦྲིད་པ་བྱུང་ན་ཡང་རྒན་པོ་ལ་ཕྱག་བྱའོ། །འདིར་གཞུང་ནི་གསར་བུས་སྦྲིད་པ་བྱུང་ན་ཕྱག་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་དང་མིང་

དང་རུས་བརྗོད་པས་ཀུན་དུ་སྤྱད་པར་མི་བྱའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་ཞེས་བརྗོད་པ་དང་། མིང་ནས་བརྗོད་པ་དང་། རུས་ནས་བརྗོད་པས་བོད་པར་མི་བྱའོ། །ཉེ་བའི་ཚིག་དང་བྲལ་བར་དེའི་མཚན་ནམ་གདུང་སྨོས་པར་མི་བྱའོ་ཞེས་བྱ་བ་ནི། ཉེ་

Vol. 163 · folio 363a

བའི་ཚིག་དང་བཅས་པར་མཚན་ནམ་གདུང་སྨོས་པར་མི་བྱའོ། །འདིར་གཞུང་ནི་འདི་ལྟར་ཉེ་བའི་ཚིག་དང་བཅས་པས་སྟོན་པར་མཚན་སྨོས་པར་བྱ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་

ཡིན་ནོ། །རྒན་པའི་མི་བྱའོ་ཞེས་བྱ་བ་ནི་ཉེ་བའི་ཚིག་དང་བྲལ་བར་མིང་དང་རུས་སྨོས་པར་རོ། །འདི་ལ་གནས་བརྟན་དང་ཚེ་དང་ལྡན་པ་ནི་ཉེ་བའི་ཚིག་ཉིད་ཀྱི་ཚུལ་དང་མཐུན་པ་ཡིན་ནོ་ཞེས་བྱ་བ་ནི་རྒན་པ་འདི་ལའོ། །སྔ་མ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་

པ་ལ་སྟེ། སྟོན་པ་ལ་གནས་བརྟན་དང་ཚེ་དང་ལྡན་པ་ཞེས་བྱ་བ་ནི་ཉེ་བའི་ཚིག་ཉིད་ཀྱི་ཚུལ་དང་མཐུན་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ལག་གི་བླས་འགྲོ་བ་དང་འོང་བ་དང་ལྡན་པའི་གཞིར་གཙུག་ལག་ཁང་རབ་ཏུ་གནས་པར་བྱའོ་ཞེས་བྱ་བ་ནི། གང་དུ་འགྲོར་ཡང་ནུས་ལ་འོང་བར་

ཡང་ནུས་པའི་གཞིར་རོ། །འདིར་གཞུང་ནི་མ་མོ་ལས་ཕྱོགས་གང་དུ་དང་པོ་གཙུག་ལག་ཁང་རབ་ཏུ་གནས་པར་བྱེད་པ་དེར་དགེ་སློང་ལག་གི་བླས། དང་པོ་ཁོ་ནར་གཙུག་ལག་ཁང་གི་གཞི་བརྟག་པར་བྱ་སྟེ་འོང་བ་དང་ལྡན་པ་དང་། འགྲོ་བ་དང་ལྡན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་

པ་ཡིན་ནོ། །ཤིང་ལྗོན་པ་དང་རྫིང་བུ་དང་འཆགས་དག་ཀྱང་ངོ་ཞེས་བྱ་བ་ཡང་ལྡན་པར་ཞེས་བྱ་བར་སྦྱར་ཏེ་ཤིང་ལྗོན་པ་དང་ལྡན་པ་དང་རྫིང་བུ་དང་ལྡན་པ་དང་འཆགས་དང་ལྡན་པའི་གཞིར་གཙུག་ལག་ཁང་རབ་ཏུ་གནས་པར་བྱའོ། །ཉེན་ཀོར་དང་ངོ་ཞེས་བྱ་བ་ནི། ཉེན་ཀོར་དང་ལྡན་

པའི་གཞིར་གཙུག་ལག་ཁང་རབ་ཏུ་གནས་པར་བྱ་བའོ། །རྒྱུན་ལུགས་དང་ཀླག་ཅོར་དང་སྒྲ་དང་ཏུག་རིང་ཆུང་བར་རོ་ཞེས་བྱ་བ་ནི། རྒྱུན་ལུགས་ཉུང་བ་དང་ཀླག་ཅོར་ཆུང་བ་དང་། སྒྲ་ཆུང་བ་དང་ཏུག་རིང་ཆུང་བར་གཙུག་ལག་ཁང་རབ་ཏུ་གནས་པར་བྱའོ། །དེ་ལ་གང་དུ་སྐྱེ་བོ་མང་

པོ་ཡང་དང་ཡང་དུ་འདུ་བར་མི་འགྱུར་བ་དེ་ནི་རྒྱུན་ལུགས་ཉུང་བའོ། །རང་དབང་དུ་གཏམ་ཟེར་བའི་ཕེབས་པར་སྨྲ་བ་ནི་ཀླག་ཅོར་རོ། །བྲམ་ཟེའི་ཀློག་པ་དང་འདུན་མའི་ཐ་སྙད་དང་གླང་པོ་ཆེ་དང་རྟ་ལ་སོགས་པའི་སྒྲ་ནི་སྒྲའོ། །རྫ་རྔ་ལ་སོགས་པའི་སྒྲ་སྐད་ནི་ཏུག་རིང་སྟེ་དེ་དག་ཆུང་

Vol. 163 · folio 363b

བར་རོ། །སྦྱིན་པ་པོས་རྗེས་སུ་གནང་ན་གཙུག་ལག་ཁང་བྱ་བའི་དངོས་པོ་ལས་དེ་བྱ་བའི་སྤྱད་བྱའོ་ཞེས་བྱ་བ་ནི། སྦྱིན་བདག་གིས་རྗེས་སུ་གནང་ན་གཙུག་ལག་ཁང་བྱེ་བའི་རྫས་གང་ཡིན་པ་དེ་ལས་ལག་གི་བླས་བྱ་བའི་སྤྱད་བྱ་བ་ལ་མི་རིགས་པ་མེད་པའོ། །འདིར་གཞུང་ནི་གལ་

ཏེ་ཁྱིམ་བདག་གིས་རྗེས་སུ་སྟེར་ན་དེ་ཉིད་ལ་སྤྱད་ཉེ་བར་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་བཞག་པའི་ཁང་པ་སྦྱིན་ནོ་ཞེས་བྱ་བ་ནི། ལག་གི་བླས་བྱ་བའི་སྤྱད་དེ་གཞག་པའི་ཁང་པ་སྦྱིན་པར་བྱའོ། །འདིར་གཞུང་ནི་དེའི་ཁང་པ་ཡང་སྦྱིན་པར་བྱ་ཞིང་དེར་གཞག་

པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེར་དགོས་པའི་འབྲུ་མར་ལ་སོགས་པ་ཚོད་རན་པར་ཉོའོ་ཞེས་བྱ་བ་ནི། ལག་གི་ལས་བྱ་བ་དེར་དགོས་པའི་འབྲུ་མར་ལ་སོགས་པ་ཇི་དགོས་པ་ཉོ་བར་བྱ་བའོ། །ལག་གི་བླས་སྤྱི་བུངས་ཅི་འདྲ་བ་དེ་འདྲ་བ་བཟའོ་ཞེས་བྱ་བ་ནི་ལག་གི་བླས་

ཟན་ནི་དགེ་སློང་བཞི་པ་དག་གིས་ཟན་གྱི་སྤྱི་བུངས་ཅི་འདྲ་བར་བཟའ་བར་བྱའི་ལྷག་པར་མི་བྱ་བའོ། །གཙུག་ལག་ཁང་གི་སྤྱི་བུངས་ཀྱི་ཟན་ཐང་གང་དང་སྦྱར་ཞེ་ན། ལག་གི་བླ་དེ་གཙུག་ལག་ཁང་གང་དུ་གཏོགས་པའི་དགེ་སློང་གཞན་དག་གི་སྤྱི་བུངས་ཀྱི་ཟན་ཐང་དང་སྦྱར་ཏེ་བཟའོ། །

གནས་དེའི་གཙུག་ལག་ཁང་མེད་པ་ཉིད་ཡིན་ན་ཉེན་ཀོར་གྱི་གཙུག་ལག་ཁང་གིའོ་ཞེས་བྱ་བ་ནི། གལ་ཏེ་གནས་དེ་ན་གཙུག་ལག་ཁང་གཞན་མེད་པ་ཉིད་ཡིན་ན་ཉེན་ཀོར་གྱི་གཙུག་ལག་ཁང་གི་ཟན་ཐང་ཇི་ཙམ་པ་དེ་ཙམ་བཟའ་བར་བྱ་བའོ། །སྣུམ་བག་གི་རྙེད་པ་ནོད་དེ་ཞེས་བྱ་

བ་ནི། བྱ་ན་ཡང་དགེ་སློང་གཞན་གྱི་ཐང་བཞིན་དུ་མནོད་པའོ།། །།བམ་པོ་དྲུག་ཅུ་དགུ་པ། གཙུག་ལག་ཁང་དག་གི་བརྩེགས་མ་ཉིད་ཀྱི་མཐའ་ནི་ལྔའོ་ཞེས་བྱ་བ་ནི་དགེ་སློང་རྣམས་ཀྱིའོ། །དགེ་སློང་མ་རྣམས་ཀྱི་བརྩེགས་མ་ཉིད་ནི་གསུམ་མོ་ཞེས་བྱ་བའི་

མཐའོ། །འདིར་གཞུང་ནི་སིལ་བུ་དག་ལས་དགེ་སློང་རྣམས་ཀྱི་གཙུག་ལག་ཁང་ནི་ལྔ་བརྩེགས་སུ་བྱའོ། །དྲི་གཙང་ཁང་ནི་བདུན་བརྩེགས་སོ། །སྒོ་ཁང་སྟེང་གི་བསིལ་ཁང་ཡང་བདུན་བརྩེགས་སོ། །དགེ་སློང་མ་རྣམས་ཀྱི་གཙུག་ལག་ཁང་ནི་སུམ་བརྩེགས་སོ། །དྲི་གཙང་

Vol. 163 · folio 364a

ཁང་ནི་ལྔ་བརྩེགས་སོ། །སྒོ་ཁང་སྟེང་གི་བསིལ་ཁང་ཡང་ལྔ་བརྩེགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དྲི་གཙང་ཁང་དང་སྒོ་ཁང་སྟེང་གི་བསིལ་ཁང་དག་གི་བརྩེགས་མ་གཉིས་ཀྱིས་ལྷག་པར་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་པས་བརྩེགས་མ་

གཉིས་ཀྱིས་ལྷག་པར་བྱ་བ་སྟེ། དགེ་སློང་རྣམས་ཀྱི་ནི་བདུན་བརྩེགས་སོ། །དགེ་སློང་མ་རྣམས་ཀྱི་ནི་ལྔ་བརྩེགས་སོ། །དེ་དག་ལྕི་བས་འཇིག་པ་ཉིད་ཡིན་ན་བརྩེགས་མ་གཞིག་པ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་བྱ་བ་ནི། དགེ་སློང་དང་དགེ་སློང་མའི་གཙུག་ལག་ཁང་དེ་དག་ལྕི་བས་འཇིག་

པ་ཉིད་ཡིན་ན་བརྩེགས་མ་འཇིག་པ་ལ་ཁ་ན་མ་ཐོ་བ་མེད་པ་ཉིད་ཡིན་ཏེ། བརྩེགས་མ་ཇི་སྙེད་གཞིག་པ་གཅིག་གམ་དུ་མ་དེ་སྙེད་གཞིག་པར་བྱའོ། །བརྩམས་པ་བསྐྱེད་པའམ་བསྐྱུང་བར་བྱ་བའི་ཕྱིར་གཞིག་པར་ཡང་ངོ་ཞེས་བྱ་བ་ཡང་ཁ་ན་མ་ཐོ་བ་མེད་དོ་ཞེས་བྱ་བར་སྦྱར་ཏེ། གཙུག་

ལག་ཁང་བརྩམས་པ་མཐར་ཐུག་པ་ཡོ་བྱད་ལ་སོགས་པ་དང་ལྡན་པས་ཆུང་ངུ་ཆེན་པོར་བསྐྱེད་པར་བྱ་བའི་ཕྱིར་རམ། ཡོ་བྱད་ལ་སོགས་པ་དང་མི་ལྡན་པ་ཆེན་པོ་ཆུང་ངུར་བསྐྱུང་བར་བྱ་བའི་ཕྱིར་གཞིག་པ་ལ་ཡང་ཁ་ན་མ་ཐོ་བ་མེད་དོ། །འདིར་གཞུང་ནི་གལ་ཏེ་བྱེད་དུ་འཇུད་མི་

ནུས་ན་གཞིག་སྟེ་ཆུང་ངུར་བྱེད་དུ་གཞུག་སྟེ་འདི་ལ་འགྱེད་པར་མི་བྱའོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །མཆོད་རྟེན་དང་སྐུ་གཟུགས་དག་ནི་བསྐྱེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི། བརྩམས་པ་བཤིག་ན་ཁ་ན་མ་ཐོ་བ་མེད་པ་སྟེ། དེ་གཉིས་བརྩམས་པ་བསྐྱུང་བའི་ཕྱིར་

བཤིག་པ་ནི་ཁ་ན་མ་ཐོ་བར་འགྱུར་རོ། །རྙིང་པ་ཉིད་ཀྱི་ཕྱིར་ནི་ཟིན་ཀྱང་མཉམ་པའི་ཕྱིར་ཡང་ངོ་ཞེས་བྱ་བ་ནི། མཆོད་རྟེན་དང་སྐུ་གཟུགས་དག་རྙིང་པ་ཉིད་གསར་བུས་བཅོས་པའི་ཕྱིར་ནི་བརྩམས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཟིན་ཀྱང་རུང་སྟེ། བརྩམས་པའམ་ཟིན་

པ་དེ་དག་བསྐྱེད་པ་འབའ་ཞིག་གི་ཕྱིར་བཤིག་པ་ལ་ཁ་ན་མ་ཐོ་བ་མེད་པར་མ་ཟད་ཀྱི། སྔ་མ་དང་མཉམ་པར་བྱ་བའི་ཕྱིར་གཞིག་པ་ལ་ཡང་ཁ་ན་མ་ཐོ་བ་མེད་དོ། །རྙིང་པ་གང་ལ་ཕྱིར་བཅོས་པས་བསྐྱེད་པར་བྱ་མི་ནུས་པ་དེ་ལ་མཉམ་པ་ལ་ཁ་ན་མ་ཐོ་བ་མེད་པ་འདི་གསུངས་

Vol. 163 · folio 364b

པར་རིག་པར་བྱའོ། །ཕྱོགས་ཕྱིར་བཅོས་པའི་ཕྱིར་ཡང་ངོ་ཞེས་བྱ་བ་ནི། མཆོད་རྟེན་དང་སྐུ་གཟུགས་དག་གི་ཕྱོགས་གཅིག་རྙིང་པ་ཕྱིར་བཅོས་པར་བྱ་བའི་ཕྱིར་བཤིག་པ་ལ་ཡང་ཁ་ན་མ་ཐོ་བ་མེད་དོ། །འདིར་གཞུང་ནི་མཆོད་རྟེན་དང་སྐུ་གཟུགས་དག་རྙིང་པ་ན། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱིར་བཅོས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མདོ་སྔ་མའི་གཞུང་ནི། སྐྱང་ནུལ་གྱིས་སྐུ་གཟུགས་དག་རྙིང་པར་གྱུར་པ་ན། དགེ་སློང་དག་འགྱོད་པས་ཕྱིར་མི་འཆོས་པར་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

ལྷག་པའམ་མཉམ་པར་བྱའི་ཆུང་བར་ནི་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གདུགས་ལ་སོགས་པ་དབོག་པ་ཡང་ངོ་ཞེས་བྱ་བ་ནི། རྙིང་པ་ཕྱིར་བཅོས་པའི་ཕྱིར་མཆོད་རྟེན་དང་སྐུ་གཟུགས་དག་ལས་དབོག་པ་ལ་ཁ་ན་མ་ཐོ་བ་མེད་པའོ། །སྩོགས་པ་ཞེས་བྱ་བའི་སྒྲས་ནི་ཆར་ཁབ་

ལ་སོགས་པ་དག་ཀྱང་བསྡུའོ། །གཞན་གདགས་པའི་ཕྱིར་ཡང་ངོ་ཞེས་བྱ་བ་ནི། རྙིང་པ་ཕྱིར་བཅོས་པར་བྱ་བའི་ཕྱིར་དབོག་པ་ལ་ཁ་ན་མ་ཐོ་བ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། སར་པ་གཞན་གདགས་པའི་ཕྱིར་དབོག་པ་ལ་ཡང་ཁ་ན་མ་ཐོ་བ་མེད་པའོ། །དེའི་དོན་དུ་ཉེ་བར་མ་

བཞག་པ་དབོག་པར་མི་བྱའོ་ཞེས་བྱ་བ་ནི། གཞན་གདགས་པ་དེའི་དོན་དུ་གདུགས་ལ་སོགས་པ་ཉེ་བར་མ་བཞག་པར་སྔ་མ་དབོག་པར་མི་བྱའོ། །འདིར་གཞུང་ནི་གཞན་དག་གིས་གདུགས་དག་ཕོག་པར་གྱུར་ནས། དེ་དག་བར་དུ་དུས་བྱེད་པར་གྱུར་པ་དང་བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། ཇི་སྲིད་དུ་གཞན་དག་ཉེ་བར་མ་བཞག་པ་དེ་སྲིད་དུ་དབོག་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །སྐྱེས་པའི་རབས་ལ་སོགས་པའི་རི་མོ་དང་སངས་རྒྱས་ཀྱི་བཀའི་ཡི་གེ་དག་ཀྱང་ངོ་ཞེས་བྱ་བ་ནི། དེ་དག་ཀྱང་རྙིངས་པ་བཅོས་པའི་ཕྱིར་ཕྱིད་པ་ལ་ཁ་ན་

མ་ཐོ་བ་མེད་དོ། །ཅི་ཞིག་གི་ཕྱིར་ཕྱིད་པ་ལ་ཞེ་ན། དེའི་ཕྱིར་ཕྱིད་པའི་བྱེ་བྲག་ཁོ་ན་བྱ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གཏམ་རྒྱུད་ཀྱི་རི་མོ་དང་ཡི་གེའི་གཞུང་བྱིད་པའི་བྱེ་བྲག་གང་ཡིན་པ་དེ་ཁོ་ན་ཕྱིར་བྲི་བའི་ཕྱིར་ཕྱིད་པ་ལ་ཁ་ན་མ་ཐོ་བ་མེད་དོ། །འདི་སྐད་བསྟན་ཏེ། གཏམ་རྒྱུད་ཀྱི་བྱེ་

Vol. 163 · folio 365a

བྲག་དང་ཡི་གེའི་བྱེ་བྲག་དེ་གཉིས་ཁོ་ན་ཕྱིར་བྲི་བའི་ཕྱིར་དེ་ལ་དབྱིད་པར་བྱའི་གཞན་གྱི་ཕྱིར་ནི་མ་ཡིན་ནོ། །རྩོམ་པར་བྱེད་པས་མ་བྱས་ན་གཞན་གྱིས་ལྷག་མ་བྱའོ་ཞེས་བྱ་བ་ནི། གང་གིས་མཆོད་རྟེན་དང་གཙུག་ལག་ཁང་དག་རྩོམ་པར་བྱེད་པས་དེས་

བརྩམས་ནས་ཟིན་པར་མ་བྱས་ན། གཞན་གྱིས་དེའི་ལྷག་མ་བྱ་བ་ལ་མི་རིགས་པ་མེད་པའོ། །གལ་ཏེ་དགེ་འདུན་གྱི་ཕྱིར་ཕྱེད་བརྩིགས་ན་མཁར་ལེན་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། གལ་ཏེ་དགེ་འདུན་གྱི་ཕྱིར་སྦྱིན་བདག་གིས་གཙུག་ལག་ཁང་ལ་སོགས་

པ་ཕྱེད་བརྩིགས་ན་དེའི་ཚེ་དགེ་འདུན་གྱིས་མཁར་ལེན་གཏང་བར་བྱ་བ་ཉིད་ཡིན་ཏེ་འདི་ལ་ཚུལ་དང་མི་མཐུན་པ་མེད་པར་ཤེས་པར་བྱའོ། །འདིའི་ཕྱིར་ཅེས་བྱ་བའི་སྒྲ་ནི་ཆ་ཤས་ལ་སྙེགས་ཀྱི་ཆ་མཉམ་པའི་ཕྱིར་ཁོ་ན་མ་ཡིན་ཏེ། ཆུང་ཟད་ཙམ་བརྩིགས་ན་ཞེས་བྱ་བའི་ཐ་ཚིག་

གོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞི་མ་ཟིན་པ་ལ་དགེ་སློང་དག་གིས་མཁར་ལེན་གྱིས་བསླང་བར་བྱའོ། །དགེ་སློང་དག་ཉི་མ་རངས་པ་ཁོ་ནར་ལས་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉི་མ་རངས་པ་ཁོ་ནར་ལས་མི་

བྱ་བར་འདི་ལྟར་ལན་ཅིག་བྱའོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེས་བཏང་བའི་དུས་ནི་གལ་ཏེ་དགུན་ཡིན་ན་ཟས་ཀྱི་འོག་རོལ་དུའོ། །གལ་ཏེ་སོ་ག་ཡིན་ན་ཟས་ཀྱི་མདུན་རོལ་དུའོ་ཞེས་བྱ་བ་ནི། མཁར་ལེན་གྱིས་བཏང་བའི་དུས་སོ། །འདིར་གཞུང་ནི་དགེ་སློང་དག་སོ་ག་ནི་

ཟས་ཀྱི་འོག་རོལ་དུ་ལས་བྱེད་ལ། དགུན་ནི་ཟས་ཀྱི་མདུན་རོལ་དུ་ལས་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགུན་ནི་ཟས་ཀྱི་འོག་རོལ་དུ་ལས་བྱ་ལ་སོ་ག་ནི་ཟས་ཀྱི་མདུན་རོལ་དུ་ལས་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཟས་ཀྱི་བྱ་བའི་དུས་

ལུས་པར་རོ་ཞེས་བྱ་བ་ན། ཇི་སྲིད་དུ་ཟས་ཀྱི་བྱ་བ་ལྷུང་བཟེད་བཀྲུ་བ་ལ་སོགས་པ་དག་གི་དུས་ལས་ཡོལ་བར་འགྱུར་བ་དེ་སྲིད་དུ་ལས་མི་བྱའོ། །དེ་ལས་བྱི་དོར་མ་བྱས་པར་འཚོ་བ་ལ་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། མཁར་ལེན་གྱི་ལས་དེ་ལས་བཀྲུ་བཤལ་ལ་སོགས་པ་བྱི་དོར་

Vol. 163 · folio 365b

མ་བྱས་པར་བསོད་སྙོམས་ལ་འགྲོ་བ་ལ་སོགས་པ་འཚོ་བ་ལ་འཇུག་པར་མི་བྱའོ། །དེའི་མཐའ་ནི་རྐང་ལག་བཀྲུས་པ་ཉིད་དོ་ཞེས་བྱ་བ་ནི། བྱི་དོར་བྱ་བ་དེའི་མཐའོ། །ལག་གི་བླས་ཁེའུ་སུས་སྦྱོར་དུ་གཞུག་གོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་དག་ཟས་ཀྱི་མདུན་རོལ་དུ་ལས་

བྱེད་ན་དེའི་ཚེ་ལག་གི་བླས་ཁེའུ་སུས་སྦྱོར་དུ་གཞུག་གོ། །ཟས་ཀྱི་འོག་རོལ་དུ་ནི་སྐོམ་དང་རྐང་ལག་བསྐུ་མཉེ་བྱའོ་ཞེས་བྱ་བ་ནི། གལ་ཏེ་དགེ་སློང་དག་ཟས་ཀྱི་འོག་རོལ་དུ་ལས་བྱེད་ན་དེའི་ཚེ་ལག་གི་བླས་སྐོམ་ལ་སོགས་པ་སྦྱོར་དུ་གཞུག་པའོ། །གནས་ཁང་དག་གི་སྒོ་གདོད་དོ་ཞེས་

བྱ་བ་ནི། དགེ་འདུན་གྱི་ཡང་རུང་གང་ཟག་གི་ཡང་རུང་ངོ་། །སྒོ་གླེགས་གཞུག་གོ་ཞེས་བྱ་བ་ནི་སྒོར་རོ། །ལག་གཟུངས་དང་ཡང་མིག་དང་ཀོ་བའི་དུམ་བུ་དག་གོ་ཞེས་བྱ་བ་ནི། སྒོ་གླེགས་ལ་གཞུག་པར་བྱའོ། །སྐར་ཁུང་གདོད་དོ་ཞེས་བྱ་བ་ནི་གནས་ཁང་ལའོ། །ཕྱོགས་

གང་དུ་གདོད་པར་བྱ་ཞེ་ན་དེའི་ཕྱིར། དཀྱིལ་དུའོ་ཞེས་བྱ་བ་སྨོས་ཏེ་རྩིག་ངོས་ཀྱིའོ། །དབྱིབས་ཅི་འདྲ་བ་ཞེ་ན་དེའི་ཕྱིར། ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། ཕྱི་རོལ་གྱི་ཁ་ཞུམ་ལ་ནང་ལོགས་ཡངས་པ་རྒྱ་མཚོ་ལྟར་བྱིན་གྱིས་ཡངས་པའོ། །དྲ་བ་

གཞུག་གོ་ཞེས་བྱ་བ་ནི་སྐར་ཁུང་ལ་སྟེ། དྲ་བ་ཞེས་བྱ་བ་ནི་ཤར་བའོ། །སྒོ་གླེགས་སོ་ཞེས་བྱ་བ་ནི་སྐར་ཁུང་ལ་གཞུག་པར་བྱ་བའོ། །འཁོར་གཏན་དང་གནམ་གཟེར་དང་ཕྲེད་གཏན་དག་གོ་ཞེས་བྱ་བ་ནི། སྒོ་གླེགས་དེ་ལ་གཞུག་པར་བྱའོ། །དབྱུ་གུ་སྐམ་ཁ་བཅང་ངོ་ཞེས་བྱ་བ་ནི།

སྒོ་དབྱེ་བའི་ཕྱིར་རོ། །གསོར་གྱིས་བཅུགས་པས་བརྒྱུའོ་ཞེས་བྱ་བ་ནི། ཐགས་མ་བརྒྱུ་བའི་ཐབས་ནི་གསོར་གྱིས་བཙུགས་པའི་ཐབས་ཀྱིས་བྱ་བའོ། །གནས་ཁང་གི་མདུན་དུ་ཁྱམས་བྱ་བའོ་ཞེས་བྱ་བ་ནི་སྒོ་ལོགས་སུའོ། །སོ་ཕག་གི་གཅལ་བདུན་ནམ་བརྒྱད་གཞུག་གོ་ཞེས་བྱ་

བ་ནི། གནས་ཁང་བརྩིགས་པའི་འོག་གཞིའི་གཅལ་དུ་སོ་ཕག་རིམ་པ་བདུན་ནམ་བརྒྱད་གཞུག་པར་བྱའོ། །དེའི་སྟེང་དུ་ཀ་ཏན་གྱི་སྤང་ལེབ་པོ་ཞེས་བྱ་བ་ནི། སོ་ཕག་གི་གཅལ་དེའི་སྟེང་དུ་ཀ་ཏེན་གྱི་སྤང་ལེབ་གཞུག་པར་བྱའོ། །དེའི་སྟེང་དུ་ཀ་བའི་ཚར་དག་གོ་ཞེས་བྱ་བ་ནི།

Vol. 163 · folio 366a

ཀ་ཏན་གྱི་སྤང་ལེབ་དེའི་སྟེང་དུ་ཀ་བའི་ཚར་དག་གཟུགས་པའོ། །དེ་དག་གི་སྟེང་དུ་ཀ་ཞུའི་འདབ་མ་དག་གོ་ཞེས་བྱ་བ་ནི་ཀ་བའི་ཚར་དེ་དག་གི་སྟེང་དུ་ཀ་ཞུའི་འདབ་མ་དག་གཞུག་པའོ། །དེ་དག་གི་སྟེང་དུ་གདུང་མ་དག་གོ་ཞེས་བྱ་བ་ནི། ཀ་ཞུའི་འདབ་མ་དེ་དག་གི་སྟེང་དུ་གདུང་

མ་དག་གཞག་པར་བྱའོ། །དེ་དག་གི་སྟེང་དུ་ཕྱམ་དག་གོ་ཞེས་བྱ་བ་ནི། གདུང་མ་དེ་དག་གི་སྟེང་དུ་ཕྱམ་དག་གཞག་པར་བྱ་བའོ། །དེ་དག་གི་སྟེང་དུ་སྤང་ལེབ་དག་གོ་ཞེས་བྱ་བ་ནི། ཕྱམ་དེ་དག་གི་སྟེང་དུ་སྤང་ལེབ་དགོད་པར་བྱའོ། །དེ་དག་གི་སྟེང་དུ་སོ་ཕག་ཆལ་པར་དགྲམ་མོ་ཞེས་

བྱ་བ་ནི། སྤང་ལེབ་དེ་དག་གི་སྟེང་དུ་སོ་ཕག་ཚལ་པར་དགྲམ་པར་བྱའོ། །དེ་དག་གི་སྟེང་དུ་སོ་ཕག་གི་ཕྱེ་མའི་འཇིམ་པའོ་ཞེས་བྱ་བ་ནི། སོ་ཕག་བཀྲམ་པ་དེ་དག་གི་སྟེང་དུ་སོ་ཕག་གི་ཕྱེ་མའི་འཇིམ་པས་གླན་པར་བྱ་བའོ། །མི་ལྟུང་བར་བྱ་བའི་ཕྱིར་ལན་ཀན་བྱའོ་ཞེས་བྱ་བ་ནི་བརྩེགས་

མ་དག་གི་སྟེང་དུའོ། །མི་འགུལ་བར་བྱ་བའི་ཕྱིར་ཤར་བ་གཞུག་གོ་ཞེས་བྱ་བ་ནི། ལན་ཀན་དེ་མི་འགུལ་བར་བྱ་བའི་ཕྱིར་རོ། །འདིར་ཤར་བ་ཞེས་བྱ་བ་ནི་ལན་ཀན་གྱི་ཤིང་རིང་པོ་རྣམ་པར་གཞག་པའི་བར་དུ་གཟུངས་ཀྱི་ཤིང་ཐུང་ངུ་གང་དག་འཛུད་པ་དེ་དག་ལ་བྱའོ། །དེ་ལ་ལྕགས་

ཀྱི་གཟེར་བུ་དག་གིས་སྦྱར་རོ་ཞེས་བྱ་བ་ནི། ཤར་བ་དེའི་སྟེང་དུ་ཤིང་དེ་ལ་ལྕགས་གཟེར་དག་གིས་གདབ་ཅིང་སྦྱར་བའོ། །འཛེག་པའི་ཕྱིར་ཐེམ་སྐས་བྱའོ་ཞེས་བྱ་བ་ནི་བརྩེགས་མ་དག་ལའོ། །འོག་ཏུ་རྡོ་ལས་བྱས་པ་བར་དུ་ས་ལས་བྱས་པ་སྟེང་དུ་ཤིང་ལས་བྱས་པའོ་ཞེས་བྱ་བ་ནི་

བརྩེགས་མ་དག་ཏུ་ཐེམ་སྐས་དག་གོ། །ཡ་གད་ལས་འཛེག་པར་བྱའོ་ཞེས་བྱ་བ་ནི། ཐེམ་སྐས་མེད་ནའོ། །ཤིང་དང་སྨྱུག་མ་དང་ཐག་པ་ལས་བྱས་པ་ཡང་ངོ་ཞེས་བྱ་བ་ནི། ཡ་གད་ནི་དེ་གསུམ་གང་ལས་བྱས་པ་ཡང་རུང་བའོ། །རྫིང་བུ་དང་སྒོ་གང་དུ་རྫབ་མི་འབྱུང་བར་བྱ་བའི་ཕྱིར་

སོ་ཕག་གི་གཅལ་གཞུག་གོ་ཞེས་བྱ་བ་ནི། རྫིང་བུ་དང་སྒོ་གང་དུ་རྫབ་འབྱུང་བ་ཟློག་པའི་ཕྱིར་སོ་ཕག་གི་གཅལ་དགྲམ་པར་བྱའོ། །དེའི་སྟེང་དུ་སོ་ཕག་གི་ཕྱེ་མའི་འཇིམ་པའོ་ཞེས་བྱ་བ་ནི། སོ་ཕག་གི་གཅལ་དེའི་སྟེང་དུ་སོ་ཕག་གི་ཕྱེ་མའི་འཇིམ་པས་བསྐུ་བའོ། །དེའི་སྟེང་དུ་རྡོ་

Vol. 163 · folio 366b

ཐལ་གྱིས་སོ་ཞེས་བྱ་བ་ནི། སོ་ཕག་གི་ཕྱེ་མའི་འཇིམ་པ་དེའི་སྟེང་དུ་རྡོ་ཐལ་གྱི་སྐྱང་ནུལ་གྱིས་བསྐུ་བར་བྱའོ། །མེད་ན་རྐང་པ་བསྐྱབ་པའི་ཕྱིར་ཤིང་གི་སྤང་ལེབ་བོ་ཞེས་བྱ་བ་ནི། གཅལ་ཇི་སྐད་བསྟན་པའི་རྫས་དེ་དག་མེད་ན། རྐང་པ་བསྐྱབ་པའི་ཕྱིར་ཤིང་གི་

སྤང་ལེབ་གཞུག་པར་བྱའོ། །ཡང་ན་བར་བར་དུ་སོ་ཕག་དག་གོ་ཞེས་བྱ་བ་ནི་རྐང་པ་བསྐྱབ་པའི་ཕྱིར་གཞུག་པའོ། །མཆོད་རྟེན་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི། རྫབ་མི་འབྱུང་བར་བྱ་བར་ཕྱིར་སོ་ཕག་གི་གཅལ་གཞུག་གོ་ཞེས་བྱ་བ་ནས། ཡང་ན་བར་བར་དུ་སོ་ཕག་གོ་

ཞེས་བྱ་བའི་བར་དེ་དག་དེ་བཞིན་དུ་གཞུག་པའོ། །འདི་ལ་འདོམ་གང་ཙམ་བྱས་པ་ཉིད་ན་བྱས་པ་ཉིད་དོ་ཞེས་བྱ་བ་ནི། མཆོད་རྟེན་འདི་ལ་གཅལ་དེ་འདོམ་གང་ཙམ་བྱས་པ་ཉིད་ན་བྱས་པ་ཉིད་ཡིན་པའོ། །སེང་གེའི་ཁྲི་གྲུ་བཞི་བྱའོ་ཞེས་བྱ་བ་ནི། ཆོས་སྨྲ་བ་གཞག་པའི་ཕྱིར་

རོ། །རྐང་པ་དག་ལ་སེང་གེའི་གདོང་ལྟ་བུ་ཉིད་དོ་ཞེས་བྱ་བ་ནི། རྐང་པ་བཞི་པོ་དག་ལ་སེང་གེའི་གདོང་ལྟ་བུ་བྱ་བའོ། །སྤོ་བའི་དོན་དུ་གཟུང་བའི་ཕྱིར་བཞི་པོ་དེ་དག་ལ་ལྕགས་ཀྱི་ཡང་མིག་དག་གདགས་སོ་ཞེས་བྱ་བ་ནི། སེང་གེའི་ཁྲི་དེ་སྤོ་བའི་དོན་དུ་གཟུང་བའི་ཕྱིར་རྐང་པ་

བཞི་པོ་དེ་དག་ལ་ལྕགས་ཀྱི་ཡང་མིག་དག་གདགས་པའོ། །ཐག་གུ་དག་གིས་བཏགས་སོ་ཞེས་བྱ་བ་ནི། སེང་གེའི་ཁྲིའི་ཐགས་མའོ། །དེར་སྟན་ནང་ཚངས་ཅན་གཞུག་གོ་ཞེས་བྱ་བ་ནི། སེང་གེའི་ཁྲི་དེར་རོ། །སྟེང་དུ་བླ་རེའོ་ཞེས་བྱ་བ་ནི། སེང་གེའི་ཁྲི་དེའི་སྟེང་དུ་

གདགས་པའོ། །དཕྱངས་པ་དག་གོ་ཞེས་བྱ་བ་ནི་བླ་རེ་དང་སེང་གེའི་ཁྲི་དེ་ལས་གདགས་པའོ། །བརྟན་པ་ལ་ནི་སོ་ཕག་ལས་བྱས་པའི་ཐེམ་སྐས་བྱའོ་ཞེས་བྱ་བ་ནི། སེང་གེའི་ཁྲི་གཞན་དུ་མི་བསྐྱོད་པའི་ཆོས་ཅན་བརྟན་པ་ལའོ། །སྤོ་བ་ལ་ནི་ཤིང་ལས་བྱས་པའོ་

ཞེས་བྱ་བ་ནི། སེང་གེའི་ཁྲི་གཞན་དུ་སྤོ་བ་ལ་ནི་ཤིང་ལས་བྱས་པའི་ཐེམ་སྐས་བྱ་བའོ། །མ་འབྱོར་ན་ཡ་གད་དོ་ཞེས་བྱ་བ་ནི། ཤིང་ལས་བྱས་པའི་ཐེམ་སྐས་མ་འབྱོར་ན་དེ་ལ་ཡ་གད་གཟུགས་པར་བྱའོ། །རྐང་རྟེན་ཡང་ངོ་ཞེས་བྱ་བ་ནི། གང་དུ་རྐང་པ་གཉིས་འཕྱང་བ་

Vol. 163 · folio 367a

དེར་རྐང་པ་གཉིས་གཞག་པའི་ཚད་ཇི་ཙམ་པ་དེ་ཙམ་གྱི་རྐང་རྟེན་བྱའོ། །མཆོད་པའོ་ཞེས་བྱ་བ་ནི། རྐང་རྟེན་ལ་ཞེས་བྱ་བར་ཤེས་པར་བྱ་སྟེ། གང་གི་ཚེ་དད་པ་ཅན་དག་གིས་རྐང་རྟེན་ལ་དྲིས་བྱུག་པ་དང་། མེ་ཏོག་གིས་གཡོགས་པ་དང་མཆོད་

ཡོན་ལ་སོགས་པ་དག་གིས་མཆོད་པར་བྱེད་པ་དེའི་ཚེའོ། །དེའི་སྟེང་དུ་ལོ་མའི་ཆུན་བུའམ་རྩྭའི་ཆུན་བུ་གཞག་པར་བསྟན་པའི་ཕྱིར། སྟེང་དུ་ལོ་མའི་ཆུན་པོའམ་རྩྭའི་ཆུན་བུ་གཞག་གོ་ཞེས་བྱ་བ་སྨྲས་ཏེ། ལངས་པའི་གནས་སྐབས་སུ་དོགས་པ་སྤང་བའི་ཕྱིར་རོ། །འདི་ནི་རྐང་

པ་གཉིས་མི་འཕྱང་བར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི། རྐང་རྟེན་བྱ་བ་འདི་ནི་དེའི་ཕྱིར་རོ། །འདི་ནི་རྡོས་འགྲུབ་པོ་ཞེས་བྱ་བ་ནི་རྐང་པ་གཉིས་མི་འཕྱང་བར་བྱ་བ་འདི་ནི་རྡོས་ཀྱང་འགྲུབ་པའོ། །ཟན་ཟ་བ་རྣམས་ལ་ཁྭ་དང་བྱིའུ་དང་ཕུག་རོན་དག་གིས་མི་འཚེ་བར་བྱ་བའི་ཕྱིར་བྱ་རྒྱ་

བྱའོ་ཞེས་བྱ་བ་ནི་ཁྱམས་སུའོ། །འདིར་གཞུང་ནི་དགེ་སློང་དག་ཁྱམས་སུ་ཟན་ཟ་བ་ན། དེ་དག་ལ་ཁྭ་དང་བྱེའུ་དང་ཕུག་རོན་དག་གིས་འཚེ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱ་རྒྱ་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་རྣམ་པ་བཞིའོ་ཞེས་བྱ་བ་ནི། བྱ་རྒྱ་དེའོ། །མུཉྫ་

ལས་བྱས་པ་དང་བལ་བ་ཛ་ལས་བྱས་པ་དང་ཤན་ལས་བྱས་པ་དང་རས་བལ་ལས་བྱས་པའོ་ཞེས་བྱ་བ་ནི་བཞི་པོ་དེ་དག་ནི་ཀ་ཤ་དང་ཀུ་ཤ་ལ་སོགས་པ་གཞན་དག་གི་དཔེ་ཡིན་ནོ། །གྲྭ་བཞི་དག་ཏུ་གཟུངས་གཟེར་གདབ་པོ་ཞེས་བྱ་བ་ནི་ཁྱམས་ཀྱིའོ། །དེ་དག་ལ་གདགས་སོ་ཞེས་བྱ་བ་ནི།

གཟུངས་གཟེར་དེ་དག་ལ་བྱ་རྒྱ་གདགས་སོ། །ཤིང་གི་ནི་འཆག་པ་དང་འདྲུལ་བས་དེའི་ཕྱིར་ལྕགས་ལས་བྱས་པ་དག་གོ་ཞེས་བྱ་བ་ནི། གཟུངས་གཟེར་དག་གོ། །དེའི་ཕྱོགས་གཅིག་ཏུ་མཐོངས་གདོད་དོ་ཞེས་བྱ་བ་ནི། བྱ་རྒྱ་དེའི་ཕྱོགས་གཅིག་ཏུ་མཐོངས་གདོད་པར་བྱའོ། །

དེ་ཅིའི་ཕྱིར་ཞེ་ན་དེའི་ཕྱིར། ཟན་ཟོས་ཟིན་ནས་འཇུག་པར་བྱ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་རྣམས་ཟན་ཟོས་ཟིན་ནས་ཁྭ་ལ་སོགས་པ་ནང་དུ་འཇུག་པར་བྱ་བའི་ཕྱིར་རོ། །དེ་དྲོ་ཁར་དགབ་པོ་ཞེས་བྱ་བ་ནི་མཐོངས་དེའོ། །དབྱར་དག་ཁྱམས་སུ་ཆུ་

Vol. 163 · folio 367b

མི་འབྱུང་བར་བྱ་བའི་ཕྱིར་སྤང་ལེབ་དག་གོ་ཞེས་བྱ་བ་ནི་གཞུག་གོ་ཞེས་བྱ་བར་སྦྱར་རོ། །ཕྱོགས་གང་དུ་ཞེ་ན་དེའི་ཕྱིར་ཀ་བའི་བར་དག་ཏུའོ་ཞེས་བྱ་བ་སྨྲས་སོ། །ཅི་ཐམས་ཅད་དུའམ་ཞེ་ན་དེའི་ཕྱིར་སྣང་བར་བྱ་བའི་ཕྱོགས་མ་གཏོགས་པར་རོ་ཞེས་བྱ་བ་སྨྲས་ཏེ། སྣང་བ་འཇུག་

པར་བྱ་བའི་ཕྱོགས་མ་གཏོགས་པར་རོ། །མེད་ན་སེག་དག་གམ་རེ་ལྡེ་དག་གོ་ཞེས་བྱ་བ་ནི། སྤང་ལེབ་དག་མེད་ན་དེར་སེག་དག་གམ་རེ་ལྡེ་དག་གཞུག་པར་བྱ་བའོ། །དབྱར་གྱི་ཟླ་བ་བཞི་པོ་དག་གི་མཐར་དབྱུང་ངོ་ཞེས་བྱ་བ་ནི། སྤང་ལེབ་ལ་སོགས་པའོ། །འཁོར་གྱི་ཁྱམས་བྱའོ་

ཞེས་བྱ་བ་ནི་ཁྱམས་ཟླུམ་པོ་བྱ་བའོ། །གནས་བསིལ་བར་བྱ་བའི་ཕྱིར་ཕྱི་རོལ་རྩིག་པས་བསྐོར་རོ་ཞེས་བྱ་བ་ནི། གནས་བསིལ་བར་བྱ་བའི་ཕྱིར་ནང་དུ་ཀ་བའི་ཚར་གཟུགས་ཤིང་ཕྱི་རོལ་རྩིག་པས་བསྐོར་བར་བྱ་བ་དང་། དབུས་སུ་རྫིང་བུ་གཞག་པར་བྱའོ། །ཀ་བའི་ཚར་དག་གཟུགས་སོ་

ཞེས་བྱ་བ་ནི་ནང་དུའོ། །སྐར་ཁུང་གདོད་དོ་ཞེས་བྱ་བ་ནི། དེར་སྐར་ཁུང་མང་པོ་དག་གདོད་པར་བྱ་བའོ། །མ་མཐའ་དག་སྟན་གྱི་ཡ་མཐའ་དང་ཐད་ཀར་བབ་པར་བྱའོ་ཞེས་བྱ་བ་ནི། སྐར་ཁུང་དེ་དག་གི་མ་མཐའ་དག་ཁྲི་ལ་སོགས་པའི་སྟན་ཚད་མ་དག་གི་ཡ་མཐའ་དང་ཐད་ཀར་བབ་པར་

འགྱུར་བ་དེ་ལྟར་འཁོར་གྱི་ཁྱམས་དེར་སྐར་ཁུང་མང་པོ་དག་གདོད་པར་བྱ་བའོ། །དྲ་བ་དང་སྒོ་གླེགས་དག་གཞུག་པའོ་ཞེས་བྱ་བ་ནི། སྐར་ཁུང་དག་ལའོ། །ཟས་དང་མེ་དང་དཔོངས་དང་འཆག་སའི་ཁང་པ་དག་བྱའོ་ཞེས་བྱ་བ་ནི། ཟས་ཀྱི་ཁང་པ་དང་མེའི་ཁང་པ་དང་དཔོང་སའི་ཁང་པ་

དང་འཆག་སའི་ཁང་པ་དག་བྱ་བའོ། །རྩིག་ངོས་ཀྱི་ཕྱོགས་འཁོར་བར་གློ་འབུར་དག་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་གི་རྩིག་ངོས་ཀྱི་ཕྱོགས་སུ་རྒྱུན་ལུགས་ཀྱི་ཕན་ཆད་དུ་གཙུག་ལག་ཁང་གི་རྩིག་པ་ལ་བརྟེན་ཏེ་གནས་ཀྱི་ཆེད་དུ་ཁང་བུ་གཡོགས་མ་དང་བཅས་པ་དག་བྱའོ། །

བསྟི་གནས་ཞེས་བྱ་བ་ནི་ཁྱམས་ཀྱི་ངོ་བོ་ཉིད་ཡིན་པས་འདི་དང་ཐ་དད་དོ། །ས་ཁྱིམ་རུང་ངོ་ཞེས་བྱ་བ་ནི། དགེ་སློང་དག་གི་གནས་སུ་ས་ཕུག་རུང་བའོ། །དགྲ་གང་ཡང་ངོ་ཞེས་བྱ་བ་ཡང་། དགེ་སློང་དག་གི་གནས་སུ་རུང་བ་སྟེ། འདིར་དགྲ་གང་ཞེས་བྱ་བ་ནི་གཙུག་ལག་

Vol. 163 · folio 368a

ཁང་གི་གླ་དག་གི་ཡང་ཐོག་ལ་སོགས་པ་སྟེ། ཕ་རོལ་གྱི་མཚོན་རྡུགས་པར་བྱེད་པའི་ཕྱིར་རོ། །འདི་ལ་ལན་ཀན་གྱི་སྐབས་ནི་ཁྱམས་དང་འདྲའོ་ཞེས་བྱ་བ་ནི། དགྲ་གང་འདི་ལ་མི་ལྟུང་བར་བྱ་བའི་ཕྱིར་ལན་ཀན་བྱ་བ་དང་། མི་འགུལ་བར་བྱ་བའི་

ཕྱིར་ཤར་བ་གཞུག་པ་དང་། དེ་ལྕགས་ཀྱི་གཟེར་བུ་དག་གིས་སྦྱར་བ་དང་། འཛེག་པའི་ཕྱིར་ཐེམ་སྐས་བྱ་བ་ལ་སོགས་པའི་སྐབས་ནི་ཁྱམས་དང་འདྲའོ། །རབ་ཏུ་བྱུང་བའི་ཀུན་དགའ་ར་བ་རྩིག་པས་བསྐོར་བ་ཉིད་ཀྱང་ངོ་ཞེས་བྱ་བ་ཡང་རུང་ངོ་ཞེས་བྱ་བའི་རྗེས་སྙག་པའི་ཕྱིར་

ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །རྩིག་པ་ལ་ཆུ་ཁུང་གདོད་པ་ཉིད་ཀྱང་ངོ་ཞེས་བྱ་བ་ནི། རབ་ཏུ་བྱུང་བའི་ཀུན་དགའ་ར་བ་གང་ཡིན་པ་དེ་ལ་ཆུ་ཁུང་གདོད་པ་ཉིད་ཀྱང་རུང་བའོ། །གཙང་དང་འོབས་དག་ཀྱང་ངོ་ཞེས་བྱ་བ་ཡང་། རབ་ཏུ་བྱུང་བའི་ཀུན་དགའ་ར་བ་དེ་དག་གིས་བསྐོར་བ་ཉིད་

ཀྱང་རུང་བའོ། །གང་ཟག་གི་གཙུག་ལག་ཁང་ཡོ་བྱད་དང་བཅས་པ་ཡང་ངོ་ཞེས་བྱ་བ་ཡང་རུང་བ་ཉིད་ཡིན་ཏེ། ལན་ཀན་དང་། དྲ་བ་དང་ཟས་ཀྱི་ཁང་པ་ལ་སོགས་པ་ནི་ཡོ་བྱད་ཡིན་པར་རིག་པར་བྱའོ། །སྔོན་པོ་ལ་སོགས་ཟད་པར་གྱི་མཚན་མ་མངོན་དུ་བྱ་བའི་ཕྱིར་གནས་ཁང་

གི་རྩིག་པ་དག་སྔོན་པོ་ལ་སོགས་པ་རྣམ་པ་བཞིར་བྱའོ་ཞེས་བྱ་བ་ནི། ཟད་པར་སྔོན་པོ་དང་། ཟད་པར་སེར་པོ་དང་། ཟད་པར་དམར་པོ་དང་། ཟད་པར་དཀར་པོའི་སྐྱེ་མཆེད་ཀྱི་མཚན་མ་དག་མངོན་དུ་བྱ་བའི་ཕྱིར་གནས་ཁང་གི་རྩིག་པ་དག་སྔོན་པོ་ལ་སོགས་པ་ཁ་དོག་རྣམ་པ་བཞིར་

བྱའོ། །འདིར་གཞུང་ནི་དགེ་སློང་ཞིག་ཟད་པར་སྔོན་པོའི་སྐྱེ་མཆེད་ཀྱི་སྙོམ་པར་འཇུག་པ་སྒོམ་པར་བྱེད་པའི་དགེ་སློང་དེ་ལ་རེ་ཞིག་མངོན་དུ་མི་འགྱུར་བ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་ཁང་གི་རྩིག་པ་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་རྣམ་པ་བཞིར་བྱས་ཏེ་དེ་

དག་མཐོང་ནས་མངོན་དུ་བྱས་ཏེ། ཟད་པར་སྔོན་པོའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་བསྒོམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །རབ་ཏུ་བྱུང་བའི་ཀུན་དགའ་ར་བ་ལ་རི་མོ་བྲི་བ་ཉིད་དུ་རུང་ངོ་ཞེས་བྱ་བ་ནི། རབ་ཏུ་བྱུང་བའི་གཙུག་ལག་ཁང་ལ་རི་མོ་བྲི་བ་ཉིད་དུ་རུང་བའོ། །གང་དུ་

Vol. 163 · folio 368b

ཅི་ཞིག་བྲི་བར་བྱ་ཞེ་ན་དེའི་ཕྱིར་སྒོར་གནོད་སྦྱིན་ལག་ན་རྡོ་རྗེ་འཛིན་པ་ལ་སོགས་པ་བྲིའོ་ཞེས་བྱ་བ་སྨྲས་ཏེ། གཙུག་ལག་ཁང་གི་སྒོར་གནོད་སྦྱིན་ལག་ན་རྡོ་རྗེ་འཛིན་པ་ལ་སོགས་པ་དག་རི་མོར་བྲི་བར་བྱའོ། །སྒོ་གང་དུ་འཁོར་བའི་འཁོར་ལོའོ་ཞེས་བྱ་བ་ཡང་། རི་མོར་བྲི་

བར་བྱའོ་ཞེས་བྱ་བར་སྦྱར་རོ། །འཁོར་བའི་འཁོར་ལོ་ཅི་འདྲ་བ་ཞེ་ན་དེའི་ཕྱིར་ཆ་ལྔ་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། འདིར་ཆ་ལྔ་པ་ཞེས་བྱ་བའི་སྒྲས་ནི་འགྲོ་བ་ལྔ་པོ་དག་བསྟན་ཏོ། །ལྷ་དང་མིའི་ཆ་དག་ཕྱོགས་གང་དུ་བྲི་བར་བྱ་ཞེ་ན་དེའི་ཕྱིར། སྟེང་དུ་ལྷ་དང་མི་རྣམས་སོ་ཞེས་བྱ་བ་

སྨྲས་ཏེ། འཁོར་ལོའི་སྟེང་གི་ཕྱོགས་སུ་ལྷ་དང་མིའི་འགྲོ་བ་དག་བྲི་བར་བྱའོ། །དེ་ནས་འོག་གི་ཕྱོགས་དག་ཏུ་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་། ཡི་དགས་ཀྱི་འགྲོ་བ་དག་བྲི་བར་ཞར་ལ་ཤེས་པར་བྱའོ། །གླིང་བཞི་པོ་དག་གོ་ཞེས་བྱ་བ་ཡང་བྲི་བར་བྱའོ། །རྫུས་

ཏེ་སྐྱེ་བའི་སེམས་ཅན་ཟོ་ཆུན་རྒྱུད་མོ་བཞིན་དུ་འཆི་འཕོ་བ་དང་སྐྱེ་བ་དག་ཀྱང་ངོ་ཞེས་བྱ་བ་ཡང་རི་མོ་བྲི་བར་བྱའོ། །དབུས་སུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་ཕུག་རོན་དང་སྦྲུལ་དང་ཕག་གི་རྣམ་པར་རོ་ཞེས་བྱ་བ་ནི། དེ་དག་གོ་རིམས་བཞིན་དུ་ཡིན་པར་རི་མོ་བྲི་བར་བྱའོ། །

སྔ་མ་དེ་གཉིས་གཏི་མུག་གིས་ཟ་བར་རོ་ཞེས་བྱ་བ་ནི། འདོད་ཆགས་དང་ཞེ་སྡང་གི་རྣམ་པ་ཕུག་རོན་དང་སྦྲུལ་གཉིས་གཏི་མུག་གི་རྣམ་པ་ཕག་གིས་ཟ་བ་དང་འདྲ་བར་བྲི་བར་བྱ་བའོ། །ཁོ་ར་ཁོར་ཡུག་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་དང་ཐམས་ཅད་མི་རྟག་

པ་ཉིད་ཀྱིས་གཟུང་བར་བྱའོ་ཞེས་བྱ་བ་ནི། འཁོར་བའི་འཁོར་ལོའི་ཕྱི་རོལ་གྱི་མཐའ་ཁོ་ར་ཁོར་ཡུག་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་བྲི་བར་བྱ་ཞིང་དེ་དག་ཐམས་ཅད་ཀྱང་མི་རྟག་པ་ཉིད་ཀྱི་སྲིན་པོས་པང་དུ་བླངས་ཏེ་ཡན་ལག་ལྔ་ཆར་གྱིས་གཟུང་བར་བྲི་

བར་བྱ་བའོ། །སྟེང་དུ་སངས་རྒྱས་མྱ་ངན་ལས་འདས་པའི་དཀྱིལ་འཁོར་དཀར་པོ་ཉེ་བར་སྟོན་པའོ་ཞེས་བྱ་བ་ནི། འཁོར་བའི་འཁོར་ལོ་མི་རྟག་པ་ཉིད་ཀྱི་སྲིན་པོས་གཟུང་བར་དེའི་སྟེང་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་བྲི་ཞིང་། དེའི་དྲུང་དུ་མྱ་ངན་ལས་འདས་པའི་

Vol. 163 · folio 369a

གཟུགས་བརྙན་དཀྱིལ་འཁོར་དཀར་པོ་བྲི་བར་བྱ་སྟེ། སངས་རྒྱས་ཀྱི་སྐུ་གཟུགས་དེ་དཀྱིལ་འཁོར་དེ་བཞིན་ལ་ཉེ་བར་སྟོན་པར་མཛད་པ་འདྲ་བར་འདྲི་བར་བྱ་བའོ། །འོག་ཏུ་བརྩམ་པར་བྱ་ཞིང་ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ནི།

འཁོར་བའི་འཁོར་ལོ་མི་རྟག་པ་ཉིད་ཀྱི་སྲིན་པོས་གཟུང་བ་དེའི་འོག་ཏུ་བརྩམ་པར་བྱ་ཞིང་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཡི་གེར་བྲི་བར་བྱ་བའོ། །ཚིགས་སུ་བཅད་པ་གཉིས་གང་ཞེ་ན། །བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་

པར་བྱ། །འདམ་བུའི་ཁྱིམ་ན་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། དེ་

སྟོན་པར་བྱེད་པ་གཞག་པར་བྱའོ་ཞེས་བྱ་བ་ནི། སྐྱེ་བོ་ལྷགས་པ་རྣམས་འཁོར་བའི་འཁོར་ལོ་དེ་སྟོན་ནུས་པའི་དགེ་སློང་གཙུག་ལག་ཁང་དེར་གཞག་པར་བྱ་བའོ། །དེའི་ཁོ་ར་ཁོར་ཡུག་ཏུ་ཆོ་འཕྲུལ་ཆེན་པོ་དང་བདུད་བཅོམ་པ་དག་གོ་ཞེས་བྱ་བ་ནི། སྒོ་ཁང་དེའི་ཁོ་ར་ཁོར་ཡུག་

ཏུ་བཅོམ་ལྡན་འདས་རྡོ་རྗེའི་གདན་ལ་གཞུགས་ཏེ་བདུད་འདུལ་བ་དང་། མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོ་འཕྲུལ་ཆེན་པོ་བསྟན་པའི་རྒྱུད་རི་མོ་བྲི་བར་བྱ་བའོ། །ཁྱམས་སུ་སྐྱེས་པའི་རབས་དག་གོ་ཞེས་བྱ་བ་ནི། གཙུག་ལག་ཁང་གི་ཁྱམས་སུ་སྐྱེས་པའི་རབས་ཀྱི་

སྡེ་དག་རི་མོར་བྲི་བར་བྱ་བའོ། །དྲི་གཙང་ཁང་གི་སྒོར་གནོད་སྦྱིན་ཕྲེང་ཐོགས་དག་གོ་ཞེས་བྱ་བ་ནི། དྲི་གཙང་ཁང་གི་སྒོར་གནོད་སྦྱིན་ལག་ན་ཕྲེང་ཐོགས་དག་རི་མོར་བྲི་བར་བྱ་བའོ། །དཔོང་སའི་ཁང་པར་གནས་བརྟན་གྱི་གྲལ་དག་གོ་ཞེས་བྱ་བ་ནི། དཔོང་སའི་རྩིག་ངོས་

སུ་གནས་བརྟན་ཆེན་པོ་འཕགས་པ་ཀུན་ཤེས་ཀཽཎྜི་ནྱ་ལ་སོགས་པ་དགྲ་བཅོམ་པའི་དགེ་འདུན་རྣམས་ཀྱི་གཟུགས་རི་མོར་བྲི་བར་བྱའོ། །མཛོད་ཀྱི་སྒོར་གནོད་སྦྱིན་ལག་ན་མྱུ་གུ་ཐོགས་པ་དག་གོ་ཞེས་བྱ་བ་ནི། མཛོད་ཀྱི་སྒོར་གནོད་སྦྱིན་ལག་ན་རིན་པོ་ཆེའི་མྱུ་གུ་དང་སྙེ་མ་དང་

Vol. 163 · folio 369b

དོག་པ་དང་། འབྲུ་ཐོགས་པ་དག་རི་མོར་བྲི་བར་བྱའོ། །ཟས་ཀྱི་ཁང་པར་ལག་ན་བཟའ་བ་དང་བཅའ་བ་ཐོགས་པ་དག་གོ་ཞེས་བྱ་བ་ནི། བཀད་སར་གནོད་སྦྱིན་ལག་ན་བཅའ་བ་དང་བཟའ་བ་ཐོགས་པ་དག་རི་མོར་བྲི་བར་བྱ་བའོ། །བསྲོ་གང་གི་ཁང་པར་ལག་ན་མྱུ་གུ་དང་བུམ་

པ་ཐོགས་པ་དག་གོ་ཞེས་བྱ་བ་ནི། བསྲོ་གང་གི་ཁང་པར་གནོད་སྦྱིན་ལག་ན་བུམ་པ་དང་མྱུ་གུ་ཐོགས་པ་དག་རི་མོར་བྲི་བར་བྱ་བ་སྟེ། བུམ་པ་ནི་ཁྲུས་ཀྱི་དོན་ཉིད་དུ་དགོས་ལ་མྱུ་གུ་ནི་གདིང་བའི་དོན་ཉིད་དུ་དགོས་པའི་ཕྱིར་རོ། །མེ་ཁང་དུ་གྲུལ་བུམ་མེ་སྦར་བར་བྱེད་པ་དག་ཀྱང་

གྲུལ་བུམ་གྱི་བུ་བྱི་དོར་ལ་སོགས་པ་བྱེད་པ་དང་མེ་སྦར་བར་བྱེད་པ་དག་དང་སྦྱིན་བདག་མར་མེ་ཐོགས་པ་དང་ལྷའི་ཕོ་ཉ་དག་གོ་ཞེས་བྱ་བ་ནི། མེ་བུད་པའི་ཁང་པར་གྲུལ་བུམ་མེ་སྦར་བར་བྱེད་པ་དག་རི་མོར་བྲི་བར་བྱ་སྟེ། དེ་དག་ནི་མེ་ལ་དབང་བར་གྲགས་པའི་ཕྱིར་རོ། །དེར་གྲུལ་

བུམ་གྱི་བུ་བྱི་དོར་ལ་སོགས་པ་བྱེད་པ་དང་མེ་སྦར་བར་བྱེད་པ་དག་ཀྱང་རི་མོར་བྲི་བར་བྱའོ། །དེར་སྦྱིན་བདག་གང་ཡིན་པ་འཁོར་དང་བཅས་པ་མར་མེ་ཐོགས་པ་ཡང་རི་མོར་བྲི་བར་བྱ་སྟེ། མེ་བུད་པའི་ཁང་པ་དེ་ནི་མུན་གནག་པའི་ཕྱིར་མར་མེ་གཟུགས་པར་གསུངས་པའི་ཕྱིར་རོ། །དེར་ལྷའི་

ཕོ་ཉ་དག་ཀྱང་རི་མོར་བྲི་བར་བྱ་སྟེ། ལྷའི་ཕོ་ཉ་ཞེས་བྱ་བ་ནི། སེམས་ཅན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལ་སོགས་པ་དེ་དག་སྟེ། དེ་དག་ན་སྐྱོ་བ་བསྐྱེད་པར་བྱ་བའི་ཕྱིར་དང་། དགེ་བའི་ཕྱོགས་ལ་མངོན་པར་བྱ་བའི་ཕྱིར་རོ། །ཆུའི་ཁང་པར་ཀླུ་ལག་ན་བུམ་པ་ཐོགས་པ་རྒྱན་

སྣ་ཚོགས་ཀྱིས་བརྒྱན་པ་དག་དང་ཀླུའི་བུ་མོ་ཆུ་འདྲིམ་པར་བྱེད་པ་དག་གོ་ཞེས་བྱ་བ་ནི། ཆུའི་ཁང་པར་དེ་དག་རི་མོ་བྲི་བར་བྱ་བ་སྟེ་ཀླུ་རྣམས་ནི་ཆུ་ལ་དབང་བའི་ཕྱིར་རོ། །ནད་པའི་རུང་བའི་ཁང་པར་དེ་བཞིན་གཤེགས་པ་ནད་པའི་རིམ་གྲོ་མཛད་པའོ་ཞེས་བྱ་བ་ནི། སྨན་ཁང་

དུ་ནི་དེ་བཞིན་གཤེགས་པ་ནད་པའི་རིམ་གྲོ་མཛད་པ་རི་མོར་བྲི་བར་བྱ་བའོ། །བཤང་བ་དང་གཅི་བའི་སྐྱབས་སུ་དུར་ཁྲོད་དག་གམ་མགོའི་ཐོད་པ་དག་གོ་ཞེས་བྱ་བ་ནི། ཆབ་ཁུང་ས་རྣམ་པ་གཉིས་སུ་ནི་དུར་ཁྲོད་རྒྱས་པའམ་མགོའི་ཐོད་པ་ལ་སོགས་པ་རུས་པའི་ཀེང་རུས་དམ་དུམ་

Vol. 163 · folio 370a

དག་རི་མོར་བྲི་པར་བྱའོ། །གཙུག་ལག་ཁང་བླ་གབ་མེད་པ་མ་ཡིན་པར་མེ་དུ་བ་དང་བཅས་པ་བུད་པར་ཡང་མི་བྱ་བཅང་བར་ཡང་མི་བྱའོ་ཞེས་བྱ་བ་ནི། རི་མོ་མ་རུང་བར་འགྱུར་བ་སྤང་བའི་ཕྱིར་རོ། །བླ་གབ་མེད་པར་ནི་ཉེས་པ་མེད་དོ། །སྤྱིལ་

བར་ནི་ཐམས་ཅད་མི་བྱའོ་ཞེས་བྱ་བ་ནི། ས་གཞི་སྤྱིལ་བའམ་བརྡུངས་པས་འཇམ་པོར་ནི་མེ་དུ་བ་ཅན་དང་དུ་བ་མེད་པར་ཐམས་ཅད་བུད་པར་ཡང་མི་བྱ་བཅང་བར་ཡང་མི་བྱ་བའོ། །དེའི་དོན་དུ་ཞུགས་ལིང་བཅང་བར་བྱའོ་ཞེས་བྱ་བ་ནི་མེ་བུད་པ་དང་དེའི་དོན་དུ་ཞུགས་ལིང་བཅང་བར་

བྱ་བའོ། །མེ་ལ་དགོས་པ་གྱོ་མོ་ལ་སོགས་པའི་སྣོད་ནི་ཞུགས་ལིང་ཞེས་བྱའོ། །འདིར་གཞུང་ནི་དགེ་སློང་དག་དགུན་སྨད་ཀྱི་དུས་སུ་ལྷགས་པས་ཉེན་ནས་སྤྱིལ་བར་མེ་འབུད་པར་བྱེད་པ་ནི་སྤྱིལ་བ་མ་རུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱིལ་བར་མེ་

འབུད་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །མཉམ་པར་བཅེར་བའི་ཕྱིར་ལྕགས་ཀྱི་ཕྲ་སྐོམ་མོ་ཞེས་བྱ་བ་ནི། བཅང་བར་བྱའོ་ཞེས་བྱ་བར་སྦྱར་ཏེ། མེའི་ཕྱོགས་ཕན་ཚུན་ནས་བསྐུལ་བ་ནི་མཉམ་པར་བཅེར་བ་ཞེས་བྱའོ། །ལྕགས་ཀྱི་ཕྲ་སྐམ་ཞེས་བྱ་བ་ནི་

ལྕགས་ཀྱི་ཐལ་ཕྱགས་སོ། །ཤིང་གི་གཡོག་པས་ཀྱང་ལས་དེ་འགྲུབ་བོ་ཞེས་བྱ་བ་ནི། ཤིང་གི་གཡོག་པ་ཞེས་བྱ་བ་ནི་ཤིང་གི་ཐལ་ཕྱགས་ཀྱིས་ཀྱང་ཕྲ་སྐམ་གྱི་ལས་དེ་འགྲུབ་པོ། །ཁང་སྐྱོང་གིས་གཙུག་ལག་ཁང་ཉི་མ་རེ་རེ་ཞིང་ཕྱག་དར་བྱའོ་ཞེས་བྱ་བ་ནི་གཙུག་

ལག་ཁང་གི་ཁང་སྐྱོང་གིས་ཉི་མ་རེ་རེ་ཞིང་གཙུག་ལག་ཁང་ཕྱག་དར་བྱའོ། །ཅི་མཐའི་ཕྱོགས་ཐམས་ཅད་དམ་ཞེ་ན་དེའི་ཕྱིར། མི་ནུས་ན་མཁོ་བའི་ཕྱོགས་སོ་ཞེས་བྱ་བ་སྨྲས་ཏེ། གཙུག་ལག་ཁང་མཐའ་དག་ཕྱག་དར་བྱེད་མི་ནུས་ན་གཙུག་ལག་ཁང་གི་ཕྱོགས་གང་མཁོ་བ་དེ་དག་

ཕྱག་དར་བྱའོ། །ལྷག་མ་ནི་ཚེས་བརྒྱད་དམ་ཚེས་བཅུ་བཞི་ལ་གཎྜཱི་བརྡུངས་ཏེ་དགེ་འདུན་ཐམས་ཅད་ཀྱིས་ཆོས་དང་ལྡན་པའི་གཏམ་གྱིས་སམ་འཕགས་པ་མི་སྨྲ་བ་ཉིད་ཀྱིས་སོ་ཞེས་བྱ་བ་ནི། མཁོ་བའི་ཕྱོགས་ཀྱི་ལྷག་མ་ཕྱག་དར་མ་བྱས་པ་གང་ཡིན་པ་དེ་དག་ནི་ཚེས་བརྒྱད་

Vol. 163 · folio 370b

དམ་བཅུ་བཞིའི་དུས་སུ་དགེ་འདུན་ཐམས་ཅད་ཀྱིས་ཇི་སྐད་སྨོས་པའི་རིམ་པ་དེས་ཕྱག་དར་བྱའོ། །ཆོས་ཀྱི་འདུན་སར་ཆག་ཆག་དང་ལྕི་བ་འཇམ་པོའི་བྱུག་པས་བྱུག་གོ་ཞེས་བྱ་བ་ནི། གསོ་སྦྱོང་དང་དགག་དབྱེ་ལ་སོགས་པ་ཆོས་ཀྱི་འདུན་མའི་གནས་དེར་ཆག་ཆག་

གདབ་པར་བྱ། ལྕི་བ་འཇམ་པོའི་བྱུག་པས་བསྐུ་བར་བྱའོ། །མཇུག་ཏུ་ཁྲུས་བྱའོ་ཞེས་བྱ་བ་ནི། ཕྱག་དར་ལ་སོགས་པ་ཟིན་པའི་མཇུག་ཏུ་དེའི་ཚེ་ཁྲུས་བྱ་བའོ། །ཡང་ན་རྐང་ལག་བཀྲུའོ་ཞེས་བྱ་བ་ནི་མཇུག་ཏུའོ། །ཆུས་བརླན་པས་ལུས་ཀྱང་བྱུག་གོ་ཞེས་བྱ་བ་ནི།

ལག་པ་ཆུས་བརླན་པས་ལུས་ཀྱི་རྡུལ་ཕྱི་བའི་ཕྱིར་ལུས་ལ་བྱུག་པར་བྱའོ། །སྣུམ་བག་གིས་ཉེད་པ་བྱའོ་ཞེས་བྱ་བ་ནི། ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་ལའོ། །དཀོན་མཆོག་གི་དོན་དུ་ཕྱག་དར་བྱས་པ་དང་། ཞལ་ཞལ་བྱས་པ་དང་། དྲི་གཙང་ཁང་དང་སྐུ་གཟུགས་

དང་མཆོད་རྟེན་དང་སྲོག་ཤིང་གི་གྲིབ་མ་ལ་གཙུག་ལག་ཁང་གི་ཚིགས་སུ་བཅད་པ་གདོན་ཅིང་བགོམ་མོ་ཞེས་བྱ་བ་ནི། དེ་དག་ལ་མི་བགོམ་དུ་མི་རུང་ན་དྲང་སྲོང་གིས་གསུངས་པའི་ཚིགས་སུ་བཅད་པ་གདོན་ཅིང་བགོམ་པར་བྱའོ། །ཉི་མ་དེ་ཉིད་ལ་གནས་མལ་ལ་སོ་སོར་

བརྟག་པ་དང་བཅོས་པར་བྱའོ་ཞེས་བྱ་བ་ནི་ཚེས་བརྒྱད་དང་བཅུ་བཞིའི་ཉི་མ་དེ་ཉིད་ལ་མལ་ཆ་དང་སྟན་དང་། གདིང་བ་ལ་སོགས་པ་སོ་སོར་བརྟག་པ་དང་བཅོས་པར་བྱ་བའོ། །སུས་དེ་ལ་སོ་སོར་བརྟག་པར་བྱ་ཞེ་ན་དེའི་ཕྱིར། རྡོལ་བ་ལ་སོགས་པ་དང་ལྡན་པ་དག་གིས་སོ་ཞེས་བྱ་

བ་སྨྲས་ཏེ་མལ་ཆ་ལ་སོགས་པའོ། །སུས་བཅོས་པར་བྱ་ཞེ་ན་དེའི་ཕྱིར། གནས་པ་དག་གིས་སོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཉིད་ཀྱིས་འདིར་མཁན་པོ་དང་སློབ་དཔོན་དག་གི་མལ་སྟན་ལ་སོགས་པ་བཅོས་པར་བྱའོ། །གནས་མལ་གྱི་གཞི་ཆག་ཆག་དང་ཕྱག་དར་དང་ལྕི་བ་

འཇམ་པོའི་བྱུག་པས་བསྐུ་བར་བྱའོ་ཞེས་བྱ་བ་ནི། གནས་ཁང་ལ་སོགས་པ་གནས་མལ་གྱི་གཞི་དག་དེ་ན་གནས་པའི་དགེ་སློང་དག་གིས་ཆག་ཆག་ལ་སོགས་པ་བྱ་བའོ། །མལ་ཆ་དྲི་མས་གོས་པ་སྤྲུག་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་སྤྲུགས་པས་དྲི་མ་དང་བྲལ་བར་འགྱུར་ནའོ། །

Vol. 163 · folio 371a

གལ་ཏེ་ཧ་ཅང་ན་བཀྲུའོ་ཞེས་བྱ་བ་ནི། གལ་ཏེ་ཧ་ཅང་དྲི་མ་ཅན་དུ་གྱུར་ན་འགྱུར་བྱེད་ཀྱི་ཆུ་ལ་སོགས་པས་བཀྲུ་བར་བྱ་བའོ། །ཆག་ཆག་བཏབ་པའི་འོག་ཏུ་ཕྱག་གོ་ཞེས་བྱ་བ་ནི། ཆག་ཆག་བཏབ་པའི་འོག་ཏུ་ཕྱག་དར་བྱ་བའོ། །དེའི་འོག་ཏུ་བཤམ་མོ་

ཞེས་བྱ་བ་ནི། ཕྱག་དར་བྱས་པའི་འོག་ཏུ་མལ་སྟན་བཤམ་པར་བྱ་བའོ། །གཞི་རྡུལ་དང་བཅས་པ་མ་སྤྲུགས་པ་ལ་མི་བྱའོ་ཞེས་བྱ་བ་ནི། མལ་ཆ་དང་སྟན་གྱི་གཞིའི་ཁྲི་ལ་སོགས་པ་རྡུལ་དང་བཅས་པ་ཉིད་ཡིན་ན་དེ་མ་སྤྲུགས་པའི་སྟེང་དུ་མལ་དང་སྟན་བཤམ་པར་མི་བྱའོ། །

བཤམ་པར་བྱ་བ་དག་ལས་གོས་གཅིག་སྤྲུགས་པར་སྤྱད་དོ་ཞེས་བྱ་བ་ནི་མལ་སྟན་བཤམ་པར་བྱ་བ་དེ་དག་གི་ནང་ནས་གཅིག་ཅིག་ཁྲི་ལ་སོགས་པ་སྤྲུག་ཅིང་ཕྱི་བའི་རྡུལ་ཕྱགས་སུ་སྤྱད་པར་བྱ་བའོ། གོས་ཇི་ལྟ་བུ་ཞིག་ཅེ་ན་དེའི་ཕྱིར་ངན་པའོ་ཞེས་བྱ་བ་སྨྲས་ཏེ་ཐམས་ཅད་ཀྱི་ཐ་མའོ། །

དེ་བཅོས་སོ་ཞེས་བྱ་བ་ནི། སྤྲུག་པའི་དོན་དུ་སྤྱད་པའི་གོས་ངན་པ་དེའོ། །མི་ནུས་པ་ཉིད་ན་རས་མར་བྱས་ཏེ་ཤིང་བུའི་རྩེ་མོ་ལ་བཏགས་ནས་སྤྲུག་གོ་ཞེས་བྱ་བ་ནི། དེས་ཁྲི་ལ་སོགས་པ་དག་སྤྲུག་གོ་ཞེས་བྱ་བར་སྦྱར་ཏེ། གོས་ངན་པ་དེ་ཧ་ཅང་ཞིགས་ཆེས་པར་གྱུར་ན་

གང་གི་ཚེ་དེས་ཁྲི་ལ་སོགས་པ་དག་སྤྲུག་པར་མི་ནུས་ཤིང་ཕྱིར་བཅོས་སུ་མི་རུང་བ་དེའི་ཚེ་གོས་ཞིགས་པ་དེ་རས་མར་བྱས་ཏེ་དམ་དུམ་དུ་གཤེགས་ནས་ཤིང་བུའི་རྩེ་མོ་ལ་བཏགས་ཏེ་སྦྲང་ཡབ་བཞིན་དུ་དེས་ཁྲི་ལ་སོགས་པ་དག་སྤྲུག་པར་བྱའོ། །དེ་ལྟར་ཡང་མི་རུང་བ་ཉིད་

ཡིན་ན་སྦྱིན་པ་པོའི་བསོད་ནམས་མངོན་པར་སྤེལ་བ་དང་ཡུན་རིང་བ་ཉིད་དུ་བྱ་བའི་བྱིར་ལྕི་བ་དང་ས་དག་བསྲེས་ཏེ་ཀ་བ་དང་རྩིག་པའི་སེར་ཀ་གླན་པར་བྱའོ་ཞེས་བྱ་བ་ནི། །དེ་ལྟར་རས་མར་བྱས་ཀྱང་ཁྲི་ལ་སོགས་པ་སྤྲུག་པར་མི་ནུས་པ་ཉིད་ཡིན་ན་ཇི་སྐད་སྨོས་པ་དེ་བཞིན་བྱ་བའོ། །སྒོ་

གང་དང་ཁྱམས་སུ་མལ་བཅའ་བ་དང་བཅས་ན་ཡང་གཟུང་བར་མི་བྱའོ་ཞེས་བྱ་བ་ནི། དེ་དག་ཏུ་མལ་བཅའ་བར་ཡང་མི་བྱ་ལ་གཞན་གྱིས་བཅས་ན་ཡང་རང་གིས་གཟུང་བར་མི་བྱའོ། །སྦྱིན་པ་པོ་མྱ་ངན་བསང་བའི་ཕྱིར་ཕུལ་བ་དེས་མཐོང་བར་གཞག་པར་མི་བྱའོ་ཞེས་བྱ་བ་ནི།

Vol. 163 · folio 371b

རྒྱལ་པོ་གསལ་རྒྱལ་གྱིས་རང་གི་མ་ཤི་བའི་མྱ་ངན་བསང་བའི་ཕྱིར་མའི་མལ་ཁྲི་དགེ་འདུན་ལ་ཕུལ་བ་དགེ་སློང་དག་གིས་སྒོ་གང་དང་ཁྱམས་སུ་བཤམས་པ་རྒྱལ་པོས་མཐོང་ནས་ཡང་མྱ་ངན་ལངས་པ་བྱུང་བའི་མཐའ་ལས་བཅས་པ་ཡིན་ཏེ། དེ་ལྟ་བུའི་རྫས་སྦྱིན་བདག་

གིས་མཐོང་བར་མི་བྱའོ། །སྒྲ་མི་སྙན་པའི་གཉེན་པོའི་ཕྱིར་ཚེས་བརྒྱད་དང་བཅུ་བཞི་དག་ལ་ཁྱམས་སུ་བཤམ་པར་བྱའོ་ཞེས་བྱ་བ་ནི། སྦྱིན་བདག་གིས་མཐོང་བར་མི་བྱ་བའི་ཕྱིར་རྫས་དེ་སྦས་པ་ན། གལ་ཏེ་གཞན་དག་འདི་སྐད་ཅེས་དགེ་སློང་དེ་དག་གིས་མལ་ཁྲི་དེ་བརྐུས་སོ་

ཞེས་བྱ་བ་ལ་སོགས་པའི་སྒྲ་མི་སྙན་པ་སྐུར་པ་དང་ཕྱར་ཀ་དང་དྲི་ངས་སུ་འགྱུར་བ་དེ་བསལ་བའི་ཕྱིར་གཉེན་པོའི་ཕྱིར་ཚེས་བརྒྱད་དང་བཅུ་བཞི་ལ་སོགས་པ་དུས་དུས་སུ་སྦྱིན་བདག་དེ་མེད་པའི་སྐབས་སུ་མལ་ཁྲི་ལ་སོགས་པ་དེ་དག་ཁྱམས་ལ་སོགས་པ་དག་ཏུ་བཤམས་ཤིང་

གཞན་གྱིས་མཐོང་བར་བྱའོ། །ཁྲི་དང་ཁྲིའུ་བཅང་བར་བྱ་བའོ་ཞེས་བྱ་བ་ནི། གང་ཟག་གིས་ཀྱང་ངོ་། །སྤྱིལ་བ་མི་ཉམས་པར་བྱ་བའི་ཕྱིར་ཁྲི་རྐང་གི་མཐིལ་མཉམ་པར་བཅས་པར་བྱའོ་ཞེས་བྱ་བ་ནི། ས་གཞི་སྤྱིལ་བ་འཇམ་པོ་མི་ཉམས་པར་བྱ་བའི་ཕྱིར་རོ། །ཡང་ན་དེའི་

འོག་ཏུ་ཕུབ་མའི་ཕུང་པོ་བཞག་པའམ་དེ་རས་མས་དཀྲི་བར་བྱའོ་ཞེས་བྱ་བ་ནི། སྤྱིལ་བ་མི་ཉམས་པར་བྱ་བའི་ཕྱིར་ཡང་ན་ཁྲི་རྐང་དེའི་འོག་ཏུ་ཕུབ་མའི་ཕུང་བུ་བླུགས་པའམ་ཁྲི་རྐང་དེ་རས་མས་དཀྲི་བར་བྱའོ། །དགེ་འདུན་མ་ཡིན་པས་རྐང་པ་བྲིས་པའི་ཁྲིའུ་བདག་གིར་བྱ་བ་

བསྟན་པར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་མ་ཡིན་པ་གང་ཟག་གིས་རྐང་པ་རི་མོ་བྲིས་པའི་ཁྲིའུ་བཅང་བར་མི་བྱའོ། །འདིར་གཞུང་ནི། དགེ་སློང་གཞན་དག་ཁྲིའུ་རྐང་པ་ཁྲ་བོ་རང་གིས་བྱེད་དུ་མི་འཇུད་ལ། གཞན་དག་ལས་ཐོབ་པ་ནི་འཆང་བར་བྱེད་པ་དང་། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་འདུན་ལ་ནི་ཁྲིའུ་རྐང་པ་ཁྲ་བོ་ཐོབ་པ་དང་བྱེད་དུ་བཅུག་པ་རྗེས་སུ་གནང་ངོ་། །གང་ཟག་ལ་ནི་རྣམ་པ་ཐམས་ཅད་རྗེས་སུ་མི་གནང་ངོ་ཞེས་གསུངས་པ་ཡིན་ནོ། །སྟན་བཟང་པོ་དང་རྒྱབ་རྟེན་དང་བཅས་པའི་རྟེན་ཡང་མི་

Vol. 163 · folio 372a

བྱའོ། །ཞེས་བྱ་བ་ཡང་དགེ་འདུན་མ་ཡིན་པས་བདག་གིར་བྱ་བ་བསྟེན་པར་མི་བྱའོ། །སྟན་བཟང་པོ་ཞེས་བྱ་བ་ནི་སྟན་ཚད་ཆེན་པོའོ། །རྒྱབ་རྟེན་དང་བཅས་པའི་སྟན་ཞེས་བྱ་བ་ནི། ལུས་ཀྱི་རྒྱབ་རྟེན་དང་བཅས་པའི་སྟན་ནོ། །མར་མེའི་སྡོང་

བུ་ཡང་མི་བྱའོ་ཞེས་བྱ་བ་ནི་ཤིང་ལྗོན་པའི་རྣམ་པ་འདྲ་བའི་མར་མེའི་སྡོང་བུ་ཡང་དགེ་འདུན་མ་ཡིན་པས་བདག་གིར་བྱ་བ་བསྟེན་པར་མི་བྱའོ། །འདིར་གཞུང་ནི་དགེ་འདུན་ལ་ནི་ཡལ་ག་གཅིག་པའི་མར་མེའི་སྡོང་བུ་རྙེད་ན་ཡང་རྗེས་སུ་གནང་ངོ་། །གང་ཟག་ལ་ནི་རྗེས་སུ་མི་

གནང་ངོ་། །ཡལ་ག་གཉིས་པ་དང་མང་པོ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །ཁ་ཅིག་ལས་ནི་ཡལ་ག་དུ་མ་པ་ཞེས་སོ་ཞེས་བྱ་བ་ནི། ལུགས་ཁ་ཅིག་ལས་ནི་ཡལ་ག་དུ་མ་དང་ལྡན་པའི་མར་མེའི་སྡོང་བུ་དགེ་འདུན་མ་ཡིན་པས་བདག་གིར་བྱ་བ་བསྟེན་པར་མི་བྱའོ། །

ཡལ་ག་ཁ་ཅིག་དང་ལྡན་པ་བདག་གིར་བྱས་པ་ལ་ནི་ཉེས་པ་མེད་དོ་ཞེས་འབྱུང་ངོ་། །སྟན་ནང་ཚངས་ཅན་གྲུ་བཞི་དང་སྔས་ནང་ཚངས་ཅན་བཅང་བར་བྱའོ་ཞེས་བྱ་བ་ནི། དགེ་འདུན་དང་གང་ཟག་གིས་ཀྱང་ངོ་། །སྟན་ནང་ཚངས་ཅན་ཞེས་བྱ་བ་ནི་ཤིང་བལ་ཅན་ནོ། །སྔས་ནང་

ནང་ཚངས་ཅན་གྱི་རྣམ་པ་བསྟན་པའི་ཕྱིར་ཁྲུ་བཞི་དང་དོ་པ་ཉིས་བལྟབ་ཏུ་བྱས་ཏེ། བཙེམ་མོ་ཞེས་བྱ་བ་སྨྲས་ཏེ། སྲིད་དུ་ནི་ཁྲུ་བཞི་པ་ཉིས་བལྟབ་ཞེང་དུ་ནི་ཁྲུ་དོ་པ་ཉིད་བལྟབ་ཏུ་བྱས་ཏེ་བཙེམ་མོ། །ཤིང་བལ་གྱིས་བརྫང་ངོ་ཞེས་བྱ་བ་ནི། སྟན་ནང་ཚངས་ཅན་དང་སྔས་ནང་

ཚངས་ཅན་དག་གོ། །སོ་སོར་བརྟག་པར་མ་བྱས་པར་ཉལ་བར་མི་བྱའོ་ཞེས་བྱ་བ་ནི། མལ་དང་སྟན་ལ་སོ་སོར་བརྟག་པར་མ་བྱས་པར་དེར་ཉལ་བར་མི་བྱའོ། །འདིར་གཞུང་ནི། ཉལ་བར་བྱེད་ན་སོ་སོར་བརྟགས་ཏེ་ཉལ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དྲན་པ་ཉེ་བར་

མ་བཞག་པར་མི་བྱའོ་ཞེས་བྱ་བ་ནི་ཉལ་བར་མི་བྱ་བ་སྟེ། འདིར་དྲན་པ་ཞེས་བྱ་བ་ནི། དགེ་བ་བརྩམས་པ་དང་། འབྲེལ་བ་དང་། དགེ་བའི་ཕྱོགས་གཞན་དང་འབྲེལ་བ་དག་དུས་ཇི་ལྟ་བ་བཞིན་དུ་ལྡང་བ་དང་། འབྲེལ་པ་དང་། ལུས་དང་གོས་མི་འཕྱར་བ་དང་འབྲེལ་བའི་དྲན་པ་

Vol. 163 · folio 372b

ཡིན་པར་རིག་པར་བྱའོ། །གཞན་དང་ལྷན་གཅིག་ཁྲིའམ་སྟན་ནམ་གཞན་ལ་ཅིག་ཅར་མི་བྱའོ་ཞེས་བྱ་བ་ནི་ཉལ་བར་མི་བྱ་བ་སྟེ། གཞན་ཞེས་སྨོས་པ་ནི་སྟེགས་བུ་ལ་སོགས་པ་དག་བསྡུའོ། །ངོ་ཚ་ཤེས་པས་མེད་ན་སྟན་སོ་སོར་བཏིང་སྟེ་གཏུར་བུའམ་ལྷུང་བཟེད་

ཀྱི་སྣོད་ལ་སོགས་པས་བར་དུ་བཅད་ནས་དྲན་པ་ཉེ་བར་གཞག་སྟེ་ཉལ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པས་ནི་ཁྲི་ལ་སོགས་པ་མལ་ཐ་དད་པ་མེད་པ་ན། གདིང་བའི་སྟན་སོ་སོར་བཏིང་སྟེ་ཆོས་གོས་ཀྱི་གཏུར་བུའམ་ལྷུང་བཟེད་ཀྱི་སྣོད་ལ་སོགས་

པས་བར་དུ་བཅད་ནས་དྲན་པ་ཉེ་བར་གཞག་སྟེ་ཁྲིའམ་སྟན་ནམ་གཞན་དེའི་སྟེང་དུ་གཞན་དང་ལྷན་ཅིག་ཉལ་བར་བྱའོ། །འདི་ནི་ཕན་ཚུལ་ལུས་རེག་པ་སྤང་བའི་ཕྱིར་རོ། །གསུམ་ལས་ལྷག་པ་མང་བ་དང་ལྷན་ཅིག་ཁྲི་ལས་འཛེག་པ་ཉིད་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི། གང་ཟག་

གསུམ་ལས་ལྷག་པ་མང་པོ་དང་ལྷན་ཅིག་ཏུ་ཁྲི་གཅིག་གི་སྟེང་དུ་འཛེགས་པ་དང་འདུག་པ་དང་ཉལ་བར་མི་བྱའོ། །འདི་སྐད་བསྟན་ཏེ། ཁྲི་གཅིག་གི་སྟེང་དུ་གང་ཟག་གཉིས་སམ་གསུམ་ནི་འཛེག་པ་དང་འདུག་པ་དང་ཉལ་བར་བྱའི། བཞི་ཡན་ཆད་ནི་མི་བྱའོ། །ཁྲི་རིང་

པོ་ལ་ནི་གཉིས་ལས་མི་བྱའོ་ཞེས་བྱ་བ་ནི། ལྷག་པར་མང་པོ་དང་ལྷན་ཅིག་འཛེག་པ་ཉིད་བསྟེན་པར་མི་བྱ་བའོ། །ཁྲིའུ་ལ་གཅིག་མ་ཡིན་པས་མི་བྱའོ་ཞེས་བྱ་བ་ནི་གཅིག་པོ་ཁོ་ན་དེ་ལ་འདུག་པར་བྱའོ། །དེ་ནི་ཁྲི་ཐུང་ངུའི་དཔེ་ཡིན་པར་བལྟ་བར་བྱའོ། །ཤིང་གི་སྤང་ལེབ་ལ་ནི་སྟོབས་

ཅི་ཡོད་པ་དང་གོ་ཅི་ཡོད་པ་ལས་ཤེས་པར་བྱའོ། །ལོ་གསུམ་ལས་ལྷག་པས་བར་དུ་ཆོད་པ་དང་ལྷན་ཅིག་སྟན་ལ་འདུག་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་རྫོགས་པར་བསྙེན་པའི་དུས་ལོ་གསུམ་ལས་ལྷག་པས་བར་དུ་ཆོད་ཅིང་ཁྱད་ཞུགས་པ་རྒན་པ་དང་ལྷན་ཅིག་སྟན་གཅིག་ལ་

འདུག་པར་མི་བྱ་སྟེ། འདི་ལྟར་གཞོན་པ་ཆེས་རྒན་པ་དང་ལྷན་ཅིག་ཏུ་འདུག་པར་མི་རིགས་པའི་ཕྱིར་རོ། །འདིར་ལོ་གསུམ་ལས་ལྷག་པས་བར་དུ་ཆོད་པ་ཞེས་སྨོས་པ་ནི། བསྙེན་པར་རྫོགས་པའི་ལོ་གྲངས་ཡིན་གྱི་ན་ཚོད་ནི་མ་ཡིན་ཏེ། དེས་ན་ལོ་གསུམ་ལས་ལྷག་ན་མི་རུང་གི །

Vol. 163 · folio 373a

ལོ་གསུམ་ཡན་ཆད་ནི་རུང་བར་ཤེས་པར་བྱའོ། །ཁྱིམ་གཞན་དུ་སྟན་གཞན་མེད་ན་མཁན་པོ་དང་ཡང་དྲན་པ་ཉེ་བར་གཞག་སྟེ་སྟན་གཅིག་ལ་འདུག་པར་བྱའོ་ཞེས་བྱ་བ་ནི། ཁྱིམ་པའི་ཁྱིམ་གཞན་དུ་གལ་ཏེ་སྟན་གཞན་མེད་ན་མཁན་པོ་དང་ཡང་སྟན་གཅིག་ལ་

འདུག་པ་བསྟེན་པར་བྱ་སྟེ། འདི་ནི་མཁན་པོ་ཡིན་ཏེ་གུས་པ་དང་བཅས་པས་འདུག་པར་བྱའོ་སྙམ་དུ་དྲན་པ་ཉེ་བར་གཞག་སྟེ་འདུག་པར་བྱའོ། །ཁྱིམ་པ་དང་གང་དུའང་མི་བྱའོ་ཞེས་བྱ་བ་ནི། ཁྱིམ་པ་དང་ནི་ཁྱིམ་གཞན་ཡང་རུང་གཙུག་ལག་ཁང་ཡང་རུང་སྟེ། །གང་དུ་ཡང་སྟན་

གཅིག་ལ་འདུག་པར་མི་བྱའོ། །བསྙེན་པར་མ་རྫོགས་པ་དང་ཡང་མི་བྱའོ་ཞེས་བྱ་བ་ནི། བསྙེན་པར་མ་རྫོགས་པ་དང་གང་དུ་ཡང་སྟན་གཅིག་ལ་འདུག་པར་མི་བྱའོ། །ཟ་མ་དང་མ་ནིང་དང་མ་བསད་པ་ལ་སོགས་པ་དང་མུ་སྟེགས་ཅན་དང་མུ་སྟེགས་ཅན་དུ་ཞུགས་པ་དང་རྐུ་ཐབས་སུ་

གནས་པ་དང་ཐ་དད་པར་གནས་པ་དང་གནས་པར་མི་བྱ་བ་དག་དང་མི་བྱའོ་ཞེས་བྱ་བ་ནི། དེ་དག་དང་གང་དུ་ཡང་སྟན་གཅིག་ལ་འདུག་པ་བསྟེན་པར་མི་བྱའོ། །བསླབ་པ་བྱིན་པ་དང་མི་བྱའོ་ཞེས་བྱ་བ་ཡང་གང་དུ་ཡང་སྟན་གཅིག་ལ་འདུག་པ་བསྟེན་པར་མི་བྱའོ། །ཨར་མོ་ནི་ག་ནི་

བསྙེན་པར་རྫོགས་པ་དང་བཅས་པའི་དགེ་འདུན་འདུས་པ་ལས་གཞན་པའི་སྟན་ཉིད་ཡིན་ནོ་ཞེས་བྱ་བ་ནི། ཨར་མོ་ནི་ག་ནི་བསྙེན་པར་རྫོགས་པ་དང་བཅས་པའི་དགེ་འདུན་འདུས་པ་ལས་གཞན་པའི་གནས་སུ་སྟན་ཉིད་ཡིན་པའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དགེ་འདུན་འདུས་

པ་ལས་གཞན་པར་ཡང་ཨར་མོ་ནིག་དེ་ལ་ལོ་གསུམ་ལས་ལྷག་པས་བར་དུ་ཆོད་པ་དང་ལྷན་ཅིག་འདུག་པ་བསྟེན་པར་མི་བྱའོ། །འདིར་བསྙེན་པར་རྫོགས་པ་དང་བཅས་པ་ཞེས་སྨོས་པ་ནི། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་དགེ་འདུན་ཚོགས་ན་ཡང་འདུག་པར་མི་བྱའོ་ཞེས་

བསྟན་པའི་ཕྱིར་སྨོས་སོ། །སྟེགས་བུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། སྟེགས་བུ་ནི་སར་གྱུར་པ་ཉིད་ཡིན་པས་སྟན་ཉིད་མ་ཡིན་ནོ། །དོག་པའི་གནོད་པར་གྱུར་ན་ལྟུང་བ་མེད་དོ་ཞེས་བྱ་བ་ནི། འདུས་པའི་སྐབས་ཀྱི་བསླབ་པའི་གཞི་དེ་དག་ཐམས་ཅད་ལ་འདི་དམིགས་ཀྱིས་བསལ་བ་ཡིན་

Vol. 163 · folio 373b

ནོ། །འདིར་གཞུང་ནི་བཙུན་པ་དགེ་སློང་ཁྱིམ་པ་དང་ལྷན་ཅིག་སྟན་ནང་ཚངས་ཅན་གཅིག་ལས་མཆིས་སུ་རུང་ངམ། ཉེ་བ་འཁོར་མི་རུང་སྟེ་རྐྱེན་དེ་ལྟ་བུ་དག་ཡོད་ན་ནི་རུང་ངོ་ཞེས་གསུངས་པ་ཡིན་ནོ། །གནས་མལ་སྦེད་པ་ནི་གལ་ཏེ་གཉིས་ཡོད་ན་གཅིག་གིས་ཁྲིའམ་ཁྲིའུ་

བསྐུར་ཞིང་ཅིག་ཤོས་ཀྱིས་སྟན་ནང་ཚངས་ཅན་ལ་སོགས་པའོ་ཞེས་བྱ་བ་ནི། གལ་ཏེ་གང་ཟག་གཉིས་ཡོད་ན་དེ་ལྟར་བསྐུར་བར་བྱ་བའོ། །འདིར་བྱེ་བྲག་ཏུ་མ་སྨོས་པས་དགེ་འདུན་གྱི་འབའ་ཞིག་ཏུ་མ་ཟད་ཀྱི་གང་ཟག་གི་ཡང་རུང་ངོ་། །དགེ་འདུན་གྱི་དེ་སྙིང་མི་བརྩེ་བར་མདུན་ནས་

དྲང་བ་དང་གཡས་གཡོན་ནས་དྲང་བར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་མལ་ཆ་དང་སྟན་ལ་སོགས་པའི་གནས་མལ་དེ་སྙིང་མི་བརྩེ་ཞིང་ལྟོས་པ་མེད་པར་མདུན་ནས་ཚུར་དྲང་ཞིང་བཤལ་བ་དང་ཀློ་གཡས་གཡོན་ནས་དྲང་ཞིང་བཤལ་བར་མི་བྱའོ། །ཅི་ནས་ཀྱང་དེ་དུ་བ་དང་དྲི་མ་

དང་རྡུལ་དག་གིས་གོས་པར་འགྱུར་བ་དེ་ལྟར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་གནས་མལ་དེའོ། །དེ་མི་གཙང་བའི་སྐྱབས་དང་ཉེ་བར་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་གནས་མལ་དེ་བཤང་བ་དང་གཅི་བའི་སྐྱབས་དག་དང་ཉེ་བར་བཅང་བ་དང་བཞག་པ་བསྟེན་པར་

མི་བྱ་བའོ། །ཉམས་པ་དོར་བར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་གནས་མལ་སྟན་ལ་སོགས་པ་དེ་དག་རླན་པ་དང་། གཤེར་བ་དང་རྡུལ་ཆགས་པ་དང་རྡོལ་པ་ལ་སོགས་པས་ཉམས་པ་ཕྱི་རོལ་དུ་དོར་བར་མི་བྱ་བའོ། །འོ་ན་ཇི་ལྟར་ཞེ་ན་དེའི་ཕྱིར་བསྲད་པ་དང་

བསྐམ་པ་དང་སྤྲུག་པ་དང་བུ་གུ་གླན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། གནས་མལ་དེའོ། །རལ་བ་ལ་ལྷན་རིང་ངོ་ཞེས་བྱ་བ་ནི་གནས་མལ་རལ་བ་དང་གས་པ་དག་ལ་ལྷན་རིང་གིས་གླན་པར་བྱ་བའོ། །དབུས་ཟེགས་ན་མཐའ་གཉིས་དབུས་ཉིད་དུའོ་ཞེས་བྱ་བ་ནི། གལ་ཏེ་གནས་

མལ་གྱི་དབུས་ཟེགས་ཤིང་མཐའ་གཉིས་སྲན་དེའི་ཚེ་མཐའ་གཉིས་དབུས་ཉིད་དུ་བྱ་བའོ། །དེར་འོས་པ་ཁ་བསྒྱུར་རོ་ཞེས་བྱ་བ་ནི། ཁ་བསྒྱུར་བར་འོས་པའི་གནས་མལ་ཁ་བསྒྱུར་བར་བྱ་བའོ། །ཕྱིར་བཅོས་མི་ནུས་པ་ཉིད་ཡིན་ན་དཀོན་མཆོག་ལ་ཕུལ་བའི་མར་མེ་གང་ཟག་སྦྱིན་

Vol. 163 · folio 374a

བདག་ཡིན་པ་ཡང་རུང་བ་དག་གིས་སྙིང་པོ་ཉིད་དུ་སྤྱད་དོ་ཞེས་བྱ་བ་ནི། གལ་ཏེ་གནས་མལ་མི་རུང་བ་ཉིད་དུ་གྱུར་པས་ཕྱིར་བཅོས་མི་ནུས་པ་ཉིད་ཡིན་ན་དེའི་ཚེ་དཀོན་མཆོག་གསུམ་ལ་ཕུལ་བའི་མར་མེ་གང་ཟག་སྦྱིན་བདག་ཡིན་པ་རུང་བ་དག་གིས་སྙིང་པོ་ཉིད་

དུ་སྤྱད་པར་ཡང་རུང་བ་བྱ་སྟེ། དགེ་འདུན་སྦྱིན་བདག་ཡིན་པའི་མར་མེ་དག་འབའ་ཞིག་གི་སྙིང་པོར་སྤྱད་པར་བྱ་བར་མ་ཟད་དོ། །དེར་མི་མཁོ་བ་ཉིད་ཡིན་ན་འཇིམ་པ་དང་བསྲེས་ཏེ་དཀོན་མཆོག་དག་གི་རྩིག་པ་དང་ཀ་བ་དང་སྒོ་གླེགས་ཀྱི་སེར་ཀ་དག་བྱུག་པའི་ཕྱིར་དེ་ལ་ནན་ཏན་བྱའོ་ཞེས་

བྱ་བ་ནི་གནས་མལ་དེ་སྔར་བསྟན་པའི་མར་མེའི་སྙིང་པོ་དེར་མི་མཁོ་བ་ཉིད་ཡིན་ན་དེའི་ཚེ་འཇིམ་པ་དང་ལྷན་ཅིག་བསྲེས་ཏེ། དཀོན་མཆོག་དག་གི་རྩིག་པ་དང་ཀ་བ་དང་སྒོ་གླེགས་ཀྱི་སེར་ཀ་དག་བྱུག་པར་བྱ་བའི་ཕྱིར་བསྲད་པ་དང་བསྐམ་པ་དང་སྤྲུག་པ་དེ་ལ་ནན་ཏན་བྱ་བའོ། །

གནས་མལ་ཇི་ལྟ་བུར་གྱུར་པ་སུས་བསྲད་པ་ལ་སོགས་པའི་ནན་ཏན་བྱ་ཞེ་ན་དེའི་ཕྱིར། བསྐོས་པ་ནི་མནོས་པས་སོ་ཞེས་བྱ་བ་སྨྲས་ཏེ། གནས་མལ་བསྐོས་པ་ནི་གང་ཟག་གང་གིས་མནོས་པ་དེས་བསྲད་པ་ལ་སོགས་པ་ནན་ཏན་བྱའོ། །ལྷག་མ་ནི་དགེ་འདུན་གཎྜཱི་བརྡུངས་

པས་བསྡུས་ཏེའོ་ཞེས་བྱ་བ་ནི། གནས་མལ་བསྐོས་པའི་ལྷག་མ་མ་བསྐོས་པ་ནི་དགེ་འདུན་གཎྜཱི་བརྡུངས་པས་བསྡུས་ཏེ་དགེ་འདུན་དུ་གྱུར་པའི་དགེ་སློང་ཐམས་ཅད་ཀྱིས་བསྲད་པ་ལ་སོགས་པ་ལ་ནན་ཏན་བྱ་བའོ། །དགེ་འདུན་གྱིས་རྐུ་འཕྲོག་བྱེད་པ་མཐོང་ལ་ནུས་ན་མི་ཟློགས་པར་

མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱིས་དངོས་པོ་ལ་ཆོམ་རྐུན་ལས་རྐུ་འཕྲོག་བྱེད་པ་མཐོང་ལ་གལ་ཏེ་ཕྱིར་བཟློག་ནུས་ན་མི་ཟློགས་པར་མི་བྱ་སྟེ་བཟློག་པ་ཁོ་ནར་བྱ་བའོ། །རྐུ་འཕྲོག་ནི་དཔེ་ཙམ་དུ་ཟད་དེ་ཆུད་ཟ་བར་འགྱུར་བ་དག་ལ་ཡང་ཆོ་ག་དེ་བཞིན་དུ་བསྒྲུབ་པར་བྱ་བའོ། །སྐྲག་པ་ན་དགེ་

འདུན་གྱིས་ཡལ་བར་མི་དོར་རོ་ཞེས་བྱ་བ་ནི་ཆོམ་རྐུན་ལ་སོགས་པས་སྐྲག་པ་ན་དགེ་འདུན་གྱིས་དངོས་པོ་ཡལ་བར་མི་འདོར་བའོ། །གནས་སུ་མ་སོན་གྱི་བར་དུ་ཁྱེར་བར་བྱེད་པས་ལོངས་སྤྱད་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། སྐྲག་པ་ན་དགེ་འདུན་གྱིས་དངོས་པོ་ཡལ་བར་བོར་

Vol. 163 · folio 374b

ཏེ་བླངས་པ་གང་ཡིན་པ་དེ་ནི་དགེ་སློང་གི་གནས་སུ་མ་སོན་གྱི་བར་དུ་གང་གིས་ཁྱེར་བར་བྱེད་པའི་གང་ཟག་དེ་ཉིད་ཀྱིས་ལོངས་སྤྱད་པར་བྱ་བ་ཉིད་ཡིན་པའོ། །དེ་རང་གི་གནས་སུ་བསྐུར་བར་མི་འགྲུབ་ན་གནས་གཞན་དུ་ལོངས་སྤྱད་པས་ཡོངས་སུ་སྤྱད་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་

རྫས་དེ་རང་གི་གནས་སུ་བསྐུར་བར་མི་འགྲུབ་ན་གནས་གཞན་དུ་ཡོངས་སུ་ལོངས་སྤྱད་པས་ཡོངས་སུ་སྤྱད་པའོ། །གནས་གཞན་གྱི་ཟས་དང་ཡོ་བྱད་ཀྱི་རྙེད་པ་གནས་གཞན་དུ་ཡོངས་སུ་སྤྱད་པར་མི་བྱའོ་ཞེས་བྱ་བ་ནི། གནས་གཞན་གྱི་ཟས་ཀྱི་རྙེད་པ་བཟའ་བ་དང་བཅའ་བ་ལ་སོགས་པ་

དང་ཡོ་བྱད་ཀྱི་རྙེད་པ་མར་མེ་དང་འབྲུ་མར་དང་། རྐང་པ་བསྐུ་བ་དང་མཆིལ་ལྷམ་དང་གོས་དང་གདུགས་དང་ཤིང་དང་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་། འབྲས་བུ་དང་སྨན་ལ་སོགས་པ་དག་གནས་དེར་གནས་པ་མི་བསྟན་པས་གནས་གཞན་དུ་དྲང་ཞིང་ཡོངས་སུ་སྤྱད་པར་

མི་བྱའོ། །དེ་དེ་ལ་སྦྱིན་པར་མི་བྱའོ་ཞེས་བྱ་བ་ནི། གནས་གཞན་གྱི་ཟས་དང་ཡོ་བྱད་ཀྱི་རྙེད་པ་དེ་གནས་གཞན་དུ་ཟ་བར་བྱེད་པ་དེ་ལ་དགེ་འདུན་གྱིས་སྦྱིན་པར་མི་བྱ་བའོ། །ནོད་པ་འབུལ་དུ་གཞུག་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་གནས་གཞན་དུ་ཟ་བར་བྱེད་པ་དེས་གནས་གཞན་གྱི་

ཟས་དང་ཡོ་བྱད་ཀྱི་རྙེད་པ་མནོས་པ་གང་ཡིན་པ་དེ་དགེ་འདུན་གྱིས་ནོད་པར་བྱེད་པའི་གང་ཟག་དེ་ཉིད་ཕྱིར་འབུལ་དུ་གཞུག་པར་བྱའོ། །མི་ཁུགས་ན་འབོག་པའོ་ཞེས་བྱ་བ་ནི། གལ་ཏེ་ནོད་པ་དེ་མ་རྙེད་དམ་མཐུ་དང་ལྡན་པ་ལ་བརྟེན་པའི་ཕྱིར་དེ་ལས་ཟས་དང་ཡོ་བྱད་ཀྱི་རྙེད་པ་དེ་ཕྱིར་མ་

ཁུགས་ན་གང་ཟག་གང་གིས་ནོད་པ་དེ་ལ་ཕོག་པའི་གང་ཟག་འབོག་འབོག་པ་དེ་ཉིད་དགེ་འདུན་གྱི་ཕྱིར་དབུལ་དུ་གཞུག་པར་བྱའོ། །འདིར་གཞུང་ནི་དགེ་སློང་གཞན་དུ་གནས་པས་གཞན་དུ་ཁྱེར་ཏེ་ཅུང་ཟད་ཅི་ཙམ་ཟོས་པ་ཐམས་ཅད་རིན་ཚང་བར་བྱས་ཏེ་འབུལ་དུ་གཞུག་པར་བྱའོ་

ཞེས་གསུངས་པ་ཡིན་ནོ།། །།བམ་པོ་བདུན་ཅུ་པ་སྟེ་ཐ་མའོ། །ཆ་དབང་བ་དག་གིས་དགེ་འདུན་གྱི་རྩྭ་དང་ཤིང་མི་མཁོ་བ་རང་གི་དང་འདྲ་བར་སྤྱད་པ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་བྱ་བ་ནི། གང་དག་དེ་ཐོབ་ཅིང་དེའི་ཆ་དབང་བ་དག་གིས་དགེ་འདུན་གྱི་རྩྭ་

Vol. 163 · folio 375a

དང་། ཤིང་དགེ་འདུན་གྱི་འཁོར་ན་སྐྱེ་ཞིང་ཡོངས་སུ་མ་བཟུང་བ་གང་ཡིན་པ་མི་མཁོ་བ་དེ་དག་རང་གི་དང་འདྲ་བ་སྤྱད་པ་ཁ་ན་མ་ཐོ་བ་མེད་པའོ། །མ་བསྐོས་པར་འཁོར་ཞིང་སྤྱད་པ་ལ་ཇི་ལྟར་འོངས་པས་ཡིན་གྱི་རྒན་རིམས་ཀྱིས་མ་ཡིན་ནོ་ཞེས་བྱ་བ་ནི།

དགེ་འདུན་གྱི་ཡོ་བྱད་གང་ཟག་སྒོ་གཅིག་ཏུ་མ་བསྐོས་པས་རེས་ཀྱིས་འཁོར་ཞིང་སྤྱད་པ་ཟངས་ལ་སོགས་པ་མར་མེ་བཞིན་དུ་ཅིག་ཅར་སྤྱད་པར་བྱ་བ་མ་ཡིན་པ་ལ་ནི་ཇི་ལྟར་འོངས་པ་སྤྱད་པར་བྱའི། རྒན་རིམས་ཀྱིས་སྤྱད་པར་བྱ་བ་ནི་མ་ཡིན་ཏེ། དེ་མ་བསྒོས་ན་དང་པོ་སུ་འོངས་པ་

དེ་ལ་གཡར་པོར་སྦྱིན་པར་བྱའོ། །བསྒོས་ན་ནི་བསྐོས་པའི་ཚེ་ན་གང་གིས་མནོས་པ་དེ་བདག་པོ་ཉིད་ཡིན་ནོ། །ཅིག་ཅར་བརྙས་ན་ནི་དེའོ་ཞེས་བྱ་བ་ནི། གལ་ཏེ་ཅིག་ཅར་བརྙས་པར་གྱུར་ན་ནི་ཅིག་ཅར་བརྙས་པ་དེ་རྒན་རིམས་ཀྱིས་སྤྱད་པར་བྱ་བའོ། །མ་ཟིན་ན་དེ་ལས་

འབྲལ་བར་མི་བྱའོ་ཞེས་བྱ་བ་ནི། གང་ཟག་གང་གིས་བརྙས་པ་དེའི་གོས་ཁ་བསྒྱུར་བ་ལ་སོགས་པའི་ལས་བརྩམས་པ་མ་ཟིན་ན་མ་བསྐོས་པའི་འཁོར་ཞིང་སྤྱད་པ་ཟངས་ལ་སོགས་པ་དེ་ལས་དབྲལ་བར་མི་བྱ་སྟེ། གཞན་གྱི་མཐུས་དབྲོག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །

དེས་བཀྲུ་བར་ཆུས་བཀང་ལ་འབགས་པ་ཉིད་ན་དེ་ཡིན་ནོ་ཞེས་བྱ་བ་ནི། དེ་བཀྲུ་བར་ཞེས་བྱ་བ་རྐང་པ་དེ་བཀྲུ་བའི་རྐང་ཁྲུས་སར་གལ་ཏེ་ཆུས་རྐང་པ་འབའ་ཞིག་གོས་པ་ཉིད་ཡིན་ན་བརྩམས་པ་མ་ཟིན་པ་ཉིད་ཡིན་པ་སྟེ། མ་ཟིན་ན་དེ་དང་དབྲལ་བར་མི་བྱའོ་ཞེས་བྱ་བར་སྦྱར་ཏེ། དེས་རྐང་པ་

བཀྲུས་མ་ཟིན་གྱི་བར་དུ་གཞན་གྱི་རྐང་ཁྲུས་སའི་གོ་དབྲོག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཆབ་ཁུང་ས་དེར་ཞུགས་པ་ཉིད་ནའོ་ཞེས་བྱ་བ་ནི། བཤང་བ་དང་གཅི་བའི་ཆབ་ཁུང་ས་དེར་ཞུགས་པ་ཉིད་ན་མ་ཟིན་པ་ཉིད་ཡིན་པས། མ་ཟིན་ན་དེ་དང་དབྲལ་བར་མི་བྱའོ་ཞེས་བྱ་བར་སྦྱར་

ཏེ་དེས་བཤང་བ་དང་གཅི་བ་མ་ཟིན་གྱི་བར་དུ་གཞན་གྱི་ཆབ་ཁུང་སའི་གོ་དབྲོག་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བསྒོམ་པའི་ཕྱིར་འདུག་པ་ལ་བསླང་བར་མི་བྱའོ་ཞེས་བྱ་བ་ནི། བསམ་གཏན་ལ་སོགས་པ་བསྒོམ་པའི་ཕྱིར་འདུག་པ་གཞན་གྱི་མཐུས་བསླང་བར་མི་བྱའོ། །དེ་ལ་

Vol. 163 · folio 375b

རྒན་རིམས་སུ་མི་བྱའོ་ཞེས་བྱ་བ་ནི་སྒོམ་པ་དེ་ལ་རྒན་རིམས་སུ་མི་བྱའི་ཇི་ལྟར་འོས་པས་བྱ་བ་སྟེ། སྒོམ་པའི་ཡོ་བྱད་སྟན་ལ་སོགས་པ་དག་ལ་ཇི་ལྟར་འཐོབ་པས་ལོངས་སྤྱད་པར་བྱའི་རྒན་རིམས་སུ་ལོངས་སྤྱད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་དགེ་སློང་

དག་སྤོང་བའི་ཁང་པ་ན་འཁོད་ཅིང་དགེ་བའི་ཕྱོགས་དག་བྱེད་པ་ན། དྲུག་སྡེ་དག་ལྷགས་ཏེ་ངེད་ཅག་རྒན་ནོ་ཞེས་སློང་བར་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལ་རྒན་རིམས་སུ་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་ལས་དང་ཟས་ཀྱིས་འབགས་

པ་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་ལས་དང་ཟས་བརྩམས་པས་འབགས་པ་བསླང་བར་མི་བྱའོ། །བྱུག་རིས་མ་ཡིན་པར་འདུག་པར་མི་བྱའོ་ཞེས་བྱ་བ་ནི། རང་གི་གོ་མ་ཡིན་པ་ནི་བྱུག་རིས་མ་ཡིན་པ་སྟེ། དེར་འདུག་པར་མི་བྱའོ། །བྱ་བ་བྱས་ན་འཁོར་ཞིང་སྤྱད་པར་འདོད་པ་ཡོད་ན་བཅང་

བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་རང་གི་གོས་ཁ་བསྒྱུར་བ་ལ་སོགས་པ་དང་རྐང་པ་བཀྲུ་བ་ལ་སོགས་པ་དང་། བཤང་གཅི་བྱ་བ་ལ་སོགས་པ་བྱ་བ་བྱས་ཟིན་ནས་དགེ་འདུན་གྱི་འཁོར་ཞིང་སྤྱད་པ་ཟངས་ལ་སོགས་པ་དང་། རྐང་ཁྲུས་ས་ལ་སོགས་པ་དང་ཆབ་ཁུང་ས་ལ་སོགས་

པ་གཞན་འདོད་པ་ཡོད་ན་མི་བཅང་མི་བརྣོག་པར་གཏང་བར་བྱ་བའོ། །བར་དུ་དོན་གྱི་ཆེད་ཉིད་དུ་ཁྲིའུ་ལས་ལངས་པ་ནི་བྱ་བ་བྱས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། གོས་ཁ་བསྒྱུར་བ་དང་གདང་ལ་གཟར་བ་དང་དབོག་པ་མི་སླེབས་པ་བསྙགས་པའི་ཆེད་དུ་རྐང་རྟེན་ཁྲིའུ་བཙུགས་པ་

ལས་བར་དུ་དོན་གྱི་དབང་ཉིད་དུ་ཁྲིའུ་ལས་བབ་པ་ནི། ད་དུང་ལས་སྔ་མ་བརྩམས་པ་མ་ཟིན་པས་བྱ་བ་བྱས་པ་ཉིད་མ་ཡིན་ཏེ། དེའི་སྐབས་སུ་གཞན་ཁྲིའུ་འདོད་པ་ཡོད་ན་བསྐུར་བར་མི་བྱའོ། །གཞན་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །དེའི་དུས་ན་དེ་ལ་ཆོས་གོས་སམ་

པུས་འཁྱུད་གཞག་པར་བྱའོ་ཞེས་བྱ་བ་ནི། བར་དུ་དོན་གྱི་ཆེད་ཉིད་དུ་ཁྲིའུ་ལས་ལྡང་བ་དེའི་དུས་ན་ཁྲིའུ་དེ་ལ་རང་གི་ཆོས་གོས་སམ་པུས་འཁྱུད་གཞག་པར་བྱའོ། །དེ་ནི་ཁྲིའུ་བྱ་བ་མ་བྱས་པར་ཁ་བརྔམ་དུ་འཕྲོག་པའི་སྐབས་མེད་པར་བྱ་བའི་ཕྱིར་རོ། །འདོད་པ་ཡོད་ལ་གནས་ཡོད་ན་

Vol. 163 · folio 376a

དགེ་འདུན་གྱིས་སྤགས་པ་ཉིད་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་གི་དགེ་འདུན་གྱི་འཁོར་ཞིང་སྤྱད་པར་ཟངས་ལ་སོགས་པ་བླངས་ཏེ། ཚོན་ལ་སོགས་པས་སྤགས་ཤིང་རང་གི་བྱ་བ་བྱས་པ་མ་ཟིན་པའི་ཚེ་འདོད་པ་གཞན་ཡོད་ལ། བདག་ལ་

སྣོད་ལ་སོགས་པ་གནས་གཞན་ཡོད་ན་དགེ་འདུན་གྱི་སྣོད་སྤགས་པ་དེ་རང་གི་བྱ་བ་བྱས་མ་ཟིན་ཀྱང་མི་བསྟེན་པར་བྱ་སྟེ་བསྐུར་བར་བྱ་བའོ། །འདི་སྐད་བསྟན་ཏེ་དགེ་སློང་གང་གིས་དགེ་འདུན་གྱི་ཡོ་བྱད་དེ་བླངས་ཤིང་སྤགས་པ་དེ་མ་ཟིན་པའི་ཚེ་དེ་འདོད་པའི་གང་ཟག་གཞན་ཡོད་ལ་

བདག་ལ་ཡང་ཡོ་བྱད་གཞན་ཡོད་ན་དེའི་ཚེ་དགེ་འདུན་གྱི་ཡོ་བྱད་དེ་བྱོ་སྟེ་བསྐུར་བར་བྱའོ། །དོན་ཡོད་ན་རྣམ་པ་དེ་ལྟ་བུ་ལས་བྲལ་བར་བྱས་པ་ལ་ཁ་ན་མ་ཐོ་བ་མེད་དོ་ཞེས་བྱ་བ་ནི། གང་ཟག་དེ་དགེ་འདུན་གྱི་ཡོ་བྱད་འདོད་པ་ཕྱི་མ་ཤོས་དེ་ལ་དོན་ཡོད་པ་ཉིད་ཡིན་ན། གང་ཟག་སྔ་མ་ཤོས་

ལ་རང་གི་སྣོད་གཞན་ཡོད་བཞིན་དུ་དགེ་འདུན་གྱི་ཡོ་བྱད་གང་ཟག་ཕྱི་མ་ལ་མི་སྟེར་ན་གང་ཟག་རྣམ་པ་དེ་ལྟ་བུ་དེ་ལས་གང་ཟག་ཕྱི་མ་ཤོས་ཀྱིས་དགེ་འདུན་གྱི་སྣོད་དེ་ན་དེའི་སྤགས་པ་འདུག་པ་དེ་དེ་རང་གི་སྣོད་གཞན་དེར་བྱ་སྟེ། དགེ་འདུན་གྱི་འཁོར་ཞིང་སྤྱད་པའི་ཡོ་བྱད་དེ་དེ་ལས་བྲལ་

བར་བྱས་ཏེ་ཁྱེར་བ་ལ་ཁ་ན་མ་ཐོ་བ་མེད་པའོ། །དོན་མེད་ན་ནི་བྲལ་བར་མི་བྱའོ། །དགེ་འདུན་གྱིས་མཆིག་དང་མཆི་གུ་བཅང་བར་བྱའོ་ཞེས་བྱ་བ་ནི། མཆིག་ཅེས་བྱ་བ་ནི་ལན་ཚྭ་ལ་སོགས་པ་བཏགས་པའི་ཕྱིར་རོ། །འོག་གཞིར་བཞག་པའི་རྡོ་ལེབ་བོ། །དེའི་མཆི་གུ་ཞེས་བྱ་བ་ནི།

མཆིག་དེའི་སྟེང་ནས་ལན་ཚྭ་ལ་སོགས་པ་འཐག་པར་བྱེད་པའི་རྡོ་ལེབ་ཆུང་ངུ་འཕྲེད་ཀར་གཞག་པའོ། །འདྲེག་མཁན་གྱི་ལག་ཆ་ཡང་ངོ་ཞེས་བྱ་བ་ཡང་། བཅང་བར་བྱའོ་ཞེས་བྱ་བའི་རྗེས་སྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་ཏེ། དགེ་སློང་དག་གིས་དགེ་འདུན་གྱི་ཕྱིར་

བཅང་བར་བྱ་བའོ། །སྣོད་དུ་བཅུག་སྟེ་རྩིག་པ་ལ་གཞག་གོ་ཞེས་བྱ་བ་ནི། འདྲེག་མཁན་གྱི་ལག་ཆའོ། །འདིར་གཞུང་ནི་དགེ་སློང་གི་དགེ་འདུན་གྱི་ཕྱིར་འདྲེག་མཁན་གྱི་ལག་ཆ་བཅང་བར་བྱ་ཞིང་སྣོད་དུ་བཅུག་སྟེ་རྩིག་པ་ལ་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སྣོད་

Vol. 163 · folio 376b

ཅེས་བྱ་བ་ནི་འདྲེག་མཁན་གྱི་ལག་ཆའི་སྣོད་ཡིན་པར་ཤེས་པར་བྱའོ། །སྟེའུ་དང་སྟ་རེ་དང་གཟོང་ལ་སོགས་པ་དང་དེ་དག་གི་སྣོད་དང་བཅས་པ་ཡང་ངོ་ཞེས་བྱ་བ་ལ་ཡང་། དགེ་འདུན་གྱིས་བཅང་བར་བྱའོ་ཞེས་བྱ་བའི་རྗེས་སྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་ཏེ།

དགེ་འདུན་གྱིས་སྟེའུ་དང་སྟ་རེ་དང་གཟོང་ལ་སོགས་པ་དང་དེ་དག་གི་སྣོད་དང་བཅས་པ་བཅང་བར་བྱ་བའོ། །སོགས་པ་ཞེས་སྨོས་པའི་སྒྲས་ནི། སྤྱང་ཕྲ་མོ་ལ་སོགས་པ་དག་བསྡུའོ། །དེ་དག་གི་སྣོད་ཅེས་སྨོས་པས་ནི་ཤིང་མཁན་གྱི་ལག་ཆའི་སྣོད་དག་བསྡུའོ། །འདིར་གཞུང་ནི་

ཤིང་དག་གཤེགས་པར་མི་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཕྱིར་སྟ་རེ་དང་གཟོང་དག་བཅང་བར་བྱའོ། །དགེ་སློང་ཞིག་གི་ཁྲི་ཆག་ནས་དགེ་སློང་དེས་སྨྲས་པ་ཁོ་བོ་ལ་བཟོ་ཡོད་དེ་ཞེས་བྱ་བས་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

དབེན་པའི་ཕྱོགས་སུ་བྱའོ། །དགེ་འདུན་གྱིས་སྟེའུ་དང་སྣོད་དག་ཀྱང་བཅང་བར་བྱའོ། །གང་ཟག་གི་འཆང་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེས་དགེ་སློང་ལ་གཡར་པོ་ཉིད་དུ་ས་ལས་བྱས་པ་ཡན་ཆད་སྦྱིན་ནོ་ཞེས་བྱ་བ་ནི། དགེ་འདུན་དེས་དགེ་སློང་

ཤིང་བཟོ་བྱེད་པ་དེ་ལ་ལག་ཆའི་སྣོད་ཐ་ན་ས་ལས་བྱས་པ་ཡན་ཆད་ཀྱང་གཡར་པོ་ཉིད་དུ་སྦྱིན་པར་བྱའོ། །དགེ་སློང་མས་འཆིང་བུའི་སྣོད་བཅང་བར་མི་བྱའོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུའོ། །ཐམས་ཅད་ཀྱིས་འབྲུ་མར་སྣོད་བཅང་བར་བྱའོ་ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མ་

ཐམས་ཅད་ཀྱིས་སོ། །ཕུལ་གང་མན་ཆད་ནས་ཕུལ་བྱེད་ཡན་ཆད་ཤོང་བའོ་ཞེས་བྱ་བ་ནི། འབྲུ་མར་སྣོད་ཀྱི་ཚད་དེ་ཕུལ་གང་ལ་ནི་དབུས་ཀྱི་སྲང་བརྒྱད་ཀྱི་ཚད་དོ། །ཕུལ་ཕྱེད་ལ་ནི་དབུས་ཀྱི་སྲང་བཞིའི་ཚད་དོ། །ལྕགས་ཀྱི་དོག་ལེ་ཡང་ངོ་ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མ་

ཐམས་ཅད་ཀྱིས་བཅང་བར་བྱའོ། །དེའི་ལྕགས་སྒྱེད་ཀྱང་ངོ་ཞེས་བྱ་བ་ནི། ལྕགས་ཀྱི་དོག་ལེའི་ལྕགས་སྒྱེད་རྐང་གསུམ་པའམ་རྐང་བཞི་པ་ཡང་བཅང་བར་བྱ་བའོ། །ས་ལས་བྱས་པའི་ཐབ་ཀྱང་ངོ་ཞེས་བྱ་བ་ནི། རྒྱ་ཐབ་དང་སྒྱེད་པོ་ཡང་བཅང་བར་བྱའོ། །གནང་བ་ཐོབ་པས་འཁར་

Vol. 163 · folio 377a

བའོ་ཞེས་བྱ་བ་ནི། འཁར་བའི་གནང་བ་ཐོབ་པ་ཐམས་ཅད་ཀྱིས་འཁར་བ་བཅང་བར་བྱ་བའོ། །དྲ་བ་ཁ་དོག་གཅིག་པ་ཡང་ངོ་ཞེས་བྱ་བ་ཡང་གནང་བ་ཐོབ་པ་ཐམས་ཅད་ཀྱིས་བཅང་བར་བྱ་བའོ། །འདིར་དྲ་བ་ཞེས་བྱ་བ་ནི་བྱ་རྒྱའི་རྣམ་པ་ལྟ་བུ་ཡིན་པར་

ཤེས་པར་བྱ་སྟེ་དེ་ཁ་དོག་གཅིག་པ་བཅང་བར་བྱའོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་དྲ་བ་ཉེ་བར་གཞག་པར་བྱའོ་ཞེས་བཀའ་སྩལ་པ་དང་། དྲུག་སྡེ་དག་གིས་ཚོན་སྣ་ལྔ་པའི་དྲ་བ་དག་ཉེ་བར་གཞག་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོན་སྣ་ལྔ་པའི་

དྲ་བ་དག་ཉེ་བར་གཞག་པར་མི་བྱའོ་ཞེས་གསུངས་པ་ཡིན་ཏེ། དེའི་ཕྱིར་དྲ་བ་ཁ་དོག་གཅིག་པ་ཡང་ངོ་ཞེས་སྨོས་སོ། །དེ་སྦྱིན་པར་བྱའོ་ཞེས་བྱ་བ་ནི་འཁར་བ་དང་དྲ་བའི་གནང་བ་དེ་སྦྱིན་པར་བྱ་བའོ། །ཅི་ཐམས་ཅད་ལའམ་ཞེ་ན་དེའི་ཕྱིར་རྒས་པ་དང་ན་བ་དག་ལའོ་ཞེས་བྱ་བ་

སྨྲས་ཏེ། རྒས་པ་དང་ན་བ་དག་གིས་དགེ་འདུན་ལ་གསོལ་ནས། དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་གནང་བ་སྦྱིན་པར་བྱའོ། །དེའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །བདག་དགེ་སློང་མིང་འདི་ཞེས་བགྱི་བ་རྒས་འཁོགས་ཤིང་

ཉམ་ཆུང་ལ་བྲོ་འཚལ་ཞིང་སྦྱོར་མི་བཟོད་དེ་དགེ་འདུན་ལས་འཁར་བ་གནང་བ་གསོལ་ན་ཐུགས་བརྩེ་བ་ཅན་དགེ་འདུན་བཙུན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་རྒས་འཁོགས་ཤིང་ཉམ་ཆུང་བ་ལ་བྲོ་འཚལ་ཞིང་སྟོར་མི་བཟོད་པ་ལ། འཁར་

བ་གནང་བ་སྩལ་དུ་གསོལ། ལན་གསུམ་དུ་བཟླས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་མིང་འདི་ཞེས་བགྱི་བ་རྒས་འཁོགས་ཤིང་ཉམ་ཆུང་ལ་བྲོ་འཚལ་ཞིང་སྦྱོར་མི་བཟོད་པ་འདི་དག་དགེ་འདུན་ལས་འཁར་བ་གནང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་

དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་རྒས་འཁོགས་ཤིང་ཉམ་ཆུང་ལ་བྲོ་འཚལ་ཞིང་སྦྱོར་མི་བཟོད་པ་ལ་འཁར་བ་གནང་བ་གསོལ་ཏོ། །འདི་ནི་གསོལ་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words